Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
ཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་བ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ།
  expand section
  expand section


 
previousཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་བ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ།next

ཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་བ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ།


JLAZ014_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་བ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ་ཞེས་བྱ་བ་བཞུགས་པ་དགེ །


JLAZ014_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་སྲིད་ཞི་མཉམ་པར་བརྡལ་ཡང་ཚུ་རོལ་མཐོང་བའི་ཡུལ་མིན་ལ།


JLAZ014_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཆོས་མཆོག་གཞན་དུ་མི་འགྱུར་བ།


JLAZ014_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་བདེ་གཤེགས་སྙིང་པོའི་ངོ་བོ་ཚོགས་ཀྱི་དམ་པ་ཀུན་གྱི་དངོས།


JLAZ014_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གདུས་དུས་མེད་ཀུན་བཟང་པོ་གསལ་འགྲིབ་མེད་པར་རྒྱལ་གྱུར་ཅིག།


JLAZ014_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྲིད་ཞི་མ་ལུས་པའི་མགོན་པོ། ཁྱབ་གདལ་ཡོངས་གྲུབ་ཆེན་པོ་ཆོས་ཉིད་ཀུན་ཏུ་འགྲོ་བའི་རྣམ་ཐར་བཟང་པོ་འཕེལ་བ་དང་འགྲིབ་པའི་གནས་ཡོངས་སུ་སྤངས་པ་གང་། རྣམ་པར་བྱང་བའི་ཁམས་ལ་ནི་རྟག་ཏུ་མཉམ་པར་གཞག་གོ་སྙམ་པའམ། ངས་འགྲོ་བའི་གནས་རིགས་འདི་ལྟ་བུར་སྤྲུལ་བ་འདི་བཀྱེ་བར་བྱའོ། །སེམས་ཅན་འདི་ལྟ་བུ་སྨིན་པར་བྱེད་དོ་སྙམ་བྱེད་ཀྱི་རྟོག་པ་རང་མཚན་པ་ཞིག་མ་གྲུབ་མོད་ཀྱི། རྒྱུ་སྐར་གྱི་བདག་པོ་ལ་གཟུགས་བརྙན་ཀུན་ཏུ་འགྲོ་བའི་རྣམ་རྟོག་གི་བྱ་བ་དང་བྱེད་པ་པོས་སྟོངས་བཞིན་དུ་ཆུ་སྣོད་ཐ་དད་པའི་རྗེས་སུ་འཇུག་པ་ལྟར། ནང་པ་སངས་རྒྱས་པའི་ཆོས་ཁམས་རྒྱ་མཚོའི་སྙིང་པོ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རང་བཞིན་ལས་ཕྱི་རོལ་ཏུ་མ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཆོས་དབྱིངས་དྲི་མ་མེད་པའི་སྙིང་པོ་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་ཡོངས་སུ་སད་པ་ན། བསོད་ནམས་དང་བཅས་པའི་སེམས་ཅན་གྱི་ཁམས་ལ་རང་བཞིན་གྱི་ཕན་རླབས་པོ་ཆེ་རྣམ་པ་ཅིར་ཡང་ཤར་ནས་ཐོགས་པ་ཤ་སྟག་གོ །དེ་ལས་བདག་བཅས་པའི་སེམས་ཅན་གྱི་ཁམས་ནི་འདི་ཙམ་ནས་འཁྲུལ་དང་། འདི་ཙམ་ནས་མ་འཁྲུལ་དང་། འདི་ཙམ་ནས་གྲོལ་གྱི་གཏན་ཚིགས་བརྗོད་དུ་མི་སྣང་སྟེ། གདོད་མའི་ཡེ་ཤེས་དེ་དང་གློ་བུར་དུ་


JLAZ014_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་བར་བྱས་པའི་སྲིད་པའི་བདག་པོ་ཀུན་གཞིའི་རྣམ་པར་ཤེས་པ་བག་ལ་ཉལ་ལམ། གཉིས་སུ་སྣང་བའི་རྟོག་པ་བཀོད་པ་ཙམ་ནས་ཚོར་བ་སྣ་ཚོགས་པ། ཐ་དད་པའི་འདུ་ཤེས་ཅན་རྣམ་པར་ཤེས་པའི་ཚོགས། འདུ་བྱེད་ཀྱི་རླབས་ཕྲེང་དང་བཅས་པས་འཁོར་བའི་ཐོག་མ་བཀོད་ཅིང་། སྲིད་པའི་ཉེས་དམིགས་དེ་དག་གི་དབུས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་ངོ་མ་ཉམས་པར་ཡོད་པས། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཅེས་སོ། །གང་ཚེ་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་བལྟར་སྨྲ་བསམ་བརྗོད་དུ་མེད་པ་ལ་སོགས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་སྤྲོས་པ་ཉེ་བར་ཞི་བ་ན་མྱ་ངན་ལས་འདས་པ་ཞེས་རྣམ་འགྱུར་གཉིས་སུ་མིང་གིས་གྲུབ་པ་ཡང་། འཁྲུལ་གྲོལ་གྱི་བྱ་བ་རྫོགས་པའི་སྐད་ཅིག་ལ་སྣང་བ་རྗེས་ལ་ཐོབ་པའི་ཤེས་རབ་ཀྱི་མཚང་རིག་པ་ཞིག་ཡོན་ནོ། །མཚན་ཉིད་དེ་ལྟ་བུས་ཐོག་མཐའ་མི་འཚལ་བའི་འཁོར་བ་ལ་ཇི་ལྟར་བརྒྱུད་པའི་རབས་འགོད་དུ་ག་ལ་ཞིག །སེམས་དང་བཅས་པའི་མ་རིག་པའི་བཞོན་པ་ཅན་དག་གིས་སྔོན་རབས་དྲན་པའི་ལམ་ནས་བརྗོད་ཟེར་བ་ནི་ལས་ཀྱི་སྒྲིབ་པ་མཆོག་ཏུ་ལྕི་བའང་


JLAZ014_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །འོན་ཏང་གནས་ལུགས་འདི་བསམ་གྱིས་མི་ཁྱབ་པའི་ངང་ལ་བཞག་བདོ་ཨཱི་ཚེ་ད་ལྟར་བའི་སྣང་བ་མངོན་སུམ་པར་གདགས་པ་འདི་ཡང་གདགས་གཞི་རང་གི་སྟེང་ན་ཡོད་མེད་གཉིས་ཆར་ལས་མ་གྲུབ་ཀྱང་རྗེས་ལ་ཐོབ་པའི་སྣང་ཆ་ལ་སྲོག་དང་བྲལ་བའི་སེང་གེ་བཞིན་རྨི་ལམ་དང་དོད་མཉམ་པའི་མཚང་ཕུགས་ནས་རིག་པས། །འདི་ནི་མངོན་སུམ་བའི་སྣང་བའོ་ཞེས་བདེན་བདེན་པོར་བལྟ་བའི་བྱིས་པ་སོ་སོ་སྐྱེ་བོས་རྣམ་པར་རྟོག་པའི་ཉེར་ལེན་ཅན་གྱི་རྗེས་སུ་འབྲངས་ནས་ཉིང་འཁྲུལ་གྱི་བཀོད་པ་ལ་གསལ་བ་འགའ་ཞིག་གསང་བ་ཆེན་པོ་ཉམས་སྣང་གི་རྟོགས་བརྗོད་དུ་བཀོད་པ་དེ་ཀར་གདའ། དེ་ལ་ད་རེས་ཀྱི་སྲིད་པ་འདི་ནི་རྣལ་འབྱོར་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་ཐུགས་བསྐྱེད་ལས་ཆོས་རྗེ་འབྲུག་བ་ཞེས་རྒྱལ་ཁམས་ཀུ་སུ་ལུ་པའི་བརྟུལ་ཞུགས་ཀྱིས་གྲོལ་བར་མཛད་བའི་སློབ་རྒྱུད་ལ། དང་པོར་ཆེ་བ་སྤ་རྐྱང་གཉིས། །བར་དུ་ཆེ་བརྒྱ་འབྲས་གཉིས། །ཐ་མར་ཆེ་བ་ལོ་རྒོད་གཉིས། །གཞན་རས་པ་གསུམ། ཞིག་པོ་གསུམ་སོགས་དབུ་ཆེ་གདུགས་ཐེག་པ་ཉིས་སྟོང་བརྒྱད་བརྒྱ་བྱུང་བར་གྲགས་པའི་ནང་ཚན་རྒྱལ་བའི་དབང་པོ་ཀློང་ཆེན་ཞབས་དང་ཆོ་འབྲང་གཅིག་ཅིང་། དེ་


JLAZ014_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྐུ་བལྟམས་པའི་གནས་གཡོ་རུ་གྲའི་ཕུ་སྟོད་གྲོང་ཞེས་པ་དང་ཧ་ཅང་མི་རིང་བའི་གནས་ཟར་པོ་ཆོས་རྗེ་རྒྱ་ཡགས་པའི་ཁྱིམ་དུ་བདག་གི་མེས་པོ་ཆོས་རྗེ་སྨོན་ལམ་བཟང་པོ་དེ་བྱུང་བར་གདའ། ཆོས་རྗེ་དེ་ནི་རང་བཞིན་བཟང་ལ། །མ་བཅོས་པའི་དང་ཚུལ། ཆོས་སྤྱོད་དང་བཟླས་བརྗོད་སྨྲ་ཞིང་། ཚེའི་བཅུད་ལེན་གྲུབ་པ་ལྟ་བུ་ཞིག་ཡོད། ཁོང་གཞོན་བུའི་དུས་གཏེར་བདག་གླིང་བ་མཛད་པ་ཕྲིན་ལས་རྒྱས་པའི་སྐབས་ཡིན་བ་ནས་རིགས་རུས་སོགས་ལ་གཟིགས་ཏེ། རྫོགས་ཆེན་པ་འོད་གསལ་ཀློང་ཡངས་དང་། ཌཱ་ཀྐི་རས་ཆེན་གྱི་གདན་ས་མིག་བཞི་དཔལ་གྱི་དགོན་པ་དང་། འོད་གསལ་གླིང་། གཞན་ཡང་སྙན་ཆ། སྐལ་ལྡན། དཔལ་འབྱོར་ཆོས་སྡིངས། བྱར་གྱི་ཅང་མོ་དགོན་སོགས་ཀྱི་བླ་མར་བཀོས་འཇའ་མཛད། རེ་ཞིག་ནམ་སངས་རྒྱས་སྤུན་དགུའི་རྒྱུད་ལས་བྱུང་བའི་སྣོད་མེད་མ་དང་འདུས་པ་ལས་བདག་གི་བདེ་བཙས་པར་གདའ། དེ་ལ་མེས་པོ་ཚུན་ཆད་རིགས་རུས་ཀྱི་ཆོས་ཚུགས་མ་ཞིག་བ་ཞིག་ཡིན། མ་ནི་རྒྱལ་པོ་གྲི་འགུམ་བཙན་པོའི་བློན་པོ་ལོང་མ་ཏ་ཟིག་ཆད་པ་མོད་སྲིབས་སྟེང་ཁང་པའི་རིགས་དང་ཆོ་འབྲང་གནུབས་ཀྱི་བརྒྱུད་པ་མ་ཉམས་པ་མདོང་ཆུང་རྙིང་མའི་


JLAZ014_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ཏེ་ཕྱི་མོ་དང་མེས་པོ་སོགས་ཕྲུགས་ཀྱི་བདུན་པ་ཚུན་ཆད་ཀྱི་ཉེ་དུ་ངེད་ཀྱི་ཡང་མེས་ཀྱི་ཆར་གཏོགས་པ་ལའང་དགེ་སློང་གྲགས་དབང་དང་། ལྗང་ཕྲེང་བ་ལྷུན་གྲུབ་རྣམ་རོལ་སོགས་དགེ་བའི་བཤེས་གཉེན་འགའ་རེ་བྱུང་བར་གདའ། ལར་བོད་དེང་སར་རིགས་བཞིའི་བྱེ་བྲག་རྟོག་དཔྱོད་བྱེད་པ་མེད་མོད། མདངས་རྗེའི་ཁྱད་པར་འཇིག་རྟེན་གྱི་འབྱོར་རྒུད་ཁོ་ནས་དབྱེ་བ་ལས་རིགས་རུས་ཀྱིས་གཏན་ཚིགས་དགོས་པའི་གནས་ཅང་མེད། ཆོས་ཀྱི་དོན་ནི་གང་ཟག་རང་གི་ཤེས་རྒྱུད་དང་བྱེད་ལས་གཙོ་ཆེ་བ་དོན་ལ་གནས་པ་དེ་ཀར་གདའ་ཏེ་རླངས་ཀྱི་པོ་ཏི་བསེ་རུར། ལར་སྐྱེས་པའི་མིའི་རང་གི་སྐྱེ་རྒྱུད་མ་ཉེས་ན་ནགས་ཁུང་གི་སྤྲེའུ་དང་འདྲ། ཞེས་པའི་རྗེས་སུ་འབྲངས་ཏེ་གནས་ཚུལ་ཙམ་མོ། །དེ་ལ་བཙས་པའི་ཡུལ་ནི། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས། །འཕྱོད་རྒྱས་ནང་དུང་སྤྲུལ་དོན་བྱེད་འོང་། །སུ་ཡིན་མི་ཤེས་ཅིག་ཅར་སྨྲ་བ་འབྱུང་། །འཕྱིང་དབར་མདོའམ་བང་སོ་དམར་པོའི་ལྷོར། །ལྷ་བབ་མཆོག་རྟེན་དགོན་སྡེ་འཆའ་ཡང་སྲིད། །ཅེས་གསུངས་པ་ལྟར་འཕྱིང་དབར་བར་སོ་དམར་པོའི་ལྷོ་ཕྱོགས། རི་བྲག་དང་བཅས་པའི་གྲོང་རྡལ་གྱི་སྟོང་ན་རྡོ་རྗེ་སྙིང་པོའི་རིང་ལུགས་འཛིན་པའི་


JLAZ014_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་སྡེ། སྨན་ན་དཔལ་ལྷ་ལས་བབ་པའི་མཆོག་རྟེན་ངོ་མཚར་གྱི་བཀོད་པ་ཅན་གྱིས་ཡོངས་སུ་བརྟེན་པའི་གནས་སུ་ཞི་བ་ཞེས་པ་ས་མོ་བྱའི་ལོ་རྒྱལ་གྱི་ཟླ་བའི་ཆེས་བཅོ་བརྒྱད་དེ་རྒྱལ་བའི་དབང་པོ་པདྨ་ལས་གྲོལ་ཞིབ་ཆེན་པོའི་གྲོང་ཁྱེར་དུ་མནལ་བའི་དུས་ཚེས་བཟང་པོའི་སྔ་དྲོའི་ཆ་ན་མངལ་གྱི་པདྨོ་ལས་གྲོལ་བར་འདུག །དེ་ལ་འདི་སྙམ་དུ། སྔོན་གྱི་ཚེ་དཀོན་མཆོག་གསུམ་ལ་བླ་མར་བྱས་ཤིང་། སྨོན་ལམ་དག་པའི་ལས་ཀྱི་འཕྲོ་འགའ་ཙམ་མཆིས་པ་འདྲ་སྟེ། འདི་ལྟར་འཇིག་རྟེན་དཔལ་དང་སྟོབས་ཀྱི་མངོན་པར་མཐོ་བའི་གནས་རྣམས་སུ་ཉིང་མ་ཚངས་སྦྱར་ན་དེ་དག་གི་རང་བཞིན་ཕལ་མོ་ཆེ་རྣམས་ནི་ཚེ་རབས་སྔ་མར་ཐབས་ཀྱིས་མ་ཟིན་པའི་དགེ་བ་སྤྱད་པས་ཚེ་བལྟར་སྣང་གི་བསོད་ནམས་དང་མངའ་ཐང་ཇི་ཙམ་ཆེ་བ་དེ་སྲིད་དུ་སྲོག་གཅོད་པ་དང་། འབངས་མན་ར་བ་ལ་སོགས་ཕྱི་མར་ངན་འགྲོ་རླབས་པོ་ཆེ་བསྒྲུབ་པའི་རྒྱུར་འདུག་པ་རིག་པས་ཤེས་ཤིང་དཔལ་མགོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་སྨོན་ལམ་དུའང་བཏབ་པའི་ཕྱིར་རོ། །ཤིན་ཏུ་གུད་པར་གྱུར་པ་རྣམས་ནི་མྱང་བྱ་མི་བཟད་པས་སྙིང་ཤིན་ཏུ་རྗེ་བའི་གནས་སུ་ཉམ་ཐག་ཅིང་ཆོས་དང་མཇལ་བའི་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ཡང་ཆོགས་


