Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
  expand section
  collapse section
   
   
   
ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
   


 
previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


JLAZ014_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ནས། སྒྱུ་འཕྲུལ་ཞི་བ་ཁྲོ་བོ། སངས་རྒྱས་མཉམ་སྦྱོར་ཡང་དག་ཟླ་གདམ་དགུ་པ། སེམས་སྡེ་བཅོ་བརྒྱད། ན་རཀ་དོང་སྤྲུགས། བཀའ་མའི་མགོན་པོ་ལེགས་ལྡན་སོགས་ཉན། དཀྱིལ་ཐང་བཞེངས། དབང་ཆོག །སྒྲུབ་ཕྲིན་ཕྱག་རྒྱ། ཐིག་རྩ་སོགས་ཀྱང་བླངས་ནས་རྫོགས་ཆེན་པའི་བླ་མཆན་བསོད་ནམས་ཆོས་ལྡན་ལའང་འཕེལ་རར་བྱས་པ་མདོ་ཁམས་སུ་ཕན་ལ་རེ། སྟོན་སེར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཕུར་པ་རྒྱུད་ལུགས་ཀྱི་སྒྲུབ་ཆེན་གྱི་ཐོག་མ་ཚེ་སྣ་སྣ་དགོན་རྩེ་སྤྲུལ་སྐུ་རིན་པོ་ཆེའི་གསུངས་བྲིས་སྙན་ཚིག་ཅན་ཞིབ་ལ་བཙེར་བ་འབྱོར། རྟེན་འབྲེལ་ཁྱད་པར་ཅན་གྱིས་མཚམས་སྦྱར་ནས་ལྷུན་གྲུབ་ཕོ་བྲང་གི་ནང་རྟེན་རཏྣ་པའི་སྒྲུབ་ཕུར་དེ་འདིར་ལོ་སྟར་གྱི་བསྒྲུབ་པ་དང་། འཕར་མ་བཅས་ལ་ཤིན་ཏུ་མཁོ་ཆེ་བས་བསླུ་མ་ཙམ་གྱི་རྒྱུ་མཚན་ཞུས་པར་སྤྲུལ་སྐུ་རིན་པོ་ཆེ་ཐུགས་བསྐྱེད་དང་དགོངས་པ་ཆེ་བས་འདིར་རིང་ལུགས་འཛིན་པ་ནི་མེད། དེར་བསྟན་དོན་ལ་སྨན་ན་རྩ་བ་ནས་འབུལ་ཞེས་བསྐྱེལ་མི་གནང་། ཁྲོ་བཅུ་བྱང་ཤིང་བྱིངས་རྣམས་ཙན་དན་དཀར་དམར་ཤ་སྟག་ལ། ཁྲ་ཕྱག་རྣམས་ཉམས་དོད་པ་འདུག །ཕུར་པ་བྱིན་རླབས་ཅན་དེ་ཡང་


JLAZ014_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཁྲོད་ནས་འགྲོ་དོན་ཆེ་སར་ཕེབས་པས་ཆོས་བདག་དགྱེས་པའི་མཚན་མའང་མཐོང་། དེ་ཡང་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པ་ལྟར་གང་ཟག་དམ་པ་རྣམས་ནི་ཆོས་ཀྱི་མཚན་ཉིད་རང་སྟོབས་ཀྱིས་དཔྱོད་ཅིང་བླུན་དད་དང་ཕྱོགས་འཛིན་གྱི་རྗེས་སུ་འབྲང་བ་མ་ཡིན་པས་ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་ལ་རྒྱུ་མཚན་ཤེས་པའི་ཐུགས་མོས་ཀྱིས་དྲངས་ཏེ་མཛོད་བདུན་དང་། ཤིང་རྟ་སྐོར་གསུང་ཆ་ཚང་ཞིག་གཉེར་གདམས་པས། །དངུལ་སྲང་ཉི་ཤུ་རྩ་ལྔ་བྱུང་བ་མདོ་ཁམས་ཀྱི་འགྲིམ་འགྲུལ་ལོ་ཕྱེད་དང་གཉིས་ཐོག་ཏུ་ཕྱག་ཏུ་འབྱོར་པ་བྱས། ཡོན་ཏན་མཛོད་རྩ་འགྲེལ་ཀྱང་གསར་བསྐྲུན་བཅས་གང་ཞིག་བསྟན་པ་ལ་ཕྱག་བཞེས་ཆེ་བ་རྣམས་བསྟན་འཛིན་དུ་འབོད་ཀྱིས། བཅོམ་ཆེན་པོ་དང་རང་གཞན་གྱི་ཕྱོགས་རིས་ཆེ་བ་ནི་བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་རྣམ་པར་ཐར་པའོ། །ར་སྟོན་སྐུ་སྐྱེ་རིན་པོ་ཆེ་དང་། ཁམས་བླ་ཅན་སོགས་ཉི་ཤུ་སྐོར་ལ་བླ་མ་དགོངས་འདུས་ཀྱི་དབང་ཆེན་པོ་ཏི་ལུང་དབང་དང་བཅས་པ་བྱས། དེའི་ཚེ་ཁམས་བླ་ལ་བཛྲ་ཨཙཱརྱ་ཉང་རལ་པ་ཅན་


JLAZ014_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རང་ཉིད་བུདྷ་དྭི་པར་གསལ་སྣང་མངོན་སུམ་ཤར་ཟེར། ཁམས་རྫོགས་ཆེན་པའི་གྲ་རིས་སྒོམ་ཆེན་རིགས་འཛིན་ཅན་གཉིས་ལྟོ་ཐེབས་དངུལ་རྟ་རྨིག་མ་ཞིག་ཡོད་པར་མོ་ཆེའི་འགག་ཏུ་གྲ་པ་ཞིག་གིས་སིལ་མ་དང་བརྗེ་རོགས་བྱའོ་ཟེར་དངུལ་ནང་ལུགས་སུ་ཁྱེར་ནས་སྒོར་མ་དོན་པས་ཁོང་གཉིས་ཡི་ཆད་ནས་བྱུང་། དངུལ་བོར་བས་མཚོན་གཟུ་བོར་མི་གནས་པ་རྐྱང་པ་དང་ཕྲད་ཟེར་བ་ལ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཁྱེད་མདོ་ཁམས་ནས་བྱོན་པའི་བན་གཞོན་གཉིས། །དང་པོ་གྲ་སར་ཞུགས་པ་དེ། །བཙུན་གཟུགས་ཡིན་ཏེ་ལེགས་སྨོན་ཙམ། །དེ་ནས་གྲོགས་པོ་ཅིག་ཤོས་ལ། །ཁྱིམ་པར་འབབ་དགོས་ཟེར་བ་དེ། །དཔོན་གྱི་ངག་བཀོད་ལ་བརྫུས་པའི། །བདུད་ཀྱི་བསླུ་བྲིད་དང་པོ་ཡིན། །དེ་ནས་འབྲོས་པའི་བསམ་པ་ནི། །དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པས་བྱུང་། །ད་ནི་དཀོན་མཆོག་གི་དྲིན་བསམ་ལས་། །མི་ལུས་ལན་ཅིག་ཐོབ་པ་འདི། །སྟོང་ལོག་བྱས་ན་གླེན་པ་ཡིན། །སྲོག་ལ་བབ་པའི་གསེས་བྱུང་ཡང་། །དམ་ཆོས་བློ་ཡིས་མ་གཏོང་ཨང་། །དེ་ནས་ཆོས་འཁོར་ལྷ་ས་རུ། །རྟ་རྨིག་ཐུར་སྲང་ལྔ་བཅུ་པོ། །མ་བྱིན་བླངས་པའི་ལག་ཏུ་ཤོར། །ཁྱེད་གཉིས་ལ་སྤྲང་


JLAZ014_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གོ་འཕང་དང་། །འགྱུར་བའི་སྡུག་བསྔལ་མངོན་སུམ་བསྟན། །བྱེད་པོ་དགེ་སློང་ཡིན་ཟེར་ན། །ཁོང་གི་སོ་སོ་ཐར་པ་དེ། །དགེ་སློང་ལྷས་བྱིན་རོ་གཅིག་གྱུར། །སྡོམ་རྩ་གཅོད་ལ་སྙིང་རེ་རྗེ། །དེ་གཅིག་ཏུ་རང་གི་ཚེ་རབ་སྔོན། །མ་བྱིན་བླངས་པའི་རྣམ་་སྨིན་ཡིན། །གཉིས་སུ་ལན་ཆགས་འཁོར་བའི་ཕྱིར། །ཁོང་ལ་ཕན་པའི་སེམས་བསྐྱེད་ན། །སྦྱིན་པའི་བསོད་ནམས་ངེས་པར་ཐོབ། །དེ་ཕྱིར་ལས་འབྲས་ལ་གུས་པར་མཛོད། །བླ་མའི་གནས་ཚུལ་དྲིས་ཙ་ན། །གཏེར་གསར་ཕྱོགས་མི་འཛིན་ཞེས་བསྐུར། །ཆོས་ཀྱི་སྤྱན་ལྡན་བཻ་རོ་ལའང་། །ངན་སྔགས་ཕྲ་མེན་ཅན་ཟེར་ན། །དངོས་ཅག་ཙམ་ལ་སྨོས་ཅི་དགོས། །གཅིག་ཏུ་དེ་ལྟར་ཡིན་པ་སྲིད། །རང་ཉིད་གཟུ་བོར་གནས་བསམས་ཀྱང་། །ཁོང་གིས་དེ་ལྟར་མཐོང་བའི་ཕྱིར། །དངོས་ལ་གཏད་ནས་ཡོངས་པའི་ཕྱིར། །བླ་མ་དམོད་པའི་གང་ཟག་དང་། །ཕྲད་ནས་འགྲོ་ལམ་དགག་པ་དེ། །བདུད་ཀྱི་གྲོགས་པ་མངོན་གསུམ་ཕྲད། །དགེ་བའི་གྲོགས་ཀྱི་རྟེན་འབྲེལ་ལས། ངོ་མཚར་མེད་ཀྱང་དངོས་ཅག་དང་། །ཕྲད་ནས་དམ་ཆོས་ཐོབ་པ་འདི། །བྱང་ཆུབ་སེམས་ཀྱི་ནུས་མཐུ་ཡིན། །དབང་ཁྲིད་གདམས་པ་


JLAZ014_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བསྟན། །རང་སེམས་ཆོས་སྐུར་ངོ་སྤྲད་པས། །ད་རེས་བདུད་ཀྱི་གཡུལ་ལས་རྒྱལ། །ད་རུང་བྱང་ཆུབ་མ་ཐོབ་པར། །བདུད་ཀྱི་ཕྲང་ལ་ཟད་པ་མེད། །དེ་བས་སྐྱེས་པའི་ཕ་ཡུལ་སྤོངས། །ཆགས་སྡང་གྲ་སའི་འབྲེལ་འདྲིས་ཞོག །གྲོང་ཆོག་རྙེད་འཚོལ་ལ་མ་ཞེན། །བྱིས་དང་སྡིག་གྲོགས་འདུ་འཛི་གསུམ། །བྱང་ཆུབ་བསྒྲུབ་པའི་གནད་གཅོད་ཡིན། །དེ་ཕྱིར་བདེན་པ་འབའ་ཞིག་བསྟེན། །ཁམས་པའི་བློ་བཤོད་ཨ་ས་སྤང་དང་། །བོད་པའི་གཡོ་སྒྱུ་ཁྲམ་གསུམ་གྱི། །རྣམ་ཐར་མ་འཛིན་དམའ་ས་ཟུངས། །བློ་གཏད་དཀོན་མཆོག་གསུམ་ལ་གྱིས། །རང་ངོ་རིག་པས་མི་ཆོག་གིས། །དྲན་པ་ཉམས་པས་འཁོར་བར་འཁྱམས། །དེ་ཕྱིར་རིག་པ་རྐྱང་དེད་ཐོངས། །སྐྱིད་སྡུག་ལེགས་ཉེས་རྣམ་རྟོག་གི། གཞི་རྩ་ཆོད་ལ་རང་ངོ་ལྟོས། །ལམ་ལ་གོལ་འཕྱུགས་སྤང་བའི་ཕྱིར། །ཡོན་ཏན་རིན་ཆེན་མཛོད་འིད་ཟུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །ཀུན་རྫོབ་དོན་དམ་གཉིས་ལ་འདུ། །དེ་ཕྱིར་ཕྱིན་དྲུག་ལམ་མཆོག་ལ། །བརྟེན་ནས་ཚོགས་གཉིས་རྫོགས་པར་མཛོད། །རོ་སྙོམས་ལམ་དུ་སློང་ཤེས་ན། །རྐྱེན་ངན་ཐམས་ཅད་དགེ་བའི་གྲོགས། །ཡིན་གྱིས་ལོག་ལྟའི་རིམ་གྲོ་སྤོངས། །ང་ཡིས་བསྒོས་པ་


JLAZ014_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསྒྲུབ་ན། །ནམ་ཞིག་ཐུགས་ཡིད་འདྲེས་གྱུར་ནས། །བློ་འདས་ཆེན་པོའི་རྟོགས་པ་འཆར། །ཆོས་སྐུའི་ཀློང་ན་གཉིས་སུ་མེད། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་པ་འདི་སེམས་ལ་ཕན་ཐོགས་ཆེན་པོ་བྱུང་ཟེར། ཁམས་པའི་བླ་མ་མི་ལ་རས་པ་ཞེས་བྱང་གནམ་མཚོར་བྱ་བྲལ་གྱིས་འཚོ་བ་ཞིག་གིས་འདི་ཁར་ཕྱག་བྲིས་མཛད་ནས། ངེད་འདིར་འབྱོར་ནས་ལོ་གསུམ་སོང་། དགོན་གནས་ཆུང་དུ་ཞིག་བཙས་པ་དང་སློབ་མའི་ཚོགས་ཁྱེད་ལ་འབུལ་བས་ཅིས་ཀྱང་འདི་ཕྱོགས་སུ་ཕེབས་དགོས་ཞེས་འདུག །ཁོང་དག་སྣང་ཆེན་པོ་ཞིག་ཡོད་འདུག་པས་འདི་ཕྱོགས་སུ་སྤྲིན་ལ་ཚད་བཞག་པ་ལ་ཕྱག་མཛད་ཟེར། བྱང་ཤ་ཟན་གྱི་ཡུལ་དུ་འགྲོ་ག་ལ་ནུས། འབྱོར་ལན་དམ་རྫས་ཀྱི་འབྲེལ་བ་དང་བཅས་ཕུལ། འདི་སྐབས་ལོ་སྔ་ཕྱིར་ཚོར་འབྲུམ་བའི་ནད་ཡམས་ཐོར་ལོང་ཀུན་ཏུ་ཁྱབ་པས་གནས་ནས་དབྱུང་བ་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས། དེ་ལ་དམིགས་ནས་ཕུར་པའི་སྒྲུབ་པ་དང་། སྦྱིན་སྲེག །ཟས་བསུར་བསྔོ་བ་ལ་སོགས་པ་བྱས། བྱིས་པ་གཏེར་སྟོན་གྱི་འབྲུམ་སྲུང་ཟབ་མོ་དེ་དར་ཅོག་ལ་བྲིས། ཤིས་བརྗོད་དང་སྨོན་ཚིག་ཀྱང་སྦྱར། ཤྲཱི་བརྤ་ཏ་དང་འདི་གཉིས་ཀར་བཙུགས་པས་ནད་དེ་ཡེམ་


JLAZ014_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། སྲུང་བ་དེ་ཡིད་ཆེས་ཀྱི་གནས་དུ་འདུག་ཀྱང་། འདི་ཚོར་པོ་ལྷའི་བྱིན་རླབས་ཡིན་ཟེར། ཡིན་ཤས་ཀྱང་ཆེ། རང་ངོ་ལ་སྙིང་རྗེ་དང་ཕན་སེམས་དྲག་པོ་རྒྱུན་མ་འཆད་པར་ཤར་བས་བསོད་ནམས་ཀྱི་ཚོགས་འཕེལ། ཉེ་སྐོར་གྱི་རི་སུལ་དུ་དབྱུང་བ་ཚོར་ཕན་དུ་རེ་ནས་སྨན་པ་དྲག་པ་འདྲ་ལ་ཡོན་ཆེན་པོ་སྟབས་ནས་སྨན་སྦྱིན་གཏོང་རོགས་བསྐུལ་ཀྱང་ཐོག་ཏུ་ཁེལ་མིན་མ་ཤེས། ལྟོགས་གྲིར་ཤི་ཉེ་རྣམས་ལ་སྡེ་བར་ཡང་བསྐུལ་ནས་ཡོན་མཆོད་གཉིས་ཀས་རྩམ་པ་ཁལ་རྒྱབ་གསུམ་བསྐྱེལ་དུ་བཏང་བས་ཕན་ཐོག་བྱུང་ངེས། དེའི་ཚེ་རྨི་ལམ་ན་མཆིམས་ཕུའི་གེའུ་འདོག་དེ་ཡིན་རྒྱུའི་མདུན་ན་ཆུ་ཆེན་པོ་དཔའ་རླབས་ཅན་འགྲོ། དེའི་བྲག་ལ་ཆུ་འཐབ་ཀྱི་ལམ་ལ་མ་ཐར་ནས་ཕྱིར་ལོག་ཙ་ན། ཆུའི་རིན་བཙུན་རྒན་མ་མགོ་དཀར་འགྲོ་ཤེས་ཚད་ཅིག་པ་ངན་མེ་ལྷབ་ལྷབ་འབར་བ་དང་། ཕྲག་པ་ན་སྣོད་ཆུས་བཀང་བ་ཁྱེར་ནས་ཁྱོར་ཁྱོར་འགྲོ་བ་མཐོང་། རི་དེའི་རྒྱབ་ཏུ་སླེབ་པ་དང་རྒན་མོ་དེ་ཆུས་ཁྱེར་མེད་ལས་ཆེ་སྙམ་པའི་ངང་ལ་གྲྭ་པ་ཞིག་བྱུང་། དེ་ལ་རྒན་མོ་དེ་ཤུས་ཁྱེར་ན་སྙིང་རྗེ། ཁྱོད་ཀྱིས་ཟུང་ཤོག་བྱས་པས་དབུགས་མ་ཆད་ཙམ་བྱས་པ་མཆན་འོག་ཏུ་ཁྱེར་བྱུང་བས་ནད་བདག་ཡིན་པ་འདྲ། དེ་གསོ་


JLAZ014_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་བྱེད་ཀྱིན་ཡོད་ཙ་ན། བནེྡ་དེ་ན་རེ། དེ་རིང་བསྐང་གསོའི་འདུ་བ་ལ་འོངས། ཚོགས་འཁོར་མ་བྱུང་། ང་སློབ་དཔོན་པདྨའི་དགེ་བསྙེན་ཇོ་བོ་ནག་བྱུང་ཡིན་ཟེར། ལར་བསྐང་གསོ་སྨར་ཆ་ངས་བྱས་པས་ཚོགས་སོགས་རྗེས་ཆོག་ཀྱང་ག་ལ་ཡོང་། དེ་སྐབས་བསམ་པར་ཉིན་ལྟར་གཏོར་གསོས་ཐོག་དཔལ་ཆེན་གྱི་ལས་གཞུང་བསྲངས། དེ་ཡང་བགེགས་གཏོར་དང་ཚོགས་མེད་ན་གཉིས་ཀ་ལ་ཕན་ཡོན་རེ་ཡོད་པ་དེ་མ་བསམས་པར་སྣང་། དེས་གདོན་བགེགས་ཀྱི་གཉེན་པོར་ཡང་འགྲོ། ཚོད་དང་སོ་ནམ་སོགས་ལ་སྙིང་ཐག་པ་ནས་མི་དགའ་སྟེ། རྟིང་སོར་ཕྱོགས་འགྲོན་མང་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། སྒྲུབ་མཆོད་སྟོང་མཆོད་སོགས་སྒོ་གང་ས་ནས་ཉོས་པ་གཅིག་པུས་མི་འདུས་ཟེར། ཁྲལ་མི་འདི་ཚོའང་རྒྱ་རྡུགས་སྐབས་སྔ་ཕྱི་རིང་ཐུང་ཙམ་ཡང་བཀག་ན་དེའང་སྡིག་པར་འདུག་ དེ་ལ་སྤྲོད་རྒྱུ་ནི་ཞིང་ཆུང་རེ་གཉིས་ལས་ཅི་ཡོང་རྒྱུ་དེས་མཆོད་ཁང་འདིར་ཡང་ཉིན་ལྟར་ཞལ་ཟས་གསུམ་རེ་མ་ཆག་ན་ལོ་གཅིག་ལ་སྟོང་མཆོད་འགྲོ། དེ་བཞིན་དུ་དཀོན་གཉེར་དེས་སྔ་ཞོགས་ཀྱི་ཆར་བཀའ་འགྱུར་རྒྱུན་ཀློག་གི་སྒྲ་མ་ཆག་ཙམ་བྱུང་ན་དགེ་སྡིག་འདུན་པའི་ཁྱད་པར་དུ་འདུག་པས་འབྲེལ་ཐོགས་


JLAZ014_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཕན་སྙམ་སྟེ་དགེ་སྦྱོང་ཀོ་ཀ་ལའི་ལོག་འཚོའི་རྩོད་བ་ལ་ཡིད་དབྱུང་ངོ། །རང་ལོ་དྲུག་ཅུ་པ་མེ་སྤྲེལ་སར་མ་ཐག་ཆོས་རྗེ་བྲག་ཕུག་དང་། རྣམ་རྒྱལ་གྲེ་ཚང་གི་དགེ་སློང་རི་ཁྲོད་པ་འཇམ་དབྱངས་ཅན་ལ་རྒྱ་ཅན་གྱི་དབང་ལུང་ཡོངས་རྫོགས་དང་། ཀློང་སྙིང་གི་རྩ་དབང་ཡང་བཞེད་སྐྱར་བྱས། དེ་སྐབས་ཆོས་རྗེའི་རྨི་ལམ་ན་ངོ་ཁྲི་ཆེན་པོའི་ཁར་འདུག་བའི་རྩ་ན་དགེ་སློང་རྣམ་རྒྱལ་བ་ཡོད་པ་ལ་ནང་བཅར་འདྲིས་བཤེས་ཆེ་མདོག་བྱེད་པའི་མུར་ཁོང་གིས་སླེབས་ཙན། ང་ལྔ་པ་ཆེན་པོའི་དུས་ཁོ་གསོལ་དཔོན་ཆུང་བ་ཡིན་པས་འདི་ལྟར་རེད་ཟེར། དེ་ཁོང་ལ་བསྙད་པས་དེའི་རྒྱུ་མཚན་བླ་མའི་ཕྱག་རྟགས་ཀྱིས་མནན་པ་དགོས་ཟེར་སྐད། དགེ་སློང་ལྔ་པ་ཆེན་པོ་ལ་མོས་པ་ཆེན་པོར་སྣང་བས་དེའི་རྟེན་འབྲེལ་འདྲ། འདི་སྐབས་རྨི་ལན་ན་སྟག་ལྤགས་ཆེན་པོ་ཞིག་འབུལ་མཁན་བྱུང་བ་ཆོས་སྐྱོང་གི་ཕྲིན་ལས་སུ་སྣང་། འདི་ལོ་གོང་ས་རིན་པོ་ཆེའི་སྐུ་ཚེ་ཚེ་སྒྲུབ་དང་བསྟན་དོན་ལར་རྒྱའི་སྐུ་རིམ་བྱེད་དགོས་ཀྱི་རྒྱ་མ་རིམ་པར་བྱུང་། ལར་སྐྱེས་བུའི་ཚེ་མི་རྟག་ཅིང་ཟང་ཟིང་ལ་སྙིང་པོ་མེད་པ་དེ་རྟག་པར་དྲན་པའི་སྟེང་། བསྟན་འགྲོའི་བདེ་སྐྱིད་ཀྱི་རྩ་བསས་མ་ཡས་གཙུག་ལག་ཁང་གི་རབ་གནས་གསོ་བའི་ལུང་བསྟན་བཞིན་བར་ཁང་


JLAZ014_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་བཅལ་དུ་བྱང་ཆེན་མཆོད་རྟེན་ཐོག་ཚད་བཞེང་པའི་ཉེར་བསྔོགས་ཡིད་ལ་བཀོད་ཀྱང་བཟོ་བོ་མཁས་པ་ཞིག་མ་འབྱོར། དཀོན་མཆོག་གསུམ་མཆོག་ཡིན་པའི་བདེན་པས་འདོད་པ་ལ་མཁན་པོ་སྡེབ་སྤྱང་གྲོང་ཆོས་མཛད་རང་རེ་ལ་ཐུགས་མོས་ཐོབ་ནས་བསྟན་བཅོས་གསར་བརྩམས་རིགས་གཡར་པོ་དགོས་ཚུལ་གནང་དེ་ལན་དང་སྤྲགས་མཆོད་སྡོང་གི་རྒྱུ་མཚན་ཕུལ་བ་བསྡོམ་འབྱུང་ལས། ཤར་གྱི་ལུས་འཕགས་བ་ལང་སྤྱོད། །དེ་བཞིན་བྱང་གི་སྒྲ་མི་སྙན། །གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །རྣམ་རྟོག་མེད་ཅིང་རྟོགས་དཔྱོད་མེད། །བུན་རྨོངས་བྱེ་བྲག་མི་ཕྱེད་པའོ། །འཛམ་བུ་གླིང་དུ་ལེགས་སྐྱེས་པ། །ལས་ཀྱིས་པར་རབ་ཏུ་གྲགས། ལེགས་བྱས་ཉེས་པར་བྱས་པའི་ལས། མཆོག་དང་འབྲིང་དང་ཐ་མ་ཡིད། །སྐྱེ་སྔོན་མའི་རྣམ་སྨིན་འདིར། །སྐྱེས་བོ་ཀུན་ལ་མཐོང་བར་འགྱུར། །ཞེས་པ་ལྟར་གངས་རིའི་ཁྲོད་འདིར་བཟོ་གནས་སྤྲུལ་བའི་རིག་པ་སྟོབས་སུ་གྱུར་ཀྱང་། །དེའི་གྲུབ་འབྲས་ཀྱིས་ཆོས་འཁོར་གསུམ་ལ་སོགས་པ་སྤངས་ནས་ས་མཐའ་འགྲིམ་པ་ལའང་དཔྱད་བཞུགས་འདྲ་བས་འདི་ནི་དོན་ཆེན་ཁོ་ནར་འདུག་པས་བྱ་བའི་ཁུར་བདག་གིས་བླང་བྱར་བྱའོ་ཞེས་རྩེར་


JLAZ014_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ཞེས་ལའང་བླ་མའི་འདི་བསྟན་འགྲོའི་བདེ་ཐབས་སུ་སུ་འདུག་པས་གྲོགས་དན་བཟང་གིས་ཕེབས། དེ་མ་ཐག་རང་ལུགས་ཀྱི་ཐིག་རྩའི་འཆར་དང་། བཟོ་རྒྱུ་རྟ་སྨིག་མས་གཙོས་པའི་རྒྱ་དངུལ་ངོ་ཐོག་གི་འཕྲོས་རྣམས་འདི་ལོ་འཛར་ཁྱད་སྲང་བདུན་ཅུ་དོན་གཉིས་དོན་གསུམ་ཤ་སྟག་གིས་བརྗེས་ནས་སྤྱིར་རྒྱ་དངུལ་སྲང་ལྔ་བརྒྱ། གསེར་སྲང་བཅུ་གཉིས། ཕུལ་ཟངས་ཁལ་བཅུ་གཉིས། ཨིནྡྲ་ནཱི་ལ་རིན་ཐང་ཅན་གྱིས་གཙོས་པའི་རིན་པོ་ཆེའི་འཕྲ་རྒྱན་ལག་ཏུ་གང་ཡོད་དང་། གཞིས་ཀ་གཡུང་དྲུང་ནས་སྤོས་ཆེ་ལེགས། ཆེ་ཞེ་ཚེ་རིང་མས་ཨ་སྒོར་པུལ་བ་བཅས་ཕྲལ་རྫོང་བྱས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། ཞེས་པ་ལྟར་འདི་བསྟེན་འགྲོའི་དོན་ཆེན་ཡིན་པས་གསེར་དངུལ་བཀལ་བའི་དྲེའུ་དམ་ལ་རྒྱག་གྲབས་དང་། གཙང་ཆུ་ལ་འགྲོ་གྲབས་སོགས་འཚུབ་ཆ་རེ་ཆེ་བྱུང་ཟེར། ནག་ཕྱོགས་པའི་མཐུ་དཀར་ཕྱོགས་ཀྱི་བདེན་པས་འཇོམས་པ་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་པས་རྣམ་དཀར་གྱི་བུངས་བསྐྱེད་པ་དང་། སྤྲེལ་ལོ་སྔ་ཕྱི་གསུམ་གྱི་ཁོངས་སུ་མཆོད་པ་སྣ་ལྔ་ཁྲི་ཚར་རྫོགས་པའི་སླད་ཆོ་འཕྲུལ་དང་བསྟུན་བསམ་ཡས་སུ་སྟོང་མཆོད་འབུལ་བར་བསྐྱོད། བར་ཁང་དུ་ཚོགས་མཆོད།


JLAZ014_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་བྱང་སྡོམ། རབ་བྱུང་པར་མང་ཇ་སོགས་སྔར་རྒྱུན་བཞིན་བྱས། ལར་མིག་ལྟོས་དང་དགེ་སྡིག་གི་གྲོགས་པོའི་ཁྱད་པར་འདི་མཐུ་ཆེ་བས་རང་གིས་གནས་དང་། ཆེ་ཞེ་ཚེ་རིང་ནས་ཀྱང་སྟོང་མཆོད་རེ་ཕུལ། འདིས་མཚོན་ངོས་ནས་དགེ་བསྐུལ་བྱས་པ་ལ་རྟེན་གཞིས་ཀ་ནས་ཀྱང་ཤི་གསོན་སོ་སོའི་ཐད་དུ་སྟོང་མཆོད་ལན་ལྔ་ཙམ། མཚོ་སྣ་ཐང་གནས་སོགས་དངོས་ལ་དད་ལྟོས་ཐ་དད་པ་ནས། བསམ་ཡས་འདིར་སྟོང་མཆོད་བཅོ་ལྔ་སྐོར་ལ་ཐུག །རབ་གྲྭ་ལྔ་བཅུ་སྐོར་དང་ཚེས་བཅུས་མཚོན། བར་ཁང་དུ་ཤོང་ཐང་ཞིག་ལ་གསང་འདུས་ལེའུ་བརྒྱད་མའི་དབང་ལུང་དང་། ཐུན་དྲུག་གསོལ་འདེབས་ཀྱི་ལུང་བྱས། རབ་གྲྭ་བཅུ་སྐོར་ལ་སྔོན་འགྲོའི་ཁྲིད་བཏབ། ཆོས་རྗེ་བྲག་ཕུག་པས་ཡོན་སྦྱར་ནས་རྟ་མགྲིན་གླིང་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྨན་སྒྲུབ་བདུན་གཅིག་བཙུགས། གྲོལ་དབང་ལ་མི་སྟོང་ཕྲག་ཙམ་ཚོགས་པ་ལ་དམ་རྫས་བཀྱེ། གཞུངས་ནས་དེང་དཔོན་སློབ་གཉིས་ཆར་ལོག་ཆོག་རོགས་དང་བཅས་ཧས་པོ་རི་རྩེར་ལྷ་སྲིན་དམ་འདོགས་དང་། ཕུར་པའི་སྒྲུབ་པ་མཐའ་སྡུད་དང་བཅས་འཛུགས་དགོས་ལ། གནས་དེར་རྡུལ་ཚོན་ལ་ཕུར་ཆ་བཀྲམ་པའི་རྒྱུད་ལུགས་ཀྱི་སྒྲུབ་པ་གནད་སྨིན་བཙུགས། ངེད་


JLAZ014_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྒྱག་ལ་མི་སྤྲོ་ཡང་བསྟན་དོན་ལ་རྩ་ལྟུང་ཡོད་པས་ཆས་ཞུགས་ཀྱི་ཟོར་ལས་སྤྲོས་པ་ཅན་བྱས། རླུང་རྟགས་ཤིན་ཏུ་འཚུབས་ཤིང་ཟོར་པྲ་ཡང་ལེགས་རྒྱུ་མ་བྱུང་། ཆོས་རྗེའི་རྨི་ལམ་དུ་སྤྲེའུ་ཆེན་པོ་གཉིས་འོངས་པ་ཕྱི་རོལ་པའི་ལྷ་སྲུང་ཚོགས་བདག་ཏུ་ངེས། གཡའ་མ་ལུང་དུ་བསྐྱོད་ནས་ཚེ་དཔག་མེད་སྐུ་གསུམ་འདུས་པའི་བདག་འཇུག་དང་འབྲེལ་བར་ཚོགས་བརྒྱ། བརྒྱ་མཆོད་མེ་མཆོད་སོགས་བྱས། འདི་ལོ་ཙཱ་རི་རོང་སྐོར་གྱི་སྟབས་ཁམས་པ་ཤིན་ཏུ་མང་བ་དང་། ངེད་ཀྱིས་ར་དང་པོ་རང་འོངས་པའི་གྲས་ཁམས་རྫོགས་ཆེན་པའི་གྲ་རིས་ཚོགས་གཉིས་དང་གྲོལ་གྱིས་སྐྱེས་རབས་བརྒྱ་བའི་སྨོན་ལམ་གསར་བརྩམས་དེ་བར་ལ་བརྐོ་བའི་བར་ཤིང་དང་། དེ་དུས་ངེད་ཀྱི་སྒྲ་དང་རྟེན་དུ་གདུར་བཅངས་པ་ལ་ཇེ་ཞིག་ནས་རིང་བསྲེལ་རྡོས་མི་གཞིག་པ་གསུམ་འཕེལ་བ། རྫོགས་སྤྲུལ་གྱི་ཕྱག་ན་ཡོད་ཚུལ་འབྱོར། དེས་ཁམས་པ་རྣམས་བླུན་དད་ཀྱི་རྒྱུར་སོང་ནས་ཕྱག་དབང་དང་ཆོས་འབྲེལ་ཞུ་མི་ཤིན་ཏུ་མང་། དེ་འཕགས་པ་གསུམ་གྱི་རིང་བསྲེལ་ཡིན་ན་དཀོན་པའི་གནས་ཡིན་ལ། གཞན་སོ་སོ་སྐྱེ་བོའི་རིང་བསྲེལ་ཐམས་ཅད་ནི་བརྟག་པར་བྱ་བའི་གནས་སོ། །རང་གནས་སུ་སླེབ་ཕྲལ་དགོན་རྩེ་སྤྲུལ་སྐུ་རིན་པོ་ཆེ་ཙཱ་རི་རོང་བསྐོར་ལ་ཕེབས་འགྲུལ་ལམ་ནས་


