Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
  expand section
  collapse section
   
   
   
   
ཤོག་ལྷེབ་ ༦༠༡ ནས་ ༧༣༡ བར།


 
previousཤོག་ལྷེབ་ ༦༠༡ ནས་ ༧༣༡ བར།no next

ཤོག་ལྷེབ་ ༦༠༡ ནས་ ༧༣༡ བར།


JLAZ014_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དོན་དང་འབྲེལ་བའི་རྫོགས་པ་ཆེན་པོའི་ལྟ་བ་འདི། ཁྲིད་རིམ་ཐམས་ཅན་ལ་ཡིན་ལུགས་རྗེན་པར་ངོ་སྤྲད་ཀྱང་། ཤེས་སྒྲིབ་ཀྱི་འོག་ནས་ལྡང་མི་ནས་པར་འདུག་པས། སླད་ཀྱི་སྒྲུབ་པ་ལ་ཡུན་རིང་དུ་ཞུགས་ཤིང་མོས་གུས་ཀྱི་མཚམས་སྦྱར་ནས་རྟོག་པ་ནི་རེ་མང་བྱུང་ལ། གཞན་དུ་དབུ་མ་སེམས་ཙམ་གྱི་ལྟ་བ་ལ། དྲན་པ་མངོན་དུ་བཞག་པའི་དབུ་མ་ཐལ་འགྱུར་པ་དང་ཕྱག་རྫོགས་ཀྱི་མིང་ཅན་ཤ་སྟག་སྣང་། ཁམས་སྟག་མོ་དགོན་ནས་ཉི་གྲགས་རིན་པོ་ཆེའི་མཚམས་ཞུ་ཞབས་བརྟན་དང་དབུ་མཛད་བརྩོན་འགྲུས་ཀྱི་དྲི་བ་ལ་ལན་བཏབ། ས་སྐྱོང་སྡེ་དགེའི་རྒྱལ་བུ་འཇིགས་བྲལ་ཚོད་པདྨ་རྡོ་རྗེ་རིགས་འཛིན་ལ་སྤྲིང་ཡིག་ཆར་སྤྲིན་གྱི་རིལ་མོ་དང་། སྟོན་པས་རྒྱལ་པོ་ལ་བཅས་པའི་འཇུག་པའི་བསླབ་བྱ་གསུམ་ལས། མི་འཇིགས་པའི་སྐྱབས་སྦྱིན་དང་། བཟོད་པའི་རྟེན་འབྲེལ་ལས་སྐུ་ཚེ་འཕེལ་ཕྱིར། ད་ལྟ་བའི་ནག་ཅན་བཙོན་དོང་དུ་ཆུད་པ་རྣམས་བདེ་བར་དབུགས་འབྱིན་གྱི་དགེ་བསྐུལ་བྱས། དགེ་རྩེའི་དགོན་གསར་འོག་མིན་རིག་འཛིན་འཕེལ་རྒྱས་གླིང་གི་རྟེན་སྐལ་དུ་ཆོས་ལི་ཕྱི་མའི་རྡོ་རྗེ་གཞོན་ནུ་ཡབ་ཡུམ་མཐོ་ཚད་པ། ཕུར་པ་རྒྱུད་ལུགས་ཀྱི་ཟིན་བྲིས་ལག་བྲིས་མ། བཀའ་གདམས་བད་སྤུངས། གཙོ་ཕུར་གསེར་སྐུད་ཀྱི་བཅད་


JLAZ014_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སྤུས་དག་བྱིན་ཅན། གླང་མཆེ། རྒོད་ཚང་སྣ་ཚོགས་པའི་དབུ་ཞྭ། རང་ཉིད་ཀྱི་དབང་ཞྭ་སོགས་དང་། རྒྱ་རོང་དགོན་པར་ཕུར་བ་རྒྱུད་ལུགས་སྒྲུབ་མཆོད་གཏན་ཆགས་ཚུགས་རྒྱུ་ལ་ཙཎྜན་དམར་པོའི་གཙོ་ཕུར་སྤུས་དག་ཆེ་ལེགས་བསྲིངས། ཚོགས་པ་ལྔ་བཅུ་སྐོར་གྱི་ཚེ་ཆོག །ཚེ་གཟུངས་སུན་བཟློག་དང་འབྲེལ་བར་ས་སྐྱོང་སྡེ་དགེའི་ཞབས་བརྟན་ཉིན་འཁྱོངས་ཊཾ་འགྱེད་བཅས་དང་། འཇིགས་མེད་བློ་གསལ་འོད་ཟེར་ལ་བཀའ་གཏད་རྗེས་གནང་བྱིན་ནས་བླ་མཆད་དུ་དབང་བསྐུར་བ་བཞིན་མཎྚལ་བཤད་པའང་འགྲེལ་ཆགས་པ་བྱུང་ཞིང་། སྡེ་དགེ་རང་ནས་པི་ཝརྟ་དང་བཅས་པའི་མངོན་བརྗོད་འིད་ལྟར་ཏེ། ངོ་མཚར་རང་བྱུང་པད་སྡོང་རྩེར་འཁྲུངས་མི་འགྱུར་རྡོ་རྗེའི་གསང་བ་གསུམ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་བཞིན་ལྷ་དང་བླ་མ་དབྱེར་མེད་དངོས། །འཇིགས་མེད་བརྟུལ་ཞུགས་གྲུབ་པའི་གྲགས་སྙན་འཛ་གླིང་ཐ་དྲུར་ཡོངས་ཁྱབ་པའི། །རྔ་ཡབ་དཔལ་རིའི་རིག་འཛིན་གཙོ་དེ་གངས་ལྗོངས་སྐྱབས་དེང་བྱོན་ཉིད། །འདྲེན་པ་མཆོག་གི་སྤངས་རྟོགས་ཡོན་ཏན་ཆ། །གདོད་མའི་གཞི་ལམ་མངོན་རྫོགས་ཡེ་ཤེས་རྩལ། །སྟོན་དང་བསྟན་འཛིན་དམ་པ་བསམ་འདས་ལས། །དེང་འདིར་ཚུར་མཐོང་རྡོ་རྗེའི་སློབ་


JLAZ014_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཚུལ། །དྲན་དང་མཁྱེན་བཞིན་དངུས་བསྟན་འགྲོའི་གཉེན། །སྲིད་པ་གཟུང་བར་ལམ་ཞུགས་བསག་སྦྱང་ལ། །ལྟོས་པ་མིན་ཀྱང་དོན་མཐུན་བསྡུ་དངོས་ཀྱི། །མོད་སྔགས་བསྟན་ལ་རིམ་འཇུག་བརྟུལ་ཞུགས་གཞས། །གཟིགས་པ་དྲི་མེད་ཆོས་སྤྱན་དག་པའི་ངོར། །ཕྲ་ཞིབ་རང་གཞན་གུབ་མཐའ་རྣམ་འབྱེད་ཀྱིས། །མཁྱེན་དཔྱོད་འིད་འདྲ་འཕགས་ཆེན་ངང་ཚུལ་ལས། །ཚུར་མཐོང་སྦྱངས་སྟོབས་ཙམ་གྱི་སྤྱོད་ཡུལ་ཅི། །ཚུལ་དེས་རྣམ་མཁྱེན་འཇུག་བ་སྐད་ཅིག་རེར། འཁོར་འདས་ཆོས་ཀྱི་རང་དང་སྤྱིའི་མཚན་ཉིད། །སྒྲིབ་ཐོགས་བྲལ་དེས་ཤེས་བྱ་ར་མཐའ་མེད་པའི། །གྲགས་སྐམ་དབང་གཞུང་སྟོང་ཆེན་དབྱིངས་སུ་ཡལ། །ཉི་མའི་གཉེན་གྱི་བགྲང་ཡས་བསྐོས་པའི་སྲིད། །བྱང་ཆུབ་སྙིང་པོར་གང་གི་གཤེགས་པའི་ལམ། འདོམས་ལ་ཁྱོད་དང་རྒྱལ་སྲས་ཞི་བ་ལྷ། །དབུ་མཐའི་ཡུལ་གྱི་བསྐལ་བས་སོ་སོར་རྟོགས། །ངེས་དོན་དཀྱིལ་འཁོར་བདག་པོར་ཡོངས་གྲུབ་པས། །རྒྱུད་སྡེའི་ལམ་སྲོལ་འབྱེད་ལ་བསྙེངས་བྲལ་འདིས། །གནས་གསུམ་ཌཱ་ཀྐིའི་ཕ་ནོར་བུ་སྐལ་དུ། །གསང་མཛོད་ལྡེ་མིག་ཁྱེད་ལ་གཏད་མིན་ནམ། །ཁྱད་པར་རབ་མཆོག་རྩེ་


JLAZ014_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྐལ་ལྡན་ཅན། །ཐུན་མོང་ཡུལ་མིན་ངེས་གསང་རྫོགས་པ་ཆེའི། །ཤིང་རྟའི་སྲོལ་ཆེན་འབྱེད་ལ་མཚོ་སྐྱེས་རྗེ། །མངལ་སྐྱེས་འཕྲུལ་གྱིས་སླར་ཡང་དེང་བྱོན་བཞིན། །ཕྱག་རྫོགས་དབུ་མ་ཆེན་པོ་རྣམ་གསུམ་ཞེས། །མྱུར་བུ་ལ་མགོ་སྙོམས་གད་རྒྱངས་ཆེར་སྒྲོགས་ཀྱང་། །ཟག་བཅས་ཕུང་པོ་འོད་སྐུར་མངོན་དེངས་པ། །མཆོག་གསང་ཨ་ཏིའི་ཁྱད་ཆོས་ཅི་ཡིས་བསྙོམ། །ཚུལ་དེའི་རྒྱལ་རིགས་གནག་ཟག་ཟབ་གཏེར་གྱི། །བྱིན་རླབས་ཀློང་ཆེན་དར་དྲག་བྱུང་མོད་དེ། །དགུན་ཆུའི་ཉག་ལྟར་ཕྲ་འདིར་འདྲེན་པ་ཁྱོད། །རྒྱལ་ཀུན་བཀའ་བགྲོས་འབྱོན་པར་བསྐུལ་མིན་ནམ། །ཀུན་བཟང་དགོངས་པའི་ཀློང་ཆེན་འགྲོ་རྒྱུད་ལ། །སྨིན་མཛད་སྙིང་ཏིག་རྡོ་རྗེའི་ཚིག་རྐང་རེར། །ཟབ་དོན་བདུད་རྩིའི་ཆུ་ཀླུང་འབུམ་འཇོ་གང་། །གདེངས་ཅན་བདག་པོ་ཁྱོད་ཀྱི་དྲིན་ལས་ཐོབ། །ཡོན་ཏན་དཔག་ཡས་རིན་ཆེན་མཛོད་ཀྱིས་མཚོན། །དོན་ལྡན་ཆོས་དང་ཉེར་འབྲེལ་འཆོས་སྐྱོབ་ཚོགས། །བསྐལ་བཟང་དགའ་སྟོན་སྩལ་བའི་སྐུ་ཡི་དྲིན། །དངོས་པོར་གྱུར་ན་མཁའ་འདི་སྣོད་དུ་ཆུང་། །ལྔ་བདོའི་བརླང་སྤྱོད་འབིགས་བྱེད་ས་འཛིན་སྤོ། །ཕྲིན་ལས་སྟོབས་ཀྱི་ནོར་ལྡན་གཞིར་ཉལ་ནས། རྒྱལ་བསྟན་ཉིན་བྱེད་འཛམ་གླིང་གསལ་


JLAZ014_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི། །སྔོན་བྱུང་འཆི་མེད་སྡེ་དཔོན་འཕྲུལ་ལ་ཞུགས། །ཁྱོད་ཞལ་མཐོང་དང་གསུང་གི་ཟེགས་མ་ཙམ། །སྐལ་བར་ཐོབ་པའི་མོད་ལ་སུ་ཞིག་ཀྱང་། །གང་ཟག་དམ་པའི་གྲངས་སུ་བགྱིད་ནུས་འདིས། །འབྲེལ་ཚད་དོན་ལྡན་གཏམ་དེ་མངོན་དུ་གྱུར། །ཡུལ་དང་སྐད་རིགས་མི་གཅིག་ལམ་རིང་གིས། །བསྐལ་ཀྱང་སྨོན་ལམ་དུས་སྨིན་ལས་ལྡན་ཚོགས། །ཁྱོད་དྲུང་ཆོས་དོན་གཉེར་ལ་དབང་བའི་ཁྱུ། །པདྨའི་རྫིང་བུར་འདུ་བའི་རྗེས་སུ་བསྙེགས། །མཐའ་ཁོབ་ཀླ་ཀློའི་འགྲོ་མང་དམ་ཆོས་ཀྱི། །སྣོད་དུ་མཛད་འདིས་སྔོན་རབས་མི་ལ་རྗེས། །དྲེགས་གཏུམ་ཁྱི་དང་རྔོན་པ་གདམས་ཁྲིད་ཀྱིས། །སྨིན་པར་མཛད་པའི་ངོ་མཚར་མངོན་དུ་སྩལ། །མཆོད་པའི་ཞིང་དུ་འབྲེལ་མཚོན་ཡོ་བྱད་དངོས། །གང་ཞིག་བསྟབས་ཀུན་བསྟན་འགྲོའི་ཕན་བདེའི་གཞིར། །བསྐྲུན་འདིས་སྲིད་པའི་ཕུན་ཚོགས་ཡ་མ་བརླ། །གྲགས་པ་དེ་ཡང་སྙིང་པོས་ལྕི་བར་མཛད། །མདོར་ན་མགོན་ཁྱོད་གསང་གསུམ་ལས་བརྩམས་ཏེ། །བསྔགས་པའི་གླིང་བུ་བསྐལ་བར་བསྒྱུར་ན་ཡང་། །རང་བཞིན་བརྗོད་པའི་ཆ་ཙམ་རྫོགས་མིན་ན། །ཕུལ་བྱུང་སྒྲོ་བཏགས་ལམ་དུ་ཅི་ཞིག་འདྲེན། །དེ་ལྟའི་ཡོན་ཏན་གཏེར་གྱུར་མགོན་ཁྱོད་ལ། །གཞན་གྱིས་གསོལ་གདབ་ཅི་འཚལ་ཁྱབ་