JLAZ014_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤིན་ཏུ་དཀའ་བར་སྣང་ངོ། །དེའི་ཕྱིར་མཐའ་ཉིས་སུ་མ་ལྷུང་བར་ཆོས་ཀྱི་བྱ་བ་བསྒྲུབ་པ་ལ་བར་ཆད་ཀྱི་སྒོ་མེད་པའི་ཁྱིམ་དུ་སྐྱེས་ཤིང་། དེའང་ལེགས་སྨོན་དང་བཅས་པས་བསྟན་པའི་སྒོར་འཇུག་པ་ཕལ་གྱིས་དོན་དུ་གཉེར་བྱ་སྡེ་ཆེལ་བཟའ་བཏུང་མོད་བ་ཉིད་དང་། གཞན་ཡང་ཞང་པོ་དང་ཁུ་བོ་ལ་སོགས་པའི་གྲ་རྒྱུན་དང་སྟབས་གཅིག་པའི་དབང་དུ་རི་བོ་བདེ་ཆེན་དུ་ཆོས་སྒོར་འཇུག་པའི་རྣམ་ཆ་ཤར་བ་ན་ཤྲི་བརྦ་ཏའི་གླིང་དུ་ཁམས་པ་རྫ་ཡུལ་བའི་གྲ་རྒྱུན་ཆོས་རྒྱུ་མ་བཅུ་ཐམ་པ་འོངས་པ་ནས་གཅིག་ལམ་བར་དུ་འདས་པའི་སྟེས་དབང་གིས། གྲ་གསར་དགུ་སྟབས་གཅིག་ཏུ་འཆོས་པ་རྟེན་འབྲེལ་ལམ་བཏུང་ཟེར་སྣེ་མོ་བ་དག་ནས་སྣང་བ་བློ་རྡེག་ཏུ་བསྒྱུར་བའི་བརྡ་བསྐུལ་དང་། །ཁོ་བོ་ཅག་མནོ་ཤེས་མི་ཤེས་ཙམ་ནས་རབ་ཏུ་བྱུང་བའི་རྟགས་ཅན་མཐོང་ན་དེར་སྨོན་ཤིང་རིངས་པའི་སྒྲ་འདབ་ཕལ་མོ་ཆེ་མཛུབ་མོ་ལ་བཀོན་ཏེ་ཕྱུང་པའི་དང་ཐུང་གཉིས་རྟེན་འབྲེལ་འགྲིག་པའི་རྒྱུ་རྐྱེན་ལས་རང་ལོ་དྲུག་པའི་ཚེ། གསང་མཆོག་དཔལ་གྱི་རི་འོད་གསལ་ཐེག་པ་ཆེན་པོའི་གླིང་དུ་དངོས་དང་བཅས་པའི་གསར་བུ་བ་མི་བཅུ་ཐམ་པ་ཆོས་སྒོར་ཞུགས། སྤྲུལ་པའི་སྐུ་ངག་དབང་བློ་བཟང་པདྨ་ལས་གཙུག་ཕུད་ཕྱུང་སྟེ་རབ་ཏུ་བྱུང་བའི་རྟགས་མ་ཡིན་པ་དོར། དགེ་ཚོགས་རིན་པོ་ཆེ་མཐའ་ཡས་པའི་རྟེན་


JLAZ014_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་ནོད། སངས་རྒྱས་ཀྱི་བསྟན་པ་རྟགས་ཀྱི་ཆེ་ཞིང་། འཇིག་རྟེན་གསུམ་དུ་ཐོབ་པར་དཀའ་བའི་གནས་དུར་་སྨྲིག་གི་རྒྱལ་མཚན་དྲང་སྲོང་གི་ཆ་ལུགས་དག་གིས་བརྒྱན་པར་བྱས་སོ། །སྐྱེས་མ་ཐག་ཏུ་དམ་པའི་ཆོས་མཐལ་ཟེར་བ་དེ་བྱུང་འདུག་ནའང་། དངོས་གནས་ལ་བྱིས་པ་མནོ་མི་ཤེས་པའི་ཁྲོད་དུ་ལོ་བཅུ་གསུམ་ཙམ་ལོན་ལོན་དུ་ཐལ་རྩེད་འབའ་ཞིག་ལ་གཡེངས་ཤིང་། ཧ་ཅང་བྱིས་པའི་རྣམ་ཐར་བསྐྱངས་དྲགས་པས་རྒན་པ་འདྲས་འདི་ཡང་ན་དང་ཡང་ན་གཅིག་ཡོར་ཟེར་བ་ཐོས། དེ་ཚེ་གྲུབ་མཐའི་ཕྱོགས་སྔ་སོགས་གང་ཡང་མི་ཤེས་མོད་ཀྱི་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་རིང་ལུགས་སུ་ཞུགས་པ་ལ་སྤྲོ་བ་ཆེན་པོ་བརྟས་པ་དང་། སྤྱིར་དཀོན་མཆོག་གསུམ་གྱི་སྣང་བརྙན་ལ་མཆོག་ཏུ་དད་ཅིང་། །ཁྱད་པར་སློབ་དཔོན་ཆེན་པོའི་སྣང་བརྙན་མཐོང་བའམ། མཚན་ཐོས་པའམ། ཡིད་ལ་དྲན་པ་ཙམ་ནས་དད་མོས་ཤིན་ཏུ་འཕེལ་བ་དང་། མཚན་མོའི་རྨི་ལམ་ན་འཇིག་རྟེན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་རིམ་བཞིན་མེ་ཤོར་ནས་རང་གིས་བྱང་དྲངས་འགྲོ་བ་འགའ་ཞིག་དང་བཅས་མེ་ལས་རྒྱད་གྲགས་ཙམ་གྱི་ཕ་རོལ་ཏུ་འབྲོས་པའི་རྨི་ལམ་སྔ་མ་ཇི་ལྟ་བ་ལོ་ཉི་ཤུ་མ་ལོན་ཚུན་ལ་ཐེངས་གཉིས་གཉིས་


JLAZ014_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྟར་ཆགས་འོང་བ་དང་། ཁྱད་པར་ཆུང་ངུའི་དུས་སེམས་ཞེས་པ་འདི་ཇི་འདྲ་ཞིག་ཡོད་འོང་སྙམ་པའི་སྣང་བ་འགོལ་སར་རྟག་ཏུ་ཤར་ནས་རང་གིས་རྟོག་དཔྱོད་བྱས་པའི་ཚོ་རང་སར་ཧ་ཕྱད་དེ་ལུས། དེས་མ་ཚིམ་ནས་རྒན་པ་འདྲལ་དྲི་བ་བྱས་ཙམ་ན་ཁོག་པའི་ནང་ན་རང་ཉིད་ཇི་ལྟ་བ་ཡོད་ཟེར། ཡོད་ཟེར་བདེ་ལ་རྟོག་དཔྱོད་ཞུགས་ཙ་ན་དེ་ཡང་སྒྲ་ཇི་བཞིན་མ་ཡིན་པའི་མཚང་རིག་ནས་རྣམ་པར་ཀུན་ཏུ་དེ་ཀ་འཚོལ་བ་དང་། ཐོ་རེངས་སམ། སྡ་ཞོགས་སོགས་ཉིད་སྲབ་མོའམ། སད་མ་ཐག་པའི་གནས་སྐབས་ན་ཚོགས་དུང་གི་སྒྲ་ཐོས་པས་རྐྱེན་བྱས་དུང་གསོན་མདང་། རྒྱ་མཚོ་ཆེན་པོའི་སྣང་བ་མུ་མཐའ་མེད་པར་ཤར་ནས་སྣང་བ་མཆོག་ཏུ་འགྱུར་བ་དང་། ཆོས་སྤྱོད་བསླབ་པའི་ཚེ་སྔོན་གྱི་ལས་དབང་ལས་དགེ་རྒན་གྱི་རགས་ཇི་སྙེད་པ་དྲག་ཚུལ་ཅན་འབའ་ཞིག་དང་ཐུག་པས་བརྡུང་འཐག་གི་རྣམ་པ་ཉི་མ་རེ་ཙམ་མེད་པ་མ་བྱུང་ནའང་ནུབ་མོ་ཉལ་བའི་ཚེ་སེམས་དགའ་ཡལ་ལེ་ཡོང་བས་གཞོན་ནུའི་དུས་སྐྱིད་བསམ་པ་མ་དྲན། སྡིག་པ་དག་པའི་རྟགས་མང་པོ་བྱུང་། རྐྱེན་དེ་དག་གིས་བྱིས་པ་བསྲན་མི་བཟོད་པའི་སྣང་བ་སྐྱོ་ཤས་དང་སྡུག་བསྔལ་གྱི་རྣམ་ཆར་ཤར་ནས། གདོང་བརྩིགས་སྤུག་ལ་བསྟན་འདུ་ཤེས་གང་མེད་ཡང་མེད་


JLAZ014_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱོར་སྦྱངས་ལ་ཡོད་པའི་ཚེ། ད་ལྟའི་སྣང་བ་རྨི་ལམ་ལྟར་ནུབ་ནས་སྲིད་པ་སྔ་མའི་བག་ཆགས་འཛམ་བུའི་གླིང་གི་རྡོ་རྗེར་ཡང་ནས་ཡང་དུ་གསལ་ཞིང་། སྐབས་ཤིག་ཆུ་ཀླུང་ཆེན་པོའི་འགྲམ་ཕ་ལྦང་ཁང་པ་ཙམ་གྱི་སྟེང་ན་རྒྱབ་ན་རྣམས་ཀྱི་ཆོས་ལ་འོང་བའི་སྟོང་ལ་སེར་པོ་དེ་འདྲ་མན་བསས་ནས་ཉམས་འུར་བའི་སྤྱོད་པ་བྱུང་རྒྱལ་དུ་བསྐྱངས་པའང་དྲན། བསྟན་པ་ཕྱར་ཟུག་སྐབས་སུ་ངའི་སྤྲུལ་པ། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་རྗེས་བཟུང་། །སེམས་ཅན་གང་གི་དོན་བྱེད་མ་འོངས་དུས། །དེ་ལྦ་ཨ་ཀ་ར་ཙནྡ་རི་རྒྱལ་གླིང་། །དེ་ནས་ཚོ་འཕོས་ཡིད་གཉིས་ཆ་མ་མཆིས། །ཕྱི་རབས་འབྱུང་འགྱུར་སངས་རྒྱས་བླ་མ་སྟེ། དེ་ནས་ཚོ་འཕོས་རྒྱ་ཡི་ལོ་ཙཱ་ཞེས། །དེ་ནས་ཉི་མ་སེང་གེ་སྟོད་གཏེར་དབང་། །གཤེད་མ་བརྒྱ་ཡིས་བསྐོར་ཀྱང་ཉམ་མིང་། །གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་ལེན། །ཞེས་བའི་སྐབས་སུ་སྣང་། གཞན་ཡང་བསྐྱེད་རྫོགས་ཟབ་མོའི་བརྗོད་བ་གླིང་བའམ། ཆོ་ག་དང་བཟླས་བརྗོད་སོགས་བྱེད་པ་ལ་ཤིན་ཏུ་སྤྲོ་ཞིང་གཞན་དག་བྱེད་པ་མཐོང་ན་ཡང་སྣང་བ་གཏིང་ནས་འགྱུར་བ་དང་། ཁྱད་པར་སེམས་ཅན་གྱི་སྲོག་གཅོད་པ་མཐོང་ཞིང་ཐོས་བའམ། ཁྱི་རབ་སོགས་ཀྱི་བྱེད་སྤྱོད་ཡིད་ལ་དྲན་པ་ཙམ་ནས་རང་ཡང་ཤིན་ཏུ་སྡུག་


JLAZ014_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཞིང་། སེམས་ཅན་འདི་དག་སྡུག་བསྔལ་འདི་ལས་ད་ལྟ་ཉིད་དུ་ཐར་ན་སྙམ་པ་དང་། འདི་ཐམས་ཅད་ཀྱི་སྲོག་བསྐྱབ་པའི་གཉེར་ཁང་ལ་ཡོད་ན་སྙམ་པ་དང་། སེམས་ཅན་གསོད་པའི་ནམ་ཟླ་ཤར་བ་ཙམ་ནས་རྣམ་པ་ཀུན་ཏུ་གནས་སྐབས་འདི་ན་མི་བསད་པའི་ལས་འདི་ལྟ་བུ་ཞིག་ཡོད་འོང་སྙམ་ནས་སྙིང་རྗེའི་བློ་བཅོས་མིན་དུ་སྐྱེ་བ་འདི་ད་ལྟའི་བར་དུ་ཡོད་པས་ཚད་མེད་བཞིའི་བློ་སྦྱོང་གི་ཚིག་ཙམ་འབུམ་ཐེར་གསོག་པ་པོ་ལས་བཅོས་མིན་གྱི་སྙིང་རྗེ་ཤུགས་དྲག་སྐྱེ་བ་འདི་དོན་གྱི་ཆོད་ཆེ་བར་འགྱུར་གྲང་སྙམ་བ་འདི་བདག་གི་རྣམ་ཐར་བཟང་ཤོས་ཡིན། གཞན་དུ་ནི་བསྟན་པའི་སྒོར་ཞུགས་པ་སྐལ་བ་ནི་བཟང་མོད་དོ། དུས་ཀྱི་དབང་ལས་འདུས་བའི་སྡེ་སྡེ་རྣམས་སུའང་། དགེ་བའི་བཤེས་གཉེན་ནི་ཉུང་། སྡིག་པའི་གྲོགས་པོ་ནི་མོད། རྟག་པར་བྱིས་དང་འདུ་འཛིའི་ཉེས་དམིགས་དང་འགྲོགས་བརྟག་པས། དེ་དག་གི་རང་བཞིན་རྨོངས་པའི་གོས་ཀྱིས་ནི་གཡོགས། ཉོན་མོངས་པའི་འདམ་དུ་ནི་བྱིང་། སྲེད་པའི་ལྕགས་སྒྲོག་གིས་འཁྱུད། བདག་ལྟའི་རི་བོ་དང་འགྲོགས་པ་ཅན་ཤ་སྟག་ཡིན་པས། དེ་ལས་བྱུང་བའི་རང་གཞན་གྱི་རྣམ་ཐར་ཡ་མ་ཟུང་བརྗོད་ལས་འདས་པས་ཡིད་འབྱུང་ནས་རྣམ་པ་ཀུན་ཏུ་བྱ་བྲལ་ཀུན་སྤངས་ཀྱི་སྦྱོང་བ་ཅན་ལ་སྨོན་ནའང་། ཁྲིམས་ནི་རྒྱུ་