JLAZ014_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྲལ་ཁོ་ནའི་ཚུལ་གྱིས་རེ་བས། ལམ་གྱི་ཆ་ལ་གོ་བ་ལེགས་པར་ཆག་ཀྱང་། སྔར་འབྲས་སྤུངས་སུ་གཞུང་ལུགས་ལ་ཐོས་བསམ་དང་གཙང་བ་དགེ་བཤེས་རིན་པོ་ཆེར་ལམ་རིམ་ཆེ་ཆུང་། ཕྱག་ཆེ་ཡང་གསལ་དང་སྙིང་པོ་དོན་གསུམ་ལ་སོགས་དང་། གསང་བདེ་འཇིགས་གསུམ། དུས་འཁོར་ལ་སོགས་པ་ཡང་ཡང་གསན་པས། ལམ་གྱི་ཆ་ལ་གོ་བ་ལེགས་པར་ཆག་ཀྱང་། ངེས་པར་འཚང་རྒྱ་བའི་མདོ་འགག་ལྟ་བ་རྣམ་པར་དག་པ་ཡིན། དེ་ལ་དགག་སྒྲུབ་མང་བས་རང་ལྟ་མཆོག་འཛིན་སྤངས་ཏེ་རི་ཁྲོད་དུ་རྒྱུད་ཐོག་ལ་ཁེལ་བའི་ཕྱོགས་ལ་བསྙེན་བའི་ཕྱིར། འཁྲིད་ཀྱི་སྔོན་འགྲོན་རྣམས་དགེ་བ་གསུམ་གྱི་དོན་འཁྲིད་རྩ་བར་བྱས་པ་ལ་གཞན་ལུགས་ཀྱི་ཉམས་འོག་ཏུ་འཛུལ་བའི་སྐབས་སྦྱར་དང་། དངོས་གཞི་སྟོང་པ་ཉིད་ཀྱི་སྐབས་དེ་ལ། མདོ་ལུགས་སུ་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་བཤད་ནས་འཁྲིད་པ་དང་། སྔགས་སུ་རྒྱུད་ལ་བཤད་པ་བྱེད་མཁན་ཡིན་ན་རྒྱུད་ནི་རྒྱུན་ཆགས་ཀྱི་མིང་དོན་ལ་ཐོས་བསམ་གཉིས་ཀས་དཔྱད་ནས་གཞི་རྒྱུད་བདེ་གཤེགས་སྙིང་པོ་རྣམ་ཤེས་ཚོགས་བརྒྱད་དང་ཕྱེ་ནས་ངོ་སྤྲད་པ་དང་། དེའི་བོགས་དབང་གསུམ་པས་འདོན་པ་ལ་སོགས་མདོ་རྒྱུད་ཟབ་མོའི་དགོངས་པར་སྣང་ཡང་། ད་ནི་བསྟན་པ་སྙིགས་པས་དེ་འདྲའི་སྐལ་པ་ཅན་དང་བློ་མཐུ་ཡོད་པའི་དཔོན་


JLAZ014_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་གཉིས་ཆར་ཉུང་། བྱུང་གནས་འགྲོ་སུམ་ལ་བརྟེན་ནས་སེམས་འཚོལ་བྱེད་པ་སྒྲུབ་རྒྱུད་ཀྱི་བསྟན་པ་ལ་ཕལ་ཆེར་ལ་གྲགས་ཤིང་། དེས་ནི་ཐོས་པ་སྔོན་དུ་མ་སོང་བའམ། སོང་ཡང་རུང་སྟེ་སེམས་ངོ་རྒྱུད་ཐོག་ཏུ་སྣང་། ངེས་པའི་གོ་ཉམས་དང་པོ་ཚོད་ཀྱི་སྟོང་པ་ལྟར་སྣང་ལས་འདས་པའི་ངེས་ཤེས་སྐྱེས་ནས་གནས་འགྱུ་རིག་གསུམ་གྱི་རྩ་བ་ཆོད་ཀྱང་དོན་ལ་སྐྱེ་འགག་གྲངས་སུ་འདེབས་པས་བྱིས་པ་ཉེར་སྤྱོད་ཀྱི་སྔོན་འགྲོ་ཙམ་ཡིན། དེ་ལྟར་སྐྱེ་འགག་གྲངས་སུ་འདེབས་པ་ལ་གོམས་པ་ཆེར་བརྟས་ཀྱང་རང་གི་ངོ་བོ་ཉིད་བློ་ལས་འདས་པར་མ་གྲོལ་བའི་སྒོམ་ཆེན་དུ་རློམ་པ་དང་། དབུ་མ་ཆེན་པོའི་ལྟ་བ་ནི་ངེད་ཀྱི་ལྟར་ཡིན་གྱིས་གཞན་ཐམས་ཅད་ནི་རྫུན་པའོ། །ཞེས་རྟོག་དཔྱོད་ལ་ཆོས་ཉིད་དུ་འདོད་པ་གཉིས་མིང་འོད་གས་རྣམ་དཔྱོད་ཆེ་ཆུང་ལས་སེམས་རྣམ་གཡེང་ལ་སྐྱོད་ལུགས་འདྲ་ཞིན་སྔ་མ་ཤིས་ཤོར་དང་། ཕྱི་མ་ལམ་ཤོར་ཡིན། དེ་ལ་སྙིང་བསྲན་ཆེན་པོར་གྱུར་དུ་ཟིན་ཀྱང་། ཕྱིས་པ་ཉེར་སྤྱོད་དངོས་གཞི་ལས་མི་འདའ་བའི་ཚུལ་ཏིང་ངེ་འཛིན་གྱི་ཚོགས་དམ་པའི་ལེའུ་ལས། ཏིང་ངེ་འཛིན་ཀྱང་རབ་བརྟན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་ས་ཞེས་བྱ། །མྱ་ངན་འདས་པ་ཉིད་མི་འགྱུར། །ཞེས་སོ། །


JLAZ014_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་རྣམ་པར་དཔྱོད་པ་དེ་ནི་ཤེས་བྱ་ཡིན་ཏེ། བདེན་པ་གཟིགས་པའི་ཡུལ་དུ་རུང་བའི་ཕྱིར་རོ། །ཞེས་ཁ་ཕྱིར་བལྟས་འདོར་དུ་མི་འདོད་ཀྱང་རྡོ་རྗེ་གཅོད་པ་ལས། ཆོས་ཉིད་ཞེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་པ་ལ་སོགས་པའི་རྒྱུ་མཚན་ཡང་ཡང་སྙད་ནས་རྫོགས་པ་ཆེན་པོའི་ཀ་དག་གི་ལྟ་བ་གཤིས་ཐོག་ཏུ་རྡོ་རུས་ཐུག་བའི་ངོ་སྤྲོད་དང་། དེ་དག་གི་དོགས་སེལ་ལ་ནན་ཏན་ཆེན་པོས་བསྐུལ་མ་གནང་བ་མ་ལྡོག་པས་རྣམ་གྲངས་པའི་དོན་དམ་ལ་དཔྱད་པ་དེ་བྲིས། འཕྲོས་དོན་ལ་གཞན་འགའ་ཞིག་ན་རེ། གཞན་སྟོང་དང་དབུ་མ་སེམས་ཙམ་པ་གཅིག །རྫོགས་ཆེན་ཡང་དེ་དང་འདྲའོ་ཟེར་བའི་བླ་བརྡོལ་འབྱུང་བའི་རྒྱུ་ནི། གཞན་སྟོང་པ་རྣམས་བྱམས་ཆོས་བར་པ་གསུམ་རང་ལུགས་ཀྱི་དབུ་མར་འདོད་པ་དེ་སེམས་ཙམ་པ་དང་། ངོ་བོ་གཅིག་བྱས་ནས་སྒྲོ་བཏགས་པའི་ཚུལ་ཀུན་སྙིང་གིས། དགེ་ཤེས་འདི་རྣམས་ཀྱིས་མི་གོ་རྒྱུ་ཡང་འདིར་འདུག་སྟེ། གཞན་སྟོང་པ་རྣམས་ནི་བྱམས་ཆོས་བར་བ་གསུམ་གྱི་དགོངས་པ་རང་ལུགས་ཀྱི་དབུ་མར་འདོད་ཟེར་བའི་གཏམ་ཙམ་ཞིག་རྣ་བར་ལྷུང་བ་དེས། རང་རང་གི་གྲས་ན་རྣམ་འགྲེལ་གྱི་སེམས་ཙམ་རྣམ་རྫུན་པའི་སྐབས་དང་། བྱམས་ཆོས་བར་བ་གསུམ་གྱི་དོན་ཡིན་རྒྱུ་བ་སེམས་


JLAZ014_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་འདོད་པའི་གྲུབ་མཐའི་ཁུལ་ཞིག་འདུག་པ་དེ། གཞན་སྟོང་དུ་མིང་བསྒྱུར་བ་མ་གཏོགས་དེ་ཁོ་རང་ཡིན་ཡོད་སྙམ་ནས་གཞན་སྟོང་དང་སེམས་ཙམ་གྱི་ཁྱད་པར་ཤིན་ཏུ་ཆེ་བ་ཡེ་མི་གོ་བར། །ཁྱད་ཆོས་དེ་དག་ཁོར་ང་ཚོའི་འདོད་ཚུལ་རྙིང་བའི་སེམས་ཙམ་པའི་ལུགས་དེ་ཀ་ལ་ཡོད་དམ། སྔར་གྱི་དེ་དང་ནི་འབྲལ་འདྲ་མིན་ཞིག་བྱུང་སྙམ་བམ་མགོ་བོ་སྦོས་དེ་དཀར་འདུག་གོ །ཞེས་གྲུབ་མཐའ་རྩ་བ་མ་ཟིན་པའི་དག་བཞག་ཁ་ཕྱིར་བལྟས་པ་དེ་ཆོས་ཉིད་ཀྱི་ངོ་བོ་དོན་དམ་དང་རྫས་འགལ་ཞིང་། རྟོག་གེའི་འདོད་ཞེན་གྱི་རྗེས་སོན་པའི་མིང་འདོགས་དེ་དང་དེར་འགྱུར་བ་འདོད་ཁའི་ལྟ་གྲུབ་ཙམ་མོ། ལར་ཡང་ཀུན་གཞིའི་རྣམ་ཤེས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཀུན་ཏུ་འགྲོ་བ་ལྔའི་རྗེས་སུ་འགྲོ་བ་དེ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མ་བཅོམ་བར་དུ་ཤེས་བྱའི་སྒྲིབ་བ་བག་ལ་ཉལ་མི་ལྡོག་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་དགོས། དེ་ལྟར་བརྩོན་པ་ལ་སྔགས་ལམ་ཐབས་ཟབ་བས་ལམ་བསྐྱེད་རྫོགས་ཀྱིས་བགྲོད་ཀྱང་ཚོགས་ལམ་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་གཙོ་བོར་བགྱིད་པ་གོལ་ས་ཆུང་བར་མ་ཟད། ད་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡང་སྒྲུབ་པའི་དུས་ཀྱི་མཐའ་ལ་ཡོད་ཅིང་རིང་མིན་རྟགས་ཙམ་


JLAZ014_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་མ་རུངས་པར་བགྱིད་ན། དངོས་ཅག་ལ་མཐོང་ལ་མ་སྐྱེས་པའི་སློབ་མ་ནི་མེད་འདྲ་བས་སོ་ཐར་རིགས་བདུན་གྱི་གནད་བཀག་ལྟ་སྒོམ་སྤྱོད་པའི་རྟུལ་ཞུགས་དང་མི་འགལ་བར་སྤྱོད་པ་ཡོན་ཏན་གྱི་གཞི་རྟེན་གཟུང་ན་ལེགས་སྨོན་གྱི་གཟུགས་བརྙན་ལ་རེ་ཅི་དགོས། ཐེག་པ་ཆེན་པོའི་དགེ་འདུན་ཡང་རྟགས་དང་ཆོ་ག་ལ་ལྟོས་དགོས་ན། རྣལ་འབྱོར་དབང་ཕྱུག་བིཪྺ་བ། །ཏཻ་ལོ་ན་རོ་ལ་སོགས་པ། །དགེ་སློང་བརྟུལ་ཞུགས་བོར་པ་ཡི། །གྲུབ་ཐོབ་རྣམས་ཀྱང་སྡིག་ཅན་འགྱུར། །ཙནྡན་སྤོས་ཀྱི་དད་ལྡང་བའི། །དགེ་སློང་ཇི་སྙེད་ཐམས་ཅད་ཀྱང་། །རྒྱན་དང་བཅས་ཤིང་གོས་དཀར་བ། །དེ་དག་ཀྱང་ནི་སྡིག་ཅན་འགྱུར། །གཤིས་ཀྱི་མི་དགེ་སྤྱོད་ཕྱིར་རོ། །ཞེས་ཐེག་ཆེན་ཚུལ་ཁྲིམས་ངོ་བོ་བླང་དོར་གྱི་ཁམས་པ་ལ་བཤད་དོ། །ཕུར་པ་རྒྱུད་ལུགས་དང་། ཀློང་ཆེན་སྙིང་ཐིག་གི་མཚོན་པའི་དབང་ལུང་། ཤིང་རྟ་དང་མཛོད་བདུན་ལ་སོགས་པའི་ལུང་རགས་རིམ་གཏད་རྒྱ་སོགས་བྱས། དེ་དག་ལའང་ཆོས་ཡོན་རྒྱ་ཆེ་པོ་དང་། ཟླ་བ་གཉིས་བཞུགས་རིང་ཉིན་ལྟར་ནཻ་པ་ལའི་དོང་ཙེ་དང་། ཁ་བཏགས་ཀྱི་ཕྱག་མཇལ། གདན་བཟོས་དང་། བསྟི་སྟང་ཇི་ལྟ་བུ་བྱས་ཀྱང་དང་དུ་མི་བཞེས་པ་སོགས་སྲིད་


JLAZ014_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དང་། དགོན་གནས་ཀྱིས་སྙེམས་པའི་ཁེངས་བསྐྱུངས་ནས་བླ་མ་བསྟེན་ཚུལ་མདོ་རྒྱུད་ལས་བཤད་པ་ལྟར་མཛད་པ་ལ་ནི་ངོ་མཚར་ཆེན་པོ་སྐྱེ། དེ་སྐབས་ཟླ་བ་གཉིས་པའི་ཚེས་བཅུ་དགུའི་ཐོ་རེངས། གཉིད་རང་མ་ཡིན་པ་ཞིག་ལ། གཞུང་སའི་རྒྱ་མ་ཁ་བྱང་དར་སྔོན་དམར་ཐམ་ཅན་ཞིག་བྱུང་བ་ཁ་ཕྱེ་བས། ཀར་དྲིལ་དངོས་ཞི་ལས་འཐུག་པ་གཅིག །ཐོད་ཊཾ་ཆུང་དུ་ཟུར་བཞི་པ་གཅིག །ཐོད་ཚུགས་ལ་སོགས་པའི་དབང་ཆས་ཆ་གཅིག །སྒྲོལ་མའི་དངུལ་སྐུ་གཅིག །གཡེར་ཁ་ཁོང་དཀྱུས་མ་སྒོར་མོ་གཉིས། ཏིང་འཛིན་ལྷ་བསངས་ལམ་ཁོ་ནས་ཕུལ་ཟེར་ཐམ་དམར་དར་ཅོག་གཅིག་རྣམས་དང་། རྒྱ་མ་དེ་གཞན་ཞིག་གིས་ཀློག་པ་ལགོརྵའི་གནས་ཚུལ་དང་། ཁོའི་ཨ་མའི་ཕོར་པ་དང་ཕྲེང་བ་ཡིན་ཟེར་བ་ཞིག་ཕྱར་ནས་ཁོང་ཚོའི་མོ་ཕྱ་བྱེད་དུས་དམོད་བོས་ས་འདི་ཡིན། མོ་རྒྱག་ཐེངས་དགུ་ཅར་ལ་བབས་ན། ཟེར་འཕྲོ་ནས་སྡོགས། བསམ་པ་ལ་བབས་ན་བོད་ལ་དམག་བྱེད་རྒྱུད་འདུག་བསམ་པའི་རང་ཁོང་ཚོའི་ཤི་གསོན་གྱི་བྱ་བ་ཐམས་ཅད་རྡོ་རྗེ་གླིང་དུ་བྱས་པ་རེད་ཟེར་བ་སོགས་ཐམས་ཅད་རང་མ་ངེས། འདི་མ་འོངས་ལུང་བསྟན་དུ་སྣང་། སྔ་ཐོག་ཟུར་པའི་སློབ་བརྒྱུད་མོད་ཁམས་སུ་རྙིང་


JLAZ014_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་ཆགས་པ་ལ་སྔ་བཀཐོག་རྡོ་རྗེ་ནས་དགེ་རྩེ་སྤྲུལ་སྐུ་དང་། ཕྱག་ཚ་སྤྲུལ་སྐུ་རྣམ་གཉིས། ལྕགས་མདུད་དང་ས་ངན་པའི་གྲ་རིགས་བདུན་ཅུ་སྐོར་དང་། སྡེ་དགེའི་གཉེར་བ་མགོན་པོ་ཆོས་བཟང་བཅས་འབྱོར། ཀློང་སྙིང་གི་དབང་ལུང་དང་། ཚེ་དབང་སྤྱི་ཆོས་སྙིང་ཐིག་ཡ་བཞི། །མཛོད་བདུན་སྐོར་བཅས། །ཡོན་ཏན་མཛོད་རྩ་འགྲེལ་རྣམས་ལ་སྨོན་ལམ་གཏད་རྒྱ། སྤྲུལ་སྐུ་རྣམ་གཉིས་དང་། བླ་མཆན་སོ་སོ་ས་རྟོགས་འབུལ་ལ་ངོ་སྤྲོད་ཞུན་ཐར་བྱས། ཀཐོག་ཁྲི་ཐོག་བ་ཞིང་སྐྱོང་མགོན་པོ་ཞི་བར་གཤེགས་པའི་ཡོང་བསྔོ་རྟེན། ཡང་སྲིད་མྱུར་འབྱོན་གྱི་བརྟག་བ་དང་གསོལ་འདེབས་སོགས་ཀྱང་ཞུས། གཞུང་གི་སྣེ་ཤན་དོས་རྟ་དང་བཅས་ཡོར་ཆེ་བས་ཞག་ཅིག་ལས་བཞུགས་མཐུབ་བས་འཁྲེན་བས་བཞིན་པར་བྱོན། རེས་ཤིག་ཁམས་པ་གྲུབ་ཐོབ་ཡིན་ཟེར་བྱ་བ་ཐོངས་པའི་ཚད་ཅིག་བྱུང་། འདིར་ཞག་ཁ་ཤད་རིང་དབང་ཆོས་ཅི་ཐོབ་ཞུ། རྟོགས་པའི་བོགས་འདོན་ནི་འདྲི་རྒྱུ་མེད་ཟེར།་ རོད་སྐོར་ལའང་དེངས་ས་འདུག་བས་ལམ་བདེན་གྱི་རེ་དོགས་ནི་མ་སངས་པ་འདྲ་སྙམ་ནས། རིགས་པས་བརྟགས་པའི་སྟོང་ཉིད་ལ། །བློ་དང་མིག་གི་རྣམ་འགྱུར་ལྡང་། །འཛིན་སྟངས་དབྱིངས་སུ་


JLAZ014_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲོལ་བར། །རྟོགས་པའི་རོ་མྱང་མ་མཛད་ཨང་། །ཆོས་མིག་རྡུལ་བྲལ་མ་ཐོབ་པར། རྟོགས་སོ་སྙམ་པ་མཐོང་ལམ་ཡིན། །ཐེ་ཚོམ་གཅོད་རྒྱུ་མེད་སྙམ་པའི། །ངེས་ཤེས་སྒྲོག་དང་ཕྲོལ་ཅིག་ཨང་། །ཆོས་དང་གང་ཟག་ཐར་པ་དང་། །གནས་ལ་གདུང་བ་མ་ཞིག་བར། །བླང་དོར་སྤྱོད་པ་མི་འབྲལ་བས། །རོ་སྙམས་མལ་སར་མཛོད་ཅིག་ཨང་། །ཚིག་ལ་འགྲངས་ན་རྐང་བཅུ་གཉིས། །དོན་ལ་དཔྱད་རྒྱུ་ཆེས་མང་ངོ། །གཙང་ནས་ཡང་སྟེངས་པའི་སྲས་ཅན་དང་། །རབ་གྲ་གསུམ་ལ་སྨིན་འཁྲིད་བཏབ། །སྲས་ནས་ཀློང་འགྲེལ་གསར་བསྐྲུན་ལ་ཞུས་དག་དང་སྦྲགས་ལུང་བྱས། གཞུངས་ནས་སྤྲེལ་ཟླར་ཁྲ་འབྲུག་ཏུ་ཆོག་རོགས་དགུ་དང་བཅས་བཀའ་བརྒྱད། །རྟ་མགྲིན་ཐུགས་རྗེ་ཆེ་པོ་གསུམ་གྱི་སྒྲུབ་པ་དང་། སྲོང་བསྟན་དུའང་དཔལ་རི་བ་བརྒྱད་གྲའི་སློབ་དཔོན་དུ་ཕྱིན་པའི་གུ་རུའི་སྒྲུབ་པ་བྱེད་དགོས་ལ། དོས་རྟ་སོགས་གནང་ཡང་མི་སེར་ལ་ཐེམ་ འཕོག་པ་བྱས། སྤྲེལ་ལོ་བྱུང་རེས་སྨན་བསྒྲུབ་ལྟོས་ཆེ་བ་རེ་བྱེད་རྒྱུན་ཡོད་བ་གདུང་བསམ་རྒྱ་དྲུང་གི་ཨར་དོ། །ཛ་ལི་གཉིད་ཕོན་ཆེ། ཞོལ་ཁང་དང་། ཚོང་དཔོན་འབྲུག་ཨར་དོ་བཅས་སྨན་འབོར་ཆེ་བས་དཀྱིལ་འཁོར་གྱི་ཁང་


JLAZ014_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་མི་རྫོགས་ཀྱང་། གཞུང་གི་དགོངས་བརྟེན་འབྲེལ་གྱིས་མཚོན་པར་བྱས་ནས་ཁྲ་འབྲུག་ཏུ་བཀའ་བརྒྱད་ཀྱི་སྒྲུབ་ཁོངས་སུ་ལས་ལ་སྦྱར། དེ་དུས་རངྣའི་བྲོག་ཞུ་གྱོན་པའི་དབང་རྟེན་ལ་ཐར་པ་ལ་བརྟེན་པར་རྨིས་པས་སྨན་གྱི་ལྷ་མོ་འདུས་སམ་སྙམ། སྤྲེལ་ཟླའི་མི་ཚོགས་ལ་སུན་སྣང་ཆེན་པོ་ཤར་བས་གྲོལ་དབང་བྱེད་རྩིས་མ་བྱས་ཀྱང་། དངོས་གྲུབ་བླང་ཆོག་ལ་ཁེ་གསུམ་ཞལ་ངོ་རྣམས་བྱོན་པས་སྤྲ་འཁྲོགས་ཏེ་མི་སྟོང་ཕྲག་ཏུ་ཉེ་བ་འདུས་པ་ལ་དམ་རྫས་བཀྱེ་ཞིང་སྒྲུབ་རྫས་མགོ་ཐོག་ཏུ་བཞག །མཆོད་ཁང་ཆེན་མོར་སྟོང་མཆོད་དབུ་གདུགས་གོགས་པ་གསར་བརྗེ། ཨོ་རྒྱན་ལྷ་ཁང་དུ་བརྒྱ་མཆོད། ཚོགས་བརྒྱ། བསྟན་སྲིད་བདེ་བའི་སྨོན་ལམ་སོགས་བྱས། བརྒྱད་གྲ་ལྔ་གྲ་པ་དང་། བཀྲས་ཆོས་པ་ཉི་ཤུ་སྐོར་བཅས་ལ་མང་ཇའི་འབྲེལ་བ་བྱས། སྲོག་བསླུ་ལྔ་བཏང་ནས་ཚེ་ཐར་སར་ཕྱིན། ཟླ་བ་དྲུག་པར་སྲོང་བཙན་དུ་རྗེ་བཙུན་ཤཱནྟ་པུ་རི་བའི་བསྟན་པའི་ཕན་རེས་གྲོལ་ཏིག་ལམ་རྒྱས་པས་གཞུང་བསྲངས་ཏེ་གུ་རུའི་བསྒྲུབ་བཙུགས། གྲྭ་པ་ཚོར་ཆོ་ག་ཕྱག་ལེན་གྱི་བགྲོས་དང་། བདག་འཇུག་ཡང་ཡང་ལེན་པ་སོགས་བྱས། ཉིན་ལྟར་མང་ཇ་བཏང་། སྲོང་བཙན་དུ་སྟོང་མཆོད་ཀྱི་སྲོལ་ཡོང་ལ་རེས་སྡེ་བར་བསྐུལ་ནས་སྟོང་མཆོད་ཕུལ་བའི་མཆོད་


JLAZ014_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རོ་བཞི་བརྒྱ་རེ་སྤྲང་པོར་སྟེར་བར་བྱས། ངེད་ཀྱི་སྲོག་བསླུ་བབསྟར་ཆགས་བྱེད་པ་ཤེས་པས་འབྲོག་པ་དང་གནས་པོ་གཉིས་འཛོམ་གྱིས་ལུག་ཁྲིད་ནས་འདིར་འདུག་རིང་སྲོག་བསླུ་ཉི་ཤུ་སྐོར་བཏང་། རྨོངས་པ་དེ་ཚོ་ཡང་གསོད་བ་ལ་འཚེར་ངང་ཆེན་པོ་བྱེད་པ་དེ་འདྲ་ལ་རྗེས་སུ་ཡི་རང་བར་ཤར། འདི་ཡན་ཆད་ལ་ཕྱུགས་ལུ་ག་ཉིས་བརྒྱ་སྐོར་སོང་། རང་སློབ་མོན་ལྗོངས་དཀར་བླ་མ་གཤེགས་པའི་དགེ་ཚོགས་བསྐྲུན་པ་ལ་བླ་མའི་དཔོན་པ་སྨིན་གླིང་དགེ་སློང་དཔལ་འབྱོར་ཅན། བཅོ་ལྔ་སྐོར་། ལེ་བོ་བླ་མ་རྫ་དཀར་པདྨ་ཚེ་རིང་། སྲིབ་མོ་བླ་མ་དཀོན་མཆོག་ནོར་བུ་བཅས་ཀྱང་འཛོམ་བ་ལ་ཚོགས་དབར་ལ་ཁྲིད་བཏབ། བསམ་མཆིམས་ནས་གྲ་ཚང་ཕེབས་པ་དང་འགྲིག་བས་སྲོང་བཙན་དུ་ཉིན་འཁྱོངས་མངོ་མང་དེ་སྒྲོགས། ཚ་ཡོན་དོད་སྒྲིལརས་ཚ་ལེགས་པ་བསྟབས། དགོན་པར་སྐུ་སྐལ་མང་ཇ་བཏང་། བཟོད་བ་དཀའ་ཐུབ་ཀྱི་མི་མཐུན་ཕྱོགས་ལས་གྲོལ་བའི་སྨོན་ལམ་བཏབ། རང་གནས་སུ་འབྲས་སྤུངས་བློ་གསལ་གླིང་བའི་དགེ་བཤེས་མིང་དོན་མཐུན་པ་ཞིག་ཐུགས་རྗེ་ཆེན་པོའི་སྒོ་ནས་སྨིན་གྲོལ་དང་། རྟ་མགྲིན་གསང་སྒྲུབ་སོགས་ཞུ་བར་བྱོན། ཁོང་ལྔ་པ་རིན་པོ་ཆེར་དད་པའི་རྒྱུས་སྔ་འགྱུར་ལ་དག་སྣང་ཆེ་ཡང་། ལྷོ་བྲག་བདུད་འཇོམས་གླིང་གི་བླ་མར་བྱོན་མ་རག་པ་ནས་ས་


JLAZ014_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཡེ་ཤེས་པ་དང་འཇིག་རྟེན་པ་ངོ་བོ་གཅིག་གུ་བྱས་པའི་ཆོས་གསར་ཡིན་ཟེར་བ་མཐོང་ནས་ཁོང་ཚོ་ལའང་ལུང་སྐྱོགས་བླུན་པོའི་རང་རྟགས་མ་འཛིན་ཅེས་ཚོགས་གཏམ་བྱས་པ་ཡིན། འདྲི་འདྲ་བས་རང་གཞན་ཐམས་ཅད་ལ་ཐེ་ཚོམ་སྐྱེ་བའི་རྒྱུར་སྣང་ཟེར། དེའི་ལེན་རྒྱུད་འབུམ་དཀར་ཆག་ཏུ་བྲིས་ཡོད་པས་གཟིགས། ལར་ནི་ཆོས་ཀྱི་གཏེར་ནི་གང་ཟག་ས་མཐོན་པོ་ལ་གནས་པའི་སྤྱོད་ཡུལ་དུ་མོད་ལས་བཤད་ན་དེ་དག་ནི་རྒྱུད་ལུང་དང་འགལ་བའང་མི་སྲིད་ལ། དངོས་གྲུབ་པ་བསྒྲུབ་པར་ཡང་མི་བསླུ་བའི་ཁྱད་ཆོས་ཅན་རྣམས་ལས་ཆོས་རྗེ་ཆོས་ཞེས་བསྐུར་བ་བདུད་ཀྱི་ལས་ཡིན། གཞན་དུ་ན་བསྐྱེད་རིམ་ལ་སྐྱེ་གནས་བཞིའི་སྦྱང་གཞི་སྦྱོང་བྱེད་ལྟ་ཅི་སྨོས། ངོ་བོ་དང་རྣམ་པ་མི་ཕྱེད་པས་བསྒྲུབ་བྱ་ངོས་མི་ཛིན་པའི་ཚིག་རྐྱང་དང་། དངོས་གྲུབ་འགུགས་པར་བྱེད་པའི་རྒྱུའི་གཙོ་བོར་སྔགས་དོན་ལོག་པར་ཞུགས་པ་དང་། རྫོགས་རིམ་ལ་སྤྱད་གཞི་རྩ་རླུང་ཐིག་ལེ་སྦྱོང་བྱེད་ཀྱི་ཐབས་ཤེས་དང་བྲེལ་བས་ཞུགས། གནས་ཐིམ་གསུམ་གྱི་དྲོད་ཚད་མེད་ཅིང་བདེ་དྲོད་ཙམ་ལ་དམིགས་པ་དང་། དེ་གཉིས་ཀའི་ཕྱི་སོའམ་སྐུ་བཞིའི་ས་བོན་དུ་གྱུར་པ་དབང་གི་ཆུ་བོ་དང་བྲལ་ཞིང་དག་རྫོགས་སྨིན་གསུམ་གྱི་ཡོན་ཏན་སྐྱེ་རྒྱུད་མེད་ན། གསང་སྔགས་ཀྱི་གཟུགས་བརྙན་ནི་ཡིན་ནོ། །དེ་བཞིན་དུ་རྒྱུ་ཀུན་རུ་འབྱུང་དང་འབྲས་བུ་


JLAZ014_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སྤོང་བའི་བྱེད་ལས་མེད་ཅིང་། བྱང་ཆུབ་མཐོ་རིས་བླངས་སྐྱེ་དང་། །ཆོས་དང་ཟང་ཟིང་ཕྱིར་བཅོས་རུང། །ཞེས་སྡོམ་པའི་དགོས་པ་དྲུག་དང་བྲལ་བའི་སོ་ཐར་དང་། དབུ་སེམས་བསྲེས་པའི་བྱང་སྡོམ་དང་། །རང་ལྟ་མཆོག་འཛིན་གྱི་སྟོང་ཉིད་སྟོན་པ་སོགས་གསུང་རབ་ཀྱི་གནད་བཅོས་པའི་ཆོས་ཀྱི་གཟུགས་བརྙན་ནི་གསར་རྙིང་གང་གི་ཐད་དུའང་མཆི་བས་ན། མདོར་ན་སངས་རྒྱས་གསུང་རབ་དང་། །ཕལ་ཆེར་མཐུན་པར་སྟོན་བྱེད་ཅིང་། །གནས་རྣམས་ལོག་པར་སྟོན་པའི་ཆོས། །ལེགས་ལེགས་འདྲ་བར་སྟོན་ན་ཡང་། །བདུད་ཀྱི་བྱིན་རླབས་ཡིན་ནོ་ཞེས། །མོད་རྒྱུད་ཀུན་ནས་གསལ་བར་གསུངས། །ཞེས་པའི་དོན་དེ་ཡིན་ལ་དེ་ལྟར་ནའང་གཞན་གྱིས་ཆེད་དུ་བྲིས་པ་དང་། ལྟ་སྒོམ་གྱི་དགོས་པ་སེལ་ཕྱིར་བསྐུལ་བའི་ལན་མི་ལྡོན་ཁ་མེད་ལས་གཞན་དུ་ན་རྒྱན་ལས། །མི་རིགས་པ་ཡི་གཟུགས་ལཱང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་འཚལ། །ཞེས་བཏང་སྙོམས་ཆེན་པོའི་ཆོས་ཉིད་ལ་ཀུན་ནས་དཀྲིས་པའི་སེམས་མེད་པས་སྣང་བ་དག་པ་རབ་འབྱམས་དང་མི་འགལ་ལོ་ཞེས་བརྗོད། ཁོང་འདིར་ལོ་གསུམ་ཞིག་གཏོང་འདོད་འདུག་ཀྱང་། བཞུགས་ཕུལ་འཐད་པ་མེད་པས་ཆགས་


JLAZ014_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་མེད་པའི་རི་ཁྲོད་ཅིག་ལ་བཞུགས་ན་རྟོགས་བ་འཁོགས་ཐོན་པ་ཡིན་ཞེས་ལུང་བསྟན། དེ་ཡང་རྟེན་དགེ་སློང་དུ་འདུག་པས་དེ་ལ་རྗེས་སུ་ཡི་རངས། སྟོང་ཉིད་ཀྱི་ལྟ་བ་ཀླུངས་སུ་ཕེབས་ནས་འོག་མ་ལ་རང་ཤུགས་ཀྱི་ཞེན་པ་མ་ལྡོག་པར་ལས་འབྲས་རྣམ་རྟོག་གི་རྗེས་སུ་སོན་བས་བདེན་བཞིའི་ལམ་ཡང་ཁྱད་དུ་ཅིང་སོ་སོ་ཐར་པ་རྣམ་པར་རིག་བྱེད་བྱེ་བྲག་སྨྲ་བའི་ལུགས་མ་ཡིན་པའི་གཟུགས་སྤོང་བ་བདུན་འཁོར་བཅས་ལ་ཚུལ་ཁྲིམས་སུ་བཤད་པ་ཡིན་པས་ལྟ་བ་དེའི་ལུགས་སུ་སྐྱོངས་། སྤྱོད་པ་ཁྱེད་རང་གི་ལུགས་སུ་གྱིས་ལ་རི་ཁྲོད་བདེན་པར་འདུལ་བ་ལས་དགེ་སློང་གཅིག་པའི་གསོ་སྦྱོང་དང་། དབྱར་གནས་བཤད་པ། དེ་ལག་ལེན་ལ་ཐེབས་པར་མཛོད། ཅིག་ཅེས་གདམས། ཁམས་བླ་འཇིགས་མེད་འཕྲིན་ལས་ཀྱང་རག་ཆུ་ནས་རྒྱ་དཔོན་གུ་རུའི་སྐྱབས་འཇུག་ཞུ་རྒྱུ་དང་བཅས་ཐོན་ཕྱག་ལ་འབྱོར། ཁོང་ལས་ཅན་གྱི་སློབ་མ་ཡིན་བས་ལམ་རིང་གི་བགྲོད་པ་ལ་མི་འཚོར་བར་ད་དུང་མཇལ་ཐེང་ཞིག་ཨེ་ཡོད་དང་། མཐར་མཛད་པ་བརྟུལ་བར་གྱུར་ཀྱང་ཡང་སྲིད་ངེད་ཀྱི་སྲ་ཕེབས་ནས་རང་དབང་ཅན་དུ་འགྱུར་བའི་ཐུགས་བསྐྱེད་དགོས་ཞེས་རྐང་པ་ལ་མགོ་གཏུགས་ནས་སོང་། རུ་དམ་ནས་རྫོགས་ཆེན་སྤྲུལ་པའི་སྐུ་གཉེར་པ་ཡང་འབྱོར། རྟེན་འབྲེལ་ལ་དགོངས་


