Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
  expand section
  collapse section
   
   
ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།
   
   


 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JLAZ014_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱི་མུ་ལ་མ་ཐུག་པས་སྤྲོས་བྲལ། ཆོས་ཉིད་ལ་བྲལ་ཐོབ་སྤངས་པས་འདོ་གསལ། རྟོག་དཔྱོད་ཀྱི་ཤེས་བྱ་ལས་འདས་པས་འདུས་མ་བྱས་པ་སྟེ། ལམ་དུས་སུ་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་དང་། བླ་མ་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན་ཁོ་ནའི་རྟེན་ཅིང་འབྲེལ་འབྱུང་གི་བྱིན་རླབས་ལས་ཡིན་ཚུལ་རིག་ཐོག་གུ་ངོ་སྤྲོད་པ་ཡིན། དེ་གཉིས་ཁ་ཕྱིར་ལྟ་དང་ནང་ལྟའི་ཁྱད་པར་མ་མཐུན་པས་བསམ་ཚོད་དང་བཤད་ཚོད་མི་མཐུན་འ་འདི་བྱུང་བ་ཡིན་བྱས་པས་ཕྱག་རྫོགས་ཧ་ཤང་དང་མཐུན་ཟེར་བའི་ཕྱོགས་སྔ་དེ་ཁོང་གི་བློ་ཡུལ་དུ་རམ་མེ་འདུག་པ་ཤེས་ཏེ་འདི་སྐད་སྨྲས། ཆོས་ཀྱི་དབྱིངས་དགེ་སྡིག་སྤང་བླང་ལས་འདས་པའི་ཆོས་ཉིད་ཐད་དྲང་དུ་སྟོན་པའི་སྐབས། ཡུམ་ལས་ཀྱང་། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། །རྣམ་པར་ཤེས་པ་མེད། ཅེས་པ་འདི་ལ་སོ་སོར་རྟོག་པའི་ཤེས་རབ་བླང་བར་ངོས་གཟུང་བ་དང་། སྤང་བྱར་ལ་དོར་བ་གང་ཡང་མེད། ཧྭ་ཤང་གི་འདོད་པ་ཡིན་ཟེར་ནས་ཚིག་གི་ལམ་དུ་སྒྲོ་བཏགས་མང་པོ་འདྲེན་པ་དེ་དབུ་མ་རང་རྒྱུད་པའི་འདོད་པས་དགག་གཞིར་བྱས་པ་ཡིན་ན་ནི་། ཀླུ་སྒྲུབ་ཀྱི་


JLAZ014_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་དཱི་པཾ་ཀཱ་རས་འདི་ལྟར་བཀྲལ་ཏེ་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་པན་ཚུན་དྲུད་པ་ལས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཚིག་ཅིང་མེད་པའི་རྗེས་ལ་གང་གིས་སྲེག་པར་བྱེད་པའི་མེད་དེ་ཉིད་ཀྱང་རང་ཞི་བདེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱི་ངོ་བོ་ཐམས་ཅད་མེད་པར་གྲུབ་ཙམ་ན། ཤེས་རབ་ཉིད་སྣང་བ་མིད་ཅིང་འོག་གསལ་བ་ཅིའི་ངོ་བོར་ལ་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་ལ་བསལ་ཏེ། བརསྐབས་དེ་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་ཞེས་པས་སྒོམ་རིམ་གསུམ་ནི་རབ་ཏུ་གཞར། རྩོད་བཟློག་ལས། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། ཞེས་པ་ལ་སོགས་པའི་དོན་ཆོས་ཉིད་ལ་ལུའ་དུ་མ་བསྟན་པའི་གནོད་བྱེད་གང་གིས་གེགས་བྱས་པས་ཧྭ་ཤང་གི་རྒྱལ་བའི་བཀའ་རྡོག་དྲིལ་བྱས་པ་དེ་ཁས་རྟགས་མ་གྲུབ་ཟེར། འདི་ཡང་དཔྱད་པར་བྱ་བ་སྟེ། དེ་ཉིད་རྒྱལ་བའི་བཀའ་ལ་ཚད་མེད་མི་བྱེད་པ་མུ་སྟེགས་ཅན་གྱི་རྗེས་སུ་འབྲངས་པའི་གཏན་ཚིགས་ཨེ་ཡོད། ཡོད་ན་སངས་རྒྱས་ཕལ་པོ་ཆེ་སོགས་པའི་གསུང་རབ་ཧྭ་ཤང་གི་བློ་ལ་


JLAZ014_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཤིང་། དོན་ལ་རྟོག་པ་ནི་ཆོས་དབྱིངས་མ་བསྒྱུར་བའི་གོང་དུ་སྤངས་ཤིས་ལོ་ཙཱ་བྱས་ཏེ་ཧྭ་ཤང་གི་བློ་ལས་ཕལ་ཆེན་བསྒྱུར་བའི་དབང་པོ་ཡོད་པས་སོ། །ཡང་ཁྱེད་རང་རྣམ་པ་ཡིད་ལ་མི་བྱེད་པའི་ཆོས་སྐད་ལ་ལོག་བར་ལྟ་བཞིན་དུ་འཕྲག་པ་ཀུན་ལེགས་གྲུབ་ཐོབ་ཏུ་འཛིན་ཕྱིན་འདུག་པས་དེ་ཉིད་ཀྱིས། བསམ་ཡས་སུ་ཧྭ་ཤང་ཆེན་པོའི་གཞུང་ཐམས་ཅད་ཡུམ་གྱི་གླེགས་བམ་ལ་ཁུངས་བཅོལ་བར་འདུག་པས། ཕྱོགས་སྔ་མཛད་མཁན་ཚོས་ཕྱོགས་སྤམ་ལོངས་སམ། ཡུམ་ཤེར་ཕྱིན་འཁྲུལ་ན་ནི་མ་ཤེས། གཞན་སློབ་དཔོན་ཀ་མ་ཤྲཱི་ལ་ནི་དབུ་མ་རང་རྒྱུད་པར་འདུག་པས། དེའི་གྲུབ་མཐའ་རྣམ་དག་ཡིན་མིན་ཇོ་བོ་དགེ་ལྡན་པ་ལ་འདྲི་ཞུ་ལགས། ཞེས་བྲིས་འདུག་པས་སོ། །དེ་ཡང་བདག་ལྟ་མཆོག་འཛིན་ཡིན་ཟེར་ན། ཇོ་བོའི་ཆིག་ཅར་འཇུག་པ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཅི་ཡང་མི་གཟིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་ཡུལ་མི་མངའ་བའི་ཕྱིར་རོ། །ཞེས་ཀླུ་སྒྲུབ་ཀྱི་གཞུང་དྲངས་པ་ལ་ལྟོས། ལར་སྔ་བཞེད་ནས་དེ་ལྟར་བཤད་ཟེར་ན། ཆོས་འབྱུང་དང་རྣམ་པར་ཐར་པ་ཚོ་མཉམ་པ་ཉིད་ཀྱི་བློ་ཅན་ལ་དག་སྣང་དང་ངེས་ཤེས་སྐྱེ་ཕྱིར་ནི་རུང་ལ། གཞན་དུ་ན་གཟུ་བོ་གཟུ་བོར་བྱས་


JLAZ014_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔྱད་པ་དགོས་པའང་མཐའ་མི་ཁེགས། གལ་ཏེ་དེ་ལྟར་ཆུག་ཀྱང་ཆོས་ནི་ཚིག་ལ་མི་རྟོན་པ་བློ་མཆོག་རྣམས་ཀྱི་ཁྱད་པར་ཡིན་པས་ཀུན་རྫོབ་ལ་མི་རྟོན་དོན་དམ་ལ་རྟོན་པའི་ཕྱིར། དགོངས་པ་ཅན་དང་ངེས་པ་ཅན་གང་ཡིན་དཔྱད་དཀའ། གྲུབ་པའི་སྐྱེས་བུ་མཆོག་གི་བལྟར་སྣང་ཐམས་ཅད་སྒྲ་ཇི་བཞིན་པར་འཛིན་ན། མི་ལས། མཐོ་མི་མངོན་ནམ་མཁའི་དབྱིངས་ཤེད་ནས། །རྗེ་དུས་གསུམ་སངས་རྒྱས་ཞལ་རྫུན་མཁན། །ཆོས་དྲང་དོན་གྱི་བསླུ་ཁྲིད་གསུངས་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཅེས་པ་འདིས་ཆོས་དང་གང་ཟག་གཉིས་ཀ་ལ་སྐུར་པ་བཏབ་པར་ཨེ་འགྱུར། དེ་བཞིན་དུ་མཁས་གྲུབ་ཆེན་པོ་དག་གིས་དགོས་པའི་སླད་དུ་ཁྲི་བརྒྱད་སྟོང་པ་འཕོངས་སྟེགས་སུ་བཅུག་པའ་ལོ་རྒྱུས་ཀྱང་ཡོད་པས་སོ། །དོན་དམ་པར་ལྟ་བའི་གནད་གང་ཚད་མ་དང་། གང་ཅིག་ཤོས་རྫོགས་པའི་སངས་རྒྱས་ཁོ་ནས་མཁྱེན་གྱི་གཞན་གྱིས་མ་ཡིན་པས་རང་ཉིད་གང་ལ་ཡིད་ཆེས་པ་དེ་སྐལ་བ་དང་བསོད་ནམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ལར་བརྗོད་བྱ་འདིའི་སྙིང་པོའི་བརྗོད་དོན་ལ་རྟོག་དཔྱོད་ཕྲ་མོའི་ཤེས་རབ་ཞུགས་མ་ཞུགས་ཀྱི་ཁྱད་པར་ལས་མི་འདུག་པས་དེའི་རང་བཞིན་ཁོ་བོ་ཅག་གི་བཞེད་གཞུང་། གླང་ཆེན་རབ་འབོག་ལས། སེམས་ལྔ་


JLAZ014_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་སྐྱེས་བུའི་ཐུགས། །ལམ་གྱི་ངོ་བོ་རྒྱུད་ཡིན་པས། །ཐམས་ཅད་མ་ལུས་རྫོགས་པར་བྱེད། །དཔྱད་དུ་མེད་པར་གོ་བ་ནི། །དབང་པོ་རྣོན་པོའི་སྤྱོད་ཡུལ་ཏེ། །སྣང་སྲིད་ཆོས་རྣམས་མ་ལུས་པ། །བྱང་ཆུབ་སྙིང་པོར་གཏན་ལ་འབེབས། །དཔྱད་དུ་ཡོད་བར་གོ་བ་ནི། །དབང་པོ་རྟུལ་པོའི་སྤྱོད་ཡུལ་ཏེ། །དཔེར་དོན་རྟོགས་དང་གཏན་ཚིགས་ཀྱིས། །ཡིད་ཆེས་ངེས་ཤེས་སྐྱེས་པར་སྟོན། །དཔྱོད་བ་ཞུགས་པ་རྟོག་པའི་གཞི། །རྟོག་པ་ཞུགས་པ་དམིགས་པའི་རྟེན། །དམིགས་པ་ཞུགས་ན་འཛིན་པས་བཟུང་། །འཛིན་པས་བཟུང་ཕྱིར་གྲོལ་མི་འགྱུར། །ཅེས་དང་། ཆོས་རྣམས་ཐམས་ཅད་སེམས་སུ་འདུས། །སེམས་ཉིད་ནམ་མཁའ་ལ་གནས་ཏེ། །ནམ་ཁའ་ཅིར་ཡང་མི་གནས་པས། །དེ་ཕྱིར་དཔྱོད་པའི་བྱ་བྱེད་བྲལ། །བྱར་མེད་བསམ་བྲལ་བརྗོད་འདས་རྟོགས། །དཔྱད་དུ་ཡོད་པར་དངོས་ཞེན་པ། །མུ་སྟེགས་རྟག་པར་ལྟ་དང་མཚུངས་། །དཔྱད་དུ་མེད་ལ་ཞེན་འཐས་པ། །མུ་སྟེགས་ཆད་པར་ལྟ་དང་མཚུངས། །མཐའ་གཉིས་གོ་ལས་གཅད་པའི་ཕྱིར། །མཁས་པས་ཕྱོགས་གཅིག་ཞེན་མི་བྱ། །ཞེས་པ་འདི་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་སྒྲ་ཇི་བཞིན་པ་ཡིན། དེས་སྤྱོད་ཕྱོགས་ཁྱད་དུ་བསད་སྙམ་


JLAZ014_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ན། སེམས་ཀྱི་སྡེ་ལས། མ་བཅོས་རྣལ་དུ་བཞག་པ་དེར། །ཐེག་དམན་རྩོལ་བསྒྲུབ་ཀུན་འདུས་ཏེ། །འོག་མའི་བྱང་ཆུབ་དེ་ལ་རྫོགས། །ཞེས་པ་འདི་གནད་ཟའ་མོ་ཡིན། །དགེ་བཤེས་མཚན་ཉིད་པའི་ཆོས་སྐད་ཁྱད་དུ་འཕགས་པར་སྣང་ཡང་འདིའི་ངང་དུ་མཉམ་པར་འཇོག་རང་མི་མཁྱེན་པས་ལན་འདྲ་སྨྲས། ཡང་བཀའ་བརྒྱད་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་བཔཙལ། ལྷ་ཀླུའི་ཀ་གདུང་། གཟའ་སྐར་གྱི་གྲལ་ཕྱམ་ལ་སོགས་པའི་རྫིག་ན་མི་རྫིག་ན་བྱས་པ་ལྟ་བུ་ལ་དགོས་དོན་གང་ཡོད་ཟེར། གསར་མ་རྣམས་ལའང་། དྲག་པོ་དང་། དབང་ཕྱུག་ལ་སོགས་པ་འཇིག་རྟེན་ན་མཐུ་ཆེ་ཞིང་དབང་བཙན་བ་རྣམས་ཞབས་ཀྱིས་བརྫིས། དུས་ཀྱི་འཁོར་ལོ་སྒྲ་གཅན་གྱི་སྟན་ལ་རྣམ་པར་བསྒྱིངས་ནས། ཉི་ཟླ་གཟའ་སྐར་ལ་སོགས་པའི་འཁོར་གྱི་དབུས་ན་བརྔམས་ནམ་བརྔམས་བྱས། ཕྱི་ནང་གཞན་སུམ་གྱི་ཆོས་སྐད་ཟབ་མོས་འཁོར་འདས་ཐམས་ཅད་རང་གི་དཀྱིལ་འཁོར་ཉག་གཅིག་ཏུ་རྫོགས་པར་མཛད་པ་ལ་དགོས་དོན་གང་ཡོད། དེ་དག་ལ་སྤྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམ་པར་དག་པ་ཡོད་ཟེར་ན། འདི་དག་ལའང་དགོས་པ་དང་། འགྲེལ་པ་དང་། དོན་ཁྱད་བར་ཅན་ལ་དག་པ་སྦྱོར་གཞིར་བཀོད་པ་ཡིན་ཏེ།


JLAZ014_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མཆོག་རོལ་བའི་རྒྱུད་ལས། གཟུགས་ཁམས་མ་ལུས་དབང་དུ་བསྡུ་བ་དང་། །དྲག་པོའི་ལྷ་བརྒྱ་དང་རྒྱལ་གཞོམ་པའི་ཕྱིར། །ལྷ་བརྒྱད་རོལ་བའི་གཞལ་ཡས་རྨང་ཏུ་བཏིང་། །གཏི་མུག་མུན་ཚོགས་ཡེ་ཤེས་བསྐྱེད་པ་དང་། །བྱོལ་སོང་ཀླུ་རྣམས་དགེ་ལ་གཟུད་པའི་ཕྱིར། །ཀླུ་བརྒྱད་བཟུང་ནས་ཁང་པའི་གདུང་དུ་བྲིས། །འདོད་ཁམས་མ་ལུས་དབང་དུ་སྡུག་པ་དང་། །ཕྱོགས་མཚམས་སྲིན་པོ་དྲེགས་པ་གཞོན་པའི་ཕྱིར། །རྒྱལ་ཆེན་ཕྱོགས་སྐྱོང་རྣམས་ཀྱི་རྩིག་པ་བྱས། །སྐུ་བཞི་དཔལ་བརྒྱད་ཚང་བར་བྱ་བའི་ཕྱིར། །རྒྱལ་ཆེན་རིགས་བཞི་བཟུང་ནས་ཀ་གདན་བྱས། །ཐེག་པའི་ཁྱད་པར་གཞན་ལས་དཔག་པའི་དོན། །གླང་ཆེན་ཀ་ལ་པངྐི་ས་ཀ་གདན་བྱས། གླིང་བཞིའི་མི་རྣམས་དགོས་འདོད་བསྐང་བའི་ཕྱིར། །གཟའ་སྐར་མིག་ཚགས་བྱས་པས་འགྱུར་ལྡོག་མེད། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར། །སེང་གེ་ཀཱ་ལ་ཤ་ཡིས་ཀ་གཞུ་བྱས། །འཁོར་བའི་གཅོང་རྙིང་གནས་ནས་སྦྱང་བའི་ཕྱིར། །སེང་གེའི་ཁ་ནས་བདུད་རྩིའི་འོ་མ་འཛག །ཐོད་རུས་བར་ཁྱམས་གནམ་ལྕགས་གཟེར་གྱིས་བརྒྱན། །ཞིང་ཆེན་བླ་བྲེ་རྔ་ཡབ་འཕན་བདུགས་དང་། །ཐུགས་


JLAZ014_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་བྱང་སེམས་ཀུན་ཏུ་ཁྱབ་པའི་ཕྱིར། །ཉི་ཟླ་འབར་བའི་རྒྱན་བཅས་གསལ་བར་ལྡན། །ཅེས་གསུངས་པའི་ཕྱིར་རོ། །ཁོང་ངོས་ཅག་གི་གྲོལ་ཏིག་ལ་དག་སྣང་ཆེ་ཚུལ་གྱི་ལམ་འབྲེལ་པོའི་ལུང་ཞིག་ཉན་སོང་། དེ་ཡང་བློ་གྲོས་གསལ་བའི་རྟགས་ཀ་ཡིན། རྫོགས་པ་ཆེན་པོའི་ཞལ་གདམས་ཤིག་དགོས་ཟེར་བ། དངོས་དང་རྫུ་འཕྲུལ་གྱི་ངག་གང་ཡིན་ཡང་རུང་བར་བྱས་པ་འདི་བྲིས། ཡོད་མེད་མཐའ་བྲལ་ཆོས་ཀྱི་དབྱིངས། །རང་བཞག་གཞོན་ནུ་ཁུམ་པའི་སྐུ། །གཏིང་མཐའ་བྲལ་བའི་ཡེ་ཤེས་ལ། །རྟག་ཆད་མེད་པར་ཕྱག་བགྱིའོ། །གདོད་ནས་རང་བཞིན་རྣམ་དག་ནི། །དང་པོ་སངས་རྒྱས་དགོངས་པ་སྟེ། །ཚིག་གི་ལམ་ལ་ཁྱེར་སོ་མང་། །ཟུང་འཇུག་གནད་འགག་མཁྱེན་ལགས་སམ། །སྣང་དང་སྟོང་དང་མི་རྟོག་གསུམ། །ཐ་དད་གཅིག་ལ་གཅིག་འབྲེལ་གྱི། །ཟུང་འཇུག་འཆོས་པའི་ཚིག་གི་མདས། །དོན་གྱི་འབེམ་ལ་སྣང་པ་དཀའ། །ཆོས་ཉིད་གཞི་མེད་རྩེ་བྲལ་གྱི། །སྣང་བའི་ཡུལ་ལ་གོས་མ་མྱོངས་། ཚུལ་འཆོས་གེགས་ལས་རང་གྲོལ་བའི། །དབུ་མའི་གནད་འགག་མཁྱེན་པར་མཛོད། །འཁོར་འདས་བློ་ཡིས་བྱས་པའི་ཆོས། །སྨྲ་བསམ་བརྗོད་མེད་ངོ་བོར་གྲོལ། །རབ་ཏུ་མི་གནད་དབུ་མའི་གནད། །སྤྲོས་


JLAZ014_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཡེ་ཤེས་ཉིད་ལའོ། །མདོར་ན་རྫོགས་པའི་སངས་རྒྱས་ཐུགས། །རྟག་ཆད་གདོན་དང་འགྲོགས་པ་མེད། །ཡིན་ལུགས་ཚིག་ལ་མི་རེ་བ། །རྫོགས་པ་ཆེན་པོའི་གྲུབ་པའི་མཐའ། །ཞེས་སྨྲས། འདི་དག་ཤེས་ལྡན་ཝ་གིནྡྲས། །ཚིག་ལས་ཡི་གེའི་ལམ་དྲོངས་ཞེས། །ནན་གྱིས་བསྐུལ་བའི་འགྲོས་དོན་ལགས། །འདི་ལོའི་རྙེད་པ་རྣམས་ནས་སྲོང་བཙན་བ་མ་སོར་བོད་ཁམས་བདེ་ཐབས་དང་། སྟོད་ཧོར་གྱི་ཁ་གནོན་ལ་དམིགས་དཔལ་ཨོ་རྒྱན་ཆེན་པོའི་སྣང་བརྙན་སྐྱེས་བུའི་ལུས་ཚད་ཉིས་འགྱུར་ཙམ་ཡུམ་དང་བཅས་པ་བཞེངས། བཟོ་གནས་རིག་པའི་དཔྱད་ཉམས་འོད་ཏུ་ཆུད་པས་ཞལ་སྐྱིན་གྱི་འབུད་ཀྱོང་ཐམས་ཅད་ལ་ཕྲི་བསྣན་གྱི་བཀོད་པས་འདོམས། ཚིག་བདུན་མའི་བྱིན་འབེབས་རྟག་ཏུ་བགྱིས་པས་བཟོ་སྒྲོས་གཙང་བར་བྱོན། ཞལ་གསེར་ལན་བདུན་གསོལ། འདྲ་རྒྱན་རང་ལའང་དངུལ་སྲང་ལྔ་བཅུའི་རྩ་བ་མ་སྨད་པར་ཡོད། གོང་ས་ལྔ་པའི་ཐུགས་བསྐྱེད་ལས་པོ་ཏ་ལའི་གཟུངས་པར་གསར་རྙིང་རིས་མེད་དུ་ཚོགས་ཆེ་བས་ཤོག་བུ་བཅུ་ལྡེབ་བརྒྱལ་ཉེབ་བཏབ། གུ་རུའི་སྙིང་པོ་འབུམ་ཐེར་ལྷག་བཅས། ཡིག་དྲུག་ཁྲི་ཕྲག་མང་པོ་ལ་སོགས་པ་ཆོས་སྐུའི་རིང་བསྲེལ། མ་སྐྱེས་དགྲའི་རྟེན་


JLAZ014_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལས་འཕེལ་བའི་ཡུངས་འབྲུག་ལྟ་བུའི་རིང་བསྲེལ། གདུང་དང་སྐུ་བལ་གྱི་རིང་བསྲེལ་རྙེད་པར་དཀའ་བ་མང་པོ་བཅས་རྣམ་པ་བཞིས་ཕྱུར་བུར་གཏམས། སྐུ་གསུང་ཐུགས་རྟེན་རྒྱུ་དང་བྱིན་རླབས་ཀྱི་འཕགས་པའང་བཞུགས་གནོད་སྦྱིན་བང་མཛོད་ཀྱི་བཅའ་ག་དང་བཅས་པ་རང་གིས་ལག་པ་དང་། ཆོག་རོགས་པ་བཅོ་ལྔ་སྐོར་དང་བཅས་དངོས་སྟ་ཉིན་གཉིས་མའི་རབ་གནས་རྒྱས་བའི་སྤྱིན་སྲེག་མཐའ་རྒྱས་དང་བཅས་པ་ལེགས་པར་བསྒྲུབས། རབ་སྟོན་ལེན་མི་སྤྱི་མངས་ལ་ཊཾ་ཁ་རེ་དང་བསོད་བཏགས་རེ་བཀྱེས། བཟོ་བའང་ཤིན་ཏུ་མགུ་བར་བྱས། བཟང་གོས་ལས་གྲུབ་པའི་ན་བཟའ་དང་མཆོད་རྫས། དཀར་ཡོལ་སྟེགས་བཅས་དངུལ་གྱི་མཎྜལ་ཕུལ་མ། རྒྱ་དྲིལ་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་སྐུའི་ཉེར་སྤྱད་ཀྱང་ཕུལ། མདོ་མངས་པོད་ཆེན་ཉི་ཤུ་ཐམ་པ་བཏང་བ་ཆེན་པོས་རང་གིར་བྱས་པའང་ཀུན་དགའ་ར་བ་དང་བཅས་སྐུའི་ཉེ་ལོགས་སུ་བཞུགས། གཙུག་ལག་ཁང་འདིར་མཆོད་པའི་རྒྱུན་མེད་པས། གཞིས་ཀ་ནས་འབྲུ་གཙང་ཁང་སུམ་ཅུ་ཐམ་པ་དང་། རང་ཉིད་ཀྱི་དངུལ་སྲང་ལྔ་བཅས་མཆོད་མེ་སྡོང་གཅིག་གི་ཐེབས་སྦྱར། རྒན་པོའི་ངག་བགྲོས་ལ་བྱི་དོར་བྱས་པའི་གནས་ཡིག་ཅིག་ཀྱང་སྔོན་


JLAZ014_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྩམས། སྦྱིན་པའི་ཡན་ལག་ཏུ་ལུག་ལྔའི་སྲོག་བསྐྱབས། རྒྱལ་ཆོས་མཛད་ཀྱི་ཀློང་ཆེན་སྙིང་ཐིག་གིས་ར་མ་བཞེངས་པའི་དགེ་བ་རྫོགས་བྱང་དུ་བསྔོས། དགུན་སྤྲུལ་པའི་སྐུ་རིན་པོ་ཆེར་ཚེ་དབང་བརྒྱ་རྩ་དང་། བདེ་འདུས་ལུང་ཆ་ཚང་། བླ་མ་གསང་འདུས་རྣམས་སོང་། ལུག་ལོ་འདིར་དབུས་གཙང་། ལྷོ་འབྲུག་ ཁམས་ཀློང་སོགས་སྣ་ཚོགས་འདུས་པ་བཅོ་ལྔ་ལ་འཁྲིད་བཏབ་པས། བོ་དོང་གླིང་རབ་འབྱམས་པ་འདི་དག་གི་དབུས་ན་གཞུང་ལུགས་ལ་ཐོས་བསམ་ཆེ་ཤོས་རང་དུ་སྣང་སྟེ། སེམས་མན་ངག་གི་ལུགས་སུ་མ་ཚང་བཙལ་ནས་རིག་པ་བཅར་ཕོག་ཏུ་ངོ་སྤྲོད་པའི་ཚེ་མི་སློབ་པའི་ཟུང་འཇུག་ལ་སོགས་པའི་ཆོས་སྐད་ཚོན་པོས་ཁོང་མགོ་འཁོར་ཤོས་སུ་བྱུང་། དེ་ལ་ཁོ་བོས། ཆོས་རྗེ་པོ་དོང་བས་ཞི་བྱེད་ལ་སོགས་པའི་ཆོས་སྐད་ལ་དགག་སྒྲུབ་མཛད་པར་ཨནནྡས་ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་དེ། མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། ཞེས་གསུངས་པ་དང་ནི་འགལ། ཅེས་པའི་རྒྱུ་མཚན་སྣ་ཚོགས་ཀྱི་བློའི་རྟོག་པ་བསལ། སྨྲ་བསམ་བརྗོད་མེད་ཀྱི་དོན་ལ་རྗེས་དཔག་གཏན་ཚིགས་ཀྱི་གཞིག་འབྲེལ་མུན་ཁུང་སྤར་ཚོད་ཁ་ཕྱིར་བལྟས་ཀྱི་དཔྱད་


JLAZ014_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་བྱེད་ཀྱི་མཁན་པོའི་ཐོག་ཏུ་གཞི་རྩ་བཅད་པས་ཕན་བ་རྒྱ་ཆེན་པོ་ཐོགས། ལར་ཀུ་སུ་ལུ་པའི་སེམས་འཚོལ་འདིས་འཁོར་འདས་ཀྱི་གྱེས་མཚམས་བ་ལང་ཛི་པོའི་རིག་ཐོག་ཏུ་བཅར་ཕོག་ཏུ་ངོ་འཕྲོད་བས་ས་ར་ཧས། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ན། ལུས་ལ་ཡེ་ཤེས་ཡོད་པ་མ་གཏོགས། ཞེས་གསུངས་པ་དེ་མེད། དེ་ལྟ་ནའང་ལྟ་བ་ལུང་རིགས་དང་འབྲེལ་བ། སྒོམ་པ་ཉམས་མྱོན་དང་འབྲེལ་པ། སྤྱོད་པ་དུས་ཚོད་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ་ཞེས་བྱ་བ་ཡིན་པས་རྨོངས་པ་ལམ་ཉེས་ནས་འཁྲིད་པ་ལ། ལམ་སྟོན་གྱི་བླ་མ་དེ་སྤངས་རྟོགས་ཕུན་སུམ་ཚོགས་པ་དགོས་ཏེ། དེ་མ་བྱུང་ན་སེམས་གནས་སྟུག་པོའི་སྒོམ་ཙམ་ཁ་བའི་འོག་གི་འབར་འབུར་དང་འདྲ་སྟེ་གང་ཡིན་ཤེས་པ་དཀའ་འོ། །དུས་འདི་ཙམ་ན་དཔལ་ཚེ་རིང་ལྗོངས་ཀྱི་སྒོམ་གྲྭ་འདིར། ལོ་གསུམ་འདག་སྦྱར་བ་རང་བརྒྱད་དགུ་ཙམ། གཞན་ལྷགས་སྐྱོབས་དང་། ཅོག་པུ་སོགས་ལ་བརྟེན་པའི་བྱ་བྲལ་གྱི་དགེ་འདུན་རྣལ་འབྱོར་པ་རྣམས་སྒོམ་སྒྲུབ་ཤིན་ཏུ་འཕེལ། མཚན་མོའི་ཆ་ལའང་ཐུན་གསུམ་དུ་བཅད་པའི་ཆ་བར་པ་ལ་གཉིད་ལོག །ཆ་གཉིས་པོ་དགེ་སྦྱོར་གྱི་སྐྱོང་བའི་སྟེང་འགྲུས་ལ་སྐྱོབ་ཕྱིར། ཐུན་ཚོད་བ་དམིགས་


JLAZ014_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བསྐོས། ཐུན་བརྡའི་རྐང་གླིང་ལ་རྟོག་དཔྱོད་དང་རེས་འགའ་སྐོར་གཡེང་གི་ཉམས་སད། ཆོས་རྗེ་རྒོད་ཚང་པས་དགེ་སྦྱོར་ཕྱེད་དོ་ཆོས་བྱེད་དགོས་གསུངས་པའི་གཏམ་ཡང་དོན་མཐུན་དུ་སོང་། འདིར་གནས་པ་ཕལ་མོ་ཆེ་སོ་སོ་ལ་འཇིག་རྟེན་གྱི་ཕྱོགས་ངོ་ནས་ཁུངས་དང་བརྟེན་ས་ཡོད་པའི་མི་འཇིགས་སྐྱོབ་དང་། ལེགས་སྨོན་གྱི་སླད་དུ་གྲ་སར་བཞུགས། གུ་ཡངས་དང་ཐོ་ཅོའི་སླད་དུ་རས་གོས་གྱོན་པ་མ་ཡིན་པར། བློ་བླ་མ་ལ་གཏད། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར། ཆོས་འབའ་ཞིག་ལ་བསམས་ཏེ་འོངས་པ་ལྒགས་པས་རང་ཉིད་ཀྱིས་ཀྱང་བཟའ་འཕྲོ་བཏུང་འཕྲོ་ཡན་ཆད་བགོ་བཤའ་བྱས་ཏེ་སྦྱིན་ཕས་ཕག་གདགས། ཆོས་ཀྱི་ཕྱོགས་སུ་འཇུག་པ་ལ་སྤྲོ་བ་བསྐྱེད་དེ་སྙན་པར་སྨྲས། ལོག་བསྒྲུབ་དང་སྐྱོ་ངལ་བཟོད་པར་བྱས་ཏེ་ཐབས་གང་ནས་ཀྱང་གཞན་དོན་སྤྱོད་པ་ལ་བརྩོན། ཁེ་གྲགས་བསྒྲུབ་པའི་བརྟུན་པ་བཅོམ་ནས་ཆོས་ཚུགས་ལ་གནས་པས་དོན་མཐུན་པ་སྟེ། བསྡུ་བའི་དངོས་པོ་བཞི་ལ་དངོས་སུ་གནས་པར་དཀར་ཡང་རྗེས་མཐུན་པས་སློབས་མ་བསྐྱང་པ་ཡིན། མལ་ཀ་བ་ཅན་པ་ན་རེ། སྟན་པ་ང་ལ་སྟོབ། ཕྱག་ཕར་ལ་འབུལ། ཆོས་ཕར་བཤད་ནས་བསྙེན་བཀུར་ཚུར་ལ་རེ་བ་ཡིན། ང་ལ་ནི་བཙུན་པའི་འཁོར་གྱི་དགོས་པ་མེད་ཅེས་པ་དང་། ཆོས་