JLAZ014_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་བསྟན་པའི་གཞི་བརྟན་པ་ལ་ཚུལ་ཁྲིམས་གྱི་བསླབ་པ་གཅེས་ཤིང་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་ངོགས་སམ། འབབ་སྟེགས་ཀྱང་ངེས་པར་ཡིད་པས་ཁ་ཆེའི་བསོད་སྙོམས་པ་ཆེན་པོ་པཎ་ཆེན་ཤཱཀྱ་ཤྲཱིའི་སྡོམ་རྒྱུན་ལས། གནས་གསར་བ་ཨ་ནནྡའི་ཞལ་སྔ་ནས་ཀྱི་མཁན་པོ། གཞན་དམ་པའི་ཆོས་འདུལ་བའི་ལས་ཆོག་ལས་ཇི་ལྟར་བསྟན་པའི་ངེས་པ་ལས་བསླབ་ཕྱིར། སློབ་དཔོན། དུས་བསྒོ་བ། གྲོགས་ངན་པ་ཁྲིམས་ལྡན་གྱི་ལས་གྲལ་དང་བཅས་པའི་དབུས་སུ། ཐུར་གྲིབ་ཀྱིས་ལེགས་པར་བཙལ་བའི་ཉི་མའི་བཞི་ཆ་འཆར་བའི་སྐྱེས་བུ་གཅིག་དང་། རྐང་པ་གཉིས་ཀྱི་ཚེ་ན་དགེ་ཚུལ་གྱི་སྡོམ་པ་ཡང་དག་པ་ནོད། དེ་ཡང་དཔལ་མགོན་དབྱིག་གཉེན་གྱིས། །ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་ཁ་ན་མ་ཐོབ་མེད་པ་ཚུལ་ཁྲིམས་ཀྱི་བསླབ་བས་རྟེན་ཕུན་སུམ་ཚོགས་པར་བྱས་ནས། བསྟན་པ་རང་གི་ངོ་བོ་ལུང་དང་རྟོགས་པའི་བདག་ཉིད་ལ་འདྲིས་ཤིང་བྱང་ཆུབ་བས་ཐར་པ་དོན་དང་ལྡན་པར་བྱ་བའི་སླད་དུ་ཤེས་རབ་གསུམ་གྱི་གནས་གང་ཡིན་པ་ལ་རིག་པའི་སྒོ་


JLAZ014_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་འཇུག་དགོས་པ་དེ་ལྟ་ནའང་། བདག་ཅག་ནི་རྣམ་པར་ཤེས་པའི་ཁམས་ལ་སྒྱིད་པ་ལ་བསྒྱུར་སྒྲིབ་བྱེད་དང་བཅས་ལོ་ཉི་ཤུ་རྩ་ལྔ་ལོན་ལོན་ཆོས་དང་མཐུན་པའི་བྱར་རབ་གཏོགས་པ་ཆོས་སྤྱོད་བློ་འཛིན་དང་ཟ་ཆོག་ཉི་ཚེ་བའི་བསླབ་གཉེར་སྤྱི་མཐུན་ཙམ་ལས་གཞུང་ལུགས་ལ་ཐོས་བསམ་བྱེད་པ་སོགས་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གར་གདའ། ཤཱཀྱ་ཐུབ་པ་ཐུགས་རྗེའི་མངའ་བདག་པའི་གྲིབ་བསིལ་ལ་ལེགས་སྨོན་དང་བཅས་པའི་བླ་གོས་ཐུན་མཚམས་གསར་པའི་འཇོ་སྒེག་ལ་ཀུན་གྱི་བཀུར་བས་ཕྱིན་ཆད་དཀོར་གྱི་ལ་གཡོགས་མ་དོར་ན་ངེད་དང་འདྲ་བའི་བསྟན་པའི་སྒོར་ཞུགས་པ་ཚོ་གནས་སྐབས་སུ་སྐྱིད་པོ་ཡིན། རིས་འགྲེ་མཉམ་པོའི་ནང་ནས་དངོས་ཅག་གིས་ཚོང་དང་། སོ་ནམ། ཁྱིམ་གྱི་འཚོ་འཛིན་ལ་སོགས་ཆོས་དང་འགལ་བའི་བྱ་བ་ཟླབས་པོ་ཆེ་ནི་རྨོ་ལམ་ཙམ་དུའམ་དྲན་པས། དགེ་སྦྱོང་ཤཱཀྱའི་ནང་ན་ཡོད། །ཀུན་ཏུ་རྒྱུ་ལ་དགེ་སྦྱོང་མེད། །ཅེས་པའི་གྲས་སུ་ཚུད་པ་ཙམ་སྣང་། སྐབས་དེ་དག་ཏུ་སློབ་དཔོན་ནི་མེད། སྦྱངས་ཤིང་ཁར་ཡིག་དཔེ་ལ་བལྟས་པའི་སུ་ག་བྲིས་ཀྱི་འབྲས་བུ་འདི་ཙམ་དུ་ཟད། ཟླ་བ་གཟས་འཛིན་ལ་ངོ་མཚར་སྐྱེས་ནས་རིས་བསླབས་པས་ཞག་བདུན་ལ་ལེའུ་ཐོ་


JLAZ014_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དགྲོལ་ཐེབས་པ་ཤེས། འགྱང་ཙམ་ནས་ལེགས་ལྡན་གཟའ་ལྔ་ཉིན་ཞག་མའི་དལ་མྱུར་དང་། །དུས་སྦྱོར་གྱི་ཏཱངྒལ་ལའི་འགྲོ་ལུགས་ཀྱང་འབད་པ་ཆུང་དུས་རིག །འདི་དག་གི་ཚེ་ཉོན་མོ་གཎྜ་ལ་བསྒྱུར་དགོད་བྱས་བའི་བག་ཆགས་རྨི་ལམ་ལ་འཐས་ཆེས་པའི་རྐྱེན་གྱིས་རས་དཀར་གྱི་ལྦ་སྟྲ་གྱོན་པའི་གཞོན་ནུ་ཞིག་གིས་ཐུར་ཤིང་བཙུགས་ནས་དུས་སྦྱོར་གྱི་སྲང་ཚད་བསླབ་པ་བྱུང་། ཞག་གསུམ་གྱི་རྣམ་པར་གཞག་པ་དཔེར་བརྗོད་གཏན་ཚིགས་ལ་བརྟེན་ནས་བརྒྱབ་པས་རི་མོའི་འགྲོ་ལུགས་དགའ་མོས་ཤེས། ཉི་ཟླ་གཟས་འཛིན་ལ་སྒོ་ཡིག་ལན་ཁ་ཡར་བྱས་ཤིང་ཉི་འཛིན་འདི་ཟླ་འཛན་ལས་རི་མོའི་འགྲོ་ལུགས་ཀྱང་ཅུང་དོགས་པར་མ་ཚད་མན་ངག་གི་ཡི་གེ་དང་། གཏན་ཚིགས་རྙིང་པའི་སྒོ་ནས་ཆ་རྒྱུས་འཚོལ་བ་ལ་སོགས་རྟོག་པ་ཞི་བ་མོ་དགོས་ཏེ་ཕུ་མི་ལོན་པའི་ཡོན་ཏན་དུ་མི་སྣང་། སྨན་དཔེ་དུམ་བུ་གསུམ་བཟུང་ཡང་ལག་ལེན་ལ་སྦྱོར་བ་མ་བྱུང་། སློབ་དཔོན་དབྱུག་པ་ཅན་གྱི་གཞུང་སྙན་དངགས་མེ་ལོང་གི་དཔེ་ཆ་ཞིག་སྟེར་མཁན་བྱུང་བ་དྲུང་དམ་ཆོས་པ་ལ། ཁྱོད་ཀྱི་ཞལ་ནི་ཁྱོད་ཉིད་ལས། །མཐོང་ཞིང་ཟླ་བ་མཁའ་ལ་མཐོང་། །ཞེས་ཤོ་ལོ་ཀ་གཅིག་པོའི་རྒྱན་གྱི་ངེས་བརྗོད་དྲི་བརྩད་བྱས་པས་


JLAZ014_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་སྙན་དངགས་རྩིད་རལ་ཅན་རྣམས་ཀྱི་ལ་དམོ་ཤོབ་ལ་དཀའ་ཚེགས་མ་བྱུང་། སྔར་ལོ་བཅུ་ཙམ་འགྲོ་བའི་ཚེ་སློབ་དཔོན་བོན་བཙན་པས་བློ་གསལ་གསར་བུ་བ་འདྲ་ལ་མ་མཚམས་སྦྱོར་ལྔ་པ་འཁྲིད་པ་མཐོང་བས། རྒྱ་གར་སྐད་དུ། ཀཱ་ལ་པ་སཱུ་ཧྲ། བོད་སྐད་དུ། ཀཱ་ལ་པའི་མདོ། གཉིས་སུ་མེད་པར་གསུང་བ། སངས་རྒྱས་ཕྱག་འཚལ་ལོ། །གྲུབ་པའི་ཡི་གེ་ཡང་དག་པའི་མན་ངག་གོ །ཞེས་པའི་ཚིག་རིགས་འདི་མཐོང་ཞིང་ཐོས་པ་ཙམ་ནས་གཞུང་འདི་ལ་སྤྲོ་པ་ཞིག་ཡོད་དེ་ཧ་ཅང་ན་གཞོན་པས་གོ་བ་ཆགས་པོ་མི་འདུག །ཕྱིས་སློབ་དཔོན་ནི་མེད། འདི་སྐོར་ལ་ཤེས་ཟེར་བ་འདྲར་དཔེར་ཆའི་ཁ་བྱང་བསྒྲུབ་པ་ཅུག་པས་མཁར་གོང་ཁྲིགས་དེ་འདྲ་བས་ནི། གཞུང་མ་མོའི་ཡང་དམའ་དབབ་པར་འདུག །སྐད་དོད་ལ་སྐྱབས་བཅོལ། བྱིངས་རྐྱེན་རྣམ་དགྱེའི་ཕྲད་ཀྱི་བྱ་བ་བྱེད་པའི་གནས་ལ་ཧ་ཅང་འཇུག་པ་དོག་པ་ཡོང་དུ་མི་སེམས་ཏེ། རྗོད་བྱེད་གང་ཡིན་བདེའི་བརྗོད་དོན་དབྱིངས་འཇལ་མ་ཤེས་ན་སྐད་དེད་འདྲ་ཆོས་སུ་སྡེབ་པས་དེ་ན་རླབས་པོ་ཆེ་འཆོལ་བའི་མ་ཚང་ཤེས་དགོས་པར་གདའ། ལར་བར་སྐབས་ཀྱི་ལོ་ཙཱ་བ་དག་གིས་རྒྱ་དཔེའི་ཚིག་གི་རིམ་པ་ཙམ་དུ་བཀྲལ་ནས་བསྟན་པ་སྔ་དར་གྱི་ཚེ་ན་བྱོན་པའི་སྤྲུལ་


JLAZ014_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་པཎ་ཆེན་པོ་རིག་པའི་གནས་ལྔ་ལ་མཁས་ཤིང་དོན་འགྱུར་སྒྲ་ཇི་བཞིན་པས་གསུང་རབ་ཆུད་མི་གསན་པ་རྣམས་ལ་བསྟིང་ཚིག་ཏུ་སྨྲ་མོད་ཀྱི། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ལྟ་བུས་ཀྱང་རྒྱན་ལ་གཞི་འགྱུར་མཛད་པས། སྦྱིན་པའི་ཕར་ཕྱིན་ལ། སྐྱེ་མེད་ཀྱི་ཡི་གེས་འགྲོ་དྲངས་པའི་རཀྟའི་སྒྲ་ལན་གསུམ་བསྒྱུར་བའི་སྐབས་མ་རྙེད། སྐབ་དཔལ་བརྩེགས་ཀྱིས་སྔ་འགྱུར་ལ་མ་ཆགས་མི་ཆགས་ཆགས་པ་མེད་པའི་རང་བཞིན་སྦྱིན་པའི་ཕར་ཕྱིན་ལ་སྦྱར་བ་སོགས་དོན་འགྱུར་གྱི་ཁྱད་པར་གཟིགས་ཤིང་། བཻ་རོ་ཙ་ནས་བྱེ་བྲག་བཤད་མཛོད་ཆེན་མོའི་གཞུང་དུམ་བུ་བསྒྱུར་བ་སོགས་ཀྱི་ངོ་མཚར་ལ་རྩ་བ་མེད་པའི་མོས་གུས་འཁྲུངས་ནས། བཻ་རོ་ཙན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་འབྲེལ་ཡིན། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་འདྲ། །ཁོ་བོ་ཡང་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་གཟུ་བོའི་ཐུགས་ཀྱིས་བསྔགས་པ་མཛད་པའི་ཕྱིར། གསུང་རབ་ཀྱི་དགོངས་པར་ཚུལ་བཞིན་དུ་མི་ཁྲོལ་བའི་ལེགས་སྦྱར་མཁན་པོས་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་ཆུད་གསན་པ་མངོན་དུ་སྣང་བའི་ཕྱིར་རིག་པའི་གནས་འདི་གཏིང་རིང་བ་ཞིག་ཏུ་ཤེས་སོ། །ལར་ཁོ་བོ་ཅག་གི་ནི་ཡི་


JLAZ014_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་བརྡ་སྤྲོད་པ་བརྩམས་ཏེ། རྒྱལ་བའི་བཀའ་དང་། །དགོངས་འགྲེལ་བསྟན་བཅོས། །ཐ་སྙད་ཀྱི་གཞུང། ཡིན་ལུགས་ཀྱི་མན་ངག་སོགས་རྡོ་རྗེའི་གནས་ཇི་སྙེད་པ་མཐོང་བ་དེ་དག་གུས་པས་ཉེ་བར་བླངས་ཏེ་ཉིན་མོའི་སྣང་བ་དང་སྒྲོན་མའི་འོད་ལ་མཇལ་བར་སྤྲོ་བའི་བག་ཆགས་བཟང་བ་ཙམ་ལས་དགེ་བའི་བཤེས་གཉེན་དང་ཉིན་གཅིག་ཀྱང་འགྲོགས་ནས་སྦྱངས་སྟོབས་ཀྱི་བློ་གྲོས་འཕེལ་པའི་གནས་སུ་མ་གྱུར་མོད། དཔལ་གྱི་བསམ་ཡས་མ་ཆིམས་ཕུར་རྒྱལ་བ་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུ་དང་ལྡན་གསུམ་དུ་མཇལ་ཞིང་བརྡ་ཐབས་རྟེན་འབྲེལ་དུ་མ་བྱིན་གྱིས་བརླབས་པ་ལ་བརྟན་ནས་ཁོ་བོའི་ལས་འབྲེལ་རྫོགས་པ་ཆེན་པོ་ནས་སད་པ་ཡིན་ནོ། །དྲན་མི་དྲན་ཙམ་ན་གནས་བརྟན་ཀུན་བཟང་འོད་ཟེར་གྱི་ཐུགས་རྗེས་ཆེན་པོ་པདྨའི་དབང་ཕྱུག་དང་། རྟ་མགྲིན་དྲེགས་པ་ཀུན་འདུལ། ཚེ་དཔག་མེད་སྐུ་གསུམ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་ཅིང་གཞན་ཡང་སྔ་ཕྱིར་རྒྱལ་བ་ཀློང་ཆེན་པའི་སེམས་ཉིད་ངལ་གསོ་རྩ་འགྲེལ་བླ་མ་དགོངས་འདུས། ཕྱག་རྡོར་དྲེགས་འདུལ། བྱང་གཏེར་ཐུགས་སྒྲུབ། རྡོ་རྗེ་གཤོག་རྒོད་ལ་སོགས་དྲན་པ་དང་མི་དྲན་པའི་དབང་ལུང་མང་པོ་ནོད་པས་རྟེན་འབྲེལ་གྱི་སྒོ་བཟང་པོ་འགྲིག །ལོ་བཅུ་གསུམ་ལོན་དུས་བླ་མ་གྲུབ་དབང་རིན་པོ་ཆེ་ཐུགས་