JLAZ014_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། །སྲིད་ལས་སྒྲོལ་བ་ཉིད་ཀྱི་གཡར་དམ་ཕྱིར། །དེ་སྲིད་གཟུགས་སྐུ་འཚོ་ཞིང་ཅིས་མི་གཞེས། །དོན་དམ་ངེས་པ་ལྔ་ལྡན་རང་བཞིན་གང་། །འཕོ་འགྱུར་བྲལ་ཡང་ལྷག་བསམ་ལྡན་དག་གིས། །རོ་འཛིན་དབང་པོ་སྨྲ་བ་དག་གི་སྒོ། །དོན་ཡོད་བགྱིད་ཕྱིར་ཞབས་པད་བརྟན་མཛོད་ཅེས། །ཉེར་ལེན་རྡུལ་སྙེད་གྲངས་ཀྱི་ཐལ་མོ་སྦྱར། །རྣམ་སྨིན་དཀར་པོ་འབབ་པའི་ཞུ་མཆིད་འདིར། །དོན་འབྲས་སྙེ་མར་སྨིན་པར་མི་མཛད་ན། །འགྲོ་ལ་བུ་ལྟར་ཕན་བཞེད་བརྩེ་ཆེན་གྱི། ཐུགས་དམ་དེས་ཀྱང་བསླུ་བར་མི་འགྱུར་རམ། །དེ་ཕྱིར་གཟུགས་སྐུ་གཅིག་གིས་སྲིད་མཐའ་བར། །འགྲོ་སྒྲོལ་མཛད་པ་གུ་རུ་པདྨ་དང་། །རྣམ་དབྱེར་མེད་པར་མི་འགྱུར་རྡོ་རྗེའི་ཁྲིར། །ནམ་ཡང་བརླིང་བར་ཞལ་འཆེས་གསོལ་འདེབས་རྟེན། །ཚེ་མཐའ་ཡས་པའི་སྣང་བརྙན་ཆེ་ལེགས་ཚ་གསེར་ཅན། །མཚན་འབུམ་གསེར་བྲིས་མ། བདེན་རྣམ་ཤིང་རྟ་བོད་གཉིས། རྡོར་དྲིལ་གསེར་རྩི་མ་སྟན་བཅས། བྱང་ཆུབ་སེམས་ཕྲེང་བྱུ་རུའི་རྒྱན་གྱིས་ཕྱུག་པ། གསེར་གྱི་བཅུ་བཤད་ཅན། སི་ནའི་སྨན་ཕྲེང་ཏོང་སྐུད་ཀྱི་ཕོ་རིས་རིན་ཐང་ཅན་ཤུབས་བཅས། ནང་མཛོད། དངུལ་དཀར་གྱི་མཎྜལ་ཕུལ་མ་ཆེ་ལེགས། ཞལ་དཀར། སྟེགས་ཁེབས་ཐབས་གྲུབ་སེང་གེ་རིས། དཀར་རྒྱ་ཚོན་ཁྲ་


JLAZ014_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལས་གྲུབ་པའི་སེང་གེ་ཆེ། གསེར་ཞོ་ལྔ་བཅུ་ཐམ་པ། རྒྱ་དངུལ་བྲེ་ཆེན་གཅིག །ཧ་ཤིག་གི་ཡོལ་གོ །གུ་གུ་ཤེལ་གྱི་གའུ་རིན་ཆེན་རིལ་བུ་གསུམ་ལྡན། ཤེལ་དམ། བསིལ་གཡབ། ཙི་ནའི་ཕྱོགས་བརྟག་འཁོར་ལོ། །མཛོད་གོས་ཊཾ་ཁ་མ་ཡུག །ལིང་སྔོ་ལྗང་དམར་གསུམ་སོ་སོ་ནས་ཡུག་ཀ་རེ། ཀ་རས་སྦུབས། ཙི་ནའི་བཟོ་བཀོད་རིན་པོ་ཆེའི་ཏོག་དང་། སྟེང་གི་ཁོར་ཡུག་མུ་ཁྱུད་ཚ་གསེར་ཕུལ་ཅན་དེ་མཚུངས་བྱ་འདབས་སྤྲེལ་མཚམས་ཚ་གསེར་གྱི་འཕུར་འགྲོའི་ཁ་ནས་ནོར་བུ་ཆ་བདུན་ཧོང་སྐུད་ཀྱི་འཕྱང་འཕྲུལ་ཅན་རེ་རེས་མཚན་ཅིང་། ཤེལ་མཚོན་གྱི་དྲ་ཕྱེད་ལ་ཏོང་སྐུད་ཀྱི་ཕུར་མ་བཞི་བརྩེགས་ཀྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཅས། བདོག་པའི་ཡོ་བྱད་ཕྲ་མོ་འདི་དག་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་འབྲས་སྡོམས། །ཀུན་ཀྱང་མཆོད་པའི་སྤྲིན་དུ་ཡོངས་སྤེལ་ནས། །མགོན་ཁྱོད་ཞབས་པད་བརྟན་ཕྱིར་ཉེར་སྟོབ་ན། །བསམ་སྦྱོར་གཅིག་ཏུ་དཀར་བའི་ས་བོན་འབྲས། །བསླུ་མེད་དམ་པའི་ཞིང་སར་གང་བཏབ་པ། །འདོད་དོན་གཡུར་དུ་སྨིན་པ་ཆོས་ཉིད་ལྟར། །ཅི་ལྟར་གསོལ་འདི་སྙིང་པས་ཅི་གྱུར་ཅིག །དེས་མཐུས་གུས་ལྡན་བདག་ཅག་ལྟོས་པར་བཅས། །སྲིད་འབངས་མངའ་རིས་ཡངས་པའི་བདེ་སྐྱིད་དཔལ། །


JLAZ014_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་ཡོན་ཏན་བདུན་ལ་དབང་འབྱོར་བས། །རྫོགས་ལྡན་དང་པོའི་རྩེ་དགར་རོལ་གྱུར་ཅིག །ཇི་སྲིད་ནམ་མཁའ་གཟུགས་གཞན་མ་གྱུར་པར། །མགོན་ཁྱོད་ཡོན་ཏན་རྗེས་དྲན་མཆིད་འདི་འདྲ། །དཔྱིད་ཀྱི་བོས་པའི་སྦྲང་རྩིའི་མགྲིན་སྙན་ལྟར། །དུས་དང་དུས་སུ་རྟག་ཏུ་གསོལ་བར་སྨོན། །དེ་ལྟར་བོད་ཆེན་ཡུལ་གྲུ་ལྷ་མིའི་སྡེ། །དགེ་བཅུའི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ནས། །འབྲས་ལྡན་དཀར་པོའི་ཟླ་བའི་ཚེས་དགེ་བར། །གུས་པའི་སོར་བཅུ་སྙིང་གར་ཟུམ་སྟེ་ཕུལ། །ཅེས་སོ། །མོན་སྤ་གྲོ་སྟག་ཚང་དང་ཉེ་བའི་གནས་སུ་དགོན་པའི་སྐུ་སྐྱེ་ལྔ་པ་ཀུན་དགའ་རྣམ་རྒྱལ་ལམ། འཇིགས་མེད་བདེ་ཆེན་གོ་ཆ་དང་། ཧོར་བྲག་འགོ་བ་པདྨ་ལྷུན་གྲུབ། ལྷོ་བྲག་ཐི་ཕྱི་ཁྱུང་ཚང་དབུ་མཛད་ཅན་ལ་ཀློང་སྙིང་གི་ཁྲིད། རང་དགོན་གྱི་སྐུ་སྐྱེ་རིན་པོ་ཆེ་ལ་སོགས་པ་འདུས་པ་ཉི་ཤུ་སྐོར་ལ་སྙིང་ཐིག་ཡ་བཞི། ཀློང་སྙིང་ཕུར་པ་རྒྱུད་ལུགས་ལ་སོགས་པའི་དབང་ཀ་བྱས། ལར་བི་མ་ལའི་སྙིང་ཏིག་མ་བུ་སྤྱི་དང་། ཁྱད་པར་དེའི་དབང་གོང་མ་གཉིས་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དབང་ཡིན་པས། རྟོགས་པ་མཆོག་ལྡན་གྱི་བླ་མས་སློབ་མ་གྲངས་བཅད་ལ་བསྐུར་བ་ལས་གང་བྱུང་གི་བྱས་ན་སློབ་དཔོན་རང་ཉིད་ཉམས་ཤིང་མཁའ་འགྲོའི་བཀའ་ཆད་འབྱུང་ལ།


JLAZ014_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མས་ཀྱང་དབང་མི་ཐོབ་པར་ཤེས་དགོས། གལ་ཏེ་སྤྲོས་བཅས་སྤྲོས་མེད་གཉིས་ཙམ་བྱེད་ཀྱང་གཞུད་དེའི་ཚོགས་མཆོད་ཀྱི་རིམ་པ་དང་འབྲེལ་བར་དཀྱིལ་འཁོར་བསྒྲུབ་ཅིང་བཟླས་པ་བྱས་པ་ལེགས་པ་ཡིན། སྤ་གྲོའི་བླ་མ་གཉིས་སྔ་འགྱུར་གྱི་རིང་ལུགས་འཛིན་པའི་སྡེ་ཅན་དང་། ཁྱད་པར་བམ་ལ་དང་། རྒྱལ་བ་ཀློང་ཆེན་པའི་གཞུང་ལ་དད་པས། མཛོད་བདུན། ཤིང་རྟ་སྐོར་གསུམ། རང་གི་བཀའ་འབུམ་ཡོངས་རྫོགས་བཀའ་གཏད་བྱས། ཁོང་གི་རྙིང་རྒྱུད་ཚར་གཅིག་བཞེང་བར་དམ་བཅའ་ལ་བསྔོ་སྨོན་དང་། ཀུན་མཁྱེན་གྱི་བཀའ་འབུམ་ཆ་ཚང་བ་སྒྲུབ་པའི་རྩིས་ལ་རོགས་འགྱུར་བྱས། ཤྲཱི་པ་རྦ་ཏའི་སྐུ་སྐྱེ་རིན་པོ་ཆེར་གྲོལ་ཐིག་སྐོར། ཤིན་རྗེ་གསུམ་དྲིལ་སོགས་ཕ་ཆོས་ཀྱི་དབང་ཡོངས་རྫོགས་དང་། འདོན་ཆོས་ཀྱི་ལུང་། དེའི་སྟེང་དུ་གྲ་གཞོན་ཕལ་ཆེར་དང་བཅས་པའི་འདུས་པ་ལྔ་བཅུ་སྐོར་ལ་བཀའ་བརྒྱད་རྣལ་འབྱོར་རྒྱུན་དབང་། དགོངས་པ་ཡང་ཟབ། ཡང་བཟློག་སོགས་ཀྱི་དབང་བསྐུར། ཡོན་སྦྱར་ཏེ་བཤགས་རྒྱུད་ཀློག །དཔལ་རིར་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་འཆར་ཅན་ཞབས་ཏོག་ཉིན་འགྱེད་དང་ཚོགས་འཁོར་བཏང་། མངའ་རིས་གྲ་ཚང་བར་ཆོས་སྤྱོད་སྨར་ཞིང་། ཤིང་རྟ་ཆེན་པོའི་རིང་ལུགས་ལ་བཤད་གྲྭ་འཕེལ་བས་མང་ཇ་