JLAZ014_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་ལ་གང་ཟག་ཐེག་པ་ཆུང་དུ་སྤྱད་པའི་ལས་སྣང་ནི་བསམ་གྱིས་མི་ཁྱབ། དེའི་ཕྱིར་གདུལ་བྱ་དུས་ལ་བབ་ནས་སེམས་ཅན་ལ་ཕན་ཐོགས་པའི་ཚེ་ཐེག་པ་ཆེན་པོའི་བརྟུལ་ཞུགས་ལ་ལྷག་པར་སློབ་དགོས། དེས་སྐྱེས་རབས་བརྒྱ་པ་ལ་བལྟས་པས་བློ་བསྐྱེད་ཆེན་པོ་བྱུང་ནས་དེའི་དོན་རྣམས་སྨོན་ལམ་དུ་བྱས་པའི་བསྟན་བཅོས་སྐྱེས་པ་རབས་ཀྱི་རྒྱུད་སྙན་དངགས་དམ་པའི་འཁྲི་ཤིང་སུ་བསྔགས་པའི་པྲ་ཎི་རྟ་མའི་ཅི་ཀུན་ཏུ་དགའ་བའི་བློས་གར་བྱ་བའང་བརྩམས། །གསོག་པ་དང་། བསྲུང་བ་དང་། སྤེལ་བ་གསུམ་གྱི་ཉེས་དམིགས་འདི་ལ་མ་བསམས་ན་ཕྱུག་པོ་ཞིག་དེ་མ་ཐག་ལ་འོང་བ་འདུག་སྟེ། འཁོས་ཆུང་བ་འདིས་རྩམ་པ་ཡང་ཟླ་ཐུང་ངེ་བ་ཡོད། དེ་ལ་གང་དཀོན་པའི་ཕྱོགས་ནས་འཇུངས་པའི་བརྟུལ་ཞུགས་དང་འདྲལ་བར་བྱེད་པ་རྒྱལ་བའི་སྲས་ཀྱི་ལག་ལེན་དུ་འདུག །རྣམ་པ་གང་དུའང་གཏོར་ཚོགས་དང་མཆོད་པའི་བྱ་བ་ལ་བརྩོན། རྒྱུན་གཏོར་ཀྱང་ཆུ་མ་རག་ཅི་འགྲུབ་བགྱིད། དཀོན་མཆོག་བསླུ་བའི་ཉེས་དམིགས་ལ་འཇིགས་ནས་རྩམ་པ་བཟང་ཤོས་ལ་མཆོད་རྩམ་སྦྱོར། དེ་ཁའི་མིག་ལྟོས་ཀྱིས་འདིར་སྒོམ་ཆེན་པ་ཆུ་ཐལ་ལ་བརྟེན་པ་དག་གིས་ཀྱང་ཆུམ་རག་གིས་རྒྱུན་གཏོར་འཛུགས། རྒྱུ་འབྲས་མི་བསླུ་བའི་བདེན་པས་ལོངས་སྤྱོད་ཀྱང་ཆུང་དུ་མི་འགྲོ། བརྒྱ་མཆོད་ཀྱི་མཚོན་པའི་མཆོད་རོ་ཕོན་ཆེར་ལོང་


JLAZ014_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕལ་ཆེར་དགོན་པ་དང་། ལོང་སྤྲང་གི་ཕྱོགས་སུ་དེངས་འཇུག་པ་ཡིན། ཁྱད་པར་ལོ་འདིར་འབྱུང་པོ་དང་ཡི་དྭགས་རྣམས་ཀྱི་དབུལ་ཕོངས་བསལ་ཕྱིར་གཏོར་མའི་མཆོད་སྦྱིན་འབུམ་ཐེར་གྱ་ནོམ་པ་བཏང་ནས་བདག་ཉིད་དང་མཆོད་ཡོན་འབྲེལ་པའི་ཡུལ་སྤྲང་རྣམས་ཀྱང་ཚིམ་པར་བྱས། གཏོར་མའི་གཞུང་ཁ་འབར་མ་དང་། རྣམ་ངེས་རྣམས་ཀྱི་མཚན་ཉིད་ལེགས་པར་ཚང་བ་ཀུན་མཁྱེན་ཆེན་པོའི་ཞལ་ཁྲིད་ཕྱོགས་གང་དུའང་མ་དར་བ། བླུན་དད་ཙམ་མ་ཡིན་པའི་གྲུབ་པའི་མཐའ་དང་ཆོས་སྤྱོད་ཡན་ཆད་མ་ནོར་མ་འཁྲུལ་བ་དེ་དར་ན་དགའ་བས་ཀུན་ནས་ཀུན་ཏུ་དར་བ་བགྱིས་པ་ཡིན། དུས་འདི་ཙམ་ན་བོད་ཀྱི་མི་དྲག་རྣམས་ནས་བསྔོ་རྟེན་བརྡ་མཚོ་རེ་ཡང་བསྐྱལ། བླ་དཔོན་རྣམས་ལག་ཏུ་གཏོར་ན་ཐུགས་ལ་འདོགས་པའི་རྟེན་འབྲེལ་ཤར་ཏེ་རིགས་ཀྱི་བདག་པོ་དཀོན་མཆོག་གསུམ་གྱོ་ཆོག་ཤེས་པར་བྱས། དབེན་པར་ནམ་འཆི་ཆ་མེད་ལས་བསམ་རྒྱུ་མེད་པའི་བློ་སྣ་བསྟུངས་ནས་གཞན་གྱི་མདུན་སར་བསྟི་སྟང་ལམ་སླེབ་པས་ཁེངས་པ་ཅན་དུ་གཟིགས་ཀྱི་ཡོད་པའང་ཤེས་ཏེ་ཐོས་པས་རང་རྒྱུད་གྲོལ་བའི་སྙེམས་ཆུང་ལགས། ཡུལ་དང་ས་ཕྱོགས་གང་དུ་ཕྱིན་ཡང་སྐྱེ་བོ་རྣམས་ཀྱིས་བྱམས་པར་བྱུང་བས་འབྱོར་པ་ས་ཀྱང་མ་རྡུག་སྟ་དཀོར་གྱིས་གཟི་བྱིན་མ་བསྒྲུབས།


JLAZ014_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་པའི་དགོན་རྙིང་མཐོང་བས་གནས་གཞིའི་རྟེན་འབྲེལ་ཀྱང་གཤིས་ལ་གང་གྲུབ་ཏུ་བཞག །བཞི་བཅུ་ཞེ་ལྔ་ཚེ་ཚད་ཡིན་ཏེ་ཚོགས་གསོག་སྒྲིབ་སྦྱོང་གི་མཐུ་ལས་ད་ལྟའི་བར་དུ་བདེ་བར་འཚོ། རྟེན་འབྲེལ་མ་འཆོལ་ན་ཇོ་མ་ཡེ་ཤེས་མཚོ་རྒྱལ་གྱིས་དྲུག་ཅུ་ཐམ་པའི་ཕ་ཕོགས་བྱིན། འབྲེལ་འདྲིས་ཀྱི་ཆ་ནས་སྤྱོད་པའི་འཇུག་ལྡོག་ཇི་ལྟར་གཡོ་ཡང་སེམས་ཅན་རང་གི་ཆོས་ཉིད་ཡིན་པས་འཁོན་དུ་འཛིན་པ་ལ་རབ་གནས་མ་བྱས། འཁྲིད་དང་གདམས་ཇི་ལྟར་འདེབས་ཀྱང་སྐྱེས་རབས་དང་བློ་སྦྱོང་གི་གཏམ་དང་འབྲེལ་བས་འཁོར་བ་ལ་ཞེན་པ་ལྡོག་པའི་ཐབས་བྱས། སོ་ཐར་མཐན་ཉིད་པའི་ཐོབ་མཚམས་ཀྱང་འཁོར་བ་ལ་ངེས་འབྱུང་ནམ་སྐྱེས་སུ་འདོད་ཕྱིར་ལས་དང་པོ་བ་ལ་ཕན་པའང་འདི་ཆེ་བ་ཡིན། མེ་ཕོ་སྤྲེའུའི་ལོ་ཤར་མ་ཐག་དཔལ་གྱི་བསམ་ཡས་གཙུག་ལག་ཁང་ལ་སྟོང་མཆོད་འབུལ་དུ་ལྷགས། མར་ཞུ་ཕོན་གང་ཆེ་བཞུ་ནས་རྒྱུན་ཀོང་རྣམས་ལའང་ཁྱབ་ཅི་ཆེ་བྱས་ ཆོ་འཕྲུལ་ཆེན་མོའི་ཉ་ལ་ཇོ་བོའི་སྐུ་མདུན་དུ་གསེར་སིལ་མའི་མཎྜལ་དང་། གསེར་ཆབ། སྙན་ཤལ་ལ་སོགས་པས་སྔོན་བསུས། བྱང་སྡོམ་ལེན་པ་ནས་སྐྱེས་རབས་བརྒྱ་བའི་སྨོན་ལམ་ལ་ཁ་ཏོན་དུ་བགྱིད་པའི་བར་བྱས། བར་ཁང་གཡུ་ཞལ་དུ་ཚོགས་ཀྱི་འཁོར་ལོ་


JLAZ014_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་བསྐོར། རྩིས་དབོན་ཀོང་པོ་རྒྱལ་བསྐོར་བ་ཕྱག་དབང་དུ་བྱོན། སྔོན་རབས་ཆོས་འབྱུང་ལས་བརྩམས་པའི་གསུང་ལན་བཏབ། རང་ཡུལ་གྱི་ཡོན་ཏན་བརྗོད་ནས་དེར་སླེབ་པ་བྱེད་དགོས་གསུང་སྡེ་དཔོན་ཚོའི་དད་པའང་སྟོན་སེར་གྱི་མེ་ཏོག་ལྟ་བུ་ལ་མི་རྟག་པ་སྒོམ། འདི་སྐབས་འཕགས་པའི་ཡུལ་ནས་རང་ཉིད་ལ་རླང་པོ་ཆེ་གཞོན་ནུ་ཞག་འབུལ་མཁན་འོངས་པ་ལ་ལམ་དང་ལམ་དུ་སྐྱེ་བོ་ཐམས་ཅད་ལྟ་རུབ་བྱེད་ཅིང་དེའི་རྩྭ་གཟན་མ་འབྱོར་དོགས་པའི་སྙིང་ལས་བྱེད་པ་ལན་གཉིས་སུ་རྨིས་པ་རྒྱལ་བའི་སྲས་ཀྱི་གདུང་འཚོབ་ཅིག་པར་འདུག །བྲག་དཀར་རྐེའུ་ཚང་དུ་མཆོད་པ་རྒྱས་པ་དང་འབྲེལ་པར། ཚེ་དཔག་མེད་སྐུ་གསུམ་འདུས་པའི་བདག་འཇུག །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། གསེར་ཆབ། སིལ་མ་ཞོ་གང་གི་མཎྜལ། སྙན་ཤལ་ལྷ་རྫས་དྲི་མེད་བསྟར། བླ་མ་རིན་པོ་ཆེར་ན་བཟའ་འབུལ་བ་དང་། གླིང་སྟོད་སྨད་ལ་མང་འགྱེད་བཏང་། ཚོགས་ཀྱི་འཁོར་ལོ་སྟོང་ཚར་ལྔ་དང་། མེ་མཆོད་ལ་སོགས་པའི་ཚོགས་བསགས་བགྱིས། དེ་ནས་བླ་བྲང་དུ་འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་ཆེན་དང་འདྲེལ་བར་འདུས་པ་མདོ་སྒོ་སྦྲག་དགུ་མའི་དཀྱིལ་འཁོར་དུ་སྨིན་གླིང་ལོ་ཙྭ་བའི་ཡིག་ཆའི་སྟེང་ནས་


JLAZ014_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་དང་ཆོས་རྗེ་བྲག་ཕུག་པ་རྗེས་འབྲངས་འབྲུག་པའི་བུ་སློབ་བཅས་འདུས་པ་ཉི་ཤུ་སྐོར་ལ་མདོ་དབང་སྨིན་རྒྱས་ཞག་བཅོ་ལྔའི་ཁོང་དུ་གྲུབ་མ་ཧཱ་དང་ཨ་ནུའི་སྒོམ་རིམ་གྱི་དཔྱད་པ་ལ་རིག་པ་གསར་པ་གཞན་ཡང་འཐོབ་སྟེ་སྔོན་དུ་དར་བ་རྣམས་ལ་རྗེས་སུ་ཡི་རང་བསྒོམ། རིན་པོ་ཆེའི་ཆེ་ཞེ་རང་བཞིན་གྱི་རྣལ་འབྱོར་མ་ལ་གསལ་སྣང་དུ། དབང་གི་དུས་ཆོས་ལོངས་སྤྲུལ་གསུམ་ཨུ་རྒྱན་ཡབ་ཡུམ་དང་བཅས་པ་རྡོ་རྗེ་སློབ་དཔོན་ལ་ཐིམ་པ་དང་། བསྐང་གསོའི་ཚེ་ཌཱ་ཀྐིའི་དབང་མོ་ཚེ་རིང་མ་གཙོ་འཁོར་ལྔས་བསྐོར་བ་གཡོན་དུ་བྱེད་པ་སོགས་གཡོན་པའི་ཀུན་སྤྱོད། ལྷག་མ་ལ་གདངས་གྱེར་བའི་ཚེ་ཚོགས་ལེན་པ་བཤད་ཚོད་དང་མཐུན་པའི་འདུ་བ་སོགས་གང་ཟག་དེའི་བློ་གྲོས་ཀྱི་སྤང་ལ་མི་ཐེབ་པའི་གསལ་སྣང་མཐོང་སྣང་འོད་འདྲ་བ་དྲ་ཚད་མང་པོ་ཤར། རྗེས་འབྲེལ་དུ་གཤིན་རྗེ་ཚེ་བདག་དང་། ཀློང་ཆེན་སྙིང་ཏིག་སོགས་ཀྱང་བགྱིས། སྒྲུབ་སྡེ་བ་སྤྱིད་ཚོགས་ལ་དཀོན་མཆོག་སྤྱི་འདུས་ཀྱི་དབང་དང་འདོན་ཆོས་སྤྱིའི་ལུང་བྱས། དེ་ནས་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ལ་མི་འཕྲོགས་པའི་དད་པས་སྒྲུབ་གནས་རི་མོ་ཅན་དུ་གནས་འབྲེལ་ལ་ཕྱིན། བདུན་ཕྲག་གཉིས་ཀྱི་བར་དྲག་ཕུག་དང་ཅོག་གྲལ་བརྟེན་པས་ངེས་འབྱུང་རང་བཞིན་གྱིས་འཕེལ་


JLAZ014_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་གྱི་གཏམ་ཨུ་དུམ་ཝ་རའི་ཆུན་པོ་དང་། རི་བོང་ཤིན་ཏུ་བརྟན་པའི་རྟོགས་བརྗོད་བྲག་རིའི་མགུལ་རྒྱན་ཡང་ཉམས་ཆོས་སུ་ཤར། མེ་ཚོགས་སྟོང་ཕྲག་ཐལ་བ་བྱས། །ཕྱིས་དང་སྡིག་གྲོགས་བླུན་པོ་ཕྲ་མེན་དབུས། །ཚོགས་ཀྱི་དེད་དཔོན་འཁྱམས་པ་མ་བཟོད་ནས། །བསྙེན་པར་རྫོགས་པའི་དུས་ཞེས་བསྐུལ་ན་ཡང་། །ག་ཞའི་གཏམ་དང་བྲག་ཅའི་སྙིང་པོར་སོང་། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་མེ་ཏོག་ཀྱང་། །གཏོར་བར་བྱེད་པོ་རང་གི་སེམས་བསྐྱེད་ལས། །ཞིང་པ་རྣམ་རྟོག་བྲལ་པ་ཡིན་པའི་ཕྱིར། །འཁོར་གྱི་སྤྱོད་པ་ཁོ་ནའི་ཕྱིར་ཕྱིར་སོན། །སྤྲེལ་ལོ་སྤྲེའུ་ཟླ་བའི་སྨན་བསྒྲུབ་ཀྱི་སྟ་གོན་ཚུགས་པ་ན། མོན་པ་རྫ་དཀར་བླ་མ་དང་། སྲིབ་མོ་བླ་མ་གཉིས་ཀྱང་བྱོན། སྒྲུབ་ཆེན་གྱི་གཞུང་བསྲངས་པའི་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་འཁོར་ལོར་རྟོག་ཚོགས་ཐམས་ཅད་ར་ས་ཡ་ནའི་རང་བཞིན་དུ་སྦྱངས་རྟོགས་སྦར། མོན་བླ་གཉིས་ལ་ཀློང་ཆེན་སྙིང་ཏིག །རཏྣའི་ཕུར་བ། ཡང་ཏི་ནག་པོ་རྣམས་ཀྱི་དབང་ལུང་བྱས། ཁོང་གཉིས་ནས་མོན་ཕྱོགས་སུ་སེམས་ཅན་གྱི་འགྲོ་དོན་ལ་ཕེབ་དགོས་ཟེར་བའང་གཞི་བདག་གི་རྟེན་འབྲེལ་དུ་འདུག །ཚོང་དཔོན་འབྲུག་རྣམ་རྒྱལ་ཅན་ནས་འདི་ཁའི་མ་ཕྱི་སོར་


JLAZ014_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གིས་རྣམ་ཐར་ཤེལ་བྲག་མ་རྒྱུ་ཚོགས་ཕུན་སུམ་ཚོགས་པའི་ཐང་སྐུ་ལ་རབ་གནས་ཞུ་བ་སོགས་ཀྱི་སླད་དུ་འབྱོར་བ་ལ་རྒྱབ་ཡིག་རབ་གནས་གསེར་གྱི་སོར་རྗེས་སོགས་བཏབ། ཚོང་འདི་གཡོ་སྒྱུས་མ་བྱིན་ལེན་དང་ཁལ་མ་མནར་བའི་ཉེས་སྤྱོད་ཆེན་པོ་གླེངས། ཡར་སྟོང་མགོ་ནེ་བ་རྣམས་ལ་སེར་བས་ལོ་མང་པོར་བསྟུད་ནས་སྟོན་ཉེས་བཏང་བས། དར་གླིང་སྤྱི་སོ་དང་ལྡིང་སྨྱིའི་གདན་འདྲེན་ནན་ཆགས་ཆེ་བར། ས་དེར་བཀའ་བརྒྱད་དང་། ཕུར་པའི་སྒོ་ནས་ཞི་བའི་སྦྱིན་སྲེག །བུམ་གཏེར། ཡུལ་བཀྲུ། གཞི་བདག་ལ་དམ་བཞག་སོགས་བགྱིས་པས་དེ་ལོ་ནས་སེར་བ་མ་བབས། འདི་དག་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་ཁོ་ན་ལ་བྱུང་བར་འདུག་སྟེ་སྔགས་ནུས་ཆེ་བ་དང་མན་ངག་ཟབ་པར་མཐོང་གི་འདུག །ངས་ནི་རྫས་སྣ་གཅིག་དང་མན་ངག་གཅིག་ལའང་བརྟེན་པར་མ་བྱས་སོ། །མེར་མོ་དང་། སྟག་རུ་སོགས་ཡོན་བདག་སྙིང་འདྲིས་རྣམས་ཀྱི་གདན་འདྲེན་ཞར། ཞོལ་ཁང་དད་ཆོས་དྲུང་བསྐལ་བཟང་སོགས་ཀྱི་དཀར་སྤྲོ་དང་། ཚོགས་འཁོར་ལ་རོལ། ལམ་ཞོར་གྲ་ཚང་དུ་ཉིན་གཉིས་ཀྱི་བར་རྒྱུད་འབུམ་རིན་པོ་ཆེ་གསུང་སྒྲོགས་ལ། ཁ་བཏགས་རེ་དང་། ཞེ་དོ་མའི་འགྱེད་བསྟགས། སྡེ་པ་པ་ལྷ་སྐུ་མཆེད་ཀྱང་རིམ་པར་


JLAZ014_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། ལྷོ་རྒྱུད་དུ་སེམས་ཅན་གྱི་འགྲོ་དོན་དང་། སྒོས་སུ་རྙིང་བསྟན་གྱི་ཞབས་ཏོག་ཏུ་མཚོ་སྣར་རྒྱུད་འབུམ་བཞེད་རྩིས་ལ། བཀོད་ཞུས་རབ་གནས་སོགས་ལ་ཅི་ནས་བསྐྱོད་དགོས་ཞེས་ནན་ཆགས་ཆེ་བ། སྔ་སོར་ཤིང་རྟ་ཆེན་མོའི་ལུང་གི་འཕྲོས་དོན་ལ་རྙིང་བསྟན་གྱི་རྩ་བརྒྱུད་འབུམ་རིན་པོ་ཆེ་དང་མཛོད་བདུན་ཤིང་རྟ་རྣམ་གསུམ་ལ་ཆགས་པའི་ངེས་བརྗོད་དང་བཅས་བཞེངས་པར་བསྐུལ་བ་རྗེ་དྲུང་རྡོ་རྗེ་སྙིང་པོའི་ཐོས་འཛིན་དུ་དོང་ནས། ཞབས་ཏོག་བསྒྲུབ་ཚུལ་ལ་ག་ཐོག་ཏུ་ལོངས། །སྔར་བསམ་མཆི་མ་སུ་བུ་མོ་གཉིས་ཀྱི་བརྡ་དོན་ལེ་ཚན་གཉིས་པོའང་གཡུ་སྒྲོན་མ་དང་ཙཎྜི་ཀའི་ལུང་བསྟན་རྒྱུད་བསྐུལ་དུ་འདུག་པས་བསྐྱོད། རྡོ་ཁོག་ལ་ཁར་ཆིབས་བསུ་དང་བཅས་རྫོང་དུ་སླེབ། རེ་ཞིག་འདུག་རིང་སྡེབ་མཆོད་དང་། རྟ་དབང་སྤྱི་གཉེར། ཐང་གྲོང་གནས་པོ་སོགས་ལ་རྐྱེན་སེལ་རྗེས་གནང་དང་། རྫོང་དེ་གདོལ་པའི་གྲོང་ཁྱེར་དང་ཉེ་བས་སེམས་ཅན་གྱི་སྲོག་ལ་འཚོ་བ་ལ་སྡུག་བསྔལ་དང་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས། འབྲི་གཉིས་གོ་རར་བཙུད་པ་མཐོང་བས་མ་ཕ་བསོད་དུ་ཆ་བའི་སྡུག་བསྔལ་བྱུང་། དེ་གཉིས་སྲོག་བསླུའི་བརྡ་སྦྱར་བས་དངུལ་སྲང་བརྒྱད་ཀྱི་གོང་བཏབ། སྡེ་པའང་འགྱུར་ནས་འབྲི་གཅིག་


JLAZ014_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བ་མཛད། སེམས་ཅན་ཐམས་ཅད་ཀྱི་སྲོག་སྐྱོབ་པའི་ནུས་པ་ཡོད་ན་སྙམ་པའི་སྙིང་ཐག་པ་ནས་སྐྱེས། སློབ་དཔོན་ཆེན་པོའི་སྒྲུབ་གནས་ཁྱུང་རི་ཤིན་ཏུ་གོགས་པ་ཁོ་བོ་ཅག་དགུན་ཞུགས་ཀྱི་རྐྱེན་ལས་ཞིག་གི་སོ་ཡང་དག་པར་ཤར། ལེས་པོ་ཚོ་གསུམ་གྱི་འུ་ལག་པ་རྣམས་ལ་སྟེར་བྱིན་ཡང་བགྱིས། རིང་མིན་སྤྱང་ཚང་དང་སྲིན་པོ་ཕྲང་སོགས་ལ་གནས་འབྲེལ་ཞིག་བཅུ་སྐོར་བྱས། མི་ཚོགས་ཀྱི་ཐུགས་དམ་བསྐངས། སྲིན་མོ་ཕྲག་དུ་གནས་ཡིག་ཀྱང་བརྡ་བསྒྱུར་དུ་བབས། མོན་པ་འདི་བླུན་དད་ཤིན་ཏུ་ཆེ་བས་རྐང་པ་ལ་མགོ་གཏུགས་ཏེ། བླ་མ་སེམས་ཅན་དོན་ཀུན་ཕེབས་པ་ཡིན་དང་། དཀའ་འུམ་རལ། ལེམ་ཀེད་པོ་རས་ཟེར། དེ་ལོག་ཇག་པས་འགྲིབ་པ་ལྟ་བུ་སླེབ་པ་པས་ལོ་ཏོག་ལ་འཚོ་བར་དཀོན་མཆོག་ལ་གསོལ་བ་ཏབ། སྦྱིན་སྲེག་ལ་འདུན་པ་བསྒྱུར་བས་དེ་མ་ཐག་ཁོ་དངས་པ་དང་འགྲིག །བླ་མ་ལེམ་པ་ཡིན་ལ་འགུར་ཟེར། འདི་ཚོ་འབྱོར་པ་ཉུང་ཞིང་འཁོས་དམན་ཡང་བསམ་པའི་ཁྱད་པར་ལས་གྲོང་ཚོ་སོ་སོར་དབང་མོ་ཆེ་འཛུགས། རང་ཅག་བསྟི་བའི་གནས་ལ་ཉིན་མཚན་ཉིན་ཏུ་བསྐོར་བ་བྱེད། བྷོ་ཊའི་ཡུལ་གྱི་ཕྱུག་པོ་ལ་བསམས་ན་དད་ལངས་ལྡང་བ་དང་གཏོང་ཀྱང་གྱ་ནོམ། དགོན་རྩེ་བྲག་སྣ་བླ་མས་ཁོང་པའི་བསྟི་གནས་སུ་སྲི་ཞུ་དང་བསྟི་སྟང་ཡང་དག་པ་མཛད།


JLAZ014_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ཡུལ་དབུས་ཀྱི་རིགས་གྲ་ཆེན་པོར་ཐལ་འགྱུར་གྱི་རིག་པ་ལ་གོམས། སྨད་རྒྱུད་པའི་བཤད་སྲོལ་འཛིན་པར་འདུག་པས། ཁོ་བོས་ཀྱང་རྗེ་བཙུན་ཤཱནྟ་པུ་རི་བའི་གྲུབ་པའི་མཐའ། མཚན་ཉིད་ཀུན་ལྡན་བླ་མ་ཡབ་ཡུམ་ལ། །ལས་དབང་ཟབ་མོས་ལེགས་པར་སྨིན་བྱས་ནས། །རྣམ་དག་དབང་ལྔའི་ཆུ་བོས་སྒྲིབ་གཉིས་ཀྱི། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་རྟག་ཏུ་བསྲུང་བ་ལས། །ཟབ་མོའི་ལམ་བཟང་སྐྱེ་བའི་སྣོད་གྱུར་པའི། །མ་དག་སྐྱེ་ཤི་བར་དོའི་སྣང་ཞེན་རྣམས། །ཡིད་ངོར་སྦྱངས་ནས་སྐུ་གསུམ་ལམ་འཁྱེར་བ། །སྦྱང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་གྱིས། །རིམ་པ་དང་པོའི་ལམ་ལ་མངོན་གྱུར་ཤོག །ཅེས་པ་ནས་བརྩམས་ཏེ་ལྡན་འདུས་པ་རིམ་ལྔའི་ཆོས་སྐད་རྣམས། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བའི་སྙིང་པོ་ལ་སོགས་ཡོ་ག་གསུམ་གྱི་ལམ་རིམ་དང་ཡང་སྦྱར། དེའང་རིམ་པ་དང་པོ་བསྐྱེད་རིམ་ལ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད། དེ་བཞིན་དབེན་གསུམ་གྱི་རིམ་པ་དང་། ཐིམ་ལུགས་བཞི། བདེ་སྟོང་ལྷན་ཅིག་སྐྱེས་པའི་དཔེའི་ཡེ་ཤེས་གོམས་པ་ལས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཉིས་སུ་སྣང་བའི་བག་ཆགས་བཅོམ་སྟེ་རིམ་པ་བཞི་པའི་འོད་གསལ་སྐྱེ་ཚུལ་དབང་ལྔའི་ཆུ་བོ་དང་ལྟོས་གྲུབ་ཅན་


JLAZ014_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོད་པའི་ཚུལ་ཀྱང་བརྗོད་པའི་སྐབས་རྙེད་པས་རྒྱུད་སྡེ་རང་སའི་ས་ལམ་བགྲོད་ཚུལ་ལ་མཐའ་གཅིག་ཏུ་ཞེན་པ་དག་ཀྱང་ཚིམ་པ་ཐོབ གཞན་དུ་ན་མདོ་སྡེ་བསྐལ་བཟང་ལས། སློབ་དཔོན་ལ་ནི་མཆོད་མི་བྱེད། །བླ་མ་དག་ལ་རི་མོ་མེད། ཅུང་ཟད་ཙམ་གྱི་ཁྲོ་བྱེད་ཅིང་། ཁྱིམ་སུན་འབྱིན་དང་ལྡན་པ་ཡིན། །ཕ་རོལ་བསོད་ནམས་མ་དད་ཅིང། །རང་གི་ཡོན་ཏན་མི་སེམས་པར། །གཞན་གྱི་མཆོད་པ་ཤེས་ནས་ནི། །ཕྲག་དོག་མི་བཟད་བསྐྱེད་བར་བྱེད། །ཅེས་པ་ལ་བརྟུལ་ཞུགས་བརྟེན་པ་དག་ལ་གཟུ་བོར་བགྱིད་པའི་ཆོས་ཀྱི་གཏམ་ཡང་དག་པས་སྐབས་བཙལ་ས་ཡང་རྙེད་པ་མ་ཡིན་ནོ། །ཁོང་ལ་དུས་ཀྱི་འཁོར་ལོ་ཞིག་ཉན་པར་འདོད་བ་སྟེས་དབང་འགྲིག་པ་ཞིག་འབྱུང་ངོ། །མདོ་མཁར་ནས་མཛོད་པ་བི་རྫ་ཡ་བྲོ་ནད་ཀྱིས་འཁོར་དུ་མནར་བས་ནན་ཆགས་ཀྱི་གདན་འདྲེན་བྱུང་། ཁོང་འཇིག་རྟེན་ཅིག་ཤོས་སུ་ཉེ་བ་ལ། དབང་བཀའ་རྗེས་གནང་གིས་མཚོན་རྐྱེན་སེལ་དང་། སྔོན་འདྲིས་དད་ཅན་ཡིན་པས་སྨན་པ་དང་སྨན་སྦྱོར་ཀྱང་རྨི་ལམ་དུ་གསལ་བ་བཞིན་ལུང་བསྟན་པས་ཕན་པ་ཆེན་པོ་ཐོགས། གཉེར་ཚང་གཞུང་དང་མཛོད་གཉེར་པ་སོ་སོས་ཀྱང་བསྟི་སྟང་འབུལ་ནོད་མཛོད། མཁར་ལྟག་ལྷ་ཁང་དུ་གྲགས་པར་སྤྱི་དབང་ཞིག་བསྐུར་བར་མཛད་པ་ལ་སྟོད་སྨད་ཀྱི་སྐྱེ་བོ་ཕལ་མོ་ཆེ་ཚོགས། ལམ་ཞོར་རཏྣ་བ་ཡབ་སྲས་ཀྱི་དགོན་པ་ལྷུན་གྲུབ་


JLAZ014_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་དང་བུམ་ཐང་སོགས་ལའང་བལྟས། གྲ་བཙུན་གྱི་རྣམ་པ་གང་ཡོད་ལ་མང་འགྱེད་རེ་བྱས། རྔན་པ་རྣམས་ཀྱི་དད་པས་སྤྱན་དྲངས་པ་བཞིན་ཆོས་ཀྱི་ལས་འབྲེལ་བཞག །བླ་མ་ཛ་དཀར་བའི་དཀོན་པར་གསང་རྫོགས་སྒྲུབ་ཆེན་དང་འབྲེལ་བར་ཁོང་རང་ཡབ་སྲས། རོང་པ་དབོན་ཟུར་སོགས་ལ་དབང་འབུམ་ལ་ནུས་དབང་ལྔའི་ལྷན་ཐབས་སྦྱར་བ་དང་། ཀློང་སྙིང། ཡུལ་པ་སྤྱི་ཚོགས་ལ་ཚེ་དཔག་མེད་སྐུ་གསུམ་འདུས་པ་རྣམས་བསྐུར། བླ་མས་སྐུ་གསུང་ཐུགས་རྟེན། རོལ་ཆ། ཟོང་མར། མཛོ་ལ་སོགས་པའི་འབུལ་ནོད་ཀྱང་མཛད། ཁྱུང་རིར་སླེབས་ནས་བླ་མ་ཕན་ཚུན་ཉ་ཤང་གི་ཆུ་རྒྱུད་སྟོད་སྨད་ཆོས་རྗེ་སེར་ཆགས་པ་ཉི་ཤུ་རྩ་ལྔ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་འཁྲིད་ཤིན་ཏུ་སྨིན་པ་བཏབ། སྤྱིར་ཁོ་བོ་ཅག་ནི་ལས་དང་པོ་པར། སྔོན་འགྲོའི་ཆོས་ལ་ནན་ཏན་བྱེད་ཅིང་། ལྷག་པར་སེམས་བསྐྱེད་ལ་རྩལ་དུ་འདོན་པས། སེམས་བསྐྱེད་མཆོད་པ་དང་འབྲེལ་བར་བྱང་སྡོམ་འབོག་ཆོག་ཀུན་མཁྱེན་ཆེན་པོའི་རིང་ལུགས་སྒྲ་ཇི་བཞིན་པ་ལག་ལེན་ལ་འདེབས། དེས་ཤིན་རྟ་ཆེན་མོ་གཉིས་ཀྱི་དགོངས་པའི་ཉམས་སུ་མྱོང་། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྐྱེས་རབས་བརྒྱ་པའི་གཏམ་རྒྱུད་འབྲེལ་མཚུངས་