JLAZ014_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྡོ་རྗེ་དང་མཇལ། ངེད་གཞོན་ནུའི་ཚོ་ནས་སྣང་བ་མི་དག་པ་དེ་མ་ཡིན་པས་བླ་མར་མཚན་བཏགས་པ་ལས། སྒྲོ་མཆེད་ཀུན་སྤངས་པ། མདོར་ན་ཆོས་ཞི་དུལ་གྱི་རྣམ་པ་ཅན་ཚུན་ཆད་ལ་དག་སྣང་དང་དཔའ་འཕེལ་བ་ཞིག་ཡིན་ཏེ་སྔོན་གྱི་སྨོན་ལམ་དབང་ལས་རྗེ་འདི་པ་ལ་མཇལ་བ་ཙམ་གྱིས་སྣང་བ་འགྱུར་བའི་དད་པ་ཡོད། རྒྱུན་གཏན་བླ་མ་རྒྱལ་ཁམས་ངེས་མེད་ལ་གཤེགས་པས་ཡང་ཡང་མི་མཇལ། རེས་འགའ་ཐག་ཉེར་ཕེབས་པ་ནའང་དེ་དུས་ཀྱི་རྒན་པོ་བྱིས་པའི་བློ་ཅན་རྣམས་དགེ་སློང་སྐར་བཟང་གི་བརྟུལ་ཞུགས་འཛིན་པ་མང་བས་གཅིག་ལ་གཉིས་བརྟེན་གྱིས་སྡིག་པའི་གྲོགས་པོའི་གཞན་དབང་གིས་མཇལ་མི་མཇལ་སྣ་ཚོགས་འོང་། ཕྱིས་འཕྲིན་ལས་དགའ་མོས་རྒྱས་པས་ལོག་སྲེད་ཅན་ཡང་བ་ལྟར་སྣང་འཇམ་དུ་སོང་དུས་དཔལ་གྱི་རི་བོའི་མཆོད་ཁང་ཆེན་མོར་རྟེན་བཞེངས་དང་བཅས་རྒྱད་རིང་ཙམ་བཞུགས་པའི་སྐབས། དཀྱིལ་འཁོར་དང་མཆོད་རྟེན་གྱི་ཐིག་རྩེ་ཕྱག་འཁྲུད་དུ་སྩལ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་གྱི་རྩ་དབང་དང་། བསམ་པ་ལྷུན་གྲུབ་མ་སོགས་སྨིན་བྱེད་དང་འབྲེལ་པར་གྲོལ་བྱེད་ཀྱི་གདམས་པ་ཚིག་རྫོགས་སུ་བཏབ་ནས་རྒྱུད་ཡིན་གྱིས་བརླབས་པའི་བཀའ་དྲིན་སྩལ། མཆོད་ཁང་ཆེན་མོའི་གྱང་ལོགས་


JLAZ014_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་པའི་ཐུབ་དབང་གི་སྐུ་ཁྲུ་ཚང་པ་ཁྲི་རྒྱབ་དང་བཅས་པ་འདི་ལ་ལི་ཏ་བསྒྲེས་སོང་གིས་རོགས་མཛད་དེ་ངེད་ཁོ་ནས་བཏབ། ཧ་ཅང་ལྗིད་ཆེས་པས་ལས་ཐབས་དང་ལུས་ཤེས་གཉིས་ཆར་ཀ་བརྟེན་དགོས་པ་བརྩོན་པ་ཤིན་ཏུ་ཆེ་བས་ཉིན་གཅིག་ལ་བརྒྱ་མ་ཟིན་ཙམ་ཐོབས། ཕྱིས་སུས་ཀྱང་དེ་ཙམ་འདེབས་མ་ཐུབ་པས་རྟོག་དཔྱོད་ཅན་རྣམས་ཡ་མཚན་དུ་བྱེད། དེ་ནུབ་ལུས་ཤིན་ཏུ་དུབ་པ་བྱུང་སྟེ་སྒྲིབ་པ་དག་པའི་རྟགས་གསལ་པོ་བྱུང་། བླ་མ་དམ་པ་འདི་ངེད་ལ་དགོངས་པ་གཏད་པ་ཡོད་པས་སྐུ་གཤེགས་ནས་ཀྱང་ཡེ་ཤེས་སྒྱུ་མའི་སྐུ་དང་མཇལ། རྡོ་ཁྲི་ཆེན་པོ་ཞིག་གི་སྟེང་ནས་ཁྲིད་གསུང་བ་ན། ངོས་ཀྱི་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེ་དཀར་པོར་འདུག་ཞུས་པས། འཛུམ་མུལ་ལེ་བ་ལས་ཅང་མི་གསུང་བས་ལན་བཏབ། དེའི་བྱིན་རླབས་ཀྱིས་བརྗོད་མེད་ཀྱི་ཉམས་ཤར། ཆུང་དུའི་དུས་དྲུང་དམ་ཆོས་བློ་གསལ་དབང་པོས། རྒྱུད་རྒྱལ་གསང་བ་སྙིང་པོ་དང་། མཁས་གྲུབ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོའི་དཀོན་མཆོག་འགྲེལ་ཞིག་བྱིན་ནས་འདི་ཁྱེད་རང་སྙིང་མ་པའི་ཆོས་ཀྱི་དྲག་ཤོས་ཤིག་ཡིན་གསུངས། བལྟས་པས་གོ་རྒྱུད་དང་ཤེས་རྒྱུད་ཅང་མ་བྱུང་། ཅུར་ཟད་ནར་སོན་ནས་བློ་གྲོས་གསལ་དུ་སོང་བ་དང་། སྔ་འགྱུར་


JLAZ014_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པའི་ཆོས་ཀྱི་རྩ་བ་མ་ནོར་བ་དེ་རྒྱུད་སྡེ་བཀའ་མ་ཡིན་པར་ཤེས། །དེ་དང་འགྲེལ་བར་གཡུང་འགྲེལ་གསལ་བྱེད་མེ་ལོང་ཞིག་བྱུང་པ་གཉིས་ཀ་ངེད་ལ་རྟེན་འབྲེལ་བཟང་བར་འདུག །དཔའ་བོ་མཁའ་འགྲོའི་བྱིན་རླབས་ཁོ་ནས་སྩལ་བ་ཡིན་སྙམ་པ་བྱུང་། ཟུར་མེས་དཔོན་རྣམ་ཐར་ལ་ཤིན་ཏུ་དད་ནས་དེའི་རིང་ལུགས་ལ་བསླབ་གཉེར་ཞིག་བྱེད་སྙམ་སྟེ་འདི་སྐོར་ལ་འབག་འབུག་མི་གདའ། རང་གི་ཁུ་བོ་དགེ་སློང་རབ་རྒྱས་དིང་སང་རྙིང་འགྲེལ་གསར་ཚོར་བློ་གྲོས་རྣོ་ལ་ཡོད་འདུག་སྟེ། གཞོན་ནུ་དོན་གྲུབ་འཚང་རྒྱ་ཙ་ན་དྲང་སྲོང་ཉོན་མོངས་མེད་མི་བཞུགས་པར་གདའ་བས་ངས་རི་ཐོད་དཀར་དུ་ལོ་གསུམ་གྱི་ཐོག་ཏུ་གཤེགས། ཕྱིས་གྲུབ་དབང་ཤྲཱི་ནཱ་ཐ་ལས་ཉིད་ཀྱི་དགོངས་པས་ཇི་ཙམ་བརྟོལ་པའི་དཀའ་བའི་གནས་ལ་དྲི་བརྩད་བྱས་པས་གློ་བ་ཁེངས་པར་བྱུང་། གཏེར་ཆོས་ཚད་མ་འདི་བློ་རྨོངས་ཀྱི་སེམས་ཅན་ལ་ཉམས་སུ་ལེན་བདེ་བའི་མན་ངག་ཏུ་མཐོང་ནས་གནས་དུས་དེར་ཆོས་རྗེ་གླིང་པ་དང་། རིན་པོ་ཆེ་དེ་ཉིད་ཀྱི་རང་ལུགས་ལ་བློ་འཇུག་པར་བྱུང་བས་བརྒྱུད་འཛིན་ལ་སུ་བཟང་དྲིས་པས། །གུ་རུ་རྒྱ་མཚོ་དང་། ཐེག་ཆེན་གླིང་པ་གདམ་ང་ཅན་ཡིན་


JLAZ014_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། ལས་འབྲེལ་ཕྱི་མ་ལ་ཡོད་པས་སྐུ་དྲུང་དུ་གཏུགས། ཆོས་གླིང་གི་ཚེ་དག་གཉིས། རིན་པོ་ཆེ་ཉིད་ཀྱི་རྟ་ཕུར། ཎཱ་གང་ཀྴ་སོགས་ཞུས། དེ་སྐབས་བླ་མ་རིན་པོ་ཆེ་འགྲོ་དོན་རྒྱས་པའི་སྐབས་མ་ཡིན་པས། གྲོང་པའི་ཕ་ཇོར་བརྩི་ཡང་རང་སྣང་དག་པ་རྩིས་སུ་བཏང་ནས་གཞག་གསུམ་ལ་གནས་འགྱུ་རིག་གསུམ་གྱི་དྲི་བརྩད་ལ་བརྟེན་པའི་ཞི་གནས་ཀྱི་འཇོག་ཚུལ་ཞུས་པས་སྣང་བ་འགྱུར་ཞིང་། སེམས་ལ་ཕན་པ་ཞིག་བྱུང་། ད་དུང་རྫོགས་པ་ཆེན་པོའི་ཡིན་ལུགས་གཏིང་ཕྱིན་པའི་ཕ་མཐའ་ལ་ནི་མ་རེག །རིགས་ཞང་སྒོམ་ཆེན་དམ་པ་ལས་སྤྱོད་འཇུག་དང་འབྲེལ་པར་བྱང་སྡོམ། ཇོ་བོ་རིན་པོ་ཆེའི་ལམ་སྒྲོན། རྒྱལ་སྲས་ཐོགས་མེད་པའི་བཀའ་འབུམ། བདེ་མཆོག་ལུ་ཡི་པ། འདུས་པ་འཕགས་ལུགས། འཇིགས་བྱེད་ར་ལུགས་སོགས། སྔ་ཕྱིར་གསལ་རྙིང་གི་དབང་རྗེས་གནང་། བཀའ་ལུང་མང་པོ་ནོད། ལར་གནས་སྐབས་འདི་དག་ཏུ་སྐྱོ་ཤས་དང་ངེས་བྱུང་དཔག་ཏུ་མེད་པ་ཡོད། སྒྲུབ་འབའ་ཞིག་ལས་གཞན་བྱང་གིས་ཀྱང་འཆི་ཙན་ཕན་མི་ཐོགས་སྙམ་པ་བྱིས་པ་མནོ་ཤེས་མི་ཤེས་ཙམ་ནས་ཡོད། ཡོད་བཞིན་དུ་ལོ་ཉི་ཤུ་རྩ་ལྔ་ལོན་ལོན་ཆོས་ཞུས་ལོ་དང་ཐོས་ལོའི་དང་དུ་བཏད་སྙོམས་ཐ་མལ་དུ་


JLAZ014_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་འིད་བདུད་ཀྱི་མངོན་སུམ་དུ་བསླུས་འདུག །ཉི་ཟླ་ཁ་སྦྱོར་ལས། ཚེ་འདི་མི་རྟག་འགྲོན་པོ་འདྲ། །འགྲོན་པོ་རྟག་ཏུ་བསྡད་པ་མིད། །ཅེས་གསུངས་བ་ལྟར། ལུས་ཀྱི་ཚོང་འདུས་སུ་སེམས་ཀྱི་འགྲོན་པོ་ཚོགས་པ་འདི་སང་ནང་པར་ཚུན་ཆད་ནའང་མི་གྱེས་པའི་དེས་པ་མེད་པས་ནམ་འཆི་ཆ་མེད་ཡིན། མ་ཚོར་བ་དེ་ཀའི་དང་ལ་མི་ཚེ་ཕལ་ཆེར་སོང་བདའ། དཕྱི་ཐལ་ཆེས་སྙམ་པའི་སྙིང་ལས་སྒྱིད་པ་མག་མཛུག་སློག་པའི་ཐལ་སོང་བྱས་པ་ཙམ་རྒྱུན་དུ་སྐྱེས། ཇོ་བོ་བྱང་ཆུབ་ཆེན་པོ་ཞལ་གྱི་དཀྱིལ་འཁོར་ཅིར་ཡང་འགྱུར་བའི་རྣམ་པ་ཞིག་མཇལ་བས་མཆི་མ་ནང་དབང་མེད་པར་ཤོར། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དེ་རང་དྲན། དེའི་རྣམ་ཐར་དང་སྒྲུབ་གནས་རྣམས་མཐོང་བས་དྲན་དུ་སོང་། ལྷོ་ནུབ་སྤིན་པོའི་ཡུལ་ལ་ཁ་བསྟན་ནས་ཡང་ཡང་དུ་ཤོར། དུས་པས་ཅི་ཕན་ཕྱི་མ་ཟངས་མདོག་དཔལ་རིར་ཟང་ཐལ་དུ་བགྲོད་པའི་དགེ་སྦྱོར་ཞིག་བྱེད་དགོས་སྙམ་བསྒྲུབ་པ་བཙན་ཐུབས་སུ་བྱེད་པའི་ཞེ་དམ་བཅས། མེས་དཔོན་རྣམ་གསུམ་གྱི་གཙུག་ལག་ཁང་ཀུན་ཏུ་ཚེ་འདི་འམ་ཕྱི་མའི་གནས་སྐབས་ཀུན་ཏུ་ཕུན་སུམ་ཚོགས་པའི་གནས་ཡིད་ལ་བྱེད་པའི་ཕྱིན་ཅི་ལོག་མ་ཡིན་པའི་སྨོན་ལམ་བྱང་