JLAZ014_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། ལོ་ལྟར་མང་ཇ་ལྔའི་ཐེབས་དངུལ་སྲང་ཉི་ཤུ་རྩ་ལྔ་སྦྱར། ཕྱོགས་ཐམས་ཅད་མུ་གེས་ཉམ་ཐག་ལ་སྙིང་རྗེ་ཆེན་པོ་སྐྱེས་ནས་སྦྱིན་གཏོང་ཅི་ནུས་བྱས། དེབ་སྔོན་ལས། གངས་ཅན་པ་རྣམས་ལ་གཙུག་གི་ནོར་བུ་གཅིག་དང་རྣ་བའི་རྒྱན་གཉིས་ཡོད། གཙུག་གི་ནོར་བུ་ནི་སློབ་པདྨ་སམྦྷ་ཝའོ། །ཞེས་པ་ལྟར། གངས་ཅན་དུ་སངས་རྒྱས་ཀྱི་བསྟན་པ་དར་ནུས་ཁྱེད་ཀྱི་བཀའ་དྲིན་ཡིན་ཀྱང་མཁས་སུ་རེ་བའི་སྙིང་ཁམས་ཅན་གྱི་ལོག་བསྒྲུབ་དང་དབྱེ་ན་བཅོས་པ་ལ་ཐུགས་རྗེ་དུས་ལས་མི་ཡོལ་བའི་ཕྱིར་བྲག་དམར་ཀེའུ་ཚང་དུ་རྒྱ་དངུལ་སྲང་ལྔ་བཅུ་ལས་བརྡུངས་བའི་མཎྚལ་འབུལ་མ་ཚ་གསེར་ཅན་དང་ཁོ་ན་ཆུ་ལིའི་གནམ་རྒྱན་སྤུས་དག་ཕུལ། རང་གནས་སུ་འདུས་པ་མདོའི་སྒྲུབ་མཆོད་འཆར་ཅན་བཙུགས། ཆབ་གཏོར་འབུམ་ཐེར་གཅིག་བཏང་། གཙང་ནས་ཡང་སྟེགས་པའི་ལོ་གསུམ་གྲོལ་མཛལ་དང་སྡོངས་པའི་རྩེ་ཆེན་ཆོས་སྡེ་པ་གསུམ་དང་། སྒོ་བསྡུས་ལྷ་སྡིངས་སློབ་དཔོན་བཅས་པ་དགེ་བུ་གསུམ་ལ་སོགས་པའི་བཙན་བཙུན་ཁ་ཤས་ལ་ཁྲིད་ཅིག་བཏབ། ལར་གནས་སྐབས་ཀྱི་གྲགས་སྐམ་ལ་སྙེགས་ནས་ཆོས་ཉན་པར་ལྷགས་པ་མཐའ་དག་གི་གདམས་པའི་སྲོལ་ཁ་མི་ཟན་ཀྱང་། ངེས་འབྱུང་དང་ལས་འབྲས་བྱང་ཆུབ་སེམས་ཀྱི་


JLAZ014_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་གང་དྲག་བཤད་པས་ཁ་ཤས་བློ་འགྱུར་བས་ཉེས་སྤྱོད་མི་འཆར་པར་བཤགས་སྡོམ་བྱེད་པའང་ཁ་ཤས་བྱུང་། ཁོང་རྣམས་དང་ཕ་ལྷའི་ཆོས་དྲུང་གཉིས་ནས་བརྟན་བཞུགས་འབུལ་ནོད་ཆེ་བར་མཛད། ཞབས་དྲུང་གིས་སློབ་དཔོན་ཆེན་པོའི་གསུང་དངོས་བསྟན་མན་ངག་ལྟ་ཕྲེང་དང་། ཡང་དག་གི་གསང་འགྲེལ་བོད་ལོངས། མངའ་བདག་ཉང་གི་ཆོས་འབྱུང་བོད། རོང་པས་མཛད་པའི་ལྟ་ཕྲེང་གི་འགྲེལ་པ་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་གཉིས་དཔེ་རྒྱུན་ཤིན་ཏུ་དཀོན་པ་བསྟན་འགྱུར་སྣར་ཐང་བར་མའི་མཚན་ཐོར་ལྟ་ཕྲེང་གི་འགྲེལ་པ་ཙམ་ཐེབས་ཀྱང་དོན་ལ་མཆུད་པ་སྐབས་འདིར་ཁྱེར་བྱུང་བས། བོད་གངས་ཅན་གྱི་རྒྱུད་ཙམ་ན་མཁས་པའི་ས་བཅུའི་དབང་ཕྱུག་གི་བསྟན་བཅོས་འདི་མཐོང་ནས་སྤྱིར་སྔ་འགྱུར་དང་། དགོས་རྫོགས་ཆེན་པ་ལ་བསྐུར་བའི་མཁས་རློམ་དག་གི་ལྕེ་གཤིན་རྗེའི་ཁྲམ་རིས་ལྟ་བུར་སོང་ནས། སླར་ལ་ལྕེ་གཉིས་པ་སྐྱོང་དགོས་པ་དེ་བྱུང་ངོ། །ཆུ་བོ་རིར་ལྕགས་ཟམ་རིན་པོ་ཆེ་གློ་བུར་དུ་གཤེགས་པའི་ནན་ཏུར་ངོ་མ་ཆོགས་པར་བསྐྱོད། བཀའ་བརྒྱད་བདེར་འདུས་ཀྱི་སྒོ་ནས་པུར་སྦྱངས་དང་། བདུན་ཕྲག་གི་བར་ཞི་ཁྲོ་ཁྲོམ་དཀྲུགས། མེ་མཆོད་འབུམ་ཐེར་སོགས་བྱས། རང་གཞན་


JLAZ014_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་འདི་ལྟ་བུ་འོང་སྙམ་པའི་ངེས་འབྱུང་རྒྱུད་མར་སྐྱེས། རྒྱ་གར་སློབ་དཔོན་དབྱིག་གཉེན་དང་ཕྱོགས་ཀྱི་གླང་པོ་ལྟ་བུའང་སྐྱེ་འཕགས་གང་ཡིན་གྱི་དཔྱད་པ་བྱེད་མོད། བོད་འདིར་ནི་རྨཱ་ཀས་གང་ཞིང་ཚོགས་ལམ་གྱི་སྣ་མ་ཟིན་པ་དག་ལ་སློབ་པ་མིན་པའི་བསྟི་སྟང་བྱེད་ཀྱང་། གང་ཞིག་གི་རྒྱུད་ཀྱི་སྒྲིབ་ཆ་སྦྱོང་བ་ལ་འགལ་རྐྱེན་བྱེད་པས་དགོངས་རྫོགས་ཀྱི་གཙོ་བོ་མཆོད་སྦྱིན་ལ་འབད་དོགས་པའི་བསླབ་བྱ་དང་། བདེ་གཤེགས་སྙིང་པོའི་མཐོང་སྤངས་ཀྱི་དག་བྱ་སྦྱོང་བའི་ཐབས་སྟོབས་སྨོན་ལམ་གསུམ་ལ་འབད། ཆུ་བོའི་རིའི་སེར་ཆགས་ཚོགས་པ་ལ་དངུལ་སྲང་བཅོ་ལྔའི་འགྱེད་བཏང་། གདུང་རྟེན་གྱི་ཐིག་རྩ་བསླབས་ཤིང་ཐོན་ཁར་བརྟན་བཞུགས་ཞིག་ཀྱང་མཛད། འདིར་ནེ་ལེ་གཤོག་པ་བྲེགས་པ་ཞིག་མཐོང་བས་སྙིང་རྗེ་ཆེན་པོ་སྐྱེས། བྱང་ཆུབ་གྲུབ་པའི་སྨུག་ནག་ཁྲོ་འཛུམ་ཞལ། །སེམས་ཅན་ཀུན་ལ་བུ་གཅིག་ལྟར་བརྩེ་ན། མཁའ་ལྡིང་འདབ་མ་སྤུ་གྲིས་བཞར་བ་ཡི། །ཆུ་ཚོད་གཅིག་པའི་གདུང་བའང་བཟོད་པར་དཀའ། །ལུས་ཉམས་བརྟས་པའི་སྦྱིན་པ་སྟོབས་བསྐྱེད་ལ། །ཆུ་ཤེལ་འཁོར་ལོ་ཁྲུམས་ཀྱི་ཉ་བའི་ཚེ། །ལྷ་མོན་ནགས་མའི་ལྗོངས་སུ་དེངས་འཇུག་པའི། །སེམས་བསྐྱེད་


JLAZ014_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཡོད་མཆི་དགོངས་ཤིག་ཀྱེ། །ཞེས་བྲིས། མོན་ཀླ་ཀློ་འགྲོ་འོང་བྱེད་པའི་ས་དྷུ་ཐི་ཞེས་པའི་གྲོང་ཁྱེར་ནས་སྦྲང་ཚང་སུམ་ཅུ་སྐོར་གྱི་རིན་ལ་སྐུ་གསུང་ཐུགས་རྟེན་དང་། ལྷ་འདྲེ་གདུག་པ་ཅན་ལ་བཀའ་ཤོག་དགོས་ཟེར་བ་ལྟར་དེ་བཞིན་དུ་བྱས། ས་སྐྱོང་སྡེ་དགེའི་མཚམས་ཞུ་གསེར་དངུལ་གོས་དར་སྤམས་ཆེ་བ་དང་བཅས་པའི་མི་སྣ་འབྱོར། བཙུན་མོ་དམ་པའི་ཆོས་ཀྱི་དྲི་བ་དང་། སྔ་ལོ་ནང་རྟེན་ལ་རང་གི་འགྲམ་སོ་ཕུལ་བ་མགུལ་དུ་བཅངས་པ་ལ་འདི་ལོ་རིང་བསྲེལ་གཉིས་ཙམ་འཕེལ་ཚུལ་ཀྱང་འབྱོར། ཆོས་ཉམས་ཆེ་ཆེ་མོས་གདམས་པ་ལ་ཐོབ་རྩི་ཞིང་གསར་བས་ཆེ་ཡང་དོན་ལ་མི་རྟོན་པའི་རིགས་ལ་བྱིན་རླབས་འཇུག་པའི་རེ་བ་མེད། རང་རྒྱུད་གྲོལ་བ་དང་ཆོས་རྒྱུན་ལ་ཕན་པ་གཉིས་ཀ་མི་གདའ་བས། སྔ་ལོ་ནས་གཙང་ཐེག་མཆོག་གླིང་པའི་འདུས་སྤྱིའི་གདན་འདྲེན་ནན་ཆགས་ཆེ་བར་ཆོས་ཀྱི་འགྲོ་ཕན་འབའ་ཞིག་ལ་བསམས་ཏེ། རལ་པའི་ཁུར་འགྱོགས་འཕྱང་གིས་བཟོད་པར་བྱས་ཏེ་བསྐྱོད། མང་དུ་ཐོས་པའི་


JLAZ014_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སེར་སྨད་སྐུ་སྐྱེ་རིན་པོ་ཆེ་ཡང་གན་པ་སྤང་ཕུག་ཏུ་རྗེས་སྙེགས་ཀྱིས་ཕེབས། ཁོང་ལ་གྲྭ་པ་གྲྭ་ཚང་གི་ཚོགས་དཔོན་འདི་མར་འཐེན་པའི་དཔྱང་ཐག་ཏུ་འདུག་པའི་ཚུལ། ཀུན་མཁྱེན་བླ་མས། སྣ་ཚོགས་ཐབས་ཀྱི་འཁོར་མང་བསྡུས་ནས་ནི། །མཐུན་རྐྱེན་འཛོམ་པའི་དགོན་གཞིས་འཛིན་པ་ཡང་། །འཕྲལ་ལ་འཛོམ་སྟེ་བདག་སེམས་གཡེང་བའི་རྒྱུ། །གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར་དབེན་པར་བཞུགས་པའི་པའི་བསྐྱལ་བྱང་དང་། ད་ཆ་ཐོས་བསམ་ཁ་ཕྱིར་བལྟས་ཀྱི་དཔྱད་པ་བསྒོམ་པས་རྒྱུད་ཐོག་ཏུ་འགེལ་བའི་དུས་ལ་བབ་པས། བསམ་གཏན་དང་པོའི་ཉེར་བསྔོགས་རང་བཞིན་རྫོགས་པ་ཆེན་པོའི་དོ་ཧ་མཛོད་ཀྱི་ནང་དབྱིངས་སུ་སྡུད་པའི་ངོ་སྤྲོད་ལེགས་པར་བྱས། མཚོ་འགྲམ་མ་ཐོན་བར་ཉ་དང་ཉ་པའི་ལས་འབྲས་ལ་སྙིང་རྗེ་ཆེན་པོས་སྐྱོ་བ་འཕེལ་ཞིང་ཉ་པ་དང་ཕྲད་ཚོད་ལ་སྲོག་བསླུ་སྨོན་ལམ་རྒྱ་ཆེན་པོ་བཏབ། ཁ་རོལ་རྩེར་བ་སངས་མཆོད་དང་། གསེར་སྐྱེམས་སོགས་བྱས་པས་དེ་མ་ཐག་གནོད་སྦྱིན་གནང་བཟང་མཉེས་པའི་གངས་རུད་དང་། ཞག་སར་ནོར་བུ་བཟང་པོ་ཁོང་རང་གིས་སྲོད་མོས་སྲོ་གདུབ་སྦྱིན་ནས་སྲུང་བར་གཟུང་སྨྲས་པ་རྨིས། དཀར་ཕྱོགས་ཀྱི་དགེ་བསྙེན་འདི་ཚོ་དམ་ཚིག་ལ་གནས་པར་