JLAZ014_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦྱར་ནས་བཤད་པས་གཞན་རྒྱུད་ལ་ཕན་པའང་ཆེ། དེའི་ཚོ་འབྲུག་པ་ཀུན་གྲོལ་གྱི་རྨི་ལམ་ན། ཁོ་པ་ཤིག་གིས་ཟོས་པ་ཕྱིར་མངོན་ཆུང་དུ་དོར་བས། གྲལ་མཛེས་པ་བུད་མེད་ཅིག་ན་རེ། ཁྱོད་ངོ་རེ་ཚ། དེ་རིང་གི་བྱང་སྡོམ་ལེན་ཐེངས་གསུམ་སོང་ངམ། དེ་འདྲའི་སེམས་བསྐྱེད་ཟེར་བས་ངོ་ཚ་བའི་སྣང་བ་དཔག་ཏུ་མེད་པ་སྐྱེས་ཟེར། སྨོན་འཇུག་གི་སྡོམ་པ་ལ་གོ་བ་ར་རི་ཆོགས་པ་ལའང་ཕན་ཡོན་དེ་ལྟ་བུ་འདུག །ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་བྱའི་མཐུན་པའི་རྐྱེན་དུ་གྱུར་པ་དེ་མོས་གུས་རྣམ་པར་དག་པ་དང་། བྱང་ཆུབ་ཀྱི་སེམས་གཉིས་པོ་རང་ཡིན་པར་ཡིད་ཆེས་སྐྱེས་ལགས་སོ། །སྲིབ་མེ་བླ་མ་རྒན་དམངས་དང་བཅས་པས་གསོལ་བ་བཏབ་པ་བཞིན་ཡུལ་གྱི་མཆོད་ཁང་དེར་བཀའ་བརྒྱད་ཡོངས་རྫོགས་ཀྱི་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བ་བཙུགས། ཁོང་ཚོ་འཆམས་དང་རྩེད་སྣ་མང་པོ་བྱེད། དཀྱིལ་འཁོར་གྱི་ཁང་བ་བསྐོར་བ་ལ་བསྐུལ་བཞིན་དུ་ཉིན་མཚན་ལྟག་སྤྲོད། བར་དོ་ངོ་སྤྲོད་ཟེར་བའང་སྐྱེ་བོ་བླུན་པོ་ཆོས་ཀྱི་བག་ཆགས་དང་བྲལ་བ་ལས་འབྲས་སྟོན་པའི་སློབ་དཔོན་དུ་འདུག་བླ་མ་ལ་ལའི་རྣམ་ཐར་ན། སྙིང་མ་བས་འབག་འཆམས་བྱེད་པས་ཆོས་ཀྱི་བྱིན་རླབས་ཡལ་ཟེར་བ་ཡོགས་བྲིས་འདུག་སྟེ། སྔ་འགྱུར་གྱི་གྲུབ་པའི་མཐའ་ཆེན་པོ་འཛིན་པ་


JLAZ014_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་འབག་དང་འཆམས་ལ་གཙོ་བོར་འཛིན་པའི་གཏན་ཚིགས་ཀྱང་མེད་། རང་ཉིད་ནི་ལུས་ཀྱི་བཟོ་གནས་གར་འཆམས་ཀྱི་གནས་ལ་ལྷག་པར་བྱང་ཆུབ་པ་ཞིག་ཡིན་ཏེ་སྙེམས་པས་གཞན་ལ་སུན་མི་འབྱིན། བྱེད་པ་ལ་སྤྲོ་བའང་མེད། སྣང་བ་དག་པ་རབ་འབྱམས་སུ་བྱར་བ་ལ་ཕྱ་ཆད་དེ། །བློ་གྲོས་འདི་དག་པ་རབ་འབྱམས་སུ་ཤར་བ་ནས་བཟུང་སྒྲ་སྙན་བཟུང་བའི་སྤྲང་པོའི་གླུ་ངག་ལའང་འཁོར་འདས་གང་རུང་རེ་དང་འབྲེལ་ཆགས་པའི་རོ་མྱོང་རྒྱུ་འདུག་པས་ཐམས་ཅད་ལ་དག་སྣང་སྦྱངས་ཏེ་གནང་བྱིན་རེ་ཡང་བྱིན། དེ་དག་སྔགས་རྒྱུད་ཀྱི་ཆོ་ག་ལ་མི་གནས་པའི་ཐལ་འགྱུར་འཕོག་ཟེར་ན། ཁྲོམ་གྱི་དབུས་ན་བསྐྱེད་རྫོགས་གཉིས་ཀ་དང་བྲལ་བའི་ཁྲབ་ཁྲབ་མང་བ་ནི་ཀུན་ན་དར་བས་དག་སྣང་སྦྱང་བ་ལ་ཐུགས་གཏད་པ་ཞུ། གྲོལ་དབང་ལ་མཚོ་སྣ་ནས་བཟང་ལུད་པ་ཡན་ཆོད་ཀྱི་མི་སྣ་སྟོང་ཕྲག་ཏུ་ཉེ་བ་འདུས། དེའི་དབུས་ན་དལ་བ་བརྒྱད་དང་ལྡན་པ་མང་སྟེ་ཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་ཀྱིས་རྣམ་པར་གཟེར་ཞིང་འབྱོར་བ་བཅུ་ཚང་བའི་མི་ལུས་ཤིན་ཏུ་དཀོན་པས་སྙིང་རྗེ་དང་སྐྱོ་ཤས་དཔག་ཏུ་མེད་པ་སྐྱེས་ ལར་ས་མཐའ་འདི་དག་ཏུ་དད་པས་འདུས་པཱི་སྐྱེ་བོའི་ཚོགས་ཀྱི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་དང་། །གཟུགས་


JLAZ014_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཁྱད་པར་ཅན་བསྒྲགས། སྐྱབས་འགྲོ་གཅིག་པུའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱ་པས་དོའི་ལུང་ཕོག །དམ་རྫས་ཀྱི་འབྲེལ་བ་ཁྱབ་ཅི་ཆེ་བྱས། འཛམ་བུའི་གླིང་པ་ཁམས་དྲུག་ལྡན་གྱི་རྟེན་ཡིན་པས་བུམ་དབང་ཙམ་གྱི་ལས་འབྲེལ་བཞག །སེམས་ཅན་རྣམས་ཀྱི་མ་ཤེས་དང་རང་གི་རྟོགས་པའི་ཆོས་ཉིད་ངོ་བོ་གཅིག་ཏུ་རོ་མཉམ་པའི་རྗེས་ཐོབ་ལ། གང་གིས་བདག་ནི་མཐོང་དང་ཐོས་པ་དང་། །རྗེས་སུ་དྲན་ནམ་རེག་གམ་གཏམ་དུ་བརྗོད། །བདག་ལ་ལེགས་བཤད་ཐོས་པ་དེ་དག་ཀྱང་། །རིང་པོར་མི་ཐོགས་རྒྱལ་བའི་དབང་པོར་ཤོག །ཅེས་པ་འདི་སེམས་བསྐྱེད་ཟབ་མོའི་འཕེན་པས་སྨོན་ལམ་དུ་བསྒྱུར། ཡུལ་སྣང་ཆོས་ཉིད་དང་འབྲེས་པའི་ཉམས་ཐོད་རྒལ་དུ་འུར་བས་རྡོ་རྗེའི་གླུ་ཡང་བསྒྲགས། འབྲུ་མར། སྲོག་ཆགས། ལྷོ་ཟོང་ལ་སོགས་པའི་འབུལ་བའི་དགེ་རྩ་བྱང་ཆུབ་ཏུ་བསྡོས། དངོས་ལ་བྱུང་བའི་སྲོག་ཆགས་རྣམས་མནར་གྱིས་དོགས་པས་གཞན་ལ་མི་འཚོང་། བསད་ཀྱི་དོགས་པས་ཡོན་རྫོགས་ལ་མི་འདེབས་པས་མི་ཁོམ་པའི་གནས་ན་བདེ་བར་འཚོ། ནང་དབང་དུ་གསང་རྫོགས་ཆ་ལག་རྫོགས་པ་གཅིག་དང་། སྡེ་བ་སྐུ་མཆེད་ཀྱིས་བསྐུལ་ནས་ཁྱུང་རིར་བདེ་གཤེགས་འདུས་པ་ཚར་གཅིག་རྣམས་སོང་། ནག་མོ་ཁྲོས་


JLAZ014_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྒྱུད་ཆིག་བརྒྱུད་དུ་གྲགས་པས་དཔེ་རྒྱུན་ཤིན་ཏུ་དཀོན་པ་དང་། ཆོས་དབང་རིན་པོ་ཆེའི་ཡང་དག་ཀྱང་རང་བཞིན་གྱིས་འགྲིབ་ནས་རྙེད་པར་དཀའ་བ་ལྷོ་རྒྱུད་འདི་ནས་དཔེ་ལུང་གཉིས་ཀའི་རྒྱུན་འབད་པས་བླངས། སྟག་ཚང་སྒོམ་ཆེན་བདུད་རྩི་འོད་ལྡན་གྱི་བཅུད་ལེན་སྟོབས་སུ་གྱུར་བས་ན་ཚོད་བདུན་ཅུར་ཐལ་བའང་གཞོན་ནུ་ལྟར་ཡང་ཞིང་ཟོ་མདོག་བཟང་བ་ལ་རྫོགས་པ་ཆེན་པོ་པོའི་འཁྲིད་དང་གེགས་སེལ་བོགས་འདོན་གྱིས་ཕན་བཏགས། ཁོང་གིས་ཀྱང་ཆོས་ཡོན་དུ་ལོ་གསུམ་ཕྱོགས་གསུམ་གྱི་བསྒྲུབ་པའི་མཎྜལ་དམ་བཅའ་ལྡན་པ་ཕུལ་བས་རྗེས་སུ་ཡི་རང་བ་ལྷག་པར་སྐྱེས། ལར་འཆི་བ་ལ་བཅར་བཞིན་དུ་དགེ་སྦྱོར་ལ་འབད་དུ་སོང་བ་འདི་ཆོས་པ་སད་ཀྱི་མ་ཁྱེར་བའི་མངོན་རྟོགས་སུ་འདུག །འཇིག་རྟེན་དབང་པོ་ཆེ་དབང་ནོར་པོ་ཆེ་འཆི་བ་མཐོང་ན་ཁྱི་ཤི་བ་ལས་ཀྱང་བག་འཁུམས་པར་འདུག་བས་སྲིད་པའི་ཕུན་ཚོགས་འདི་ལ་སྙིང་པོ་འདུག་རེ་ཤིའོ། །སྐབས་འདིར་ཤུལ་རིངས་ཀྱི་འགྲོན་པོ་རྒྱ་ཚད་ཀྱི་མནར་བ་ཞིག་དེད་ལ་སྐྱབས་སུ་བྱུང་། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའ་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་པའི་རྒྱུ་མཚན་རིམ་གྲོ་པ་དག་ལའང་


JLAZ014_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ནས་སྙིང་རྗེའི་ཡུལ་དུ་བདག་གིར་བཟུང་། ཁྱུང་རི་འདིར་རྟེན་གྱི་རྣམ་པ་པར་བཀབ་ཞིག་མི་འདུག་བས་བྱེས་ཡུལ་གཉིས་ཀའི་བབ་ཀྱི་རྒྱུ་རྐྱེན་ཚོགས་པར་དཀའ་སེ་བྱུང་ནའང་། ཇི་སྐད་དུ། བདག་ནི་ཡོངས་སུ་མ་བཏང་ན། །སྡུག་བསྔལ་སྤོང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་བཏང་ན། །བསྲེག་བ་སྤོང་བར་ཡང་མི་བདེ། །ཞེས་པ་ལྟར་བློས་བདག་དང་བདག་གིར་བཟུང་བའི་དགོན་གནས་དང་ཁྱིམ་ལ་རྟེན་གསུམ་འཆའ་བ་ལས་ཁྱད་པར་དུ་གྱུར་པ་ཡིན་པས་གཏོང་བ་དང་བརྩོན་པའི་དམ་བཅའ་བརྟན་པོས་ལྷུན་གྲུབ་རིག་འཛིན་སངས་རྒྱས་པདྨའི་སྣང་བརྙན་སྐུ་ཚད་ཆེ་བ་རིང་བ་སྲེལ་རྣམ་བ་བཞིས་ཕྱུར་བུར་གཏམས་པ་ཞིག་བཞེངས། རབ་གནས་ཀྱི་དོན་པོ་རང་གིས་རྟོགས་པའི་ཡེ་ཤེས་དང་ཆོས་ཉིད་མཉམ་བར་བསྲེས་ཤིང་། རྒྱུད་སྡེ་རིན་པོ་ཆེ་ནས་གསུངས་པའི་ཆོ་གར་ལྡན་པའང་བྱས། གྲོག་མཁར་ལྟ་བུར་སྙིང་པོ་མེད་པ་ཡི། །འབྱོར་པ་སོ་ཀའི་སྨིག་རྒྱུ་ལྟར་མཐོང་ནས། །སྲེད་པའི་རྙོག་པ་དངས་པའི་མན་ཤེལ་ལ། །སྐུ་གསུང་ཐུགས་ཀྱི་སྣང་བརྙན་འགོག་པ་མེད། །དགོན་རྩེ་སྤྲུལ་པའི་སྐུ་ནས་ཆབ་ཤོག་ཅིག་མཛད་བྱུང་བའི་སྙིང་པོར། དམ་པ་གོང་མའི་གསུང་རྒྱུན་སྐྱོར་ཟློས་ཀྱི། །ནེ་ཙོའི་འདོན་པ་ལྟ་


JLAZ014_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བསྟན་བཅོས་ལ། །མཚར་དུ་མེད་ཀྱང་ཁྱོད་ཀྱི་ལེགས་བཤད་ནས། །ཆ་ཤས་ཙམ་ཞིག་སུག་པར་སོན་བ་ལ། །ཆེས་ཆེར་རངས་པའི་དད་པའི་རྣམ་འགྱུར་ཤར། །ལོང་བས་ལོང་བར་ཡ་མཚན་སྐྱེད་བྱེད་པ། །དེང་དུས་མང་ཡང་ཡང་དག་ལྟ་བ་ལ། །ཕྱོགས་མཐོང་ཙམ་སྐྱེས་སྐྱེས་བུའང་ཤིན་ཏུ་དཀོན། །དེ་ལྟ་བས་ན་འཁོར་འདས་མཉམ་ཉིད་དུ། །ཆོས་དབྱིངས་འགོག་པ་མེད་པའི་ཀློང་ཆེན་པོར། །གཅིག་ཏུ་བརྡལ་བའི་རྣལ་འབྱོར་གྲུབ་ཐོག་ཏུ། །གྲགས་པ་དོན་ལྡན་ཁྱོད་ཀྱི་ཡོན་ཏན་དྲི། །རྒྱང་རིང་གནས་ནས་ཚོར་བས་མཇལ་འདོད་ཀྱི། །བསམ་པ་དུང་བས་ཟབ་རྒྱས་གདམས་པ་སྩོལ། །ཞེས་པ་ལ་སོགས་གནས་དུས་ཀྱི་མཆིད་ཕྲེང་རྒྱས་པར་སྣང་མོད་ཀྱི་ལྷ་ས་ནས་ཕྱག་མ་འཁོར་བས་མཇལ་འཛོམ་ནི་མ་ཤར། ཞྭའི་ཅོད་པན་གྱི་ཚོས་མདོག་ཙམ་ལ་ཉོན་མོངས་པའི་གདུང་བ་མི་སྐྱེད་པ་འདི་ཡང་མང་དུ་ཐོས་པའི་ཡོན་ཏན་དུ་འདུག་སྙམ་པའི་རྗེས་སུ་ཡི་རང་བ་ཐོབ། ནམ་ཟླ་དྲོས་བ་དང་མཚོ་སྣར་རྒྱུད་འབུམ་བྲི་ཞུས་ཚུགས། ཉིན་བྲིས་ལ་རྫོང་དུ་ཟླ་བོ་གཉིས་ཀྱི་ཆད་ཞུ་དང་། རང་ཅག་གི་བྲག་སྣའི་རི་ཁྲོད་དུ་ཚིག་དོན་གཉིས་ཀའི་ཆ་ལ་དཔྱད་ནས་ཞུ་རྩིས་ཀྱི་ད་


JLAZ014_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ནས་ཕྱི་མོ་རྒྱུན་འབྱམས་དང་། ཡིག་མཁན་གྱི་རིགས་བརྡ་དག་ལ་རྨོངས་ཆོས་པས་བྲི་བཅོས་མང་པོ་ཟླ་བ་གཅིག་གཉིས་ལས་གྲུབ་རིགས་སུ་མི་འདུག་པས་སྟོད་ཆ་ལ་ཅི་ནུས་བགྱིས། འདིར་སོང་སེང་རྫོང་དང་། དཔལ་རི་དབོན་ཇོ་རྣམ་གཉིས། ཆོས་རྗེ་ཆུ་དཀྲ་བ་སོགས་དད་འདུས་ཉི་ཤུ་སྐོར་ལ་ཀློང་ཐིག་སྨིན་ཁྲིད་དུ་བཏབ། འདུལ་བ་ཞི་ལས། དགེ་སློང་དགའ་བ་ཅན་པ་ཚངས་སྤྱོད་ཀྱི་ཕམ་པ་བྱུང་བས་དེ་སྟོན་པ་དྲན་ནས་འགྱོད་པའི་ཚོར་བ་དྲག་པོས་གཟིར་ཞིང་། བདག་ནི་སྔོན་ཆད་དགའ་བ་ཅན་ཏེ་ད་ནི་མི་དགའ་བ་ཅན་ནོ་ཞེས་དགེ་སློང་གི་དགེ་འདུན་དང་བཅས་པའི་དབུས་ན་མི་འཆབ་པར་བཤད་པ་བཞིན། ལས་འབྲས་རྣམ་གཞག་དུས་མཇོ་རྒན་མོ་ཞིག་གི་འགྱོད་ཚངས་ཀྱི་འདོད་མི་འཆབ་པར་འདོན་པ་བྱུང་བས་གཉེན་པོ་སྟོབས་བཞིའི་ཆོ་ག་དེ་ལ་རྫོགས་པ་ཡིན། ཐང་གྲོང་གནས་པའི་འཆི་མེད་ཚེ་དབང་འཇིག་རྟེན་འདི་སྣང་ལ་ཕན་ཕྱུག་ཚང་བའི་ཁྱིམ་དུ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་སྨན་སྒྲུབ་རྒྱས་པ་ཚུགས། གྲོལ་དབང་ལ་ཆེ་རགས་རིམ་ལ་རྣལ་འབྱོར་རྒྱུན་དབང་། ཕྱི་རོལ་ནིའུ་སེང་གི་ཐང་ཡངས་པར་གཉལ་དང་ལོ་སྟོད། མོན་འབྲུག་མདོ་མཁར་དོགས་ཀྱི་མི་སྣའང་ཚོགས་པ་སྟོང་ཕྲག་གཉིས་སུ་ལྡང་པ་ལ་སྐྱབས་འགྲོ་འབོགས་པ་དང་། སེམས་བསྐྱེད་ཀྱི་བག་


JLAZ014_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་འཇོག་པ་དང་། བྱིན་འབེབས་བྱེད་པ་ཙམ་དོན་པོར་གྱུར་པའི་བྱིན་རླབས་མོས་པའི་ཁྲོམ་དབང་དང་དམ་རྫས་ཀྱི་འབྲེལ་བ། རིགས་གསུམ་མགོན་པོ་དང་། གུ་རུའི་སྙིང་པོ། སྒྲོལ་མ་རྣམས་ཀྱི་ལུང་བྱས། སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་སྒྲོགས་པ། འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་ཡིན་བས་ཆོས་ཉིད་དང་བསྲེས་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ། གནས་པོ་ལ་ཚེ་ཚད་ལུང་སྟོན་དགོས་ཞེས་ཡང་ཡང་བསྙད་པ། སློབ་མ་དད་ཅན་གྱིས་བླ་མ་ཟོག་པོར་བཏང་བའི་ཉེས་དམིགས་ལ་འཇིགས་ནས་མངོན་ཤེས་ཅན་དུ་ནི་མ་བརྫུས། ཚེ་རིང་ཐུང་ཡང་ལས་འབྲས་ཀྱི་བྱེད་པ་རྒྱུ་མཐུན་ཡིན་པའི་མཚང་བཤད་ནས། ཁོང་གི་ཟང་ཟིང་ཀྱང་དོན་ཡོད་པར་བྱ་བའི་ཕྱིར་སེམས་ཅན་བརྒྱའི་སྲོག་བསླུ་དང་། རྒྱས་འབྲིང་བསྡུས་གསུམ། རྟ་མགྲིན་གྱི་སྐུ་རྣམས་བཞེངས་པར་བསྐུལ་བས་རྒྱད་སྟོང་གསེར་མ་བཞེང་བར་དམ་བཅས་པའི་སྨོན་ཚིག་ཀྱང་བྲིས། ལྔ་བརྒྱའི་ཐ་མ་ལ་སྐུ་གསུང་ཐུགས་རྟེན་བཞེངས་པའི་སྲོལ་མ་ནུབ་པ་དེ་ཀ་སྐྱེ་བོ་རྣམས་དཀོན་མཆོད་ལ་དད་པ་འཕེལ་བ་དང་། བསྟན་པ་མི་ནུབ་པའི་རྟེན་འབྲེལ་ལ་ལྟོས་པ་ལགས། ཀློང་ཡུལ་བ་ཤཱི་དྷུ་ཏིར་དཀར་པོ་བྲང་དུ་གུ་རི་རིན་པོ་ཆེའི་སྣང་བརྙན་ཆེ་བ་བཞེངས་པར་བསྐུལ་བའི་གཟུངས་འབུལ་རབ་གནས་ལ་ལྷགས ཞལ་ཁྱིམ་གྱི་བཟོ་


JLAZ014_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོས་བཅོས་བསྐྱང་བྱས། རང་གི་མ་རྒན་མོའི་ཕྱི་རྟེན་ལ་རྡོ་རྗེ་སེམས་དཔའ་དང་། འཕགས་པ་སེམས་ཉིད་ངལ་གསོའི་སྐུ་ཁྲུ་དོ་པ་རེ་ཡང་བཞེངས། གནས་ཡིག་གསར་བརྩམས་བྱས། སྐུ་ཞང་གོང་བ་སོགས་མོན་བོད་ཀྱི་སྐྱེ་བོ་སྣ་ཚོགས་ལ་ཚེ་དབང་ཞིག་བསྐུར།་ ཚོགས་སྟོང་ཕྲག་གཅིག་ཐལ་བ་བཏང་། འབྲུག་པ་བླ་མ་མེ་རལ་སྨད་པ་ལ་ཀློང་སྙིང་གི་འཁྲིད་ལེགས་པར་བཏབ། སྤང་ཆེན་པ་རྣམས་སྟག་ཚང་དུ་ཨང་ཉན་བྱེད་པས་སྨུག་ཆར་ནགས་རོངས་ཀྱི་བཤུལ་ལ་འགྲིམ་སྟེ་བརྒྱ་མཆོད། ཚོགས་བརྒྱ་གསུམ་བཞི། ཡུལ་བ་སྤྱི་ཚོགས་ལ་ཚེ་དབང་དང་མ་ཎིའི་ལུང་བྱས། སྲོག་ཆགས་འབུམ་ཕྲག་མང་པོ་དབུགས་འབྱིན་ཐོབ་པའི་སྦྲང་ཚང་གསུམ་པོས་ཤེལ་གྱིས་བསླུས་ནས་ཚེ་ཐར། །ཁོང་ཚོ་ལ་རི་རུད་ཆེན་པོ་བྱུང་བས་ལྷ་འདྲེ་བཀའ་ཤོག་དགོས་ཟེར་བར། འཇིག་རྟེན་མི་བདེ་བ་དང་སྡུག་བསྔལ་ཐམས་ཅད་སྡིག་པ་བྱས་པ་ལས་བྱུང་བ་ཡིན་ཅེས་ལས་འབྲས་ལེགས་པར་བསླབས། ཆད་ཐོའི་ཡི་གེ་འདི་བྱིན་པ་ཡིན། སྲིད་གསུམ་འདི་ན་སངས་རྒྱས་ཀྱི་ཞལ་མ་མཐོང་ཞིང་། མཚོ་སྐྱེས་རྡོ་རྡོའི་དམ་འོག་ཏུ་མ་ཆུད། ཐ་མལ་གྱི་སྣང་བ་རང་རྒྱུད་པར་ཨ་འཐས་པའི་ཡི་དགས་འབྱུང་པོའི་ཚོགས་ལ་སྨྲས་པ། སེམས་ཅན་ཐམས་ཅད་རང་དོ་རང་གིས་མ་རིག་པས་རྒྱུ་བྱས། གཟུང་འཛིན་ལ་རྟག་ཆགས་


JLAZ014_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞེན། འཁོར་བའི་འཁྲུལ་འཁོར་སྣ་ཚོགས་པའི་ཁ་བརྒྱུད། སྡུག་བསྔལ་གྱི་རྒྱུ་འབྲས་ལ་རང་དབང་བྲལ་བར་སྤྱོད་པ་ཞིག་ན། ད་དུང་བླང་དོར་གྱི་གནས་ལ་རྨོངས་། གཞན་གནོད་གཞི་དང་བཅས་པས་ངན་འགྲོར་གཏན་འཁྱམས་ཀྱི་རྒྱུ་བསྒྲུབ་པ་འདི་བཟང་པོ་མ་ཡིན་པས། འདུལ་བ་ལུང་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་པའི་དོན་ལ་ལེགས་པར་བསམས་ལ་ཡུལ་སྦང་ཆེན་གྱི་སའི་ཆ་སྤྱི་དང་བྱེ་བྲག་ལ་གནོད་འགལ་གྱི་བསམ་པ་སྤོངས་། དེ་བཞིན་དུ་རང་གཞན་གྱི་ལས་འབྲས་མཉམ་པ་ཉིད་ཀྱི་ཕྱིར་ཡུལ་པ་རྣམས་ནས་ཀྱང་སངས་རྒྱས་གཉིས་པ་པདྨའི་གདུང་འཛིན་ཁོ་བོ་རིག་འཛིན་འཇིགས་མེད་གླིང་པ་ལ་སྐྱབས་འགྲོའི་སྡོམ་པ་ནོད་ནས་བདག་གི་ཆོས་དང་མཐུན་པར་བཅས་པའི་ཁྲིམས། ཚེ་དང་བསོད་ནམས་སོགས་སྐྱེ་བོ་རང་དབང་གི་ལོངས་སྤྱོད་ལ་ཆོག་མི་ཤེས་པར་ཉེས་མེད་ཀྱི་རི་དྭགས་འདེད་ས། སྦྲང་ཚང་རྡིབ་ནས་དམྱལ་བའི་རྒྱུ་སྒྲུབས། ཁྱད་པྲ་དུ་ལྟ་བ་དང་གྲུབ་མཐའ་ངན་པ་ལ་བློ་གཏད། ལས་འབྲས་ལ་ཅི་ཡང་མི་སེམས་དཔའི་མོ་བོན་ཕྲ་མིན་གྱི་རིགས་སྔགས་མཁན་གྱི་རྗེས་སུ་ཞུགས་ནས་ནད་པའི་གླུད་དུ་


JLAZ014_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མཆོད་བྱེད་པ་སྤྱི་དང་། བྱེ་བྲག་ལ་ཟེ་མཁར་སྨན་པ་སོགས་ལའང་ཕྱིན་ཆད་ལམ་དན་དེ་ལས་ལྡོག་པའི་ཆད་བྱས་པ་ཡིན་པས་ཁྱེད་ལྷ་འདྲེ་རྣམས་ནས་ཀྱང་ཀོ་ལོང་དང་ཕྲག་དོག་སྤོངས། ནད་དང་མུ་གེ། སད་དང་སེར་བ། རི་རུད་ཤྭ་ལོག །འབྱུང་བ་སྒང་གཤོངས། ཁ་མཆུ་འཁྲུག་རྩོད། མི་ལ་ཤི་ཆད། ཕྱུགས་ལ་གོད་ཁ། ནོར་ལ་གང་སྟོངས་། འབུ་སྦྲང་གཅན་གཟན་གྱི་གནོད་པ་སོགས་སྣོད་བཅུད་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་ལོག་པ་ལ་མཚུངས་ཟླར་བྱེད་པའི་མི་མཐུན་ཕྱོགས་སྤོངས་ལ། ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིག །དེ་ལས་ལྡོག་ན་དཀོན་མཆོག་བདེན་པའི་བཀའ་ཆད་དང་། ཆོས་ཉིད་ཟབ་མོའི་བདེན་མཐུ། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་སྟོབས་རྩལ་དྲག་པོས་ཁྱེད་རྣམས་ཀྱི་མགོ་བོ་འགས་པར་འགྱུར། སྙིང་ལ་ཟ་བར་འགྱུར། ཡན་ལག་རེངས་པར་འགྱུར། ནང་ཁྲོལ་འཚིག་པར་འགྱུར། མཐར་གྱི་སེམས་ཅན་དམྱལ་བའི་གྲོང་ཁྱེར་ཆེན་པོར་སྡུག་བསྔལ་མི་བཟད་ལ་མྱོང་བར་འགྱུར་བས་དམ་ཚིག་ལ་གནས་པར་གྱིས་ཤིག །ས་མ་ཡ་ཨི་དན་རཀྵནཱུ ཅེས་མགོ་ཐོག་ཏུ་བཞག །དེ་ནས་མཚོ་སྣར་རྒྱུད་འབུམ་རིན་པོ་ཆེར་དངོས་སྟ་ཉིན་གཉིས་མའི་རབ་གནས་མཐའ་རྒྱས་དང་བཅས་པ་བསྒྲུབས། དཀར་ཆག་ལ་མུ་མཐུད་


JLAZ014_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ཀྱི་གཏམ་ལ་སྐྱེས་རབས་བརྒྱ་བའི་སྨོན་ལམ་སྦྱར་བའི་ཟིན་བྲིས་ཀྱང་བཏབ། སྤྱིར་སྡེ་བདག་གི་རིགས་ཀྱི་དགེ་བའི་འདུ་འགོད་འདི་རིགས་འགྲོ་གཞན་ལ་ལྟོས་ན་སྙིང་སྟོབས་དང་གཏོང་ཕོད་མ་སྨད་པ་ཡིན་ཏེ། རྒྱུ་པར་ལས་འབྲས་ལ་རྩིས་སུ་བྱེད་པ་དང་། འབངས་ཀྱི་ཁུར་དུ་མི་འགྲོ་བ་ཉིད་དགེ་བའི་རྩ་བ་མཐུ་ཆེ་བར་སེམས་དཔས་དེ་ཁའི་འབེལ་གཏམ་ཡང་བྱས། གཙོ་བོར་རང་ཉིད་ཀྱི་ལག་འདོན་དང་། འཁྲིད་པ་རྣམས་ལ་སེམས་བསྐྱེད་མཆོད་པའི་ལེ་ལག་སོགས་འགའ་ལ་ཞལ་འདེབས་ཀྱང་བསྐུལ་ཏེ་ལུག་བཅུ་ཐམ་པའི་སྲོག་བསྐྱབས། སྤྲེའུ། རུས་སྦལ། ནེ་ཙོ་སོགས་སྟེར་མི་བྱུང་བ་སྤྱིར་དེ་དག་གཟེབ་ཏུ་ཆུད་པ་ལ་སྙིང་རྗེ་དང་། ཁྱད་པར་སྤྱོད་ཕྱོགས་ལམ་དུ་སློང་ཕྱིར་སྤེའུ་བཟོད་པའི་རྟེན། ནེ་རོ་བྱམས་པའི་རྟེན། རུས་སྦལ་སྙིང་རྗེའི་རྟེན་དུ་བློ་སྦྱོང་བྱས་པས། བྱང་ཆུབ་སེམས་དཔའ་བློ་ཆེན་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐད་ཅིག་སྐད་ཅིག་ལ་འཕེལ་བའི་གནད་ཀྱང་ཤེས། ལར་ངེད་ལ་གཞན་གྱི་རྨ་བྱ་ཞིག་བསྐུལ་བ་ལམ་དུ་ཞི་བའི་རོ་བཤའ་བགྱིས་པས་སྙིང་ཆུ་བསགས་པར་འདུག །སྲོག་ཆགས་མེད་དུ་གཉེར་གདམས་ཀྱི་བཙོན་དུ་འཛིན་པ་འདི་ལ་ལས་འབྲས་མཁྱེན་པ་རྣམས་ཀྱི་གཟས་དགོས་འདུག །ལྡོག་པའི་ལམ་པོར་འབྲོག་པའི་


JLAZ014_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་དུ་ཕྱུགས་ལུག་ལ་ཕྱག་ནས་དགོས་ཟེར་བ་ཤི་ཆད་དཀོན་པའི་བསམ་པར་འདུག །ཁྱུ་ཆེན་པོ་འིད་ཡང་མྱུར་དུ་མཚོན་གྱི་ཆད་པས་དེངས་པར་འགྱུར་སྙམ་དན་འགྲོའི་སྡུག་བསྔལ་ལ་སྙིང་རྗེ་ཚད་མེད་སྐྱེས། ཡི་གེ་བརྒྱ་པ་དང་སྤྱོད་རྒྱུད་ལ་སོགས་པའི་གཟུངས་སྔགས་བསྒྲགས། སྨོན་ལམ་བཏབ། གྲི་གུད་མྱལ་བའི་ཟེངས་ཁར་ཕྱུག་པོ་དག་གི་ཁྱིམ་དུ་ཆོས་དང་དམ་རྫས་ཀྱི་འབྲེལ་བཏགས། ཇོ་བོ་ལ་མཆོད་འབུལ་སྨོན་ལམ་བྱས། བརྒྱད་གྲ་པའི་ཇ་ཞུས་ལ་རང་བཞིན་ཤེས་པའི་གདབ་ལན་བྱས། ལྷོ་རྒྱུད་དུ་ཐོབ་པའི་རྙེད་པ་རྣམས་ཀྱིས་དཔལ་གྱི་རི་བོར་ཞག་བདུན་གྱི་རིང་བཀའ་འགྱུར་བཙུགས། འབྲུ་དཀར་བྲེ་འདེགས། སེ་ལེ་རེ། ཤོག་བུ་བཅུ་ལྡེང་གཉིས་རེ་དང་། གྲོལ་ཉིན་ཟོང་རས་སྤམས་འགྱེད་ཊཾ་ཁ་རེ་ཐོབ་པ་རྣམས་བཏང་། རྣམ་སྣང་སྐུ་རྒྱབ་ལ་རྒྱ་དར། ལྷོ་ཟོང་སྤུས་དག་གི་གནམ་རྒྱན། ས་འཕན། རྒྱལ་མཚན་སོགས་ཀྱང་བཙུགས། རི་བོ་བདེ་ཆེན་དུ་མང་ཇ་གཉིས་དང་། ལ་ཡུག་བཞི་བརྒྱའི་འགྱེད་སྐལ་ཕུལ། ངེད་ལྷོ་རྒྱུད་དུ་དེང་ས་བར་འཇིག་རྟེན་ན་གྲགས་ཚོད་ཀྱི་གདོན་ཞིག་དངོས་དང་གདོན་གཟུགས་རྟེན་དང་རྟེན་པའི་རྣམ་པར་བྱས་ནས། ཁྱེད་སྐྱེས་བུ་དམ་པར་ཤེས་ནས་གནོད་སེམས་བཅང་པ་མེད། ཕྱོགས་ལ་ཕེབས་ན་བར་གཅོད་