JLAZ014_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྗེས་སུ་འབྲངས་ནས་བཏབ། སྡེ་དང་བཅས་པའི་ལམ་ཁ་ཞིག་ན་བཙུན་ཆུང་ལོ་བརྒྱད་ཙམ་འགྲོ་བ་ཞིག་དགེ་རྒན་གྱིས་བརྡུངས་འཐག་བཏང་ཟེར། ལུས་ལ་བརྡེག་བཙོག་ག་རྗེས་དང་བཅས་གཅེར་བུ་རྣལ་མ་ཙམ་ཡང་མེད་པར་ཕུད་པ་ཁོ་རང་མྱུ་ངན་གྱི་ཁུར་བུར་ཚུད། ཕྱུགས་སྐྱོང་པའི་བུ་དང་བུ་མོ་ཆུང་དུ་འདྲས་དེའི་སེམས་གསོ་ཞིང་སྙིང་རྗེ་བའི་གནས་སུ་བྱེད་པ་མཐོང་བས་རང་ཉིད་ཀྱིད་མཆི་མ་ཤོར། སྙིང་རྗེ་དཔག་ཏུ་མེད་པ་སྐྱེས། ཕ་མ་ཡོད་དམ་བྱས་པས། གཉིས་ཀ་ཤི་ནས་མེད་ཟེར། དྭ་ཕྲུག་ལ་འདི་འདྲ་ཕོད་པ་སྙ་མ་འཁོར་བའི་རང་བཞིན་སྡུག་བསྔལ་དུ་སྟོན་པའི་སློབ་དཔོན་དུ་བྱུང་། སྟོད་གོས་ལེགས་པོ་ཞིག་ཡོད་པ་ཕུད་ནས་གཡོགས། ཕྱིས་པ་རྣམས་ལ་བརྡ་སྦྱོར་ཚུལ་བསླབས་ནས་བཞག །ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་ལ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་འདི་རྒྱལ་བའི་སྲས་ཀྱི་བསླབ་པར་བྱ་བའི་གནས་གཙོ་ཆེ་ཤོས་ཤིག་ཡིན། དེའི་སྔོན་དུ་ཚད་མེད་བཞིས་བློ་འཆོས་པའི་རྟེན་འབྲེལ་མ་ལུས་པ་དེར་འགྲིགས་གདའ། རང་ལ་ཉེར་བརྒྱད་པ་མེ་མོ་གླང་གི་ལོ་ཆོ་འཕྲུལ་ཆེན་མོའི་དུས་ཆེན་འཆར་བར་བརྩམས་པ་ན་ཤྲཱི་པརྦ་ཏའི་གླིང་དུ་ལོ་གསུམ་གྱི་དམ་བཅའི་རི་མོ་སྙིང་ལ་བྲིས་ཏེ་བག་ཕབ། དགོངས་


JLAZ014_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱབ་གདལ་དུ་མ་གྲོལ་བར་གེགས་ཀྱི་འཇུག་པས་སྒོ་གང་ནས་ཀྱང་ལགས་ལྟ་བ་ལས་བཟློག་ཕྱིར། ལོ་བདུན་གྱི་བར་ས་ཁྱིམ་དང་འདུ་འཛིའི་ཐེམ་པ་མི་འདའ་བ་དང་གཅིག །སྡོད་ས་སྡེ་ཁྲོད་ཡིན་པས་མ་ཚམས་འོག་ལ་མཇལ་ཕྲད་མི་མང་ཞིང་ཆགས་སྡང་གི་ཚོགས་འགོ་མི་གནོན་པ་གཉིས་དང་། ཕྱི་གཏམ་ནང་དུ་མི་ལོན་ནང་གཏམ་ཕྱི་རུ་མི་སྒྲོག་པས་བུག་སྒོར་ཉེ་རིང་སུ་ལའང་དག་མི་གཏང་བ་དང་གསུམ། ལྟོགས་ལྷ་མགྲོན་དུ་བརྟེན་ནས་ཡོན་ཏན་ཟོང་དུ་མི་འཚོང་བ་དང་བཞི། །ནང་དུ་ཆོས་སྤྱོད་བཅུར་མི་གཏོགས་པའི་ལག་ལས་རྣམ་པར་མི་གཡོངས་པ་དང་ལྔ་། འཚོ་བ་གྱི་ནར་བརྟེན་པ་ལས་དཀོར་ཟད་བྱུང་རྒྱལ་དུ་མི་སྤྱོད་པ་དང་དྲུག །གྲོལ་བ་འབའ་ཞིག་དོན་དུ་གཉེར་བ་ལས་ཕྲིན་ལས་རྣམ་པ་བཞིའི་ལས་ཐབས་མི་བསྒྲུབ་པ་དང་བདུན་གྱི་དམ་བཅའ་སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ཅི་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དར་ཞིན་མ་ནོས། །ཞེས་པ་ལྟར་བཟུང་ཞིང་། །དེ་ལྟར་བཟུང་ནས་ཀྱང་། །བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། ཡུན་རིང་དུས་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་


JLAZ014_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ནི། །དེ་ཉིད་རིག་པ་འདོན་མེད་གསུངས། །གང་གི་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་ཀྱི་ནར་འཁྱམ། །དེ་ལྟས་བདག་གི་སེམས་འདི་ནམ། །ལེགས་གཟུངས་ལེགས་པར་བསྲུང་བར་བྱ། །ཞེས་པ་འདི་ལ་ངེ་ཤེས་རྙེད། །ཉིན་རེ་བཞིན་སེ་གོལ་གཏོགས་པའི་ཡུན་ལའང་ཡེངས་མ་ལམ་དུ་སོང་མ་སོང་ནང་ནུབ་རེ་བཞིན་ལྟ་རྟོག་བཅུག་ནས་བསྒོམ། དགོས་མེད་ཀྱི་ཞེ་ན་ལོག །སྐྱོ་ཤས་དང་ངེས་འབྱུང་། བཅོས་མིན་གྱི་དད་པ། སེམས་ཅན་ལ་སྙིང་རྗེ་སོགས་ལ་མ་རྟགས་དང་པོའི་ཡོན་ཏན་ཀྱང་ཇེ་ཆེར་འཕེལ། ཞི་གནས་ཀྱི་ཉམས་རྣམ་པ་སྣ་ཚོགས་པ་སྟེས་དབང་ཅན་དུ་འཆར་གྱི་ཡོད་པའི་ཚེ་རིགས་ཞང་སྒོམ་ཆེན་དམ་པས་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱི་སྒོམ་དོན་གསུང་བགྲོས་འགལ་ཞིག་བསྐུར་བར་མཛད་པས་འིད་རེས་ཀྱི་གེགས་མང་པོ་གྲོལ། ལས་དང་པོ་པ་ལ་ཤིན་ཏུ་ངན་པར་གདའ། ལར་མ་བཅོས་པ་གཤིས་ཀྱི་ཐོག་ཏུ་དོ་སྤྲོད་པ་དང་། བྱུང་ཚོར་གནས་ཉམས་ལ་ངོ་སྤྲོད་པ་གཉིས་ལ་མ་ཁྱད་ལ་གནམ་ས་ལྟ་བུར་འདུག །ཁོ་བོས་རྫོགས་པ་ཆེན་པོའི་གུབ་མཐའ་ངོས་འཛིན་ཐུན་མོང་མ་ཡིན་པ་དང་། དཀའ་བའི་གནས་མ་ལུས་པ་མཛོད་ཆེན་


JLAZ014_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལས་རྙེད་པ་ཡིན། འཛམ་བུའི་གླིང་གི་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ཚོ་མངོན་སུམ་པར་བྱོན་ཀྱང་རྒོལ་བ་མི་འཇུག་པའི་གྲུབ་པའི་མཐའ་ཆེན་པོ་འདིའི་དགོངས་པ་ལེན་མི་ཤིས་ན་གཞན་ལུ་བསུ་མཐོ་བྲེར་ཡང་ཀུན་འབྱུང་གི་གཡོགས་པ་ཅན་དུ་གོ་ །ཟླ་བ་གསུམ་ཙམ་ལོན་པའི་ཚེ་རང་ལུས་ཞུགས་ལ་སྦྱངས་པ་དང་། །ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་པ་སོགས་ཀྱི་སྣང་བ་ཡང་ནས་ཡང་དུ་བྱུང་། ལུས་ཀྱི་སྲིན་བུ་རྣམས་དེ་ནས་དག་ ་སྤྱིར་དུས་བཟང་པོ་ལ་སོགས་པའི་ཚེ་ཉམས་འུར་ན་ཐ་བསྒྲུབ་ཡང་དུ་པྲོ་འ་ཁྲབ་སྙིང་འདོད་པ་དང་། སྣང་བ་བདེན་མེད་སྒྱུ་མ་ལྟ་བུར་འགྲོ་བ་ཡང་ཡང་དུ་ཡོང་བས་མདོ་ཏིང་ངེ་འཛིན་རྒྱལ་པོ་དང་། སྒྱུ་མངལ་གསོའི་མན་ནག་ཉམས་འོག་ཏུ་ཆུད། སྤྱིར་སྲིད་པ་འདི་ལ་མེ་ཏོག་ཕོག་པའི་ཆོས་སྐལ་ཡང་ཡིན། ཆོས་ཀྱི་རང་ངོས་ནས་ཀྱང་རིག་འཛིན་པདྨའི་ཞལ་གདམས་རྩ་གསུམ་དགོངས་པ་རང་གྲོལ་འདི་ལ་རྒྱུད་སྡེ་ཆེན་པོའི་སྤྱི་ཆིངས། །མན་ངག་ཐ་བ་མོའི་གནད་བསྡུས་སོགས་དཔག་པར་དཀའ་བའི་ཡོན་ཏན་དུ་མ་འདུག་པ་གནས་སྐབས་འདི་ཙམ་ན་ཤེས། དབང་ལུང་གི་བརྒྱུད་པ་ཆད་དུ་ཡོངས་པ་ན་རྨི་ལམ་དུ། ཆུ་ཀླུང་ཆེན་པོ་ཞིག་ན་གར་མཁན་ཞིག་སྐམ་ལ་འཐོན་དུ་ཉེ། བཀྲ་ཤིས་


JLAZ014_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་སྐྱེ་བ་ལྔ་པའི་རྟགས་དང་ལྡན་པ་ཞིག་ངོས་ཀྱི་ཁུ་ཚུར་ན་བཅངས་པ་ལས་ཕུན་སུམ་ཚོགས་པའི་སྒྲེ་མང་པོ་བསྒྲག་ཏེ་ཆུ་ཀླུང་ཆེན་པོར་དོར་ནས་རྒྱ་མཚོའི་རྡུ་མ་དུ་སོང་བ་རྨིས། རྟེན་འབྲེལ་དེའི་དོན་ལ་བརྡ་མང་པོ་ཤེས། དགེ་སློངས་མནྟ་བྷ་དྲ་བགྲེས་པོ་མཚམས་ནང་དུ་སྤྱན་དྲངས། ཁོང་པ་ཐུགས་བསྐྱེད་བཟང་། དྲང་པོ་མ་བཅོས་པའི་ངང་ཚུལ་ཅན་དག་སྣང་འགྲོ་བར་ཡོད། ཆོས་གསུང་པ་ལ་འཇུག་པ་མི་བདེ་ཡང་བརྒྱུད་པ་ཁུངས་བཙུན་སེལ་མེད་ཡིན། དབང་རྫས་དེད་རང་གིས་སྐབས་ཐོག་དཔྱད་ནནས་ཕྱག་ཏུ་འབུལ་བཞིན་ཞུས། ལུང་མཛད་པ་ལ་ཞག་དགུ་ཙམ་འཐོགས། ཞར་ལ་ཆོས་རྒྱལ་འབྲི་གུང་པ་གཏེར་ཆོས་ཀྱང་ཉན། དེས་གསང་སྔགས་རང་ཉིད་ལེན་པའི་ཉེས་པ་བསལ་ཏེ། སླར་བདག་འཇུག་ལན་མང་པོར་ནོད་ནས་ལམ་བསྡུས་པའི་བསྐྱེད་རྫོགས་ལ་ཉམས་ལེན་གནད་དུ་བསྣུན་པས་བྱིན་རླབས་ཉིད་རྒྱུད་རྒྱལ་དབང་པདྨས་སྩལ། ཡིད་ཆེས་པའི་ངེས་ཤེས་རྙེད་པ་ལས་ལོ་གསུམ་འདིའི་རིང་ཐོ་རངས་བྱ་སྐད་སྒྲོགས་པ་ཕྱི་མཐར་བྱས་པའི་ནམ་ལང་པ་ནས་ཉི་མ་ཚ་རྟིང་ཁ་སྟེང་དུས་སྦྱོར་བཞིའི་འཕོ་བ་མ་རྫོགས་རིང་ཡི་གེ་མེད་པའི་སྙན་བརྒྱུད་ལ་རྩ་ལ་བཏོན་བུམ་ཅན་གྱི་ཐུན་རྟག་པ་ཀུན་ཏུ་བཟུང་བས་དྷཱུ་ཏིར་ཞུགས་གནས་ཐིམ་གསུམ་གྱི་རྟགས་


JLAZ014_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་ཤར། རྩ་ཁམས་ཡི་གེའི་རྣམ་པར་གྲོལ་བས་མགྲིན་པ་རྡོ་རྗེ་གླུའི་དཀོར་མཛོད་དུ་སོང་། ཆོས་ཐམས་ཅད་བལྟས་པ་ཙམ་གྱི་ཤེས་སྙམ་པའི་སྒོམ་བྱུང་གི་ཤེས་རབ་ཀློང་བརྡོལ་ནས་བླ་མ་དགོངས་འདུས་ལ་རྣམ་ངེས་འོད་ཟེར་བརྒྱ་པ་བྱིས་པའི་བློ་གྲོས་ཀྱིས་བརྩམས། སྲོག་ཐུར་འདྲེས་བ་ལས་ལྟ་བ་སྤྲུལ་པའི་འཁོར་ལོ་རིལ་པ་ཞབས་ཆགས་ཅན་དུ་སོང་། འོག་རླུག་འདྲི་བ་བས་བཞོན་པར་མི་ནུས་ཤིང་། ཁམས་ལ་མི་འཕྲོད་པའི་ཟས་ཀྱི་རྣམ་པ་ཅི་ལྟ་བུ་ཁོང་དུ་སོང་ཡང་ཉམས་བརྟས་པར་གྱུར་ནས་ངོ་བོ་མི་འགྱུར་བ་ཐོན། །དྲི་ཆུ་བསུང་པ་དང་། འདུ་བའི་ཁ་དོག་གིས་མ་གོས་པར་འབབ་པ་སོགས་ཐུན་མོང་གི་རྟགས་མང་པོ་དང་། བྱང་ཆུབ་ཀྱི་སེམས་ཞི་བོ་ཆེ་རྡོ་རྗེ་ནོར་བུར་བརྟན་པས་བདེ་སྟོང་གི་ཡོན་ཏན་དཔག་ཏུ་མེད་པ་སྐྱེས། དགེ་སྦྱོར་ནར་སོན་པས་ལོ་བར་པ་ལ་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་སོགས་རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་པའི་ལམ་རྟགས་སྒྲ་ཇི་བཞིན་པའི་སྲོལ་དུ་སྒྲ་ཇི་བཞིན་པའི་སྲོལ་དུ་ཆུད་པ་བྱུང་། དེ་ཀའི་མྱུར་ལྕེ་བཙུན་སེང་གེ་དབང་ཕྱུག་གི་རྣམ་ཐར་འཁྱོངས་ན་འཇའ་ལུས་སུ་དངོས་པ་ལ་དགའ་ཚོགས་མེད་པའི་ངེས་ཤེས་རྙེད་ནའང་། སྤྱིར་དུས་ཀྱི་རྒུད་པ་དང་། ཁྱད་པར་དངོས་ལ་འཕོ་བ་ཆེན་པོའི་གྲུབ་མཐའ་སྙིགས་