JLAZ014_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲིལ་བུ་གསེར་འགོ་མ་དང་། བསྐལ་བཟང་གསེར་བྲིས་མའི་རྟེན་ལྡན་གྱི་གསུང་བྲིས། རིང་འཚོའི་ཚོགས་བཅད་བཅས་འཕྲོད་ཅིང་། བསྐལ་བཟང་དངུལ་འབུམ་གྱི་གཟུངས་ལ་རྟེན་འབྲེལ་ཤིན་ཏུ་བཟང་། མ་གིར་གཙུག་ལག་ཁང་རྒྱ་ཚོགས་ར་བསྐྲུན་གྱི་ནང་རྟེན་རྣམས་ལ་འདི་ནས་རབ་གནས་བྱེད་དགོས་དང་། ཆེད་དུ་བསྐུལ་མ་མཛད་པས་དམ་པ་ལ་སྤྲིང་བའི་གཏམ་དེ་བསྔགས། སེ་ར་ནས་ཁལ་ཁའི་སོག་བཙུན་གཉིས་བྲ་འབེབས་ཀྱི་མན་ངག་ཞུ་ཞེས་ནན་ཏུར་ཆེན་པོ་བྱེད་པས་ཐག་རིང་ནས་གཞུང་ལུག་ལ་ཐོས་བསམ་བྱེད་པར་འོངས་ནས་དོན་གཉེར་འདི་འདྲ་ལ་བྱེད་པ་ཆོས་སྐལ་ཆད་པ་འདྲ་ཞེས་སྨྲས། ཟླ་བ་དྲུག་པའི་ནང་གཉའ་ནང་བལ་པོས་འཇབས་ནས་དུས་ཟིངས་ལངས་། གཞུང་ས་ནས་བླ་མ་མང་པོར་དམག་བཟློག་བསྒྲུབ་རྒྱུ་གནང་བའི་འགག་དོགས་སློབ་དཔོན་པདྨ་ལ་ཅོལ། སྤྱིར་རྔ་བརྡུང་བ་དང་སྒོས་མངོན་སྤྱོད་ལ་འདུན་པ་ལྷོད་ཀྱང་། བོད་འདི་སངས་རྒྱས་ཀྱི་བསྟན་པ་ཡོང་བའི་ཞིང་། ཡུལ་གྲུ་གཞན་ལ་ལྟོས་ན་སྐྱེས་ཕལ་བ་རྣམས་ཀྱིས་ཀྱང་དགེ་སྡིག་གི་སྒྲ་ཤེས་པས་མི་ཁོམ་པའི་གནས་གཞན་དང་ཁྱད་པར་ཆེ། དེ་ལ་ཕྱི་རོལ་པའི་བརྟུལ་ཞུགས་ཅན་གྱིས་གྲགས་ལྟ་བ་འདིས་སེམས་ཅན་གྱི་བདེ་སྐྱིད་དང་


JLAZ014_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཕྲིན་ལས་གཉིས་ཆུད་གཟོན་པའི་གེགས་ཆག་ཆེན་པོར་སྣང་ཡང་དེ་གོ་མཁན་ཆེར་མི་སྣང་བས་ཡིད་སྐྱོ། རྣམ་པ་ཀུན་ཏུ་རྒྱལ་པོའི་མངའ་རིས་དང་དཀོར་ལ་བརྟེན་ནས་སྤྱོད་བྱེད་པ་དག་ཀྱང་ཁྱད་མེད་ཟེར་ན། །ས་རྒྱ་སྦར་མིལ་ཙམ་དང་། དཀོར་ལ་རིས་བཅད་ཀྱི་ཤོར་གོད་ཏིལ་འབྲུ་ཙམ་ཡང་མེད་པར་མ་ཟད། ལོ་སྔ་པྱིའི་ཁོང་དུའང་འཚོ་རྩིས་དང་རྟག་འཛིན་གྱི་སེམས་པས་ཆོས་ཀྱི་དབྱིངས་ནི་བདེ་བ་ཆེན་པོ་ཡིན། གནས་སྐབས་ཀྱི་གནས་འཕོ་དགོས་ནའང་མཐའ་སྐོར་ཐམས་ཅད་གདུལ་བྱའི་རང་བཞིན་དུ་ཡོད་པས་རེ་དོགས་ཏིལ་འབྲུག་ཙམ་ལང་མེད་ཀྱང་། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཇི་ལྟར་བྱེད་སྙམ་པའི་བློ་གཡེང་ཆེན་པོ་ལངས། དེ་ལ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་ཐོབ་ཀྱི་ཚོགས་ནི་ཨ་བྷི་ཙརྱའི་ཕྲིན་ལས་ལ་བརྟེན་ནས་ཀྱང་རྫོགས་པའི་ཚུལ་རྒྱུད་ལས། འཇིག་རྟེན་ཕ་རོལ་དག་ཏུ་ནི། །བསྒྲལ་བ་རྣམས་ཀྱང་མཐོ་རིས་ཐོབ། །བདག་ཀྱང་བྱང་ཆུབ་གཉིས་སུ་མེད། །བསམ་པ་འབྱོར་བའི་ཤེས་རབ་ལ། །སྡིག་ཅན་བསད་ན་ལས་ངན་འཆད། །ཅེས་པ་ལྟར་བསྟན་འགྲོ་ཁོ་ནའི་དོན་དུ་དམིགས་ནས་ཁྲོ་བོ་རོལ་བ་དང་། ཁྱད་པར་ཕུར་བ་རྒྱུད་ལུགས་ཀྱི་སྨད་ལས་


JLAZ014_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་རླུང་འཁོར་གྱི་བཅའ་ག་སྒྲིགས། འཁོར་བའི་རང་བཞིན་ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི་གནད་གཅོད་པའི་གདབ་ཁ་ཀི་ལཱ་ཡ་ཚད་ཀྱི་མི་རིག་པ་སློབ་དཔོན་ལག་ལྷག་ལ་དྲིས་ནས། རྩ་བའི་རྒྱུད་ཀྱི་དགོངས་པ་ལས་དྲུག་མན་ངག་གིས་གཏོར་བ་སྒྲ་ཇི་བཞིན་པ་ཉམས་སུ་བསྟར། ལར་ངེད་ལ་གཞེ་སྡང་རང་རྒྱུད་པ་མི་འཆར་བས་རྡོ་རྗེ་ཁྲོས་པའི་རྟེན་འབྲེལ་ཀྱང་དཔལ་ཆུང་བས་རྟགས་མྱུར་པོ་འོད་དཀའ། དེ་ལྟ་ནའང་། ལྟོ་འགྲོས་དབང་བའི་སངས་རྒྱས་ཅན་མའི་དབྱིངས། །རྣམ་ཐར་གསུམ་ལྡན་ལ་ཉལ་བླ་གཟུགས་ནི། །ལྡང་བའི་ཆོ་ག་ཉམས་ཀྱང་མནར་མེད་ཀྱི། །རྒྱུ་རྐྱེན་ཆ་ཤད་མོ་ཚོགས་རྙི་ལ་འཐོགས། །རང་སློབ་རྡོ་རྗེ་ཀློད་གསལ་གྱིས་སྐྱིད་གྲོང་དུ་ཡོན་ཏན་རིན་པོ་ཆེའི་མཛོད་པར་དུ་བརྐོས་པའི་བར་ཤིང་དང་། རྒྱ་གདུགས་ཛ་ཏི་ཉིས་བརྒྱ་བཅས་འབྱོར། ལྷོ་གདུང་བསམ་པའི་དབེན་རིགས་པུནྡ་རི་ཀ་སྔ་སོར་ནས་དད་མོས་དང་ལྡན་པ་ལ་དཔོ་དོན་འབྲེལ་བའི་གཏམ་གྱིས་རྗེས་སུ་གདམས་བཞིན་ལོ་གྲངས་དོན་གསུམ་པའི་སྟེང་ཆོས་དོན་གཉེར་བའི་བསམ་པས་སློབ་པ་རྗེས་སུ་བཟུང་། སྔ་ལོ་རྒྱ་མཚམས་སུ་ཡོན་ཏན་མཛོད་དང་རྣམ་ཐར་རོ་ཧའི་རྒྱན་སོགས་པར་དུ་བརྐོས་པའི་དགེ་བ་རྫོགས་བྱང་དུ་བསྔོས།


JLAZ014_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་ལ་ཨ་ཙ་རའི་དཔྱད་པ་ངོ་མཚར་བ་དག་བྱིན། ཁོང་གིས་ལྷོ་འབྲུག་དང་གྷ་ཊགའི་ཚངས་ལ་ཀ་ལ་ཏར་ལོ་གསུམ་བསྡད། བྷངྒ་ལ་སོགས་པར་འཁྱམས་ནས་ལྷོ་ཕྱོགས་རྒྱ་མཚོའི་རླབས་ལོག་པ་མཐོང་མཐོང་ཕྱིན་པས། ཡུལ་གྱི་ལོས་རྒྱུས་བཤད་པ་ལ་ད་དུང་གཏམ་རྒྱུས་གཞན་གྱིས་དཔྱད་པ་དང་བཅས་རྒྱ་གར་ལྷོ་ཕྱོགས་ཀྱི་གཏམ་དེ་རྩེད་མོའི་ཚུལ་དུ་བྲིས། དེའི་དགོས་པའང་སྤྱིར་སེམས་ཅན་བསོད་ནམས་དམན་ཅིང་གློ་བུར་པའི་བསམ་སྦྱོར་བརླང་པས་ད་ནི་དུས་ཀྱི་རྒུད་པའང་རིམ་བས་དམན་པ་ལས་འོས་མི་འདུག་ཀྱང་། མངོན་གྱུར་མི་ཤེས་བཞིན་དུ་ལྐོག་གྱུར་འོལ་ཚོད་དུ་སྨྲ་བས་སྒྲ་འགྲོགས་ནས་གངས་ཅན་བ་རྣམས་ཡུལ་སྤོང་བ་ལ་ཞུགས་པ་ལ་ཕན་ཕྱིར་ཡིན། སྤྱིར་ན་བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བའི་མ་རིག་པ་གང་ཞེ་ན། སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་དང་ཕྱི་མའི་མཐའ་མི་ཤེས་འདང་། ནང་མི་ཤེས་པ། ཕྱི་མ་ཤེས་པ་དང་། ནང་དང་ཕྱི་མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་རྣམ་པར་སྨིན་པ་མི་ཤེས་པ་དང་། ཞེས་པ་རྣས་མ་མཐོང་བ་དང་། མངོན་པར་མ་རྟོགས་པ་དང་། རྨོངས་པ་དང་།


JLAZ014_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་རྨོངས་པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་ཞེས་བྱ་བ་འདི་ནི་མྲིག་པ་ཞེས་བྱའོ། །ཞེས་པའི་བར་གསུངས་པས་སོ། །ཟླ་བ་དགུ་པའི་ནང་མཆོད་སྡོང་རིན་པོ་ཆེ་ལེགས་པར་ཚར་ཕྱིན་པས་བསམ་ཡས་སུ་གཟུངས་འབུལ་རབ་གནས་ལ་བསྐྱོད། གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པའི་རྟེན་འབྲེལ་དུ་བསམ་ཡས་གཙུག་ལག་ཁང་གི་རབ་གནས་གསོ་བར་ལུང་བསྟན་ཐོབ་ཅིང་། དེ་ཡང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་པའི་རྟེན་ཅིང་འབྲེལ་འབྱུང་གི་སྒོ་དང་པོ་གཉན་པོ་གསང་བ་བརྒྱ་ཟག་གཅིག ཟམ་ཏོག་བཀོད་པ། བསྐལ་བཟང་སངས་རྒྱས་སྟོང་གི་མཚན་འབུམ། གང་ཞིག་རབ་ཏུ་གནས་བྱའི་ངོ་བོ་ནི་སངས་རྒྱས་ཆོས་ཀྱི་སྐུ་དང་། དེའི་རྣམ་པར་ཐར་པ་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་གྱི་དཔེ་བྱད་དུ་རྫོགས་པས་ན་འཕགས་བརྟེན་ཅིང་འབྲེལ་འབྱུང་གི་མདོར། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ནི་དེ་བཞིན་གཤེགས་པ་མཐོང་ངོ། །སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མིག་ནས་བའི་ཕྱོགས་སུ་


JLAZ014_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ནི་སྒྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ནི་ཁབ་ཙམ། གདུགས་ནི་བ་ཀུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཆོས་ཀྱི་དབྱིངས་ཚིགས་སུ་བཅད་པ་ནང་དུ་བཅུག་ན་དེ་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཤི་འཕོས་ཏེ་འཆི་བའི་དུས་བྱས་ནས་གནས་གཙང་མའི་རིས་ཡི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཞེས་གསུངས་བལྟར་རྟེན་སྙིང་འབུམ་ཐེར་ལྷག་བཅས་ཀྱིས་གཙོབ་པའི་རིང་བསྲེལ་རྣམ་པ་བཞི། ཤིན་ཏུ་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་ཐམས་ཅད་ཀྱི་རིག་པ་སྤྱི་བླུགས་ཀུན་གུ་བཟང་པོའི་ཙཀྲ་དང་། རྒྱུ་ཀུན་འབྱུང་ལས་འབྲས་བུ་སྡུག་བསྔལ་བསྐྱེད་པའི་འཇིགས་པ་ཆེན་པོ་བརྒྱད་ཚན་གཉིས་འགོག་པ་དམ་ཚིག་སྒྲོལ་མའི་ཙཀྲ་སོ་སོ་ནས་བརྒྱ་རྩ་རེ་སོགས་ལ་མཐའ་དམག་གིས་མཚོན་དུས་ཀྱི་རྒུད་པ་ཞི་བའི་འདོད་གསོལ་སྦྱར། གསེར་སྦྱངས་ཀྱིས་བྲིས་པའི་སྲོག་ཤིང་དྲི་མེད་རྣམ་གཉིས་ཀྱི་ཆོ་གས་བརྟན་པར་བྱས་པ་དང་། གནོད་སྦྱིན་བང་མཛོད་དཀོར་ཆ་དང་ལྡན་པ་སོགས་ཉེར་བསྡོགས་གྲུབ་པའི་དེ་མ་ཐག་འདོད་དཔལ་ནས་བལ་པོ་དང་། ཟངས་བརྡུངས་


JLAZ014_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མཛད་རེ་འབྱོར་པས་དངུལ་དཀར་གྱི་བ་གཏུམས་ཀྱི་སྟེང་། འཕུལ་མ་ཚ་གསེར་ཅན་ཟུར་བཀག་པ་ཏྲ་བཅུ་གཉིས། བཟོ་སྤྲོས་གཙང་ཁྱད་གར་བླུགས་ཚ་གསེར་གྱི་སེང་གེ་མཐོ་ཚད་པ་བརྒྱད། རྒྱལ་པོ་ཆེན་པོ་བཞི། སྒོ་ཁྱིམ་པ་ཏྲ་ཕྲ་འཕུལ་ཤིན་ཏུ་མཚར་བའི་ནང་སྐུ་ཚབ་ཤོས་ལི་རྒྱུག་མཐོ་གང་བ། བུམ་པ་ལ་དྲ་བ་དྲྭ་ཕྱེད། གསེར་ཟངས་ཀྱི་ཆོས་འཁོར་ཕུལ་མ་ལཉྫ་ཅན། ཆར་ཁེབས་བར་ཆགས་ཉི་ཟླ་ནོར་བུའི་ཏོག །གསེར་དང་སྟོང་སྐོར་རི་བའི་ཨིནྡྲནཱི་ལ་མཐེབ་ཚིགས་ཕྲ་ཕྱོགས་དང་། བཻ་ཌཱུརྱའི་རིགས་སུ་བགྲངས་བའི་ཕྱིལ་མིག་སྲན་སྔོས་ཙམ་དང་། ག་ཛ་ཙམ་མུ་ཏིག་དེ་ཙམ། མུ་ཏིག་ཆེ་བ་ཆིབ་ཁ་ཙམ་དང་། ཆུང་བ་གཡུ་དྲུག་དམར་སོགས་རང་ཀྱ་ཕེར་བ་དང་། གཡུ་པད་ཆེ་ཆུང་། སྤོས་ཤེལ་ཆེ་ལེགས་ཀྱི་གཙོས་པས་སྣ་ཚོགས། བྱུ་རུའི་ཕྲེང་བས་གཙོས་རིན་པོ་ཆེའི་རིགས་རང་བྱུང་དང་བཅོས་བུའི་ཕྲ་བུང་ཕུལ་མ་ཤིན་ཏུ་མང་བ་རྣམས་སྦྱར་ཞིང་རང་ཅག་གིས་གཟུངས་བཞུགས་སློབ་དཔོན་ཀླུ་སྒྲུབ་དང་། ཛེ་ཏེ་ཏིའི་རྒྱ་གཞུང་གི་རྗེས་སུ་འབྲངས་པ་ཕུལ། དབུ་ཐོག་ཏུ་གོས་རྙིང་བླ་བྲེ་མཐོང་བཟང་གོས་བཀྲལ་བཏགས་པར་འཇའ་སྨད་ཤམ་དམར་པོ་དང་། མཐའ་རྒྱན་བཞི་སྙུག་ཁ་ཆུ་བྲག་ཅན། ཀ་བ་བཞིའི་


JLAZ014_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་གླིང་བྱི་བ་ཁེབས། མདུན་ཅོག་ཤིང་བརྐོས་ཅི་མི་འདྲའི་གདོད་ཆེན་འབུར། དོད་པ་ཏྲ་ཁོང་སེང་ཁོར་ཡུག་ཅན་གྱི་སྟེང་དངུལ་སྲང་བཅུ་གསུམ་ལས་གྲུབ་པའི་མཆོད་ཀོང་དངུལ་སྲང་ཅུ་ལས་གྲུབ་པའི་ཏིང་བདུན་ཚར། རྒྱ་རག་གི་ཏིང་འགག་གཟུགས་མཆེ་ལེགས་བདུན་ཚར་སོགས་ངེས་པ་བརྗོད་དུ་ཞིབ་གསལ་ལྟར་དང་། མདོར་ན་རྟེན་བཞེངས་འདིའི་ཆེད་དུ་རྒྱུ་འགྲོ་སྤྱིར་སྟོང་དངུལ་དུ་ལྡང་བ་སོང་ཞིང་། འདི་ལ་བརྟེན་ནས་རིན་པོ་ཆེ་བརྟག་པའི་གཏམ་དེ་ཡང་བྲིས། ཇི་ལྟར་རྨི་ལམ་ནང་གི་རྙེད་པ་ལ། །རྨི་ལམ་ལྟ་བུའི་བསོད་ནམས་དམ་པའི་ཚོགས། །ཐར་པ་ཆ་མཐུན་ཉིད་དུ་མི་བསླུ་ཡང་། །ཆོས་དབྱིངས་ངང་ན་དེ་ལ་རེ་དོགས་བྲལ། །རྟེན་སྒྲིགས་གྲུབ་པའི་དེ་མ་ཐག་གི་གྲལ་ཚེས་ཉི་ཤུ་གཅིག་ལ་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོན་དཀྱིལ་ལ་བརྟེན་དཀྱིལ་འཁོར་སྒྲུ་མཆོད་དང་། གཟུངས་ཁྲུས་ཀྱི་བུམ་བསྒྲུབ་དང་། བདག་ཉིད་འཇུག་པ་སྔོན་དུ་བཏང་ནས་སྟ་གོན་གྱི་ཆོས་མ་ཚང་བ་མེད་པ་དང་། སང་ནང་པར་ལྷ་བབ་ཀྱི་དུས་ཆེན་ཐོག་དབུ་རྩེ་རིགས་གསུམ་དང་། གླིང་བཞི་གླིང་ཕྲན་བརྒྱད་ལ་སྟོང་མཆོད་རེ་བཅས་པའི་མཆོད་པའི་སྤྲིན་ཆེན་པོ་རྣམ་པར་བཀོད་དེ་མཚན་མའི་ཐུན་མཚམས་ལྔ་པ་ནས་ལྡང་བའི་རྣལ་འབྱོར་གྱི་ཉི་མ་འཆར་ཀ་དང་ཁྲུས་ཀྱི་བྱ་བ་འགྲིག་པའི་


JLAZ014_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་དངོས་གཞིའི་ཆོ་ག་མ་ཉམས་ཤིང་མཆོད་བ་མེད་པ། གསེར་སིལ་མའི་མཎྜལ་སྙན་ཤལ། གསེར་ཆབ་བྱང་སྡོམ་བླང་བ། ཕྱི་རོལ་པའི་གཏོར་མ། ཚོགས་བརྒྱ། བསྐང་གསོ་དང་བཅས་པའི་རྗེས་སོང་གི་ཉིན་མོའི་སྟ་གོན་གྱི་ཆོ་ག་མ་འཁྲུགས་ཤིང་མ་འཛིངས་པ་ཉམས་སུ་བསྟར། དེ་ལྟ་བུའི་དངོས་སྟ་སྦྲེལ་མའི་རབ་གནས་ཉིན་ཞག་བརྒྱད་པའི་ཉིན་མངའ་དབུལ་དང་རྒྱས་པའི་སྦྱིན་སྲེག་གི་ཞལ་གསོ་དགཱ་སྟོན་ནས་བསྔོན་བའི་བར་བྱ། དགུ་པའི་ཉིན་གླིང་བཞི་གླིང་ཕྲན་ཇོ་མོ་གླིང་གསུམ་ལ་དམིགས་པའི་སྟ་གོན་དང་། སང་ཉིན་གནམ་སྟོང་གི་དུས་ཆེན་ལ་ནང་པར་སྔ་བའི་ཆ་ནས་མཆོད་རྟེན་དཀར་པོ་ནས་གཟུངས་སྦྱང་བ་སྔོན་དུ་འགྲོ་བའི་ཁྲུས་གསོལ་དང་། རྟེན་བསྐྱེད་དགུག་བསྟིམ། དབང་བསྐུར་བ་བསྡུས་པ། བརྟན་བཞུགས་བཞི་པོ་རབ་གནས་ཀྱི་ངོ་བོ་ཉིད་ཡིན་པའི་མཐར་ཤིས་བརྗོད་དང་དམག་འཁྲུག་སོགས་དུས་ཀྱི་རྒུད་པ་ཞི་བའི་གདུང་ཤུགས་དྲག་པོས་ཉིན་ཐོག་ཐག་འདའ་བར་བྱས་སོ། །དེ་ལྟར་རབ་གནས་ཀྱི་སྦྱིན་བདག་གཞུང་ས་ནས་གནང་བའི་དགོས་ཆ་དངུལ་སྲང་བཅོ་ལྔ་དང་། ཇ་སྒམ། ཤིང་རྒྱུགས་སོགས་སྩལ་ཞིང་། དེ་ཐམས་ཅད་ཀྱི་བདག་པོའི་རྐྱེན་དུ་སྨོན་ལམ་གྱི་མཐུ་གྲུབ་པ་འདོད་དཔལ་མཁན་པོ་སྦྱང་གྲོང་ནས་ཀྱང་མཆོད་ཆོགས་ཀྱི་ཞལ་


JLAZ014_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འདེགས་དངུལ་སྲང་ལྔ། ཀོ་ལེགས་འབྲུ་དང་། མར་དོ་ཆེ་བ། གསེར་བཏུལ་དང་སྙན་ཤལ་ཕོན་ཆེ་བ་རྣམས་དང་། མདོར་ན་བཟོ་རྒྱུའི་ཆ་རྐྱེན་མ་ཚོགས་པ་ལ་གསེར་སྲང་གསུམ་གྱི་མཚོན་ཆད་པ་འཐུད་པའི་འགན་བཞེས་རང་ཉིད་ལས་ཁུར་ཆེ་བ་མཛད། རང་སློབ་བསམ་གླིང་སློབ་དཔོན་ལགས་གཙོ་བོར་གྱུར་པའི་རབ་བྱུང་གྲ་ཚང་གི་འཁྲིད་ཞུ་བ་རྣམས་དང་། སྐུ་གཉེར་དཔོན་ཡོན་ཏན་རྒྱ་མཚོ། བསྟན་པའི་སྦྱིན་བདག་སྡེ་པ་ཕན་ཚུན་གཉིས་རྣམས་སོ་སོ་ནས་རབ་གནས་ཀྱི་ཞབས་ཏོག་ཉིན་འཁྱོངས་འབུལ་ནོད་འགྱེད་བཅས་ཀྱི་བསྙེན་བཀུར་གྱ་ནོམ་པ་མཛད། སྐུ་གཉེར་དཔོན་གྱིས་བསྐུལ་ནས་བར་ཁང་གི་གནས་བཤད་རགས་བསྡུས་དང་། ཞགས་རྗེས་དང་། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྟེན་བཤད། བསམ་ཡས་ལ་རབ་གནས་གསོལ་བའི་གཏམ་ཉུང་དུ་དང་བཅས་བྲིས། བཟོ་བོ་དབུ་མཛད་གཉིས་ལ་གྱོན་པ་ལུས་གང་། དངུལ་སྲང་ལྔ་རེ། སྡེར་རྒྱབ་ཁ་བཏགས་སྔ་ཕྱི་བཅས་དང་། བྱིངས་ལ་མཚར་དགའ་དངུལ་སྲང་ཉི་ཤུ་རྩ་ལྔ། ཡོར་ཤུབས་ལེགས་པ་གཉིས། ཟོང་རས། མཁན་པོར་དངུལ་སྲང་བཅུ་སྐོར། སྤྲེལ་ཟླ་དང་བཅས་པར་གཟན་ཕྲུག་རེ་དང་ཕྱི་མཛོད་རེ། རྩེར་སྐུ་གསུང་ཐུགས་རྟེན་དང་བ་སོའི་བསིལ་ཡབ། སྐུ་གཟན། ནང་མཛོད་དང་བཅས་པའི་ཐུགས་རྗེ་


JLAZ014_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བྱུང་བརྡ་མཚོན་ཙམ་ཕུལ་བར། བཟང་ཇ་འཁོར་དྲུག་དང་བཅས་རབ་གནས་བྱས་པ་དགོངས་འབྱོར་གྱི་རྒྱ་མ་སྩོལ། བསམ་ཡས་མཆིམས་ཕུར་བསྐྱེད་དེ་མཆོད་འབུལ་གསེར་ཆབ་ཚོགས་བསྐངས། མཁའ་འགྲོའི་མེ་མཆོད་ཁྲི་ཚར། བྲག་དམར་ཀེའུ་ཚང་གཟིམ་ཕུག་ཏུ་བཟང་གོས་འཁོར་བརྒྱད་མ་སེར་བོའི་མཐའ་འཇའ་སྔོན་ག་མེ་རྟོག་རིས་ཀྱི་གནམ་རྒྱན། མཆོད་ཁང་གསར་མར་གྲགས་བརྒྱལ་བ་གཉིས་པའི་སྤྱིལ་ལྕམ་རྩ་རུལ་བས་རྡིབ་ལ་ཉེ་བ་སྔ་ལོ་གནས། ཀོ་རྩེ་སྦག་དང་། དགུ་ཚན་བཟང་པོ་བླ་བྲང་དུ་སྤྲད་ནས་ཐོག་བཀབ་རྒྱུ་བསྐུལ་བ་བཞིན་སོར་ཆུད་པ་ལ་བླ་བྲེ་ཞིག་ཕུལ། གསེར་གསོལ་དང་མཆོད་འབུལ་བྱས། གློང་སྟོད་སྨད་ལ་མང་ཇ་གཉིས་དང་ཇ་འགྱེད་བཏང་། བཀའ་བློན་བླ་མ། བླ་བྲང་། ཆོས་རྗེ་བ་སོགས་ཀྱི་ཚོགས་བརྒྱ་དང་བསྙེན་བཀུར་བཅས་ཀེ་ཚང་དུ་འདུག་རིང་སྔ་ཞོགས་ཐམས་ཅད་ཚེ་དཔག་མེད་སྐུ་གསུམ་འདུས་པའི་བདག་འདུག་བླངས་ཤིང་གྲོལ་དབང་ཉིན་མི་བརྒྱ་སྐོར་ལ་ཚེ་དབང་བསྐུར། འདི་ལོ་སྡེ་དགེ་རྒྱལ་པོ་དབུས་ཕེབས་ཀྱི་འཆར་ཡོད་པས། རང་གནས་སུ་ཕེབས་ན་མི་སེར་ལ་དཀའ་སྤྱངས་བྱུང་དོགས། ཁམས་བླ་ཐོན་གདོང་། ཁྱེད་དང་གང་མཇལ་སར་ཞམ་རིང་བ་འདྲིས་ཡོད་ལ་ཟླ་བ་


JLAZ014_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པར་དེང་བསམ་ཡས་སུ་མཆོད་སྡོང་རབ་གནས་ལ་ངེས་བཅར་ཡོང་ངེས་ཀྱི་དེར་མཇལ་འཛོམ་ལེགས་ཚུལ་བརྡ་འཕྲོད་བར་མཛོད་ཅེས་བསྐུལ་བ་བཞིན་རྒྱལ་པོའི་མི་སྣ་འབྱོར་པ་ལ། མཇལ་ས་བསམ་ཡས་ལས་ལེགས་པ་མི་དགོས་ཚུལ་ཕུལ། དེ་ནས་འགྱང་མེད་ལ་ཕེབས་ཕྲལ་བསམ་རྫོང་དུ་མཇལ་འཛོམ་དང་། དབང་བཀའ་རྗེས་གནང་མང་པོ་བྱེད་དགོས་ཕར་ཁང་གི་གཟིམ་ཆུང་བ་སོ་ལྷ་ཁང་དུ་བྱས། མཆིམས་ཕུར་ཕེབས་པ་ལ་རྟ་འུལ་བཞི་བཅུ་ཞེ་ལྔ་དགོས་པས་མི་སེར་རྣམས་ཅི་དྲག་ལ་གྱར་བར། རྒྱལ་པོའི་དགེ་བའི་ས་བོན་མངོན་དུ་སད་པ་ནི། མི་དབང་ཁྱོད་ནི་བྱང་ཆུབ་སེམས་དཔའི་རིགས། །སེམས་ཅན་རྣམས་ནི་ལས་ཀྱི་གཞན་དབང་ཅན། །སྙིགས་མ་ལྔ་བདོ་ཁྱད་པར་གངས་ཅན་འདིར། ལྔ་ལོ་ལོ་ཉེས་ནད་ཡམས་སྣ་ཚོགས་དང་། འདི་ལོ་དམག་དང་ཁྲལ་གྱིས་ཤིན་ཏུ་གདུངས། །ཁྱད་པར་གནས་འདིར་དག་པའི་ཞིང་ཉིད་ཀྱང་། །ཡུལ་མཐུ་ཆུང་ཞིང་མི་རྣམས་འབྱོར་པས་ཕོངས། །ཉིན་རེ་བཞིན་དུ་ཡུལ་འཁྱར་གྲོང་སྟོང་བའི། སྐལ་ངན་མཐོང་བས་སྙིང་རྗེ་སྐྱོ་ཤས་འཕེལ། །གནས་རི་མིག་གིས་མཐོང་ཡང་བསྟུད་པའི་ཚེ། །ཤུལ་རིང་རྡོ་སྐད་འཛེགས་བཞིན་སླར་ལ་བསྲིང་། །རྟ་རེར་དངུལ་ཞོ་གསུམ་གྱི་གླ་འབབས་པས། །དབུགས་


JLAZ014_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་ཆེན་པོའི་གནས་ལ་སྦྱར་དུ་གསོལ། །ཞེས་སྤྲིངས་པས་རྟ་འུལ་བཅུ་ཐམ་པ་ཆོས་ཆོག་པ་བྱུང་། །སང་ཉིན་བཀའ་བརྒྱད་ཀྱི་དབང་བསྐུར་དུས། །རྟ་འུལ་ཉུང་ངུར་བསྡུས་རྗེས་སུ་ཡི་རང་ཕུལ་ནས་ད་དུང་ཡང་ལུངས་ཕྱོགས་སུའང་མེས་དབོན་གྱི་གནས་རྙིང་ལས་གཞན་ཐམས་ཅད་དུ་ཕེབས་ན་དཔོན་གཡོག་སྟོབས་ཆེ་བས་ལས་དཀར་ལ་རྣམ་སྨིན་གནག་པ་འབྱུང་ཚུལ་ཞུས་པར་གསན་དགོངས་མཛད། བཙུན་མོ་མཁྱེན་རབ་ཆེ་ཞིང་བག་ཆགས་བཟང་བས་འཁྲིད་སྤུང་ཉི་མ་གསུམ་ལ་གོ་བརྡ་འཕྲོད་དེ་བྱུང་། བླ་མ་དང་ཡང་ཡང་མཇལ་དགའ་བས་བསམ་ཡས་སུ་ལྷོད་ཙམ་བྱེད་གསུངས་པས། སྣེ་ཤན་པ་སོགས་མཛད་དཀའ་གཏད་ཀྱང་དབང་ཆོས་རྣམ་གྲངས་མང་པོ་མྱུར་དུ་རྫོགས་པའི་ཐབས་ལ་འབད་པས་ཞག་དྲུག་ལས་མ་འཐོགས། ཇོ་བོའི་སྐུ་མདུན་དུ་་སྨོན་ལམ་ལྷན་ཅིག་མཛད་དགོས་གསུང་བར་སྟོང་མཆོད་གཅིག་ཕྲལ་དུ་གཤོམ་པར་བསྐུལ་ནས་དེ་བཞིན་བྱས། ལར་ངེས་འབྱུང་གི་བརླན་བ་དག་ཀྱང་རྒྱལ་ཁབ་ལ་སོགས་པའི་བསྟི་སྟང་ལ་ཇི་མི་སྙམ་ན། ཆོས་ཉིད་ཀྱི་བདེན་པ་ནི་རེ་དོགས་ཀྱི་གཞན་དབང་ཅན་མ་ཡིན་ཀྱང་། ཀླ་ཀློ་དང་སྡིག་སྤྱོད་ཀྱིས་བཀབ་པའི་རྒྱལ་ཕྲན་གཞན་དང་མི་མཚུངས་ཤིང་། བསྟན་པ་དང་དེ་འཛིན་ལ་གུས་པའི་མངོན་རྟོགས་འིད་