JLAZ014_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་པར་སྨྲ་ཞེས་པའི་ཚིག་མ་ནིང་མགོ་ཞིག་ཟེར་བའི་མངོན་རྟགས་ཀྱང་གསལ། སྤྱིར་དམ་པའི་ཆོས་བསྒྲུབ་པ་རྣམས་ལ་བར་ཆད་འབྱུང་བའི་རྒྱུ་ནི་མ་རིག་པ། རྐྱེན་བདག་ཏུ་འཛིན་པ། དེ་ཡང་བསོད་ནམས་ཀྱི་བསགས་པ་ཆུང་བ། སྡོམ་པ་དང་དམ་ཚིག་ལ་ཉེས་ལྟུང་ཅན། མོས་གུས་ཆུང་ཞིང་ཐེ་ཚོམ་ཆེ་བ། མཚམས་རལ་བ་དང་ཉེས་དམིགས་མི་བསམ་པ་སྙིང་སྟོབས་དང་ཤེས་རབ་ཆུང་བ་རྣམས་འབྱུང་པོ་དང་མི་ཆེན་གྱི་གཞན་དབང་དུ་འཚོར་བ་ཡིན། རྒྱལ་ཆོས་མཛད་ནས་ཁོང་པས་ཐོབ་ཆེ་བས་སྦས། གནས་པདྨ་དཀར་པོའི་ས་མཚམས་སུ་དགོན་པ་འདེབས་པའི་རྒྱུ་མཚན་དང་གདན་འདྲེན་གྱི་བགྱི་སྒོའི་ཡི་གེ་འབྱོར་ཡང་། སྤྱིར་དུས་སྙིགས་མའི་དགོན་གནས་འཛིན་སྐྱོང་གིས་སེམས་ཅན་གྱི་དོན་འགྲུབ་པའང་དཀའ། གནས་སྐབས་སུ་འགྲོན་དོན་ལ་མིང་བཏགས་ཀྱང་འདོད་པ་མ་ཟད་ཀྱི་བར་ཡིད་ལ་བྱེད་པ་གང་ཡིན་ན་ཤེས་དཀའ་སྔར་མཚོ་སྣ་ར་དེངས་སྐབས་ལམ་དུ་རྟ་དྲེལ་གྱི་སྣའི་ཤུ་ཤུ་དང་ངལ་དུབ་ཀྱི་རྣམ་པ་མཐོང་བས་ལམ་ཐག་ཏིང་པོར་རྟ་ཁལ་ལ་བརྟེན་པའི་ཉེས་པ་གཅིག་པོ་འདིའང་འདག་པར་མི་ནུས་སོ་སྙམ་པའི་བློ་གཡེང་པོ་ཤར། འབྲེལ་ཚད་དོན་ལྡན་གྱི་སྟོན་པ་ཉན་ཐོས་ཀྱི་འཁོར་དང་བཅས་པའང་བཞོན་ཁལ་ལ་མི་བརྟེན་པའི་དགོངས་པ་


JLAZ014_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་དྲན་ནས་སྐོར་ཅིག་ཀྱང་འགྲོ་བའི་བློ་གཡེང་སང་། འདི་ལོ་སྒྲོལ་མ་འབུམ་ཐེར། ཚེ་གཟུངས་འབུམ་ཐེར་གཉིས། བཤགས་རྒྱུད་རྒྱ་རྩ། སྨན་བླའི་མདོ་ཆོག་རྒྱ་ཚར་བཏང་། ཐོས་པ་འཛིན་པ་དང་། དཀོན་མཆོག་ལ་དད་པའི་བསོད་ནམས་འཕེལ་ཕྱིར་བཀའ་འགྱུར་ཚར་གཅིག་མདུན་དུ་བདར་ནས་ཀློག་ཏུ་བཅུག །རང་ལོ་ལྔ་བཅུ་པའི་དགུན་ཐོག་འདི་ལ་དྭགས་སྤྲུལ་དང་། མོན་ལྗོངས་མཁར་བླ་མ་ཅན་འདུས་པ་བཞི་བཅུ་སྐོར་ལ་འདུས་པ་མདོ་དབང་ཆེན་མོ་སྨིན་རྒྱས་དང་། མཁའ་འགྲོ་སྙིང་ཐིག །བླ་མ་ཡང་ཏིག །ཆོས་དབང་རིན་པོ་ཆེའི་ཡང་དག་ རྟ་འཇམ་དབྱངས་གསུམ་ལ་སོགས་པའི་རྗེས་གནང་མང་པོ་ཡང་བགྱིས། ཞར་ཆོས་སུ་ཇོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་འགྲེལ་བཤད་དང་། རྩ་ལྟུང་བཅུ་བཞིའི་རབ་དབྱེ། བཤེས་སྤྲིང་རྒྱ་འབྲེལ་སློབ་དཔོན་བློ་གྲོས་ཆེན་པོའི་ལུགས་སྐབས་གང་འགྲིག་ནས་བཤད། སློབ་སྤྲེང་གི་འགྲེལ་བ་རྒྱ་གཞུང་གཉིས་ལ་ལེགས་ཉེས་ཀྱི་རྟོག་དཔྱོད་ཀྱང་ཤར། །མོན་པ་བླ་མས་དྲན་པའི་གཏམ། ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་འདི་ཡི་གེར་བཀོད། །སྐབས་འདི་དག་ཏུ་ཁོ་བོས་སེམས་སྟོབས་ཆེན་པོ་བསྐྱེད་ནས་རྙིང་བསྟན་གྱི་རྩ་བ་མདོ་སྒྱུ་སེམས་གསུམ་ལ་རག་ལས་པ་ཡིན། རྗེས་སུ་ཞུགས་པ་


JLAZ014_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྨོངས་ཆེས་པས་སྔ་འགྱུར་གྱི་རྒྱུད་སྡེ་དང་། དེའི་གཞུང་དོན་མ་ནོར་བ་མཁས་གྲུབ་ཆེན་པོས་སྲོལ་བཏོང་ཅིང་ཤིན་ཏུ་གྲགས་པ་བརྟན་པའི་གྲུབ་མཐའ་བཟང་པོ་རྣམས་ལ་དེ་དག་བྱིན་རླབས་ཡལ་ལོ། །ཞེས་དགའ་རབ་དབང་ཕྱུག་གི་རོ་འཛིན་སྐྱོང་བས་བསྟན་པའི་གཞུང་ནུབ་པར་ཉེ། གདམས་ཕྲན་རྣམས་ཀྱིས་ནི་རྒྱུད་སྡེ་ཆེན་པོའི་སྤྱི་དོན་མི་ལྷོངས་བས་བསྟན་པ་འབའ་ཞིག་ལ་བསམས་ཤྲཱི་བརྦ་ཏར་འདུས་པ་མདོའི་སྒྲུབ་མཆོད་ཀྱི་རྒྱུན་ཞིག་ཚུགས་པར་རེ་ནས། ཆོག་ཕྲིན་གྱི་བར་མང་པོ་བསྒྲུབས། ཡན་ལག་གི་དཀྱིལ་འཁོར་རྣམས་ལྷན་ཐབས་སུ་བྱས་པའི་ཆོག་ཁྲིགས་བྱས། རས་བྲིས་བཞེངས། བྲི་ཐིག་དང་ཕྱག་རྒྱ་རྣམས་རྒྱུད་ལྡན་ལས་ཁོང་དུ་ཆུད་བར་བྱས། དངུལ་སྲང་བརྒྱས་གཙོས་པའི་ཆ་རྐྱེན་སྦྱོར་རྩིས་ཀྱི་དབུ་མཛད་གསར་རྙིང་ཆེད་དུ་བོས། ཆོ་གའི་ལག་ཁྲིད་ལ་སྦྱར་ཡང་། འཇུག་པའི་སྒོ་དབང་ཕྲིན་ལས་ཀྱི་གཞུང་ཆོག་འཛིན། རྟེན་ཅིང་འབྲེལ་འབྱུང་ཕྱག་རྒྱ་ལ་སོགས་དམ་ཚིག་གི་ཀུན་ཏུ་སྤྱོད་པའི་གནས་ལ་ཁྱིའི་མདུན་དུད་རྩ་བཞག་པ་ལྟ་བུར་གྱུར། སྐྱེས་རབས་ལས། རྒྱ་མཚོའི་ཕ་རོལ་ཚུར་རོལ་འགྲམ་ཡང་རིང་། །ཤར་ནུབ་གཉིས་ཀྱི་རི་དབང་དེ་བས་རིང་། །ནམ་མཁའ་དང་


JLAZ014_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ས་གཞིའི་བར་ཡང་རིང་། །ཕལ་དང་དམ་པའི་ཆོས་ནི་དེ་བས་རིང་། ཞེས་པ་དེར་འདུག །ད་ནི་ལྔ་བརྒྱའི་ཐ་མ་ལ་བབས་པས་བསྟན་པ་ལ་ཞབས་ཏོག་འགྲུབ་པའང་དཀའ་བའི་གནས་ལ་ཡིད་སྐྱོ་ནས་མཉམ་གཞག་ལ་མོས་པ་ཆེ་རུ་སོང་། ལར་གསང་སྔགས་ཀྱི་དཀྱིལ་འཁོར་ནི་ཐར་པ་ཆེན་པོའི་གྲོང་ཁྱེར་ཡིན་པས་བླ་མ་མཚན་ལྡན་གྱིས་སློབ་མ་སྣོད་ལྡན་བཅུག་པ་གཅིག་པོའི་སྐལ་བའང་འཇིག་རྟེན་རྙེད་པར་དཀའ། ཆོ་ག་དང་ཏིང་ངེ་འཛིན་དག་པའི་འབྲས་བུ་བསླུ་བ་མེད་དོ། རྨོངས་པ་རྣམས་ནི་ངས་འཆད་སྤེལ་ནི་མི་ནུས་ཟེར་ནས་ཆོས་ཐོས་པའི་ཡོན་ཏན་ལ་རྒྱུ་འབྲས་ཁྱད་པར་བལྟ། འགྲོ་དོན་མཛད་མཁན་ཚོའང་ཆོས་གང་དང་གང་ཡིས་རབ་རྒྱུད་ཀྱང་སྨིན་གྲོལ་དུ་འགྱུར། གཞན་ལའང་ཕན་པ་རྒྱ་ཆེན་བསྟན་པའི་ལམ་སྲོལ་མི་ནུབ་པའི་ཁུ་བླང་ངོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློ་ནི་བཏང་། དབང་ལུང་གི་རྒྱན་འདྲ་ཐོབ་ན་ངེས་རང་གི་གྲགས་པ་བསྲུང་བ་དང་རྙེད་པ་འཚོལ་བའི་ཐབས་འབའ་ཞིག་སེམས་པས་བླ་མ་ལ་བླ་མར་མི་འཛིན། ཆོས་ལ་ཆོས་སུ་མི་སེམས་དཔས་སོ་སྐྱེའི་ངང་ཚུལ་ལས་གཡོས་པ་མེད་བཞིན་དུ་བཞུགས་ཁྲི་མཐོ་བ་ཁོ་ན་སྐྱེས་བུ་དམ་པའི་ཡོན་ཏན་དུ་སྙེམས་པའང་གངས་ཅན་ངོ་མཚར་གྱི་གནས་གཅིག་གོ །ཀུན་མཁྱེན་ཆེན་པོས། དབང་རྣམས་མ་རྫོགས་རྒྱུད་


JLAZ014_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མི་ཤེས་ལ། །བཟླས་བརྗོད་མ་ཚང་བསྙེན་སྒྲུབ་མ་ཐེམས་བཞིན། །དབང་བསྐུར་རབ་གནས་གྲོང་ཆོག་རྙེད་འཚོལ་དང་། །བླུན་པོའི་རྨོངས་ཟིལ་ཟས་གོས་ཆེ་ཁྱད་ཅན། ལོག་རྟོག་གྲུབ་མཐས་རྨོངས་པ་ངོ་མཚར་བསྐྱེད། །འདྲེན་པའི་གཟུགས་བརྙན་མཐོང་བས་སེམས་འདི་སྐྱོ། །ཞེས་གསུངས། བདག་ཅག་རང་རྒྱུད་ལ་རྟོག་ཅིང་བར་དོ་བགྲོད་པའི་ཡོན་ཏན་མ་ཐོབ་པས་དཀོར་དང་ལོག་འཚོའི་ཉེས་དམིགས་ལ་ཡང་ནས་འདུག་པ་ལ་བྱས་པ་དྲིན་དུ་མི་གཟོ་བའི་བླ་བརྡོལ་སྙིང་རེ་རྗེ། རྣམ་པའི་རྟེན་འབྲེལ་འཕྱུགས་བདེ་འཕོངས་པ་མ་གཏོགས་རྒྱ་གར་པཎ་ཆེན་ལ་བྷོ་ཌའི་གཞན་དྲིང་མི་འཚལ། དངོས་ཀྱི་སྤངས་རྟོགས་དང་ཆོས་ཚུལ་རྒྱ་མཚོ་སྔོན་གྱི་སྨོན་ལམ་གྱི་རང་གཟུགས་ལས་བྱུང་ན་རིགས་ཀྱི་བདག་པོར་དྲི་མེད་འོད་ཟེར་རང་མཁྱེན་ནོ། །སྒོམ་པོ་པའི་རུས་ཟུར་ཞབས་དྲུང་བསྟན་དར་ལ་སྙིང་ཐིག་གསར་མའི་འབྲིད་ཚུལ་སྨིན་པ་བྱས། ཁོང་ཤེས་རབ་ཆེ་ཞིང་དྲི་བ་མང་པོ་བྱས་པའི་འཕྲོར་ཟབ་མོ་ཡང་ཏིང་ཟེར་བ་སྙིང་ཏིག་བཞི་ལ་ཨེ་ཐེ་སྐད། རྒྱུད་བཅུ་བདུན་དང་བཏགས་གྲོལ་རྒྱུད་གསུམ། མན་ངག་བརྒྱ་བཅུ་དགུ་ཟབ་པ་པོད་བཞི། མཁའ་འགྲོ་སྙིང་ཐིག་གསང་བའི་དེབས་དང་བཅས་པ་གནད་དུ་བསྡུས་པ་ཡིན། དཀར་ཆག་ཉི་ཟླ་གཟའ་སྐར་གྱིས་བསྟན་པའི་སྙན་


JLAZ014_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཐིག་ལེ་གསང་སྒོང་ནི་དེང་སང་ཤིན་ཏུ་དཀོན། འདིའི་བླ་བརྒྱུད་ལ་ཙཱ་རིར་འོད་ཕུང་དུ་ཡལ་བའི་མཛོ་གཉིས་ཀྱི་བླ་མ་དམ་པ་གྱེར་ཡང་བཞུགས་པ་སོགས་བླ་བརྒྱུད་ཀྱང་སྤྱི་དང་མི་མི་འདྲ་བ་ཡིན་ཞེས་བཤད། ཁོང་གིས་ཀྱང་ལོ་གསུམ་གྱི་བསྒྲུབ་པ་ཁས་བླངས་ནས་བྱོན་ནི་སོང་། རི་ཁྲོད་པར་བསྐྱེད་རྫོགས་ཟབ་མོ་ལས་སྟག་པའི་བརྒྱ་བཤིག་སྟོང་འགུགས་ཀྱི་དགེ་བ་བདུད་ལས་ཡིན། སྤྱིར་བདག་ཅག་འདོད་པ་ཟད་པའི་རིགས་ཅན་དུ་མི་འདུག་ཀྱང་། དད་རྫས་གཤིན་སྐོར་འདིས་སྲོག་ལ་ཧུར་ཐུམ་བྱེད། ཉམས་དང་རྟོགས་པ་འགྲིབ། ཆག་ཉེ་ཉམ་ང་འདུ། ས་ལམ་དང་འབྲས་བུའི་ཡོན་ཏན་ལ་སྒྲིབ་པར་ངེས་ཤེས་འདྲོངས་པས་རབ་ཏུ་ཡང་ནས་འཇིག་རྟེན་དང་མཐུན་འཇུག་མ་བྱས། ཐབས་དང་རྟེན་འབྲེལ་མ་བསམས་རང་བཞིན་དུ་ཆང་ཆུང་འབྱོར་བ་དག་གནས་མིན་དུ་གོད་ཟག་པ་ཤིན་ཏུ་འཛོམ་པར་བྱས་ཀྱང་། སྐྱེ་བོ་གཞན་དག་ནི་དཀོར་དང་རྣམ་སྨིན་ལ་ཇི་མི་སྙམ་པ་ཤ་སྟག་མིན་པས་བསམ་པ་སྣ་ཚོགས་འཆར། རྒྱུ་དེས་རང་ལ་འབྱུང་འགྱུར་མི་ཤེས་པའི་རྫུན་གཏམ་གྱི་བརྟག་པ་དང་། བསྔོ་རྟེན་ལ་སོགས་པའི་རྒྱུན་ལ་མ་བཅད་ན་སྙམ་པ་ཡང་ནས་དུ་ཤར་ཡང་ཐག་རིང་ལ་སོགས་པའི་ས་ནས་འགའ་དང་འགས་ཁ་ཆེམས་བཞག་པ་སོགས་མི་ལེན་པའི་དབང་མ་བྱུང་ཚེ་ཉེ་སྐོར་གྱི་ཆང་ཆུང་རིགས་


JLAZ014_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མ་བླངས་ཁ་ན་མཐོ་བདེ་བས་ཆེ་ཞིང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་རྩ་ལྟུང་ལའང་འཇིགས་པས་ཡིད་འཕྲིགས་སེ་པའི་ངང་ནས་བདག་གིར་བགྱིས་པའི་རྫས་ཕན་བུ་པ་རྣམས་ལས་རྟེན་བཞེངས་ཤིག་ཡིད་ལ་བསམ་པའི་ཚེ། དཀོན་མཆོག་དང་མཁའ་འགྲོ་ཆོས་སྐྱོང་གི་ཐུགས་རྗེས་གཡོར་སྟོད་ཕྱོགས་ནས་ཆོས་་དོན་གཉེར་བའི་སྐྱེས་བུ་བཟོ་གནས་ལ་བྱང་བ་ཞིག་སླེབས། བཟོ་ཕུད་དུ་རྒྱལ་བ་འོད་མཚན་སྟོང་འབར་ཞིག་བཞེངས། དེ་ནས་བཀྲ་ཤིས་བཙན་པ་མ་སོར་ཉེ་བའི་སྲས་བརྒྱད་སྐྱེས་བུ་གཞོན་ནུའི་ལུས་ཚད་དང་། བོད་དུ་བསྟན་པའི་དབུ་བརྙེས་པའི་རྟེན་འབྲེལ་ཕོ་བྲང་ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་བབ་པའི་ཐོག་མ་སྤང་སྒོང་ཕྱག་བརྒྱ་པ་ལ་སོགས་ནས་མཚན་གཞི་བཤད་ཅིང་། འདུས་པ་མདོ་ཡི་བྱང་སེམས་ཀྱི་དཀྱིལ་འཁོར་ནས་མངོན་རྟོགས་བསྟན་པའི་ཕྱོགས་བཅུའི་སངས་རྒྱས་འགྲོ་དོན་ལ་གཤེགས་པའི་ཚུལ་བཅུ་ཐམ་པ། པདྨ་འོད་གླིང་གི་གཙང་ཁང་དུ་རྒྱལ་བ་ཀློང་ཆེན་པའི་སྐུ་བརྙན་དང་། བཟོ་བོ་ཅིག་ཤོས་གཉིས་ཀྱིས་ཐུབ་པ་གྲོང་ཁྱེར་མ་དང་། སྤྱན་རས་གཟིགས་ཁ་སར་པ་ཎིའི་ལྡེམ་སྐུ་ཁང་པ་ལ་དཔེ་གས་པ་གཉིས་བཞེངས་ཤིང་གནས་ཀྱི་བཟོ་གནས་ཀྱི་བཀོད་པས་འདོམས། བཅད་ལྡན་སྨལ་ཤམ། གན་ཇུས། མཛོད་


JLAZ014_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། རྡོ་རྗེ་གསང་ལམ་ལ་སོགས་བཟང་གོས་འབའ་ཞིག་གི་ན་བཟའ་དང། དངུལ་སྲང་ལྔ་བཅུ་ཐམ་པའི་རྒྱུ་རྐྱེན་ལས་གྲུབ་པའི་མཎྜལ་ཕུལ་མ་ཚ་གསེར་ཅན་འཁར་གཞོང་གི་སྟེགས་ཆེ་བ་དང་བཅས་བསྐྲ་ཤིས་སྲོང་བཙན་བམ་སོར་ཕུལ། གནས་དེ་ཉིད་དུ་ཚོག་རོགས་པ་དགེ་འདུས་བཅོ་ལྔ་སྐོར་དང་བཅས་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། རང་གནས་སུ་འོག་མིན་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཆེན་པོ་གཉིས་ལ་བརྟེན་རབ་སྔར་བཞིན་བསྒྲུབས། རྟེན་བཞེངས་ཀྱི་དོན་པོ་རིང་བསྲེལ་རྣམ་པ་བཞི་ལ་རག་ལུས་པས་རུས་ཤིང་ལ་རྩ་ཐང་དང་ཤིང་འདབ་སོགས་མ་བསྡམས་པར་གཙོ་བོར་གཟུངས་སྔགས་དང་དར་རས་འབའ་ཞིག་དཀྲིས་ནས་ཚོགས་རྫོགས་པར་བྱས། དཔལ་རི་བའི་ཚེས་བཅུ་པ་རྣམས་ལའང་སློབ་དཔོན་ཆེན་པོའི་སྐུ་དང་བཅས་འདི་ལོའི་དབྱར་ངོ་ཕལ་ཆེར་རྟེན་བཞེངས་ཀྱི་བྱ་བས་འདས། ཕྱོགས་བཅུའི་སངས་རྒྱས་རྣམས་དཔའ་རིའི་གཙང་ཁང་དུ་བཞུགས་སུ་གསོལ།


JLAZ014_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཞལ་གསེར་མང་བསྐོལ་ཉི་ཤུ་ཐམ་པ་བཏང་དེ་དམ་པའི་ཆོས་འདུལ་བ་ཞལ་འབྱེད་དང་། མངའ་རིས་གྲྭ་ཚང་པར་མང་ཇ་དང་འཇམ་བཏང་ནས་སྤྱོད་འཇུག་གི་སྨོན་ལམ་གསུང་བར་བསྐུལ། གྲྭ་ཚང་འདི་པའི་དགེ་བཤེས་བཀའ་རམས་པ་བཅུ་ཐམ་པ་སྨོན་ལམ་རྣམ་གསུམ་འདོན་དུ་སྦྱོན་པར་བྱས་པའི་ཞར། ཁོ་བོ་ཤིང་རྟ་ཆེན་མོའི་རིང་ལུགས་ལའང་གུས་པས་རྒྱན་འཇུག་གཉིས་ཞལ་འདོན་དང་། ཐུན་དབར་རྒྱུ་འབྲས་མན་ངག་བདུན་ལྡན་སྨོན་འཇུག་གི་སེམས་བསྐྱེད་ལ་དམ་བཅའ་འཇོག་བར་བསྐུལ། ཡི་གེ་གཞན་གྱི་དགོས་པ་སྐྱེས་ནས་རྫོགས་ཆེན་པ་ཀུན་གཞི་དང་ཆོས་སྐུ་ཇི་ལྟར་འདོད་དྲི་བ་ལ་ཀུན་མཁྱེན་ཆེན་པོའི་བཞེད་པས་ལན་བཏབ་པས་རངས། རྫོགས་ཆེན་གྱི་ལྟ་བ་ལ་ལྟག་པར་འདྲི་བར། བདེ་བར་གཤེགས་པའི་སྙིང་པོ་བྱ་བ་དེ་དོན་དམ་པའི་བདེན་པར་མཐུན། དེ་སེམས་ཅན་གྱི་ཁམས་ལ་དངོས་བསྟན་དུ་ཡོད་མེད་སྐབས་ཇི་ནང་པ་དང་གསེར་མདོག་ཅན་པ་ལ་རུབ་བརྒྱབ་པ་དེ་ངས་ཀྱང་གོ་ཞིང་རྟོགས། ཁོང་རྣམ་གཉིས་ཀྱང་བཞུགས་མཆིན་ལྕགས་ལ་ཐར་བཏང་མཁན་ཞིག་ཡིན་པར་སྣང་བས་རྗེས་ཀྱི་གཏན་ཚིགས་རྣམས་ལ་འཐབ་མོ་ཡ་མེད་དུ་སོང་སྙམ་པ་དང་། རང་ལྟ་ལ་མཆོག་ཏུ་མི་འཛིན། ལར་ཤེས་བྱས་


JLAZ014_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ་པའི་ལྟ་བ་མཐའ་དག་གོ་བ་ཡིན། དེས་སྐྱེ་མེད་ཀྱི་རྩ་བ་མི་ཆོད། འོ་ན་དབུ་མའི་རྩོད་བཟློག་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་སྲིད། གསུངས་སོ་སྙམ་ན། དེ་ལྟ་བ་ལུང་རིགས་དང་འབྲེལ་དགོས་པའི་སླད་དུ་དགོངས་། སྒོམ་པས་ཉམས་སུ་མྱོང་ཚོའང་ཤེས་བྱའི་སྒྲིབ་པ་དང་འབྲེལ་ཆེ་བས་འགག་མེད་ཀྱི་ཡོན་ཏན་རྣལ་དུ་མི་གནས། གདོད་ནས་གྲུབ་པའི་ལྟ་བ་སྤྲོས་བྲལ་རང་གནས་ཀྱི་ཡེ་ཤེས་ལ་བཟོ་འཆོས་མི་དགོས་པར་རྟོགས་ཙ་ན་རྫོགས་པ་ཆེན་པོ་ཟེར་བའ་ཁས་ལེན་ཐམས་ཅད་དང་བྲལ་བ་དེ་ཡང་། འདི་མཚན་ཉིད་པའི་སྟོན་པ་ཆེན་པོ་རྣམས་ཀྱི་སྙན་དུ་མི་འཛུལ་ཡང་། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་བྱང་མེད། བཞག་པར་བྱ་བ་བཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་དང་ནི་བར་ཐེབས་ཀྱི་ཡོད། འོན་ཀྱང་བོད་སྐད་རིགས་གཅིག་པའི་སྟོན་པ་ལ་བཟང་བ་ཕྱ་པ་ཆོས་ཀྱི་སེང་གེ་ཡང་དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་དུ་བཞིད་པ་དང་མཐུན་པར་ཐོས་བསམ་གྱི་ཤེས་རབ་ལས་བྱུང་བའི་ལྟ་བ་སྒྲ་ཚིག་གི་རྗེས་སུ་འགྲོ་བའི་ཆོས་སྐད་ཁྱེད་རང་རྣམ་པའི་དེས་བཏུབ། ཕ་དམ་པས། དོན་དམ་ལྷན་ཅིག་སྐྱེས་པའི་


JLAZ014_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ནི། ཚོགས་རྫོགས་སྒྲིབ་པ་དག་པའི་ལག་རྗེས་དང་། རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་པ་ལྟར། ཀུ་སུ་ལུ་བས་བདེན་པར་བསག་སྦྱང་དང་། བསྐྱེད་རིམ་དང་སེམས་བསྐྱེད་དང་མོས་གུས་ལ་སོགས་པའི་ཐབས་ལ་བརྟེན་ནས་རྟོགས་པའི་ལྟ་བ་ནི་སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱིད་ཡུལ་མིན། །བློ་ནི་ཀུན་རྫོབ་འཁྲུལ་པར་བཤད། །ཅེས་པས་སྒྲ་ཚིག་གིས་གཏན་ལ་མི་ཕེབས་ཀྱང་། འཕགས་པའི་ཡེ་ཤེས་མངོན་དུ་རྟོགས་པ་དེས་བཀའ་དང་དགོངས་འགྲེལ་རྣམ་དག་གི་དོན་ལ་དཔྱད་ཙ་ན་འགལ་པ་ལྟག་སྤྲོད་མ་ཡིན་པའི་ཞུས་དག་ཕེར་ནས་སོང་། དེ་མུན་མུན་ཚོན་ཚོད་ཡིན་པར་དོགས་ན། མཚན་ཉིད་པ་རྣམས་ཀྱི་ཕུག་གུ་གསས་རྡོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཡིན། དེ་ནི་དོན་དམ་པའི་བདེན་པ་སྒྲ་དང་རྟོག་གེའི་ཡུལ་ཡིན་པ་ལྟ་ཞོག །ཞེན་པའི་ཡུལ་ཙམ་ཡང་མ་ཡིན་ཞེས་བཞེད་པ་ཡིན། འོ་ན་གང་གིས་རྟོགས་ན་གཤིན་རྗེ་དགྲ་ནག་གི་རྒྱུད་ལས། ཡང་ན་བླུན་པོ་དད་པ་བརྟན་ །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་རིང་དུ་བསྐལ། །ཞེས་བཤད་པས་ཁྱེད་རྣམ་པ་


JLAZ014_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དག་སྣང་ཡོད་དེ་མོས་གུས་མེད་པས་རྟོགས་པའི་དོན་ཅིག་ཅར་དུ་རྒྱུད་ཐོག་ལ་གདན་མི་འདྲོངས་ཏེ་མོད་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ་ཞེས་པ་བཤད་པས་སོ། ཞེས་སྨྲས་པས་བཏགས་པ་མིང་གི་རྫོགས་ཆེན་བ་མིན་པར་འདུག་ཟེར། ཁོ་བོ་ཅག་ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་འཛིན་པ་ལ་ངོ་མཚར་ནས་ཡིད་བཞིན་མཛོད་དོ་གལ་ཆེན་པོས་གཡར་བྱུང་བ་མཛོད་འདིས་མངོན་མཛོད་དང་ཐར་ཚད་ཀྱི་ཆོས་སྐད་དང་བསྒྲུབ་གཤག་གཏན་ལ་ཕབ་བས་ཀློག་པ་ཐོས་བསམ་བ་རྣམས་ཀྱི་སྙན་དུ་ལྷག་པར་འཛུལ་ཞིང་། ཞར་ལ་རྗེ་བཙུན་ཤཱནྟ་པུ་རི་བའི་ཐོས་པ་འཆི་མེད་ཀྱི་བདུད་རྩི་ཞེས་པའང་བསྐུར་བས་ཕྱི་མཐའ་རྙིང་མ་པ་རྣམས་གཏོ་ཆོག་དང་གདམས་ཕྲན་ལ་རང་ལུགས་ཀྱི་གྲུབ་མཐའ་རློམ་བ་མཐོང་བས་གཞན་དང་གཞན་དག་སྔ་འགྱུར་གྱི་རིང་ལུགས་ལ་ཆོས་སྤོང་གི་ལས་གསོག་པའི་གཉེན་པོར་སོང་། ཆོས་ལ་སྡང་བའི་ཉེས་པ་བསལ་བ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་བ་ཡིན་ནོ། །ཆོས་རྗེ་བྲག་ཕུག་བ་སྤྱིར་ཐོས་པ་དང་ཤེས་རབ་འཛོམ་མོས་པ་བརྟན། ཁོང་དང་པོར་བཀའ་རྒྱུད་པའི་རིགས་ཀྱི་སྔོན་སྦྱངས་དང་མིག་ལྟོས་ཀྱང་ལེགས་པས་རང་ཉིད་ལའང་བླ་མའི་མིང་དང་ཕྲིན་ལས་ཡོད་པ་གློ་བ་ཁེངས་ཏེ།


JLAZ014_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་དང་རྒྱ་ཆེ་བའི་ཆོས་སྤྱི་དང་། ཁྱད་པར་རང་རིག་ཡིད་བཞིན་གྱི་ནོར་བུ་གང་ལས་རྙེད་བའི་དེད་དཔོན་གྱི་བླ་མ་ལ་བཟོ་གནས་བསླབ་པའི་སློབ་དཔོན་ལྟ་བུར་བལྟས་ནས་གཅམ་བུའི་ངོ་འཛིན་གྱིས་དངོས་གྲུབ་ཀྱི་སྣོད་བརྡོལ་བ་དེ་མ་ཡིན་པར་ཁོ་བོས་དང་པོ་ཆུ་བོ་རིར་སྨིན་གྲོལ་གྱི་རྗེས་སུ་བཟུང་བ་ནས་བཟུང་བླ་མ་གསང་ཞིང་བརྙས་པ་ལ་སོགས་པའི་དམ་ཚིག་ལ་སྐྱོན་བྱུང་བ་ཆེར་མེད་ཀྱང་། དབང་ཞུས་ཁྲིད་ཐོབ་སྒོམ་པར་ཁས་བླངས་པ་རྣམས་རེ་ཞིག་རྐྱེན་དབང་སྣ་ཚོགས་པས་ཐོག་ཏུ་མཁེལ། ཆོས་པ་སྤྱི་མཐུན་གྱི་ཆགས་སྡང་སྣ་ཚོགས་པའི་སྟེས་དབང་དུ་གྱུར་བ་ལ་འགྱོད་པ་དྲག་པོ་རྒྱུན་ཆགས་སུ་སྐྱེས་པས་མི་འཆབ་པ་དང་། མི་སྦེད་པའི་འཕྲིན་ཡིག་ཡང་ཡང་བསྲིངས། འདི་ལོ་ཆེན་གྱི་བྱོན་ནས་སྒྲོམ་གྲར་བསྐང་བཤགས་འགྱེད་བཅས་དང་། ངོས་ཅག་ལ་ནཻ་པ་ལའི་དོང་ཅེ་བརྒྱ་ཕྲག །ལྷ་རྫས་བཟང་གོས་ལ་སོགས་པ་བསྟབས་ཏེ་བརྐྱང་ཕྱག་བཙལ་ནས། བླ་མ་དང་ཐག་ཉེ་ན་བློ་གཞན་དབང་དུ་མི་འགྲོ། གཞན་འདི་ད་ལྟ་མིག་ལྟོས་ལེགས། སྡིག་པའི་གྲོགས་དང་བྲལ། དགེ་བའི་གྲོགས་པོ་ཕོང་པས་སྤྲོ་ཞིང་མོས་པའོ། །ཞེས་ལོ་གསུམ་འདག་འབྱར་གྱི་དམ་བཅའ་ལ་ཞུགས་ཁོང་ལ་སྒྲུབ་པའི་ལྷོངས་འདི་ཕྱི་གཉིས་ཀྱི་མཚམས་དོ་