JLAZ014_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །མཁར་མོ་ཞེས་པར་ཚེ་ཕོགས་འགྲིག་པས་གུ་རུ་ཆོས་དབང་གི་སྐུ་འདྲར་དཀར་མེ་དང་སྙན་ཤལ་འབུལ་དུ་བཏང་། གྲྭ་བཙུན་རྣམས་ལ་མང་ཇ་ཞིག་བྱས། གཙང་པ་འདི་དད་མོས་དང་ཆོས་སྣང་ཆེ་བས་ལམ་མཇལ་དང་། ཤི་གསོན་གྱི་བསྔོ་རྟེན་འབུལ་མི་ཤིན་ཏུ་མང་བས་བླ་མཚོ་དཀོར་གྱི་འདམ་རྫབ་ལ་ཐེབས་པར་འདུག །བཀའ་བློན་ཕ་ལྷའི་རྟ་བསུ་རྒྱལ་རྩེར་སླེབས། རྩེ་ཆེན་ཆོས་སྡེ་བས་དུང་བསུ་དང་བཅས་བོས་པ་བཞིན་ལམ་ཞོར་ཟུར་རྩར་བསྙེན་བཀུར་དད་འབུལ་དང་། སྒྲོལ་མ་ལྷ་ཁང་མཇལ་ཞིང་མེ་ཏོག་འཐོར། ས་དགེ་བུ་གསུམ་གྱི་གྲ་ཚང་ཐ་དད་འདུས་པའི་ཚོགས་ཆེན་ཉིས་བརྒྱ་སྐོར་ལ་མང་ཇ་དང་། བསྔོ་རྟེན་གྱི་ཟང་ཟིང་རྣམས་འགྱེད་ལ་བཏང་། དགའ་ལྡན་པ་དང་ཟུ་བེ་གྲྭ་ཚང་བའ་འདུ་ཁང་དུ་གདན་ཞུ་ལ་མང་ཇ་དང་འགྱེད་ཀྱང་བྱས། བཀྲ་ཤིས་བདེ་ལེགས་ཀྱི་ཁྱིམ་དུ་བསྙེན་བཀུར་མཛད་ཅིང་། མུ་ཏིག་དང་། གཡུ་པད་ཀྱི་རྣ་རྒྱན་རིན་ཐང་ཆེན་པོའི་འབུལ་ནོད་ཀྱང་དགེ་བ་རྫོགས་བྱང་དུ་བསྔོས། གྲྭ་མ་རབ་བརྟན་གླིང་དུ་ཐེག་མཆོག་གླིང་མཁན་རིན་པོ་ཆེ་གཉེར་ཕྱག་ལས་འཛིན་རྣམ་ཐབས་བསུ་ལ་བྱོན། སང་ཉིན་རྒྱང་རིང་ནས་དུང་བསུ་དང་དགོན་པའི་འདབས་སུ་གདུགས། རྒྱལ་མཚན། བ་དན། རྔ་རོལ་བཅས་དགེ་འདུན་བྱིངས་ནས་བསྟི་སྟང་ཆེན་པོ་མཛད། མང་ཇ་སྦྱོར་སྦྲེལ་བརྒྱད་ཀྱི་ཐོག་བསོད་


JLAZ014_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་དང་། ཊཾ་ཁ་ལྔ་རེའི་འགྱེད་སྤྱི་འབུལ་བཟང་གོས་ཀྱི་རྒྱལ་མཚན་ལ་ཤམ་གསུམ་ལྡན་ཕུལ། མཁན་པོ་ཨོ་རྒྱན་དཔལ་མགོན་པའི་ཐུགས་བསྐྱེད་ཤིན་ཏུ་བཟང་ཞིང་དཔྱད་བཟོད་པས་དགེ་འདུན་རྣམས་ལ་ཁུར་དུ་འགྲོ་བ་གཏན་མེད་པར་མཛད་ནས་དབང་ལུང་ཁྲིད་གསུམ་གྱི་རང་གཞན་སྨིན་གྲོལ་ལ་འགོད་པའི་ཞུ་འབུལ་བྱུང་བ་བཞིན། གྲྭ་ཚང་ཡོངས་རྫོགས་ཕྱོགས་དང་ཕྱོགས་འདུས་བཅས་ལ་ཐོག་མར་ཚེ་དཔག་མེད་སྐུ་གསུམ་འདུས་པ་དང་། དྭངས་མ་བཅུད་འདྲེན་གྱི་དབང་སྒོ་ཕྱེ་སྟེ། བཀའ་བརྒྱད་བདེ་གསང་གཉིས། བློ་མ་གསང་འདུས། ཕུར་བ་རྒྱུད་ལུགས། ཉང་གཏེར་ཁྲོས་ནག །བླ་མ་ཡང་ཏིག་རྒྱ་ཅན་ཕལ་ཆེ་བ། དྲང་སྲོང་ལོག་ཏྲི། གཤིན་རྗེ་ཚེ་བདག །བྱང་གཏེར་ཐུགས་སྒྲུབ། འཁོར་བ་དབྱིངས་སྒྲོལ། གཉན་སྒྲོལ་དང་། ཕྱག་རྡོར་འབྱུང་འདུལ་སོགས་བཀའ་མའི་རྗེས་གནང་ཁ་ཤས། ཁྱད་པར་ཀློང་ཆེན་སྙིང་ཏིག་གི་སྨིན་གྲོལ་ཕལ་ཆེར་རྫོགས་པའི་ཁྲིད་ཤིན་དུ་སྨིན་པར་བཏབ། བྱང་སྡོམ་གྱི་ཡན་ལག་ཏུ་མཆོད་པ་རྒྱ་ཆེན་པོ་དང་། ལུག་སུམ་ཅུ་སྐོར་སྲོག་བསླུར་བཏང་། གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒོ་ནས་རབ་གནས་དངོས་སྟ་ཉིན་གཉིས་མ་ཤིན་ཏུ་རྒྱས་པ་དང་། དགོན་གནས་ཀྱི་དཀར་


JLAZ014_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ཀྱང་བྲིས། གྲྭ་ཚང་འདིར་དམག་ཟོར་མ་ཤིན་ཏུ་འགོ་བའི་ཉམས་ཀྱིས། དེའི་རྗེས་གནང་གི་ཚེ་ཤར་ཕྱོགས་བསིལ་བའི་ཚལ་ན་བཞུགས་པའི་ཚེ་ཟླ་བའི་འདོད་འཇོ་ཞེས་བྱ་བར་གྲགས། འཁོར་མ་མོ་མཁའ་འགྲོ་འབུམ་ཕྲག་མང་པོས་བསྐོར། ལྷོ་ཕྱོགས་ཀྱི་མིང་སྨོས་པའི་མུར་གཉིད་དངས། སྔ་འགྱུར་བཀའ་མ་དང་། ཁྱབ་འཇུག་ཚེ་རིང་མ་སོགས་ཀྱི་རྗེས་གནང་བྱས། བླ་བྲང་དུ་མ་མགོན་གྱི་རྟེན་མདོས་ཏོང་སྐུད་ལས་བྱས་པ་དངོས་དག་དང་བཅས་པའི་མགོན་ཁང་གསར་འཛུགས་ལ་རབ་གནས་བྱས། གྲལ་དབུར་ནལ་གསུམ་ཕྱིན། བདེ་ཡངས་སུ་ཚེས་བཅུའི་མཚམས་ཕུལ་པའི་ཞོར་ཁྲོམ་དབང་ཡང་བྱས། དངུལ་དཀར་ལས་གྲུབ་པའི་དཀར་སྟེགས། བཟེད་ཞལ། ནས་ཟེ། ནང་མཆོད་ཀ་ལི་རྣམས་ཕུལ། མ་ཚ་གསེར་ཅན། སྐུ་གསུང་ཐུགས་རྟེན། ན་བཟའ་སྒ་འཁོར་སྤུས་དང་། གསེར་དངུལ་འབྲུ་སོགས་ཀྱི་དངོས་འབུལ་དང་། ཞབས་བརྟན་རྒྱ་ཆེན་མཛད། སོ་སོའི་གདན་འདྲེན་ནན་བསྐུར་ཆེ་བས། སྡེ་དཔོན་འབྲོང་རྩེ་བ། འདུས་བྱུང་ལྷོ་དགོན་སྐྱིད་སྦུག་དབང་ལྡན་པར་ཚོ། འབྲས་བུད། བོན་གྲོང་དར་གཞིས། སྦལ་གོང་། །མཁར་ཁ་ནང་འཁོར། དབེན་རྩ་གྲྭ་ཚང་། རྒྱ་ཆེ། སྣེ་སྟོད།


JLAZ014_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞི་དཔོན་གཡོག །མདའ་དཔོན་ལྕང་ཅན། འཕྲང་རིངས། གྲོལ་སྒོ་ཆེ་བ། བཀའ་བློན་ཕ་ལྷ་སོགས་སུ་སྦྱིན་སྲེག །ཚེ་དབང་གཙོར་གྱུར་གྱིས་སོ་སོའི་འདོད་ཆོས་དང་། ཁྲོམ་དབང་སོགས་བྱས། དུས་འཁོར་གྲྭ་ཚང་བར་བྱང་སྡོམ་དང་སྨོན་ལམ་རྣམ་གསུམ་གྱི་ཆོས་འབྲེལ། མང།འགྱེད། གུར་རིན་སྡིངས་པའི་གྲྭ་བ་ཐོར་བུ་ལ་ཆོས་འབྲེལ་སོགས་བྱས། རུ་གནོན་གྱི་གཙུག་ལག་རྩིས་གནས་གསར་དུ་མཆོད་སྦྱིན་དང་མང་འགྱེད། རྒྱ་མའི་དོན་བཞིན་བསྟན་སྲིད་རིམ་གྲོར་ཕུར་བའི་སྦྱིན་སྲེག་བྱས། ཤི་གསོན་གྱི་དད་འབུལ་སྟོང་དངུལ་ཐལ་བ་འབྱོར་ཀྱང་དཀོར་གྱི་ཉེས་དམིགས་ལ་འཇིགས་པ་ཆེན་པོ་སྐྱེས་ནས་བཀའ་འགྱུར་བསླུ་བ་དང་། ལུག་བརྒྱ་སྐོར་ལ་སྲོག་སྦྱིན། དབུལ་པོ་ལ་སྦྱིན་གཏོང་། བསམ་ཡས་ཀྱི་མཆོད་པ་གསོ་བསོགས་ཀྱི་དམ་བཅའ་ཡིད་ལ་བཀོད། གྲ་མངས་བྱིངས་གཞུང་སྒོ་འགག་དང་མཁན་པོ་དཔོན་གཡོག་གྲྭ་མ་རབ་བརྟན་གླིང་དུ་ཆེ་བས་བསྐྱེལ་ལ་ཕེབས། ལོ་གསུམ་གྱི་དམ་བཅའ་ཡང་མཛད་སོང་བ་ཁོང་སྐུ་ཚེ་བརྟན་ན་ཐེག་མཆོག་གླིང་གི་ལ་རྒྱར་ཕན་ངེས་སུ་འདུག །མར་ལམ་ལྕགས་ཟམ་དུ་གདུང་རྟེན་ལ་གཟུངས་འབུལ་རབ་གནས་བྱས། རང་གནས་སུ་སླེབ་འཕྲལ་ལྷོ་བྲག་ཐུགས་སྲས་པར་དབུ་མ་ལུགས་ཀྱི་བྱང་སྡོམ་དང་། དཔལ་


JLAZ014_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འདུས་པའི་དབང་བསྐུར། བསྐྱེད་རིམ་གྱི་བཤད་པ་བྱས། རང་དགོན་དུ་བཀའ་འགྱུར་ཉིན་བཅུ་ཕྲག་ལྷག་བཅས་བཙུགས། མང་འགྱེད་གཟབས་རྒྱས་བཏང་། མཁས་ནས་ཟེ་ཆེན་སྐུ་སྐྱེ་རིན་པོ་ཆེ་ཕེབས། སྙིང་ཐིག་ཡ་བཞི་དང་ཀློང་སྙིང་གི་དབང་ཁྲིད་སོགས་བཏབ། དངུལ་རྟ་རྨིག་མ་སོགས་འབུལ་ནོད་རྒྱས་པར་མཛད། འབྲུམ་ནད་དར་དྲག་པས་ཤེལ་བྲག་ཏུ་གཞུང་སའི་སྨན་སྒྲུབ་ལ་ཕྱིན། རང་སྨན་ཁལ་བདུན་སྐོར་ཀྱང་མཉམ་དུ་བསྒྲུབས། རིམས་ནད་ལ་དམིགས་པའི་སེམས་བསྐྱེད་དང་། འོད་ཟེར་སྤྲོ་བསྡུ་ལ་གནད་དུ་བསྣུན་བས་མངོན་རྟགས་ལེགས་ཤིང་། ནད་ཀྱང་མྱུར་དུ་ཆད། ཤེལ་བྲག་པ་རྣམས་ལ་ཊཾ་འགྱེད་དང་། མང་ཐུག །ཚོགས་འཁོར་གྱི་ཚིམ་པར་བྱས། འདུས་པ་མདོའི་སྒྲུབ་མཆོད་སྔ་ནུར་བྱས། ཟླ་བ་བཞི་པ་ལ་བསམ་ཡས་སུ་ཁྲི་མཆོད་དང་། རྒྱ་དངུལ་སྲང་ཕྱེད་ཉིས་བརྒྱ་ལ་བརྡུངས་པའི་ཏིང་ཆེན་བདུན་ཚར་གཉིས་ཕུལ། ཁྲལ་མི་རྣམས་ལ་དངུལ་སྲང་ལྔ་བཅུ་ཐམ་པའི་འགྱེད་དང་། དབུལ་འཕོངས་ལ་བརྒྱ་སྐོར་ལ་ཇ་ཐུག་རྩམ་འགྱེད་སོགས་བཏང་། ས་སྐྱ་ནས་ཚོགས་འབུམ་ཐེར་གཏད་རྒྱུ་གནང་བ་བྲག་དམར་ཀེའུ་ཚང་སོགས་སུ་རིམ་པས་བཏང་། ཆོས་རྗེ་བྲག་ཕུག་པའི་ཕྱི་རྟེན་ལྷ་ཁང་ལ་རབ་གནས་བྱས་