JLAZ014_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རོ་ཞས་བསྙད་ན། བླ་མར་བྱ་བའི་གནས་ལ་ལྟ་བ་བཟང་པོས། སྤོས་སྣ་དང་། ལྡང་ཕྱག །དྲི་མཉམ་སོགས་བསྟི་སྟང་དང་། སྟོན་མོས་སྔོན་བསུས་པའི་བློན་ཆེན་གྱི་མས་གཏམ་སྔོན་དུ་བཏང་ནས། འབུལ་ཐོ་འདི་ལྟ་སྟེ། གསང་ཆེན་ཐེག་པ་མཆོག་གི་ཁང་བཟང་དབུས། །མི་ཤིགས་ཟག་མེད་དོན་དམ་བདེ་བ་ཆེར། །རྣམ་རོལ་མཁྱེན་བརྩེའི་འོད་འགྲོ་བའི་མགོན། །དཀོན་མཆོག་ཀུན་འདུས་ངོ་བོར་སྐྱབས་སུ་བསྟེན། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །རབ་འབྱམས་ཞིང་ཁམས་རྒྱ་མཚོར་རབ་སྤྲོ་ཞིང་། །ཚེ་རབས་ནས་བསགས་སྡིག་ལྟུང་ཉེས་པའི་དྲི། །མ་ལུས་སྟོབས་བཞིའི་ཆོ་གས་བཤགས་པར་བགྱིས། །དུས་གསུམ་དྲི་མས་དབེན་པའི་འཁོར་འདས་ཀྱི། །ཇི་སྙེད་དགེ་བའི་ཚོགས་ལ་རྗེས་ཡི་རང་། །མགོན་ཁྱོད་སྲིད་པ་མཐའ་ཅན་མ་གྱུར་པར། །བརྟན་པར་བཞུགས་ལ་བདག་སོགས་འགྲོ་ཀུན་གྱི། །སྒྲིབ་གཉིས་གཉེན་པོར་རྟག་ཏུ་ཆེ་བ་ཡི། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འདིས་མཚོན་དུས་གསུམ་དགེ་བའི་ཆུ་ཀླུང་ཀུན། །བླ་མེད་བྱང་ཆུབ་རྒྱ་མཚོར་རོ་གཅིག་ཏུ། །ཡོངས་སུ་བསྔོ་བའང་འཁོར་གསུམ་ཡོངས་དག་ནས། །སྒྱུ་མའི་རྩེ་འཇོར་རོལ་པའི་ཚུལ་གྱིས་སོ། །ཞེས་སྔགས་བརྗོད་ཡན་ལག་བདུན་པ་སྔོན་དུ་བཏང་ནས།


JLAZ014_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཉིད་ཀྱིས་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། གངས་ལྡན་རྭ་བ་དཀར་པོའི་ལྗོངས་འདིར་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་ཐུགས་རྗེར་བརྟེན། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་པའི་གནང་ནས། ཁྱད་པར་དུ་འཇམ་དབྱངས་མིའི་སྲིད་པ་ཆོས་རྒྱལ་ཁྲི་སྲོང་ལེའུ་བཙན་གྱིས་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་སྤྱན་དྲངས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་ཉིད་བཞེངས། རྗེ་འབངས་ཐམས་ཅད་ཐར་པའི་ལམ་ལ་བཀོད། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་རྫོགས་ལྡན་གྱི་བསྐལ་པ་བཟང་པོའི་དཔལ་ལ་འགྲན་པར་མཛད་པ་བཞིན་དེང་རྒྱལ་དབང་པདྨ་ཀཱ་རའི་ཞལ་སྐྱིན་དམ་པ་བསམ་ཡས་སུ་བྱོན་ཞིང་། བདག་ཅག་གིས་སྦྱིན་བདག་གི་ཁུར་བླངས་ཏེ་ཚོགས་ཀྱི་མཆོད་པ་ཕུལ་ནས་འཇིག་རྟེན་གྱི་ཁམས་སུ་བདེ་སྐྱེད་འབྱུང་བ་དང་། བདག་ཅག་རྣམས་ཕལ་ཡུན་དགེ་ཞིང་ཤིས་པའི་རྟེན་འབྲེལ་གྱམ་སྒོམ་འཕར་སྟོང་ཕྲག་བྱེ་བའི་སྨོན་ལམ་དང་། སྨིན་བྱེད་ཀྱི་དབང་།གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་སྩལ་བ་སོགས་ཐུགས་རྗེ་ཆེན་པོས་བསྐྱངས་པའི་མཎྜལ་མཚོན་བྱེད་དུ། ལྷ་གོས་སྲིད་དུ་རིང་བ། རྡོར་དྲིལ་ཐེག་ཆེན་གསེར་རྩིམ། ཏིང་ཤག་དངུལ་གྱི་ཉག་ཐག་ཅན། མ་ཧེ་ཉེྩ་ཡུག་ཆེན། ལིང་ཚོས་ཁ་སྣ་ཚོགས་


JLAZ014_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་ལྔ། གོས་ཆེན་གསེར་བྱུས་ཡུག །པགས་བྱུག་ཡུག ཟམ་ཡུག་ཆོས་ཁ་སྣ་ཚོགས་དྲུག མཛོད་གོས་སྔོན་གཡུག གསེར་རྡིལ་ཚད། དངུལ་རྟ་རྨིག་མ་གཉིས་དང་། ཁོལ་ཚེ་སྲང་བཅུ་གསུམ། གསེར་ཞོ་ལྔ་པ་གཅིག །ཇ་བཟང་འབྲིང་འཁོར་དྲུག་ལྔ། རྟ་ཆིབས། རོལ་གཉིས། དྲིའུ། ཀ་ཤི་ཀའི་རས་བཅས་ཕུལ། དེ་སྲིད་སྐྱེ་བར་དལ་འབྱོར་ལུས་ཐོབ་ཅིང་་ །དམ་པས་རྗེས་བཟུང་ཚུལ་ཁྲིམས་རྣམ་པར་དག །ཐོས་བསམ་སྒོམ་པའི་འབྲས་བུས་རྒྱུད་ཕྱུག་ནས། །བསྟན་དང་འགྲོ་བའི་དཔལ་དུ་བདག་གྱུར་ཅིག །ཅེས་སྣང་། རྙེད་བཀུར་དང་ནི་བསྟི་སྟང་ལ། །རློམ་བ་སྐྱེས་ནས་བྲིས་པ་མིན། །རྒྱལ་བའི་བསྟན་དང་དེ་འཛིན་ལ། །གུས་དེ་ཆོས་རྒྱལ་རྣམ་ཐར་ཡིན། སང་ཉིན་བཀྲ་ཤིས་དཔལ་རར་ཐོན་ཕྱག་ལ་བྱོན་ཐོག་ཐོར་སྣམ་དང་། འགོ་སྣམ་གྱི་གཙོས་པའི་ཕེབས་རྫོང་བརྡ་མཚོན་དང་། རྒྱལ་པོ་སྟངས་དཔྱལ་གྱིས་གཙོས་པའི་ནང་མ་རྣམས་ལ་ཚེ་དབང་། ཕྱི་རོལ་དུ་བྱིངས་དམངས་ཉིས་བརྒྱ་སྐོར་ལ་བྱིན་རླབས་དང་མདུད་དམ་སྤྲད། མཐའ་འདུལ་ཡང་འདུལ་གྱི་གྲས་ཀློང་ཐང་སྒྲོལ་མ་དེ། སྡེ་དགེའི་མངའ་རིས་ན་ཡོད་འདུག་པ་ཉམས་གསོས་དགོས་པའི་ཚུལ་དང་། ཕེབས་ལམ་གྱིས་མཚོན་གཞིས་བྱེས་ཐམས་ཅད་དུ་འབངས་ལ་བྱམས་


JLAZ014_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐྱོང་དགོས་ཚུལ་ཞུས་ཏེ་ཐེགས། སྐུ་སྲུང་བཞུ་ཆེན་དཔོན་ལ་ཡོན་ཏན་མཛོད་ཆོས་འབྲེལ་དུ་བྱས་ཤིང་། གཞན་སྐུ་འཁོར་དྲག་གཞན་སོ་སོའི་རེ་བ་བསྐངས། རྒྱལ་པོ་བསམ་ཡས་སུ་བཞུགས་རིང་ཕྱིར་འབྲེལ་གྱི་གནས་སྐོར་ལྟོས་ཆེ་བ་ཀུན་ཏུ་རྒྱུའི་གྲས་ཞིག་འཕྱོང་རྒྱས་ཞོལ་པས་རྡོ་ཚོམས་བྱས་ནས་རྐྱེན་ལམ་དུ་སོང་བ་། ཁྲ་འབྲུག་ཏུ་ཕེབས་བསྟུན་ཤ་ལན་ལེན་མའི་དཔུང་འོང་ཚུལ་གྱིས་སྐྲག་ནས། ངེད་ལ་ཞུ་ངོ་སྒྲོན་རོགས་ཀྱི་བང་མི་གཉིས་འབྱོར། འདི་པ་ཚོ་ལྷོ་བྲག་མར་པའི་ཡུལ་མི་ལྟ་བུ་ཡིན་ཀྱང་སྙིང་རྗེ་ཆེན་པོས་རྒྱལ་པོ་ལ་ཐལ་སོང་དེ་རིགས་གནང་ན་ཉེས་པ་ཤིན་ཏུ་ཆེ་བས་ངོ་ཆེན་དགོས་ཚུལ་ནན་གྱི་ཞུ་ཡིག་ཕུལ། གཞན་ཁམས་པའི་སྲོལ་ལ་ཤ་ལན་ལེན་པ་ཁྲིམས་སུ་བཅའ་བས་ལུང་སྐྱོག་གི་ཐུབ་ཚོད་མཐིལ་རྡེལ་བ་ཐུག །བསམ་ཡས་རྫོང་དཔོན་སྤེལ་གཞི་འབྱོར་རྒྱས་པ་ལ་ཚེ་དབང་དང་། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་བྱས་ རང་གནས་སུ་ལྡོག་ལ་སྤོརར་ཞག་གསུམ་བསྡད་དེ་ཚེ་དབང་དང་སྦྱིན་སྲེག་སོགས་བྱས། སླེབ་ཕྲལ་ཁམས་པ་བཅོ་ལྔ་སྐོར་ལ་ཁྲིད་བཏབ། གངས་རིའི་ཁྲོད་ཙམ་ན་སྦྱངས་ཡོན་བཅུ་གཉིས་དང་ལྡན་པའི་དགེ་སློང་ཀོང་པོ་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱི་སྐྱེ་བ་གསུམ་པ་རྒྱ་ལར་བྱུང་བ་རྒྱལ་ཆོས་མཛད་ནས་འདིར་གསན་བསམ་ལ་ཕེབས་ཐུབ་རེ་བྱས་ཀྱང་གཞན་


JLAZ014_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་གྱུར་པ་འདི་སྐབས་སྐུ་ནར་སོན་པའི་དགོངས་དཔྱད་ཀྱི་མཇལ་མ་ཐུབ་ཚུལ་དང་། རྣམ་བ་ཀུན་ཏུ་རྗེས་སུ་འཛིན་དགོས་ཞེས་ལྷ་རྫས་བཟང་པོ་དང་། སྒམ་དྲིལ་ལེགས་པ་བཅས་འབྱོར་། དེ་ཀའི་ལན་དང་བདུད་རྩིའི་ཕུར་མ་ཕེན། ཡོན་ཏན་མཛོད་བཅས་ཕུལ། བར་སྐབས་ན་ལྷོ་རྒྱུད་གཉལ་ཕྱོགས་ལ་མདོ་སྒྱུ་སེམས་གསུམ་གྱི་མཚོན་སྔ་འགྱུར་གྱི་རིང་ལུགས་འཛིན་པ་ཏ་མྦྷོ་བ་སངས་རྒྱས་བཙོན་འགྲུས་དང་། ཤ་གཟུགས་བ་མངྒལ་སོགས་ཀྱི་ཆོས་རྒྱུད་འཛིན་པ་ས་ལ་བླ་མ་དང་། དམོ་སྨད་རུ་དམ་པ་འཇིགས་མེད་བློ་གསལ་ཅན་མདོའི་སྒྲུབ་མཆོད་ཐོག་འཛིམ་པ་ལ་ཉེ་བཟང་ཞིང་སྐྱེས་ཐོབ་དང་ལྡན་པ་སྨིན་གྲོལ་གྱི་གོ་བརྡ་འཕྲོད་པས་མཛོད་གསར་རྙིང་གི་བཤད་ལུང་དང་རགས་རིམ་བཀའ་གཏད་སོགས་ཀྱང་བྱས། ཤི་བརྤ་ཏར་ཚོགས་འཁོར་དང་བཅས་འདུ་ཁང་གི་ཀ་རིང་ཐོབ་ལྕམ་གླིང་འདོམ་དྲུག་གིས་བྱིབ་ཁེབས་ལ་རྒྱ་གར་ཁ་ཐིའི་གནམ་རྒྱན་དང་། དྲིལ་བུ་ཐེག་ཆེན་ཆེ་བ་སྤྱི་རྫས་སུ་སྦྱར། མདོ་ཁམས་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དཔལ་ཆེན་གྱི་ལས་མཐའ་རོལ་བ་ཆེན་པོའི་གཏོར་བཟློག་སོགས་བཏང་སྙོམས་སུ་མི་བཞུགས་པར་ཅི་ནས་གཏན་འབེབས་མཛད་དགོས་ཞེས་ནན་ཏན་ཆེ་ཡང་། སྤྱིར་བརྡ་སྒྱུར་རྟེན་འབྲེལ་གྱིས་ཆེ། ཁྱད་པར་མངོན་སྤྱོད་བ་ཞེན་པས་ཅི་མི་སྙམ་བར་ལུས་ཐོག །རུ་དམ་པ་འཇིགས་


JLAZ014_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བློ་གསལ་ཅན་གྱིས་གསོལ་བ་ནན་ཏན་དང་བཙུན་མོའི་ཕོ་ཉ་འཛོམ། དབྱིངས་ཀྱི་ཌཱཀྐིའི་ཞལ་ལུང་ལྟར་རྒྱུད་ལུགས་སྒྲ་ཇི་བཞིན་པའི་ཧེའུ་ཀ་རིགས་བཞིའི་སྒོས་སྒྲུབ་བཀའ་གཏེར་ཟུང་འཇུག་གི་འབྲེལ་བའི་གཏེར་རྒྱ་གྲོལ། དེ་ཡང་རང་གཞུང་ལས། གལ་པོ་ལ་སོགས་ཧེ་རུ་ཀའི ཏནྟྲཀུན་གྱི་བཅུད་ཀྱང་འདྲིལ ཞེས་པ་ལྟར་ཧེ་རུ་ཀ་གལ་པོ། གཤིན་རྗེ་ཟླ་གསང་སྡིག་པ་སྟོབས་ཆེ། རྟ་མཆོག་རོལ་བ། ཕུར་བ་རྩ་རྒྱུད་རྡོ་རྗེ་ཁྲོས་པ་གཙོ་གྱུར་རྒྱུད་ལས་མན་ངག་ཏུ་འདྲིལ་ཞིང་སྒྲུབ་མཆོད་ཀྱི་རྒྱུན་བཙུགས་པས་ཁྲི་སྲོང་ལེའུ་བཙན་གྱི་ལོ་པཎ་སྤྱན་དྲངས་ཤིང་འབད་པས་བསྒྱུར་བའི་རྒྱུད་རྣམས་རྡུལ་ཁྲོད་ལས་དབུགས་འབྱིན་ཐོབ། རོལ་པ་ཆེན་པོའི་གཏེར་བཟློག་གི་བརྡ་རིས་གྲོལ་བའི་འབྲེལ་སོགས་ཀྱི་བདག་པོའི་རྐྱེན་ནི་བཙུན་མོ་དམ་བ་ངང་ཚུལ་བྱང་ཆུབ་རྒྱལ་མོས་མགུལ་རྒྱན་བསྐུར་བ་ལས་བྱུང་བས་ལུང་ཟིན་གྱི་སྐྱེས་བུར་སྣང་། སྔ་སོར་ལྷོ་འབྲུག་ཕྱོགས་ནས་སློབ་མའི་དམ་པ་ཀུན་གྲོལ་བུ་མ་ཐང་ཐ་བའི་བྲག་ལ་ལོ་གསུམ་གྱི་དུས་རྨི་ལྟས་ལ། །དགོངས་པས་བརྒྱུད་པའི་ཆོས་བཀའ་འདིར། །ཤོག་དྲིལ་ཁ་དོག་རྣམ་ལྔ་ལས། །བཞི་ནི་ཀློང་ཆེན་སྙིང་ཐིག་སྟེ། །གཉིས་ནི་དངུལ་གཏན་མ་ཕེབས། །དོན་དམ་ངོ་བོ་ཨོཾ་ཨཱ་ཧཱུྃ། །ཡི་གེ་གསུམ་གྱི་རྣམ་པར་གནས། །དེ་ལ་བསམ་བརྗོད་སྤྲོས་པ་བྲལ། །


JLAZ014_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བླ་མ་དང་མཇལ་ནས་གསུང་བྱུང་བས་གཉིས་པོའང་བཏང་སྙོམས་སུ་མི་འཇོག་པར་གསོལ་བ་སྙིང་ནས་འདེབས་ཞེས་བྱུང་བའང་དོན་ལ་གནས། །ཁོང་ཅག་གིས་བསྐུལ་ནས་བར་དོ་དང་བདེ་བ་ཅན་གྱི་སྨོན་ལམ། བཙུན་མོ་ལ་སྤྲིང་བའི་གཏམ་རྐང་པ་བཅོ་ལྔ་པ་ཡང་བྲིས། དབྱར་ངོ་འདིར་སྲིད་པ་ཕྱི་མའི་རྟེན་འབྲེལ་དུ་དམིགས་ནས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ལས་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་སོགས་ཐང་སྐུ་རྒྱུ་ཚོགས་དག་བགྲ་ཚེར་བརྒྱད་བཞེངས། དམིགས་ཡུལ་འབྲེལ་ཐོགས་ལ་ཆུ་གཏོར་འབུམ་ཐེར་དང་། ཡུལ་མི་དབུལ་པོ་ལ་སྦྱིན་གཏོང་གང་ལྕོགས་བྱས། ཆོས་རྗེ་བྲག་ཕུག་པར་སྤྲོ་བ་བསྐུལ་བ་བཞིན་ཁོང་གིས་དང་དུ་བླངས་ནས་བསམ་མཆིམས་སུ་སློབ་དཔོན་ཆེན་པོ་སྐུ་ཚད་ཆེ་བ་བཞེངས་པའི་རབ་གནས་ལ་བསྐྱོད། དངོས་སྟ་སྤྲེལ་བ་དང་། བོད་ཁམས་བདེ་བའི་སྨོན་ལམ་བྱས། བྲག་དཀར་ཀེའུ་ཚང་དུ་བརྒྱ་མཆོད། ཚེ་ཆོག་དང་འབྲེལ་བར་ཚོགས་བརྒྱ། མེ་མཆོད་ཁྲི་ཚར། གཟིམ་ཕུག་ཏུ་རྒྱ་རག་གྱི་མཎྜལ་ཕུལ་མ་ཆེ་ལེགས་ཞིག་ཕུལ། དགོན་པས་སྦུག་ཏུ་དད་ལྡན་སློབ་དཔོན་ལགས་ཀྱིས་བསྙེན་བཀུར་འབུལ་ནོད་དང་བཅས་རིང་འཚོའི་རྟེན་འབྲེལ་མཛད། བསམ་ཡས་སུ་སྟོང་མཆོད་དང་སྙན་ཤལ་བརྒྱ་ཕྲག་ཕུལ། ཁྲུས་གསོལ་བརྟན་བཞུགས། བོད་ཁམས་བདེ་བའི་སྨོན་ལམ་བཏབ།


JLAZ014_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁང་དུ་དགེ་བྱམས་བསྟན་འཛིན་གཉིས་ཀྱིས་ཞབས་ཏོག་དང་བཅས་ཚེ་ཆོག་ཚོགས་བརྒྱ་བཏང་སར་རབ་བྱུང་དབུ་མཛད་པས་ཧོར་དྲིལ་ཞིག་ཕུལ། བཀྲལ་དཔལ་དུ་ནོར་རྒྱུན་མའི་གཡང་རྟེན་རྒྱས་པར་བཙུགས། གཙུག་ལག་ཁང་གི་ཉེ་ལོགས་ཡིན་པས་ས་བཅུད་གསོ་བའི་རྟེན་འབྲེལ་བསྒྲིགས། དཀོན་གཉེར་དཔོན་གྱིས་སྡུམ་པར་བསྟི་སྟང་རྒྱས་པར་མཛད། ཀ་ཆུ་རྡོ་རིང་པའི་མས་རྣ་རྒྱན་ཕུལ་བའི་དགེ་བ་རྫོགས་བྱང་དུ་བསྔོས། གཞུངས་ནས་དོ་དམ་གཏོང་ཁྲ་འབྲུག་གཙུག་ལག་ཁང་ལ་རབ་གནས་བྱེད་དགོས་ཕེབས་པ་ཆོག་རོགས་པ་བཅོ་ལྔ་བཅས་དངོས་སྟ་ཉིན་གསུམ་མའི་རབ་གནས་རྒྱས་པའི་སྦྱིན་སྲེག་རྣམས་གཏོང་སྒྲོའི་ཁྲལ་འཇལ་ལ་ཆ་མ་བཞག་པར་བསྟན་འགྲོའི་ཉེར་འཚེ་མེས་དཔོན་གྱི་གཙུག་ལག་ཁང་ལ་གནས་པས་ངེས་པས་གཏོར་ཚོགས་དང་མཆོད་པའི་སྤྲིན་རང་སྟོབས་ཀྱིས་དང་དུ་བླངས། ཕན་ཚུན་གྱི་རབ་གནས་ཐམས་ཅད་ལ་ཐན་སྒང་ལ་ཆར་ཆུད་གློ་བུར་དུ་བརྡོལ་བ་སོགས་དཀོན་མཆོག་གི་ཐུགས་རྗེ་ལ་ངེས་ཤེས་སྐྱེས། འཇིག་རྟེན་པ་རྣམས་ནི་ཕོ་ལྷ་ཆེ་གེ་མོའི་ཐུགས་རྗེ་ཡིན་ཟེར་བ་ཡི་དགས་ལ་ཡིད་ཆེས་པ་ཙམ་དཀོན་མཆོག་ལ་བྱུང་ན་ཨཱ་སྙམ་པ་ཤར། འབྱུང་པོ་རང་རྒྱུད་པ་ལ་ཆར་བའི་དབང་ཡོད་མིན་མདོ་སྡེ་དྲན་བ་ཉེར་གཞག་ལ་ལྟོས། འབྲས་སྤུངས་བདེ་


JLAZ014_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་བླ་མས་སྔ་སོར་ཡོན་ཏན་མཛོད་གཟིགས་པས་འདི་ཕྱོགས་སུ་ཕྱག་མཛོད་པ་དང་ལྷན་ཅིག་ངེད་ཚོལ་འདི་འདྲ་ཡོད་ན་གདུགས་བཅུ་གསུམ་བསྐོར་ཞེས་ཞལ་བཀྱལ་མཛད་ཟེར་བ་བཞིན་རྩེ་ཚོགས་མཁན་པོར་ཕེབས་མ་ཐག་པ་དང་འགྲིག་པས་གསང་སྔགས་ཕོ་བྲང་དུ་མཇལ་དུ་ཕེབས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་བ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་གཏིང་ནས་གུས་པའི་རྣམ་འགྱུར་དང་བླ་མ་དང་མཇལ་བ་སྐལ་བ་ཆེ། ཁ་ཕྱིར་བལྟས་ཀྱི་ཐོས་བསམ་གྱིས་ལྟ་བའི་དེ་ཉིད་མི་རྟོགས་པས་ད་རེས་རྫོགས་པ་ཆེན་པོའི་ངོ་སྤྲོད་མཐིལ་ཕྱིན་པ་ཞིག་ཞུ། མཁས་པ་ཀློང་ཆེན་པའི་གསུང་རབ་མཐོང་བ་ལ་བརྟེན་ནས་ཕྱོགས་འདི་ལ་ངེས་ཤེས་རྙེད་པ་ཡིན་གསུང་། དྲི་བ་དྲི་ལན་གྱི་སྒོ་ནས་ཆོས་ཉིད་གཤིས་ཐོག་ཏུ་ངོ་སྤྲད། སྐྱེ་བ་ཕྱི་མ་བླ་མ་གང་ཕེབས་སར་ང་ཡང་ཁྲིད་ཅིག་གསུང་། དེའི་གོང་ཙམ་དུ་བརྤ་ཏའི་སྐྱོང་བྱེད་དུ་གྲགས་པས་སྤངས་རྟོགས་ཀྱི་ཡོན་ཏན་གང་ཡོད་ཅེས་བསྒྱུར་སྦྱངས་བྱས་བྱུང་བ་དང་། འཇིག་རྟེན་ལ་གྲགས་ཚོད་ཀྱི་གོས་དང་། སྡེ་སྣོང་མཁྱེན་པའི་བཤེས་གཉེན་ཆེན་པོ་འདི་ཙམ་གྱིས་གཟིགས་སྟངས་འཛོལ་ལུགས་ཀྱིས་ཀྱང་སེམས་ཅན་གྱི་ལས་སྣང་ལ་སྐྱོ་བ་ཆེན་པོ་སྐྱེས། ཡོན་ཏན་མཛོད་དང་སྐྱེས་རབས་ཆོས་འབྲེལ་དུ་ཕུལ། སླན་ཆད་རབ་བྱུང་ལ་སྤྲིང་བའི་གཏམ་དེ་བསྔགས།


JLAZ014_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ས་རིན་པོ་ཆེའི་བཀའ་ཤོག་རིན་ཆེན་གཉིས་པ་སྤང་བཅོ་ལྔ་བཅས་པ་དེ་གཟར་ཆིངས་སྒྲི་སྐོར་ལ་ཕ་རོལ་སྣང་བ་དབང་བསྒྱུར་གྱི་ཕྱིན་ལས་བྱེད་དགོས་ལ། སེམས་ཅན་བདེ་ཐབས་ལ་སེམས་སྟོབས་ཆེན་པོའི་ཁུར་ལྷན་སྐྱེས་སུ་ཡོད་པས་སྔ་འགྱུར་རྟ་མཆོག་རོལ་བའི་བསྙེན་སྒྲུབ་བདག་གི་སྦྱིན་སྲེག་བཅས་རྟགས་མཐོང་གི་བར་དང་དུ་བླངས། འདི་ཙམ་ན་ཏིང་ངེ་འཛིན་ལས་སུ་རུང་བས་དུས་གཅིག་ཅར་དུ་ཕྲིན་ལས་བཞིའི་དམིགས་པ་ལའང་རང་དབང་ཐོབ། དེའི་ཚེ་སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པའི་གནས་སུ་གཟིགས་པ་དུས་ལས་ཡོལ་བའི་ཇོ་བོ་ཕྱོགས་ལས་རྣམ་རྒྱལ་པདྨ་འོད་གླིང་གི་བཀའ་འགྱུར་རྟེན་གཙོར་བྱོན། བཟོ་བགྲོས་དང་སྐུ་རྒྱུ་གཅིག་པོས་ཀྱང་ངོམས་པར་སྣང་བས་སྤྱན་དྲངས་པའི་ཡོན་སྲང་འཁོར་སུམ་ཅུ་བསྟབས། དཔལ་འཁོར་ཆོས་སྡེ་ནས་རིན་སྡིངས་བླ་མ་སངས་རྒྱས་ཕྲིན་ལས་ཀྱིས་བྷ་ན་དྷ་དུམ་བུ་གཅིག་པ་དང་། གོང་ས་ལྔ་པའི་ཕྱག་དྲིལ་ཡིག་རྟགས་འབྱར་བའི་ཁྱེད་བྲེལ་ངོ་མ་འབུལ་བར་རྒྱང་མཁར་དགེ་སློང་འབྱོར་བརྟེན་འབྲེལ་གྱི་སྒོ་ཆེན་པོར་སྣང་། རྒྱང་རུ་ནས་དཔལ་སྡིངས་རྗེ་བཙུན་དྲུང་དང་ཡབ་ཀྱི་སྐུ་སྐྱེ་འཇིགས་མེད་བསྟན་པའི་ཕྲིན་ལས། ཡང་ཞབས་གཅུང་པོ། ཧཱུྃ་ལྕམ་བཅས་ཉི་ཤུ་སྐོར་ལ་ཁྲིད་དང་། དབང་ལུང་། ཕུར་བརྒྱུད་ལུགས། སྒྱུ་འཕྲུལ་ཞི་ཁྲོ། རང་


JLAZ014_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་རྩ་འགྲེལ་སོགས་བཀའ་གཏད་བྱས། འདི་དག་དད་ལྡན་གྱི་སློབ་བརྒྱུད་ཡིན་བས་འདི་ལོ་རེ་གཅིག་པའི་ཀེག་དོགས་པ་དམིགས་པའི་རིང་འཚོའི་རྟེན་འབྲེལ་མཛད། ལོ་མཇུག་ལྕགས་ཟམ་ནས་གྲུབ་དབང་ཆེན་པོའི་གདན་ས་བརྟན་འཕེལ་གྱི་ཕྱིར་རྟེན་གསུམ་ལ་རབ་གནས་བསྐྱར་བས་མཚོན་པའི་དོན་གཉེར་ཆེན་པོའི་སླད་དུ་གདན་འདྲེན་ནན་ཏན་ཆེ་བའི་ཞལ་ངོ་མ་ལྡོག་པར་སྐོར་ཅིག་བསྐྱོད་དགོས་ལ། ཆུ་མིག་ཁ་ནས་ཡིན་ཟེར་བའི་ཆོས་སྐྱོང་ཕོ་རྒྱུད་གཉིས་དང་། མོ་རྒྱུད་གཙོ་འཁོར་ལྔ་པས་གདན་འདྲེན་གྱི་རྣམ་པ་བྱས། བསྟན་པ་ལ་དགའ་བའི་རིགས་རྣམས་དམ་ཚིག་ལ་གུས་པར་སྣང་། ཀློང་ཆེན་སྙིང་ཏིག་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྐོར་སོགས་སར་བྱུང་གི་དབང་ལུང་རྣམས་ཕུལ། ཆོས་སྒོ་གསར་པ་རྣམས་ལ་ལྗགས་བསྙེན་གྱི་དམ་བཅའ་ཡང་མཛད་པས་དེའི་གོང་དེར་རྨི་ལམ་དུ་སྤྲུལ་པའི་སྐུ་སངས་རྒྱས་མཉམ་སྦྱོར་ལ་འགྲེལ་པ་མཛད་པར་མཐོང་བས་ཡང་དག་འདི་ལག་པར་བཀའ་བབས་ཀྱི་ཆོས་བདག་ཡིན་པར་རིག །གཟའ་ཚེས་ལེགས་པ་དང་བསྟུན་བཀའ་འདུས་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་དཀྱིལ་འཁོར་ཐོག་མར་ཞལ་ཕྱེ་ནས་དངོས་སྟ་ཉིན་གཉིས་མའི་རབ་གནས་ཀྱི་ཁོངས་སུ་ཞི་རྒྱས་གཉིས་ཀྱི་སྦྱིན་སྲེག །སྐུ་འབུམ་ལྕགས་ཟམ་གཙང་ཁང་ཆེན་ཆེན་མོས་མཚོན་པའི་


JLAZ014_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྟེན་ཐམས་ཅད་ལ་མེ་ཏོག་གཏོར། ལྡོག་པར་ཉེ་བ་ན་སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་འབུལ་ནོད་གྱ་ནོམ་པ་དང་བཅས་བསུ་བཟློག་དང་འབྲེལ་བའི་བརྟན་བཞུགས་མཛད་པའི་ཤིས་བརྗོད་ཀྱི་དུས་སྤྲུལ་པའི་སྐུ་རིན་པོ་ཆེ་མཁྱེན་རབ་ཆེ་བས་རྙེད་བར་དཀའ་བའི་རྡོ་རྗེ་སློབ་དཔོན་དུ་ངེས་པའི་བསྔགས་བརྗོད་འགྲེལ་ཆགས་པ་དང་བཅས་ལོ་བརྒྱ་ཕྲག་ནས་བརྒྱད་ཅུའི་བར་དུ་འཚོ་ཞིང་གཞེས་གདུང་བ་ཆེན་པོ་མཛད་པ་ཡང་དྲུག་ཅུ་རེ་གཅིག་པའི་ཀེག་དོགྲ་ནས་གསོས་ཐེབས་པའི་རྟེན་འབྲེལ་ཆེན་པོར་གྱུར། གྲུ་སོའི་རྣམ་གཡེང་དང་ཁྱིམ་པ་ཚོའི་གནས་དུས་ཀྱི་དབྱ་ཁྲལ་ལ་ངེས་འབྱུང་དང་སྙིང་རྗེ་ལྷན་སྐྱེས་སུ་ཤར། ཉེ་ཕུལ་ཤས་བརྟེན། རང་གནས་སུ་སླེབས་ནས་པད་གླིང་རུས་བརྒྱུད་བུམ་ཐང་ཆུ་སྨད་ཞལ་ངོ་དགེ་སློང་ཆོས་གྲགས་ཅན་བརྒྱད་ལ་ཀློང་ཆེན་སྙིང་ཏིག་ནས་ཁྲིད་སྨིན་པར་བཤད། མོན་ཡུལ་ཝང་ཐང་ནས་བརྒྱུད་འཛིན་གྱི་སློབ་བུ་ཀུན་གྲོལ་ཅན་གྱིས་བསྐུལ་བྱང་ལ་རྟེན་མ་མགོན་གྱི་བརྡ་བསྒྱུར་གྲོལ་བའི་རྟགས་སུ་སོག་པོ་ལྷ་བཟང་ཁོང་བཙུན་མོ་དང་བཅས་པས་དངོས་ཅག་ལ་གཙུག་ཕུད་དབྱུང་ཞིང་དགེ་བསྙེན་གྱི་སྡོམ་པ་ནོད་པའི་རྨི་ལྟས་གསལ་བ་བཞིན་ཆོས་སྐྱོང་སྲོག་བཅའ་བར་གཉིས་ལ་སྤེལ། བཀའ་མཁྱད་པར་ཅན་འདི་དག་མི་ནུབ་པར་རེ་