JLAZ014_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ལས་མེད་པའི་ཆུ་ནང་ཟླ་བར་ཉེ་བ་བྱུང་ཡང་མོས་གུས་མ་ཤོར་བས་འཕགས་པ་འཇམ་དཔལ་གྱིས་བདུད་གཅོད་མངོན་སུམ་དུ་བསྐྲད་པའི་རྨི་ལྟས་མཐོང་ནས་ཐར། ལར་གང་ཟག་དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་གྱི་རིགས་དད་པ་ལ་འགྱུར་ལྡོག་མེད་ན་གཞན་ངོ་ལ་ཇི་ལྟར་ཡང་གསང་སྔགས་ཀྱི་ལམ་ནས་དངོས་གྲུབ་ཐོབ་པའི་བལྟ་རྒྱུ་ཆེན་པོ་ཞིག་དེ་ན་འདུག་གོ །གཞན་སློབ་དཔོན་སངས་རྒྱས་གསང་བའི་སྤྲེང་ཡིག་པས། སྲིན་བུ་གདོང་དམར་བོད་ཀྱི་རྒྱལ་ཁམས་མི། ་དམ་ཚིག་ཉམས་ཤིང་མནའ་ལ་མི་འཛེམ་ལ། །ཤེས་པ་རགས་ཤིང་ཁོང་བརྣག་ཆུང་བ་ཡིས། །སྔར་བྱས་ཁྱད་དུ་གསོད་བར་ལས་ཞེས་མཆི། །ཞེས་པ་ལྟར། དབུས་གཙང་གཞུང་བའི་མི་འདི་རྣམ་རིག་གསལ། འདྲིས་མི་བརྟེན། གྱ་གྱུ་ཆེ། ཐེ་ཚོམ་དང་ཟོལ་འགྲོགས། ངོ་ལྒོག་ཆེ་བས་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་ནས་ལམ་མི་འཆག་ཏུ་འགྲོ་བ་ཤིན་ཏུ་ཉུང་། གལ་ཏེ་བསོད་ནམས་ཀྱི་བསགས་པ་ཅན་གཟུ་བོར་གནས་པ་བྱུང་སྲིད་ན་མི་ཁྱད་ཀྱང་ཕན་ཆོད་པ་ཡིན། ལར་དགེ་བའི་བཤེས་གཉེན་པུ་ཏོ་བས། སློབ་མའི་མི་གཞོ་འཆོས་མི་ཤེས། ཡོན་ཏན་འཆོས་ཤེས་གསུངས་པ་ལྟར། །དེང་སང་སྒྲུབ་པའི་དུས་ཀྱི་གསུམ་པ་ཡིན་པས་སྐྱེ་བོ་རྣམས་ལ་སྐྱོ་ཤས་ར་རི་འཕེལ་


JLAZ014_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བ་སླ་ཡང་ལ་ལ་བློ་རྒོད་ལ་ཐལ། རྒྱུ་མི་གཞི་བླུན་པ། རྐྱེན་ཐོས་པ་ཆུང་བ། ངོ་བོ་བསོད་ནམས་ཀྱི་རྒྱབ་མ་འཁྱོར་བའི་རིགས་ཅན་ཕལ་ཆེར་ཞིག །དང་པོ་སྐྱོ་ཤས་དང་། ངེས་འབྱུང་། དད་པ་གསུམ་གྱི་སྣ་དྲངས་ནས་རྩེ་གཅིག་གི་ཉམས་ར་རི་ཞིག་ཤར། དེ་ལམ་དུ་མ་སོང་བདག་ལ་སྟོང་ལྟ་ཤུགས་དྲག་པོ་ཞིག་སྐྱེས། དེ་ལ་ནི་ལས་འབྲས་ཀྱང་ཚད་པར་འཆར་ན་སྙིང་རྗེ་དང་མོས་གུས་ལ་རྟེན་གཞི་ག་ལ་ཡོད། སྙིང་རྗེ་འགགས་པས་བསོད་ནམས་ཀྱི་ཆོ་གས་རྒྱུན་ཆད་ཐེག་པ་དམན་པར་ལྷུང་། མོས་གུས་ཡལ་བས་སྤྲོས་བྲལ་དང་འབྲེལ་པ་ཆད། ཡེ་ཤེས་ཀྱི་ཚོགས་ཀྱིས་སྤངས། སྐྱེ་འགག་སྟོང་པར་བསྒོམ་པའི་ཆད་ལྟ་ལ་རྟོགས་པ་ཡིན་ནོ་སྙམ་ནས། བླ་མས་བསུན། དགོན་པས་སྐྱོན། དེ་ཙ་ན་རང་རྒྱུད་དང་ལྷན་ཅིག་སྐྱེས་པའི་གེགས་ཀྱི་རྣམ་པར་རྟོག་པ་ལ་བླ་མའི་ལུང་གིས་མི་སྐྱོབ། འདི་བས་ཀྱང་དགེ་བའི་ཁེབས་ཆེ་བ་བྱེད། འདི་བས་ཀྱང་དབེན་པའི་གནས་ལ་འགྲོ་ཟེར་བའི་ཚིག་གི་ཟོལ་སྦྱོར་གྱི་བླ་མ་བསླུས། མཆེད་གྲོགས་སྤངས། ངོ་ཚ་དང་ཡོད་ཀྱི་འཚོ་བའི་སྒོ་དབྲལ། གཉའ་ཡངས། སྒོ་ང་མ་དྲོད་ལས་ཡར་བས་ལང་ཚོར་སྨིན་པའི་འཕྲོ་ཆད། །སློབ་སྤྲིང་ལས། ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། །ཡུལ་


JLAZ014_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན། །དུག་ནི་སྐྱེ་བ་གཅིག་ལ་དུག་ཏུ་འགྱུར་བར་ཟད། །ཡུལ་ནི་ཚེ་རབས་གཞན་ལའང་དུག་ཏུ་འགྱུར་བར་བྱེད། །ཅེས་ཡུལ་གྱི་རྐྱེན་ནི་རྣམ་པ་གྲངས་མང་། ངོ་བོ་རྫུ་འཕྲུལ་ཆེ་བས་ཐོག་མའི་བདེ་གཤེགས་སྙིང་པོ་ཡང་བསྡུ་བ་ལ་མཁས་ན། སོ་སོ་སྐྱེ་བོའི་རང་བཞིན་དམ་བཅའ་ཇི་ལྟར་བརྟན་ཡང་འཐོར་རླུང་དང་ཕྲད་པའི་བྱ་སྒྲོ་ལྟ་བུ་དེ་བླ་མ་མཚན་ལྡན་དང་བྲལ། སྒོམ་གྲ་ཚད་ལྡན་གྱི་ཁྱུ་ལས་ཡར་ཚེ་དགེ་སློང་ཐང་པ་ཞེས་བྱ་བ་རླུང་སེམས་ལས་སུ་རུང་བའི་རྫུ་འཕྲུལ་གྱི་ནམ་མཁའ་ལ་འགྲོ་ཤེས་པ་རྣམ་རྟོག་ངན་པ་གཅིག་ལམ་དུ་མ་ལོངས་པས་ཕ་ཡུལ་དུ་བབས་ནས་དམག་དཔོན་བྱས་པའི་གཏམ་རྒྱུད་ལྟ་བུ་ཡོད། ལར་རྗེ་བཙུན་མི་ལས་རས་ཆུང་པ་ལ་ཇི་ལྟར་གསུངས་ཤིང་མངོན་དུ་གྱུར་པ་ལྟར། སྒོམ་གྲོ་འདིར་ཆགས་པའི་དབང་པོ་རྟུལ་པོ་ཐམས་ཅད་ཀྱང་བལྟར་སྣང་མཛེས་བོས་སྐྱེ་བོ་བསླུ་མ་ཤེས་ཀྱང་། བློ་མ་ལང་། སྡོམ་པ་དང་དམ་ཚིག་གི་གནས་ལ་ཉེས་ལྟུང་གི་ཆེར་མ་གོས། ནང་གི་རྣལ་འབྱོར་ལ་ལམ་སྣ་ཟིན་ཙམ་ཤ་སྟག་བྱུང་། འདིར་འདུག་ཡུན་རིང་ཞིང་བློ་བརྟན་པ་ལྷོ་མོན་གྱི་ཕྱོགས་སུ་བསྒྲུབ་ཚུགས་ཟིན་པ་དང་། སྐྱེ་བ་དང་ཤེས་རབ་དམན་ཡང་སྙིང་པོ་དུང་གྱུར་སོང་བ་དང་། ལ་ལས་ཁྱིམ་མཛེས་མེད་པའི་རི་ཁྲོད་དུ་གཅིག་བུ་ར་ལོ་དགུ་སྟན་ཐོག་གཅིག་ཏུ་


JLAZ014_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད་ནས་གཡས་གཡོན་དུ་ཆོམ་རྐུན་གྱི་མི་བསད་བ་དང་། རྡོ་འཕངས་པ་སོགས་བྱུང་ཡང་བླ་མ་རང་ལ་གསོལ་བ་བཏབ་ནས་མ་སྤོས་བར་འདུག་པ་སོགས་འགའ་ཡོད་མོད། བླ་མའི་དྲུང་ནས་བྱེར་བའི་ཤེས་བྱ་དང་ཕེར་རྒྱ་ཅན་ཕལ་ཆེར་བར་ཆད་རང་གི་དབང་དུ་སོང་ཞེས་ཐོས། སྡེ་དགེ་རུ་དམ་པའི་གྲ་བ་བཞི་དོན་གཉེར་ཆེ་ལ་འབུལ་ནོད་ཉུང་བ་ཞེས་ཁོང་ཚོས་ཆེད་དུ་གཏད་པའི་རེ་ཆེས་ཐམས་ཅད་ནས་རིམ་གྱིས་བཤུགས་པ་ལྟ་བུའི་མཐར་དེད་ཅན་དུ་སླེབས། བཤུལ་རིངས་ཀྱི་འགྲོན་པོ་སྙིང་རྗེའི་ཡུལ་དུ་བཟུང་ནས་ཁོང་ཚོའི་འདོད་ཆོས་ཟབ་རྒྱ་འཁྲུལ་འཁོར། ཡང་ཏི་ནག་པོ་དེ་དག་གི་སྒོ་ནས་རྫོགས་པ་ཆེན་པོའི་གཞི་ཀ་དག་དང་། ལམ་ལྷུན་གྲུབ་ཀྱི་འཁྲིད་ཚུལ་ཤིན་ཏུ་སྨིན་པ་དགོས་ཞེས་ཟེར། གཞི་ལམ་འབྲས་བུའི་གནད་ཤེས་རབ་འདོད་ན་ནི་རྩ་རླུང་ཐིག་ལེའི་བྱེད་བཅིངས་དང་། དབང་པོ་རྐྱེན་གྱི་བསླད་པའི་སྟོང་གཟུགས་ལམ་གྱི་བོགས་འདོན་གྱི་ཆོས་ཡིན་པས་སེམས་ཀློང་མན་ངག་སྡེའི་སྙིང་པོ་ཀུན་མཁྱེན་ཆེན་པོས་ཇི་ལྟར་གཏན་ལ་ཕབ་པའི་དོན་སེམས་ཐོག་ཏུ་གདར་ཤ་གཅོད་དགོས་པ་ཡིན་ཞེས་གོ་བ་ལེགས་བར་བསྟོ་ན། ལ་ལས་གནས་འགྱུའི་འགྲོ་ཕྱོགས་དོད་ཙམ་འདུག་ཀྱང་གཞི་ཐེ་ཚོམ་ཅན་ལྡབ་དང་མཚང་འདྲུ་བ་ལ་གོམས་པ་ཞིག་འདྲ་བས་ཁོའི་ལམ་དེས་འགེགས་


JLAZ014_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པར་དོགས། ཁོང་འདོད་གདུངས་ཆེས་པས་བཀའ་བརྒྱད་ཀྱི་དབང་ཆེན་ཀྱང་སྔ་ཆར། ཆོས་རྗེ་བྲག་ཕུག་པ་དང་། དྭགས་སྤྲུལ་སོགས་འདུས་པ་གཞི་བཅུ་སྐོར་ལ་ཞི་ཁྲོའི་རིམ་པ་དབང་གི་ལས་རྣམ་པ་གཉིས་དང་། མདོ་བྱང་ཆེན་མོ་ལྟོ་ལེགས་པར་སྦྱར། ལར་དེང་སང་གི་ཆོས་ཉན་པ་ནོད་དང་དྲི་མའི་སྐྱོན་ཅན་ལ་གསང་སྒྲོག་གི་ཉེས་པ་དང་དངོས་གྲུབ་གཉིས་ཀ་ཆུང་སྟེ། འཇིག་རྟེན་པའི་སྡེ་གཉིས་འཚུབ་ཆེ་བ་དང་། དབང་གོང་མ་གཉིས་སྦས་དོན་ཡིན་ཕྱིར་གོང་དུ་སྡོམ་བཟུང་གི་སྐབས་ནས་ཐོབ་ཐང་དབྱེ་ནས་དབང་མི་ལ་རྒྱས་བསྡུས་ཀྱང་བྱས། ད་ནི་དུས་སྙིགས་པས་སྔགས་ཀྱི་དངོས་གྲུབ་བརྙེས་པའི་རིགས་ཅན་ཉུང་ཡང་མི་རེའི་མདུན་དུ་རྩིས་ཀྱི་ཤོག་ཁྲ་རེ་ཁ་ཕྱེ་ནས་ཆོས་ལ་ཐོབ་བརྩི་བའི་ནན་ཏན་ཆེས་པས་ཀློང་ཆེན་སྙིང་ཏིག་གི་དབང་ཆོག་སྣིང་པོ་དོན་གསལ་ལ་བྲེན་ཞི་ཁྲོའི་ལྷ་དབང་ཆེན་མོ་དང་། དཔལ་ཆེན་ལ་སོགས་པའི་སྒོས་དབང་རྣམ་གྲངས་བཞི། ཉུང་བསྡུས་ལ་ཚེ་རིང་མའི་སྲོག་དབང་ཡང་ཤོར། སྙིང་ཐིག་གསར་མ་འདི་ཡ་བཞི་དང་། རྒྱལ་བ་ཀློང་ཆེན་པའི་གྲུབ་མཐའ་དོན་པོ་ཡིན་ཡང་ཉམས་སུ་མི་ལེན་པ་མང་ཆོས་ཆོས་ཉམས་ཤེས་ཤེས་འདྲ་བས་བཀའ་རྒྱ་དབང་མེད་དུ་བཀྲོལ། ལྷ་པས་གླེགས་བམ་བརླག་ཏུ་བཅུག་པ་སོགས་རྟེན་འབྲེལ་


JLAZ014_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅུང་ཟད་གནོད་པ་བྱུང་། ལར་དམ་པས། བོད་ཀྱི་ཆོས་པ་འདི་ཚོ་ཁ་ཅང་ཁྱེར་མི་མཁས། དད་པ་སྐྱེ་མགྱོགས་ལ་ཡལ་བ་སླ། དམ་ཚིག་མི་བསྲུང་བར་དབང་ཞུ། ཉམས་སུ་མི་ལེན་པར་གདམས་ངག་ཞུ། བོད་རྟོག་པ་ཆེ་བས་ཐབས་ལམ་གྱི་སྣོད་ཉུང་། འཕན་ཡུལ་དུ་གཅིག་ལ་བཏབ་པས་དེ་ཡང་རུལ་གསུང་པ་དེབ་དེ་ན་པར་འདུག་གོ །ངེད་ལོ་གསུམ་དང་པོའི་དུས་སྡེ་དགེ་ཕྱོགས་ནས་བསྐུལ་བ་ཡིན་ཟེར་བའི་ཡིག་སྒྲིལ་ཆེན་པོ་ཞིག་ནས། ཤམ་ཐབས་ལེགས་པོ་ཞིག་གི་ལྟེབ་ལ་དར་ལྕོག་དམར་པོ་ཆེན་པོ་རང་གཉིས་དང་། དངུལ་ཞོ་གང་བ་གསུམ་བཅས་འདུག །དེའི་རྟེན་འབྲེལ་ད་རེས་ཀྱི་ཁམས་པ་ཚོས་གོ་བཅད། ཡུལ་བབ་ཀྱི་སྤྱོད་པ་མི་བཟོ་བས་ཉིན་ནུབ་དུས་སྐབས་གང་ལའང་སྐབས་བཙལ་དུ་མེད་པར་ཕྱིན་ཆད་བླ་མ་དང་མི་མཇལ་ཞེས་སྒོ་ལ་གཏན་པ་མེད་པ་ལྟ་བུས་དྲིས་ཤིང་ཞེ་སུན་པར་བྱུང་ཡང་། རང་ངོ་ནས་སྐྱོང་ལ་དང་ལོག་སྒྲུབ་བཟོད་དགོས་པ་རིགས་ལྔའི་དམ་ཚིག་གི་ཁྱད་པར་དང་དུ་བླངས། གཞོན་པ་གཅིག་གིས་འདུག་རིང་བཟེད་ཞལ་གྱི་འདོར་པོ་དྲིང་བ་ལ་ལོངས་སྤྱོད། བདུད་རྩི་ཆེ་ཆུང་དམ་ཚིག་གི་རྫས་སུ་གཅེས་པར་འཛིན། ལྡོག་པའི་ཚེ་སྨྲེ་སྔགས་དྲག་པོ་འདོན། བརྒྱལ་ཞིང་སྡངས་པ་ལྟ་བུའི་ངང་ནས་ཐམས་ཅད་ཀྱི་རྐང་པ་སྤྱི་


JLAZ014_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བླངས་ན་སོང་བས་དངོས་གྲུབ་ཀྱི་སྣོད་དུ་རུང་རུང་འདྲ་སྟེ། སོ་སོ་སྐྱེ་བོའི་དད་པ་ཤིང་ཁའི་བྱེའུ་ལྟ་བུ་དེ་རྐྱེན་ཐོག་ན་འདུག་པས་ད་ནི་སུ་ལའང་རེ་བ་མེད། བཅོམ་ལྡན་འདས་ཀྱི། ནང་པ་སངས་རྒྱས་པའི་སྒོམ་བའི་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་སྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡིན། །་ཞེས་གསུངས་པ་དེ་ཁོ་ན་ཡིད་ལ་སེམས་པ་ཡིན། གང་ལའང་སྙིང་པོ་མེད་བས་ཆོས་འབའ་ཞིག་ལ་བློ་གཏོད་ཅིག །ཅེས་ཞལ་གདམས་ཤོ་ལོ་ཀ་རེ་རེའང་འདོད་པ་དང་བསྟུན་ནས་བྲིས་ཤིང་ལག་རྟགས་བཀོད་པ་ཁྱེར་ནས་དེངས། སྙན་དངགས་དོན་ལྡན་དུ་བྱ་ཕྱིར་སློབ་དཔོན་ཆེན་པོ་མ་ཏི་ཙི་ཏྲའི་རྒྱ་གཞུང་གི་མངོན་རྟོགས་སྟོན་པའི་སངས་རྒྱས་སུམ་ཅུ་སོ་ལྔ་ཉེ་སྲས་བརྒྱད། མཆོད་རྟེན་བརྒྱད། མཚན་བརྒྱད། རྣམ་བཅུ་དང་། འཇམ་དབྱངས་ཕྱག་མཚན། བླ་མ་ཡི་དམ་ལ་སོགས་པའི་བསྟོད་ཚོགས་དང་། ཉེ་སྲས་ལ་དོན་འགྲེལ་ཀྱང་བཀོད། ས་མོ་ཕག་གི་ལོའི་ཆོ་འཕྲུལ་ཟླ་བ་ནས་བཟུང་རང་ཉིད་ཇི་སྲིད་འཚོའི་བར་བདུན་ཕྲག་རེའི་རིང་རང་གནས་དུ་འདུས་པ་མདོའི་སྒྲུབ་མཆོད་དང་འབྲེལ་བར་ཚོགས་ཀྱི་འཁོར་ལོ་སྟོང་ཕྲག་རེ་བསྐོར་བའི་རྒྱུན་བཙུགས སླན་ཆད་དེ་ལ་ཞོལ་ཆོས་དབོན་གཡོག་རྣམ་གཉིས་ནས་འབྲུ་རུའི་ཁལ་ལྔ་བཅུ་ཐམ་པ་དང་། སྣུམ་བྱ་འོ་གང་འབུལ་བར་


JLAZ014_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ངེད་ཀྱི་འབུན་དང་བཅས་པའི་ཁྲིགས་བཅད་ཀྱི་གཡོ་འཁོར་ནི་མི་ཡོང་། མཐར་ཐུག་དངོས་པོ་ཆུད་མི་ཟ་བར་བགྱིད་དོ་ཞེས་བསྔོ་སྨོན་གྱི་རྒྱས་བཏབ། །འབྱོར་པ་མེད་ན་ཡེ་ཤེས་ཚོགས། །མཉམ་པར་བཞག་པ་བྱ་བ་ཉུང་། །ཟང་ཟིང་སླེབ་ན་དཀོར་ནག་ཕྱིར། །བསོད་ནམས་ཚོགས་ལ་འབད་པར་ཤོག །ཚོགས་གཉིས་འདི་ལྟར་བས་གཤེས་ནས། །སུ་ལའང་དགོངས་ལེན་མི་དགོས། །འདི་ལྟར་བསོད་ནམས་ཡིན་ཕྱིན་ཆད། །ཟང་ཟིང་ཁོ་ནར་བསྟེན་མི་དགོས། །སེམས་འདི་ལས་སུ་རུང་བ་ནི། །བྱང་ཆུབ་སེམས་དང་བསྐྱེད་རིམ་སྒོམ། །ཡན་ལག་བདུན་སོགས་གྲངས་མེད་པས།་ །བློ་རྒོད་ནང་དུ་ཁུག་པར་ཤོག །རྟེན་འདི་ཁྱད་པར་འཕགས་པའི་ལུས། །ཕྱི་ནས་རྙེད་དཀའ་དྲན་པར་ཤོག །སོ་ཀ་གཏོར་འབུམ་ཚར་གཅིག་བཏང་། དགོན་གྲ་ལྔ་ཕྲག་གཅིག་གིས་ཉིན་གསུམ་དུ་སྨན་བླའི་མདོ་ཆོག་དང་ས་ག་ཟླ་བའི་བཅོ་ལྔ་ལ་ལྷུང་བཤགས་ཚར་ལྔ་བརྒྱ་དང་བཟང་སྤྱོད་ཁ་ཤས་འདོན་དུ་བཅུག་ནས་ཁང་པའི་ཞིག་གསོར་ས་ཕྲན་བུ་བརྐོས་པའི་འབུ་སྲིན་རྣམས་ལ་སྨོན་ལམ་གཏབ། ཡེ་ཤེས་ལས་གྲུབ་པའི་ཆོས་སྐྱོང་ཁྱད་པར་ཅན་རྣམས་ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་ཡིན་པར་ངེས་པ་གཏིང་ནས་ཚུང་


JLAZ014_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། ཁོ་བོ་ཕྲིན་ལས་ལ་རེ་བ་ཆུང་བད་ཆེད་དུ་འཛིན་པའི་དོག་ལ་མ་བྱུང་། འདི་ལོ་མ་མགོན་ལྕམ་དྲལ་གྱི་བརྡ་བསྒྱུར་བབ་པའི་དུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུལ་ལྷོ་ཕྱོགས་གཙོ་བོར་གྱུར་བའི་སྐྱེས་བུ་གོ་ཞུ་བ་ཅན་གྱིས་ཁེངས་པའི་འཁྲུལ་སྣང་སོགས་ཆོས་སྐྱོང་འདུ་བའི་རྟགས་ཤར་ནས་ཆུ་མ་རག་གི་རྒྱུན་གཏོར་བཟང་པོ་འདུ་བྱས་པའི་ཉིན། སྒོ་རྩར་བྱ་རོག་ཉི་ཤུ་སྐོར་བབས། ཡུལ་ཕྲན་འདིར་ཟླ་བ་དགུ་ཙམ་བསྡད། མགོན་ཁང་ཡང་རང་བཞིན་དུ་གྲུབ་པ་ལྟར་གྱུར་པ་ལ་མ་མགོན་གཉིས་འབུར་སྐུ། གཞན་རྣམས་བྲིས་སྐུ་དང་ཞལ་བརྙན་སོགས་པའི་སྐུ་རྟེན། གསུང་རྟེན་ནག་མོ་ཁྲོས་མའི་རྒྱུད་ཆ་ཚང་། གཏེར་མགོན་ཕྱག་བཞི་པ། དཔལ་མགོན་མ་ནིང་གི་རྒྱུད་དང་བཅས་པའི་བུ་སྟག །ཐུགས་རྟེན་བླ་རྡོ་སྲོག་འཁོར་ཕྱག་མཚན་མདོས་དང་བཅས་པ་འདུ་བྱས། དུར་ཁྲོད་ལྷ་མོ་རྗེ་མོ་རྟ་ཞོན་མ་སྨྱོན་མའི་གཟུགས་སུ་བྱས་ནས་འཁོར་བའི་མཚན་མ་མཐོང་། ལྷ་མོ་འདི་དཀོར་ཆ་བསྲུང་བར་ཆེད་དུ་གྱུར་པ་ཡིན་པས། དཀོར་ཁང་དུ་རང་གི་ནོར་རྫས་ཆུད་བའང་ཚིག་གི་འགྲོ་ལ་དགོས་བར་བཤད་ན། བདག་ཉིད་ཕུང་དུ་དོགས་པ་རྣམས་གཟབ་འཚོལ། སྟོན་སེར་གཉེར་པ་ཀོང་པོ་བས་ཡོན་སྦྱར་ནས་འདུས་པ་ཉི་ཤུ་སྐོར་གྱིས་བདེ་གཤེགས་འདུས་པའི་སྒྲུབ་


JLAZ014_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་འབྲེལ་བའི་བདུད་རྩི་སྨན་སྒྲུབ་སྤྲོས་པ་ཅན་བཅུགས། རྗེས་འབྲེལ་དུ་འདུས་པ་སྔ་མ་རྣམས་ལ་བླ་མ་ཡང་ཏིག་གི་དབང་ཡོངས་རྫོགས་དང་། ཟབ་མོ་ཡང་ཏིག་གི་སྤྲོས་བཅས་བུམ་པའི་དབང་རྣམས་བགྱིས། དགས་སྤྲུལ་དཔོན་སློབ་བདུན་ལ་རྫོགས་པ་ཆེན་པོའི་འཁྲིད་བཏབ། ལ་སྟོད་པ་ཤར་རྒྱང་བླ་མ་དགོན་གནས་སྤངས། ལྷོ་མོན་གྱི་རྫ་རིན་ཆེན་སྤུངས་པ་དང་ཉེ་བའི་འབྲོག་དགོན་ཆེན་པོར་དཀའ་ཐུབ་བཅུད་ལེན་རྗེ་བཙུན་མི་ལའི་དཔེ་ཟླར་འོས་པ་དེ་དེད་དང་མཇལ་འདོད་ལྷག་པར་ཆེ་བའི་ཕྱག་བྲིས་ཡང་ཡང་མཛད་བྱུང་བའི་ངང་མྱ་ངན་ལས་འདས་པའི་ཞལ་ཆེམས་བསྐྱེལ་བར་སློབ་མ་ཏྲེ་ནག་ཐང་བ་ཅང་ཅང་། ཁོ་ལོང་སྟོད་པའི་མོན་པ་ཕོ་མོ་འབྱོར་བའི་སྨིན་གྲོལ་གྱི་གདམས་པ་བཏབ། འདི་ཚོ་མོས་པ་ཆེ་ཡང་ཆོས་དང་འདྲིས་བ་ཤེས་ཆུང་། སྐད་རིགས་མི་གཅིག་པས་ལོ་ཙྭ་འཇུག་དགོས་པའི་དཀའ་ལས་ལ་བསམས་ན་ཡུལ་དབུས་སུ་སྐྱེས་པ་རྣམས་བློ་དྲེད་དྲགས་པས་ཆུ་མ་བཏང་ན་དགའ་བ་བསྒོམས་ནས་འབད་དགོས་པ་འདུག །དགུན་མཚན་ས་རྒྱ་དམ་པར་འདུག་པའི་དབར་ལ་ཡོན་ཏན་ཏིན་པོའི་ཆེའི་མཛོད་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་གཞུང་ལུགས་འདི་བརྩམས། ཁོ་བོའི་བློ་


JLAZ014_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་ལ་དཔྱད་པ་རྫོགས་པའི་མན་ངག་ཏུ་བཟུང་ཆོག་པ་ཡོད། ནམ་འཆི་ཆ་མེད་ཀྱི་སྐྱོ་ཤས་འདི་ནམ་ཡང་འགག་པ་མེད་པས་རང་ཉིད་ཀྱི་ཕྱི་རྟེན་ལ་བསམས། གསེར་འདུལ། རྒྱན་ཆ། འགོ་སྣམ་ལ་སོགས་དངུལ་སྲང་བདུན་ཅུ་རྩ་ལྔའི་རྒྱུས་ཐུབ་དབང་གྲོང་ཁྱེར་མའི་སྐུ་ལིམ་ཞིག་བསྒྲུབས། ཆོ་འཕྲུལ་ཟླ་བར་དཔལ་གྱི་བསམ་ཡས་ལ་སྟོང་མཆོད་བཤམས་པར་དད་པའི་ཉེ་བར་ལེན་པ་ཁོ་ནས་བསྐྱོད་དེ། སྙན་ཤལ་བརྒྱ་ཕྲག་ཐལ་བ་དང་། སྟོང་ཚོགས་སོགས་བགྱིས་ཏེ་རང་གཞན་བསྟན་འགྲོར་སྨན་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ། གུང་ཐང་ལ་ཀའི་ཞབས་རྗེས་དང་། སྐུ་ཚབ་རིན་པོ་ཆེའི་ཞབས་དྲུང་དུ་མོས་དུས་ཀྱི་བརྣངས་ཤིང་མཆི་མ་ཤོར་བ་བྱུང་། ས་ག་ཟླ་བ་ལ་རྡུལ་ཚོན་གྱི་དཀྱིལ་འཁོ་སྒོ་སྦྲག་དགུ་མ་བྲིས་ནས་འདུས་པ་མདོའི་སྒྲུབ་མཆོད་ཆེན་མོ་ཆོ་ག་དོགས་པ་བཅོ་ལྔ་སྐོར་བཅས་བཙུགས། ཆོགས་སྟོང་ཕྲག་ཐལ་བ་བཏང་། ལས་དང་པོ་པའི་གང་ཟག་དགེ་སྦྱོར་ལ་ཕྲལ་དུ་མངོན་པ་རྣམས་བཟའ་བཏུང་གིས་ཁྲིད་ནས་རང་མདུན་ཉིད་དུ་ཕྱག་འབུམ་དང་སྐྱབས་འགྲོ་ཡིག་བརྒྱ་སོགས་བསག་ཏུ་བཅུག་ནས་སྔོན་འགྲོ་གསོག་བའི་རྟེན་འབྲེལ་བསྒྲིགས། འདི་སྐབས་སྣང་ཆའི་རྟེན་འབྲེལ་དུ་འབྲིང་དུ་གྱུར་པ་ལ། དཔལ་སྡིངས་རྗེ་བཙུན་གྱིས་རིང་


JLAZ014_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་རྟེན་འབྲེལ་མཛད་པ་བརྟགས་འགྱུར་ཞིང་། ཁོང་ལ་ཡུམ་ཀའི་བྱིན་རླབས་བྱས་པའི་རྐྱེན་གྱིས་མཁའ་འགྲོའི་ལུས་དཀྱིལ་གྱི་བརྡ་ཡང་གྲོལ་བའི་རྟེན་འབྲེལ་ལེགས་པ་བྱུང་། ལྕགས་བྱི་ལོ་འདིར་ཟང་ཟིང་གི་དངོས་པོ་རྣམས་སྤུངས་ཏེ་ཞུང་ནས་བཀའ་འགྱུར་རིན་པོ་ཆེ་བསླུ་མ་ཞུས་པ་ཚོགས་གསོག་གི་ཞིང་དུ་སྤྱན་དྲངས། ཡོན་དངུལ་སྲང་ཕྱེད་སུམ་བརྒྱ་དངུལ་རྐྱང་གི་འཕྲོས། འགོ་སྣམ། སྟག་གཟིག་ལྤགས་རིགས། རས་ཆ་སྤུས་དག་རྣམས་ལ་གོང་ཚོད་རིན་ཐང་ལྟར་འབྱུང་དཀའ་ཡང་། འཇིག་རྟེན་ན་སྡིག་པའི་ཕྱོགས་སུ་ལུས་སྲོག་ཀྱང་གཏོང་བ་མང་ན། རྣམ་དཀར་འདི་ལྟ་བུའི་ཕྱོགས་སུ་གཏོང་སེམས་ལ་གོམས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་ཡིན་པས་ལུས་སྲོག་སོང་ཡང་གོ་བཅད་སྙམ་པ་བྱུང་། དེ་ཁའི་བཞུགས་གནས་ལ་དམིགས་པདྨ་འོད་གླིང་བསྐྱར་བཟོའི་དྲི་གཙང་ཁང་ཀ་བ་བཅུ་གཉིས་པ་ཕར་ཐོག་དང་བཅས་པ་བསྟན་པའི་སྦྱིན་བདག་སྡེ་པ་རྡོ་རྗེ་ཕུན་ཚོགས་ཀྱིས་དང་བས་བསྐྲུན་བ་ཁོང་གི་ཚེ་དེའི་བྱ་བ་ལ་རྗེས་ཆེ་བ་ཡིན། དེའི་ཚེ་རང་ཉིད་དད་བསམ་གཏན་བ་ལ་ལའི་རྨིས་ལྟས་སུ་ས་ཡུལ་འིད་མོན་མོ་འབའ་ཞིག་གིས་ཁེངས་ནས་ཁང་ལས་རྒྱ་ཆེན་པོ་བྱེད་པའི་མོད་ལ་ཤིང་ཁང་བཀོད་ལེགས་གྲུབ་པའི་རྩེར་བལ་པོ་གཉིས་ཀྱིས་གཉིྫར་ལེགས་པ་