JLAZ014_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་འབྲེལ་ཕྱིས་ཕོངས་པས་གྲོང་ཡུལ་དང་བཅས་བའི་རི་ཁྲོད་དུ་འདུ་བྱེད་ཕུང་པོའི་གྲོང་ཁྱེར་ཟོ་མདོག་བདེ་བ་ཉིད་དུ་ལུས་པར་གྱུར་ཏེ། དཔག་ཚད་བརྒྱད་ཁྲིའི་སྐྱོན་ཡང་བལྟར་མི་མོན་པར་སྦས། ཁུ་ཚུར་ཅན་གྱི་ཡོན་ཏན་ལྷུན་པོར་འགྲན་པ་བཞིན། བཟུང་འཛིན་ལག་པ་ཆེན་པོས་སུན་ནས་ཀུན་ཏུ་འཁྱུད། །རྣམ་རྟོག་ལག་ན་གཞོང་ཐོགས་དལ་རྟེན་མིན་གྱིས་དོགས། །དབང་ཤེས་རི་རྩེ་སྐན་པ་གླིང་བཞིའི་ལྟད་མོས་གཡེངས། །ཡུལ་ལྔ་རྟ་གདོང་རྒོད་མས་ཁོ་ར་ཁོར་ཡུག་བཅིངས། །བདག་ལྟ་ཡོངས་འདུའི་ལྗོན་པ་ཡལ་འདབ་བསྐྱོད་ལ་བརྩོན། །ཕུང་པོ་ལྔ་ཡི་བྱད་པའི་རྣམ་པར་ཐར་པ་ལགས། །ཞི་གནས་བསིལ་ཟེར་དབང་པོ་འཕེལ་འགྲིབ་རེས་འཇོག་ཅན། །ལྷག་མཐོང་འོད་ཟེར་བརྒྱ་པམ་རིག་སྤྲིན་གྱིས་གཡོགས། །རྣམ་གཡེངས་རྒྱ་མཚོའི་རླབས་ཀྱིས་མཉམ་རྗེས་བར་ལག་བྲལ། །ཚོགས་བརྒྱད་དབང་པོའི་གཞུ་ཡི་ཞགས་བས་བཅིངས་པ་ལགས། རིག་པ་མ་བཅོས་སྤྲོས་བྲལ་དབང་པོའི་སངས་རྒྱས་ལ། །ཤེས་སྒྲིབ་ཕ་ཚན་རགས་པས་སྒོམ་གོ་ཆོད་མ་ནུས། །མུ་བཞི་བློ་ཡིས་ཕྲལ་བའི་རྟོག་དཔྱོད་བསམ་གཏན་ལ། །མཐའ་བརྒྱད་སྤྲོས་བྲལ་རེ་བའི་སྟོན་ཆེན་ལྷམ་རྡོལ་ལགས། །


JLAZ014_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བྲལ་རང་བྱུང་རིག་པ་ལོངས་སྤྱོད་རྫོགས་པའི་ངང་། །ལྷན་སྐྱེས་མུན་པ་སྟུག་པོས་རང་ཞལ་ཐད་ཀར་བསྒྲིབས། །དྲན་པས་ཆེད་འཛིན་བྱས་པས་ངར་གདེངས་སོ་མ་ལ། །སྒོམ་གྱི་དངོས་གཞིར་འཁྲུལ་བའི་སྒོམ་ཆེན་གཏན་རྡོལ་ལགས། །རྟོག་ཚོགས་བྱ་ལམ་རྗེས་མེད་རོལ་རྩལ་སྤྲུལ་སྐུ་དངོས། །ཀུན་བརྟགས་བློ་ཤོ་རྒོད་པས་འཛིན་ཞེན་བྲལ་མ་ནུས། །ལྷག་མཐོང་གཤིས་ལ་འབྱམས་པའི་རི་དྭགས་རྒྱ་ཤོར་ལ། །རྣམ་རྟོག་ཆོས་སྐུ་ར་འདོད་པའི་གྲུབ་ཐོབ་སྨྱོན་བ་ལགས། །སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་ན་གྲོལ་མ་ནུས། རེས་འཇོག་ཡ་བྲལ་ཅན་ལ་རྟོགས་པའི་ལས་འབྲེལ་ཉུང་། །སྣང་ཚད་ལམ་ཁྱེར་ཚིག་གི་ལམ་དུ་ཟད་པ་ཡི། །རྒྱས་འདེབས་གོ་ཡུལ་མཁན་ཞིག་དངོས་ཀྱང་ཡིན་གྱི་དོགས། །མཉམ་གཞག་ནམ་མཁར་གྲགས་ནས་སྟོང་བ་བློ་ཡིས་བསྒྲུབས། །རྗེས་ཐོབ་སྒྱུ་མའི་སྒྲ་ཡིས་དངོས་འཛིན་མཚན་མས་ཞིག །མཉམ་རྗེས་དབྱེར་མེད་ཟེར་ནས་ཐ་མལ་རང་དགར་ལུས། །བདོག་བ་ཅི་ཡང་དགོས་པའི་གྲུབ་གདའ་ཟིན་པ་ལགས། །ཉེ་འཁོན་མེད་པའི་ཐུགས་རྗེ་འདོད་པའི་ཕྱོགས་སུ་ལྷུང་། །ལོག་པར་བསྒྲུབ་པའི་ཕྱོགས་ལ་བཟོད་པ་བསྲན་མི་ནུས། །རྙེད་


JLAZ014_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཀུར་སྟིའི་སླད་དུ་དབང་པོ་སྡོམ་པའི་ཚུལ། །སྙིང་རྗེ་སྐམ་ཐག་ཆོད་པའི་བྱང་ཆུབ་སེམས་དཔའ་ལགས། །ཅུང་ཟད་རྙེད་པའི་རྒྱད་པའི་ཚེ་ན་རྒྱགས་དར་དྲེགས་པའི་ནད་བུ་འཕེལ། །སྤངས་རྟོགས་ཡོན་ཏན་མི་སྨོན་གྲགས་སྐམ་དགེ་བའི་ཆོམ་རྐུན་གཉེར། །ཆོས་ལྟར་བཅོས་པ་ཀུན་དང་མཐུན་པའི་རྣམ་པར་ཐར་པའི་ཚུལ། །ཧ་ཅང་སྦས་དྲེགས་རྒྱལ་རྣམས་ཐུགས་ཀྱིས་ཁྲེལ་དོགས་འདིར་བརྗོད་དོ། །དེ་ལས་གཞན་དུ་ཐུན་མོང་མ་ཡིན་པ། །ཅི་ཡང་མེད་མོད་གལ་ཏེ་ཡོས་དྲིད་ན། །མོས་པ་བརྟན་པོའི་རྒྱུན་ལས་གནས་སྐབས་འདིར། །ཆ་ཙམ་སྐྱེས་པའི་རང་རྒྱུས་མིག་འཕྲུལ་ནི། །གང་ཚེ་སྒོ་གསུམ་མི་འདར་བསྡོམས་པ་ནས། །སྟན་ཐོག་འདིར་ནི་ལུས་གནད་མ་ཞིག་ཅིང་། །སེ་གོལ་གཏོག་པ་ཙམ་ལའང་ཡེངས་མ་ཡེངས། །ནང་ནུར་རེ་བཞིན་ལྟ་རྟོག་བཅུག་ནས་བསྒོམ། །དེ་ཡི་འབྲས་བུ་ནམ་ཡང་མི་བསླུ་བས། །ཟླ་བ་གསུམ་ན་ཞི་གནས་རྩེ་གཅིག་པའི། །གནས་ཉམས་ཉིན་མཚན་བར་མཚམས་མེད་དུ་ཤར། །གཉིད་ཀྱང་མར་མེ་སྦར་བ་ཇི་བཞིན་ནོ། །ད་ཀོས་ང་དང་འཇིག་རྟེན་ཕྱི་མའི་ལམ། །ངེས་པར་སྔོན་ལ་གང་ཡོད་མི་ཤེས་པའི། །ཤུགས་རིང་དབུགས་འབྱིན་ཆེན་པོའི་འབབ་སྟེགས་


JLAZ014_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཁ་རག་སྒོམ་ཆུང་རྗེས་སུ་འགྲོ་བ་སྙམ། །ཚེ་འདིའི་ཚོ་རྩིས་ཆགས་སྡང་གཡོ་འཁྲུག་གི། །རི་དབང་འཇོམས་ལ་གནམ་ལྕགས་ཐོག་ལྟ་བུ། །འཆི་བ་སྙིང་དྲན་ཉིད་ལས་གཞན་མེད་པར། །རྒྱལ་བས་གསུངས་པའི་བདེན་པ་རྒྱུད་ལ་སྨིན། །བྱིན་རྒྱུད་རྟོགས་པ་འཕོ་བའི་བྱད་པ་པོ། །སུ་ཡང་མ་ཡིན་རང་གི་མོས་གུས་ལ། །རིག་པ་དེ་ཕྱིར་དད་པའི་གདུང་ཤུགས་ཀྱང་། །མཆི་མ་འཁྲུལ་པའི་བྱེད་པོས་རྟག་ཏུ་བོས། །ཐེག་ཆེན་ལམ་གྱི་ཡོན་ཏན་ཕལ་མོ་ཆེ། །མགྲོན་པོར་འབོད་ལ་སྙིང་རྗེ་ཆེས་པ་བཞིན། །དགྲ་མི་ཤ་བོར་མཚོན་རྣོན་ཐོགས་པ་ལའང་། །འཁུན་པ་མེད་པར་སྲོག་འདི་སྟེང་ཕྱོད་སྐྱེས། །འཁོར་བ་ཤིན་ཏུ་མི་བདེ་སྡུག་བསྔལ་བའོ། །རུམ་ན་སེམས་ཅན་ཀུན་གྱི་མཚམས་བཅས་དེའི། །གནས་ལ་བཟོད་ཐབས་མེད་པའི་སྨྲ་སྔགས་དང་། །ཤུགས་རིང་མཆི་མར་བས་པ་བརྟག་ཏུ་འགྲན། །ངེས་པར་འབྱུང་དང་སྐྱོ་ཤས་དྲག་པོ་དང་། །སྙིང་རྗེ་ཚད་མེད་མོས་གུས་རླབས་པོ་ཆེས། །ལོ་ཟླའི་དམ་བཅའ་བརྟན་པོ་མ་ལུས་པ། །སྐྱོ་ངལ་མེད་པའི་དང་དུ་ཟད་པ་བྱུང་། །གང་ལས་བྱུང་བའི་ཡོན་ཏན་ཅི་སྙེད་ན། །མ་ཡེངས་ལམ་དུ་སློང་བའི་ཆོས་དྲུག་གིས། །དྲན་པའི་ངོ་བོ་རང་གྲོལ་ཆེན་པོའི་ཀློང་། །ཀུན་པོའི་རྣམ་རྟོག་ཡིབས་


JLAZ014_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕྲོ་བཅད་དོ། །དེ་ལའང་ཡིད་ཆེས་ཉམས་ཀྱི་འཛིན་སྟངས་དང་། སྒོམ་འཛིན་ཤེས་བྱའི་དྲི་མ་ཕལ་མོ་ཆེ། །བརྗོད་མེད་བློ་བྲལ་ཆེན་པོའི་གཤིས་སུ་དག །བཏང་སྙོམས་ལུང་མ་བསྟན་ལས་འདས་པའོ། །བསྒོམ་དང་མ་བསྒོམ་མཐའ་ལས་རྣམ་གྲོལ་ཞིང་། །ལྷག་མཐོང་གཤིས་ལ་འབྱམས་པའི་གཞི་རྩ་ཆོད། །ཆོད་དང་མཆོད་འདི་ཡང་བློ་བཏགས་ཙམ། །བརྡལ་བ་ཆེན་པོ་ཆོས་སྐུའི་བཞུགས་ཚུལ་ལོ། །སྐྱེ་མེད་ངེས་བཟུང་མཉམ་གཞག་ཡོན་ཏན་སྐྱེ། །འགག་མེད་ལམ་ཁྱེར་རྗེས་ཐོབ་རང་ངོར་གྲོལ། །སྣང་བའི་སྟེང་དུ་སྟོང་པའི་རང་ཞལ་མཐོང་། །རྣམ་པ་ཐམས་ཅད་མཆོག་ལྡན་ཉིད་དུ་གོལ། །དེ་ཉིད་མ་རིག་སྲིད་པའི་ཁུང་བུ་ཅན། །རྟེན་འབྲེལ་བཅུ་གཉིས་རྒྱུན་ལ་རྟག་ཏུ་འཁོར། །བསྒོམ་འདོད་བློ་ནིཆགས་དང་སྤོང་འདོད་སྡང་། །ཆགས་སྡང་བཅོས་མའི་བློ་ཡིས་འཁོར་བར་འཕེན། །དེ་ཕྱིར་ཡེ་གྲོལ་ཆེན་པོའི་ངང་བསྒོམས་དང་། །ཀུན་བརྟགས་གྲ་མོའི་དཔྱད་པ་ཁྱད་ཆེ་བའི། །རང་བཞིན་ཤེས་ནས་དེ་གར་ལུས་པ་ལས། །འཁྲུལ་པའི་དེ་ཉིད་རིག་པའི་ཀློང་ཡལ། །ཐེག་དམན་་ལམ་གྱི་སྐལ་བ་འདི་གྲོལ་བའི། །གཟུང་འཛིན་སེམས་ཉིད་གྱ་གྱུའི་རང་བཞིན་ཅན། །དོན་གྱི་རྟོགས་པ་བརྗོད་པ་དེ་ལ་རུང་། །ལར་ལོ་གསུམ་


JLAZ014_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རིང་ལ། །རྡོ་རྗེའི་རིགས་དང་། །རིན་པོ་ཆེ་དང་། པདྨ་དང་། །ལས་དང་། །དེ་བཞིན་གཤེགས་པ་ལ་སོགས་ཏེ་ཡིད་མ་རིགས་ཐ་དད་པའི་བསྙེན་སྒྲུབ་ཀྱིས་སྒོ་གསུམ་རྡོ་རྗེ་གསུམ་དུ་གོ་འཕོ་བའི་གནད་དང་། དེའི་རང་བཞིན་མཉམ་གཞག་ཆེན་པོར་བསྲེ་བ་ལ་གོམས་པར་བསླབས་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་འབྲེལ་ཉིད་དུ་རྫོགས་པ་ནི་རྒྱུ་འབྲས་མི་བསླུ་བའི་འབྲས་བུ་ཡིན་པ་སྨོས་མ་དགོས་ལ། གནས་སྐབས་སུའང་རྣམ་པར་སྨིན་པའི་རིག་འཛིན་གྱི་ལྡང་ཚད་ཇི་ལྟ་བར་གདགས་སུ་རུང་བའི་བསྐྱེད་རིམ་གསལ་བརྟན་གྱི་ངེས་བརྗོད་རྫོགས་པའང་འགའ་ཙམ་སྣང་བས་ཕྲིན་ལས་རྣམ་པ་བཞི་ལ་རང་བྱན་ཆུ་པའི་རྟེན་འབྲེལ་འགྲིག་ཅིང་། གདོན་བགེགས་ཀྱིས་མནར་བའི་འགྲོ་བ་གང་ཞིག་ལ་རིག་པ་གཏད་པ་ཙམ་གྱིས་མནོན་གྱུར་དུ་ཕན་པའང་འགའ་ཙམ་བྱུང་ལ་། གང་ཞིག་སྙིང་རྗེ་་ཆེན་པོའི་བློ་ཤུགས་འབྱུང་དུ་སྐྱེས་པ་དེའི་ཚེ་དེའི་དུས་ན་རང་གཞན་བརྗེ་བར་ནུས་སོ་སྙམ་པའི་ཀུན་སློང་བཟང་པོ་རྒྱལ་པོ་བྱམས་པའི་སྟོབས་ལ་སྨོན་པར་ནུས་པ་ཙམ་དུ་སྐྱེས་པ་ལས། འཇིག་རྟེན་སྐྱེ་བ་ནས་སྐྱེ་བར་རབས་སུ་བརྒྱུད་པ་དང། གདུང་འཛིན་ལ་སོགས་པ་གྲགས་པའི་ལྕགས་ཀྱུས་མཐོན་པོའི་གནས་ལ་དཔྱད་དུ་མེད་པའི་ཀུ་སུ་ལུ་སྲན་མ་ལྟ་