JLAZ014_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡང་དག་ལྷ་དགུ་དང་། སངས་རྒྱས་མཉམ་སྦྱོར་གྱི་དབང་འདུས་པ་བཅོ་ལྔ་སྐོར་ལ་བསྐུར། བུམ་ཐང་པ་བླ་མ་ཆོས་གྲགས་བླ་མའི་ཕྱོགས་སུ་གཏོང་ཕོད་ཆ་བས་སྐུ་གསུང་ཐུགས་རྟེན། རི་དྭགས་ཀྲྀཥྞ་སའི་སྟན་འཇའ་ལྡན། གསེར་སྲང་ལྔ། དངུལ་ལྔ་བཅུ་མ་བཅས་རིང་འཚོའི་རྟེན་འབྲེལ་བསྒྲིགས་ཤིང་མཎྜལ་གྱི་བཤད་པ་རྒྱས་པར་བྱུང་། ནགས་ཤོད་ནས་ཉི་གྲགས་སྤྲུལ་སྐུ་འཇིགས་མེད་བསྟན་པའི་སྡེ་དཔོན་གཡོག་ཉི་ཤུ་སྐོར་བྱོན་པར་ཀློང་སྙིང་ཡོངས་རྫོགས། བླ་མ་གསང་འདུས། ཕག་མོ་ཟབ་རྒྱ། རྒྱ་ཅན་དབང་ཁག་སུམ་ཅུ་སྐོར་ཆ་ཚང་། རང་བསྟན་ལ་སྨན་རེས་གྲོལ་ཏིག་ཆ་ཚང་། སྨན་བླ་དང་། ལྷ་མོ་འོད་ཟེར་ཅན་མ་སོགས་རྗེ་གནང་ཁ་ཤས་དང་། འཁྲིད་ཤིན་ཏུ་སྨིན་པ་བྱས། བརྟན་བཞུགས་དང་འབྲེལ་བར་ཆོས་ཡོན་དུ་དངུལ་རྟ་རྨིག་མ་གཉིས། རྟ་མཛོ་འདྲེས་པ་བཅོ་ལྔ་སྐོར། མར་ཁལ་ཉི་ཤུ་བཅས་འབུལ་ནོད་རྒྱ་ཆེ། ལྨ་བདེན་ལ་རེ་དོངས་ཀྱི་སྦྱོས་པ་ཉེ་བར་ཞི་བའི་ཚེ་ཟང་ཟིང་གི་རྙེད་པ་ལ་དགའ་བློམ་མི་འཆར་བ་ཆོས་ཉིད་དུ་འདུག་ཀྱང་། གཞན་དགོང་འདི་ཅེས་པ་ཙམ་ནས་དབང་བཅུ་ཐོབ་བའི་བྱང་ཆུབ་སེམས་དཔའ་ཡིན་ན་མ་གཏོགས་བླ་མ་དང་དགེ་བཤེས་སུ་གྲགས་པ་རྣམས་ཀྱི་ཚེ་ལ་གཞར་བའི་སྤུ་གྲིར་ངེས། ལམ་བདེན་ལ་རེ་དོགས་ཀྱི་བློས་ཉེ་བར་ཞི་དངོས་བསྟན་ཅིག་ཡིན་ཀྱང་


JLAZ014_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འིད་སྡུག་བསྔལ་བདེན་པའི་རང་དུ་འདུག་ན་ཡོན་སྦྱངས་ལ་འབད་དགོས་པར་འདུག །ལོ་འདིར་རང་གཞན་གྱི་ཚོགས་གསོགས་ལ་དམིགས་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་དུ་ཞི་བའི་སྦྱིན་སྲེག་འབུམ་ཐེར། གཙོ་བོར་ལག་འདོན་ལ་སེམས་བསྐྱེད་མཆོད་པའི་ཞལ་འདེབས་དང་བཅས་སྙིང་རྗེ་ཤེས་མི་བཟོད་པའི་བློས་ལུག་སུམ་ཅུ་ཐམ་པ་གྲི་འོག་ནས་བསླུས། ཚེ་གཟུངས་འབུམ་ཐེར། སྒོམ་གྲར་ཚོགས་སྟོང་རྩ་དང་འཚོ་བའི་མཐུན་རྐྱེན། དཔལ་རིང་ཉིན་བདུན་གྱི་བར་བཀའ་འགྱུར་གསུང་སྒྲོགས་པ་ཊཾ་ཁ་རེ་དང་། མང་འགྱེད། ཟོང་རས་ཞོ་སུམ་རེ་བཏང་། སྤྱི་རྫས་དངུལ་དཀར་གྱི་ཕུད་སྐྱོགས་ཆེ་ལེགས་དང་འཕྱར་དར་ཟིན་སྐྱ་ཆ་གཉིས་སྦྱར། ཕྱོགས་མགྲོན་གྱིས་སུན་པས་མཚམས་རྒྱའི་མུ་ཡིན་ཀྱང་གྲ་ཚང་གི་ནན་བསྟུད་དང་བསྟུན་ཆོགས་དབུར་བརྟན་བཞུགས་ལ་ཕྱིན། དཔལ་རྙིང་པ་རྣམས་ལ་སྣང་སྦྱོར་སྦྲེལ་དང་ཐུག་པ། དེ་པའི་མི་ལྟོགས་རྣམས་ལ་ཞོ་རེའི་སྦྱིན་གཏོང་བྱས། རི་བདེར་ཇག་སུམ། མངའ་གྲར་ལོ་ལྟར་གྱི་མང་ཇ། འདི་པའི་ཡུལ་མི་དབུལ་པོ་རྣམས་ལ་སྦྱིན་པ་ཅི་ནུས་སོགས་བྱས། འདི་སྐོར་སྐྱེ་བོ་མང་པོ་ལ་གྲི་བ་གནོན་ལྟ་བུར་འཚོ་ཞིང་སྒོམ་གྲར་རྒྱུ་ཅུང་ཟད་ཀྱང་མེད་པར་ངན་སེམས་འཆར་བའི་སྡིག་ཏོ་ཅན་ལ་ལས་སྔ་


JLAZ014_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྒྱུར་སྦྱོང་བྱས་པ་ནས་བཟུང་རང་ཉིད་ཀྱི་བསོད་ནམས་ཟད་བའི་རྒྱུར་སོང་ནས་དམ་ཅན་རྣམས་ཀྱི་ཨ་བྷི་ཙརྱའི་ཕྲིན་ལས་ལ་སྦྱར་བའི་མངོན་རྟགས་གྲལ་དུ་གསལ་བ་ལ་སྙིང་རྗེ་ཆེན་པོ་སྐྱེས་ཤིང། སྨོན་ལམ་ཡང་བྱས། སྡིག་གྲོགས་བླུན་པོའི་ཕྱོགས་འཛིན་པའི་དམ་ཚིག་སྐྱོན་ཅན་དག་གིས་བཤགས་པ་བྱུང་བར། སངས་རྒྱས་ལ་ལྷས་བྱིན་དང་མ་སྐྱེས་དགྲས་སྒྱོགས་འཕངས། གླང་ཆེན་སྨྱོན་པ་ཆུ་པ་ལའང་འཁོན་དུ་བལྟ་བ་མེད་ན་དྲེན་ལན་ལོག་འཇལ་བྱེད་བ་འཇིག་རྟེན་ན་མང་བས་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱུད་ལ་འདྲིས་པའི་གཞན་དབང་དུ་བཏང་ཡང་གསངསྔགས་ཀྱི་སྲོག་དམ་ཚིག་ལ་གནས་བའི་རྟེན་འབྲེལ་གྱིས་ཉམས་གྲིབ་ལ་བརྟེན་པའི་འདུ་བ་འཁྲུགས་པ་དང་། ཚེ་ཕྲེང་གློ་བུར་དུ་ལྷགས་པའི་ལྟས་ཀྱང་བྱུང་བས་ཆོས་སྐྱོང་རྣམས་ལ་བཤགས་པ་ནན་གྱིས་བྱས། བྱང་ཆུབ་སེམས་དཔའ་ལ་ངན་སེམས་སྐྱེས་པ་རྣམས་ལ་འབྲས་བུ་མཐོང་ཆོས་སུ་སྨིན་པར་གདའ། །ཇོ་ཤག་དྲུང་དུ་་བཟང་སྤྱོད་འབུམ་ཐེར་གདོན་པའི་འབྲུག་པ་དགེ་སློང་ཅན་ཁ་ཤད་ལ་འཁྲིད་སྨིན་རྒྱས་དང་བཟང་སྤྱོད་ཀྱི་འགྲེལ་བ་རྒྱ་གཞུང་གི་རྗེས་སུ་འབྲངས་ནས་བཤད། ལར་སངས་རྒྱས་ཕལ་པོ་ཆེ་ནས་བྱུང་བས་ཕན་ཡོན་ལ་མཐའ་མི་འཚལ་ཏེ། ལས་དང་པོ་བས་ཐེག་པ་ཆེན་པོའི་སྤྱོད་ཕྱོགས་ཀྱི་གོ་འཆགས་པ་ལ་བྱམས་སྨོན་ཁ་གསལ། ཟླ་


JLAZ014_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞི་པའི་དུས་ཆེན་དང་བསྟུན་འདུས་པ་མདོའི་སྒྲུབ་མཆོད་དང་འབྲེལ་བར་གཙང་རྒྱང་རུ་དཔལ་སྡིངས་པ་ཅན། ཡང་ཞབས། གཙང་ཐེག་མཆོག་གླིང་པའི་གྲ་རིགས་ཨོ་རྒྱན་ཆོས་འཕེལ་ཅན་ལྔ། གཉལ་ས་ལ་ཆོས་རྗེ། ཤ་གཟུགས་སྐུ་སྐྱེ། རབ་བྱུང་སློབ་དཔོན་ཅན་སོགས་འདུས་པ་བདུན་ཅུ་སྐོར་ལ་མངོན་པར་ཆེན་མོ་ཞག་བཅུ་གསུམ་དང་། ཕུར་པ་རྒྱུད་ལུགས། ཀློང་སྙིང་བཀའ་འདུས། བཀའ་བརྒྱད་རྣལ་འབྱོར་རྒྱུན་དབང་། བླ་མ་ཡང་ཏིག་སོགས་དང་འཕྲེལ་བར་སྨིན་ཁྲིད་སྨར་པ་བཏབ། བླ་མཚོར་བྲི་ཐིག །ཆོ་ག་དང་ཕྱག་རྒྱ་སོགས་བསྟན་རྒྱུན་ལ་ཕན་རེས་ལེགས་པར་བསླབས། གཞུང་ས་ནས་དཔལ་རིའི་སྐུ་སྐྱེ་མ་བྱུང་བར་གྲྭ་ཚང་གི་བླ་མའི་ཁུར་བྱེད་དགོས་ཀྱི་རྒྱས་ཕེབས་ཀྱང་། འཇིག་རྟེན་གྱི་མཐུན་འཇུག་ནི་ངོས་ཅག་གི་མི་ཡོད། དེང་སང་གི་གྲ་ཚོགས་ལ་ཆོས་ཀྱི་སྒོ་ནས་ནམ་ཕན་ཐོགས་པ་དཀའ་སྙམ་བྱུང་བ་རང་མལ་དུ་བཞག །འདི་སྐབས་ཤིག་ཉིང་འཁྲུལ་དུ་རྩ་དཱུརྦའི་ཆུན་པོ་སྔོ་ལྗང་འགའ་ཞིག་གིས་བཀང་བའི་ཤིང་རྟའི་ཐག་པ་ཁུ་བྱུག་མི་སྐད་སྒྲོག་པ་ཞིག་གིས་དྲངས་ནས་རང་མདུན་དུ་བཞག་པ་རིམ་གྲོའི་རྟེན་འབྲེལ་དང་། །བསྟན་འགྲོར་ཕན་སེམས་ཀྱིས་བྱ་བའི་འཁོར་ལོའི་མཐུས་ཚེ་འཕྲེང་བསལ་བར་མངོན། རང་ལོ་དྲུག་ཅུ་རེ་གཉིས་པ་འདིར་མཚོ་སྣ་དགོན་རྩེ་ནས་སྤྲུལ་པའི་སྐུ་རིན་པོ་ཆེས་སྤྱན་འདྲེན་


JLAZ014_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ནན་བསྟུད་ལ། སྔ་སོར་ས་ཕྱོགས་དེར་བསྐྱོད་དུས་འབུལ་བའི་ཕྱི་མར་ང་དེར་བྱམས་མགོན་བཞེངས་ཀ་མའི་སྐུ་ཞིག་སྟེར་མཁན་བྱུང་ཚོ་རྟོག་པ་ལ་ད་ནི་ས་ཕྱོགས་འདིར་བསྐྱོད་པའི་རྒྱུ་མེད་དེ་རྟེན་འབྲེལ་དེ་ནི་དེ་འདྲར་སྣང་ངོ་སྙམ་པ་ལྟར། ན་ཚོད་ཅུང་ཟད་ཐལ་ཀྱང་ད་ནི་རང་གི་བསམ་སྦྱོར་གཉིས་ཀའི་སྒོ་ནས་རང་འདོད་ཀྱི་འཁྲི་བ་མེད་པར་སེམས་ཅན་ལ་ཕན་པའི་དུས་སུ་འདུག་སྙམ་སྤྲུལ་པའི་སྐུའི་དགོངས་པ་བསྐངས། རྟ་ཁལ་བཅོ་ལྔ་སྐོར་གྱི་བསུ་བ་འབྱོར་ནས་རྗེས་འབྲེང་ཆོས་ཞུ་བ་དང་བཅས་རང་འཁོར་ཉི་ཤུ་སྐོར་བསྐྱོད། མགྱོགས་འཕྱད་ཞོན་རྟ་རེ་མོས་བྱས་རང་གཞན་ཐམས་ཅད་མི་སྦྱོར་བའི་དལ་འགྲོས་ཐོག་རྡོ་ཁོག་ལ་ཁར་ཕྱག་མཛོད་པའི་ཆིབས་སུ་དང་། བཅགས་བོར་ཐབ་བསུ་བཅས་སྤྲུལ་པའི་སྐུ་རིན་པོ་ཆེ་རྒྱ་སྒོའི་ཕྱིར་བསུ་བ་ལ་བྱོན། ཁོང་རང་སྲབ་སྟན་འབའ་ཞིག་ལ་བཞུགས་ཤིང་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བའི་བསྙེན་བཀུར་དང་བསྟི་སྟང་མཛད། མཚན་ཉིད་དང་ལྡན་པའི་བླ་མ་བསྟེན་ཚར་ནས་སྒོམ་དུས་སྤྱི་བོར་སྒོམ་རྒྱུ་ཡིན་བསྟེན་ཚུལ་ཀྱང་འདི་འདྲ་ཡིན་པ་སྡེ་སྣོད་མཁྱེན་བའི་རྟགས་སུ་འདུག །ཆོས་ཀྱང་རྒྱུད་ཚོད་ལ་དཔགས་དགོངས་པས་དཔྱད་ནས་ཞུ་གསུང་བ་ལས་ཐོབ་རྩིས་མི་མཛད་པས་རང་ཁམས་དང་བསྟུན་ཆོག་པས་གཟུགས་ཡང་བདེ་བར་བྱུང་། མདོ་མཁར་ནས་ཤིང་


JLAZ014_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མངས་སྐུ་སྐྱེ། ཅོག་པོ་སྐུ་སྐྱེ། གཉལ་ས་ལ་ཆོས་རྗེ། ལེས་པོའི་བླ་མ་གཉིས། རྗེས་འབྲངས་བླ་མ་ཆོས་གྲགས་ཅན་སོགས་དང་། དགོན་རྩེའི་དབུ་མཛད་དགེ་རྒན་སོགས་དབུ་ཆེ་རྣམས་དང་ཕྱོགས་བསྡོམས་འདུས་པ་ལྔ་བཅུ་སྐོར་ལ་ཉིང་ཐིག་ཡ་བཞིའི་བུམ་དབང་རྗེས་འབྲང་ཐུན་མོང་པས་སྨིན་པར་བྱས་ནས། ཐུགས་འདོད་བཞིན་ཀློང་ཆེན་སྙིང་ཏིག་གི་སྤྱི་དབང་སྙིང་པོ་དོན་གསལ་དང་། བཤེས་གཉེན་མང་དག་ཚོགས་པས་སྡེ་སྣོད་ཀྱི་བཤད་པ་རྒྱ་ཆེན་པོ་འབྲེལ་བའི་གདམས་ངག་འཁྲིད་ཀྱི་ལུགས་སུ་སྨིན་པར་བྱས། གཟིམ་ཆུང་ཡངས་པ་ཅན་དུ་སེམས་བསྐྱེད་མཆོད་པ་ལ་སྟོང་མཆོད་སྔོན་དུ་འགྲོ་བས་གྲྭ་ཚང་ཡོངས་རྫོགས་དང་བཅས་སྐྱེས་བུ་ཉིས་བརྒྱ་ཉེ་བ་ལ་དབུ་སེམས་ལུགས་གཉིས་ཀྱི་བཤད་པས་སྣ་དྲངས་ནས་དབུ་མ་ལུགས་ཀྱི་བྱང་སྡོམ་ཕོག །རྗེས་འབྲེལ་དུ་བཟང་སྤྱོད་ཀྱི་འགྲེལ་བཤད་བློ་ཐོག་ནས་བཤད་ཅིང་། ཆེ་ཕྱུགས་གསུམ་དང་། ལུག་བརྒྱད་ཀྱི་སྲོག་བསྐྱབས། འཁྲིད་པ་བྱིངས་ལ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་དང་། གནས་བཅུ་སོགས་དབང་བཀའ་རྗེས་གནང་གཞན་གྱི་མཐའ་བརྟེན་དང་རྩ་ལྟུང་བཅུ་བཞིའི་འགྲེལ་བ། སྤྲུལ་པའི་སྐུ་རིན་པོ་ཆེར་ཁྲག་འཐུང་རིགས་བཞིའི་སྒོས་དབང་དང་། ཆོས་སྐྱོང་འགའ་ཞིག་གི་


JLAZ014_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཏད་སོགས་བྱས། དགོངས་བཞེད་བཞིན་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྨན་སྒྲུབ་བདུན་གཉིས་བགྱིས་པའི་གྲོལ་དབང་འདུ་ཁང་གི་བཞུགས་ཁྲིའི་སྟེང་ནས་བགྱིས་ཤིང་། ཁྲོམ་དབང་ལ་རྟ་དབང་ཆོས་རྫོང་སོགས་མི་དྲག་གིས་དབུས། ལ་འོག་ཡུལ་གསུམ། མེ་རག །སག་སྟེངས། དག་པ་ཤག་ཏི། དུ་་རང་ཚུན་ཚོད་ཀྱི་ལྷ་མོན་དང་། གཉལ་ལོར། ཚོང་དུས་ཀྱི་མི་སྣ་སྟོང་ཕྲག་བདུན་དུ་ཉེ་བ་འདུས་པས་སྐྱབས་འགྲོ་དང་འབྲེལ་བར་ལས་འབྲས་ཀྱི་ཆོས་བཤད། བྱིན་རླབས་དམ་རྫས་ཀྱི་འབྲེལ་པ། སངས་རྒྱས་ཀྱི་མཚན་གཟུངས་སྒྲོགས་པ་སོགས་སྨོན་འཇུག་རྒྱ་གང་ཆེ་བ་བྱས། མི་ཚོགས་དེ་ཙམ་སྔར་མ་དྲན་ཟེར་བ་ལ་སེམས་བསྐྱེད་སྨོན་ལམ་གྱི་འགྲེལ་པ་བཞག་པས་བློ་ཁ་རྫོགས་པར་བྱུང་། ཆོས་སྨན་འབོར་ཀྱང་ཁལ་བཅུ་སྐོར་ཙམ་སྣང་བས་མཚོ་ཆེན་རྣམས་ལའང་བཏབ་ཅིང་ཁྱབ་ཆེ། ས་བཅུད་གསོ་ཕྱིར་ཡུམ་ཀའི་ལས་ཚོགས་ལ་བརྟེན་ནས་ཟངས་བུམ་གྱི་བཅའ་གས་བུམ་གཏེར་བརྒྱ་སྐོར་དང་འབྲེལ་བར་གཡང་སྒྲུབ་གནད་སྨིན་བགྱིས་ཤིང་གཡང་གཏའ་བསྡམས། སྤྱིར་སེམས་ཅན་གྱི་ལས་སུས་འགོག་ཐུབ་ཀྱང་འདི་ལོའི་ཆར་བྱང་ཐང་འདིར་ལོ་ཐོག་སད་ཀྱི་མ་བཅོམ་པ་སོགས་དཀོན་མཆོག་གི་ཐུགས་རྗེ་བསྐུལ་བ་དང་། བྱང་ཆུབ་སེམས་ཀྱི་ནུས་པ་ལ་མཐོང་ཆོས་སུ་


JLAZ014_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས། དགོངས་བཞེད་བཞིན་དངོས་སྟ་སྦྲེལ་མའི་རབ་གནས་འབྲེལ་བར་གཙུག་ལག་ཁང་ཡོངས་རྫོགས་ལ་མེ་ཏོག་འཐོར། གྲྭ་ཚང་ལ་མང་ཇ་ལྔ་དང་སྤྱི་འབུལ་ཀ་འཕན་གཉིས། འགྱེད་སྣ་གཉིས། ཇི་སྲིད་བར་ལོ་ལོ་བཞིན་མང་ཇ་ལྔ་རེའི་སྦྱོར་འཇགས་བྱས། དཀར་པོ་བཟང་དུ་བརྒྱ་མཆོད་ཚོགས་བརྒྱ་བཟང་གོས་ཀྱི་རྒྱལ་མཚན་ཆ་བཅས་འབུལ་མི་མང་ག་ སྟག་ཚང་དོམ་ཚང་ལཱང་རྒྱལ་མཚན་ཆུང་དུ་རེ་ཕུལ། ཐོན་ཁར་བརྟན་བཞུགས་ཀྱི་སྔོན་འགྲོར་སྤྲུལ་སྐུ་རིན་པོ་ཆེ་སྡེ་སྣོད་ཀྱི་མཁྱེན་པ་རླབས་ཆེ་བས་གངས་རིའི་ལྗོངས་ཀྱི་རྒྱལ་བསྟན་ཉེ་འཁོན་མེད་པར་སྦྱོར་བའི་དགག་སྒྲུབ་གནད་ཐོག་ཏུ་འགྲོ་བས་མཎྜལ་གྱི་བཤད་པ་དེ་ཙམ་སྔ་ན་མ་བྱུང་བས་ཐོག་དྲངས། སྐུ་གསུང་ཐུགས་རྟེན། དངུལ་དཀར་གྱི་མཎྜལ་ཕུལ་མ། ཧོར་སྦུག་ཤུབས་བཅས། གཡང་ཏྲིའི་ཡོལ་གོ །འཕྲེང་བ་རིན་ཐང་ཅན། འགོ་སྣམ་གྱི་སྟན་དམར། འགན་སྦྱར། སྐུ་འགག །གསེར་ཞོ་བཅོ་ལྔ། དངུལ་རྡིལ་ཚད་ལྔ། གླང་མཆེ། རྒྱ་ཀོང་། སྟག་སྒམ་ཆ། ནང་མཛོད་སྣ་ལྔ་། མར་དོ་བཅུ་གཉིས། འབྲས་ལྟང་སུམ་ཅུ། དེས་མཚུང་རྒྱ་ཚོས་ལྟང་། བཙོད་དོ། སྟག་གཟིག་དོམ་ལྤགས དོ་པོ་རེ་རེ་བཞིན་རས་ཆའི་དགུ་ཚན་སྤེལ་བ་སོགས་དངོས་གྲངས་བརྒྱ་འབུལ་ལྷག་བཅས་ཀྱི་


JLAZ014_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསྟི་སྟང་སྔ་ན་མེད་པ་མཛད། ངེད་ལྡོག་པར་ཐུགས་ཤིན་ཏུ་འཕྲེང་བས་དགུན་མོན་མཚམས་སུ་བསྡད་ན་དགོངས་པ་འདུག་ཅིང་ཚོ་གསུམ་ནས་སངས་རྒྱས་གླིང་པ་དང་ཁོ་ལོད་སྟོད་པ་སོགས་ཀྱི་གདན་འདྲེན་ནན་ཆེ་ཡང་འདུ་འཛི་ལ་འཇིགས་ཤིང་དབེན་པའི་ཡོན་ཏན་དྲན་པར་མ་ཟད་ནམ་ཟླ་ལྡོག་གདོང་གི་བཤོལ་ཐེབས་མ་བྱུང་ཡང་སྡོད་རིང་དབང་རྣོན་ཆོས་རྗེས་འབྲེལ་པའི་འབྲེལ་གཏམ་ནར་མ་དང་། ཐེག་པ་ཆེན་པོའི་བསྟན་བཅོས་ཤོག་གྲངས་ཉིས་བརྒྱར་ཉེ་བ་ཞིག་མཛད་འདུག་བར་ཡང་ཁེངས་སྐྱུངས་འབའ་ཞིག་གི་དོན་ལ་མི་གནས་ན་བྱིན་ཟ་ལ་འབུལ། ཞུས་དག་གི་འཐུས་ན་དཔྱད་གསུམ་དག་པས་བྱི་དོར་བགྱིད་པར་བསྐུལ་མ་མཛད་པས་ཐུགས་བསྐྱེད་འཕེལ་བའི་ཕྱིར་ཚིག་དོན་གཉིས་ཀའི་ཆ་ལ་དཔྱད་ཞུས་བྱས་ཤིང་དེང་སང་བསྟན་བཅོས་འདི་ཙམ་བརྩམས་ནུས་པའང་དཀོན་པར་མཐོང་བས་རྗེས་སུ་ཡི་རང་བསྒོམས། ཐང་གྲོང་གནས་ཆེན་སོགས་འདྲིས་ཆན་གྱི་སར་སྐོར་ཙམ་རེ་ལས་བསྐྱོད་ལོང་མ་བྱུང་། གསེར་དངུལ་ལྷོ་ཟོང་། བསེ་རུ། གླང་མཆེ། རྟ་མཛོས་མཚོན་དང་འབུལ་རྒྱ་ཆེ་བས་དགེ་བ་རྫོགས་བྱང་དུ་བསྔོས། འབྲུ་དཀར་ལ་སོགས་པའི་དོ་བོ་ལྕིད་ཅན་རྣམས་ཁལ་མ་ལ་སྤྱོད་གཅོད་དང་། ཁེ་གསང་འཚོལ་བའི་ཉེས་དམིགས་ལ་འཇིགས་ནས་གནས་དེ་རང་དུ་ཡང་ཟོང་དུ་བསྒྱུར།


JLAZ014_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་ལམ་མདོ་མཁར་དུ་སྤྱན་འདྲེན་ནན་ཆེ་བས་དེ་བར་དགོན་རྩེ་ནས་མྱོགས་འཕྱང་གསར་བཟོ་འགྱོགས་མི་གྭ་པ་ཞོ་ཤའི་སྟོབས་ལྡན་བརྒྱད་དང་། དྲེའི་གཉིས་སོགས་གནང་བས་ངལ་ཞིང་དུབ་པའི་མཐའ་ལའང་བརྟེན་མ་དགོས་ཤིང་རང་ཉིད་རྡོ་རྗེ་སེམས་པར་བསྒོམས་ནས་བདུད་རྩི་འབེབས་སྦྱོང་གི་དམིགས་པ་ཡང་བྱས། ཚ་ལུང་ཐང་ཀར་དུ་མདོ་མཁར་ཕྱག་མཛོད་པའི་ཕེབས་བསུ་དང་བཅས་རྫོང་དུ་འདུག་རིང་དེ་པའི་དཔོན་གཡོག་སུམ་ཅུ་སྐོར། གྲྭ་ཚང་ཁག་ཆོས་ལུགས་མ་ངེས་པའི་སྨན་བླ་བ། བསྐང་གསོ་བ་དང་བཅས་བར་སྐྱེས་བུ་ཆུང་འདྲིད་གཙོ་བོར་གྱུར་པའི་བཤད་ཁྲིད་དང་བླ་མའི་རྣལ་འབྱོར། །རྟ་མགྲིན་གྱི་རྗེས་གནང་། ཚོམ་ཆེན་དུ་ཡུལ་བ་སྟོང་ཕྲག་ཏུ་ཉེ་བ་ལ་དབང་དང་དམ་རྫས་ཀྱི་འབྲེལ་བ་སོགས་སྔོན་བཞིན་བགྱིས། བྱམས་ཁང་སོགས་སུ་གསུང་ཐུགས་རྟེན་གསར་རྙིང་རྣམས་ལ་ཤིས་བརྗོད་མེ་ཏོག་འཐོར། ཚེ་དཔག་མེད་ཀྱི་སྐུ་དངུལ་ལྔ་བཅུ་མ་དང་། མར་སྟང་བདུན་ རས་ཆའི་དགུ་ཚན་སོགས་མདོར་ན་ལྷོ་རྒྱུད་འདིར་ཆེ་ཆུང་དྲག་ཞན་ཐམས་ཅད་ནས་འབུལ་ནོད་བསྙེན་བཀུར་རྒྱ་ཆེ་ཡང་དཀོར་ཡི་ཉེས་དམིགས་ལ་འཇིགས་བསམ་པ་མ་གཏོགས་བྲོད་སྙམ་པ་མ་སྐྱེས། ཡར་ལམ་ས་སྐྱའི་དགོན་ལག་ཤིང་མང་བླ་གྲས་སྤྱན་འདྲེན་ནན་བསྟུད་སར་


JLAZ014_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འགག་ཆོས་སྡེའི་མཁན་པོ་བགྲེས་པོ་དང་གྲ་པ་ཕལ་ཆེར་གྱིས་བྱོན་པས་མཚོན་ཡུལ་པ་སྤྱི་དམངས་ལ་ཚེ་དཔག་མེད་སྐུ་གསུང་འདུས་པ་ཁྲོམ་དབང་དུ་བསྐུར། ཤིང་མང་དགོན་པར་ཇ་སྦྱོར་གཉིས། ཊཾ་འགྱེད། འགག་ཆོས་སྡེར་ཀྱང་མང་ཇ་དང་འགྱེད་བཏང་། ལར་དེད་ནི་བསྟན་པ་ཐམས་ཅད་ལ་གུས་ཤིང་གྲུབ་མཐའ་ཐ་དད་པའི་རིང་ལུགས་ལ་ཕྱོགས་ལྷུང་མེད་པས་དེ་དག་སོ་སོའི་བཞེད་པའང་ཉམས་འོག་ཏུ་འཛུལ་བའི་རྟེན་འབྲེལ་གྱི་གཟུ་བོར་གནས་པ་དང་ཡོན་ཏན་ཡོད་པ་ཐམས་ཅད་བྱམས་པར་བྱུང་། ཤིང་མང་བླ་མས་རྟ་འབུལ་དང་། ཆུ་དཀར་ཆོས་རྗེས་མཛོ་མོ་སོགས་དད་འབུལ་ཐམས་ཅད་ཀྱེ་དགེ་བ་རྫོགས་བྱང་དུ་བསྔོས། ལམ་བར་དང་རང་གནས་བསྡོམས་ཕྱུགས་ཕུག་སུམ་ཅུ་སྐོར་གྱི་སྲོག་བསླུ་བྱས། ཤིང་མང་བས་ར་མོའི་བར་ཐབས་བསྐྱེལ་མཛད། དེ་ནུབ་སྒོ་རྒྱར་ར་བ་ཞིག་ཏུ་གནས་མལ་བཏང་། ངོས་ཅག་གི་མཚོ་སྣའི་རྙེད་པ་གཡག་ཁལ་བརྒྱ་སྐོར་མཐོང་བས་དེ་བའིགནས་བརྟན་དེས་བླ་རྒྱུན་པར་ནོར་བསྒྲུབ་དང་སྡུད་རང་མཛད་ཀྱི་ཡོད་བ་ཨེ་ཡིན་བྱས་སྐད། ངེད་བྱང་ཆུབ་སེམས་གཉིས་དང་། ཆོས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་ལ་དབང་ན། ཟང་ཟིང་ཙམ་ལ་སྙིང་པོར་ཅི་ཞིག་བསྒྲུབ། ལར་དལ་བ་དང་འབྱོར་བ་བདུན་པའི་ཆོས་གཟུགས་རྣམས་ནི་དབང་བཅུ་ཐོབ་


JLAZ014_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་སེམས་དཔའ་མཐོང་ཡང་ཕྲག་པ་དོག་བར་སྣང་བ་ནི། བཤེས་སྤྲིང་ལས། སེར་སྣ་འཕགས་མིན་ལགས་པར་མཁྱེན་མཛོད། །ཅེས་རང་ཉིད་སོ་སྐྱེ་ཡིན་པའི་མདོ་ན་རྟགས་སུ་བསྟན་ནོ། གནས་དུས་དེར་ལམ་པར་ཆོར་ཁ་བ་དང་བུ་ཡུག་འཚུབས་པའི་འཇིགས་པ་ཤིན་ཏུ་ཆེ་བས་སྐྱེ་བོ་དུ་མའི་སྲོག་འགགས་ཀྱང་དཀོན་མཆོག་གི་ཐུགས་རྗེ་དང་ཆོས་སྲུང་གི་ཕྲིན་ལས་ལ་ཡིད་ཆེས་ཆེན་པོ་སྐྱེས། རང་གནས་སུ་སློབ་ཕྲལ་སྲོང་བཙན་བང་སོར་གཞུང་སའི་ཕུར་སྒྲུབ་བདུན་ཕྲག་དང་འབྲེལ་བར་བརྒྱ་གོང་གསར་འབུལ་གྱི་ཞལ་བསྲོར་སྟོང་མཆོད་དང་། ཕྱེ་བུར་ཆེ་བ་གཉིས་ཕུལ། རིང་མིན་བསམ་ཡས་མཆིམས་ཕུར་བླ་བྲག་པས་མཁའ་འགྲོ་གཉིས་བཞེངས་པའི་རབ་གནས་ལ་བཏེག །དངོས་སྟ་ཉིན་གཉིས་མ་མཐའ་རྒྱས་སྦྱིན་སྲེག་དང་བཅས་གྲུབ་ནས་བྲག་དམར་ཀེའུ་ཚང་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྨན་སྒྲུབ་དང་། བསྟན་སྲིད་ལར་རིམ་གྱི་རོལ་བ་ཆེན་པོའི་གཏོར་བཟློག་བདུན་ཕྲག་ཀྱང་བྱས། གླེང་སྟོད་སྨད་ལ་མང་ཇ་ལྔ་དང་གསུམ་ཊཾ་བཀྱེས། རང་ཉིད་ཀྱི་མར་མེ་སྟོང་ཕྲག་དང་ཚོགས་བསྐང་མེ་མཆོད་འབུམ་ཟེར་བྱས། འདི་དུས་གཟིམ་ཕུག་ཏུ་ཉལ་སྐབས་བླ་མ་བགྲེས་པོ་ཞིག་གིས་ཚེ་ཆོད་ཡིན་ཟེར་བའི་ཤོག་དྲིལ་ཞིག་ལ་བྲོ་དུས་མེ་