JLAZ014_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བཙུགས་ནས་དེངས་པ་མ་མགོན་ལྕམ་དྲལ་གྱི་ཕྲིན་ལས་སུ་སྣང་། སེང་གཡེང་ལ་མཛད་པ་བཅུ་གཉིས་པོ་གསེར་གྱིས་བྱུགས་ཤིང་རྩིས་མགོ་བསྡུས་པའི་ནང་ཚན་མཛད་བརྒྱ་ལྟར་བཀྲལ་བ་དང་། ཐོག་འབར་རྣམས་ལ་གྲུབ་བརྒྱའི་སྟོང་ཆོས་གྲགས་ཕྱོགས་གླང་གཉིས་བསྣན་ནས་རྒྱན་དྲུག་མཆོག་གཉིས་ཀྱང་ཚང་བར་བྲིས། དངོས་སྟ་ཉིན་གསུམ་རག་གནས་རྒྱས་པས་རྟེན་སྣང་མཛད། དང་། བརྟེན་པ་རྣམས་གཞན་སོ་སོའི་རང་བཞིན་དུ་བསྒྲུབ་པའི་མཐའ་རྣམ་པ་ཞལ་བསྒྱུར་བ་དང་རྒྱས་པའི་སྦྱིན་སྲེག་རབ་སྟོན་མཐའ་རྒྱས་ཀྱི་བར་བྱས། དགེ་བའི་བུང་བསྐྱེད་པ་དང་ས་བདག་ལ་ཕོག་ཐུག་ས་ཀུ་ཙིའི་སྲོག་འགག་པ་རྣམས་ལ་དམིགས་ནས་ཆུ་གཏོར་འབུམ་ཐེར་དང་། ལུང་ལྔའི་སྲོག་བསྐྱབས། དེར་མཛོད་པ་ཁྲིམས་མུན་དུ་མུན་པའི་གནས་ཚུལ་ཐོས་པས་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས། ཁོང་ལ་དམིགས་ནས་ཟས་བསྔོ་དང་། བསྔོ་སྨོན་ཡང་ཡང་བཏབ་པས། བཙུན་ཆུང་གཅིག་ན་ཏེ། དེས་ཁྱོད་ལ་ཞབས་ཏོག་ཆེན་པོ་བྱས་སམ་ཟེར། དེ་འདྲ་ལྟ་ཅི་སྨོས། གནས་སྐབས་སུ་བཙན་པོའི་ཁེངས་པས་དྲེགས་པ་དག་གིས་དངོས་ཅག་ལྟ་བུ་འབུ་སྲིན་ཙམ་དུ་འདག་ལ་མངོན། རྒྱ་ལ་ཆོས་མཛད་ཆོས་བྲོས་ཀྱི་འདིར་ལོ་གསུམ་བཏང་རྗེས་དགོངས་ཁྲོལ་གྱི་ཚིག་ཞོར་དུའང་རྙིང་མའི་བླ་མ་ཞེས་བསུན་འབྱིན་


JLAZ014_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་སྣང་སྟེ། སོ་སོ་སྐྱེ་བོས་གནས་སྐབས་ཀྱི་མངོན་མཐོ་ཐོབ་པའི་རློམ་པ་འདི་འདྲ་ལྷ་ཚངས་པ་ལའང་འབྱུང་དཀའ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་རང་བཞིན་ཤེས་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པའི་ཕྱིར་རོ། །སྔ་ལོ་རང་ལོ་སོ་བདུན་ཚེ། གཙད་སྨྱོན་ཧེ་རུ་ཀ་པའི་སྒྲས་ཆོས་བདག་ལུང་བསྟན་པ་བཞིན། དེ་ནས་ལོ་གྲངས་བཅོ་བརྒྱད་ཐལ་བ་ལྕགས་གླང་ལོར་ས་སྐྱ་གོང་མ་རིན་པོ་ཆེ་ངག་དབང་ཀུན་དགའ་བློ་གྲོས་ཡབ་སྲས་དབུས་ཕེབས་ཞོར་བསམ་ཡས་མཆིམས་བུར་ཞབས་བསྐྱོད་ཚེ། ཁོ་བོའི་གནས་ཚུལ་བཀའ་འདྲི་དང་། ད་རེས་དེད་དང་མཇལ་ཨེ་ཡོང་ཞེས་འཆར་བཀོད་གནང་འདུག་ཀྱང་མཚམས་སྦྱོར་བྱེད་མི་མེད་པས་དེར་ཟད། ཕྱི་ལོ་དེ་གའི་གནས་ཚུལ་ཐོས་པ་ལ་བརྟེན་ཆོས་རྗེས་སྐྱེས་རབས་བརྒྱ་པའི་སྨོན་ལམ་ཆོས་ཀྱི་མཆོད་སྤྲིན་དུ་སྤྲོས་པས་དགྱེས་ཆེས་པའི་བཀའ་ལན་དང་། ངེད་དབུས་སུ་ཡོདས་སྐབས་དངོས་སུ་མཇལ་རེས་ལྟ་ཅི། ཕྱག་བྲིས་ཙམ་ཡང་མཛད་མ་བྱུང་ཞེས་ཐུགས་ཡུས་པ་ལྟ་བུ་དང་། ངོས་ཅག་ལ་སྙིགས་མ་ལྔ་བདོ་བའི་དུས་འདིར་ཁྱོད་ཀྱིས་བསྟན་པ་ལ་བྱ་བ་བྱས་པ་ལ་རྗེས་སུ་ཡི་རང་ངོ་ཞེས་ལྷ་རྫས་བཟང་པོ་དང་། བདུད་རྩི་རིལ་བུ་བརྒྱ་རྡོ། བཟང་གོས་ལཉྪ་མ་ཡུག་བཅས་གནང་། ཕྱིན་ཆད་


JLAZ014_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གསུང་རྩོམ་གང་ཡོད་ངེས་པར་བསྲིང་དགོས་ཞེས་ཕེབས། ཞུ་ལན་དང་ལྷན་ཅིག་ཡོན་ཏན་རིན་པོ་ཆེའི་མཛོད། ཀློང་ཆེན་སྙིང་ཐིག་གཉིས་ཕུལ་བས་བཀའ་ལན་ཚིགས་བཙད་དང་། ཟུར་གསལ་ལ། གུས་ཞུ། གྲུབ་དབང་དམ་པ་ཉིད་ནི་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བདེ་ཆེན་རོ་མཉམ་ལས་ལྷུན་གྲུབ་མི་འཆད་པའི་ཕྲིན་ལས་སུ་ཤར་བ་བདག་ཅག་གི་སྟོན་པའི་དྲུང་ན་མཽངྒལ་གྱི་བུ། ཙནྡན་པས་སེང་གི་ནགས་ཁྲོད་དུ་གྲུབ་དབང་ཤཱི་སིདྷ། འཇོགས་འདིར་མགར་བ་སྟོང་བཙན་ཡུལ་བསྲུང་སོགས་དང་། ལྷད་པར་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན། བྱེ་བྲག་ཏུ་བསམ་ཡས་པ་སྙན་ངག་མཁན་ཟླ་བྲལ་དུ་འཁྲུངས་ཚེ། མ་གཟའ་རྡོར་གསུམ་གྱིས་སྣ་གཤོག་ཕུལ་ནས་རྙིང་མ་མཛོད་བདུན་ལེགས་བཤད་འཕགས་བོད་འགྲན་བྲལ་གསུང་རྩོམ། །།ཐོས་ཀླུ་གྲུབ་རྒྱ་མཚོ། སྡེ་སྣོད་རྒྱུད་སྡེའི་བང་མཛོད་སྒྲ་སྙན་སོགས་ལ་མཚོ་བྱུང་མས་རོ་འཛིན་བདུད་རྩེར་བསྒྱུར་བ་སོགས་སྐུ་ཕྲེང་རིམ་ཅན་མཁས་གྲུབ་ཤར་སྟག་ཏུ་བྱོན་པའི་མུར་དེང་ཞག་པདྨའི་མཚན་ཅན་གྱི་རྣམ་པར་རོལ་པར་བསྟན་ནས་ཀློང་ཆེན་སྙིང་ཐིག་སོགས་དགོངས་གཏེར་དག་ལྷག་པར་གསུངས་རབ་ཐམས་ཅད་བདག་ཅག་གི་སྟོན་པའི་རྗེས་ཕེབས་སོགས་དོན་གྱི་སྐྱེས་བུ་དམ་པ་བསམས་བཞིན་


JLAZ014_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ལས་སྐྱེ་བའི་ཆོ་འཕྲུལ་སྟོན་པ་ཞིག་ལ་ཡ་ང་བག་ཚེ་ཐེ་ཚོམ་མ་མཆིས་ཞེས་སོགས་དང་། བསྟན་པ་ལ་ཐུགས་བསྐྱེད་ཤིན་ཏུ་ཆེ་བས་གསེར་སྲང་གང་། དངུལ་ལྔ་བཅུ་མ། ནང་མཛོད་སྣ་ལྔ་བཅས་ཡོན་ཏན་ཆེའི་འགྲེལ་པ་རྩོམས་ཤིག་པར་བཀས་བསྐུལ་བ་བཞིན་མདོ་ལམ་ལ་བདེན་གཉིས་ཤིང་རྟ་དང་། སྔགས་ལམ་རྣམ་མཁྱེན་ཤིང་རྟར་སྨོས་པ་སྤྱིར་ཤོག་གྲངས་སྟོང་ཕྲག་ཏུ་ལྡང་བརྩོམ་པའི་འགོ་བཙུགས། ལུང་རྣམས་ཕལ་ཆེར་བཀའ་བསྟན་དངོས་ལས་བཏུས་པས་བསྟན་བཅོས་རྙིང་པ་ལ་མ་གྲགས་པར་ཡང་ཡོད། དེ་ཡང་དཔལ་གྱི་བསམས་ཡས་མཆིམས་ཕུ་ཀུན་མཁྱེན་ཆེན་པོའི་ཞལ་མཐོང་བའི་ཚེ། ཤིང་རྟ་ཆེན་མོན་གབ་པའི་ཚུད་དུ་ཡོད་པ་མཐའ་དག་འདིས་གསལ་བར་ཡོད་དོ། །ཞེས་གླེགས་བམ་ཞིག་གནང་ནས་ལུང་བསྟན་ཐོབ་པ་བཞིན་ཤིང་རྟ་རྣམ་གསུ་དང་། མཛོད་བདུན་ཚོར་དམ་པའི་ཆོས་འདུལ་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད། སྔགས་སྤྱིའི་ལུགས་ཀྱི་སྨིན་བྱེད་ཀྱི་གཞུང་རྣམས་ཅུང་ཟད་ཚིག་བསྡུའི་ལུགས་ཀྱིས་རང་སའི་བསྟན་པ་ཉམས་དམས་ཤིང་གྲུབ་མཐའ་སོང་མ་ནུས་པ་རྣམས་རྩལ་དུ་བཏོན་ནས་བཤད་པར་སྣང་བས་འདིར་རང་ཕྱོགས་རྣམས་ཀྱི་བསྟན་པ་ཤེས་པའི་དོན་ལ་


JLAZ014_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་པའི་བསམ་པས་ཀུན་ནས་བླངས། བཤེས་གཉེན་བརྟེན་པའི་གནས་སྐབས་འགྲེལ་པའི་ཚེ། འགོས་ལོ་གཞོན་ནུ་དཔལ་དང་མཇལ་ནས་འཇམ་དཔལ་དཀར་པོའི་རྗེས་གནང་སྩལ་ཏེ་ ཨོཾ་ཝ་ཀྱེ་དཱཾ་ནཱ་མ། ཞེས་པའི་རྗེས་ཟློས་ཀྱི་ཚེ་གསུང་གི་གདངས་ལའང་དབྱང་པ་ཆེན་པོ་བྱུང་། ཆོས་རྗེ་པས་ཟིན་བྲིས་ལས་དཔེ་ཐོག་ཏུ་འབེབས་པའི་ངལ་བ་དང་དུ་བླངས་པས་ཁོང་གི་རྨི་ལམ་ན། ད་ལམ་ཁྱོད་ཀྱིས་འདི་བྲིས་པས་ཆོས་མཆོད་རྟེན་ཆེན་པོ་ཞིག་བཞེངས་པའི་ཕན་ཡོན་ཐོབ། དེ་ལ་སྔོན་འགྲོའི་ཆོས་རྣམས་ནི་ཐེམ་སྐས། དམ་པའི་ཆོས་འདུལ་བ་ནི་སེང་ཁྲི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་བང་རིམ། རྡོ་རྗེ་ཐེག་པའི་སྨོན་དབང་ནི་བུམ་པ། གྲོལ་བྱེད་ནི་ཆོས་འཁོར། རྫོགས་པ་ཆེན་པོ་བླ་ན་མེད་པ་ནི་ཏོག་སྟེ། འདི་ནི་སྟོན་པ་དང་བསྟན་པ་གཉིས་ཀ་ཡིན་ཏེ་མཐོང་ཐོས་དྲན་རེག་ཐམས་ཅད་ལ་ཕན་པ་ཆུ་ཆེན་པོ་འགྲུབ་པོ་ཟེར་སྐད། ཚོགས་གསོགས་ཉམས་ཆག་དག་པ་དམིགས་ནས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྦྱིན་སྲེག་འབུམ་ཐེར་བསྒྲུབས་པས་ཁྱད་ལྟས་ཤིན་ཏུ་གསལ་བ་མངོན། དངོས་ཅག་གི་བསོད་ནམས་ཐར་པའི་རྒྱུ་གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པའི་གནས་གཅིག་ཀྱང་མེད་དེ་འཇིག་རྟེན་མཐུན་འཇུག་གི་བློ་དང་བྲལ་བ་འདི་ཡང་ཁྱབ་པ་


JLAZ014_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྒྱུར་ཡོད་པ་འདྲ། ཆོས་བསྒྲུབ་པའི་གེགས་ཞི་ཕྱིར་ཁྲོ་རོལ་སླང་དགུ་མ་རྒྱས་པ་ཞིག་བྱས། དགུན་མངའ་རིས་གྲ་ཚང་པ་ཉི་ཤུ་སྐོར་ནས་ཉིན་གསུམ་གྱི་རིང་མདོ་མངས་གསུང་སྒྲོགས་དང་། ནུབ་མོ་དབུ་མ་ཐལ་རང་གཉིས་གཙོ་བོར་གྱུར་བའི་བོད་ཆེན་ལྔ་ཀ་ལ་དམ་བཅའ་འཇོག་པར་བསྐུལ། དབུ་མའི་ལྟ་བ་མྱོང་ཐོག་ཏུ་འགེལ་ན་སྟོང་སང་དེ་བ་ཞིག་ཏུ་བསྒྲུབས་པས་རྟོག་གེས་དེ་ཙམ་ལས་བརྟག་པར་ག་ལ་ནུས་སྙམ་པ་བྱུང་། ནམ་ཟླ་དྲོས་ནས་གཙུག་ལག་ཁང་གི་རྟེན་གཙོར་བྱམས་མགོན་བཞེངས་ཀ་མ་སྐྱེས་བུ་དར་བབས་ཀྱི་ཁྲུ་གང་བའི་ཚལ་ཚད་ཅན་གཡས་གཡོན་དུ་སྣང་བ་མཐའ་ཡས་དང་། འཕགས་པ་སེམས་ཉིད་ངལ་གསོ་གཉིས་དེ་བས་སྐུ་ཚད་ཆུང་ཙམ་རེ་བཞེངས། མདོའི་སྒྲུབ་མཆོད་དང་འབྲེལ་བར་དངོས་སྟ་ཉིན་གཉིས་པའི་རབ་གནས་དགའ་སྟོན་ལ་ཐུག་གི་བར་སྔ་མ་རྣམས་ལས་ངེས་རྒྱས་སུ་བྱས། ས་སྐྱ་གོང་མ་རིན་པོ་ཆེ་གཞན་དོན་གཤེགས་པའི་ཐུགས་དམ་ཡོངས་བསྔོ་རྟེན་དང་། གདུང་རིན་པོ་ཆེ་སྐུ་མཆེད་ཀྱི་བཀའ་ཤོག་ཀྱང་ཕེབས། ཁོ་ལོང་སྟོད་པའི་གཙོར་རྒན་སོགས་མོན་པའི་མི་རྒན་རྣམས་ལ་ལས་འབྲས་ལ་ངེས་པ་རྙེད་པ་དང་། དཀོན་མཆོག་གི་ཡོན་ཏན་བརྗོད་པ་གཙོར་བཏོན་གྱི་ཁྲིད་ཅིག་བཤད། ཁོང་


JLAZ014_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཆོའི་ཡུལ་དུ་སྐོར་གཅིག་ཡོད་དགོས་ནན་ཏན་བྱེད་ཀྱང་ས་ཆུ་མི་འཕྲོད་པའི་རྒྱུ་མཚན་ལ་བས། འབྲི་གུང་ཡང་རི་སྒར་བའི་གྲ་བ་ཧོར་ཨ་དྲག་པ་ཅན་ལྔ་ལ་སྨིན་ཁྲིད་གནང་སྨིན་བྱས། །ལྷ་བབ་དུས་ཆེན་དང་བསྟུན་བསམ་ཡས་སུ་སྟོང་མཆོད་འབུལ་དུ་ལྷགས། བར་ཁང་དུ་ཚོགས་འཁོར་དང་། མངའ་རིས་ནས་སྤྱན་དྲངས་པའི་གུ་རུའི་སྐུ་ཚབ་བྱིན་ཅན་དོར་སྙན་ཤལ་ནང་མཛོད་ཚོན་རིས་མ། རྒྱ་རག་གི་མཎྜལ་ཕུལ་མ་འཁར་གཞོང་གི་སྟེགས་བཅས་ཕུལ། མཆོད་མཇལ་ཐོག་བརྟན་བཞུགས་སྨོན་ལམ་དང་སྙན་ཤལ་བརྒྱ་ཕྲག་གཉིས་སྤྲོས། གསེར་གསོལ་སོགས་བྱས། རབ་བྱུང་པ་བསམ་གླིང་སློབ་དཔོན་ཅན་ལྔ་སྐོར་ལ་སྨིན་ཁྲིད་རྒྱས་པར་བཏབ། ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་སེམས་བསྐྱེད་མཆོད་པ་དང་འབྲེལ་བར་བྱང་སྡོམ་ཕོག་ཚེ། ཧོར་ཨ་དྲག་པ་རྟེན་དགེ་སློང་དུ་འདུག་པས་རྩ་བ་བཞི་དང་འགལ་བའི་ཁ་ན་མཐོ་མེད་ཀྱང་། ལྟུང་བྱེད་དང་ཉེས་བྱས་མང་ལ་རགས་པ་དང་། ཁྱད་པར་ཐེག་པ་ཆེན་པོའི་ཉེས་ལྷུང་ཕྲ་ཞིང་བསྲུང་དཀའ་བའ་ཚུལ་བཤད་པ་ལ་ངེས་པ་རྙེད་ནས་རིག་འཛིན་འཇིགས་མེད་གླིང་པ་ཞེས། མཆི་མ་བླགས་པའི་འདོད་པའི་དོད་བོས་ནས་འཆབ་པ་མེད་པའི་དག་ཚངས་ཆེན་པོ་བྱས། སྐྱེ་དགུ་ཕལ་མོ་ཆེ་ལ་ཐོས་བའི་ཉེར་ལེན་ནི་མེད། ཕུང་པོ་ལྔ་དང་རྣམ་


JLAZ014_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བརྒྱད་ཀྱི་བྲན་དང་ཡང་ཁོལ་དུ་གྱུར་བས། ཁོང་ལ་སྐྱོ་བ་ཙམ་དུ་ལྟ་བར་བྱེད་དོ། །ཚུར་འཁོར་ནས་ཆུ་གཏོར་འབུམ་ཐེར་ཞིག་བཏང་། འདི་ལོ་ཕན་ལ་ཕྱུགས་ལུགས་བརྒྱ་ཐལ་ངས་ཀྱི་ཚེ་ཐར་སོང་། འབྲས་སྤུངས་ནས་སྤངས་རྟོགས་ཕུན་སུམ་ཚོགས་པར་གྲགས་པའི་གཙང་པ་དགེ་བཤེས་རིན་པོ་ཆེའམ། གོ་བ་བླ་མའི་སྤྱན་སྔར་ཆོས་རྗེ་བས་མཛོད་རྩ་བ་དང་སྐྱེས་རབས་བྱི་དོར་མཛད་བར་བསྐུལ་བས་ཁོང་ཐུགས་གཟོ་བས་སྤྱིར་ཕྱོགས་ལྷུང་ཆུང་། སྒོས་དག་སྣང་ཆེན་པོ་ཞིག་འདུག་པས་རང་སྟོང་གཞན་སྟོང་དབུ་མའི་ཐ་སྙད་ལའང་ཡུལ་དང་ཡུལ་ཅན་གྱི་ཆ་ནས་དགོངས་པ་འགྲེལ་ཕྱོགས་ལས་མཐའ་ཅིག་དུ་འགལ་བར་སྟོངས་མི་དཔྱོད་ཅེས་གྲགས། འདི་རེས་ཀྱི་གསུང་ལན་ལ། བསྟན་བཅོས་ལེ་ཚན་གཉིས་ལ་དེ་ཕྲལ་ཞིག་ཏུ་བལྟས་པས་དོན་རྣམས་ཁོང་དུ་ཆུད་ཅིང་འདི་གཉིས་ལ་དོན་གྱི་འགྲེལ་པའང་འདི་དང་འདི་ལྟ་བུ་ཡོང་ངེས་སྙམ་དུ་རྩ་བ་བལྟས་པས་འབྲེལ་པ་ཁོང་དུ་ཆུད། ད་ཆ་འགྲེལ་པ་བལྟ་མི་དགོས་ཉིད་ཀྱི་བླ་མ་དེ་བཞིན་རྒྱལ་བའི་བཀའ་དང་རྒྱ་བོད་ཀྱི་པཎ་གྲུབ་རྣམས་ཀྱི་དགོངས་པ་ཇི་བཞིན་དུ་རྟོགས་ཤིང་། ཁྱད་པར་མན་ངག་སྡེ་གསུམ་ལ་མཁྱེན་པའི་སྤྱན་ལྡན་སྔོན་གྱི་དུས་ན་བྱོན་པའི་མཁས་


JLAZ014_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཟླ་བྲལ་ཀོང་ཆེན་རབ་འབྱམས་པ་ངག་གི་དབང་པོ་དང་རྗེས་སུ་མཐུན་པའི་བསྟན་འཛིན་གཞན་འགྲལ་བྲལ་བ་བཞིག་ལགས་པས་འཁུམས། སྙིགས་མའི་དུས་སུ་བསྟན་འཛིན་འདི་འདྲ་ཡང་ཡོད་པ་ངོ་མཚར་ཤིན་ཏུ་ཆེ་སྙམ་ཏུ་དད་པ་དང་སྤྲོ་རྗེས་སུ་ཡི་རང་བ་གསུམ་ཕན་ཚུན་འགྲན་པ་བཞིན་དུ་ཆེས་ཆེར་འཕེལ། ད་ནི་དད་ལྡན་རྣམས་ལ་བསྐུལ་མ་མཛད་དེ་རྩ་འགྲིལ་འདི་གཉིས་པར་དུ་བརློས་ནས་རྒྱ་ཆེར་སྤེལ།བའི་ཐབས་མཛད་ན་དུས་མཐའ་འདིར་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་ཞབས་འདེགས་དང་། ཉིད་ཀྱི་ཆོས་འཁོར་བསྐོར་བ་གསོལ་བ་བཏབ་ཅིང་། བསྟན་པ་འཕེལ་རྒྱས་ཀྱི་ཞབས་ཏོག་བྱས་པ་རྣམས་ཀྱང་གང་དང་གང་དུ་སྐྱེ་བ་དེར་ཡང་ནམ་མཁའ་དང་ཆུ་ཀླུང་། ལྗོན་ཤིང་དང་། རླུང་གིས་བསྐུལ་བའི་སྒྲ་ལས་ཆོས་ཀྱི་སྒྲ་ལྷང་ལྷང་བྱུང་སྟེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མདོ་ལས་གསུངས་པ་བཞིན་རྨོངས་པ་མ་ལུས་པ་བསལ་ནས་ཆོས་ཀྱི་མིག་རྡུལ་བྲལ་ཐོབ་པར་ངེས་སོ། ཞེས་སྣང་། དེང་སང་འདི་ན་རྨོངས་པ་ཁ་ཅིག་རྒྱལ་བ་ཀློང་ཆེན་པའི་བྱིན་བརླབས་དང་། གཞུང་ལུགས་ལ་བརྟེན་ནས་ཁོ་བོས་སངས་རྒྱས་ཀྱི་བསྟན་བཤེས་སོ་ཞེས་བརྗོད་པ་འདི་ལ་དགེ་སློང་ཀོ་ཀ་ལིའི་བརྟུལ་ཞུགས་འཛིན་པ་ཡོད་སྲིད་


JLAZ014_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཆོས་ཀྱི་རྣམ་པ་ཚིག་བཞི་པ་གཅིག་ཐོས་པ་ཡན་ཆོས་ལ་དམ་ཚིག་བསྲུང་བའི་འདུན་པས་ཉམས་པར་ཡོད་པས་སུའི་ཡང་མཐང་ལ་མ་རྒོལ། བཀའ་ཕྲིན་ཐོབ་ཚུལ་གྱི་ངོས་ནས་དལ་འབྱོར་བཅུ་བརྒྱད་པོའི་མིང་གྲངས་ཡན་ཆོད་ཀུན་མཁྱེན་ཆེན་པོ་ལ་བརྟེན་ནས་རྟོགས་པའི་ཕྱིར་ན་བདག་ཅག་གི་སྟོན་པས། གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པས་ཕྱག་བྱ་སྟེ། །བྲམ་ཟེ་གཙང་མས་མེ་ལ་བཞིན། །ཞེས་སོ། །དེའི་ཕྱིར་གསོང་པོར་སྨྲ་བ་ལ་མི་མཐུན་པར་བལྟ་བ་ཡོད་སྲིད་ན་ཤཱཀྱའི་སྲས་པོའ་ཟིང་འཕུར་དང་། ལྷག་སྤྱོད་ཀྱི་བསྟན་འཛིན་ལས་ཕྱིར་ཕྱོགས་པས་ལྔ་སྡེ་རྣམས་ཀྱིས་དགེ་སྦྱོང་གོའུ་ཏ་མ་ལྷོད་པ། མང་དུ་ཟ་བ་སྤོང་པ་ལས་ཉམས་པ་ཞེས་སྐུར་བ་དང་འདྲ་སྟེ་ཤིན་ཏུའང་སྙིང་རྗེའི་གནས་སོ། །ལྕགས་ཟམ་ནས་སྤྲུལ་པའི་སྐུ་རིན་པོ་ཆེ་གནས་གཟིགས་དང་བསྟུན་པདྨ་འོད་གླིང་དུ་ཕེབས་པ་ལ་ཡུམ་ཀའི་བྱིན་བརླབས། ཚེ་དབང་བརྒྱ་རྩ། ལུང་གསན་འཕྲོ་རྣམས་དང་མཛོད་རྩ་བ་ཐོག་མཐའ་བར་གསུམ་རྣམས་ཕུལ། མཛོད་འགྲེལ་ཤིང་རྟ་རྣམ་གཉིས་ལས། ལེའུ་དགུ་པ་ཡན་ཆོད་ཀྱི་ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་གཞུང་ལེགས་པར་གཏན་ལ་ཕབ་པའི་བརྒྱུད་བ་རྫོགས་པའི་སངས་རྒྱས་ནས་ཀུན་མཁྱེན་ཆེན་པོའི་དགེ་བ་གསུམ་


JLAZ014_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་ཁྲིད་ལྟར་བགྲང་ལ། འགྲོས་ལེའུ་བཞི་པོར་དོ་ཇེ་ཐེག་པ་སྤྱི་དང་བྲེ་བྲག་རང་བཞིན་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་བཤད་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་དོན་གྱིས་བསྟན་པའི་དགོངས་འགྲེལ་སྔ་འགྱུར་བ་རྣམས་ཀྱི་རིག་པར་བྱས། དམོ་སྔགས་གཉིས་ཀའི་བརྒྱུད་པ་ཉེ་རྒྱུད་དུ་འདྲེན་ན་མགོན་པོ་ཀླུ་སྒྲུབ་དང་། འཇམ་དཔལ་བཤེས་གཉེན་ལ་ཕུ་གཏུགས་པའི་རྒྱུ་མཚན་རྟོགས་བརྗོད་ཕྱི་ནང་བརྟེན་ནས་ཤེས། བར་འགྱུར་རོ། དེ་ལྟར་ཚང་ཕྱིར་ནས་ར་བྲག་ཀུན་གྲགས་བཞིས་གཙོས་པའི་རང་སློབ་ཉེ་བར་འཁོད་པ་རྣམས་ལ་བཤད་ལུང་བསྒྲགས་མ་ཞིག་བྱས། མདོ་སྨད་སྡེ་དགེའི་མངའ་རིས་ནས་རྫོགས་ཆེན་སྤྲུལ་སྐུ་རིན་པོ་ཆེ་སྔར་བོད་ལ་བྱོན་དུས་གཞན་དབང་ལ་བརྟེན་ནས་མཇལ་མ་ཐུབ་པར་ཐུགས་འགྱོད་ཤིན་ཏུ་ཆེ་ཚུལ་དང་བསླད་ནད་དེར་བསྐྱོད་ཐུབ་པའི་དགོངས་པ་གཏད་དགོས་ཞེས། དངུལ་སྲང་ཉེར་ལྔ་དང་བཅས་པའི་གསུང་བྲིས་སྔ་ཕྱིར་འབྱོར། ངེད་ཀྱི་ལོ་གསུམ་དང་པོར་སྡེ་དགེའི་ཕྱོགས་ཀྱི་ཡིག་སྒྲིལ་གྱི་ཤམ་ཐབས་བཟང་པོའི་བརྡ་བཞིན་མཇལ་ཐུབ་ན་བསྟན་པ་ལ་ཕན་པའི་རྟེན་འབྲེལ་ཆེན་པོ་ཡོད་ཀྱང་གནད་བྱང་ལས། ཕྱི་དུས་འགྲོ་དོན་དུས་བབ་ཚེ། འགལ་རྐྱེན་རྣམ་པ་སྣ་ཚོགས་དང ཁྱད་པར་བདུད་བློན་དམ་སྲིའི་རིགས རྗེས་འབྲེངས་རྣམ་འགྱུར་ཅིར་ཡང་བརྫུ བཀའ་


JLAZ014_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་དམ་ཚིག་ཁྱད་དུ་གསོད ཅེས་པ་ལྟར། གཟུ་བོར་མི་གནས་པ་རེ་གཉིས་ནས། བླ་མ་ཐུགས་ཤིན་ཏུ་གཏུམ། །དགོན་པའང་རི་རྩེར་ཡོད་ཟེར་བའི་འབྲེལ་བདེན་བྲལ་གྱི་ཕྱོགས་སུ་བསྒྲིགས་པས་བསྟན་པའི་ལ་རྒྱ་ལ་གེག་སུ་ཆེ། ཡོན་ཏན་རིན་པོ་ཆེའི་མཛོད་དང་བཅས་པའི་ཞུ་ལན་ཕུལ། དགོན་གནས་ཀྱི་སྐུ་སྐྱེ་རིན་པོ་ཆེའང་སྡིག་གྲོགས་བླུན་པའི་གཞན་དབང་དུ་གྱུར་ཆེས་པས་གསན་སྒོམ་དང་བསྟན་པའི་བྱ་བ་གང་ལའང་སེང་ཤོར་ཁོ་ནས་མུར་རིམས་ནད་ཀྱི་ཕྱོགས་སུ་རྙེད་འཚོལ་ལ་ཕེབས་པས་གློ་བུར་ཉིད་དུ་སྐུ་ཚེའི་འདུ་བྱེད་ཐལ་བས་འཕངས་པ་ལ་ཚད་མ་བྱུང་། གསོལ་འདེབས་ གདུང་ཆོག་སྦྱིན་སྲེག་གི་སར་རྗེ་བཙུན་ཤནྟ་པུ་རི་བའི་གདན་ས་བསམ་ཏེ་དངས་དུ་བླངས་། ཤིང་སྦྲུལ་ལོ་ག་ས་ར་མ་ཐག་ས་སྐྱ་ནས་མགྲོན་གཉེར་ཆེ་བཏང་གནང་སྟེ་གདན་སར་ཡོང་དགོས་ཀྱི་བཀའ་ནན་ཏན་དང་། བཀའ་ཐམ་རིན་པོ་ཆེའི་དགོངས་དོན་སྙིང་པོར།་ ཆེད་གསོལ། ཕྱོགས་བཅུ་རབ་འབྱམས་མུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུ་འབྲས་ཀྱི་ཐེག་པ་ལ་སོགས་པའི་ཐབས་ཚུལ་དུ་མའི་སྒོ་ནས་སངས་རྒྱས་སུ་ཟིན་པ་དང་། མ་འོངས་པ་ན་འཚང་རྒྱ་བར་འགྱུར་བའི་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་རྫོགས་པའི་སངས་རྒྱས་རྣམས་དང་། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཆ་ལས་