JLAZ014_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཟླུམ་པའང་། ལས་འགྲོ་དག་པས་རང་བཞིན་གྱི་བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། བསྟི་སྟང་དུ་བྱ་བའི་འོས་སུ་མཐོང་ཞིང་དེ་དག་ཆོས་ཀྱི་སྒོ་ནས་ཡང་དག་པའི་ལམ་ལ་བཀྲི་བར་ནུས་པའང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གཞན་དབང་ཁོ་ན་ལས་བདག་ཉིད་ཐབས་ལ་མཁས་པའི་སྤྱོད་པས་མ་ཡིན་ནོ། །གང་གི་ཚེ་མོས་གུས་ཆེན་པོའི་རླབས་ཕྲེང་གཡོ་བའི་མོད་ལ། མིག་ནས་མཆི་མའི་ཆར་རྒྱུན་དྲག་ཏུ་འབབ་པ་དང་ཆབས་ཅིག །གདུང་བ་དྲག་པོའི་བློ་སྲོག་ལ་མི་ཕོངས་པ་ཙམ་དུ་སྐྱེས། དེའི་རྗེས་འབྲེལ་དུ་སྔ་ན་མེད་པའི་རྟོགས་པ་བརྗོད་དུ་མེད་པ་རེ་སྐྱེས་ནས་སྔ་མ་སྔ་མའི་ལྟ་བ་ཕྱི་ཤུན་ལྟ་བུར་འགྲོ་ཞིང་། དེ་ལ་སོགས་པའི་ཡུལ་རྐྱེན་ཐ་དད་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་གྲོང་ཁྱེར་ཆེན་པོ་ན་གནས་པའི་རྩ་ཁམས་ཀྱི་ཏེ་གེ་རྟེན་དང་བརྟེན་པར་བཅས་པ་གསང་བ་ཡེ་ཤེས་ཆེན་པོའི་རླུང་གིས་རྡོ་རྗེའི་རོལ་མོར་བཀྲོལ་བ་ལས། བཛྲ་མ་ཀསྟེ་གླུའི་རིམ་པའང་ཇི་སྙེད་ཅིག་བྱུང་སྟེ། དེ་ལ་ཆེད་དུ་འཛིན་བ་མ་ཞུགས་བས་ཟིན་བྲིས་ལ་ལ་གྱར། ལ་ལ་གཞན་དུ་འཁོད་པ་སོགས་ཡོད་པས་འདིར་མ་བྲིས། དེ་ལྟ་ནའང་ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་ཐམས་


JLAZ014_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྩ་བ་སྟེ། བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ལ་ནི་གལ་ཏེ་སངས་རྒྱས་མི་བཞུགས་ནའང་། ནམ་མཁའི་དཀྱིལ་དང་། རྩིག་པ་དང་། ཤིང་ལྗོན་པ་རྣམས་ལས་ཆོས་ཀྱི་སྒྲ་འབྱུང་ངོ། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་ཡིད་ཀྱིས་སྤྱོད་བ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ། །དེ་བས་ན་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་བགྱིའོ། །ཞེས་གསུངས་པ་ལྟར་གནས་སྐབས་དེར་བློ་ལས་སུ་རུང་བའི་ཉེ་བར་ལེན་པ་དང་། སྣང་བའི་ཆོས་ཉིད་སྒྱུ་མ་ལྟ་བུར་རྟོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བས་མཚམས་སྦྱར་ཏེ། བཀའ་འདུས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཀློང་བྱང་ཐུགས་ཀྱི་སྒྲོམ་བུ་བརྡ་བསྒྱུར་གསང་བའི་གལ་མདོ་བབས་ཤིང་དེ་ཉིད་འབྱུང་བའི་ལྗོན་འགྲོར་སྣང་བ་དཔེ་ཆར་ཤར་བའི་བརྡ་ལས་བློ་ལྡན་བྷྲ་མ་རའི་གཏམ་དུ་གྲགས་པ་ཇ་ཞལ་གསུམ་འཐུང་བའི་ཡུན་ལ་བྲིས་མི་ཚར་བ་ཙམ་དུ་བབས་པ་བློས་བཀོད་པའི་ཡི་གེ་མ་ཡིན་པས་དོན་བཟུང་ལ་ཚིག་གཏད་པ་མེད་པར་སྣང་ངོ། །སྒྲུབ་ཁང་ཡང་འོག་མིན་དག་པའི་ཞིང་། །འདུ་ཁང་དང་ཚོགས་འདུ་དྲན་དོན་མེད། །དེ་དྲན་ན་ཆགས་སྡང་མེ་ལྟར་འབར། །བྱང་ཆུབ་ལ་


JLAZ014_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་བསྲེག་གཏོང་ཉེན་ཡོད། །ཅོག་པུ་ནི་རང་བཞིན་སྤྲུལ་པའི་གནས། །འདུ་འཛི་དང་རྒྱལ་ཁབ་མ་གཤགས་ཤིག །དེ་ཤགས་ན་སྒྲུབ་འབྲས་ཟོང་ལ་འཚོང་། །མ་མཁའ་འགྲོའི་བྱིན་རླབས་ཡལ་གྱིས་དགོས། །གཅོད་ཌཾ་ལྷ་འདྲེའི་ཡིད་རྩལ་ཁོལ། །རྔ་ཆོལ་དང་རོལ་མོ་མ་དྲན་ཅིག །གཏོར་རྒྱག་གི་འགྲོ་དོན་སླེབས་ནས་ཡོད། །ལམ་རྟགས་ཀྱི་ཡོན་ཏན་འགྲིབ་ཉེན་ཡོད། །མི་རྐང་དང་གླིང་བུ་གདངས་འགྱུར་སྙན། །དུང་སྒྲ་དང་རྒྱ་གླིང་མ་དྲན་ཅིག །རི་དྭགས་ཀྱི་སྨིག་རྒྱུ་མཐོང་བ་ལྟར། །སྟོང་གསོལ་བ་ལ་མི་ཚེ་བསྐྱལ་ཉེན་ཡོད། །གནས་ཡུལ་གྱི་བཀོད་པ་ལུས་ལ་ཚང་། །རྐང་པ་ལ་འཕང་ལོ་མ་སྐོར་ཅིག །ཚར་ལྷོངས་གཉིས་མལ་སར་འགྲིག་གིན་གདའ། །སྤང་སྙོགས་ཀྱི་མཐར་ཐུག་ཅིག་བྱས་ཉེན་ཡོད། །མཚམས་འོག་ལ་འཇལ་ཕྲད་མ་གནང་ཞིག །དགེ་བའི་གྲོགས་པོ་གསེར་ལས་དཀོན། །སྡིག་གྲོགས་ཀྱིས་དགེ་སྦྱོར་རླུང་ལ་བསྐུར། །སེམས་སྣང་སྟོང་ལ་བུམ་པའི་དབང་བསྐུར་ཞུས། །ཐུན་མཚམས་སུ་ཁ་སྡུར་མ་བཏང་ཞིག །ཕྱི་གཏམ་ནང་བསྐྱེལ་འདི་རྣམ་རྟོག་རྒོད། །ཁ་བཙུམ་ན་རྟོག་བྲལ་གྱི་ཡོན་ཏན་འཆར། །སེམས་གསལ་སྟོང་ལ་གསང་དབང་གི་ཉམས་ལེན་མཛོད། །སྒོམ་འདོད་ཚོ་


JLAZ014_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱམ་སློབས་ཤིག །དེ་ཤེས་ན་སྲུང་འཁོར་གྱི་མི་ཐུབ་པའི། །གེགས་ཆེན་དེ་རང་ལ་ཆེད་ནས་གདའ། །མི་ཤེས་དང་མི་ཡོང་སྐུ་དྲིན་ཆེ། །སེམས་བདེ་སྟོང་ལ་ཤེར་དབང་གི་ལམ་ཁྱེར་མཛོད། །འུམ་འུམ་དང་ཡིག་ཕྲིན་བྱ་བ་མང། །ཆོས་བརྒྱད་གྱི་རྟོག་ཚོགས་གསར་རེ་ས་ །བུག་སྒོ་ལ་རྡོ་བརྩིགས་ཐོང་ལ་ཞོག །རིག་སྟོང་ལ་ཚིག་དབང་ག་ལམ་ཁྱེར་ཚང། །གཡོ་མེད་དུ་བརྟན་པ་ལུས་ཀྱི་ཚུག།། སྒྱུ་ལུས་ཀྱང་དྲན་པ་ཉེ་བར་གཞག །རྣམ་རྟོག་ལ་འགྲོ་དང་འོང་བ་མེད། །སེམས་ཉིད་ཀྱང་དྲན་པ་ཉེར་བར་གཞག །ཚོགས་དྲུག་གི་ཡུལ་ལ་བྱ་མ་ཤོར། །ཚོར་བ་ཡང་དྲན་པ་ཉེར་བར་གཞག །གཤིས་ཐོག་ལ་བཅས་བཅོས་མ་དགོས་པ། །ཆོས་ཉིད་ལ་དྲན་པ་ཉེ་བར་གཞག །མཉམ་གཞག་ལ་སྡིག་པའི་ཀུན་སློང་མེད། །མི་དགེ་བ་ཡང་དགས་སྤོང་བ་ལགས། །ཆོས་ཉིད་ནི་མུ་བཞི་སྤྲོད་དང་བྲལ། །གཟུང་འཛིན་ཀྱང་ཡང་དགས་སྤོང་བ་ལགས། །སྣང་བ་ལ་མ་ཞེན་ཆོས་སྐུར་དག །རྣམ་རྟོག་ཀྱང་ཡང་དག་སྤོང་བ་ལགས། །འཁོར་འདས་ལ་རང་བཞིན་མ་གྲུབ་པས། །གཉིས་འཛིན་ཀྱང་ཡང་དག་སྤོང་བའོ། །ཉིན་མཚན་དུ་མཉམ་པར་བཞག་ལ་བརྩོན། །འདུན་པའི་རྫུན་འཕྲུལ་རྐང་པ་ཡིན། །ལྷག་


JLAZ014_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གིས་དེ་ལ་ཆོས་སྤྱོད་གྲོགས། །སྤྱོད་པའི་རྫུ་འཕྲུལ་རྐང་པ་ཡིན། །སེམས་ཀྱི་རྫུ་འཕྲུལ་རྐང་པ་ཡིན། །དེ་ཡི་ངོ་བོ་གསལ་དངས་ཕྱེད། །ཤེས་རབ་ཀྱི་རྫུ་འཕུལ་རྐང་པ་ཡིན། །བློ་འདས་ལ་ཡོན་ཏན་མ་ལུས་འཆར། །དགེ་ཆོས་མ་བསྐྱེད་པ་བསྐྱེད་པར་བྱེད། །མཉམ་རྗེས་ལ་རིས་མེད་རྩལ་སྦྱོང་བས། །སྐྱེས་པའང་གོང་དུ་སྤེལ་བར་བྱེད། །རྟོག་པའི་གཞི་རྩ་རང་སར་ཆོད། །ཕྱི་ནས་མི་དགེ་མི་སྐྱེད་བྱེད། །ཤར་བ་དང་གྲོལ་བ་དུས་མཉམ་ན། །སྐྱེས་བའང་རང་སར་སྤོང་བར་བྱེད། །ཡང་དག་གི་དོན་ལ་ངེས་ཤེས་སྐྱེ། །དད་པའི་དབང་པོ་དེ་ལས་གང་། །བསྒོམས་དང་མ་བསྒོམས་གང་དུའང་དྲན། །དྲན་པའི་དབང་པོ་དེ་ཉིད་དོ། །ཆུ་བོ་བཞིན་དུ་རྒྱུན་འཆད་མེད། །ཏིང་ངེ་འཛིན་གྱི་དབང་པོའོ། །དེ་ལ་བསལ་བཞག་བྱ་བ་མེད། །བརྩོན་འགྲུས་ཆེན་པོའི་དབང་པོའོ། །གཏིང་མཐའ་མེད་པའི་མཚང་ཤེས་བ། །ཤེས་རབ་ཀྱི་དབང་པོ་ཁྱད་པར་ཅན། །སྣང་བ་ནི་དག་པ་རབ་འབྱམས་ཞིང་། །ཁྱབ་གདལ་ཆེན་པོ་དད་པའི་སྟོབས། །དུས་གསུམ་ཡང་དུ་མ་རོ་གཅིག་དང་། །སྐྱེ་འགག་གནས་མེད་དྲན་པའི་སྟོབས། །ཡོད་མེད་ཀྱི་མཐའ་


JLAZ014_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྲོས་བྲལ་ཤར། །དབྱེ་མར་གནས་པའི་ཏིང་འཛིན་སྟོབས། །སྒོམ་པའི་ངོ་བོ་བྲི་གང་མེད། །ལེ་མོ་དང་བྲལ་བ་བརྩོན་འགྲུས་སྟོབས། །ལྷན་སྐྱེས་ཀྱི་ངོ་བོ་བརྗོད་པ་བྲལ། །རང་བྱུང་ཡེ་ཤེས་ཆེན་པོའི་སྟོབས། །ཚོགས་དང་སྦྱོར་བའི་ལམ་ཆེན་པོར། །ཡོན་ཏན་གྱི་རྣམ་པ་ཅིར་བསྟན་པ། །རིས་མེད་མཉམ་བ་ཆེན་པོར་འགྱེལ། །སྤྲོས་བྲལ་གྱི་ཡེ་ཤེས་རྣམ་མི་རྟོག་ཏིང་འཛིན་གྱི་བྱང་ཆུབ་ཡན་ལག་ཉིད། །མཐའ་དང་བྲལ་བ་ཁྱད་པར་གྱི་ཆོས། །ཡང་དག་གི་བྱང་ཆུབ་ཡན་ལག་ཉིད། །ལུས་སེམས་དང་བཅས་པའི་ཚོགས་པ་ཀུན། །ཤིན་ཏུ་སྦྱངས་པའི་བྱང་ཆུབ་ཉིད། །སྤོང་ལེན་ལས་གྲོལ་བ་གང་ཞིག་ནི། །བརྩོན་འགྲུས་ཀྱི་བྱང་ཆུབ་ཡན་ལག་གོ །ས་ལམ་གྱི་རྣམ་པར་དཔྱད་དུ་བཟོད། །རྣམ་འབྱེད་ཀྱི་བྱང་ཆུབ་ཡན་ལག་ཡིན། །རྒྱ་ཆད་དང་ཕྱོགས་སུ་ལྷུང་མ་མྱོང་། །བཏང་སྙོམས་ཀྱི་བྱང་ཆུབ་ཡན་ལག་ཉིད། །འདར་བ་དང་འཕྲིག་པའི་ཆོས་ཅན་མིན། །དྲན་པ་འདི་བྱང་ཆུབ་ཡན་ལག་གོ། གར་ཡང་ཕྱིན་པ་མེད་པ་ལ། །ཅི་ཡང་མ་མཐོང་མཐོང་བའི་ལམ། །དབྱིངས་ཀྱི་ངང་ལ་རྩོལ་རྟོག་མེད། །ཡང་དག་འདི་ལྟ་བའི་རྩེ་མོར་འདུག །རང་ངོའི་ཡེ་ཤེས་