JLAZ014_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བའི་གྲངས་ངེས་ཤིག་མཐོང་བ་གུ་རུ་རིན་པོ་ཆེའི་ལུང་བསྟན་དུ་མངོན། བླ་མས་བརྟན་བཞུགས་ལ་དངུལ་སྲང་བཅོ་ལྔ་དང་གོས་ཡུག་སོགས་བསྟབས། བསམ་ཡས་སུ་སྐུ་གཉེར་དཔོན་ཡོན་ཏན་རྒྱ་མཚོ་ཁུ་དབོན་ནས་ཡོན་སྦྱར་ཏེ་བར་ཁང་དུ་རབ་གནས་དངོས་སྟ་སྦྲེལ་མ་ཉིན་བརྒྱད་དང་ཕྱི་ཉིན་འཕན་གདུགས་རྒྱལ་མཚན་རོལ་ཆ་ལ་སོགས་པས་སྣ་དྲངས་ཏེ་གཙུག་ལག་ཁང་བྱིངས་ལ་མེ་ཏོག་གཏོར་ཞིང་མཐའ་རྒྱས་སྦྱིན་སྲེག་དང་བཅས་པ་བསྒྲུབས། རབ་གནས་ཀྱི་ཐོག་མཚོ་སྣའི་རྙེད་པ་རྣམས་ལས་སྟོང་མཆོད་ཚར་གསུམ་དང་གསེར་སིལ་མའི་མཎྜལ། ནང་མཛོད་ཀྱི་གཙོས་པའི་སྙན་ཤལ་ཉིས་བརྒྱ་སྐོར་དང་། ལྷ་ས་དང་ཁྲ་འབྲུག་གི་གཙུག་ལག་ཁང་གཉིས་སོ་སོ་མར་མེ་སྟོང་ཕྲག་རེ་རེ་ཕུལ། ཉི་ལྡོག་གི་དུས་ཡིན་ཀྱང་རབ་གནས་ཚུགས་ནས་མ་གྲོལ་བར་ནམ་མཁའ་འཇམ་ཞིང་རླུང་བསེར་བུའི་རྒྱུ་བའང་འགགས་པས་རྟེན་འབྲེལ་བཟང་། རང་གྲར་མང་ཇ་གཉིས་དང་གསུམ་ཊཾ་བཀྱེས། ཁམས་བླ་འཇིགས་མེད་ཕྲིན་ལས་བླ་མ་དྲན་པའི་གདུང་བས་བསྐུལ་ཏེ་མདོ་ཁམས་སུ་སློབ་ཕྲལ་ཡར་ལྡོག་པའི་ས་ཡོན་སྦྱར་ཏེ་རྟ་མགྲིན་སྨན་སྒྲུབ་གནད་སྨིན་དང་། དཀོན་གཉེར་དཔོན་དང་ལྡན་ཁུ་དབོན་གྱིས་བསྐུལ་ནས་དཀར་བཅལ་མཐིལ་དུ་ཁྲོམ་དབང་ལ་མི་སྟོང་ཕྲག་གཉིས་གཙམ་འདུས་པ་ལ་ཆོས་དང་མྱོང་གྲོལ་གྱི་


JLAZ014_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྲེལ་བཞག །རབ་བྱུང་མཁན་པོས་དབུས་གྲ་ཚང་སྤྱི་ཚོགས་དང་། ཁམས་བླ་གསར་འབྱོར་དཔལ་ལྡན་རྒྱ་མཚོ་དང་། དགེ་རྩེ་བླ་མ། རྫོགས་ཆེན་ཆོས་ཁྲིམས་བཀྲ་ཤིས་འབུམ་ཅན་མང་དག་ལ་དབུ་མ་ལུགས་ཀྱི་བྱང་སྡོམ་དང་བླ་མ་གསང་འདུས། རིག་འཛིན་ནང་སྒྲུབ། ཡུམ་ཀ་བཅས་པའི་དབང་ལུང་བྱས། རབ་གྲ་ཆེ་བགྲེས་རྣམས་ཀྱི་བཞེད་པ་བཞིན་སྐྱེས་བུ་གསུམ་དང་འབྲེལ་བའི་ཀློང་སྙིང་གི་སྔོན་འགྲོའི་འཁྲིད་སྤུངས་ཤིག་བྱས། བར་ཁང་དངུལ་འབུམ་ལ་དཀར་མེ་རྒྱུན་འཛུགས་སྦྱར། ཞལ་འདེབས་འབུལ་མ་ཞིང་དེ་བསྟབས་ནས་ཐོབ་ཐང་ཕྱུགས་བཅུ་གཉིས་ལ་འཕར་མ་གསུམ་དང་བཅས་འབྲི་བཅོ་ལྔ་སྦྱར། ཁམས་བླ་འཇིགས་མེད་ཕྲིན་ལས་ནས་ཇོ་བོའི་སྐུ་མདུན་དུ་ཚེས་བཅུའི་མཆོད་པའི་ཐོག་གསེར། དངུལ། རྟེ་དྲེའུ་ལྔ། མཇོ་ཕོ་མོ་ལྔ། །ཇ་སྒཾ་གཟི་དུང་། པེ་ཏོང་གི་ཉེར་སྤྱད་སོགས་འབུལ་ནོང་རྒྱ་ཆེ། དེ་མཚུངས་ཁམས་བླ་དཔལ་ལྡན་རྒྱ་མཚོ་དང་དགོ་རྩ་བླ་མ་དཔོན་སློབ་སོ་སོས་ཀྱང་རྟ་འབུལ་སོགས་མཛད་པའི་དགེ་བ་རྫོགས་བྱུང་དུ་བསྔོས། ས་སྐྱོང་སྡེ་དགེ། །རྫོགས་ཆེན་སྤྲུལ་སྐུ་རིན་པོ་ཆེ། རྒྱ་རོང་སྐུ་སྐྱེས་གཉིས་དཔོན་སློབ་སོ་སོའི་གསེར་དངུལ། རྒྱ་སྦུབ་གཉིས་སོགས་ཀྱི་རྟེན་དང་བཅས་པའི་མཚམས་ཞུའི་ལན་བཞེད་པ་བཞ་ཕུལ། ལས་ལྡན་ཀརྨ་བསམ་འགྲུབ་ཀྱིས་


JLAZ014_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་སྙིང་ཆོས་སྐོར་ལ་ལོ་གསུམ་མཛད་རྒྱུའི་དམ་བཅའ་རྟོགས་འབུལ་གསེར་གྱི་སྐྱེས་བཅས་འབྱོར། །ལར་ཟང་ཟིང་འབྱོར་པའི་ལོ་རྒྱས་འདྲི་བ་ཐ་ཆེད་ཀྱི་གཏམ་དུ་སྣང་ཡང་། སེམས་ཅན་མོས་པ་ཐ་དད་པའི་སྣང་ངོར་མི་འདྲི་ཀ་མེ་ཅིག་ཀྱང་སྣང་། ཟུར་མཁར་མཐོང་ཁ་རུའི་ཁྱིམ་ལ་མེ་ཏོག་འཐོར་བ་དང་ཚེ་དབང་སོགས་སྐོར་ཅིག་བསྐྱོད། ཐོན་པའི་ལམ་ཞོར་རྡོ་གཞིས་གྲོང་སྨད་པའི་ཁྱིམ་དུ། ཚེ་དབང་སྦྱིན་སྲེག་དང་། དགའ་རྣམ་པའི་གྲ་པ་བཅུ་སྐོར་ལ་ཆོས་འབྲེལ་སྣ་ཚོགས་བྱས། རང་གནས་སུ་འབྱོར་ཕྲལ། ཀོང་པོ་ནས་རྒོད་ཚང་སྤྲུལ་སྐུ་འཇིགས་མེད་བསྟན་པའི་རྒྱལ་མཚན་བྱོན་ནས་སྐུ་གསུང་ཐུགས་རྟེན་དང་དངུལ་བུམ་ལེགས་བས་གཙོས་དུང་དཀར་ཇ་སིག་མར་ལྟང་སོགས་འདུལ་ནོད་རྒྱ་ཆེ་བ་དང་བཅས་བརྟན་བཞུགས་མཛད། སྤྲུལ་པའི་སྐུ་ཟླ་བ་དྲུག་ཙམ་བཞུགས་རིང་ཁམས་བླ་གསུམ་དང་བཅས་དབང་འཁྲིད་ཀྱི་གཙོས་བློ་སྐྱེད་འཕེལ་བའི་ཆོས་ཀྱིས་འབེལ་གཏམ་དང་། དུས་འདི་ཙམ་ནས་མིག་སྐྱོན་ཆེ་བས་སྤྱན་ཚབ་པ་བསྐོས། པའི་རྒྱུད་འབུམ་རིན་པོ་ཆེ་དང་། མཛོད་བདུན་སོགས་ཀྱི་ལུང་ཡང་སོང་། གཅང་པོ་མགོ་དབུར་འདུས་པ་མདོའི་སྒྲུབ་མཆོད་འཛུགས་རྒྱུ་མཛད་པའི་ཞལ་འདེབས་སུ་དངུལ་སྲང་ལྔ་བརྒྱ་སྦྱར། རང་ལོ་དྲུག་ཅུ་རེ་གསུམ་པ་ལྕགས་ཕག་ཟླ་བ་དང་པོར་ཤྲི་བརྤཏར་བསྐྱོད་དེ། བཀའ་འགྱུར་གསུམ་སྒྲོགས་དང་


JLAZ014_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། ཁྱུ་མཆོག་གི་རྗེསུ་བ་ལང་ཕལ་བ་དོགས་མེད་དུ་རྒྱུ་བ་བཞིན་འཇིག་རྟེན་ནི་རྨོངས་པའི་གཞན་དབང་ཅན་ཁོ་ནའི་སྟེང་། ལྷ་མིན་གྱི་འཇུག་པ་ཅན་དང་དངེས་ཤིང་། རང་ཉིད་གདན་ཚབ་ཏུ་སྡོད་སྐབས་བཅས་ཕྱོགས་བསླད་པའི་རིགས་མེད་ཅིང་བྱ་བ་དེ། སྤྱིར་སྔ་འགྱུར་གྱི་བསྟན་པ་དང་སྒོས་ཀུན་གཟིགས་ཤནྟ་པུ་རི་བའི་བསྟན་པ་ལ་བྱ་བ་ཆེན་པོ་བགྱིད་པའི་བློས་ཆོ་ག་ཕྱག་ལེན་རྒྱ་སོགས་ངག་ཐོག་ནས་འདེམས་པར་བྱས། སྔར་བསམ་པ་ཐོག་ཏུ་ཁེ་ལན་ཆོག་སྒྲིགས་གསར་པ་ཞིག་དང་། དབང་ཆེན་སོགས་ལམ་དུ་འགྲོ་བ་ཡོད་དོ། ད་ནི་དབང་པོ་འགྲིབས་པས་དེ་རིག་མ་གྲུབ་ཀྱང་། དཔེ་རྒྱུན་རྙིང་པ་ལ་རྟེན་ཅིང་ལུང་ལུགས་ཀྱི་སྨོན་ལམ་སོགས་རྒྱུད་ཀྱི་དགོངས་པར་ཧ་ཅང་མི་འབྲེལ་ཞིང་ཆོ་ག་ཉོག་པས་བཏང་སྙོམས་སུ་བྱས། ཇི་སྲིད་བསྟན་པ་རྣམ་གནས་བར་གྱི་སྒྲུབ་མཆོད་ཐེབས་དངུལ་སྲང་བརྒྱ་ཐམ་པ་དང་བཟང་ཇ་འཁོར་གསུམ་གཅིག་སྦྱར། འདི་ལོ་ཊཾ་འགྱེད་ཀྱིས་དབུ་ལ་ཞོ་ལྔ་རེ་ཐོབ་པའི་རྩིས་བཏང་། གྲོལ་སྟོན་ལ་ཚེས་བཅུའི་འཆམས་དབྱངས་ཐོག་མཚན་བརྒྱད་ལ་བཟང་གོས་ལས་གྲུབ་པའི་གར་ཕོད་བཞི་དང་ལྷ་ཕྲུག་གི་གོས་སོགས་སྦྱོར་འཇགས་བྱས། འཆམས་དབྱངས་


JLAZ014_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཇ་ཉམས་སུ་སོང་བར་ལུས་ངག་གི་སྒོ་ནས་བསླབ་སྦྱོངས་གང་དྲག་བྱས་ཀྱང་རྔས་དང་ལྷམ་གྱི་དཔེར་སྣང་། གྲོལ་དབང་ལ་མི་ཚོགས་ཤིན་ཏུ་ཆེ་ཞིང་། གྲྭ་ཚང་ཆོས་བརྟན་བཞུགས་ཀྱང་མཛད། དཔལ་རྙིད་པ་རྣམས་ལ་མང་ཇ་སྦྱོར་སྦྲེལ་དང་། དབུལ་པོ་རྣམས་ལ་སྦྱིན་བཏང་། རི་སྡེར་མང་ཇ་སྦྱོར་སྦྲེལ་དཔལ་ལུག་དྲུག་བརྒྱའི་འགྱེད་སྐལ་ཀྱང་བྱས། འདི་ལོ་ས་སྐྱ་གོང་མ་རིན་པོ་ཆེས་དབྱར་དགུན་གྱི་མཚམས་རྟེན་འཆར་ཅན་མ་ཡིན་པའི་རང་འཚོའི་རྟེན་འབྱུང་པཎ་ཞ་དངུལ་རྡོར་ཉི་ཟླས་མཚན་པ་དང་གསེར་ཞོ་བདུན་བཅས་སྣང་བ་རྟེན་འབྲེལ་གྱི་གྱི་སྒོ་ཆེན་པོར་གྱུར། འདི་ཡན་ཆད་ཉི་གྲགས་གསུམ་པས་ནགས་ཤོད་ནས་བཟང་གོས་ཀྱི་རྟེན་དང་བཅས་བསྐུལ་མ་མཛད་བ་བཞིན་བྲིས་པའོ། །མོས་གུས་ཀྱི་བླ་མ་དབང་དུ་འདུ་བའི་དཔེ་ལྟར་དངོས་ཅག་དཀོན་མཆོག་ལ་དད་པའི་རྟེན་འབྲེལ་གྱིས་ལོ་སྔ་ཕྱི་འདི་གཉིས་རང་ལ་སྐུ་རྟེན་གསེར་ཟངས་ལི་མ་སུམ་ཅུ་སྐོར་ལག་ཏུ་འབྱོར། སྡེ་དགེ་དཔོན་མ་དང་ཚུལ་བྱང་ཆུབ་རྒྱལ་མོའི་བདག་རྐྱེན་ལས་མདོ་འགྲེལ་བདེན་གཉིས་ཤིང་རྟ་དང་། སྔགས་འགྲེལ་རྣམ་མཁྱེན་ཤིང་རྟ་གཉིས་བར་དུ་འཁོད་པའི་གནས་ཚུལའབྱོར། ལྕགས་ཕག་ཟླ་བ་གཉིས་པའི་ནང་ཉིང་འཁྲུལ་ལ་བུད་མེད་མ་སྨད་གཉིས་ཀྱིས། གཞོན་པ་ན་རེ་ཟླ་བ་ལྔ་པར་དམག་ལངས་


JLAZ014_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུག་ཀྱང་། ངེད་ཀྱི་མ་རྒན་འདི་ཞེན་ཆགས་ཆེ་བས་སྣང་བར་མི་འདུག་ཟེར། སེམས་ཅན་ལ་བདེ་སྐྱིད་མ་བྱུང་དོགས་པའི་བློ་ངན་དང་སྙིང་རྗེ་ཆེན་པོ་སྐྱེས། གཞུང་ས་ནས་དམག་འཁྲུག་དང་ནད་ཡམས་ཞི་བར་དམིགས་པའི་ལྷ་ཆེན་གྱི་དམར་མཆོད་དང་། ཕུར་པའི་སྒྲུབ་པ་འཇུགས་རྒྱུ་གནང་བ་ལྷག་བསམ་རྣམ་དག་གིས་བྱས། བཀའ་བློན་བླ་མས་ཡོན་སྦྱར་མཛད་ནས་དཔལ་ཆེན་རོལ་པ་ཆེན་པོའི་གཏོར་བཟློག་དམིགས་འཛུགས་དོག་ཀྱང་བསྟན་འགྲོར་དམིགས་ནས་ནན་ཏན་བགྱིས། པའི་ནུབ། ཁམས་པའི་བླ་མཆན་གཉིས་ཀྱི་རྩེད་མོ་བྱས་པ་ཡིན་སྙམ་པའི་སྣམ་ཕད་གྲུ་བཞི་པའི་ནང་ཚངས་ཐམས་ཅད་གྲོག་མ་འབའ་ཞིག་གིས་བསྐྱངས་འདུག་པས་དེ་དག་སྤུབས་འཐུངས་ནས་ཤི་དོགས་སེམས་ལས་ཆེན་པོ་བྱེད་པ་ཞིག་རྨིས་པ་དམག་གི་བླར་འདུག་དབྱར་ངོ་གོར་ཥ་ཨ་སུར་པའི་དམག་གིས་གཙང་སྟོད་རུ་ལག་གི་སའི་ཆར་གྱིས་སེམས་ཅན་གྱི་བདེ་སྐྱེད་ལ་གནོད་པ་ཆེན་པོ་བྱས། མྱང་བ་དང་བྱེད་པ་རྒྱུ་མཐུན་གྱིས་ལས་འབྲས་མངོན་སུམ་པར་ཤར། སེམས་ཅན་ཐམས་ཅད་ལ་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་བར་མི་ཆོད་པའི་མགོ་ཚུགས། གཞན་ཕྱོགས་པ་ཉིད་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་སྤྱོད་པའི་མཚན་ཉིད་ཤེས་


JLAZ014_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པ་སྐྱེས། དེའི་ཚེ་རྨི་ལམ་ལ་ཐང་སྟོངས་ཤིག་ཏུ་རུ་དར་ཁྱེར་བའི་མི་ཞིག་འགྲོ་བའི་ལག་ན་ལུང་བསྟན་ཡིན་ཟེར་བའི་ཤོག་དྲིལ་ཞིག་འདུག་པ་ལ་ཚིག་བཅད་ཤོ་ལོ་ཀ་གཅིག་སྣང་བས་ད་དུས་བརྗེད་ཐལ། དོན་ད་རེས་གར་དམིགས་པའི་སར་ཕྱིན་ནས་ཕྱིར་ལྡོག་ཅེས་པར་སྣང་། ལར་སྔོན་ཆད་རྒྱ་གར་འཕགས་པའི་ཡུལ་ཞེས་བསྔགས་འོས་བསྟོད་འོད་ཀྱི་གནས་ཀྱང་ད་ནི་སྡིག་སྤྱོད་ཀླ་ཀློས་ཁེབས་པས་མཐའ་འཁོབ་ཆེན་པོར་གྱུར་པ་དེ་དག་ན། སངས་རྒྱས་མི་ཤེས། ཆོས་མི་ཤེས། ལོག་བར་ལྟ་བ་འཛིན་པ་ཅན་ཤ་སྟག་ཡིན་པས་དམྱལ་བ་མནར་མེད་ཀྱི་རྒྱུ་ཚོགས་བསྒྲུབ་བ་ལ་སྐྱོ་ཤས་དང་སྙིང་རྗེ་ཆེན་པོ་འཕེལ། བོད་གངསཅན་འདིར་སེམས་ཅན་གྱི་འདི་་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག །བསྟན་པ་ནི་འཛིན་བྱེད་ཀྱི་སྐྱེས་བུ་ལ་རག་ལས་པ་ཉིད་ཀྱང་ད་ནི་ལྔ་བརྒྱའི་ཐ་མར་གྱུར་པས་བསྟོན་པའི་ངོ་བོ་ལུང་དང་རྟོགས་པ་གཉིས་ནི་ཆུ་ལྷའི་ཕང་བར་ཕྱོགས། ལྔ་བརྒྱ་ཕྲག་བཅུའི་ཕྱི་མས་གཏུགས་པའི་རྟགས་སྡོམ་པའི་གཟུགས་བརྙན་ཀྱང་འཇིགས་སྐྱོབ་དང་། ལེགས་སྨོན་ལ་རེ། རྒྱུ་དེས་ངེས་འབྱུང་ཡོད་པའི་གང་ཟག་ཤིན་ཏུ་དཀོན་ཞིང་ཐུབ་ཚོད་དང་བརླང་པོར་སྤྱོད་པ་མང་བས། སྔོན་ཆད་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་དབང་


JLAZ014_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ་བསྐུར་བ་དེ་ཡང་དུས་ད་ལྟ་སེམས་ཅན་རྣམས་ཀྱི་ཁུར་དུ་སོང་། ཆོས་པ་རྣམས་ཆོས་བཞིན་མི་བྱེད། དགོན་གནས་མཐུ་ཆེ་བ་རྣམས་ནས་ཁྲལ་ཁྲིམས་ཁུར་བའི་ཁྱིམ་པ་རྣམས་ལ་འཕྲོག་ཆོམ་དང་། ཁྲིམས་རྐུན་འདོད་རྒྱལ་དུ་སྤྱོད་པས་རང་སའི་སྡོམ་པ་འཇིག་པའི་ཚུལ་མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། ཞེས་པས་གཞན་གནོད་གཞི་བཅས་ལྷུར་ལེན་པ་ནི་རྟགས་ཙམ་འཛིན་པའི་ངོ་བོ་ཉིད་ཡིན། དེས་ཁྱིམ་པ་གསུན་འབྱིན་ཆེན་པོར་གྱུར་ནས་བསྟན་པ་ལ་མོས་པ་ལྡོག་ཅིང་བསྙེན་བཀུར་ཡང་ཁྲལ་འཇལ་གྱི་གནས་སུ་ལྟ། ཆོས་བྱེད་ཀྱི་གང་ཟག་དང་། བྱང་ཆུབ་སེམས་དཔའི་རིགས་ཅན་འགའ་ཙམ་སྲིད་ན་ཡང་། ཚེར་མ་དང་དར་ཟབ་ལྷན་ཅིག་ཏུ་བསྲེས་པས་བསོད་ནམས་འཕེལ་བའི་རྒྱུ་དང་འབྲས་བུ་གཉིས་ཀ་མ་རུངས་པར་བྱས་པས་མགོན་དང་དཔུང་གཉེན་མེད་པའི་དུས་སུ་འདུག་སྙམ་སྐྱོ་བ་ཤིན་ཏུ་འཕེལ། །དེ་ལྟར་ནའང་ཡུལ་གྱི་ཉེས་དམིགས་ལ་སྐྱོ་བའི་ཞི་བདེའི་སེམས་ནི་བྱང་ཆུབ་སེམས་དཔའི་རྩ་ལྟུང་རྒྱུ་ཡིན་པས་ན། རྒྱལ་སྲས་ཞི་བ་ལྷས། འགྲོ་བ་ཀུན་གྱི་དཀའ་བའི་རྒྱུ། །སེམས་ཅན་སྡུག་བསྔལ་རྩིར་གྱུར་པ། །རིན་ཆེན་སེམས་ཀྱི་བསོད་ནམས་གང་། །དེ་ལ་ཇི་ལྟར་གཞལ་གྱིས་ལང་། །


JLAZ014_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། པ་ལྟར། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོས་དུས་ཀྱི་ཆད་པ་སྣ་ཚོགས་ཞི་བའི་ཕྱིར། དཀོན་མཆོག་གི་ཐུགས་རྗེ་རྒྱུན་མི་འཆད་པ་བསྐུལ། །ལྷ་སའི་གཙུག་ལག་ཁང་དུ་དངུལ་སྲང་བརྒྱ་ཕྲག་ལྷག་བཅས་ཀྱིས་བསྒྲུབས་པའི་སྟོང་མཆོད་དང་གསེར་ཆབ་སྙན་ཤལ་འབུལ་དུ་འབྲུག་པ་བླ་མ་ཆོས་གྲགས་མངག །འགྲོ་ལ་ཕན་མཆོག་རྒྱལ་བའི་ཐུགས་ལའང་སྨན། །གང་ལ་གནོད་མ་ཚོག་ཀྱང་ནི་དེ་བཞིན་ཕྱིར། །ང་དང་སེམས་ཅན་བདེ་སྡུག་མཚུངས་གསུངས་ན། འཕགས་པའི་སྤང་རྟོགས་བདེན་པས་འགྲོ་འདི་སྐྱོབས། །རྒྱལ་བསྟན་ལྔ་ཕྲག་ཐ་མས་མི་བརྫི་ཞིང་། འགྲོ་བའི་བདེ་སྐྱིད་བདུན་གྱི་བདུན་པའི་ཞལ། ནད་མཚོན་མུ་གེའི་བསྐལ་པ་ངན་པ་དང་། །ལོག་སྨོན་བདུད་ཀྱི་གཡུལ་ལས་རྒྱལ་བས་ཤོག །ཅེས་སྨོན་ཚིག་ཏུ་སླེལ་ནས་ཇོ་བོའི་སྐུ་མདུན་དུ་འབུམ་ཐེར་འདོན་པར་བསྐུལ། ཤི་གསོན་གྱི་རྫས་རྣམས་དོན་ལྡན་བྱ་བའི་ཕྱིར་བཟང་གོས་སྣེ་ཚང་དང་ཁ་འཁྱར་སྡོམས་ཡུག་བཅུ་སྐོར་ལ་མཆོད་རྫས་འགའ་ཞིག་བཙེམས། བསམ་ཡས་དུ་སྟོང་མཆོད་དང་བསྟན་འགྲོའི་བདེ་སྐྱིད་ཀྱི་


JLAZ014_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་ལ་དམིགས་པའི་བར་ཁང་ཞལ་འདེབས་གཡས་གཡོན་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བདེ་བ་ཅན་གྱི་ཞིང་བཀོད་བཅས་ཐང་ཆེན་ཐོག་ཚད་མ་བཅུ་བཞི་རྒྱུན་འགྲམ་དང་བཟང་གོས་འཇའ་སྒྲིགས་ཀྱི་གོང་ལྡན་ལ་ཚོས་སྣ་ལྔ་སྤེལ་གྱི་ཕུར་མ་དང་ནང་མཛོད་སྣ་ལྔའི་ཕུར་མ་བརྩེགས་པའི་གདུང་ཁེབས་བྱིངས་ཁེབས། བཟང་གོས་ནམ་ཞུའང་ལྡན་སྨྱུག་ཁའི་རྒྱལ་མཚན་གོང་བ་སྨལ་ག་གཤམ་མཚལ་ཁ། སྟོང་མཆོད། དཔལ་རིར་ནང་མཛོད་བརྒྱད་ལ་བསྐང་རྫས་བྲིས་པ་བཟང་གོས་ཀྱི་འཇའ་ཅན། མདོ་ཁམས་རྫོགས་ཆེན་པའི་དགོན་དེ་དང་ཞེ་མཚུངས་ལྷ་མོ་བཅུ་དྲུག་གི་སྣང་བརྙན་བཅས་སྦྱར། དཔལ་ཆེན་བཀའ་བརྒྱད་རོལ་བ་ཆེན་པོའི་ཐང་ཆེན་གསེར་བཅད་མ་དགུ་དང་། སངས་རྒྱས་སུམ་ཅུ་སོ་ལྔའི་ཐང་ཀ་བདུན་ཚར་བཟང་གོས་འབའ་ཞིག་གི་གོང་འཇའ་ཅན་བཞེངས། མངའ་རིས་གྲྭ་ཚང་པ་ལ་མང་ཇ་བཅོ་ལྔ་དང་། གཟན་སྟོད་ལེགས་པའི་སྤོང་དག་ བསམ་ཡས་རབ་བྱུང་བར་སྨན་བླ་ཉིན་འཁྱོངས་དང་། དངུལ་སྤང་བཅོ་ལྔའི་ཟོང་རས་འགྱེད་བཏང་། འགྲོ་བའི་བདེ་སྐྱིད་དང་རྒྱལ་བསྟན་མི་ནུས་པའི་རྟེན་འབྲེལ་ལ་དམིགས་ནས་གཞུང་སར་བཟོ་རྒྱུ་དངུལ་སྲང་བརྒྱ་ཐམ་པའི་ཉེན་ཟངས་དང་། བཞུས་གསེར་བྱང་


JLAZ014_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཞོ་བརྒྱ་ཕྲག་ལྷག་བཅས་ཕུལ་ཏེ་བསམ་ཡས་རྟ་མགྲིན་གླིང་དུ་བཞུགས་རྒྱུའི་སློབ་དཔོན་ཆེན་པོའི་སྣང་བརྙན་བཞེངས་པའི་བཟོ་གྲ་འདོད་དཔལ་དུ་ཚུགས། ཧོར་གོས་ཟབས་རྒྱས་དངུལ་སྲང་སུམ་ཅུ་རེ་རེ་བའི་ན་བཟའ་སྐུ་བེར་ཀྱང་ཚེམ། སྐྱེས་ནས་འཆིབ་ལས་མ་འདས་པའི་འབྱུང་འགྱུར་མཆོད་སྡོང་གི་ཆར་ཏོག་བཅས་དང་། ཟུར་བཀག །སྒོ་ཁྱིམ་ཏྲ། སང་ཁྲིའི་རྒྱན་སོགས་ཕུལ་ཟངས་ཁལ་བཅུ་གཉིས་དང་། གསེར་སྲང་བཅུ་གཉིས་ཀྱིས་བསྒྲུབས། ལར་དངོས་ཅག་གི་འཇིག་རྟེན་མཐུན་འཇུག་མ་བྱས། འདུ་འཛི་དང་རྣམ་གཡེང་སྤངས་བཞིན་ཤུགས་འབྱུང་གི་དཀོར་རྫས་ཕན་བུ་འབྱོར་བ་དག་དགེ་ཚོགས་སུ་འགྱུར་བའི་ཡིད་དང་ཆོས་སུ་རྟོགས་པ་ཙམ་ཡང་བསམ་གཏན་གྱི་ཚེར་མར་བྱུང་། བྷོ་ཊའི་བླ་མ་ཕྱུག་པོ་ཚོའི་རྣམ་གཡེང་དང་ཐུགས་སྲུན་ལ་རང་ཉིད་ཤ་ཐང་ཆད། ཡེ་ཤེས་སྐུ་མཆོག་མར་གཉག་དཔལ་དབྱངས་ཀྱི་འགྲེལ་པ་ཡོད་སྐད་སྔོན་ཆད་མ་མཐོང་ཡང་། གཞུང་འདི་ཁྱབ་ཆེ་བས་དཔེ་ལུང་སོགས་ལ་མ་བརྟེན་པར། བློ་ཐོག་ནས་འགྲེལ་པ་བྱས། རྒྱུད་འབུམ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་དང་། མེ་ལྕེ་ཕྲེང་བའི་རྒྱུད་གཉིས་ནས་མངོན་རྟོགས་དང་བསྐང་བ་བསྡུས་ཏེ་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་རྟེན་གཏོར་བསྐང་བའི་


JLAZ014_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་འཛུག་བྱས། སྤྱིར་སོ་བྱང་སྔགས་གསུམ་གྱི་སྡོམ་པ་འབོགས་པ་པོ་ལ་ལྷག་པར་ཡང་ལྡན་དགོས་ན་དེ་དག་གི་བླངས་འདས་སྒྲ་ཇི་བཞིན་པར་ཤེས་པའང་དཀོན་པའི་གནས། བལྟར་སྣང་ཙམ་དུ་རྟགས་དང་ཆོ་གས་མི་བྱེད་པས་འདུལ་བའི་ལས་ཆོག་བྱེད་སྲོལ་མེད་མོད། མདོ་སྨད་གསེར་ཁ་དགོན་སོགས་ཁམས་པའི་གྲ་རིགས་བླུན་དད་ཅན་རྣམས་ཀྱི་ནན་པོ་མ་ལྡོག་པས་བྱང་ཆུབ་སེམས་དཔའི་སོ་ཐར་འབོགས་ཆོག་བརྒྱ་སྐོར་ལ། ལུང་སྡེ་བཞི་དང་མཚོ་ཊིག་ཉམས་འོག་ཏུ་ཚུད་པས་དགེ་སློང་གི་སྤྲེང་ཡིག་ཀྱང་བྱས། གཙང་ཐེག་མཆོག་གླིང་བའི་དབུ་མཛད་ཅན་ལྔ་ལ་སོགས་མོན་པོར་ཁམས་གསུམ་གྱི་མི་སྣ་འདུས་པ་ལ་འཁྲོད་ཚར་གསུམ་ཙམ་བཏབ། ཐེག་མཆོག་གླིང་པ་རྣམས་ལ་རྙིང་ལུགས་ཀྱི་བླ་མ་གསང་བ་འདུས་པའི་ཚེས་བཅུའི་ཚོ་ག་ཡང་སེ་བཏང་དུ་བཅུག །གེར་ལྟ་བའི་ཡུམ་ལ་བླ་མའི་རྣལ་འབྱོར་སོགས་ཀྱི་ཆོས་འབྲེལ་བྱས། ཀ་ཐོག་ཞིང་སྐྱོང་གི་ཡང་སྲིད་སྐོར་ལ་བླ་མ་མགོན་ཆུང་གདན་ཚབ་རྣམ་གཉིས་ཀྱི་མཚུམས་ཞུ་ཁྱེར་ནས་ཆེད་དུ་བྱོན་པ་ལ་ཆོས་འབྲེལ་དང་བཀའ་གཏད་བྱས། དེ་མཚུངས་སྡེ་དགེ། །རྫོགས་ཆེན། ཉི་གྲགས་ཟེ་ཆེན། རྒྱ་རོང་། ཉིན་བྱེད་སྐུ་སྐྱེ་སོ་སོའི་མཚམས་ཞུས་དང་དངོས་མཇལ་བྱེད་འདོད་གསུང་པར། རང་རེ་ནི་རྒ་བའི་ཆད་པས་གཏུགས་པས་བློ་སྣ་


JLAZ014_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་དུ་ལས་མ་མཆིས་སོ། །དབུལ་པོ་ལ་སྦྱིན་གཏོང་སྲོག་བསླུ་ལུག་གསུམ་ཅུ་སྐོར། ཆབ་གཏོར་འབུམ་ཐེར་སོགས་བགྱིས། ས་སྐྱོང་སྡེ་དགེའི་སྐུ་རིམ་བསྒྲུབ་རྟེན་གསེར་སྲང་དོ་འབྱོར་བ་བཞིན། དཔོན་སློབ་བཅུ་སྐོར་ནས་ཕུར་པ་རྒྱུད་ལུགས་ཀྱི་སྒྲུབ་ཆེན་བདུན་ཕྲག་དང་། དེའི་སྒོ་ནས་སྦྱིན་སྲོག་འབུམ་ཐེར་སོགས་བྱས། བྲི་བ་ནོ་མོ་ཁང་། རྒྱལ་ཡུམ། ཟངས་རི་གུང་། མདའ་དཔོན་ལྕང་ཅན་སོགས་ཀྱི་བསྔོ་རྟེན་བྱུང་བས་རྒྱལ་བ་ལ་གདམས་པའི་མདོའི། མི་རྟག་པ་ལྷག་པར་དྲན། མཚན་ཉིད་བླ་མ་དགའ་ལྡན་བྱང་རྩེ་བས་ཁྱོད་དང་ཕྲད་འདོད་ཤིན་ཏུ་ཆེ་ཡང་སྟེས་དབང་མ་འགྲིག་ཅེས། སྐྱབས་འཇུག་ཞུ་རྟེན་བསྐུར་བ་མཛད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཅེས་པ་དེར་སྣང་། ཨེ་ཤག་བྱང་པའི་གདན་འདྲེན་ནན་བསྟུད་ཆེ་བར་མགྱོགས་འཕྱང་ལ་བརྟན་ཁྱུག་ཙམ་ཕྱིན། འབུལ་ནོད་བསྙེན་བཀུར་རྒྱ་ཆེན་པོ་མཛད། གཙང་འགྲམ་དུ་ཉ་ཁ་ཤས་བསླུས། རྩེས་ཐང་ཀླུ་གཟིམས་གཉིས་སོགས་ནས་ཞག་ཤས་བཞུགས་དགོས་ཨུ་ཚུགས་བྱེད་ཀྱང་། གྲོང་རྡལ་གྱི་དབུས་སུ་སུན་སྣང་ཆེན་པོ་སྐྱེས་ཏེ་ཞག་ས་ལས་མ་བསྡད། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། ཞེས་བའི་ཡང་སྲིད་མང་པོ་ཡོད་པ་མི་འདྲ་སྟེ། དགོན་གནས་སུ་