JLAZ014_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཇེད་འཇིག་རྟེན་གྱི་མགོན་པོ་ད་ལྟར་གྱི་སྟོན་པ་མཉམ་མེད་ཤཀྱའི་རྒྱལ་བོས་རྒྱུ་ཕ་རོལ་ཏུ་ཕྱིན་བའི་ཐེག་པ་དང་བསྟུན་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ཅིང་། ངེས་པའི་དོན་དུ་དེ་ལས་རྒྱ་ཆེ་བ་དང་། ཟབ་པའི་ཚུལ་དུ་མས་་ཁྱད་པར་དུ་འཕགས་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་བརྟེན་ནས་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་དུ་ཟག་མེད་ཀྱི་བདུད་རྩི་བརྙས་སུ་ཟིན་ཀྱང་། གདུལ་བྱའི་ཁམས་ལ་གཟིགས་པ་མ་ལྷོད་པས་རྒྱལ་པོས་འདུལ་བ་ལ་རྒྱལ་པོ། དགེ་སྦྱོང་གིས་འདུལ་བ་ལ་དགེ་སྦྱོང་། བྲམ་ཟེས་འདུལ་བ་ལ་བྲམ་ཟེའི་གཟུགས་སུ་བསྟན་ཏོ། །ཞེས་གསུངས་པ་སོགས་མ་མཐའ་གཟིགས་དང་ཟམ་པ་ལ་སོགས་པའི་བར་གྱི་བཟོ་གནས་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པས་སེམས་ཅན་རེ་རེའི་ཕྱིར་དུ་ཡང་དཀའ་བ་ཆེས་ཆེར་སྤྱད་པར་མཛད་ཅིང་། ཁྱད་པར་རྩོད་ལྡན་སྙིང་གྲས་མ་ལས་ཆེས་སྙིགས་པའི་མ་བསྲུན་པ་རྒྱལ་བ་གཞན་གྱིས་ཡལ་བོར་རྣམས་ལྷག་པར་ཐུགས་བརྩེ་བས་རྗེས་སུ་འཛིན་པར་མཛད་པ་དང་། དེའི་སྲས་ཀྱི་ཐུ་བོ་འཕགས་མཆོག་ཕྱག་ན་པདྨས་ཀྱང་མཐའ་འཁོབ་ཁ་བའི་ར་བས་འཁྱུད་མར་བསྐོར་བ་གདོང་དམར་ཅན་གྱི་ཡུལ། སྲས་


JLAZ014_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྒྱལ་བ་ཀུན་གྱི་ཡལ་བོར་འདི་ཉིད་གདུལ་བྱའི་ཞིང་དུ་མཛད་པ་དང་། འདི་ཉིད་དུ་ཆོས་ཀྱི་མིང་མི་གྲག་པའི་དུས་སྤྲུལ་པའི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགུང་ལོ་བརྒྱ་ཕྲག་མང་པོར་སོན་པའི་མཁན་པོ་དང་། སློབ་དཔོན་ལ་པཎ་གྱི་ཚོགས་དཀའ་བ་ཆེན་པོས་སྤྱན་འདྲེན་བར་མཛད་པས་དེ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱིས་ཞིང་སྐྱོང་བ་ལ་ཡུལ་དམན་པར་དུ་འཕགས་པར་གཟིགས་ཏེ་ཐུགས་བསྐྱེད་དུས་ཡོལ་མེད་ནས་དམ་པ་ཆོས་ཀྱི་སྒྲོན་མེ་སྤར། ཞིང་འདིའི་ཡ་གྱལ་རུ་ལག་གི་སའི་ཆ་འདི་ཉིད་དུའང་རྒྱལ་དབང་པདྨ་ཀཱ་རའི་དངོས་སློབ་འཁོན་སྟོན་ཀླུ་དབང་སྲུང་བ་སོགས་ནས་བཟུང་ད་ལྟའི་བར་དུའང་ཁོ་ན་གྱི་གདུང་རབས་མུ་ཏིག་གི་དོག་པ་བསྟར་བཞུགས་པའི་ཡབ་མེས་གོང་མི་ཇི་སྙེད་པ་དང་། ལྷག་པར་ཆོས་ཀྱི་རྗེས་སྐྱ་པཎིྜ་ཏ་ཆེན་པོ་དགུང་གྲངས་དྲུག་ཅུ་བགལ་ཀྱང་སེམས་ཅན་གྱི་དོན་མཛད་པ་འོ་བརྒྱལ་གྱི་རྣམ་པ་དང་བྲལ་ཏེ་ཐུག་སྤྲོ་བས། གོང་མ་ཇི་འགིར་དོ་དན་གྱིས་གདན་དྲངས་པ་བཞིན་ཕྱགས་ཕེབས་པ་དང་ཞན་ཡང་རང་བཞིན་གྱི་མཁས་གྲུབ་བགྲང་ཡས་ཀྱང་ཚུལ་དེ་ལགས་ན། རྒྱུ་མཚན་དེ་རྣམས་ཀྱིས་ད་ལམ་གྲུབ་དབང་རིན་པོ་ཆེ་ཉིད་ཀྱི་སྤྱིར་བཏང་ཙམ་དུ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། རྒ་དང་ན་དང་འཆི་བ་མེད་ཀྱང་


JLAZ014_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་འཕོ་སྟོན། །ཅེས་དང་། ཤིང་རྟའི་སྲོལ་འབྱེད་མ་ཕན་པས། །ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་ན་བ་རྒ་བ་སྟོན། །ཅེས་གསུངས་པ་ལྟར། སྐུ་ན་མཐོ་བའི་ཚུལ་གཞེས་ཀྱིས་གཏང་སྟོད་མཐོས་གྲང་ངར་ཅན་གྱི་ཡུལ་དུ་ཕྱགས་ཕེབས་དགོས་ལའོ་བརྒྱལ་གྱི་རང་བཞིན་དུ་གྱུར་རུང་། སར་གནས་ཀྱི་བྱང་སེམས་ཆེན་པོ་རྣམས། ཞིང་སྐྱོང་བ་ཡུལ་དམན་པ་ཁྱད་པར་དུ་འཕགས་ཤིང་། དཀའ་སྤྱད་དྲག་པོས་སེམས་ཅན་གྱི་དོན་མཛད་པ་སོགས་གོང་གི་རྒྱུ་མཚན་རྣམས་ཀྱིས་ན་པདྨའི་མཚོ་ལ་ངང་པ་བཞིན་དུ་ཐུགས་སྤྲོ་བ་ཆེན་པོས་འདི་ལོ་ཧོར་ཟླ་གསུམ་པ་སྔོན་རྫོགས་པའི་སངས་རྒྱས་ཀྱིས་གཉིས་མེད་དུས་འཁོར་གསུངས་པའི་དུས་ཆེན་གྱི་ཟླ་བའི་ནང་གདན་ས་འདིར་ཕེབས་ཐུབ་པ་ཞིག་ཅི་ནས་ཀྱང་མཛད་དགོས་ནི། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །དེ་ཡིས་འབྲས་བུ་འབྱུང་བར་འགྱུར། །ཅེས་གསུངས་པ་བཞིན་སྙན་སྒྲོན་ཕུལ་མི་འདི་ཁར་འབྱོར་ཕྲལ་ཕེབས་བསུ་བ་ཤད་རྩོལ་གྱི་གཏོང་རྒྱུར་འདོད་དོན་ལ་ཞུ་ནན་ཆེ་བ་ཞིག་མཆིས་ཀྱང་། ད་ལམ་ཕེབས་བསྐྱོད་མ་གནང་ཀ་མེད་ལགས་པས་བསྟན་


JLAZ014_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་དོན་ལ་ཐུགས་བསྐྱེད་གཞན་དྲིང་མི་འཇོག་པས་རེ་བའི་ཤིང་རྟ་ཡོངས་སུ་གང་བ་ཅི་ནས་ཀྱང་ཞུ། རྟེན་ནུ་གོའི་སྔགས་མདུད་དམ་རྫས་ཕོན་ཆེ་བ་དང་། ངོས་ཟུང་དང་ལྕམ་བཅས་ནས་རབ་དཀར་ལྷ་གོས་སྐྱེད་ན་རིང་བ་རེ་རེ། རྒྱན་བཞི་དམར་པོ་ཡུལ་ཆེན་སྡུས་ལེགས། རིན་ཆེན་གཉིས་པ་སྲང་བཅོ་ལྔ་བཅས་ཕུལ། །ཅེས་པར་སྣང་། བཀའ་ཐམ་འདི་ཕབ་རྒྱུའི་ནུབ། བསམ་ཡས་སྐུ་རྟེན་པ་ཞལ་ངོ་ཕྲིན་ལས་དེ་ཉིད་དངོས་ཡིན་པ་ལ། བཞིན་རས་མཐིང་ནག་བཀྲག་ཏུ་བརྟས་པ། ཟིལ་གཞན་ལས་ཆེ་བ་ཞིག་གིས་ནང་མཛོད་ཅིག །བུ་ཧོར་གྱི་སག་ལྷམ་འཇའ་ཆེན་སར་བ། གཙང་གི་ཞྭ་ཐུལ་དྲི་མེད་གཅིག་བཅས་ཕྱག་རྟེན་དུ་ཕུལ་ནས་བསྟུད་རྗེས་ཁོང་རང་འགྱིང་སྒེག་གིས་སྦུབ་ཆོལ་ཞིག་དཀྲོལ། ཡང་དེ་ཆུང་བ་འདུག་ཟེར། དེ་བས་ཆེ་བ་ཞིག་ངེད་དཀྲོལ་ཏུ་བཅུག །འདི་དཔལ་མགོན་ཞལ་གྱི་སྤྱན་འདྲེན་པར་སྣང་། འདི་རེས་ཀྱི་བཀའ་ཤོག་ཕེབས་ནན་ཆེ་བ་དང་། ཡབ་རྗེ་དམ་པ་དེ་ཉིད་ཐུགས་བསྐྱེད་ཆེ་ཞིང་། གདུང་རིན་པོ་ཆེ་སྐུ་མཆོད་རྣམས་དང་བཅས་ཐུགས་སྨོན་གྱི་འབྲེལ་པ་མི་བསླུ་བའི་ཚུལ་སྔར་གྱི་འཇའ་ས་ཐམ་ཀའི་མི་ལྟས་དང་། ལྷག་པར་གནད་བྱང་ཆུབ་བསྟན་ལས དེ་དུས་ལས་ཅན་དག་པའི་འཁོར ད་ལྟའི་འདུས་པར་བཅས་པ་རྣམས རྒྱ་བོད་


JLAZ014_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་གཙང་མ་ངེས་པར ལ་ལ་ཆེ་ཚུལ་བླ་དཔོན་དང་། འགའ་ཞིག་དམངས་ཐ་ཤལ་ཚུལ མ་འགགས་སྟོང་པ་ཅིར་ཡང་སྟོན ཀུན་ཀྱང་ལྟེ་སྨེ་སྙིང་མཚན་སྤྲས ལས་ཀྱི་དབང་གིས་འདུད་པ་འབྱུང ཞེས་པའི་དོན་ཐོག་ཏུ་བབས་པས་སྐོར་ཅིག་བཀའ་ནན་མི་བཅོག་པར་ཞུས། ཚོགས་ཆེན་འདུས་པའི་སྒྲུབ་མཆོད་སྔ་ནུར་དང་། དཔལ་རིས་ཉིན་བདུན་གྱི་བར་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས་བྱས། ཕྱག་གཏོད་ཊཾ་ཁ་དང་ཞོ་གསུམ་རེར་ཟོང་འགྱེད་བསྟབས། ཟླ་བ་གསུམ་པའི་ནང་ས་སྐྱ་ནས་རྩེ་དྲུང་རིན་ཆེན་སྡིངས་པ་དབོན་ཡོག་ལག་དོ་རྟ་ཁལ་བཅོ་ལྔ་སྐོར་བཅས་འབྱོར དོའ་ནུབ་མི་རྨི་ལམ་དུ། སོག་པོ་གཞོན་ནུ་ཉི་ཤུ་ཐམ་པ་ཡོང་ནས་བླ་མ་གསང་འདུས་དབང་ཞུ་བ་ཡིན་ཟེར། ངེད་རང་ཁྲི་མཐོན་པོ་ཞིག་གི་སྟེང་ན་འདུག་པའི་ཅོག་ཙེའི་སྟེང་ཉེར་སྤྱད་འདྲ་པོའི་ཟ་མ་ཏོག་སྙིང་གཟུགས་མ་ཞིག་ཕྱག་རྟེན་དུ་བུལ་བ་ཙ་ཏུརྨུ་ཁའི་སྲོག་སྙིང་དུ་སྣང་། ད་དབང་བསྐུར་བ་ལ་བོད་སོག་ཕན་ཚུན་སྐད་མི་གོ་བས་ཇི་ལྟར་རུང་སྙམ་ཙ་ན། དེའི་དབུས་ན་བོད་སྐད་ཤེས་པ་གཉིས་འདུག་པ་ན་རེ། ངེད་ཀྱི་གནས་ན་གསེར་གྱི་རྒྱ་ཕིབས་དང་། རྒྱལ་མཚན་ནི་ཤིན་ཏུ་མང་། དག་སེར་ཟངས་ཀྱི་དར་ཅོག་ཅིག་འཛུགས་སྙམ་པ་ཡིན་ཟེར་བ་ལ། གསེར་ཟངས་ལ་དར་


JLAZ014_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་གི་སྲོལ་མི་ཡོང་། གཉྫིར་འཛུགས་པ་ལེགས་བྱས་པས། དེའི་བཟོ་དབྱིབས་ཇི་ལྟར་ཡིན་ཟེར། དེ་ཁའི་མོད་ལ་གཙུག་ལག་ཁང་ཆེན་པོ་ཞིག་གི་གཉིྫར་ཟང་ཐལ་དུ་མཐོང་བྱུང་བས་རྣམ་པ་འདི་འདྲ་ཡིན་ཞེས་བསྟན་པས་འོད་འོ་ན་དེ་བཞིན་དགོས་འདུག་ཟེར་ནས་སོང་། དེའི་བརྡ་ནི་གོ །ཐང་གྲོང་གནས་ཆེན་འཁོར་བཅས་དང་། ས་སྐྱའི་རྩེ་དྲུང་དཔོན་ཡོག་ལ་ཚེ་དབང་བྱས། ཟླ་བ་དེའི་ཉི་ཤུ་བདུན་ལ་རང་གནས་ནས་བཏེགས་ཀྱི་རྫིང་ཚོགས་སུ་བསྡད་ནུབ་ཁ་ཆེ་པཎ་ཆེན་གྱི་རྫ་སྐུ་སྣང་བ་མཇལ་ཞིང་སྙན་དར་ཕུལ། འདུ་ཁང་དུ་དགེ་འདུན་རྣམས་ལ་བྱིན་རླབས་དང་མང་ཇའི་འགྲེལ་པ་བྱས། སང་ནུབ་གདུང་ཕུད་ཆོས་འཁོར་དུ་བསྡད། སྤྱི་སྒེར་གྱི་མཇལ་ཞུའི་སྐབས་ས་སྐྱར་མཚན་ཉིད་སློབ་གཉེར་ལ་བྱིན་མ་རག་པའི་གྲ་བདུན་ལ་སོ་སོ་ཐར་བ་ལས་བརྩམས་པའི་དྲི་བ་འགའ་ཞིག་གི་མཐར་ལུས་ངག་གི་སྡོམ་པ་གཟུགས་ཅན་ལ་བྱེ་བྲག་སྨྲ་བའི་ལུགས་དཔྱད་བཟོད་པར་སྤོས་ཁང་པའི་རབ་དབྱེའི་འགྲེལ་བར་དྲངས་པའི་དོན་བཤད་པས་ཁོང་རྣམས་ཀྱང་མགུ། ཕྱི་ཉིན་གོང་དཀར་ཆོས་སྡེར་གཞི་ལེན་གྲུབ་ཕྲལ་གནས་མཇལ་ཞིབ་པར་བྱས། རྡུལ་ཚོད་གྱི་དཀྱིལ་འཁོར་མང་པོ་ཞལ་ཕྱེ་དང་འགྲིག་བས་རྟེན་འབྲེལ་ལེགས་ཤིང་


JLAZ014_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་གྱི་འཇུག་པའང་བྱས། ལྕགས་ཟམ་དུ་ལམ་ཞོར་འགྲོ་རྩིས་ཐབ་བསུ་དང་ལམ་འཛོལ་བས་བཀྲ་ཤིས་གླིང་དུ་ཚ་ཕོགས་སར་སྤྲུལ་པའི་སྐུ་རིན་པོ་ཆེའི་ཕྱག་ཐམ་ཐེབས་ཀྱང་ཡ་གིར་དུས་ཚེས་ལམ་འབྱོར་དགས་པས་དེ་ནུབ་གན་པ་ལ་འོག་ཏུ་སྙེགས། སང་ཉིན་རར་འབྲོག་གཡུ་མཚོའི་འགྲམ་དུ་ཉ་པ་རྣམས་ལས་གསོན་པོ་གང་ཡོད་སྲོག་བསླུས་ཤིང་དཔལ་དིར་བསྡད། རིམ་པས་ཁ་རོལ་ལ་བརྒྱུད་ཞག་གཉིས་པའི་ཐོག་རྒྱང་རྩེ་མ་སླེབ་ཙམ་ལ་ཕ་ལྷའི་ཕེབས་སུ་ལམ་རྒྱུས་དང་བཅས་རྒྱང་མཁར་དུ་འབྱོར། ཡོན་བདག་སྙིང་འདྲིས་ཀྱི་སྒེར་གཞིས་སུ་བཅགས་མལ་བྱས་པར་ལུས་སྟོབས་ཉམས་ཤེད་ཆུང་བ་ལ་ངལ་གསོས་པའི་ཚད་དུ་བྱུང་། སང་ཉིད་དཔལ་འཁོར་ཆོས་སྡེ་དང་། སྐུ་འབུམ་ཆེན་མོ་ཞིབ་པར་འཇལ་བའི་བུམ་སྟེང་སྐུ་གཉེར་རྣམས་ཀྱིས་ཇ་ཞུའི་སྐབས་རྒྱང་རྩེ་ཆོས་རྒྱལ་གྱི་རྣམ་ཐར་བལྟས། མཆོད་རྟེན་འདིའི་ཆོས་འཁོར་འདི་བས་ལྡབ་འགྱུར་ཡོད་ན་མཆུ་ཞེང་གབ་པའང་རྒྱུ་རེ་འདུག་སྙམ་པ་བྱུང་། དགེ་ཚའི་སྒྲུབ་མཆོད་དང་ཐུག་བ་རྡུལ་ཚོན་གྱི་དཀྱིལ་འཁོར་མང་དག་སྣང་བ་ལ་རིག་པའི་མེ་ཏོག་དོར་ཞིང་། རྡོར་དབྱིངས་དང་དུས་འཁོར་ལ་ཞིབ་བལྟས་བྱས། གུར་བས་མགྲོན་པོར་བོས། དཀར་སྤྲོ་དང་། ཟུར་གསོས་བསྟར་བར་བླ་མ་


JLAZ014_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བགྲེས་སོང་གིས་ཞལ་ཏ་མཛད། མང་ཇའི་འབྲེལ་པ་བྱས། དེ་ནས་རྩིས་གནས་གསར་དུ་བསྡད། ལྷ་ཁང་བྱིན་ཅན་གོགས་བདེར་མཇལ། དཀར་མེ་སྙན་ཤལ་ཕུལ། བཙུན་ཆུང་ལྔ་དྲུག་གི་སྐྲ་ཕུད་ལྦང་། གྲྭ་ཚང་དེའི་ཟུར་མཇལ་ལ་མང་ཇའི་སློག་བྱས། ཕ་སྣ་མ་མདོའི་རྒན་པོ་ཕྱུག་པོ་དེས་ཡང་མར་གཉིས་ཀར་ཞབས་ཏོག་ལེགས་པོ་བྱས། སྨོན་ཁྱུང་རམ་པ་རྗེ་བཙུན་མའི་དགོན་པར་ཚ་ཕོགས་ཐོག་རྫོང་ལོད་གུ་ཟེར་བར་ཐང་ཆད་པའི་ཚད་ལ་སླེབས། རིམ་པར་ཤབ་དང་གྱེར་རྒྱུད། ཟླ་བ་བཞི་པའི་ཚེས་བཅུ་བཞིའི་ཉིན་དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོར་སླེབས་ རིག་འཛིན་ཕོ་བྲང་དུ་སྡོད་གནས་གནང་འདུག་པ་བཞིན་སླེབས་ཕྲལ་མགྲོན་གཉེར་དང་། མཆེད་གནང་ནས་ཇ་ཞུས་དང་། ལྷ་རྫས་བཟང་པོ་སྩལ་ནས་བདེ་བར་སྦྱོན་ནམ། བསྐྱོད་པ་ཡང་ངམ་ཟོ་མདོག་བདེ་བར་གྱུར་གྲང་ཞེས་ངལ་བསོའི་དབུགས་བྱིན་ཆེན་པོ་ལ་སྦྱར་བའི་བསྟི་བ་ཐོབ། སང་ཉིན་ཚེས་བཅོ་ལྔའི་དུས་ཁྱད་པར་ཅན་གྱི་ཉི་ཤར་དང་པོ་ལ་གཟིམ་ཆུང་དུ་འབོད་མི་གནང་བ་བཞིན་གོང་མ་རིན་པོ་ཆེ་སྐུ་མཆེད་དང་མཇལ། སྔར་ནས་འདྲིས་ཤིང་བཤེས་པ་ལྟ་བུའི་ཞལ་ཏ་ནང་མར་གནང་། བྱིངས་དམངས་ལ་བརྩེ་ཆེན་ལྷ་ཁང་དུ་འབྱོར་ཕྱག་ཐོག་མཇལ་རྟེན་


JLAZ014_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པ་རྣམས་ཕུལ། དེ་ཉིན་དུས་ཆེན་ཁྱད་ཆོས་དུང་དཀར་པོ་རྒྱང་གྲགས་བུས། ལྷ་ཁང་ཆེན་མོའི་མཆོད་མཇལ་གྱི་སྣེ་ཤན་དགེ་སློང་བགྲེས་བོ་བསོད་ནམས་བཟང་པོས་གནང་། ཁོང་རབ་འབྱམས་པ་དོན་མཐུན་ལོ་རྒྱུས་ལའང་འདྲིས་པས་གནང་བཤད་དང་འབྲེལ་བར་གནའ་གཏམ་ཀྱང་ཞིབ་པར་བྱུང་། མཆོད་མེ་སྙན་ཤལ་རྒྱས་པར་བསྟར། སྒྲོལ་མ་ལྷ་ཁང་དེར་སྣང་བ་འགྱུར་ཞིང་གསལ་སྣང་འདྲའང་ཤར། ཕྱི་ནས་གཞི་ཐོག་དབུ་རྩེ་མཇལ་དུས་རྒྱ་སྒོའི་སྟེང་ལོགས་ལས་པཎ་གྱི་གསུང་རྩོམ། སྒྲ་པང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་པ། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། ཞེས་སྣང་། དེ་ལྟ་མོད་ཀྱི་ཕྱི་ནས་ནི་གཟུགས་བརྙན་ལས་འདས་པའང་འདི་ལྟར་རོ་ཞེས་པའི་ཕྱིར། སྒྲ་རྗེས་དོན་འཇུག་རྟོག་གེར་མི་རྟོན་གྲུབ་མཐའ་ནང་འཇོམས་ངག་གི་དབང་། སྡེབ་སྦྱོར་དོན་འབྲེལ་སྙན་དངགས་རྒྱན་འདྲོངས་མངོན་བརྗོད་རིག་བྱེད་རྗེས་སུ་མིན། །དུས་སྦྱོར་བཅུ་གཉིས་བདེན་དོན་ལ་རྟེག་རྟེན་ཅིང་འབྲེལ་འབྱུང་ཀུན་རྫོབ་ཙམ། །དབུ་མའི་གཏན་ཚིགས་ཆེན་པོ་རྣམ་བཞིས་རྟག་ཆད་རྒོལ་བ་


JLAZ014_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འཐག་པའི་ཕྱིར། །བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་དྲི་མེད་འོད་ཟེར་སྟོང་དུ་འབར། །ཞེས་པ་འདི་བྲིས་ནས་ཕུན་ཚོགས་གླིང་གི་རྒྱ་སྒོའི་ཡ་ཐེམ་ལ་སྦྱར། སྨྲ་བའི་དབང་ཕྱུག་ཨནནྟ་ན་རེ། དེ་ཡང་དེ་ལྟར་ཡིན་མོད་ཀྱི་མུ་སྟེགས་ཚར་གཅོད་ནུས་པ་ནི་དཀོན་པའི་དངོས་པོ་ཅན། ཟེར། ཡིད་བཞིན་རིན་པོ་ཆེའི་མཛོད་ལ་དབང་ཕྱུག་ནག་པོའི་གྲུབ་མཐའ་བཀོད་ནས། གཟུང་འཛིན་རྣམ་ཤེས་དང་འབྲེལ་བ་དང་། ཡོངས་གྲུབ་ཡེ་ཤེས་ལ་སྤྱོད་པའི་རིགས་ཁྱད་པར་ཅན་གྱིས་རྟག་ཆད་མཐར་འཛིན་གྱི་རྒོལ་བ་ཚད་གཅད་པའི་གཏན་ཚིགས་མངོན་སུམ་པར་གྲུབ་པའི་ཡིན་ནོ། །ཞེས་སྨྲས་པས་གདུལ་བར་རུང་བ་ནི་སྐྱེས་བུའི་མཚན་ཉིད་ཡིན་པས་རྗེས་སུ་ཡི་རང་བ་མངོན་པར་ཕྱོགས་སོ། །གཙང་ཁང་གི་འཇམ་དབྱངས་ག་བྲི་འོད་འབར་བ་མཇལ་ཞིང་ཉེ་ལོགས་ལ་འཕྲོག་བྱེད་དགའ་བོའི་རལ་པ་མཐོང་པས་རྗེ་བཙུན་ས་པཎ་གྱིས་སློབ་དཔོན་ཆོས་ཀྱི་གྲགས་པའི་རྣམ་པར་ཐར་པས་བསྟན་པ་ལ་བྱ་བ་བྱས་སོ་སྙམ་མོས་པ་ཐོབ། དེ་ལྟར་ནའང་སྡོམ་གསུམ་རབ་དབྱེ་ནི་དྲང་ངེས་ལྡེམ་དགོངས་བཞི་དང་ལྡན་པ་ཡིན་ན་འགྲེལ་པ་འགའ་ཞིག་ཧ་ཅང་ཡང་ཐལ་བའི་གནས་སུ་མཐོང་ངོ། །དེ་ནས་གོང་མ་རིན་པོ་ཆེ་ཉི་ཤུ་རྩ་གསུམ་པའི་སྐུ་ཚེའི་ཕྲང་བསལ་བ་དང་། གཞི་ཐོག་ཕོ་བྲང་ཞིག་གསོ་རྒྱ་ཆེའི་རྐྱེན་སེལ་དུ་རྡོ་རྗེ་ཕུར་པ་དང་


JLAZ014_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྦྱིན་སྲེག་འབུམ་ཐེར་ཉང་གཏེར་ཁྲོས་ནག་མའི་མེ་མཆོད་དེ་མཚུངས། ཕོ་བྲང་གསར་བ་ལ་བགེག་སྐྲོད་དང་སྦྱིན་སྲེག་ཚར་གསུམ། དེ་ནས་དམ་པ་ཆོས་ཀྱི་བདུད་རྩི་འབུལ་བའི་དང་པོར། ཚེ་རྟ་ཟུང་འབྲེལ་གྱི་དབང་སྒོ་ཕྱེ་ནས་རྨི་ལམ་ལུང་གསལ་བཞིན་བྱིན་རླབས་ཀྱི་རྩ་བ་བླ་མའི་ཐུགས་སྒྲུབ་གཏེར་ཁ་འོག་མའི་ལུགས་ཀྱི་རྩ་དབང་རྒྱས་པ་ནས་བཟུང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བ་དངོས་སྟ་ཉིན་གཉིས་མའི་དབང་ཆེན་ལ། དབང་གི་རྣམ་དབྱེ་དང་འཇུག་ཚུལ་གྱི་ཁྱད་པར་ཡོ་ག་འོག་མ་དང་མི་འདྲ་བ་བླ་ན་མེད་པ་པའི་སྙིང་ཐིག་ཡ་བཞི། བཀའ་བརྒྱད་བདེར་འདུས། གསང་བ་ཡོངས་རྫོགས། གཤིན་རྗེ་ཚེ་བདག །ཀློང་ཆེན་སྙིང་ཐིག་ ཕུར་པ་རྒྱུད་ལུགས་རྣམས་དང་། གསར་མ་ལ་འདུས་པ་འཕགས་ལུགས། བདེ་མཆོག་ལུ་ཡི་པ། འཇིགས་བྱེད་རྭ་ལུགས་ཏེ་དབང་བཀའ་ཆེན་པོ་བཅུ་གསུམ་ལྷག་བཅས་དང་། འཇམ་དཀར་མ་ཏི་ལུགས་སོགས་རྗེས་གནང་ཁ་ཤས། ཆོས་སྐྱོང་སྐོར་ལ་རྒ་ལོའི་མགོན་པོ་ཕྱག་བཞི་པ། ཤང་ས་མགོན་ཕྱག་དྲུག་པ། ལྷ་ཆེན་པོ། ཁྱབ་འཇུག་རོག་ཏེ་ཚེ་རིང་མ་སོགས་ཕུལ་ཞིང་། ལ་ལའི་བླ་རྡོ་སྲོག་འཁོར་ཀྱང་བཅས། ལར་ཡབ་རྗེ་དམ་པའི་སྤྱན་ལྟོས་ཀྱི་བསྟན་པ་ལ་ཕྱག་བཞེས་ཆེ་བས་གསར་རྙིང་གི་


JLAZ014_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཀའ་ཡོད་ཚད་ཞུ་གསུང་ཡང་། ངེད་ནི་སྒོམ་པ་གཙོ་བོར་འདོད་པ་ལས་ཐོབ་རྒྱ་གཙོ་བོར་མི་གཉེར་པར་མ་ཟད་མདོ་དབང་ལ་སོགས་པའི་བཀའ་གཏེར་གྱི་ཆོས་རྩ་བ་ཆེ་བ་འགའ་ཞིག་དཔེ་ཆ་ཡང་མ་སླེབ་པས་ཕྱི་ནས་སྨོན་པའི་ཡུལ་དུ་བྱས་ནས། ད་རེས་ཀྱི་ཆར་ཐུགས་རྒྱུད་གྲོལ་བར་བྱེད་པ་ཁྲིད་ཀྱི་གནས་ལ་གཙོ་བོར་བཏོན་པའི་ཚུལ། དད་པོ་སྨིན་བྱེད་ཀྱི་དབང་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དང་། ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ལ་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་ཕུང་ཁམས་སྐྱེ་མཆེད་རྣམས་དབང་གི་ཆོ་གས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སྨིན་པའི་བྱ་བ་ནི་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་གཅིག་གིས་དབང་བཞི་ཚང་ལ་མ་ནོར་བས་འགྲུབ་པ་ལ། འདིར་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་བཤད་འགྲེལ་དང་མཚུངས་ལྡན་གྱི་ཁྲིད་ལ་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པས་སྔོན་འགྲོའི་སྐོར་སྐྱེས་བུ་གསུམ་གྱི་ལམ་དང་འབྲེལ་པ་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་རྩལ་འདོན་དང་། དེའི་བྱང་སྡོམ་གཞེས་པ་ལ་བབ་པ་ན། སེམས་བསྐྱེད་མཆོད་པའི་དོན་དུ་གཙུག་ལག་ཁང་སྤྱིར་སྟོང་མཆོད། ཆོས་དུང་གསུང་བསྐུལ། སྲོག་བསླུ་རྣམས་སྔོན་དུ་འགྲོ་བའི་བདེན་བཞིའི་ཆོས་འཁོར་གྱི་དུས་ཆེན་ཉིན་ཕུར་ཁང་ཆེན་མོར་


JLAZ014_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་པའི་རབ་གནས་རྒྱས་པ་དང་སྟབས་གཅིག་ཏུ་བསྒྲུབ་པར་བརྩམས་པ་ན་བདག་ཆེན་རིན་པོ་ཆེའི་མནལ་ལྟས་སུ། ད་རེས་ཕུར་ཁང་དུ་བླ་མ་རྫོགས་ཆེན་པ་ལ་ཡང་དག་གི་དབང་ཞུས་ཤིག་ཟེར་བ་བྱུང་གསུངས་ནས་ཡང་དག་གི་དབང་དཔེ་སྐུ་མདུན་དུ་བཤེར་འདུག་ དེ་ལ་སྤྱིར་དཔལ་ལྡན་ས་སྐྱ་བའི་ཡབ་ཆོས་ཀྱི་གཙོ་བོ་རྡོ་རྗེ་ཕུར་པར་སྣང་ཞིང་། དངོས་གྲུབ་བརྙེས་པའང་རྒྱུན་མི་འཆད་དུ་བྱུང་བའི་རྟེན་འབྲེལ་དང་བསྟུན། རྒྱུད་འབུམ་རིན་པོ་ཆེ་ནས་ལོ་པཎ་ཐ་དད་པའི་འགྱུར་མི་གཅིག་པའི་ཆོས་ཀྱི་རྣམས་གྲངས་བརྒྱར་ཉེ་བ་ནས་ལེགས་པར་བཏུས་པའི་ཕུར་བ་རྒྱུད་ལུགས་ཀྱི་དཀྱིལ་འཁོར་དང་པོར་ཞལ་ཕྱེ་བའི་སྨིན་དབང་གི་སྣོད་དུ་ཡི་དམ་གྱི་ལུང་བསྟན་པར་སྣང་། ཡང་དག་གི་སྒྲ་ནི་ཆོས་དེ་རང་བཟོའི་སྒྲོ་སྐུར་དང་བྲལ་བའི་བརྡར་སྣང་བ་དེ་ཁའི་རྒྱུ་མཚན་ཞུས་པས་འོ་ན་ཅི་ནས་ཀྱང་ཞུ་ཞེས་ཕེབས་པ་ལྟར་ཉིན་སྔ་མར་རང་གནས་ཀྱི་སྟ་གོན་གྲུབ་མ་ཐག་སློབ་མ་སྟ་གོན་བྱས། ཕྱི་ཉིན་འཛམ་བུ་གླིང་ལ་ཉི་མ་དྲོས་ཆེ་ཚེ་སྤྱན་དབྱེ་གྲུབ་བར་བྱས་པའི་འགྲོས་ཀྱི་སྔ་དྲོའི་ཆར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ལོག་སྟེ་དམ་པའི་སྐྱེས་བུ་ལ་གདོད་ནས་གྲུབ་པའི་རིགས་ལྷག་པར་སད་ནས་བྱང་ཆུབ་སེམས་དཔའི་གོ་འཕང་ལ་མངའ་གསོལ། དེའི་རྗེས་འབྲེལ་དུ་སྐུ་