JLAZ014_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བདག་གིར་བཟུང་ནས་འབད་པ་དོན་ལྡན་དུ་ཕྱིར་རབ་གྲ་དགེ་དོན་པ་ལོ་གསུམ་ལ་བཞག་ བསམ་ཡས་སུ་སྲིང་སྐྱོང་རྟ་ཚགས་རྩད་གཅོད་དང་གཟིགས་བསྐྱངས། ཆབ་ཤོག་གསེར་དངུལ་གྱི་རྟེན་བཅས་གནང་ཡང་། བདག་ཉིད་ལ་རེ་དོགས་གནག་ཡང་མེད་པས་ངོས་མཇལ་མི་དགོས་པར་ཞུས། སྐྱེས་བུ་ཆེན་པོའི་རང་རྟགས་ཅན་དུ་འདུག་པས་བཀའ་མཆིད་ལ་ཡང་ལན་ཚིགས་སུ་བཅད་པ་ཕུལ། ས་སྐྱ་ནས་རིགས་ཀྱི་བུ་རྒྱལ་སྲས་ཉིན་བྱེད་འོད་ཟེར་ལ་ཞལ་གསོའི་ལེགས་སྐྱེས་དང་། རྡོ་རྗེའི་མིང་གི་ཅོད་པན་གདགས་བར་མཛད་པ་ནི། ཨ་ཡུ་བུཥྚི༚་ཀུ་རུ་ཨོཾ། མཆོག་ཏུ་གསང་བ་ཡུམ་གྱི་དཀྱིལ་འཁོར་དུ། །དུས་གསུམ་འདུ་འབྲལ་མེད་པ་རྟག་ཏུ་རོལ། །བྱང་ཆུབ་རྡོ་རྗེའི་འོད་ཟེར་སྤྲོ་བསྡུ་ལས། །མི་ནུབ་ཆོས་ཀྱི་རྒྱལ་མཚན་བསྐྲུན་མཛད་པའི། །བདག་གི་རིགས་ཀྱི་བདག་པོར་ཕྱག་འཚལ་ལོ། །གང་ལ་ཚོགས་གསོག་སྒྲིབ་སྦྱོང་མི་དགོས་ཀྱང་། །གདུལ་བྱའི་དོན་དུ་ལྔ་ལོ་གཙང་ཕྱོགས་སུ། །ཕེབས་པའི་དང་རྫས་དད་འབུལ་དངོས་པོ་རྣམས། །སྤུངས་ཏེ་བསམ་ཡས་ཁྲི་མཆོད་འབུལ་མཛད་པའི། རྣམ་འདྲེན་བླ་མ་དེ་ལ་བདག་ཅག་དད། །སྙིགས་མར་བསྟན་འགྲོའི་ཆེད་དུ་གང་གི་སྲས། །གླང་ཆེན་ཐལ་ཀྲ་ལྷུམས་ཞུགས་ཀྱི་མཚོན་པའི། །བསམས་བཞིན་སྤྲུལ་མཛད་མངལ་སྐྱེས་བད་འབྱུང་ནི། །རིག་


JLAZ014_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མཐུ་སྟོབས་འོད་ཟེར་འགྲོ་བའི་མགོན། །ལེན་སྨོན་བདུད་ཀྱི་ཚོགས་རྣམས་འཇོམས་མཛད་རྒྱལ། །བདག་ཀྱང་རིག་འཛིན་ཆེན་པོ་ཁྱོད་ཉིད་ཀྱི། །ཞལ་སྐྱིན་མཇལ་སྙིང་འདོད་པའི་གདུང་བ་ནི། །སྐོམ་པ་ཆུ་འདོད་ལྟ་བུ་ཡོད་ལགས་ཀྱང་། །ད་ནི་དུས་ཀྱི་དབེན་པས་སེམས་པ་སྐྱོ། །སྐུ་སྲུང་ལེ་ཚན་བདུད་རྩི་ཁྲི་རྡོ་དང་། །ཡབ་ཡུམ་སྲས་བཅས་ལེགས་སྐྱེས་མགུལ་དར་དང་། །ཐུགས་སྲས་དམ་པར་སྐུ་གསུང་ཐུགས་རྟེན་བཅས། །གང་གི་བཀའ་སློབ་རིག་པ་འཛིན་པ་ཡིས། །དད་གུས་སྤྲོ་བའི་ངང་ནས་ཕུལ་བ་དགེ། ཞེས་མཐིང་ཤོག་ལ་རིན་པོ་ཆེ་ཞུན་མའི་རྡོ་རྗེའི་མིང་གི་ཅོད་པན་ཟུར་བཞིར་དར་ཚོན་སྣ་ལྔ་རེའི་བ་དན་གཡོ་བ་བཅས་སྩལ། །སྡེ་དགེར་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་བརྐོ་མཛད་པའི་མ་ཕྱི་འདི་ནས་དགོས་གསུང་ཡང་། །སྤྱིར་མངའ་བདག་བཙན་པོའི་དུས་ན་ནད་རྒྱུད་འདི་དག་བཀའ་གཉན་ཅིང་གཞུང་གི་གསང་བ་ཡིན་པས་ཡོངས་གྲགས་སུ་མ་བསྒྱུར་ཞིང་། གསུང་རབ་ཀྱི་བརྡ་སྐད་ལམ་བྱང་བས་ལོ་པཎ་སྐད་བརྡ་མ་འཕྲོད་པའི་རིགས་ལའང་སྐད་གསར་བཅད་ཀྱི་དག་ཐེར་མ་ཕོག །ཕྱི་འགྱུར་རྣམས་ལྟར་གཞུང་གཅིག་ལ་གང་ཟག་མང་པོས་བཅོས་ཤིང་བཅོས་པའང་ཡིན་བའི་དང་འགྱུར་སོར་བཞག་གི་རྒྱུན་འབྱམས་འདྲ་མཉམ་དུ་


JLAZ014_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་ཕྱི་མོ་མ་ཚང་བའི་རིགས་རྣམས་བསྡུར། མཚམས་ཞུ་གསེར་དངུལ་ལྟོས་ཆེ་བ་དང་། སྲང་ལྔ་བཅུ་མའི་མཎྚལ་འཕུལ་མ་རྒྱལ་སྲིད་བདུན་ལྡན་ཚ་གསེར་ཅན། རིགས་ཀྱི་བུ་ལ་གསེར་དངུལ། གོས་དང་། རྒྱན་ཕྲེང་སྤུས་དག་དང་བཅས་པའི་ལེགས་སྐྱེསདང་། འདི་ཉིད་མ་ཧཱ་པནིྷ་པའི་ཡང་སྲིད་དུ་དོགས་སློང་བྱུང་བས་ཕྱོགས་འདིའི་བསྟན་པ་དང་སེམས་ཅན་ལ་ཕན་པ་ཡོད་ཚེ་གདན་སར་འཁོད་པ་ཞིག་ཞུ་གསུང་ཡང་། བླ་དབོན་སྡེ་བདག་ཆེན་པོའི་འདུ་འཛི་དང་། དཀོར་རྫས་ཀྱི་ལོངས་སྤྱོད་ལ་སྙིང་ཐག་པ་ནས་འཇིགས་ཤིང་སྐྱོ་བས་རང་བཞིན་ལྷུམས་ཞུགས་ཀྱི་འགྲོ་ཕན་ས་ཕྱོགས་གང་བྱུང་ཀྱང་ཆོག །སྟོན་པ་ཞལ་བཞུགས་དུས་དགྲ་བཅོམ་པ་མང་པོས་བསྙེན་བཀུར་ལ་སྐྱོ་ནས་བསླབ་པ་ཕུལ་བ་ལ་ལེགས་སོ་ཞེས་གསུངས་ན་ཚོགས་ལམ་གྱི་སྣེ་ཙམ་ཡང་མ་ཟིན་པའི་ལོག་འཆོའི་རྫས་ཀྱི་གཟི་བྱིན་བསྒྲུབ་པ་ཁྱིམ་ཆུང་སྤངས་ཁྱིམ་ཆེན་ཐམས་ཅད་ཀྱི་རྣམ་ཐར་ཏེ། མདོ་སྡེ་ལས་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་སྐྱེ་བར་གསུངས་པའི་ལུང་བསྟན་ཐོག་ཏུ་འབབ་པའི་ཕྱིར་རོ། །ཀཐོག་གདན་ཚབ་དགེ་རྩེ་རིན་པོ་ཆེའི་པི་ཝརྟ་ཚིག་དོན་ཤིན་ཏུ་བཟང་བ་འབྱོར། རྣམ་དཔྱོད་ཆེ་བས་བསྟན་པ་ལ་ཕན་སྙམ་སྤྲོ། ལར་ཡང་ཁམས་ཕྱོགས་པ་རྣམས་བསྟན་


JLAZ014_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱག་བཞེས་ཆེ་ཞིང་། ལྷ་མ་ཡིན་གྱི་བླ་དང་མི་ལྡན་པས་བདག་ཅག་ལའང་དངས་བ་མཛད་ཙམ་ནས་སྔ་འགྱུར་བཀའ་མ་ནུབ་པ་བསྟན་པ་གཟུགས་བརྙན་དུ་འགྲོ་ཚུལ་ཡང་ཡང་གླེང་བས་དགོན་ཆེན་ཚོར་དེ་དག་གི་སྒྲུབ་མཆོད་རྒྱུན་ཚུགས། ཉི་གྲགས་གསུམ་པས་ནགས་ཤོད་རང་དགོན་དང་། རྒྱ་རོང་དགོན་བ་སོགས་སུ་རྒྱ་དངུལ། ཇ་གོས་དར། རྟ་མཛོ་མང་པོའི་གཏོང་ཕོད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་ནས་ཀློང་ཆེན་སྙིང་ཐིག་གི་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད་དང་། གླེགས་བམ་པར་བརྐོ་སོགས་བསྟན་པལ་བྱ་བ་རྒྱ་ཆེན་པོ་མཛད། བརྒྱུད་གསུངས་ལ་ཐུག་པའི་ཆོས་ཡིན་པར་མ་ཟད། བཀའ་འདུས་རྒྱ་མཚོའི་སྒོས་སྒྲུབ་རྣམས་དང་། ཕུར་པ་རྒྱུད་ལུགས་སོགས་སྔ་འགྱུར་རྒྱུད་འབུམ་ནས་བཤད་པའི་ལྷ་སྔགས་དངོས་བསྟན་ལ་རྟོན་པའི་ཆོས་ཡིན་པས་རྡོ་རྗེ་ཐེག་པའི་ཆོས་སྲུང་རྣམས་ཕྲིན་ལས་ཀྱི་སྒོ་དབྱེ་བ་ལས། དངོས་ཅག་གིས་ཆོས་བདག་འཚོལ་བ་དང་། རྟེན་འབྲེལ་བསྒྲིག་པ་སྣ་གཅིག་ཀྱང་མ་བྱས། ནགས་ཤོད་དུ་གདན་འདྲེན་ནན་ཏུར་ཆེ་ཡང་རྒ་བའི་ཆད་པས་བསྒྲུབ་མ་ནུས། ཐེག་མཆོག་གླིང་དུ་འཛུགས་རྒྱུའི་སྒྱུ་འཕྲུལ་ཞི་ཁྲོའི་ཆོག་སྒྲིགས་འདོན་བདེ་བ་བསྒྲིགས་ནས་སྒྲུབ་མཆོད་ཐེབས་ལ་སླར་ཡང་


