Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རབ་གནས་ཀྱི་རྒྱུད་ལས་གསུངས་པའི་མཆོད་ཕྲེང་།
   
   
   
   


 
previousརབ་གནས་ཀྱི་རྒྱུད་ལས་གསུངས་པའི་མཆོད་ཕྲེང་།next

རབ་གནས་ཀྱི་རྒྱུད་ལས་གསུངས་པའི་མཆོད་ཕྲེང་།


JLAZ012_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༈ རབ་གནས་ཀྱི་རྒྱུད་ལས་གསུངས་པའི་མཆོད་ཕྲེང་ཀུན་ཏུ་རྒྱུ། མཆོག་གི་མེ་ཏོག་འདི་དག་ནི། །ཆུ་དང་ཐང་ལས་དེ་བཞིན་སྐྱེས། །མཆོག་དུ་དད་པས་ཁྱེད་ལ་དབུལ། །ཅི་བདེ་བར་ནི་སོ་སོར་བཞེས། །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །མཆོག་གི་བདུག་པ་འདི་དག་ནི། །བདག་གིས་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ལྷན་ཅིག་སྐྱེད་དང་སྦྱར་ལས་བྱུང༌། །མཆོག་ཏུ་གྱུར་པའི་དྲི་འདི་ནི། །མཆོག་གི་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་སོ་སོར་བཞེས། །མུན་པ་འཇོམས་བྱེད་སྣང་བའི་མཆོག །མར་དང་ཏིལ་གྱི་མར་མེ་འདི། །ཡང་དག་ཡེ་ཤེས་སྤྱན་དབྱེ་ཕྱིར། །དད་པས་བདག་གིས་དབུལ་བར་བགྱི། །བཟའ་དང་བཅའ་བ་ཕུན་སུམ་ཚོགས། །ཁ་དོག་དྲི་རོ་རྣམས་དང་ལྡན། །ཐམས་ཅད་ལྡན་པར་ལྷ་ཡི་བཤོས། །བདག་གིས་དབུལ་གྱིས་སོ་སོར་བཞེས། ། ༈ཞར་ལ་རབ་གནས་ཀྱི་ཡན་ལག་བཤད་པ་ནི། དེ་ཡང་སྐུ་གཟུགས་དང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་ཆག་གྲུམས་སུ་གྱུར་པ། གསོ་བ་དང༌། རྒྱུ་བཟོ་དམན་པ་རྣམས་བཟང་དུ་བཏང་བ་དང༌། འོ་བརྒྱལ་སར་བཞུགས་པ་རྣམས་གནས་ཕུན་སུམ་ཚོགས་པར་སྤོ་བ་སོགས། མདོར་ན་སྔར་ལས་ལེགས་པ་དང་ཆེ་རུ་བཏང་བ་སོགས་ལ་ཨརྒའི་ཆོ་ག་བྱར་རུང་ཞིང་བྱས་ནས་གསོ་བ་ཡང་གསུངས་པས་དེའི་ལག་ལེན་ནི། ཡི་དམ་


JLAZ012_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་བརྟེན་པའི་ལྷའི་རྣལ་འབྱོར་བཟླས་པ་དང་བཅས་རྫོགས་པར་བྱ། རྟེན་དེའི་མདུན་དུ་མཆོད་པ་དང་ཆོས་སྐྱོང་གཞི་བདག་སོགས་ལ་གཏོར་མ་རྒྱས་པར་ཕུལ། རང་གི་མདུན་དུ་མེ་ལོང་གཡའ་དག་པ་གཅིག་སྟེགས་ཀྱི་ཁར་བཞག་ལ་རྟེན་དེའི་སྣང་བརྙན་འཆར་དུ་བཅུག་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟེན་འདིའི་རབ་གནས་སྤོས་ལ་སྐུ་རྒྱུ་ངན་པ་བཟང་པོར་བྱའོ། །སྙམ་པའི་བསམ་པས་རྡོ་དྲིལ་དང་བཅས། ན་མོ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ན། །བཞུགས་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །བདེ་གཤེགས་རྒྱལ་བ་སྲས་བཅས་མ་ལུས་འཁོར་དང་བཅས། །འདུས་པ་རྒྱ་མཚོའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་ཕྱིར་རབ་ཏུ་གནས་པ་སྤོ་འཚལ་ན། །འདུས་པ་རྒྱ་མཚོའི་ཚོགས་རྣམས་བྱིན་གྱིས་བརླབ་པ་དང༌། །སྣང་བརྙན་ཤར་བ་འདི་ལ་འབྱོན་པར་མཛད་དུ་གསོལ། །ཞེས་ཚར་གསུམ་བརྗོད་རྗེས། རང་གི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་རྟེན་གྱི་ཡེ་ཤེས་པ་ཡི་གེ་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་མེ་ལོང་ནང་གི་སྣང་བརྙན་ལ་གཉིས་སུ་མེད་པར་བཞུགས་ཤིང༌། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་བཅིངས། ཡི་གེ་བརྒྱ་པ་དང་སུ་པྲ་ཏིཥྛས་བརྟན་པར་བྱ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། ཤིས་པ་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་མེ་ལོང་དབུ་


JLAZ012_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་མ་ལོག་པ་བྱས་ལ་དར་དམར་སེར་ཇི་ལྟར་རིགས་པས་གཡོགས། རྒྱབ་ཏུ་རྒྱས་བཏབ། བཀུར་སྟི་དང་བཅས་མཆོད་གྲལ་དུ་བཞུགས་གསོལ་བྱ། རྟེན་གསར་པ་བཞེངས་གྲུབ་ནས་རབ་གནས་དངོས་གཞིའི་ཚེ་མེ་ལོང་རྟེན་དྲུང་དུ་སྤྱན་དྲངས་ཁེབས་བསལ། ཡེ་ཤེས་པ་དགུག་གཞུག་རན་པ་ན་སྔར་ལྟར་འོད་ཟེར་སྤྲོ་བསྡུ་དང་ཚད་མེད་བཞིའི་སྔགས་རྒྱས་རྟེན་གསར་པའི་དམ་ཚིག་པ་དང་དབྱེར་མེད་དུ་བསྲེ་ཞིང༌། དེ་རྗེས་སྤྱན་འདྲེན་ལ་སོགས་རབ་གནས་ཀྱི་དཀྱུས་བཞིན་བྱས་པས་འགྲུབ་བོ། །སྐུ་རྒྱུ་རྙིང་པ་ནི་གསར་པ་ལ་ཅི་འདྲེས་དང༌། རྒྱུ་ཐ་དད་དུ་གྱུར་པ་དག་ཕལ་པ་དང་མ་འདྲེས་པར་བྱས་ལ་མཆོད་རྟེན་དང་སཙྪ་ལྟ་བུ་བཞེངས་ནས་རབ་གནས་བྱའོ།། །།


JLAZ012_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཏོང་།


previousརབ་གནས་ཀྱི་རྒྱུད་ལས་གསུངས་པའི་མཆོད་ཕྲེང་།next