Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་རྫོགས་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་རྫོགས་ཞལ་ཤེས། next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་རྫོགས་ཞལ་ཤེས།


JLAZ012_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་རྫོགས་ཞལ་ཤེས་བཞུགསཿ རྗེས་སུ་རྣལ་འབྱོར་དབྱིངས་ལ་འདུདཿ ལམ་བདེན་ཐམས་ཅད་དམིགས་པ་དངཿ འདུན་པའི་རྐྱེན་ལས་གྱུར་པའི་ཕྱིརཿ ཕུང་པོ་ལྔ་ནི་འཁོར་བའི་རྒྱུཿ སངས་རྒྱས་སྔར་ནི་མྱ་ངན་འདའཿ གཟུགས་ཕུང་སྣང་མཛད་ཡབ་ཡུམ་དུཿ གདོད་ནས་དག་པར་ངེས་ཤེས་བསྐྱེདཿ བདུད་རྩིས་མཆོད་ཅིང་བུམ་དབང་ཐོབཿ དགའ་བའི་ཡེ་ཤེས་མྱོང་བའི་


JLAZ012_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མཐརཿ འོད་ཞུ་ཐིག་ལེ་དཀར་པོར་བསམཿ དེ་བཞིན་མགྲིན་པར་འདུ་ཤེས་ནིཿ སྣང་མཐའ་རྣམ་ཤེས་མི་བསྐྱོད་པཿ ཚོར་བ་རིན་འབྱུང་འདུ་བྱེད་གྲུབཿ རིམ་བཞིན་འོད་ཞུའི་ཐིག་ལེ་དམརཿ མཐིང་སེར་ལྗང་གུར་གནས་པ་དེཿ རྣམ་འབྱུང་ལྔ་ཡི་ངོ་བོར་བསམཿ དེ་ལས་འབྱུང་བཞི་ཟད་པར་གྱིཿ སྐྱེ་མཆེད་བསྒོམ་ན་སྤྱི་བོ་ཡིཿ ཐིག་ལེ་དཀར་ལས་འོད་ཟེར་འཕྲོསཿ སྣང་སྲིད་ཐམས་ཅད་ཆུའི་དྭངས་མཿ དཀར་པོར་འོད་ཞུ་ཐིག་ལེ་དངཿ རོ་གཅིག་འདྲེས་ལ་མཉམ་པར་བཞགཿ ཟད་པར་ཆུ་ཡི་སྐྱེ་མཆེད་འགྲུབཿ དེ་བཞིན་མགྲིན་པ་ལྟེ་བ་དངཿ གསང་གནས་རྣམས་ཀྱི་ཐིག་ལེ་ནིཿ དམར་པོ་མེ་དང་སེར་པོ་སཿ ལྗང་གུ་རླུང་དུ་ཤེས་བྱས་ནསཿ བསྒོམ་ཚུལ་གོང་ལྟར་ངེས་པ་ཡིནཿ ཀུན་ཀྱི་སྡུད་རིམ་ཙཎྜ་ལིསཿ ཕྱི་འབྱུང་ནང་འབྱུང་ཅིག་ཆར་དུཿ བསྲེག་པ་ཡི་གེའི་དཀྱུས་བཞིན་ནོཿ འདི་ནི་གནད་ཀྱི་མན་ངག་སྟེཿ ཐེམ་མེད་ཀུན་ལས་གསང་བའི་རྒྱཿ དྷ་ཐིམཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་རྫོགས་ཞལ་ཤེས། next