JLAZ014_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་སྤང་ལྔ་བཅུ་ཐམ་པ་སྦྱར། མོན་ཤར་ཕྱོགས་རོལ་མ་དུ་ཡོད་པའི་སློབ་མ་ཀུ་རུ་ལུ་པ་དག་གིས་ཀྱང་ཀླ་ཀློའི་བརྟུལ་ཞུགས་ཅན་དག་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། བསྙེན་གནས། ལས་འབྲས་ལ་དངས་པ་སྟོན་པ། ལྷག་པར་སྦྲང་ཚང་སུམ་ཅུ་སྐོར་དང་། ཉ་དང་རི་དྭགས་བགྲང་གིས་མི་ལྡང་བ་ལ་བརྔན་སྦྱིན་གྱིས་བསྐལ་པའི་བར་དུ་རི་རྒྱ་ཆུ་རྒྱ་འདེབས་ཐུབ་པ་སོགས་བྱུང་བ་བླ་མའི་ཐུགས་རྗེ་ཡིན་པས། བཀའ་ཤོག་དང་བྱིན་རྟེན་སོགས་དགོས་ཚུལ་ལྟར་སྐུ་རྟེན་དང་དངུལ་སྲང་བདུན་བཅས་བསྐུར། གདུང་དཀའ་བ། སྦྱོང་དཀའ་བ། རྣམ་པར་ཤེས་པ་ལས་སུ་མི་རུང་བའི་གང་ཟག་ལ་ཆོས་འཆད་པ་ལས། སེམས་བསྐྱེད་ཀྱི་འཇུག་པས་སེམས་ཅན་གྲངས་མེད་ལ་ཕན་ཐོགས་པ་འདི་དོན་གྱི་འགྲོ་དོན་ཡིན་སྙམ་སྤྲོ་བ་འཕེལ། གདུང་བསམ་ནས་སློབ་དཔོན་འཇིགས་མེད་པས་བཀའ་འབུམ་ཆ་ཚང་སྤུས་དག་གསར་བཞེངས་དང་། ཆོས་སྤྱད་རང་ལུགས་སུ་བསྒྲིགས་པའི་བར་ཕུད་བཅས་འབྱོར། དགོན་རྩེ་རིན་པོ་ཆེ་དང་། སྡེ་དཔོན་འགྲོང་རྩེ་བ་སོགས་ལ་ཚེ་དབང་བྱས། ཕྱོགས་ཕྱོགས་ཀྱི་འདུ་བ་དང་། དཀོར་རྫས་ཀྱི་ཉེས་དམིགས་ལ་རང་ཉིད་སུན་སྣང་དང་། འགའ་ཞིག་ཁྲོ་བ་འཕེལ་ཀྱང་མི་མེད་ལུང་སྟོང་དུ་མ་བཅགས་


JLAZ014_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷ་བུའི་བདུད་ཀྱི་འཕྲང་ལས་མ་ཐར། དེ་ལྟ་ནའང་བདུད་ལ་བདུད་དུ་ཤེས་པའི་ཕུང་པོ་ལྔ་དང་ཉོན་མོངས་པའི་བདུད་ལ་གཟུང་འཛིན་གྱི་འཆིང་བ་གཅོད་པའི་དྲན་ཤེས་དང་མ་བྲལ་བས་འཆི་བདག་གི་བདུད་དེས་རེ་ཞིག་བཏང་ངམ་སྙམ། ས་སྐྱོང་སྡེ་དགེའི་སྐུ་རིམ་དུ་མ་མགོན་ལེགས་ལྡན་དང་བཅས་པའི་བསྐང་བ་རྒྱུན་འཛུགས་དང་། སྒྲོལ་མ་ཁྲི་ཚར་མང་པོ་བཏོན་དུ་བཅུག །ཁམས་མོན་བཅོ་ལྔ་སྐོར་ལ་ཁྲིད་བཏབ། བདག་ཅག་གི་སྟོན་པའི་རིང་ལུགས་ལ་བསྡུ་བའི་དངོས་པོ་བཞི་གསུངས་པ་འདི་ངོ་མཚར་ཤིན་ཏུ་ཆེ་བས་དངོས་ཅག་གིས་ཆོས་རྒྱལ་མེས་དཔོན་གྱི་གཙུག་ལག་ཁང་ལ་བསྟི་སྟང་བགྱིས་ཤིང་། དབུས་གཙང་ལྷོ་མོན་གྱི་འདྲིས་ཅན་ཐམས་ཅད་ལའང་དེ་བཞིན་དུ་བསྐུལ་བས་དོན་མཐུན་གྱི་སྤྱོད་བས་སྟོང་མཆོད་འབུལ་མི་བསམ་གྱིས་མི་ཁྱབ་པ་བྱུང་། སློབ་དཔོན་འཇིགས་མེད་དཔོན་སློབ་རྒྱ་མཚམས་ན་གནས་པས་ཀྱང་སྔ་ཕྱིར་སྟོང་མཆོད་ཕུལ་བའི་འདི་ལོའི་སྡེབས་མཐུན་དུ་ཁྲ་འབྲུག་ལ་སྟོང་མཆོད་དང་། ཨོ་རྒྱན་ལྷ་ཁང་དུ་རྒྱ་དངུལ་སྲང་ལྔ་བཅུ་ལས་གྲུབ་པའི་མཎྚལ་འཕུལ་མ་ཚ་གསེར་ཅན་ཕུལ་ཏེ། འཇིག་རྟེན་དུ་མུ་གེ་ཞི་བའི་སྨོན་ལམ་བཏབ། སྲོང་བཙན་བམ་སོར་གདུང་ཁེབས་དང་


JLAZ014_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་རྒྱན་ཕུལ། ལར་དཀོར་རྫས་ཀྱི་རིགས་ཞིང་ས་དག་པར་འཕུལ་སྦྱོར་གྱི་རྒྱུ་རྐྱེན་མ་ཚོགས་པས་ལག་ཏུ་རེ་ཞིག་ཡོད་རིང་ལའང་། ཡིད་ཀྱི་བདག་གིར་མ་བཟུང་བར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་སྨོན་ལམ་བཏབ། བདག་ཅག་གིས་བསྟན་པ་དང་སེམས་ཅན་གྱི་དོན་བསྒྲུབ་པ་ལ་སྡུག་བསྔལ་བདག་སྲིད་ན་སྙིང་རྗེ་ཆེན་པོའི་ཡུལ་ཏེ། དངོས་ནི་དབེན་པར་ཆོས་ཉིད་ཟབ་མོའི་དོན་ལ་བརྟེན་གོམས་མང་དུས་བྱས་པའི་བྱང་ཆུབ་སེམས་དཔའ་ཡིན་པས་སུ་ལའང་ཕྲག་དོག་དང་གནོད་སྨེས་མ་མཆིས་པ་ལགས། འབྲུག་བཀྲ་ཤིས་སྒང་གི་ཀ་ཆི་ཅན་བརྒྱད་ལ་རིག་འཛིན་གྱི་དབང་དང་། ལས་འབྲས་གྱི་ཁྲིད་བཤད་ནས་གཞན་གནོད་སྤོང་བར་གདམས། གཞོང་དཀར་བླ་མ་སངས་རྒྱས་བཟང་པོས་དབེན་དགོན་གསར་འདེབས་ལ་སྔ་ལོ་རབ་གནས་ཀྱི་འདུན་པ་གཏང་པས་མངོན་རྟགས་ལེགས་ཚུལ་དང་། འདི་ལོ་རྟེན་བཞེངས་ལ་དུས་ཚེས་འགྲིགས་པའི་མེ་ཏོག་གཏོར་དགོས་ཚུལ་ལྟར་རབ་གནས་ཀྱི་དོན་པོ་བཞི་ཚང་བས་ཡེ་ཤེས་འབེབས་པའི་འདུན་པ་གཏད། སྲོང་བཙན་དུ་གོས་ཡུལ་བདུན་གྱི་མཆོད་རྫས་ཕུལ། རྒྱ་གར་རྩ་མཆོག་གྲོང་ལ་སྟོང་མཆོད་དང་། ཉེའུ་འདོན་རྒྱ་ཆེན་པོ་ལུག་ཉི་ཤུ་སྐོར་ཚེ་ཐར་བྱས། ཆབ་


JLAZ014_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་འབུམ་ཐེར་བཏང་། འབྲི་གུང་ནས་གསེར་དང་དྲི་བཟང་ཕོན་ཆེན་ནང་ནས་སྨན་སྒྲུབ་ཀྱི་ལག་ལེན་ལ་ཟིན་བྲིས་དགོས་གསུང་། གླ་གིའི་ཐོད་པ་བརྡར་འཁྲུལ་བ་དང་། དབབ་བསྐྱིལ་གྱི་སྔགས་དོན་མ་ཕྱེད་པའི་རང་ཉམས་ལ་བདུད་རྩི་བསམ་བརྒྱད་དང་། བདེ་འདུས་ལྟོ་སྦྱང་བའི་ཡིག་ཆ་ཞིག་བྱུང་ན་ལེགས། ཀྱང་མིག་སྐྱོན་གྱིས་མ་ཐུབ་པས་ཟིན་བྲིས་ཙམ་ཕུལ། འབྲས་སྤུངས་བདེ་ཡངས་བླ་མས་སྐྱབས་འཇུག་ཞུ་རྟེན་དང་བཅས་རྫོགས་པ་ཆེན་པོའི་ངོ་སྤྲོད་ཅིག་དགོས་གསུང་པ་ལ་དག་པ་གཉིས་ལྡན་གྱི་མཛོད་ཁང་བྲིས། རྫོགས་པ་ཆེན་པོའི་དོན་ཧ་ཞིག་ཀྱང་བརྩམས། རིང་འཚོའི་རྟེན་དུ་ཁ་རྫས་དང་ཕྱག་ཕྲེང་། དཔེ་རྒྱུན་དཀོན་པ་བཅས་བསྐུལ་གནང་མཛད་ནས་པདྨ་འོད་དུ་མཇལ་བའི་སྨོན་ལམ་ཞུ་གསུང་བ་ལ་མངོན་རྟགས་ལེགས་པས་ལྷག་བསམ་གྱི་ཁྱད་པར་འདི་གཞན་དང་མི་འདྲ་བར་སྣང་། ལྷ་ལྡན་དུ་རྡོ་ཚད་གསུམ་གྱིས་བསྒྲུབས། པའི་སྟོང་མཆོད་དང་། བསམ་ཡས་སུ་ཡང་སྟོང་མཆོད་ཕུལ། མངའ་རིས་གྲ་ཚང་བར་ཇ་སྐྲག་གསུམ་དང་དངུལ་སྲང་ཉེར་གཉིས་ཀྱི་མང་བཀོལ་བཏང་། ཧོར་བྲག་འགོ་དང་ཏྲེ་བོ་པ་དགེ་རྙིང་འདྲེས་པ་ཁ་ཤས་ལ་བྱང་ཆུབ་སེམས་དཔའི་སོ་ཐར་


JLAZ014_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཁྲིད་སྤུང་ལས་འབྲས་ལ་ནན་ཏན་ཆེ་བ་བཤད། ལར་མོན་པ་དང་ཁམས་པ་སོགས་ལ་སྔོན་འགྲོའི་ཆོས་ལ་ནན་ཏན་བྱས་པས་ཤེས་རྒྱུད་ལ་ཅུང་ཕན་ནས། སྡིག་སྤོང་དགེ་བསྒྲུབ་ཀྱི་དམ་བཅའ་ཕུལ་བ་མང་དུ་བྱུང་། བོད་པ་རྣམས་ནི་ཆོས་ལ་རྒྱུས་ཆེ་བས་སྟོན་པ་དངོས་སུ་བྱོན་ཀྱང་ཐུལ་བའི་རིགས་སུ་མི་འདུག་པ་འདི་ལྔ་ཕྲག་ཐ་མའི་ཚོམ་བོས་སླེབས་པས་སྐྱོ་བའི་གནས་སུ་སྣང་། ནགས་ཤོད་ནས་ཉི་གྲགས་གསུམ་པའི་ཀློང་སྙིང་པར་ཕུད་དང་རྟ་གསེར་སྒ་དཀྲོལ་མ་རིན་ཐང་ཅན་དང་། གསེར། ཕྲེང་བ་རིན་ཐང་ཅན་དངུལ་རྟ་རྨིག་མ་གཉིས། ཆུང་ཇ་འཁོར་དྲུག་བཞི། མར་དོ་བཞི་སོགས་སྔ་ཕྱིར་འབུལ་ནོད་ཤིན་ཏུ་ཆེ་བ་དང་བཅས་པ་གདན་འདྲེན་ནན་ཏུར་ཆེ་ཡང་སྤྲུལ་སྐུ་རང་ཡང་འབྱོན་པར་བྱས། འབྲི་གུང་ནས་ཕོ་ཉ་བསྟུད་མར་གནང་ནས་ཁམས་ནས་ཆེན་གསལ་སྟོང་དགོན་གྱི་བླ་མ་ཆགས་མེད། ཡི་དམ་ཆོས་སྐྱོང་འགའ་ཞིག་གི་དབང་ལུང་རྒྱུན་སྤེལ་བ་ཆེད་མངགས་མཛད་པ་བཞིན་དོན་ཚང་བྱས། རྗེ་རཏྣ་ལ་ཟབ་གཏེར་གྱི་བཀའ་བབས་པ་ནས་འབྲི་གུང་ཕྱོགས་སྔ་འགྱུར་གྱི་རིང་ལུགས་ཅན་དུ་སོང་ཞིང་། རྙིང་མ་བཀའ་གཏེར་གྱི་ཆོས་རྩ་བ་ཆེ་བ་མཐའ་དག་མངའ་རིས་པཎ་ཆེན་རིན་པོ་ཆེ་སོགས་ལས་བརྒྱུད་དེ་དར་ཡང་ད་ལྟ་ཉག་ཕྲ་བར་སྣང་བས་སྔ་རྒྱུས་སྙན་བསྐུལ་བྱས་པ་