JLAZ014_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་གསུམ་ཀ་ལ་ཕུར་བ་རྒྱུད་ལུགས་ཀྱི་དབང་མ་ཚང་བ་མེད་པ་དང་། མཐའ་རྒྱས་སུ་བཤད་པས་སྣ་དྲངས་པའི་གཟེར་ཟངས་ཀྱི་རྫས་བརྒྱད་ལས་ཆོས་དུང་ངོ་མ་དང་བཅ་ཕྱག་གུ་ཕུལ་ནས་དགའ་སྟོན་གྱི་བར་རྒྱས་པར་བྱས། དངོས་ཅག་ལའང་གོས་དར་གྱི་ཚན་གྲངས་དང་། བཟང་ཇ། སའི་སྙིང་པོ་དང་བཅས་པའི་རབ་སྟོན་གྱ་ནོམ་པར་སྩལ་ཏོ། དེ་ནས་དངོས་གཞི་ལ་གསང་སྔགས་སྤྱིའི་གཞུང་ལམ་དང་མཐུན་པའི་སྨིན་བྱེད་དང་བསྐྱེད་རྫོགས་ཕན་ཚུན་རྟེན་དང་བརྟེན་བ་ལྟ་བུར་གནས་པའི་བཤད་པ་དང་མཐར་གྱི་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ལ་བརྟེན་ནས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བདེན་པ་བློ་ཚོད་ཀྱིས་བསྒྲུབ་པའི་སྟོང་ཉིད་མེད་དགག་དང་། མ་ཡིན་དགག་གི་འགལ་འབྲེལ་ལ་བརྟེན་ནས་དབུ་མཆེན་མོ་ལ་སོགས་པའི་ཆོས་སྐད་ཆེན་པོ་གོ་ཡུལ་དང་། གསུམ་པའི་ཚོར་བ་ལས་སྐྱེས་པའི་དཔེའི་ཡེ་ཤེས་ཟད་བཅས་པ་ལ་བདེ་སྟོང་རྒྱ་ཆེ་ཆུང་དུ་འདོད་པའང་རྒྱུ་འབྲས་ལྟར་བྱུང་བའི་དངོས་པོ་སྐྱེ་བའི་བདག་ཉིད་ཅན་གྱི་སྟོང་ཉིད་ཡིན་པས་རེ་ཞིག་གི་རྣམ་པར་རྟོག་པ་ཙམ་སྡོམ་ཀྱང་སངས་རྒྱས་ཀྱི་ཟག་པ་མེད་པས་ཆོས་སྟོབས་ག་ལ་མཐོང་། འདིར་རང་བཞིན་རྫོགས་པ་ཆེན་པོའི་ཤེས་རབ་ཀྱི་སྒོམ་པ་དེ་ནི་རང་གི་ངོ་བོ་ཉིད་ཀྱིས་


JLAZ014_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཅིང་ཟད་པའི་བདག་ཉིད་ཅན་ཡིན་པས་དངོས་པོར་འཛིན་པ་རྡུལ་ཙམ་ཡང་མ་དམིགས་ཤིང་། མཚན་མ་དང་རྣམ་པར་རྟོག་པའི་ཆོས་ཐམས་ཅད་ཟད་པར་འགྱུར་བ་དེ་ལ་སྐྱེ་བ་ག་ལ་ཡོད། དེའི་ཕྱིར་སྐྱེ་བའི་བདག་ཉིད་ཅན་གྱི་སེམས་ཟད་པ་དང་། ཟད་པའི་བདག་ཉིད་ཅན་མི་སྐྱེ་བས་ཤེས་པའི་ཤེས་རབ་རིག་ཐོག་ཏུ་ཉམས་སུ་མྱོང་བའི་སྟེང་ནས་གནས་ལུགས་ངོ་སྤྲོད་ཤེས་ན་གང་ཟག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། རྗེ་ཙུན་ས་སྐྱ་བ་དང་པོའི་ཁུངས་ཀྱང་སློབ་དཔོན་སངས་རྒྱས་གཉིས་པའི་དངོས་སློབ་ཡིན་ལ། བར་སྐབས་སུ་གོང་མ་ལྔ་ལ་སོགས་པ་ནི་ཕྱི་འགྱུར་སྤེལ་བའི་བདག་པོའི་རྐྱེན་དུ་རྟེན་འབྲེལ་དང་སྨོན་ལམ་གྱི་སྟོབས་ལས་གྲུབ་ཅིང་། །ཕྱི་ནས་གསར་རྙིང་རིས་སུ་ཆད་པའི་དགག་སྒྲུབ་ལ་ཆོས་སུ་འཛིན་པ་མ་ཡིན་པས་བསྟན་པ་ཐམས་ཅད་ཀྱི་མངའ་བདག་ཡིན་པའི་ཕྱིར་དཔལ་མགོན་ཞལ་གྱི་ལུང་བསྟན་གསེར་གྱི་གཉིྫ་རའི་བརྡ་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་རང་བཞིན་རྫོགས་པ་ཆེན་པོའི་རྒྱལ་ཐབས་ལ་མངའ་གསོལ་བའི་དོན་དུ་སོང་ངོ། །རྗེ་བཙུན་ཆེ་ཞེ་དམ་པས་ཀྱང་བསྙེན་བཀུར་ཡང་ཡང་དང་། ཡུམ་ཀའི་སྐོར་ཉམས་གཞིས་ཀྱི་ཕྱག་དཔེ་སྔོག་པར་མཛད། ལྷ་ཁང་ཆེན་མོའི་དགེ་བཤེས་མིང་དོན་མཐུན་པའི་དྲུང་རམས་པ་ཨ་ནནྟ་ཤྲི་བྷ་ཝ་དང་


JLAZ014_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་གཉིས་ཀའི་ཆོས་ཀྱི་འབེལ་གཏམ་རྒྱུད་མར་བྱུང་། ཁོང་གིས་མཛོད་འགྲེལ་གཉིས་ཀྱང་ཞིབ་མོར་གཟིགས་ནས་དོགས་པའི་གནས་ལ་གཉིས་ཀ་འཛོམ་ཐོག་ཏུ་དག་ཐེར་བྱས། ལར་རྟོག་གེའི་རིག་པ་རྣོ་བ་ཙམ་ལ་རྒྱུ་མཚན་མེད་དེ། ཆོས་དོན་གྱི་དབྱིངས་འཇལ་ཤེས་པ་ལ་མཁས་པ་ཟེར། ཁོང་དངོས་ལ་མི་འཕྲོག་པའི་དད་པ་དང་ལྡན་པས་བླ་མ་དང་མཇལ་བ་རྗེ་བཙུན་ས་སྐྱ་བའི་ཐུགས་རྗེ་ཡིན། དགེ་བའི་བཤེས་གཉེན་དང་མཇལ་ནས་སློབ་མར་གྱུར་པ་བྱེད་པ་ལ་དབང་བསྐུར་ཚད་ལྡན་ཞིག་ཐོབ་དགོས་པས་ཅི་ནས་རྗེས་སུ་འཛིན་དགོས་ཞེས་བསྟུད་ནས་ཞུ་བར་ཕུར་བ་རྒྱུད་ལུགས་ཀྱི་རས་བྲིས་སུ་སྨིན་པར་བྱས། དབུ་མའི་གྲུབ་མཐའ་ལ་ཤིན་ཏུ་ཆུབ་ཀྱང་། ཆོས་ཉིད་ཀྱི་བདེན་པ་མང་དུ་ཐོས་ཤིང་དབེན་པ་བསྟེན་པའི་བླ་མའི་མན་ངག་ལ་བརྟེན་ནས་ཐོབ་དགོས་པས་བསམ་སྒོམ་གྱི་ཤེས་རབ་རིག་ཐོག་ཏུ་ཐུག་པར་བྱས། སྔར་གྱི་རྨི་ལྟས་སུ་བོད་སྐད་གོ་བ་གཉིས་ཤིག་འདུག་པ་དེར་སྣང་། ཁོང་གི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཟིན་བྲིས་ཤིག་མཛད་པ་ལས་འཕྲོས་ཏེ་བསླབ་བྱའི་གནང་བཀག་ལ་དཔྱད་པའི་ཚིགས་བཅད་དེ་བྲིས། ཆོས་འཁོར་ལྷུན་པོའི་བྱམས་མགོན་དང་། སློབ་དཔོན་ཆེན་པོའི་སྐུ་སོ་སོར་སྙན་ཤལ་དང་དཀར་མེ། གྲ་ཚང་ལ་མང་ཇ་སོགས་བསྐུར།


JLAZ014_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དེ་པའི་གྲ་པ་བཅོ་ལྔ་སྐོར་ལ་རྣམ་རྒྱལ་མའི་རྗེས་གནང་དང་། མགྲོན་གཉེར་སྦོས་སྐྱོབ་དང་བཅས་ཉི་ཤུ་སྐོར་ལ་བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་ཡང་བསྐུར། བླ་མ་བཤེས་གཉེན་བ་དང་མཇལ་ཞིང་ཆོས་འབྲེལ་ཞིག་དགོས་གསུང་བ་ལྟར་བྱས། ས་སྐྱ་པའི་མདུན་ན་འདོན་ཆེན་པོ་ལན་བཞི་ལྔ་ཙམ་ཕེབས་ཤིང་བསྙེན་བཀུར་དང་གསེར་གྱི་འཕྲུ་གསར་བརྡུལ་སོགས་ལ་ཐུགས་འགན་ཆེར་གཞེས་གནང་། འབྲི་གུང་པའི་བླ་མཆན་གྱིས་ངེད་ཅག་ཚར་བཅད་ལ་དམིགས་འདྲ་བའི་ཀུན་མཁྱེན་ཆེན་པོའི་གཞུང་ལའང་དོགས་པའི་དྲི་བ་མང་རབ་ཅིག་བྲིས་པ་འདིར་འབྱོར་བ་ལ། ཀེ་ཏ་ཀའི་རྣ་རྒྱན་ཞེས་བྱ་བ་བྲིས་ནས་གཏམ་ཚོགས་སུ་བསྡུས། ཡུམ་ཀའི་མཁའ་འགྲོ་བསུ་བཟློག་གི་རྟེན་འབྲེལ་དང་པོར། ས་སྐྱ་པ་སྐུ་མཆེད་ལ་ཕུལ་བས་མནལ་ལྟས་ངོ་མཚར་ཅན་བྱུང་གསུང་། ལྷ་ཁང་ཆེན་མོར་མང་ཇ་སྦྱོར་སྦྲེལ་བཏང་། རེ་ཞིག་འདུག་ན་དགོངས་པ་འདུག་ཀྱང་སྤྱིར་ན་ཚོང་ཐལ། སྒོས་ས་ཆུ་མི་འཕྲོད་བའི་སྙན་འབུལ་ཡང་ཞུས། རྣམ་པ་ཀུན་ཏུ་བླ་མར་བྱ་བའི་ལྡང་བ་དང་། བསྟི་སྟང་དང་། གདན་བཟོས་ལ་སོགས་པའི་རིམ་གྲོས་བསྐྱངས་ཤིང་གསེར་དངུལ། ཇ་གོས་དར་སོགས་གཤེགས་རྫོགས་གྱ་ནོམ་པ་བསྩལ་ཏེ་རང་གནས་སུ་ཕྱོགས། རྩེ་དྲུང་དགེ་འདུན་བཀྲ་ཤིས་ཅན་ལག་དོ་


JLAZ014_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཁལ་ཉི་ཤུ་སྐོར་བཅས་དལ་འགྲོས་ཀྱིས་བསྐྱོད། རྒྱང་རྩེར་ཕ་ལྷའི་སྒེར་གཞིས་སུ་ཞག་བཅུ་སྐོར་བཅགས་མལ་བྱས། རང་སློབ་དད་ལྡན་ཆོས་གསལ་སྤུན་དང་། ཕན་བདེ་བཅས་ནས་འཁོར་སུ་ཕེབས་པའི་བསྙེན་བཀུར་དང་། བརྟན་བཞུགས། འབུལ་ནོད་སོགས་ཡང་དག་བསྒྲུབས། རིན་སྡིངས་པའི་བླ་རྒན་དགེ་སློང་རིན་ཆེན་བསྟན་དར་དད་མོས་ཆེ་བས་སྨིན་ཁྲིད་ཀྱིས་རྗེས་སུ་བཟུང་། དཔལ་སྡིངས་པས་དགོན་པར་བསྐྱོད་དགོས་ནན་ཆེ་ཡང་རྟེ་དྲེལ་རྣམས་ས་རོང་རྩུབ་མོར་འཚོར་བས་བསྐྱོད་མ་ཐུབ། མཇལ་མི་དང་ཆོས་འབྲེལ་ཤིག་སོན་གྱི་བསྔོ་ཞུས་སོགས་མང་དག་གི་རེ་བ་བསྐངས། རྒྱང་རུ་རྩིས་ཀྱི་ལྷ་ཁང་ལ་མཆོད་བ་དང་ནང་མཛོད་བསྐུལ། རྒྱལ་པོའི་ཁྲི་མུན་དུ་ཆུད་པའི་རྐུན་པོའི་རྒྱུ་འབྲས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཤིང་བཟའ་བཏུང་གིས་ཕན་བཏགས། ལུག་ལྔའི་སྲོག་བསྐྱབས། ཡར་ལམ་ཕྲ་སྐྱོང་ནས་ཀྱི་གཞིས་ཀར་ཞག་གསུམ་ཐེགས། །དཔལ་སྡིངས་དབོན་གཡོག་དང་བཅད་པ་ལ་ཚེ་དབང་བྱིན་རླབས་སོགས་བྱས། རིམ་པས་ཡར་འབྲོག་བརྒྱུད་རང་གནས་སུ་བདེ་བར་འབྱོར། ཟླ་བ་དགུ་པ་ཤར་ཕྲལ་ཕུར་པ་རྒྱུད་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ནས་དབོན་སློབ་བཅོ་ལྔ་སྐོར་གྱི་སྒྲུབ་ཆེན་ཞག་བཅུ་བ་ཞིག་


JLAZ014_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། གཞིས་ཀ་ནས་སྦྱིན་བདག་བང་ལེན་མཛད། དེ་མཚམས་སྡེ་དགེ་ནས་རྫོགས་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེའི་ཆབ་ཤོག་ཞིག་རྒྱས་དང་བླ་མ་བསོད་རྣམས་ཆོས་ལྡན་ཅན་དབོན་གཡོག་ལྔ་གདན་འདྲེན་ལ་འོང་ཚུལ་རྒྱས་བར་བསྙད། རྫོགས་ཆེན་སྤྲུལ་པའི་སྐུ་སྔར་འདིར་ཕེབས་སྐབས་མཇལ་མ་ཐུབ་པའི་གསུང་ཅོང་དང་བཅས་པའི་རྒྱུ་མཚན་བསྐྱར་ནས་ཉིན་མང་པོ་སྟུད་དེ་ནན་ཆགས་མཛད། ལམ་རྟགས་སུ་བྱང་ཆུབ་སེམས་དཔའ་ཞིག་མཇལ་བར་རྨིས། ཁོང་མི་གཞི་བཟང་ཞིང་ལས་ཅན་གྱི་སློབ་མར་འདུག་པའི་ཕྱིར་སྔར་ཡོན་ཏན་རིན་པོ་ཆེའི་མཛོད་མཐོང་བ་ནས་བཟུང་སྟེ་བླ་མ་འདི་དང་མ་མཇལ་བར་དུ་རྒྱ་གར་རྡོ་རྗེ་གདན་ལ་འགྲོ་དགོས་བྱུང་ཡང་ཤི་མ་ཤི་མེད་སྙམ་པའི་སྡོད་མི་ཐུབ་པར་བྱུང་ཟེར། ངེད་དང་པོར་མཇལ་དུས་ཐང་སྟོང་རྒྱལ་པོའི་སྐུ་ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་ཚེ་བུམ་འཛིན་བ་ཞིག་གི་ནུ་མ་གཡོན་པ་ནས་ཚེ་ཆུ་ཚེ་རིལ་ཚེ་སྒྲུབ་ཀྱི་ཆོས་སྐོར་དང་བཅས་ཐོན་པ་དང་། ཡང་ཤེས་རབ་གཏེར་སྟོན་ཟེར་བ་ཞིག་གིས་རྒྱ་གར་གྱི་རི་བོ་མཆོག་རབ་ཀྱི་རྩེ་ནས་སློབ་དཔོན་ཆེན་པོའི་སྐུ་བརྒྱ་རྩ་བརྒྱད་བླང་རྒྱུའི་ཁ་བྱང་བསྟན་པ་ཞིག་དང་། ཙན་དན་དམར་པོའི་སྐུ་མང་པོ་ཐུ་བར་བབས་པ་སོགས་བྱིན་རླབས་ཞུགས་པའི་རྟགས་


JLAZ014_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་ཅན་ལ་འབྱུང་བ་ཆོས་ཉིད་ཀྱང་ཡིན། ཁོང་ཅག་ཤུལ་རིང་གི་འགྲོན་པོ་ཡི་ཆད་བ་མེད་པར་རྗེས་སུ་བཟུང་སྟེ་དེ་མ་ཐག་འཁྲིད་ཀྱི་མགོ་བཅུགས། རིང་མིན་སྡེ་དགེ་རྒྱལ་པོའི་མདུན་ན་འདོན་གཤེན་རབས་སྟག་རྒྱལ་དབོན་གཡོག་གཞུང་གི་སྣེ་ཤན་དང་བཅས་འབྱོར། རྒྱལ་པོའི་ཆབ་ཤོག་དངུལ་སྲས་ཉེར་ལྔའི་རྟེན་བཅས་སྤྲད་ནས། ཞུ་ཡིག་ནང་གསལ་ལྟར་ངེད་ཀྱི་ལས་དོན་བླ་མ་གདན་འདྲེན་ལ་ཆེད་དུ་མངགས་པ་ཡིན་ན་སྤྱན་འདྲེན་མཐུབ་པར་འགྲོ་ཐབས་མེད་ཚུལ་ལན་གྲངས་མང་པོར་བསྟུད་ནས་བསྙད། སྤྱི་རས་སྐྱོང་སྡེ་དགེ་འདི་ཡབ་མེས་གོང་མ་ནས་དཀོན་མཆོག་གསུམ་ལ་བླ་མར་བྱེད། རྒྱལ་བའི་བསྟན་པ་ལ་གུས་པས་བཀའ་བསྟན་གྱིས་གཙོས་བསྟན་པའི་རྩ་ལག་ཆེན་པོར་གྱུར་པའི་གསུང་པར་སྟོབས་པོ་ཆེ་བསྐྲུན་བ་སོགས་རྣམ་དཀར་ཕྱག་གཞེས་རྒྱ་ཆེ། རེས་མེད་པའི་བསྟན་པ་ལ་གུས་ཤིང་རྒྱལ་སྲིད་ཆོས་ཀྱི་ལུགས་སྐུ་སྐྱོང་བའི་ཆོས་རྒྱལ་དུ་ངོས་ནས་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ལུང་གིས་སྐབས་དབྱེ་བ་ལྟར་ཁོ་བོ་ཅག་མཆོད་ཡུལ་གྱི་དམ་པར་བཟུང་ནས་རང་གི་མངའ་རིས་སུ་སྤྱན་འདྲེན་པའི་ངག་འདི་ནི་ལྡོག་ཏུ་མི་རུང་བའི་གནས་སུ་མཐོང་མོད། །གཞན་ཕན་འགྲུབ་པའི་གནས་སྐབས་ན་ཞི་བདེ་ལ་གཞོལ་བ་བྱང་ཆུབ་སེམས་


JLAZ014_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་རྩ་ལྷུང་ཉིད་དུ་ངེས་པར་མ་ཟད་འཇིག་རྟེན་དང་མཐུན་པའི་གཏམ་ལས་ཀྱང་། མཁས་པ་རང་གི་ཡུལ་བས་ཀྱང་། །ཡུལ་ཁམས་གཞན་དུ་མཆོད་པ་ཐོབ། །ནོར་བུ་གཞན་དུ་བྲིན་པ་ཙམ། །རྒྱ་མཚོའི་གླིང་དུ་ག་ལ་བྲིན། །ཞེས་པས་ཀྱང་གསལ་ལོ། །ཁྱད་པར་ལོ་གསུམ་དང་པོའི་རྨི་ལྟས་སུ་མདོ་ཁམས་སྡེ་དགའི་ཕྱོགས་ནས་ལྷགས་པའི་ཡིག་སྒྲིལ་ལ་དར་ཅོག་ཆེན་པོའི་དོན་ནི་རྒྱལ་བུ་འདི་དང་ལས་འབྲེལ་ཅན་དུ་གོ་ཡང་སློབ་དཔོན་ཏི་ཙི་ཏྲས། བགྲོད་པར་བགྱི་འོས་ཁྱོད་ལགས་ན། །བཀུག་ཀྱང་མ་མཆིས་གང་ལགས་ཏེ། །མ་གུས་མ་ལགས་བརྙས་མ་ལགས། །རྒ་དང་ནད་ཀྱིས་བར་ཆད་བགྱིས། །ཞེས་པ་ལྟར་ད་ནི་ན་ཚོད་ཀྱང་ཐལ། གཟུགས་ཅོང་བས་འགྲོ་འདུག་གི་ཟེར་རེ་མ་བཟོད་ཅིང་། ས་ཆུ་བརྗེས་པ་ལས་གློ་བུར་དུ་ནད་སྣ་མང་པོ་འདུ་བྱེད་པས་ལམ་བར་དུའང་སྔར་བསམ་མཆིམས་སུ་འདུག་སྐབས་ཀྱི་མཁའ་འགྲོའི་ལུང་བསྟན་ལྟར། མིའི་ངོ་འཛིན་དང་ཆོས་ལུགས་བརྒྱད་ལ་བརྟེན་ནས་རྙེད་པ་དང་སྙན་གྲགས་མ་བཙལ། གྲོང་ཆོག་ལས་བྱོལ། དཀོར་རྔམ་པོ་ཆེ་ལ་ཅི་མི་སྙམ་པར་མ་སྤྱད་ཅིང་། ཐབས་ལམ་ཟབ་མོའི་རྟེན་འབྲེལ་དང་བཅས་རྗེ་འཕེལ་དུ་གྱུར་པ་ཡིན་ན། ཕྱོགས་སུ་རིང་བའི་བཤུལ་ལམ་དང་། ས་ཆུའི་འདུ་འཕྲོད་རྩུབ་མོས་


JLAZ014_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མའི་ཕུང་པོ་ལ་ཉམ་ཉེས་པར་གྱུར་ན་ནི། ཁྱེད་ཅག་ལའང་ཕན་པར་མི་འགྱུར་བའི་ཕྱིར་ན། སློབ་དཔོན་ཞི་བ་ལྷས། འགྲོ་དང་འོང་བའི་རྟེན་ཙམ་དུ། །ལུས་ལ་གྲུ་ཡི་བློ་བཞག་སྟེ། །སེམས་ཅན་རྣམས་དོན་བསྒྲུབ་པའི་ཕྱིར། །ཡིད་བཞིན་གྱིས་ནི་ལུས་སུ་བསྒྱུར། །ཞེས་པའི་དོན་ལ་སེམས་བསྐྱེད་པའི་གེགས་སུ་འགྱུར་བར་ཤེས་ལྡན་སུ་ཞིག་བྱེད། གལ་ཏེ་བདག་ཉིད་ལ་ཐུགས་རྗེ་ཡོད་ན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་བསྲུངས་བའི་ཡུལ་ཁམས་ལ་གནོད་སྦྱིན་སྤུན་ལྔ་ས་འཚོ་བར་མ་ནུས་པ་བཞིན་དེ་རིང་གི་ཉིན་པར་ནས་ས་སྐྱོང་སྡེ་དགེ་དང་མཆོད་ཡོན་དུ་འབྲེལ་བས་འདི་ཕྱིར་དགེ་བའི་སྲུང་སྐྱོབ་དང་སྨོན་པའི་ཐ་གུས་སྦྲེལ་ལོ་ཞེས་པའི་དོན་ཞི་བབ་རལ་བས། རྒྱལ་པོའི་མདུན་ན་འདོན་བློ་གྲོས་དཀྱེལ་ཆེ་ཞིང་། ལུགས་གཉིས་ཀ་ལ་གཞིག་པ་ཆེ་བས་ཁོ་བོས་འཁོར་བའི་ཉེས་དམིགས་དང་། ལས་འབྲས་མི་བསླུ་བའི་རྒྱུ་མཚན་ལ་བརྟེན་རྒྱལ་པོའི་ལས་དོན་དང་། རང་སྲོག་བསྲུང་བའི་ཕྱིར་མ་གཏོགས་གཞན་དུ་སྲོག་མི་གཅོད་པའི་དམ་བཅའ་བྱས་པའི་དགེ་བ་རྫོགས་བྱང་དུ་བསྔོས། གཞན་དུ་ན་ཁོང་རྩེད་སྣའི་ཕྱིར་དུའང་མང་པོའི་སྲོག་འཕྲོག་པ་ལ་ཅི་མི་སྙམ་པ་ཅན་ཡིན་པས་ཡར་ལམ་གནའ་བ་རང་ཡང་ཉི་ཤུར་ཉེ་བ་སོང་ཟེར། ཁོང་


JLAZ014_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལ་ཚེ་དབང་དང་བཀའ་སྒོ་བྱིན་བརླབས་སོགས་བྱས་ཤིང་། རྒྱལ་པོ་རས་ལ་སྤྱོད་བའི་རྣ་རྒྱན་ཞེས་བྱ་བའི་སྤྲིང་ཡིག་ཀྱང་བྱས། བླ་མ་བསོད་ནམས་ཆོས་ལྡན་ནན་ལ་སེམས་བསྐྱེད་ཀྱི་མཆོད་པ་དང་འབྲེལ་བར་བྱང་སྡོམ་ཕོག་པའི་ནུབ་ཁོང་གི་རྨི་ན་མཆོད་རྟེན་དཀར་པོ་བང་རིམ་ལྔ་བ་ཞིག་གི་དང་པོ་ཁོ་ཆུས་བསྡམས་པ་ནས་གཏེར་ཐོན་ཅིག་ཅེས་ངེད་ཀྱི་གཟོང་ཞིག་གཏད་པ་ལྟར་གཡེངས་པས་རིང་བསྲེལ་དཀར་ཡོལ་དོ་དང་། ཡོལ་གོ་གཅིག་ན་སྐྱེ་བདུན་སྐུ་ཤ་ཡིན་ཟེར་བ་སྣང་བ་ལས། རིང་བསྲེལ་སངས་རྒྱས་འོད་སྲུང་གི་ཡིན་ཟེར། དེ་ནས་དཀར་ཡོལ་གང་པོ་བླ་མ་ལ་ཕུལ། ཅིག་ཤོས་ནས་མང་པོ་བྱིན་པས་ཟད་རྒྱུ་མེད་པར་བྱུང་ཟེར། ངེད་རྒྱལ་པོ་ཀྲྀ་ཀྲྀའི་སྲས་སུ་གྱུར་པའི་ཚེ་སངས་རྒྱས་འོད་སྲུངས་ལ་སེམས་བསྐྱེད་ཐོབ་ཚུལ་གྱི་ཉིང་འཁྲུལ་བདེན་ན་ཁོང་གི་ཆོས་ཀྱི་གདུང་འཛིན་ཅིང་སེམས་ཅན་ལ་ཕན་ཐོགས་པར་རིག །རྒྱུ་མཚན་དེས་བླ་མ་དགོངས་འདུས་སོགས་བཀའ་གཏེར་གྱི་ཆོས་རྣམས་བཀའ་རྗོ་གས་ལུང་རྫོགས་དང། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའང་ལུས་ཉམས་ཀྱི་ཇི་ལྟར་དཔོགས་པ་བཀླགས་ཤིག་ དེ་ནས་གཟུགས་ཅན་གྱི་དབང་པོ་རྒྱུན་ཡོག་ཁོ་ནར་མཉན་པོ་ལ་འཚལ་བ་དང་། གཟུགས་ཅན་མ་ཡིན་པའི་དབང་


JLAZ014_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱིས་གཏད་རྒྱ་ཡང་དག་བྱས། འདི་ལོ་འདུས་པ་མདོའི་སྒྲུབ་མཆོད་སྔ་ནུར་དང་། ས་གའི་ཉལ་བསམ་ཡས་སུ་སྟོང་མཆོད་རྒྱས་པར་བཤམས་སྟེ་སྙན་ཤལ། ཚོགས་བསྐང་སྨོན་ལམ་སོགས་སྔར་བཞིན་བྱས། དམའ་རིས་གྲ་ཚང་པ་ཉི་ཤུ་སྐོར་གྱིས་ཉིན་གསུམ་མདོ་མངས་གསུང་སྒྲོགས་དང་། སྡོམ་གསུམ་ཡར་ལྡན་ལ་དགག་སྒྲུབ་བྱེད་པར་བསྐུལ་བས་གནས་འགྱུར་མི་འདོད་པའི་དཔེ་ལ། དགེ་སློང་གིས་དགེ་ཚུལ་གྱི་སྡོམ་པ་བླངས་ན་དགེ་སློང་དེ་དགེ་ཚུལ་དུ་འགྱུར་བ་ཐལ། ཞེས་བརྗོད་སོང་བས་ཐབས་དང་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་འཐད་པ་བཏང་སྙོམས་སུ་བྱས་ནས་འབྲས་བུ་རྒྱུར་ལྡོག་པར་བསྒྲུབ་པ་དེ་རྟོག་གེའི་རིག་པ་རང་དུ་འདུག་སྙམ་པ་བྱུང་། དཔལ་རིར་ཞབས་ཏོག་ཉིན་འཁྱོངས་འགྱེད་བཅས་དང་། རྒྱལ་མཚན་བཀྲ་ཤིས་དབུ་བརྩེགས་ཆེ་བ་ཞིག་བསྐྲུན་ནས་མཆོད་རྫས་སུ་སྦྱར། རང་རེའི་གཙུག་ལག་ཁང་གི་རྩེར་དངུལ་སྲང་བརྒྱ་ཕྲག་ཐལ་ངེས་ཀྱིས་བསྐྲུན་པའི་གསེར་འཕྲུ་ཞིག་བཙུགས། དེ་ལྟར་རང་ལོ་ང་བརྒྱད་པ་ཡན་གྱི་རྟོགས་པ་བརྗོད་པ་འདི་ནི་མདོ་ཁམས་པ་ཇིགས་མེད་ཕྲིན་ལས་འོད་ཟེར་དང་། ས་སྐྱོང་སྡེ་དགེའི་མདུན་ན་འདོན་གྱིས་བསྐུལ་བའི་ངོར་དཔལ་


JLAZ014_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པདྨ་འོད་གླིང་དུ་བྲིས་པའོ། །ཡང་དད་པ་ཅན་མང་པོའི་ངོར་འཕྲོ་ནས་བཤད་ན། རྟ་ལོའི་འདིའི་དབྱར་རིལ་པོར་དབུ་མཛད་རོགས་བཅས་ཀྱིས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྐུ་ཚད་བརྒྱང་གྲུར་ལྡང་བའི་ཐང་ཆེན་བཅུ་གསུམ་གསེར་འགྲོ་གང་ཆེ་བྱས་པ་བཞེངས། གོང་ཤམ་རྒྱན་བཞི་ཚལ་ཁ་དང་། མཐོངས་སྨལ་ཤམ་སྔོན་པོ། ཏོག་ཙན་དན། ཞལ་ཁེབས་སྨན་རྙིང་ཅན་གྲུབ་ནས་སོ་སོར་བསྟོད་པའི་རྒྱབ་ཡིག་དང་། དངོས་སྟ་སྦྲེལ་མའི་རབ་གནས་ཉིན་གཉིས་སོང་། རང་སློབ་མོན་ལྗོངས་མཁར་བླ་མ་དཔོན་སློབ་ཉི་ཤུ་སྐོར་བྱོན་པར་ཀློང་སྙིང་གི་འཁྲིད་སྨིན་རྒྱས་སུ་བྱས། ཁོང་སྨིན་གླིང་དུ་འབྱོན་རྒྱུར་སྔ་འགྱུར་གྱི་བསྟན་པ་སྙིང་ལ་བཅངས་ནས་བཀའ་མའི་དབང་ལུང་གི་རྒྱུན་གང་ཡོད་ཞུ་བར་བསྐུལ། ཚུར་ལམ་དེ་རྣམས་དེང་རང་ཉན་པ་ཡིན་བྱས་ཚེ་ངེད་ཀྱི་བླ་མ་ལ་འབུམ་མི་ནུས་ཞེས་བག་ཚ་བར་མཛད་ཀྱང་། སྟོན་པ་ཡ་ངན་ལས་འདའ་ཁར། ཀུན་དགའ་བོའི་ལག་པ་ནས་བཟུང་ནས། ངའི་དམ་པའི་ཆོས་དཀོན་མཆོག་གི་མཛོད་དད་པ་དང་། འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་གསུམ་གྱིས་གཟུང་ཞིག་ཅེས་གསུངས་པ་ཡིན་ན། ད་ནི་བསྟན་པ་ནུབ་པ་ལ་ཕྱོགས་པས་འདི་ལྟ་བུའང་གནས་ཡིན་ནོ་ཞེས་སྐབས་


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next