JLAZ014_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་འཛིན་པ་བོད་ཀྱི་ལུགས་སུ་སྣང་བས། ལུགས་གཉིས་གང་རུང་ནས་དགོན་པར་ཕན་དུ་རེ་བ་དག་ལ། བྲག་དམར་ཀེའུ་ཚང་དུ་བརྟགས་སྒྲིལ་བྱས་པའི་དོན་རྩེར་སྙན་སྒྲོན་བྱས་ནས། ཤྲཱི་བརྤ་ཏའི་སྐུ་སྐྱེ་ངོས་འཛིན་གྱི་འགོ་འདྲེན་བྱས། གཉལ་ཤ་གཟུགས་པ། རྡོ་བླ་འཇིགས་མེད། སྡེ་པ་རྣམ་རྒྱལ། དྷརྨ་ཀིརྟི། དཔལ་ལྡིང་རྗེ་བཙུན་མ་རྣམས་ཀྱིས་རིང་འཚོའི་རྟེན་འབྲེལ་རྒྱས་པས་མཛད། རང་ལོ་རེ་བཞི་པར་སླེབ་མ་ཐག་སྟེ། སྡེ་དགེའི་མཆོད་དཔོན་སངས་རྒྱས་བཟང་པོ་ཆེད་དུ་བྱོན་བར་དབང་ཁྲིད་ཀྱི་གདམས་པས་རྗེས་སུ་བཟུང་། མི་གཞི་བཟང་ཞིང་རྒྱུད་དུལ་བས་ཆོས་ཀྱི་གདུལ་བར་རུང་བའི་མཚན་ཉིད་དུ་སྣང་། སྒྲོལ་མ་རྒྱ་གར་མ་བྱིན་ཅན། རཏྣའི་ལྡི་གུ་དེ་ཉིད་ཀྱི་གྲངས་ལྡན་བཅས་བརྟན་བཞུགས་མཛད་པས་རྟེན་འབྲེལ་ལེགས་ཚོགས་ཆེན་པོར་གྱུར། རྒྱ་དངུལ་སྲང་ལྔ་བཅུའི་འབུལ་བ་དང་བཅས་གསོལ་བ་བཏབ་པ་བཞིན་རྣམ་ཐར་ཁ་བསྐངས་འདི་ཡང་བྲིས་པའོ། སེར་སྨད་ནས་མཁན་པོའི་སྐུ་སྐྱེ་ཁྲིད་གསན་པ་ལ་བྱོན། ཁོང་སྨོན་ལམ་ཚོགས་ཆེན་ལ་དམ་བཅའ་བཞག་པའི་སྡེ་སྣོད་འཛིན་པ་ཆེན་པོར་འདུག །རྙིང་མ་བས་མདོས་ཟོར་འཕེན་པ་ཙམ་ལས་སྡེ་སྣོད་མི་ཤེས་སྙམ་པ་ཡོད་ཀྱང་ཡོན་ཏན་མཛོད་མཐོང་བས་བློ་འཕྲོག་པ་ཡིན་ཞེས་གསུངས། གུས་པ་


JLAZ014_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མཛད། ཁོང་ལ་ཁྲིད་བཏབ་པའི་འཇུག་པ་སེམས་བསྐྱེད་ཀྱི་བསླབ་ཡའི་འཕྲོས་དོན་ལ་དེང་སང་། དགེ་སློང་གིས་བསྙེན་གནས་བླངས་ན་བསྙེན་རྫོགས་ཀྱི་སྡོམ་པ་འཇིག་ཟེར་བ་གཅིག་དང་། དེ་འདྲའི་རྟོག་དཔྱོད་མེད་པར་དུས་ཁྲིམས་ཡན་ལག་བརྒྱད་པ་ལེན་པའི་སྲོལ་ཞིག་འདུག་པ་གཉིས་ལ་འགག་དགོས་ཇི་ལྟར་ཡོད་དྲིས་པས། ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་ཕམ་ལྟུང་དང་ཉེས་བྱས་ཀྱིས་གཏན་ནས་མ་གོས་པའི་དགེ་སློང་ཡོད་ན་འཇིག་པ་བདེན་ཏེ། དུས་དང་སང་རང་བསྟན་པ་རྟགས་ཙམ་ལ་ཉེ་བས་གཏན་ཁྲིམས་ཡོད་ལོ་ལས་དུས་ཁྲིམས་ལ་གུས་པ་བསྐྱེད་བ་གསོ་སྦྱོང་གི་ཡན་ལག་ཏུ་ལེགས་ཞེས་པའི་ལན་རྣམ་དཔྱོད་ཆེ་བ་བྱུང་། དེ་བཞིན་དུ་ཚངས་གནས་བཞིའི་སྐོར་ལ་དྲིས་པས་ཀྱང་དགེ་སློང་མ་དཔལ་མོའི་པོ་བསྟོད་ལ་བཅོས་འཆོས་པ་རྣམས་ལས་ལྷག་པའི་གོ་བ་མིང་དོན་མཐུན་བའི་དགེ་བཤེས་སུ་བྱུང་། སེམས་ངོའི་ཚེ་ཞི་གནས་ལྷག་མཐོང་ལ་ཐོས་བསམ་གྱི་དཔྱད་སྒོམ་ཧ་ཅང་གྲིམས་ཆེས་པའི་བླ་རྟོག་སེལ་དཀའ་ཙམ་སྣང་ཡང་ངེས་འབྱུང་གི་བློ་དང་དབེན་པའི་ཕྱོགས་ལ་སྣང་བ་འགྱུར་ཆེ་བ་བྱུང་བར་ཞལ་གདམས་དགོས་གསུང་བ་དང་དེ་བཞིན་དུ་སྨྲས། དཔོན་པོ་འོད་ཟེར་ལ་གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ་གྱི་ལུགས་ལྟར་བཤད། ལར་འགྲེལ་པ་འདི་དོན་ལ་རྟོན་པ་གཙོ་བོར་


JLAZ014_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་ཕྱི་དོན་དུ་འཛིན་པའི་རྣམ་རྟོག་ཅན་གྱིས་གོ་དཀའ་བར་སྣང་། ས་སྐྱོང་སྡེ་དགེའི་དགོངས་རྫོགས་བསྒྲུབ་མི་མདུན་སྐོར་མགོན་པོ་ལྷུན་འགྲུབ་ཅན་འབྱོར། ཐེག་ཆེན་རྩེ་ལྔ་པ་དང་། འགལ་སྦྱར། རྒྱ་དངུལ་སོགས་སྤམས་ཆེ་བ་དང་། དབོན་མོ་ཡུམ་སྲས་མཚམས་ཞུ་དངུལ་དཀར་གྱི་བཟང་ཞལ་སྤུས་ལེགས་སོགས་ཉེར་སྤྱད་དང་སུ་ཝཎ་སོགས་འབྱོར། ཁོང་ཚོ་མ་འབྱོར་གོང་ནས། མི་སེར་ལ་ཐོ་འཕོག་དོགས། འདི་གར་རྟེན་ཆས་བསྐྱེལ་མི་མཛད་ན་རྣམ་པའི་ཟུར་ཟོས་བྱོན་མིན་ལ་མ་ཏོས་པ་ཡོང་ཞེས་ལན་གྲངས་བསྟུད་ནས་ལགས་ཀྱང་། རང་བསམ་མི་བསག་ག་ལ་གཅིག །འདི་གར་འབྱོར་ནས་རྟ་དྲེའུ་དྲུག་ཅུ་སྐོར་གྱི་རྟ་གསོས་སོགས་འདུག་ཀྱང་མི་སེར་ལ་ཕན་པའི་ཕྱིར་ཞུ་གསོལ་བྱས་ནས་བཟན་རིན་ཕྲན་བུས་འཐུས་པར་བྱས།་ བོད་ཁམས་བདེ་ཐབས་ལ་དམིགས་པའི་སློབ་དཔོན་ཆེན་པོའི་སྣང་བརྙན་གེགས་མེད་དུ་གྲུབ་པས་གཟུངས་འབུལ་རབ་གནས་ཕྱིར་བསམ་ཡས་ལ་བསྐྱོད། གཟུགས་འབུལ་ཞག་གསུམ། རབ་གནས་དངོས་སྟ་སྤྲེལ་མ་ཞག་བརྒྱད་བྱས། སྐུ་གཉེར་དོན་གྱི་བསྐུལ་མ་མཛད་ནས་མཆོད་ཁང་བྱིངས་ལའང་མེ་ཏོག་འཐོར། ཟབ་བབ་རིན་ཐང་ཅན་གྱི་སྐྱ་བེར། དཔྱད་ལྡན་དམར་ལྗང་སྤེལ་བའི་སྐུ་བེར། གན་གོས་ཁོན་མཆུ་ལིའི་མཐོང་ཅན་གྱི་བླ་བྲེ།


JLAZ014_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་བཞི་དམར་པོ་དང་རྒྱ་ཡིག་སེར་པོ་ཅན་གྱི་སྤེལ་བའི་རྒྱལ་ཡོལ། ཉེར་སྤྱད་དྲིལ་བུ་སྡེ་དགེ་ཐེག་ཆེན་རྩེ་ལྔ་གསེར་རྩི་མ་སྤུས་དང་། །དངུལ་གྱི་མཎྜལ་སྤྱི་ཁབ་ཀྱི་ཚོམ་བུ་ཅན། འདེགས་བྱེད་རྒྱ་བཟོའི་གྲུལ་བུམ་གཟུགས་ཆེ། སྣོད་ཨ་ཤོང་གི་ཐ་ལི། རི་དགས་ཤྭ་ར་བྷས་བཏེག་པའི་མེ་དམ་རྒྱ་བཟོ་ཆེ། དཀལ་ཡོལ་སྟེགས་བཅས། གླང་མཆེ་ཆ། ཕྱི་ཕུར་ཆ། ཇུས་དཀར་གྱི་རྒྱལ་མཚན། བར་ཁང་དུ་རྡོ་རྗེ་གསང་ལམ་མའི་ཀ་ཐུམས་བཅས་ཕུལ། ས་ཟླའི་དུས་ཆེན་ཉིན་སྟོང་མཆོད་དང་། རབ་བྱུང་བར་མང་ཇ་གསུམ། དྲུག་ཊཾ། ཁྱིམ་པ་རྣམས་དམག་ཁྲལ་གྱི་ཉམ་ཐག་བར་སྙིང་རྗེ་ཆེན་པོའི་བློས། བསམ་ཡས་སྤྲོ་འཇུག་སྤྱིར་དངུལ་སྲང་བཞི་བཅུ་སྐོར་གྱི་སྦྱིན་པ་བཏང་། ཁྲལ་དངུལ་མི་འབྱོར་བའི་སྐྱེ་བོ་གཉིས་བཙོན་རར་བཅིངས་པ་ཐར་བར་བྱས། ཞ་ལོང་གིས་མཚོན་པའི་སྤྲང་པོ་རྣམས་ལ་ཟས་གོས་ཀྱི་ཕན་བརྟགས། བསྟན་སྲིད་ལར་རིམ་ལ་དམིགས་ནས་རྟ་མཆོད་རོལ་པའི་སྒྲུབ་པ་ཞག་བདུན་དང་། ཞི་རྒྱ་ཀྱི་སྦྱིན་སྲེག་སོགས་བྱས། དེ་དག་གི་རིང་ལ་རང་སློབ་དད་ཅན་སློབ་དཔོན་ཨ་ནན་དང་། ལྷ་གཉེར་དཔོན་ཡོན་ཡོན་རྒྱ་མཚོ་སོགས་རབ་བྱུང་ཆེ་བྲེས་ཐམས་ཅད་ནས་ཞབས་ཏོག་དང་འབུལ་འགྱེད་སོགས་བསྟི་སྟང་གྱ་ནོམ་པ་མཛད། རབ་གྲྭ་དབུ་མཛད་བསམ་གཏན་ལ་སོགས་གྲྭ་


JLAZ014_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བཅོ་ལྔ་སྐོར་ལ་ཀློང་སྙིང་གི་དབང་ཁྲིད་སྨིན་པར་བཏབ། འདི་དག་གི་ཁྲོད་ན་ཆོས་སྣང་དང་མོས་པ་ཅན་མང་བས་བློ་བསྐྱེད་ཡོད་པའི་རིགས་ཅན་དུ་འདུག་ སེམས་བསྐྱེད་མཆོད་པའི་ཞལ་འདེགས་ལ་གཞིར་བཅོལ་བའི་ལུག་བཅོ་ལྔ་སྐོར་སྲོག་བསླུ་བྱས། རྡོ་གཞིས་པས་བསྙེན་བཀུར་བྱས་ཏེ་ཞགས་བཅགས་མལ་དང་བཅས་རང་གནས་སླེབ་འཕྲལ། རབ་གྲྭ་ཀུན་ཚུལ་དང་རྒྱད་རྩེ་རྩེ་ཆེན་པ་ཅན་གྲྭ་སློབ་བརྒྱད་ལ་ཁྲིད་ཁ་བཏབ། ལུས་འདི་བླངས་པ་ཙམ་ནས་སྡུག་བསྔལ་བདེན་པའི་རང་གཟུགས་ཅན་ཡིན་ཕྱིར། སྔ་ལོ་ནས་ཕུང་པོའི་སྐྱེ་མཆེད་ལས་དེ་ཝི་ཀི་ཌའི་ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་རྟེན་འབྲེལ་འགགས་པ། སྔོན་ཆད་ལྔ་པ་རིན་པོ་ཆེ་འགྲིབས་ཚུལ་བསྟན་པའི་ཚེ། འཕགས་པའི་ཡུལ་གྱིས་ཐར་དཔྱད་མཁན་གྱིས་དབྱེ་བའི་རྒྱན། བླའི་སྨན་པ་གཉིས་ལ་ གཉེར་དུ་གཏད་པའི་ཐུགས་བསྐྱེད་པར་མ་ཆད་པའི་སློབ་རྒྱུད་ཡར་ལྷའི་མདུན་ནས་བྱེ་གྲོང་པ་ལ་ཀྴི༚་མིང་ཅན་ལ་གནས་པས། ལོ་སྔ་ཕྱི་གཉིས་ལ་ཐུར་དཔྱད་རེས་མོས་ཀྱིས་པས་གསོར་ཆུད། ལར་བཅོམ་ལྡན་འདས་ཀྱིས་སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལའང་མ་གཏོགས་སོ་ཞེས་གསུངས། ལས་བདག་གིར་བྱ་དགོས་པའི་རིགས་ལ་དེ་ལྟ་མ་ཡིན་ཀྱང་། ངོས་ཅག་གི་འདི་ཕ་


JLAZ014_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མའི་འགྲིབ་རྒྱུན་ལས་བྱུང་ཞིང་ཉེ་བར་ལེན་པའི་ཕུང་པོ་ལྔ་རང་བཞིན་མེད་པར་ཤེས་པའི་གོ་མྱོང་གིས་ན་ཟུག་ལ་སོགས་པའི་ཚོར་བ་རང་རྒྱུད་པའང་ཉམས་སུ་མ་མྱོང་བས། འཕགས་པས་རྒ་དང་ན་བ་དང་། སྐྱེ་བའི་སྡུག་བསྔལ་རྩད་ནས་སྤངས། ཞེས་པའི་དོན་ཀྱང་འདིར་རིག་གོ །ཟླ་བ་ལྔ་པའི་ནང་རྒྱ་དཔུང་བལ་ཡུལ་དུ་བཅུག་པའི་དམག་བཟློག་བསྒྲུབ་རྒྱུ་འབྱོར། སེམས་ཅན་ལ་ཉེ་རིང་མེད་ཀྱང་ས་སྤྲེལ་ལ་ལོ་ནས་ད་ལྟའི་བར་འཇིག་རྟེན་མི་བདེ་བའི་བྱེད་པོ་གང་ཡིན་ལ་དམིགས་ནས་ཕུར་པ་རྒྱུད་ལུགས་ཀྱི་སྒོ་ནས་གདབ་ཁ་དྲུག་གི་ལས་སྦྱོར་བཙུགས། བསད་རྟགས་ཀྱི་དབང་དུ་བྱས་ན་གཙོ་བོའི་གྲལ་ན་ཕག་ལོ་ཞིག་ཡོད་པར་ངེས། སྒྲུབ་པའི་སྒང་ལ་ཡུལ་གྱི་ཕུར་བྱ་རྒོད་ནམ་མཁའ་ནས་མངོན་སུམ་ལྷུང་སྟེ་ཤི་བ་དང་། །སྒྲུབ་པ་པོ་གཅིག་གི་རྨི་ལམ་དུ། འབྲོག་མོ་རྒབ་མོ་དུང་ཕྲེང་ཅན་ཁྲོ་ཉམས་ཤིག་གིས་གཙོ་བྱས་པའི་སྐྱེ་བོ་མང་པོས་མཚོན་ཆ་སྣ་ཚོགས་ཀྱིས་ནོར་ལུག་མང་པོ་གསོད་པ་ལ་མོ་ན་རེ། ང་རྒས་ནས་སྡོད་ལོང་ནི་མི་འདུག །རྒྱང་མིག་རང་བལྟ་དགོས་པས་མིག་ཀྱང་ཆ། སེམས་ཅན་སྨྱོ་ཚད་གསོད་དགོས་བྱུང་ན་རང་གཞན་གྱི་ནོར་ཐམས་ཅད་དོགས་པ་འདུག་སྐད། ཞིང་བཅུ་ཚར་བ་རང་སྡེ་ནའང་ཡོད་ཟེར་བ་


JLAZ014_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ ལར་ཕུར་བའི་དམ་ཅན་འདི་ཤིན་དུ་མཐུ་རྩེལ་ཆེ་ཞིང་རྒྱུད་ལུགས་ཀྱི་སྐུ་རིམ་འིད་ཡང་བཀའ་གཉན་པར་འདུག་གོ །མངོན་སྤྱོད་ཀྱི་དུས་དང་དེའི་སྔོན་རང་ནས་ཕ་རོལ་ལ་བཅོས་མིན་གྱི་སྙིང་རྗེ་ཆེན་པོ་སྐྱེས་པས་ཕྱིན་ཆད་ནའང་བསྔོ་སྨོན་ནན་ཏན་བྱས། མེ་ལོག་ལོའི་རྨི་ལྟས་དེ་ལ་ཐོག་མཐའ་བར་གསུམ་གྱི་ལུང་བསྟན་སྣང་ངོ། །ལར་བྱང་ཆུབ་ཀྱི་སེམས་དང་། རྒྱུད་སྡེའི་མན་ངག་ལ་ངེས་པ་འདྲོངས་དང་བཅས་པའི་རྒྱུ་མཚན་དུ་བཀོད་ཀྱི། ངས་བྱས་ང་རྒོད་ཀྱི་ཁྲལ་དུ་འཚངས་ནི་མ་ཡིན་ནོ། །མི་རིང་བར་འདུས་པ་མདོའི་སྒྲུབ་མཆོད་བཙུགས། ལྷོ་འབྲུག་གི་ཟླ་ཟུར་བསྲེས་པོ་སངས་རྒྱས་བཟང་པོས་ཡོན་ཏན་མཛོད་མཐོང་བས་ཡི་འཕྲོག་པའི་མོས་པ་ཐོབ་ཚུལ་གྱི་མཚམས་ཞུ་རྟེན་བཅས་དང་། ཁོང་གི་སློབ་མཁ་ལིང་བ་དང་། གཞོང་དཀར་བ་གཉིས། མོན་ཤར་རོ་ལམ་པ་ལྔ་། བོ་ལོད་པ་ནང་ཚང་དུའང་སྐད་རིགས་མི་གཅིག་པ་ལྔ་སྐོར་ལ་ལོ་ཙཱ་བཙུགས་ནས་འཁྲིད་བཤད། འདི་ཚོ་ཆོས་ལ་མོས་པ་ཆེ་ཡང་སྐད་རིགས་མི་གཅིག་པས་གོ་དཀའ་བ་ལ་དཔག་ན་ཕུང་པོ་གསུམ་པ་ལས་མི་ཁོམ་པ་དགུར་ཕྱེ་པ་དེ་བདེན་པར་སྣང་ཞིང་། ཡུལ་དབུས་ཀྱི་མི་ལ་ནི། ཆོས་སྣང་དང་མོས་པ་ཟུང་ཟད་ཀྱང་མེད་པ་འདི་ཤིན་ཏུའང་སྐྱི་


JLAZ014_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས། རོ་ལམ་ཝ་སྒོ་མའི་རི་རྒྱུའི་བྲག་རི་ལ་གནས་པའི་སྦྲང་ཚང་། བྱ་རི་དྭགས་ཀྱི་སྲོག་སྐྱོབ་པའི་དོན་དུ་དངུལ་སྲང་བཅུ་ཐམ་པས་བྲག་རི་ཉོས་ཏེ། བསྐལ་པ་མ་སྟོངས་ཀྱི་བར་དུ་རི་རྒྱ་བྱས། རང་ལོ་རེ་ལྔ་པར་རྒྱལ་སྲིད་གཏོ་མ་ནས་རྒོད་ཚང་རིན་པོ་ཆེས་འོད་དཔག་མེད་ཀྱི་སྐུ་འཇོན་དམར་བྱིན་ཅན། མཛོད་དགོས་འཁོར་བརྒྱད་མ་ཡུག །གསེར་དངུལ་མར་ལྟང་སོགས་བ་དོག་པ་བྱ་ནོམ་བ་དང་བཅས་པའི་རང་འཚོ་འབུལ་མི་ལྷགས། དེ་མཚུངས་དགོན་རྩེ་རིན་པོ་ཆེས་འདྲིན་བྱེད་ལེགས་འབུལ་གྲུ་གཡུ་སྤུས་དང་། །གསེར་དངུལ། ཟོང་རས་བཅས་དང་། སྒོམ་ཕྱོགས་ལ་བསམ་བྱུང་གི་ཤེས་རབ་དཔྱད་བཟོད་པའི་དྲི་བ་རྒྱ་ཆེན་པོ་མཛོད་པ་ལ་དེ་ལན་དང་། གྲུ་གཡུ་རྟེན་བཞེངས་ཀྱི་མཛོད་སྤུར་དབྱངས། །ཆོས་སྤྱོད་བཅུའི་གཏམ་དེ་བློ་ལ་ཐོལ་བྱུང་དུ་ཤར། ས་སྐྱོང་སྡེ་དགེའི་མཚམས་ཞུ་བསྟུད་མ་དང་། རིན་ཆེན་རིལ་བུ་བཅུ་གསུམ་གསེར་དངུལ་སྤམས་མཐོ་བ་འབྱོར། ལར་ཁོ་བོ་ཅག་འདོད་བ་ཟད་པའི་བློ་སྐྱེས་པ་ནས་བཟུང་སྟེ་ཟང་ཟིང་ཆར་ལྟར་བབས་ཀྱང་། དཀོར་གྱི་ཉེས་དམིགས་ལ་འཇིགས་ཤིང་། དེ་བསོད་ནམས་སུ་སྦྱར་བའི་གཡེང་ལ་སུན་སྣང་ཆེན་པོའང་སྐྱེས། ཁ་རག་སྒོམ་ཆུང་བས། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །རྙེད་བཀུར་འཆིང་བའི་ཞགས་པ་ཡིན། །བསོད་ནམས་དགེ་


JLAZ014_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གྱི་བར་ཆད་ཡིན། །དུག་ལ་སྨན་དུ་མ་བལྟར་ཡང་། །གསུངས་པ་ལ་ངེས་ཤེས་སྐྱེས་པས་ལྷའི་ཤུའི་བདུད་དང་རྟག་པར་གཡུལ་སྤྲད། ཤཱཀྱ་ཐུབ་པ་ལས་ལྷག་པའི་འདྲེན་པ་མ་མཆིས་ཏེ་ཁོང་ལའང་ཉེར་སྤྱད་རྡོའི་ལྷུང་བཟེད་ལས་མེད་པས། གསེར་དངུལ་གྱི་རྟ་སྒ་དང་། ཇི་ལྟར་གྱི་གཟི་བྱིན་བསྒྲུབས་སྤངས་ཤིང་། བདག་པོས་གཟུང་བའི་རྟེན་མཆོད་དང་། རང་སའི་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་ཤར་བའི་རྟེན་བཞེངས་འདི་ཡང་། རྟ་ལ་རྒྱན་དུ་གྱིས་པ་དེ། །བདག་པོ་ཉིད་ལ་མཛེས་པ་ཡིན། ཞེས་པ་དེར་སྣང་། ངས་བསོད་ནམས་ཀྱི་རྒྱུན་གཏན་ནས་མི་འགྲོ་བར་རིག་ནས། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་གྱི་ཁམས་སུ་དམག་འཁྲུག་ནན་དལ་མུ་གེ་སོགས་རྗེ་ཆེར་དར་བ་ཞི་བ་ལ་དམིགས་ནས་བསམ་ཡས་ཆོས་འཁོར་ཆེན་པོར་ཆོས་ལོངས་སྤྲུལ་གསུམ་གྱི་རྟེན་བཞེང་དགོས་པ་ལས། འདི་ལོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྐུ་རྒྱུར་དངུལ་སྲང་བཞི་བརྒྱ་ཐམ་པ། ཁྲི་རྒྱབ་སོགས་གསེར་ཟངས་ཀྱི་རྒྱུར་ཟངས་ཁལ་བརྒྱད། གསེར་སྲང་བརྒྱད་ལས་འཕགས་པའི་ལྡེམ་སྐུ་སླེའུ་ཆུང་དང་བཟོ་སྒྲོས་ཐ་མི་དད་བྱོན་གཙང་ཡིད་དུ་འོང་བར་ཕྲ་རྒྱན་གྲུ་གཡུ་སྤུས་དག་གི་ཕྲ་སྤུངས། ཤེལ་ཕྲེང་བྱུ་རུ་ཆེ་ལེགས་བཅུའི་རྒྱན་བཅས་དང་། ཇོ་བོ་བྱང་ཆུབ་ཆེན་པོའི་


JLAZ014_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདུན་དུ་བོད་འབངས་བཀྲ་ཤིས་པའི་རྟེན་འབྲེལ་དུ་གསེར་སྲང་ཉི་ཤུ་རྩ་ལྔ་ལ་བརྡུངས་པའི་བཀྲ་ཤིས་རྟགས་བརྒྱད་རྣམས་ཀྱི་བཟོ་རྒྱུ་དང་། གླ་ཐོབ་སྲང་ལྔ་བཅུ་བཅས་འདོད་དཔལ་དུ་བསྐྱལ། གྲུབ་མཚམས་གོང་ས་རིན་པོ་ཆེས་བཀའ་ཤོག་རྟེན་བཟང་གོས་ཡུག་དང་། རྒྱ་དངུལ་རྟ་རྨིག་མ་བཅས་བསམ་ཡས་ཆོས་འཁོར་ཆེན་པོར་སྦྱར་ཆོག་རོགས་ཉི་སྣུ་སྐོར་དང་བཅས་རབ་གནས་བདུན་ཕྲག་གཅིག་གི་བར་བྱེད་དགོས་པ་ཕེབས་པ་བཞིན། བསམ་ཡས་སུ་འདུས་པ་མདོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་པ་དང་འབྲེལ་བར་ཞག་བཅུ་སྐོར་གྱི་བར་དུ་དངོས་སྟ་སྤྲེལ་མ་རྒྱ་གཞུང་གི་ཆོ་གར་ལྡན་པ་རྒྱས་པའི་བྱིན་སྲེག་གི་མཐའ་རྟེན་བ་བྱས། གཙུག་ལག་ཁང་ཡོངས་རྫོགས་རབ་གནས་ཀྱི་དོན་པོ་བཞི་དང་ལྡན་པའི་ལྷག་གནས་ཀྱི་མེ་ཏོག་གཏོར། སེམས་བསྐྱེད་གླིང་དུ་ཆོས་ཉིད་ཀྱི་ངང་གཅིག་ལ་མ་ཆགས་པདྨ་ཅན་གྱི་སྣ་ཚོགས་ལས་འདས་པའི་གསུང་གི་སྣང་པར། དབང་བཅུའི་དང་པོ་དཔེ་བྱད་གྲགས། །དེ་སྟེང་ཡེ་ཤེས་ལྔ་ལྡན་དཔལ། །ཞེས་པའི་དོན་དུ་སྣང་། ཞལ་གསེར་སྟོང་མཆོད་དང་། རབ་བྱུང་གྲྭ་ལ་ཉིན་གསུམ་གྱི་རབ་བཀའ་འགྱུར་གསུང་སྒྲོགས་བཙུགས། ཚར་དོད་ཡོན་ཐོབ་ལ་དངུལ་དང་ཟོང་རས་སྨར་བ་བཏབ། འཕགས་པའི་དབུ་ཐོག་དང་ཉེ་བའི་བར་


JLAZ014_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གི་ཀ་གླིང་བཞི་པ་གཅིག་ལ་བྱི་བ་ཁེབས་མཐོང་རྒྱ་སེར་གྱི་གོས་ཆེན་དང་སྨད་ཤ་མ་རྒྱན་བཞི། འཇའ་ཁོན་ཆུ་ལི་རིན་ཐང་ཅན་སོགས་སྤེལ་བའི་གནམ་རྒྱན་དངུལ་སྲང་བརྒྱད་ཅུའི་རྒྱུ་འགྲོ་ཅན་དང་། ལྕམ་གླིང་གཅིག་ལ་མཐོང་མཛོད་དགོས་ལཉྩ་མས་བྱས་པའི་གནམ་རྒྱན་བཅས་དང་། ཞབས་རྗེས་རིན་པོ་ཆེར་བཟང་གོས་ཚོན་སྤེལ་གྱི་ཕུལ་མ། བསམ་མཆིམས་ཀུན་མཁྱེན་ཆེན་བོའི་དབུ་ཐོག་རྡོ་རྗེ་གསང་ལམ་མ་སེར་པོའི་བླ་བྲེ། བྲག་དམར་ཀེའུ་ཚང་དུ་གདུང་ཁེབས་འཕུར་མ་བཅས་ཕུལ། ཇོ་བོའི་སྐུ་མདུན་གསེར་ཞོ་དང་། ཊཾ་ཁ་སོ་བདུན་གྱི་ཚོམ་བུ་མཎྜལ་དང་མཆོད་འབུལ་གྱི་མཐར། བོད་འབངས་བདེ་བ་དང་། འབྲེལ་ཐོགས་ལ་སྨོན་ལམ་རྒྱ་ཆེན་པོ་བཏབ། རབ་གྲྭ་གཙོ་བོར་གྱུག་པའི་མོན་བོད་ཀྱི་སེར་སྐྱ་བརྒྱ་སྐོར་ལ་དབུ་མ་ལུགས་ཀྱི་བྱང་སྡོམ་ཕོག །རབ་གྲྭ་ཉི་ཤུ་སྐོར་དང་། མོན་ཤར་རོ་ལམ་པ། ར་མ་གྱང་ར་བ། གཞོང་མ་རལ་པ། གདུང་བསམ་པ་བཅས་སྐད་རིགས་མི་གཅིག་པ་སུམ་ཅུ་སྐོར་ལ་ཁྲིད་ཚར་གཉིས་བཤད། ལོ་གསུམ་དང་། ལོ་མཚམས་གུ་རུའི་སྙིང་པོ་དང་། མ་ཎི་དུང་ཕྱུར་གྱི་དམ་བཅའ་འབུལ་བའང་ཁ་ཤེས་བྱུང་། སྔ་ལོ་ལྟར་མོན་ཤར་ནུབ་ཚོར་རི་དྭགས་སྦྲང་ཚང་སོགས་བསླུ་རྒྱུའི་དངུལ་སྲང་ཉི་ཤུ་སྐོར་བསྒྲུབ་ཅིང་རི་རྒྱ་བཏབ། སེམས་


JLAZ014_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མཆོད་པའི་ཞབས་འདེབས་དང་བཅས་ལུག་ཉི་ཤུ་སྐོར་ཚེ་ཐར་བྱས། དབུལ་བོ་རྣམས་ལ་སྦྱིན་པ་རྒྱ་གང་ཆེ་བྱས། རས་ཕུག་སྐུ་སྐྱེས་བསྐུལ་མ་མཛད་ནས་སྐྱ་སེར་མང་ཞིག་ལ་གསོལ་འདེབས་མན་ངག་བཅུ་གསུམ་པའི་གཏོར་དབང་བྱས། རྟ་མགྲིན་གླིང་དང་དགོན་པ་ས་སྦུག་སོགས་སུ་གོང་ས་རིན་ཆེ་དང་། སྲིད་སྐྱོང་རྟ་ཚག་གི་ཚེ་སྒྲུབ་སྦྱིན་སྲེག་སོགས་བསྒྲུབས། སློབ་དཔོན་ཚུལ་ཁྲིམས་བསོད་ནམས་སོགས་ནས་ཡོད་དགུ་བླ་མར་བསྔོ་བའི་བསྙེན་བཀུར་དང་བརྟན་བཞུགས། དེ་མཚུངས་ཆོས་རྗེ་བྲག་ཕུག་པ་ཁེ་སྨད་རིགས་ལྡན་སྒྲོལ་འབུམ་སོགས་ནས་བསྙེན་བཀུར་ཕུལ་ནོད་རྒྱ་ཆེ་བ་དང་། བརྟན་བཞུགས་ཡང་ཡང་མཛད། སྒྲོལ་འབུམ་མའི་མུ་ཏིག་སྲན་སྤོས་ཙམ་དྲུག་ཅུ་སྐོར་དང་། གཡུ་དམར་གྱི་སྐེད་ཕྲ་ཆ་བཅས་རྟ་མགྲིན་གླིང་སློབ་དཔོན་ཆེན་པོའི་དབུ་ཞྭ་གསར་ཕུལ་ལ་དབྱངས། ཆོས་རྗེ་བྲག་ཕུགས་པས་སྦྱིན་བདག་མཛོད་དེ་བསྟན་སྲིད་བདེ་ཐབས་སུ་མ་མགོན་གཡུལ་མདོས་རྒྱས་པ་བདུན་ཕྲག་ལྷག་བཅས་བཙུགས་ བསད་མདོས་སུ་ཞལ་བསྒྱུར་ནི་ཉེར་དགུའི་མདོས་ཟོར་འཕེན་ཁར་ཚར་གཅིག་ལས་མ་བྱས་པས། ཉེར་བརྒྱད་ཀྱི་ནུབ་མོ་དཔལ་སྡིངས་རྗེ་བཙུན་མའི་མན་ལ་ལམ་དུ་བུད་མེད་ཁྲོས་པའི་གཟུགས་ཅན་མང་པོས་ངེད་ཅག་ལ་དམག་བརྡ་ནི་བྱུང་། ལག་ཆ་མ་སྤྲད་ཟེར་བ་དང་། སྐོར་