JLAZ014_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྤྲུལ་སྐུ་རིན་པོ་ཆེ་འདི་དག་སྣང་དང་ཕྱག་བཞེས་ཆེ་བས་གསེར་དངུལ་དང་གོས་ཡུག་སོགས་སྦམས་ཆེ་བ་གནང་ནས། དབང་ཆོས་ཀྱི་ཐོ་ཟུར་གསལ་མཛད་པ་ཡོངས་རྫོགས་མ་ཐུབ་ཀྱང་། སྙིང་ཏིག་ཡ་བཞི། ཕུར་བ་རྒྱུད་ལུགས། ཀློང་སྙིང་། མཛོད་བདུན་གྱི་བཀའ་གཏད་སོགས་བྱས། དྲི་བ་སྣ་ཚོགས་བྱེད་པར། ལར་རྒྱུ་གཉིས་རྐྱེན་གསུམ་ཚོགས་པ་ལས་དབང་ཐོབ་པ་ཡིན་ཀྱང་། དུས་ད་ལྟ་བ་ཕལ་གྱིས་དཔེ་རྒྱུད་ཀྱི་ཆོ་ག་གསལ་པོ་ཡང་ཆ་མི་ཕྱེད་ན། དབང་བརྡ་འཕྲོད་པ་དང་ཡེ་ཤེས་མཐོང་བ་ལྟ་ཅི་སྨོས། དེ་བས་ན་བྱིས་པ་ཉེར་སྤྱོད་ཀྱི་སེམས་དོན་དང་། འཇིག་རྟེན་གྱི་འབྱོར་སྟོབས་ལ་དྲེགས་ན། རང་འབྱོར་གྱི་ཡན་ལག་ཀྱང་ཉམས་པར་བྱེད་པས་ཤཱཀྱ་ཐུབ་པའི་སྙོམས་ཆུང་ལ་གཟིགས་ནས་ཆོས་ལ་ཞུན་ཐར་ཆོད་ཅིག་སྨྲས། ཁམས་པ་རྫ་ཡུལ་བ་གསུམ་ལ་ཁྲིད་བསྡུས་པ་ཞིག་བཤད་ངེས་འབྱུང་དང་ལས་འབྲས་ཤེས་པའི་དོན་གཙོ་བོར་བཏོན་ བསྔོན་བཀའ་བློན་རྒྱང་མཁར་ལྷ་ཁང་ནས་ཆེན་ཀྱི་བྱོན་ནས་ཞག་གཉིས་བཞུགས་རིང་ཚེ་དབང་བརྒྱ་རྩ་དང་། དམ་པའི་ཆོས་འབའ་ཞིག་གི་དྲི་བ་དང་གསུང་གླེང་སྨར། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་དངས་པ་ཆེ་བས་སེམས་ཅན་ལ་ཕན་པ་འབའ་ཞིག་གི་ངང་ནས་རྒྱལ་སྲིད་ཀྱི་བྱ་བ་རྨི་ལམ་ལྟ་


JLAZ014_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གཟིགས་ཏེ་དྲན་བའི་རྒྱུན་བསྐྱངས་ནས་གཟུགས་ཅན་སྙིང་པོའི་རྣམ་ཐར་ལ་རེག་པར་འགྱུར་རོ་ཞེས་གདམས། དབྱིངས་ས་ཆེན་པོར་བཞུགས་ཀྱང་བླ་མ་ལ་བླ་མར་འཛིན་པའི་བསྟི་སྟང་འབའ་ཞིག་ལས་སྙེམས་དྲེགས་དང་ཆེ་འགྱིང་སོགས་མེད་པས་ཀ་བློ་བདེ། འདི་ལ་དཔགས་ན་མལ་ཀ་བ་ཅན་པའི་གསུང་སྒྲོས་བཞིན་ཐོས་བས་བསྲུང་། སྒོམ་པ་གཏོང་། བསྟི་གནས་དང་ཟང་ཟིང་འབའ་ཟིག་གིས་སྙེམས་པའི་རིགས་ཅན་རྣམས་ལ་ཆོས་ཀྱི་ཕན་པ་འགྲུབ་དཀའོ། ལར་དབང་དང་སྟོབས་འབྱོར་ཡོད་པ་ཙམ་གྱིས་སྡིག་རྒྱུན་ཀྱང་རང་ཤུགས་ལ་འདུ་བ་ཆོས་ཉིད་ཡིན་གཤིས་སྡེ་བདག་ཆེན་པོའི་དཀོར་རྫས་ལ་གཏོང་ལེན་གྱིས་བྲེལ་བ་འདི་ཡང་བློ་མི་བདེ་ཞིང་བསམ་གཏན་གྱི་ཚེར་མར་སྣང་ངོ། །ལར་ངས་མི་ཆོས་དང་ཡོང་བའི་ཐབས་ནི་མ་བྱས། བྱུང་བ་ལ་དགའ་ཚོར་ཡང་མེད། མཉམ་པར་བཞག་པའི་དོན་ནི་སྨྲ་བསམ་བརྗོད་མེད་ཡིན། རྗེས་ཐོབ་ཐམས་ཅད་དུ་རྫས་རྣམས་ཡན་ལག་བདུན་པས་དཀོན་མཆོག་ལ་བསྔོ་ཞིང་། རྒྱལ་བའི་ཞིང་ཁམས་རྡུལ་ཕྲ་རབ་བསྐོར་བ་བྱེད་པའི་འདུན་པས་འཆག་པ་དང་ཆབས་ཅིག་སྨོན་ལམ་རྣམ་གསུམ་ཚར་རེས་ཉུང་མཐའ་དང་བཅས་ཤིང་གསོན་འབྲེལ་ཐོགས་ལ་དམིགས་པ་ནི་ཉིན་ལྟར་རོ། །བཀའ་འགྱུར་གསར་བསླུས་དབུ་ཤོག་དང་


JLAZ014_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྣམས་གསེར་ཞུན་ཤ་སྟག་གིས་བརྗེས། ཞལ་ཁེབས་གསུམ་བརྩེགས། གདོང་དར་གསུམ་བརྩེགས། ཕར་ཕྱིན་ཅན་བཟང་གོས་རིན་ཐང་ཅན་དང་། གླེགས་ཤིང་། གླེགས་ཐག་རས་ལྷས་སྔོན་པོ་ཆབ་བཅས། ཀ་ཅི་ལ་སྨན་པར་བཏབ་པའི་སྒྲིལ་རྫས། ཀུན་དགའ་ར་བ། དབུ་ཐོག་རྒྱན་བཞིའི་བླ་རེ་བཅས་སྤྱིར་དངུལ་སྲང་དྲུག་བརྒྱ་ལྷག་བཅས་སོང་། ཧོར་ཏྲེ་བོ་ཚོང་དཔོན་དང་། སྒམ་ཚ་དཔོན་པོ། ཧོར་བྲག་འགོ་ནས་གླིང་ཚང་རི་འགོ་བ་བཅས་ལ་ཆོས་འབྲེལ་བྱས། ཁེ་སྨད་དང་། སྤོ་རིའི་ཡུམ། གཞིས་ཀ་གཡུང་དྲུང་དང་། དཔལ་རི་བླ་བྲང་། སྒོམ་ཆེན་དྷ་རྨཱ་སོགས་ཀྱི་བརྟན་བཞུགས་མཛད། ཚེ་གཟུངས་འབུམ་ཐེར། མངའ་གྲར་བཀའ་འགྱུར། སྲོག་བསླུ་སྦྱིན་གཏོང་སོགས་ཀྱང་བགྱིས། ས་ཚ་འབུམ་ཐེར་གདབ་དུས་གཙོ་མོ་འབྲོག་མོའི་རྣམ་པ་ཅན་མང་པོས་མཎྚལ་གྱི་ཚོམ་བུར་གཙུག་གཡུ་དང་། ལྷུང་བཟེད་སྤུབ་ཆོལ་གྱི་འབུལ་བ་དད་བཅས་བརྟན་བཞུགས་བྱས་པར་རྨིས་པས་འདི་རེས་ཀྱི་ཚེ་ཕྲེང་བསལ་བས་རྗེས་ཐོབ་ལ་ཀུན་རྫོབ་བདེན་པ་འདིའི་མི་བསླུང་ངེས་པར་སྣང་། ཁོ་ལོད་སྟོད་དུ་ཕྲིན་ལས་རྒྱལ་མཚན་གྱི་སྔ་ལོ་ལྷ་ཁང་བཞེངས་པར་འདི་ལོ་བྱམས་སྐུ་ཐོད་ཚད་མ། སྟོན་པ་དང་། སློབ་དཔོན་ཆེན་པོའི་སྐུ།


JLAZ014_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀྱི་འདྲ་འབག་སོགས་བཞེངས་པར་རབ་གནས་ལ་གདན་འདྲེན་ནན་ཆགས་ཆེ་བར་འགྲོ་མ་ཐུབ་ཀྱང་ཡེ་ཤེས་སེམས་དཔའ་ལ་ཉེ་འགྱང་མེད་པས་རབ་གནས་ཀྱི་འདུན་པ་ནན་ཏན་བྱས། བླ་བྲེ་ཆེ་བ་དང་། ཀ་འཕན། དུང་དཀར་ རོལ་མོ་སོགས་བསུར་བ་ལྟར་སྣང་ལ་ཁྲལ་མི་རང་བཞིག་ཏུ་སྣང་སྟེ། ད་དུང་བཀའ་འགྱུར་ཨེ་འགྲུབ་རེ་བ་སོགས་སྨེས་ཅན་གྱི་བསམ་པའི་ཁྱད་པར་འིད་བསམ་གྱིས་མི་ཁྱབ་ཅིང་དེད་ཀྱི་དངོས་པོ་རྒྱ་ཆེ་ཙམ་བསྐུལ་བས་ལ་ཡུལ་མི་རྣམས་ཀྱང་དད་པ་ཆེ་བས་ཡུལ་ལྗོངས་གསུམ་གྱི་སྦྲང་ཚང་གང་ཡོད་མི་རབས་གཅིག་གི་བར་ཚེ་ཐར་ལ་བཏང་། དེ་མཚུངས་ཆོས་མཐུན་གྱི་སློབ་མ་ཁ་རག་སྒོམ་ཆུང་པས་མོན་ཤར་ཕྱོགས་རོ་ལམ་མ་ལོང་མཁར་དུ་སྒོམ་སྒྲུབ་དང་མ་བྲལ་བར་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་རི་རྒྱ་ཆུ་རྒྱ་བཏབ་པས་སྲོག་ཆགས་དུང་ཕྱུར་མང་པོ་ལ་མི་འཇིགས་པའི་སྦྱིན་པ་བྱས་པར་དངུལ་དང་བྱུ་རུ་སྤོས་ཤེལ་མང་པོའི་མཐུན་རྐྱེན་བྱས། མཐའ་ཁོབ་ཀླ་ཀློའི་ལུང་པ་དཀོན་མཆོག་དང་ལས་འདྲས་ལ་དད་གུས་བཅུག་ཅིང་། ཆོས་ཉན་པ་དང་། མ་ཎི་དང་ཕྱུར། སྡིག་སྤོང་དགེ་བསྒྲུབ་ཀྱི་དམ་བཅའ་འབུལ་བའང་མང་དུ་བྱུང་བས། དབུས་ཆོས་དྲེད་ཀྱི་ལུང་པར་གྲོང་ཆོག་དང་མི་ཆོས་ཀྱི་རྣམ་གཡེང་སད་ཆོག་པ་བྱུང་། དཔལ་སྤྲུལ་


JLAZ014_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ། པ་རྣམས་ཨེ་མཆི། མོན་ཧར་ནུབ། གདུང་བས་མ་ཆོས་རྗེ་སོགས་འདུས་པ་རེ་མང་ལ་ཁྲིད་ལེགས་པར་བཏབ། འདུས་པ་མདོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཞག་བཅུ་སྐོར་བཙུགས། རྡོ་རྗེ་བྲག་པས་མཚམས་ཞུ་རྟེན་བཅས་ཆེ་བ་དང་། ཞལ་་གདམས་རྣམ་ཐར། གཏམ་ཚོགས་གཡར་པོ་དགོས་གསུང་པ་ཐུགས་རྒྱུད་བྱིན་གྱིས་བརླབ་པའི་རྟེན་འབྲེལ་བགྲིགས། ཐིག་མཆོག་གླིང་དུ་སྒྱུ་འཕྲུལ་ཞི་ཁྲོའི་ཆོ་ག་ལེགས་པར་ཚུགས་པའི་གནས་ཚུལ་དང་། རིགས་ཀྱི་བུའི་ལེགས་སྐྱེས་བཅས་ལ་དད་ལྡན་ཆོས་འཕེལ་ལགས་ཅན་འབྱོར་བར། བསྐྱེད་རིམ་གྱི་དམིགས་ཁྲིད་དང་། ཕྱག་རྒྱ་སོགས་ལ་དག་ཐེར་བྱས། ལོ་སྟར་ཤོར་འདེགས་ཁལ་སུམ་ཅུ་སྐོར་འབུལ་རྒྱུན་ཁལ་མའི་སྤྱོད་སྤྱོད་བློས་མི་བཟད་པས་ཡང་ཡང་ལྡོག་ཀྱང་། བླ་གྲ་ཚང་མ་དད་མོས་ཆེ་བའི་ངོ་མ་ལྡོག་པས་འདི་ལོ་ནས་བཟུང་འབྲུ་རྣམས་ཀྱི་ལུག་སྲོག་བསླུ་བཏང་བའི་ལུག་རྣམས་སྔོན་ཡོད་ཚེ་ཐར་སུམ་ཅུ་སྐོར་ལ་བསྣན་ཏེ་རྒྱལ་བལ་སྒྲུབ་མཆོད་ཀྱི་ཆ་རྐྱེན་ལ་སྦྱར། སྔོན་ཆད་ཀུན་མཁྱེན་ཆེན་པོའི་གསུང་མ་དར་བས་གཏོར་རྒྱག་དང་འཆམས་དབྱངས་ཙམ་གྱི་སྔ་གྱི་གྲུབ་མཐའི་གཏིང་མི་ཕྱིན་པར་མོལ་བས། མཁན་པོ་ཤྲཱི་ནཱ་ཐ་