JLAZ014_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིབ་པ་མེད། །ཡང་དག་འདི་རྟོགས་པའི་རྩེ་མོར་སོང་། །ཅ་ཅོ་དང་གཞས་བསླུ་བ་མིན། །ཡང་དག་འདི་ངག་གི་རྩེ་མོ་ལགས། །སྤངས་པ་དང་རྟོགས་པ་ལྷུན་རྫོགས་ཉིད། །ཡང་དག་འདི་རྩོལ་བའི་རྩེ་མོར་ཕྱིན། །མཆོག་ཏུ་མི་འགྱུར་བདེ་བའི་དངོས། །ཡང་དག་འདི་འཚོ་བའི་རྩེ་མ་ལགས། །མཉམ་གཞག་དང་རྗེས་ཐོབ་ཤུགས་ལ་འདྲེས། །ཡང་དག་འདི་ཏིང་ངེ་འཛིན་གྱི་རྩེ། །རང་གསལ་ལ་སྒོམ་པས་ཕན་མ་བཏགས། ཡང་དག་འདི་དྲན་པའི་རྩེ་མོའོ། །རེ་དོགས་ཀྱི་གཉིས་སྣང་རང་སར་ཞིག །ཡང་དག་འདི་ལས་མཐའ་རྩེ་མོ་ཉིད། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །བསྒོམ་པའི་ངོ་བོར་རང་གྲོལ་ནས། །ལམ་ལྔ་ས་བཅུའི་འབབ་སྟེགས་ལ། །མི་སློབ་ལམ་གྱི་རྟོགས་བའི་ཆོས། །མངོན་གྱུར་དག་པ་གཉིས་ལྡན་ཞེས། །གྲགས་པ་ཕ་རོལ་ཕྱིན་པའི་ལུགས། །མཐར་ཐུག་སྔགས་ཀྱི་མྱུར་ལམ་ལ། །མ་བརྟེན་ས་ནས་སར་འཕགས་པ། །ངེས་པར་སྐས་ཀྱི་གདང་བུ་བཞིན། །འགྲོ་བར་འདོད་པའི་རྣམ་རྟོག་ཅན། །དེ་ལ་བྱང་ཆུབ་ཡོད་པ་མ་ཡིན། །ཅེར་གྲོལ་རིག་པ་སྐད་ཅིག་མའི། །སྟེང་དུ་བྱང་ཆུབ་ཕྱོགས་ཀྱི་ཆོས། །སུམ་ཅུ་རྩ་བདུན་མ་ལུས་པ། །སྤངས་ཐོབ་བྲལ་བར་


JLAZ014_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་འདི། །རྣལ་འབྱོར་བདག་གི་ཉམས་ལེན་ལགས། །དམ་བཅའ་རྫོགས་པ་ན་བསྙན་སྒྲུབ་ཀྱི་ཁ་སྐོང་ལ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་སྒོ་ནས་ཕྲིན་ལས་བཞི་དང་མཚོ་གི་ཆོ་ག་ལ་བརྟེན་པའི་ཧོ་མའི་ལས་སྦྱོར་བརྩམས། མཆོད་ཟླ་སྐྱེས་ཐོབ་ཀྱི་རྩེ་མོར་སོན་ལ། ཐོས་བསམ་ལ་རིག་པ་རྣོ་བ་ཞིག་ཡོད། བསླབ་གཉེར་རྒྱུད་ཐོག་ཏུ་མི་འགེལ་བ་ནི་དགེ་བཤེས་མཚན་ཉིད་པའི་གཞུང་ལམ་ཆེན་མོར་མེད་དམ་སྙམ། །དབུ་མ་ཆེན་པོའི་ལུགས་ལ་ཞི་གནས་ཁྱད་པར་བ་ཐབ་པ་དེས། མདུན་ན་ཟན་ཟབ་པོའི་ཁམ་རྡོག་ལའང་གྲངས་ཀྱི་ནོན་པ་ཙམ་དུ་མི་ཡེངས་པ་ཡོད་ཟེར་བ་ཐོས། ཁྱེད་རྫོགས་པ་ཆེན་པོའི་ལྟ་བ་ཧར་སངས་ཟེར་ འདི་ཧྭ་ཤང་གི་གྲུབ་མཐའ་དང་གཅིག་པ་ཡིན་པར་བྱེད་ཀྱང་། འཇའ་ལུས་གྲུབ་པ་དང་། གྲོལ་བ་ཐོབ་པ་མངོན་གྱུར་དུ་བྱུང་ལུགས་འདི་ལ་དཔགས་ས་ན་ལྟ་བའི་ངོ་བོ་ནི་ཟབ་མོ་རང་ཟིག་ཡོད་པར་འདུག་སྐད། །མ་ཡེངས་བ་ཟེར་བའི་ཚིག་དེ་ག་གཅིག་པོས་འཚང་རྒྱ་ན་ཀུན་ནས་ཉོན་མོངས་པའི་ཕྱུགས་རྫི་རྒན་པོས་ཀྱང་ཆེད་འཛིན་གྱི་ངང་དུ་དྲན་པ་བཞག་པའི་ཚེ། སྟོང་ཕྲག་ཁྲི་ཕྲག་ཏུ་ལོངས་པའི་ཕྱུགས་ཀྱི་ངོ་བོ་རྩི་བར་ནུས་པ་རིག་པས་གྲུབ། རྫོགས་པའི་སངས་རྒྱས་ཀྱི་ལྟ་བ་ལ་སྤྲོས་བྲལ་གྱི་


JLAZ014_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གདགས་དོན་མེད། མཐའ་གཉིས་ལ་མི་གནས་པའི་དབུ་མར་བློས་བཞག་པའང་དྲན་པས་བཟུང་བའི་ཡོད་མཐའ་ལ་ལྷུང་གིས་དོགས། སངས་རྒྱས་ཀྱི་ལྟ་བ་ཟབ་མོ་སྟོན་པ་ལ་ཀླུ་སྒྲུབ་ལྷུང་བསྟན། རྒྱ་གར་ན་དགོངས་འགྲེལ་ཚད་མ་ཟླ་བ་གྲགས་པ་ཡིན། རྣམ་པའི་གཞུང་ལུགས་མ་སྨྲ་བས་མ་བརྗོད་མེད་གཉིད་མཐུག་པོ་དང་གཅིག་པའི་ཕྱོགས་ཕུལ་བཀོད་པའང་འདུག །དེ་ཀ་ཡིན་ན་རྫོགས་པ་ཆེན་པོ་ཧ་ཤང་དང་མཐུན་པ་ལོང་དུ་མ་སོང་། རྒྱལ་བའི་ཡུམ་ལའང་སྒྲ་གཅན་འཛིན་གྱི་བསྔགས་བ་དེ་ལས་བརྗོད་མ་ཤེས་པའི་ཕྱིར་དང་། ཡང་སྐབས་ཤིག་ཏུ་ངེས་པའི་ཤེས། པ་དང་། ཡུལ་གྱི་འཛིན་སྟངས་ཞིག་པ་ལྟ་བ་ལ་དཔྱད་པ་རྫོགས་པའི་ཚད་དུ་ཁས་བླངས་པར་ཁ་ཐུན་བ་རྒྱུད་ལ་ཁེལ་གྱིན་ཡོད་ན་ནི། སྔ་མའི་ཁས་ལེན་དངོས་འགལ་ལ་སོང་ཡང་གོ་བཅད། རྫོགས་པ་ཆེན་པོའང་ཕྱོགས་གང་དུ་འཕུལ། གསར་རྙིང་གང་གི་ཐད་དུའང་འདྲ་མིན་མང་པོ་ཡོད་པ་ནི་ཀུན་ན་གསལ། བོད་ན་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་སྟེགས་སུ་གནས་ནས་རྫོགས་པ་ཆེན་པོའི་གྲུབ་མཐའ་རང་སར་སྤྱོད་ནུས་པ་དེ་རྒྱལ་བ་ཀློང་ཆེན་པ་ཡིན། དེའི་དགོངས་པ་ལ་རྟག་ཆད་ཀྱི་རྒོལ་བ་འཇུག་པ་འདུག་པ་ན་རྣལ་འབྱོར་པར་ཡང་ཐོར་ཚུགས་འབྲེག་པ་ལ་སྤྲོ་བ་ཡིན། བྱས་པས་ཁོང་མགུ་སོང་། སྔར་གོ་བ་ང་ཆེ་བ་ཡིན་ཏེ།


JLAZ014_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་བྱུང་གི་ཤེས་རབ་ཁྱད་པར་འཕགས། ཁྱོད་བསླབ་གཉེར་མ་བྱས་སྐད། ཁོང་གི་དེ་དྲིང་ལྷག་བསམ་ནས་ངེད་ལ་འགྲོ་བརྩི་བར་འདུག་སྟེ་ཤེས་བྱ་གཤིས་ཐོག་ཏུ་གྲོལ་བ་ལ་རྒྱུ་མཚན་འདི་ཡོད། བདེ་གཤེགས་སྙིང་པོ་སྣང་ནས་གསལ་བ་ལ། ཕྱི་ནས་དྲན་པས་འཛིན་པ་བཙལ་མ་དགོས། །ཡུལ་ལ་ཆེད་དུ་དམིགས་པའང་རྣམ་དག་པ། །ཟབ་ཅིང་སྤྲོས་བྲལ་ཀོང་ལ་ཕྱག་བགྱིའོ། །བཅིངས་གྲོལ་ལས་འདས་པ་ཀ་དག་གི་རིག་པ། །རྒྱས་འདེབས་ཀྱིས་མ་བསླད་ལྷུན་གྲུབ་ཏུ་རང་ཤར། །བྱར་མེད་ལ་རྩོལ་བྱས་ཀྱི་ལྷན་ཐབས་ཀྱང་མི་འདེབས་སོ། །རྟག་ཆད་ཀྱི་མ་བསླུས་བློ་བྲལ་གྱི་རིག་པ། །དབུ་མ་ལ་མ་བཙིར་སེམས་འཛིན་ལས་འདས་སོང་། །རང་གྲོལ་ལ་བསྐྱར་གྲོལ་གྱི་འཇུག་ཀྱང་མི་བྱེད། །དྲན་པས་ཀྱང་མ་བཟུང་རང་བབ་ཀྱི་རིག་པ། །འཆར་སྒོས་ཀྱང་མ་གཡེལ་ཐད་ཀ་རུ་རང་ཡན། །ཅེར་གྲོལ་ལ་གཉེན་པོའི་བསལ་གཞག་ཀྱང་དགོས་སོ། །སྟོང་གསལ་གྱི་རིག་པ་སྨྲ་བསམ་དང་བརྗོད་མེད། ཆད་འཛིན་ཀྱང་མ་བྱས་རྒྱ་ཡན་དུ་མ་འབྱམས། །བློ་བྲལ་ལ་འཐད་ལེགས་ཀྱིས་གཟབས་མཚོར་ཀྱང་མ་དགོས་སོ། །ཡིད་དཔྱོད་ལས་འདས་པ་མཉམ་ཉིད་ཀྱི་རང་སྒོམ། བཅོས་སླད་ཀྱི་


JLAZ014_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མགོས་རང་ས་ན་ཐལ་ཐལ། །དབྱིངས་གྲོལ་ལ་གོ་ཉམས་དང་ཕོ་ཚོད་ཀྱིས་མི་རེག་གོ །གནས་འགྱུ་དང་མཉམ་རྗེས་ཞི་ལྷག་གི་འབྲེལ་མཚམས། །ཐ་དད་དུ་དབྱེ་བའི་རསཧ་གྲངས་ཀྱང་ཞིག་པ། །བཟུང་དྲན་གྱི་གདོན་ཆེན་སངས་རྒྱས་པ་ལས་བྱུང་ངོ། །དྲན་པ་ལ་དྲན་ལུགས་རྣམ་དྲུག་ཏུ་ཡོད་པ། །མ་རྟགས་མཐར་འཛིན་གྱི་གཡངས་རུ་ལྷུང་ན། །སྒོམ་ཆེན་དང་གནས་ལུགས་མཁོན་བ་ཞིག་འབྱུང་བས། །ལྟ་བ་ལ་མཐོ་དམན་བརྗོད་ས་རང་མ་རྙེད་དོ། །ཞེས་སོ། །ལྟ་བའི་ཡིན་ལུགས་རྗེན་པར་མཐོང་བ་དང་། །སྒྲིབ་པ་སྤངས་ཐོབ་བྲལ་བ་ངོ་མཚར་ཆེ། སྐྱིད་སྡུག་གཉིས་ལ་འདམ་ཀ་ད་རུང་འདུག །རོ་སྙོམས་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ངེས་འབླུང་དྲན་པོ་རྒྱུད་ལ་སྐྱེས་པ་དང་། །ཚེ་འདིའི་འཁྲི་བ་ཆོད་པ་ངོ་མཚར་ཆེ། །སྣང་ཡུལ་རྐྱེན་ཁར་འཆོར་ཉེར་ད་རུང་འདུག །གནས་ལ་ངེས་པ་མེད་པར་བྱིན་གྱིས་རློབས། །རང་གྲོལ་ཆེན་པོ་སེམས་ལ་ཤར་བ་དང་། །ཤེས་སྒྲིབ་བག་ལ་ཞ་བ་ངོ་མཚར་ཆེ། །ཡེངས་མ་ལམ་གྱི་ཆོམ་


JLAZ014_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ད་རུང་འདུག །རྟོགས་པའི་ལོ་ཏོག་སྨིན་པར་བྱིན་གྱིས་རློབས། །འཆི་བར་འཇིགས་པ་མེད་ཚོ་མཐོང་ཙ་ན། །སྙིང་རྗེ་རྩོལ་མེད་སྐྱེ་བ་ངོ་མཚར་ཆེ། །ངག་འཁྱལ་དབུས་ན་ཚིག་རྩུབ་བརྗོད་མི་ལང་། །སྡིག་པའི་གྲོགས་དང་མི་ཕྲད་བྱིན་གྱིས་རློབས། །ཀློག་པ་ཐོས་བསམ་དང་འབྲེལ་བའི་སྐོར་ཏེ་སྐབས་དང་པོའོ།


JLAZ014_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་བ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ།next