JLAZ014_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་འདྲེའི་འདུ་ཚོགས་མངོན་སུམ་དུ་མཐོང་བ་སོགས་འཚུབ་ལྷོང་ཆེན་པོ་བྱུང་བས་གཡུལ་མདོས་འདི་བསྟན་སྲིད་ཀྱི་རིམ་མགྲོར་བསྙེན་སྒྲུབ་ཐེངས་པ་ལས་གང་དྲན་དུ་གྱེར་ན་རང་སྲོག་ལ་གནོད་པར་འདུག །ས་སྦུག་ཏུ་འབྲི་གུང་པའི་འདག་སྦྱར་བ་དཀའ་སྤྱད་སྡུག་སྒུར་གྱི་འཇུར་དྲན་ཅན་ལ་གེགས་སེལ་བོགས་འདོན་བྱས་ཤིང་དངུལ་སྲང་གསུམ་གྱི་མཐུན་རྐྱེན་བྱིན། གླིང་སྟོད་སྨད་ལྔ་བཅུ་སྐོར་སྤྱིར་མང་འགྱེད། སྟོད་པ་བ་རྣམས་ལ་དགོངས་པ་ཡང་ཟབ་ཀྱི་ཚོགས་བརྒྱ་མཛད་བཅུག །རྗེ་བཙུན་རཏྣའི་སྐུ་ལ་སྙན་ཤལ་ཕུལ། བཀའ་བརྒྱུད་པ་འདི་དག་སྣང་ཆེ་བས་འབྲི་གུང་ལྗོངས་པ་སྐུ་སྐྱེ་གཤེགས་པའི་དགོངས་རྫོགས་དང་། ཆུང་ཚང་ཐུར་པ་རང་གི་ཡབ་གཤེགས་པའི་བསྔོ་རྒྱུན་ཁོངས་སུ་མཚམ་ཞུག་གནང་བ་ལ་དེ་ལན་དང་ཡོན་ཏན་མཛོད་ཕུལ་བས་སླར་བང་མི་ཆེད་གནང་གི་ཞུ་འཕྲིན་དྲི་བཟང་ཕོན་ཆེ་བ་བཅས་འབྱོར་བ་ལ་དགོངས་བཞེད་བཞིན་མཛོད་འགྲེལ་ཀྱང་ཕུལ་བཀའ་བློན་ཕ་ལྷས་རྟེན་བཞེངས་ཀྱི་ལེགས་སོར་ཟ་བབས་ཡུག་རང་བཅས་ལྷ་ལྡན་དུ་གདན་འདྲེན་གྱི་ཆབ་ཤོག་དང་མི་སྣ་ནན་བསྟུད་བྱུང་ཡང་དད་གཤིན་གྱི་དཀོར་ལ་བརྐུམ། ཆགས་དང་། ཆེ་གཉན་ལ་བསྟེན་ནས་རེ་དོགས་བྱེད་རྒྱུ་གང་ཡང་མེད་བས་རང་གནས་སུ་ལོག་རྡོ་བའི་རྟ་བསུར་དང་བཅས་སྦྱིན་བདག་གདོན་


JLAZ014_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་ཀྱིས་ཆོས་ཆེར་གཟིག་ནས་ཉེན་པ་ལ་བཀའ་བསྒོ། སྦྱིན་སྲེག་ ཚེ་དབང་སོགས་བྱས་པས་འཕྲལ་དུ་ཕན། ཞག་གསུམ་གྱི་བར་བཀའ་བརྒྱད་དང་ཕུར་པའི་སྦྱིན་སྲེག །དམངས་མི་ལ་ཚེ་དབང་སོགས་སྩལ། གྲུ་ནང་དུ་ཆུ་ཀླུང་འདིའི་རྒྱུད་ལ་གནས་པའི་སྲོག་ཆགས་དང་། ཆུ་ངོགས་སུ་འགྲོ་བ་རྣམས་ལ་སྤྱོད་འཇུག་གི་སྨོན་ལམ་སོགས་བཏབ། གྲུ་ཁ་ནས་ཁེ་སྨད་ཀྱི་རྟ་བསུ་དང་བཅས་ཁྲ་འབྲུག་ཏུ་ཡུམ་སྒྲོལ་འབུམ་མས་མཆོད་པ་དང་ཚོགས་བརྒྱ་བཤམས་འདུག་པ་བཞིན། མཆོད་ཁང་རྣམས་ལ་སྙན་ཤལ་དང་། གུ་རུ་ལྷ་ཁང་དུ་ཚོགས་བརྒྱ་བཏང་། སྣེ་རྫོང་གི་ཁང་གཉེར་ཆོས་ལ་དད་པ་ཅན་ཞིག་སྐུགས་འདུག་པ་ལ་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་བྱས། ཁྱིམ་ན་གནས་པ་ལ་སྐྱོ་བ་བདེན་ཀྱང་སེམས་ཅན་ལ་འཐོམ་ཕོག་པ་དང་། ཕན་སེམས་ཡང་དག་བྱས་ནས་ལྟར་སྣང་གི་བཙུན་གཟུགས་ལ་སྨོན་མི་དགོས་ཞེས་སྨྲས། ཁེ་སྨད་དུ་བདུན་ཕྲག་ལྷག་བཅས་རིང་ཉིན་ལྟར་ཚེ་ཆོག །ཚོགས་བསྐང་། ཕུར་པའི་སྦྱིན་སྲེག་སོགས་བྱས། ལར་དད་ཅན་དང་། ཁྱིམ་བ་ཕལ་ཆེར་སྣང་བ་དག་པས་ཡོན་གནས་བླ་མའི་རིགས་ཕེབས་པས་ཆོག་བར་བ་ལྟ་ཡང་དཀོར་སྦྱོང་མི་བྱེད་པར་ཧོར་འདྲ་ལྟར་ངོ་གཡོག་མང་པོས་འདིར་དཀོན་མཆོག་ཁྲེལ་བ་ཡིན་པས་བསམ་ཡས་འཁོར་བར་ཐང་


JLAZ014_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སེ་བྱུང་། ཡུམ་སྒྲོལ་འབུམ་འདི་ཡོན་གནས་ཐམས་ཅད་ལ་དད་གཏོང་ཆེ། རྣལ་འབྱོར་མའི་བསྐྱེད་རིམ་རྒྱུན་ཆགས་སུ་མཛད་པའི་སྟེང་རྫོགས་པ་ཆེན་པོའི་ཁྲིད་བཏབ་པས་བསྐྱེད་རིམ་རང་རྒྱུད་དུ་འཛིན་པའི་གེགས་ལས་གྲོལ། གྱོན་པ་ཆ་ཚང་དང་། གསེར་དངུལ། མཛོ་མོ་སོགས་ཀྱི་དགེ་བ་རྫོགས་བྱང་དུ་བསྔོས། རང་གནས་སུ་འབྱོར་འཕྲལ་ལྷོ་རྒྱུད་དུ་རང་བསྟན་ལ་སྨན་པ་སློབ་དཔོན་འཇིགས་མེད་ཀུན་གྲོལ་འབྱོར་བའི་ཀུན་མཁྱེན་ཆེན་པོའི་བཀའ་འབུམ་འཐོར་བུའི་བོད། རང་ཉིད་ཀྱི་དགོངས་གཏེར་བསྟན་བཅོས་ཆ་ཚང་གྲ་མཚུངས་བཅོད་བཅུ་སྐོར། གསེར་དངུལ། བྱེ་རུའི་བརྒྱ་ཕྲེང་། འགོ་སྣམ་ཚོས་སྤེལ་གྱི་འབོག་ཁེབས། རྒྱ་དར་ཟོང་རས་སྤུས་དག་འབོར་ཆེ། ཐོ་ཀི། ཐ་ལི། ལིའི་ག་ཌ་ཆེ་ཆུང་། བ་སོའི་སམ་ཆུང་སོགས་ཨ་ཙ་ཏའི་ཉར་སྤྱས་རྒྱ་ཆེ་བ་དང་བཅས་པའི་བརྟན་བཞུགས་མཛད། ཁོང་གི་རོང་ཡུལ་དུ་ལོ་གསུམ་ཚར་གཉིས་ཀྱིས་མཚོན་པའི་སྒྲུབ་པའི་ཞབས་ཏོག་དང་། རྒྱུད་འབུམ། མཛོད་བདུན། སྙིང་ཏིང་སོགས་རང་བསྟན་ལ་འཆད་སྤེལ་གྱི་ཕྲིན་ལས་དང་གསུང་རབ་དེ་དག་གསར་བཞེངས་ཁྲིད་ཡིག་པར་བརྐོ། རྒྱ་བོད་ཀྱི་མཚམས་གདུང་བསམ་གྱི་རེ་རྩེར་སྒྲུབ་གྲྭ་བསྟན་རྒྱས་རི་བོ་


JLAZ014_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ནས་གྲ་བཙུན་བཞི་བཅུ་སྐོར་མཚམས་སྒྲུབ་ལ་འཇུག་པའི་སྒྲིགས་སྲོལ་ལེགས་པས་བསྟན་པ་འཕེལ་རྒྱས་སུ་ཞབས་ཏོག་གཅིག་ཏུ་ཆེ། དད་དམ་ཤེས་རབ་གསུམ་གྱི་སྣང་བ་ཡངས་བས་གཞན་དོན་ནུས་པའི་ཁར་བློ་གཙང་ཞིང་ཀུན་སྤྱོད་ཞིབ་པས་བསྙེན་རྫོགས་ཀྱི་བསླབ་པ་ཞིག་བླངས་ན་འཐད་མིན་ཞུ་བར། དེང་སང་སྔགས་ལམ་གྱི་དྲོད་ཐོབ་བ་ལྟ་ཅི། གོ་དོན་ཙམ་ལའང་རྨོངས་པས་ཀུན་ཏུ་བཟང་པོའི་ཁྲེལ་བག་གི་སྤྱོད་པ་ལ་འགོང་བའི་དུས་འདིར་བསྟན་པའི་མིག་རྐྱེན་ལའང་ཕན་པ་ཤིན་ཏུ་ཆེ་ཞིང་། བླ་མའི་དགོངས་པའང་དེས་རྫོགས་སོ་ཞེས་སྤྲོ་བ་བསྐྱེད། དུས་དབང་གིས་བརྟེན་མཁས་ཀྱི་ཡོན་ཏན་ཚང་བའི་མཁན་པོ་དཀོན་ཡང་། ངེས་འབྱུང་ལ་གུས་ཤིང་གཞན་གནོད་གཞི་བཅས་ལ་ལྡོག་པའི་སར་དེངས་ཤིག་ཅེས་བསྐུལ། སྔར་མ་ཐོབ་པའི་དབང་བཀའ་རྗེས་གནང་ཐམས་ཅན་ཀྱི་བཀའ་གཏད་བྱས། མཚོ་རྒྱལ་བླ་མཚོའི་ལུང་བསྟན་ཡང་འིད་ལ་བལྟ་བ་འདྲ། རང་གནས་སུ་ཁོང་གི་སློབ་མ་རྣམས་དང་། ཁོ་ལོང་བ་བཅུ་གྲངས་ལ་ཁྲིད་བཏབ། སྡེ་དགེ་ལྷ་ལྕམ་དང་ཚུལ་མས་ཡོན་ཏན་མཛོད་རྩ་འགྲེལ་པོད་གཉིས་ལ་ཤོག་གྲངས་སྟོང་ལ་ཉེ་བའི་བར་ཕུད་གླེགས་བམ་ཆ་བདུན། མཚམས་ཞུ་དང་བཅས་པ། རིག་


JLAZ014_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་རྣམས་ལ་རྣམ་དཔྱོད་ཡངས་པ་རང་ཁབ་ཀྱི་དྲུང་ཡིག་པདྨ་རྣམ་དག་གིས་ཞུས་དག་མཛད་བའི་མཚམས་ཞུ་དང་། དོགས་སེལ་བཅས་འབྱོར། པར་ཤིང་ཡར་དགོས་ནའང་འབུལ་གསུང་སྟེ། བོད་ཆོས་ཉམས་ཆུང་། ཕྱོགས་རིས་ཆེ། ཕལ་ཆེར་ཆོས་ཀྱིས་སུན། །དར་ལ་མ་སྨིན་པའི་སྐབས་འདིར་དགོས་པ་ཆུང་ཞིང་། ས་ཐག་རིང་པོ་ནས་ཁལ་མའི་དཀའ་སྤྱོད་གཅིག་པོར་ཡང་འཇིགས་པས་རང་སར་བཞག་དཔོན་འབངས་གཉིས་ཁར་ལེགས་སོའི་ཞུ་ལན་དང་། དངོས་པོ་མི་དགོས་སྐྲ་སེན་སོགས་དགོས་ཚུལ་ལ་བླ་མ་དཔལ་སྡིངས་པའི་གའུར་རང་ཉིད་ཀྱི་འགྲམ་སོར་སྐྱེས་པའི་རིང་བསྲེལ་འབུར་གཉིས་དོད་པ་འཕེལ་ཕྱེ་དང་བཅས་པ་དང་། འཇོན་དམར་གྱི་སྣང་མཐའ། འགོ་སྣམ་སོགས་རྟེན་བཅས་འོས་རིས། དྲུང་ཡིག་དང་བར་དཔོན་ལའང་དེ་མཚུངས་བཅས་སོང་། དགེ་སྦྱོང་སྦེག་ལ་རྦད་དང་། མཚོན་གྱི་དབང་བ་རྦད་དུ་ནོར་བ་སོགས་ལས་པར་འཛུགས་མང་པོ་བར་ཆུད་ཟོས་ཀྱི་རྒྱུར་སྣང་། དཔལ་གྲ་སུམ་ཅུ་སྐོར་གྱིས་གཙོས་འདུས་པ་བཞི་བཅུ་སྐོར་ལ། གྲོལ་ཐིག་རིག་འཛིན། ཐུགས་རྗེ་ཆེན་པོ་ཞི་དྲག །འཆི་མེད་སྐུ་གསུམ་འདུས་པ། གཤིན་རྗེ་གསུམ་དྲིལ་རྣམས་ཀྱི་དབང་དང་།


JLAZ014_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཆོས་ཕལ་ཆེར་གྱི་ལུང་བཅས་བགྱིས་ཤིང་། མདོ་སྔགས་སྨོན་ལམ་ལ་གོ་དོན་བཤད་པ་ཡིག་ཐོག་འཁོད་པ་བྱས། སྲིད་སྐྱོང་རྟ་ཚག་རིན་པོ་ཆེས་རྒྱུད་འབུམ་དཀར་ཆག་གི་མཚོན་པའི་རྩོམ་རིགས་གཡར་པོ་དགོས་ཚུལ་དང་། རྒྱུད་འབུམ་གསུང་སྒྲོག་བྱེད་དུ་གནང་བ་ཉིན་གསུམ་གྱི་རིང་གྲྭ་པ་རྣམས་ཀྱིས་བསྒྲུབ། གྲོལ་ཐིག་གི་བདག་འཇུག་བླངས་ཤིང་། ཆོ་ག་ཕྱག་ལེན་ལའང་གདར་བྱས། གཤིན་རྗེའི་སྐོར་དང་། ཐུགས་རྗེ་ཆེན་པོའི་སྐོར་ལ་ཡིག་གསར་བྱུང་བ་ཞབས་ཏོག་ཡིན་ཀྱང་། གཏེར་གཞུང་དང་སྤྲུལ་པའི་གཏེར་སྟོན་གྱི་ལྗངས་སྒྲིགས་ལ་བཅོས་ན་མི་ལེགས་པས་ནོར་བ་ཡོད་སར་མཆན་བུས་བཏབ། ལར་ཚེ་བདག་ཟླ་གསང་ནག་པོ་དང་། འཆར་ཀ་ཆུ་ཐིག་སྔན་པོའི་རྒྱུད་ན་བསྡུ་ལུགས་ལེགས་པ་གནུབས་ཆེན་གྱི་རྣལ་དཔྱོད་དུ་ཆེ་བ་བཞིན་སྤྲུལ་པའི་གཏེར་སྟོན་ཆེན་པོ་འདིས་གཤེད་སྐོར་ལ་དེ་བཞིན་གཤེགས་པའི་རིགས་ཕྱག་རྒྱ་ཟིལ་གནོན་རྡོ་རྗེའི་རིགས་འཇོམས་བྱེད་ནག་པོ། །རིན་པོ་ཆེའི་རིགས་ཁ་ཐུན། པདྨའི་རིགས་འཇིགས་བྱེད་དུ་མཚན་དམར་པོ། །ལས་ཀྱི་རིགས་གཤོར་སོང་ཉི་མ་ཁྲོས་པ་སོགས་རིགས་ལྔ་དང་། ཚེ་བདག་བཀའ་གཏེར། ལྕགས་འདྲ་ལྕགས་སྡིག །ཁྲོ་ཆུ་ཀི་ཀང་། ཡང་བཟློག །


JLAZ014_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གསར་མའི་གཤེད་སྐོར་རྒྱ་མཚོ་ལྟ་བུ་གསན་ཅིང་ལྷོངས་སུ་གྱུར་པ་ཡིན་ན། གང་ཅན་མཚོའི་ཞིང་ཁམས་ལ་འཛམ་བུའི་གླིང་གི་གླིང་བཤད་བྱེད་པའི་སྔ་རབས་པ་ཁ་ཅིག་གིས་འཇིགས་བྱེད་ཡོད་པ་གཞན་ཕྱོགས་དང་འདྲེས་པའོ་སྙམ་དུ་རྟོག་ཅིང་དཔྱོད་བ་ནི་མུ་ཅོར་སྨྲ་བ་ཡིན་ནོ། །ལོ་སྔ་ཕྱིར་ཕུར་པ་རྒྱུད་ལུགས་ཀྱི་སྦྱིན་སྲེག་འབུམ་ཐེར་རེ། ཆབ་གཏོར་དེ་མཚུངས། ཚེ་གཟུངས་འབུམ་ཐེར། བཤགས་རྒྱུད་བརྒྱ་རྩ། རྒྱས་འབྲིང་བསྡུས་གསུམ། ཚེ་མདོ་བརྒྱ་རྩ་དང་། དཔལ་རིར་འདུས་པ་མདོའི་སྒྲུབ་མཆོད་ལ་ཞབས་ཏོག་ཉིན་འཁྱོངས། འགྱེད་ཊཾ་ཁ་རེ། རྒྱུད་འབུམ་པོད་ཉེར་ལྔ་དང་། མཛོད་བདུན་ཤིང་རྟ་སྐོར་གསུམ་རྩ་འགྲེལ་དང་བཅས་ཁྱོན་པོད་སུམ་ཅུ་སོ་བདུན་ལ་ན་བཟའ། གདོང་དར། གླེགས་ཆབ་དངུལ་དཀར་གཟོང་རིས་མཆེ་གསེར་ཅན་ཞོ་ལྔ་རེའི་ལྗོད་ལྡན། ཏོང་སྐུད་ལྗང་གུའི་སི་ཏ་ཏུ་ཞེ་མཚུངས་དང་། རྟེན་གཙོ་རྣམ་སྣང་ལ་རིན་པོ་ཆེའི་པྲོག་ཞུ་གཡུ་བད་གསུམ་པ། གཡུ་བྱུར་སྤེལ་བའི་སྐྲ་སྡོམ་བཅས་དངུལ་སྲང་བརྒྱའི་རིན་ཐང་ཅན་ཕུལ། ལྷ་བབ་དུས་ཆེན་ཉིན་སྲོང་བཙན་དུ་སྟོང་མཆོད་དང་། ཀ་འཕན་ཆེ་བ་ཆ། བཟང་གོས་ཀྱི་གདུང་འཕུར་མ་ཅན། ཁྲ་འབྲུག་ཨོ་རྒྱན་ལྷ་ཁང་གི་ཕྱི་ཁྱམས་ཀ་གླིང་བཞིའི་སར་བཟང་གོས་བཅད་ལྡན་མེ་ཏོག་སེར་པོ་དང་། །རྒྱན་བཞི་སྔོན་པོས་


JLAZ014_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

མཐོངས་བྱས་པའ་མཛོད་གོས་ཚོས་སྤེལ་ཡུག་བཅུ་དྲུག་གི་གནམ་རྒྱན་དང་། ཞལ་གསོའི་སྟོང་མཆོད་བཅས་ཕུལ། ལྷོ་བྲག་ཐུགས་སྲས་སྐུ་སྐྱེ་རིན་པོ་ཆེ་གཞིས་ཀར་འཁོར་ཞག་ལ་ཕེབས། དབང་ཞིག་དགོས་གསུངས་པ་ལ་ཐུགས་རྒྱུད་སྨིན་དུ་རེ་བས་མཁའ་འགྲོ་ཡང་ཏིག་བྱས། ཐེགས་ཁར་གཅོད་ཀྱི་ལུང་དགོས་གསུང་པ་བླ་མ་སྐུན་ཕྲ། ལས་དང་པོ་བ་ཡི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །ཞེས་པ་ལ་སེམས་བསྐྱེད་ནས་རྟེན་འབྲེལ་མི་ལྡོག་པར་བྱས་ཤིང་། མཛོད་བདན་ཤིང་རྟ་སྐོར་གསུམ་དང་། རང་མཛོད་རྩ་འགྲེལ་སོགས་ཀྱི་བཀ་གཏད་སྨོན་ལམ་བྱས། ལར་ཕལ་མོ་ཆེ་ལ། མཛའ་མིན་དེ་ནི་ཤེས་རབ་མགོན། །སྡིག་དང་བྱིས་གྲོགས་ཀྱིས་བཀབ་པའི། །གླང་པོ་བསྟི་གནས་ཙམ་གྱིས་དྲེགས། །རྒྱ་ཆེན་ཆོས་ཀྱི་སྣོད་ལས་བསྐལ། །ཀརྨ་པ་ཞྭ་ནག་རིན་པོ་ཆེའི་གསུང་འཕྲིན་ལ་ཡོན་ཏན་མཛོད་ཀྱི་སྐྱེས་ལན་ཕུལ། ལྷོ་མོན་ཁོ་ལོང་སྟོད་རྩ་མདའ་ཞེས་པའི་ས་ཡུལ་དུ་རང་སློབ་ཕྲིན་ལས་རྒྱལ་མཚན་གྱི་དགོན་གནས་མཆོད་ཁང་གསར་བཞེངས་ལ། རྟེན་སྐལ་སྒྲོལ་མ་ཆོས་ལི། ཐུབ་དབང་བཀའ་ལི་ ཙནྡན་དམར་པོའི་སློབ་དཔོན་ཆེན་པོག་ཙོ་འཁོར། ཙན་འདམ་གྱི་མཆོད་རྟེན་བྱིན་ཅན། རྡོར་དྲིལ། མཎྜལ། མཆོད་ཀོང་སོགས་མཆོད་ཆ་དང་། རྟེན་གསར་


JLAZ014_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཀྱི་གཟུངས་ལ་སངས་རྒྱས་གསེར་ཐུབ་ཀྱི་རིང་བསྲེལ། འབོར་ཆེ། བྱིན་རྟེན་སྣ་འདུས། ཉེ་བར་སྤྱད་པའི་གྱོན་པ་སོགས་བསྐུར་ཞིང་དགོན་པའི་མིང་འགྲོ་ཕན་འོད་ཟེར་གླིང་དུ་བཏགས། སློབ་དཔོན་འཇིགས་མེད་པ་དེངས་ཁར། གདུང་བསམ་ཡོངས་ལྷ་བསྟན་རྒྱས་རི་བོ་དཔལ་འབར་གླིང་གི་རྟེན་སྐལ་དུ་ཆོས་ལི་ལས་གྲུབ་པའི་ཨོ་རྒྱན་ཆེན་པོའི་སྣང་བ་བརྙན་ཆེ་ལེགས་བྱིན་ཅན། རྡོར་དྲིལ་གསེར་མགོ་མ་ལེགས་པ། ཧོར་སྦུབ་མཛོད་འགྲེལ་བོད་གཉིས་བཅས་བསྐུར། སྲིད་སྐྱོང་རྟ་ཚག་རིན་པོ་ཆེའི་ཕུར་སྒྲུབ་བདུན་ཕྲག་གཅིག་བཙུགས། ཇོ་བོ་ཤཱཀྱ་མུ་ནེར་ཆོ་འཕྲུལ་ཟླ་བ་རིལ་པོར་མཆོད་མེ་སྡོང་རྐང་ཉིན་འཁྱོངས་བ་དང་། སྙན་ཤལ་ཨ་ཡུ་ཤེ་བསྲངས། མཁའ་འགྲོའི་མེ་མཆོད་འཐུམ་ཐེར། ཚེ་གཟུངས་འབུམ་ཐེར། མངའ་གྲར་མང་ཇ། དབུལ་བོར་སྦྱིན་གཏོང་སོགས་བྱས། རྣམ་སྨིན་གྱི་ལུས་རྟེན་འདིའི་ཆོས་ཉིད་ཀྱི་རྟེན་ཅན་བྷི་དྷིཙིཏྟ་རཏྣ་དྲི་བཞོན་གྱི་དཔྱར་ཐག་ལ་དྲང་བ་དང་། ཁྱབ་པར་གསལ་བ་སོགས་ལ་ལང་ཚོའི་དུས་ནས་འབད་མི་དགོས་པའི་རང་དབང་ཅན་ཉིད་ནའང་། རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཐུགས་རྗེའམ། །ལས་ཀྱི་གཞན་དབང་གང་ཡིན་ཀྱང་། །རིང་མོའི་གང་ནས་རྒྱ་གར་རྒྱལ་པོས་གླང་ཆེན་ཐལ་ཀར་གཞོན་


JLAZ014_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ནུའི་སྐྱེས་བསྐུར་བའི་རྨི་ལྟས་ལྟར་ཀུནྟའི་མྱུ་གུ་ཞིག་ཀྱང་འཕེལ། སྔ་ལོ་སྒོམ་པ་ཞིག་གཡའ་ལུང་དུ་བསྒྲུབ་པའི་རྨི་ལྟས་སུ། པདྨ་འོད་གླིང་ནས་ཡོན་བདག་གི་ཁྱིམ་ཐོག་རྒྱལ་མཚན་ལ་འོད་ཟེར་འཕྲོ་བ་དང་། སྐྱེད་ཚལ་དེར་ཧ་ལོའི་སྡོང་པོ་ཡ་མཚན་ཅན་སྐྱེས་པ་ལ་མིང་མང་པོས་བསྐོར་བ་བྱེད་པ། ལོ་འདིར་སྐྱ་རེངས་དང་ཉི་མ་ནུབ་ཕྱོགས་ནས་གསུམ་ཤར་བ་དང་། བླ་མ་དཔལ་སྡིངས་པ་ལོ་གསུམ་ལ་ཡོད་ཐོག་ལྷུམས་དུས་དང་མཚུངས་པར་ཁང་ཐོག་དེར་ཁྲི་ལྕོག་མཐོན་པོ་དཀར་ཡོལ་དང་བཅས་པ་རས་དཀར་གྱིས་ཁེབས་བྱས་པ་སོགས་བྱུང་ཟེར་ཀྱང་རེ་དོགས་དང་འདུས་བྱས་ནི། བསླུ་བའི་ཆོས་ཅན་ཉིད་ཡིན་ཕྱིར་མཉམ་པ་ཆེན་པོར་གདལ། འོན་ཀྱང་ལ་ཉེ་ནི་བཟང་སྟེ། དེ་མ་ཐག་པའི་ཞག་བདུན་པ་ལ་མདོ་ཁམས་ནས་རང་སློབ་དད་དམ་ཤེས་རབ་ཅན་འཇིགས་མེད་བློ་གསལ་ས་སྐྱོང་སྡེ་དགེའི་བརྟན་བཞུགས་འབུམ་རྒྱུ་དང་། རྡོ་བླ་འཇིགས་མེད་ཀྱིས་དབུས་རྫོགས་ཆེན་ཕྱོགས་ཀྱི་བླ་མ་བླ་མཆན་སྡེ་དགེའི་མི་དྲག་རྣམས་དང་བཅས་པའི་མཚམས་ཞུ་རྟེན་སུམ་ཅུ་སྐོར་འབྱོར། རྡོ་བླ་འཇིགས་མེད་ཕྲིན་ལས་འོད་ཟེར་དཔོན་སློབ་སྡེ་དགེའི་ཕོ་བྲང་དུ། ཕུར་པ་རྒྱུད་ལུགས་དང་། དཔལ་ཆེན་གྱི་སྒྲུབ་པ་མཛད་པས། མངོན་རྟགས་ལེགས་ཚུལ་དང་། སྡེ་དགེའི་མངའ་རིས་


JLAZ014_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩེ་ཞེས་པའི་ཡུལ་དུས་སྐྱོང་དབང་མོས་བདག་རྐྱེན་མཛད་ནས་མི་སེར་ལ་ཐོ་མི་ཕོག་པའི་གནང་སྦྱིན་དངུལ་སྲང་བརྒྱ་སྐོར་བཅས་རང་ལུགས་ཀྱི་ཆོས་བརྒྱུད་འཛིན་པའི་དགོན་པ་འདུ་ཁང་ཀ་བ་བཅུ་དྲུག་གིས་གསར་འདེབས་མཛད། སྔ་སོར་པར་ཁང་གི་བཀའ་བསྟན་པར་ཤོག་ངན་པ་བཟང་དུ་བཏང་བའི་དགེ་བསྐུལ་དང་ལན་གནང་ཚུལ་བཅས་འབྱོར། གནད་བྱང་ལས། ངང་ཚུལ་ལོ་གྱོང་རྒྱལ་མོ་བཙུན དབྱིངས་ཕྱུག་མཁའ་འགྲོ་ཨར་ཀ་ཛས ཆོས་སྲིད་རྟེན་འབྲེལ་ལེགས་ཚོགས་སྤེལ ཞེས་པ་དང་། རྡོ་བླས་ཀློང་སྙིང་གི་ཁྲིད་བཤད་པའི་དུས་པ་སྔ་ཕྱི་བར་གསུམ་ལ། ཉིས་སྟོང་དང་། སུམ་སྟོང་དང་། ལྔ་སྟོང་ལ་སོགས་པ་བྱུང་ཞིང་། ཁྱིམ་པ་རྣམས་ཀྱི་རྔོན་པ་མི་བྱེད་པའི་དམ་བཅའ་འབུལ་བས་སྲོག་ཆགས་པ་གྲངས་ལས་འདས་པ་ཚེ་ཐར་ཞིང་མི་འཇིགས་པའི་སྦྱིན་པ་ཐོབ་པས། ངེད་ཀྱི་དབེན་པ་བཟུང་ནས་སྨོན་འཇུག་གི་སེམས་བསྐྱེད་པ་ལ་གྲུབ་འབྲས་ཟུང་ཟད་བྱུང་སྙམ་པའི་སྤྲོ་བསྐྱེད། ནམ་སྙིང་ཉང་ནམ་མཆོག་དབྱངས་དང་ ལྷ་སྲས་སྤྲུལ་པས་ཆོས་སྒོ་འབྱེད ཅེས་པའི་ལུང་བསྟན་རྣམས་མངོན་དུ་གྱུར། དགོན་རྩེ་སྤྲུལ་པའི་སྐུ་ཕེབས་ནས་ཟླ་གཅིག་ལྷག་བཅས་བཞུགས་རིང་དབང་ཆོས་དང་ཆོས་དོན་གྱི་དྲི་བ་མཛད་པ་


JLAZ014_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རྟོན་པ་བཞི་ལྡན་གྱི་ལན་ཡང་དག་བྱས། ཆོས་མཐུན་དད་ལྡན་གྱི་སློབ་མ་འཇིགས་མེད་བློ་གསལ་ཅན་དང་འཇིགས་མེད་ཆོས་ལྡན། གླིང་སྤྱི་བོ་རི་ཁྲོད་ཀྱི་སློབ་དཔོན་རིག་འཛིན། ཆབ་མདོ་ཀརྨ་རབ་རྒྱས། དར་མདོ་བ་པདྨ་སྐལ་བཟང་། རྒྱལ་རོང་པ་བསོད་ནམས་བཀྲ་ཤིས། ཡིད་ལྷུང་བ་པདྨ་དཀོན་མཆོག །ཀརྨ་ཕུན་ཚོགས་གཉིས་སོགས་འདུས་པ་ཉི་ཤུ་སྐོར་ལ་ཀློང་སྙིང་གི་ཁྲིད་སོགས་སྨིན་གྲོལ་གྱི་སྒོ་ཕྱེ། དཔལ་འཛིན་གྱི་འབྱམས་ཡིག་ལན་རྒྱལ་བ་གཉིས་པས་མཛད་པ། དཀར་ཆག་རིན་པོ་ཆེའི་མཛོད་ཁང་དུ་ཡང་མ་ཐེབས་ཤིང་། དཔེ་རྒྱུན་ད་བན་མཐོང་ཐོས་མ་བྱུང་བ་འདི་ལོ་གཙང་ནས་རྙེད་པ་ལ་ལྷན་ཐབས་གསར་བསྣན་དང་། ཀུན་སློང་ངན་པའི་ངག་ཚིག་བརླང་པོས་ཀ་དག་ལ་ཟུར་ཟ་བྱས་པའི་ལན་དགོས་ཚུལ་ལ། བོད་འདིར་སྔོན་གྱི་མཁས་པ་རྣམས་ཀྱི་དགག་སྒྲུབ་ཀྱང་ཕྱོགས་ལྷུང་གི་ཀུན་ནས་བསླང་པའི་ཆོས་སྤང་དང་བསྟན་སེལ་སྡེ་འཁྲུགས་སོགས་ཀྱི་རྒྱུ་འབའ་ཞིག་ཏུ་སོང་སྣང་ན། དེང་སང་ཕྱོགས་རེའི་མིག་ཅན་ལ་གག་ལན་དགོས་པའི་རྒྱུ་མི་སྣང་སྟ། གཟུ་བོར་གནས་པ་དང་། དད་པའི་རྗེས་འབྲངས་རྣམས་ཡིད་གཉིས་ལས་གྲོལ་བའི་ཕྱིར། རྡོ་རྗེ་གཟིགས་མའི་མཚོན་ཆ་དེ་བློ་ཐོག་ནས་ཡུད་ཙམ་ལ་བྲིས། ལར་ཀ་དག་གི་


previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next