JLAZ014_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གདུལ་དུ་རུང་བ་སྐྱེས་བུའི་མཚན་ཉིད་དུ་སྣང་བས་དོན་གཉེར་ཆེན་པོ་མཛད་པ་ལ། བདག་ཅག་གིའང་བསྟན་པ་འབའ་ཞིག་ལ་བསམས་ནས་མཛོད་བདུན། ཤིང་རྟ་སྐོར་གསུམ། གསང་སྙིང་རྩ་འགྲེལ། ཡོན་ཏན་མཛོད་རྩ་འགྲེལ་བཅས་སྡེ་དགེ་ནས་བླུ་ཡོན་སྲང་སུམ་ཅུ་སྐོར་གྱིས་བསྒྲུབས་ཏེ་གྲྭ་ཚང་སྤྱི་སོར་བྱས། མང་ཇ་སྦྱོར་སྦྲེལ་ལྔ་དང་། རྗེས་སུ་ཡི་རང་བའི་གཏམ་སོགས་བསྡུ་བའི་དངོས་པོ་བཞིས་གཞན་དོན་བྱས་པ་ཡིན། མོས་ལྡན་འབྲོང་རྩེ་ཡུམ་སྲས་ནས་རིགས་ཀྱི་བུ་ལ་ལེགས་སྐྱེས་སྦམས་མཐོ་བ་དང་། སྒྱུ་འཕྲུལ་གྱི་སྒྲུབ་མཆོད་འཛུགས་རྟེན་ཞབས་ཏོག་ཉིན་འཁྱོངས་མཛད་འདུག་པའི་དགེ་བ་རྫོགས་བྱང་དུ་བསྔོས། རབ་བྱུང་གི་གསེར་དངུལ་ལ་རེག་པའང་བཀག་ན། གསེར་དངུལ་ལ་སྙིང་ནོར་དུ་བྱེད་པ་ནི་ཁྱིམ་པ་བཀྲམ་ཆགས་ཅན་དག་དང་བསམ་སྦྱོར་གཅིག་པར་འདུག་པས། བདག་ཅག་ལ་དད་འབུལ་བྱུང་བ་རྣམས་ལ་མཉམ་ཞག་གི་ངོ་ན་གསེར་དང་བོང་བ་མཉམ་ཞིང་། རྗེས་ཐོབ་ལ་གཞན་དག་གིས་སྡིག་པའི་ཁུར་བདག་ལཱང་བཀལ་ཏོ་སྙམ་ནས་ཡང་བའི་ཕྱིར། རྒྱ་དངུལ་ཐུར་སྲང་ལྔ་བརྒྱ་སྐོར་གྱི་བཟོ་རྒྱུ་ལས་རྒྱལ་བ་མ་ཕམ་མགོན་པའི་སྐུ་སྲིད་སྐྱོང་རྟ་ཚག་རིན་པོ་ཆེས་


JLAZ014_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་གྲོགས་མཛད་པར་བཀུས་གསེར། ཁྲི་ཟངས། ཕྲ་རྒྱན། བྱི་རུའི་ཤལ་བ། བཟོ་བོ་བཅོ་ལྔ་སྐོར་ལག་གཡོག་དང་བཅས་པའི་གླ་ལྟོ། སོལ་རིན། དཔོན་བློན་སོ་སོར་ལེགས་འབུལ་སོགས་སྤྱིར་དྲིལ་དངུལ་སྲང་ཆིག་སྟོང་སུ་མ་བརྒྱ་སྐོར་སོང་བ། གྲ་མི་ལ་བརྟེན་བསམ་ཡས་སུ་སྤྱན་དྲངས་ཏེ་ངས་ངོས་ཀྱིས་རབ་གནས་ལ་སྤྱོད། བསམ་ཡས་མཆིམས་ཕུར་མེ་མཆོད་འབུལ་ཐེར། ཚོགས་སྟོང་རྩ། བྲག་དམར་ཀེའུ་ཚང་དུ་བརྒྱ་མཆོད། ཚོགས་བསྐང་། བཟང་གོས་འཇའ་སྒྲིགས་ལ་ཏོང་སྐུད་ཚོན་སྤེལ་གྱི་ཤ་མཛར་བཏབ་པའི་གདུང་ཁེབས་ཕུལ། གླིང་སྟོདསྨད་ལ་མང་འགྱེད་བཏང་། དགོན་པས་སྦུག་ཏུ་ཨ་ནནྟ་ཚུལ་ཁྲིམས་པས་གདན་དྲེངས་ཏེ་ཐང་སྐུ་གྲྭ་ཚང་དང་། ན་བཟའ་བཞུགས་སྟན་འགྲུ་ཁལ་བརྒྱའི་འབུམ་བསྟོང་མཆོད་ཀྱི་རྒྱུར་བསྔོས། ལར་གང་ཟག་ཅང་ཤེས་པ་རྣམས་ནི་རེ་ཞིག་ཕྲལ་བྱུང་གི་མི་ཁོམ་པས་གཟིར་ཡང་ཆོས་ཀྱི་གདུལ་ཞིང་སྦྱོང་སླ་བ་ཉིད་དོ། །དེ་ནས་རྟ་མགྲིན་གླིང་དུ་ཞག་བཅུ་ཕྲག་གི་བར་དུ་བྱམས་མགོན་གྱི་དངུལ་སྐུ་ལ་བདེ་གཤེགས་འདུས་པའི་སྒོ་ནས་ཆོག་རོགས་པ་བཅོ་ལྔ་སྐོར་བཅས་ཉིན་ལྟར་དངོས་སྟ་སྦྲེལ་བའི་རབ་གནས་དང་། །ལྷ་བབ་དུས་ཆེན་གྱི་ཉིན་རབ་བྱུང་གྲྭ་ཚང་བའི་


JLAZ014_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བསུ་བ་སེར་ཕྲེང་དང་བཅས་ཤིང་རྟ་འཁོར་ལོའི་སྟེང་ནས་བར་སྐོར་དུ་བྱམས་པ་ཆོས་འཁོར་ལ་སྤྱན་དྲངས་ཏེ་བར་ཁང་དུ་བཞུགས་སུ་གསོལ། བཅད་ལྡན་དཀར་པོའི་རྒྱལ་མཚན་ལ་འཇའ་ཤམ་སུམ་བརྩེགས་ཆེ་ལེགས་ཆ་དང་། གཙུག་ལག་ལྟེ་བའི་སེང་གཡེངས་ཀྱི་ལྕམ་གླིང་གྱི་མར་བྱིབ་ཁེབས་རྒྱན་བཞི་དུར་སྨྲིག་ལ་འཇའ་སྤེལ་ཅན་སྤྱིར་གོས་ཡུག་བཅུ་གསུམ་ཡོད་པའི་གནམ་རྒྱན་ཕུལ། ཕྱི་ནང་གཉིས་ཆར་ལ་སྟོང་མཆོད་རེ་དང་བཅས་རབ་གནས་རྒྱས་པ་དང་། སྲེག་བླུགས་སོགས་མཐའ་རྒྱས། གླིང་ཐམས་ཅན་ལ་བརྟན་བཞུགས་མེ་ཏོག་འཐོར། གྲྭ་ཚང་པར་རབ་སྟོན་མང་འགྱེད་དང་། ཁྲལ་མི་ཡོངས་རྫོགས་ལ་ཇ་ཐུག །རྩམ་སྦྱིན། ཊཾ་ཁ་རེའི་འགྱེད་བཏང་། རབ་གྲྭ་ཁ་ཤེས་ལ་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་བྱས། བཀའ་བློན་ཕ་ལྷ་ཡབ་སྲས་ཟླ་མཆོད་ཀྱི་མར་བཞུ་དང་བཅས་ཆེད་ཀྱིས་བྱོན་པར་གནས་རྟེན་ཐམས་ཅད་ལ་མཆོད་འབུལ་དང་སྨོན་ལམ་ལྷན་ཅིག་ཏུ་བྱས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ་སྨོན་འཇུག་གི་བསླབ་བྱ་སེམས་ཅན་ལ་ཕན་པ་འབའ་ཞིག་མཛད་དགོས་པར་གདམས། གསེར་དངུལ་ཇ་གོས་དར་འབྲུའི་བརྒྱ་འབུལ་སོགས་ཀྱང་ཁྱབ་བ་འདུ་བྱེད་ཀྱི་སྡུག་


JLAZ014_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དུ་རིག་བའི་ངང་ནས་མཆོད་སྦྱིན་འབའ་ཞིག་གི་རྒྱུར་བསྔོས། ཟུང་ཕུ་ལྷ་སྟིངས་སུ་རབ་གནས་ལ་གདན་དྲངས་པ་བཞིན་དངོས་སྟ་ཉིན་གསུམ་མ་དང་། བསྐང་བཤགས་སོགས་བགྱིས། བླ་མ་རིན་པོ་ཆེའི་སྐུ་འབུམ་ལ་སྙན་ཤལ་དང་། གྲྭ་བཙུན་རྣམས་ལ་མང་ཇ། ཊཾ་འགྱེད་བཏང་། རྡོ་བྲག་སྤྲུལ་སྐུ་རིན་པོ་ཆེའི་གདན་འདྲེན་འབྱོར། བྲག་ཆེན་ཕུར་པའི་ཡ་ལོགས་སུ་མགྲོན་གཉེར་ཅན་གྱི་ཐབ་བསུ་དང་། རྒྱ་སྒོའི་ཕྱི་ལོགས་སུ་གྲྭ་ཚང་ཡོངས་རྫོགས་ཀྱི་རོལ་ཆ་དང་བ་དན་སྒྲེང་བའི་སེར་ཕྲེང་། སྤྲུལ་པའི་སྐུ་རིན་པོ་ཆེ་གཟིམ་ཆུང་ཕྱི་ལོགས་སུ་ཕེབས། བསྟི་སྟང་བླ་ན་མེད་པ་མཛད། དགུང་ལོ་བཅུ་དྲུག་པ་ཉིད་ཀྱང་བླ་མ་བསྟན་ཚུལ་ཇི་བཞིན་མཁྱེན། གྲྭ་ཚང་ལམ་ཇ་སྦྱོར་སྦྲེལ་དང་། སྐལ་འགྲོ་སུམ་བརྒྱ་སྐོར་ལ་ཊཾ་ཁ་རེ་བཏང་། འདྲ་འབག་གསར་བསྐྲུན་དང་གཙུག་ལག་ཁང་སྤྱིར་རབ་གནས་རྒྱས་པ་མཐའ་རྟེན་ཅན་བྱས། སྐུ་འཁྲུགས་ཅུང་ཟད་འདུག་བ་ལ་ཚེ་དབང་དང་། མེ་མཆོད། ཚོགས་བརྒྱ་སོགས་བསྒྲུབས་པས་འཕྲལ་དུ་དངས། ཀློང་ཆེན་སྙིང་ཐིག་གི་ཁྲིད་དང་འབྲེལ་བར་བྱང་སྡོམ་ལེགས་པར་ཕོག །ཕྱག་ལེན་དམིགས་ཁྲིད་ཀྱི་ཁྱད་ཀྱིས་སྨན་སྒྲུབ་ཞིག་འཛུགས་དགོས་གསུང་བར་བསྒྲུབ་པའི་དོན་པོ་


JLAZ014_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་དང་བཟླས་རྒྱུན་མེད་ན། འབག་འཆམས་དང་རྔ་རོལ་གྱི་དངོས་གྲུབ་མི་ཐོབ་པས་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་དམིགས་ཁྲིད་ནན་ཏན་དང་། ཉིན་མཚན་གསུང་མི་ཆག་གི་བཟླས་རོགས་པ་གྲྭ་པ་དྲུག་ཏེ་མོས་བྱས། གྲོལ་དབང་ལ་དོལ་བ་དང་ཉེ་སྐོར་བ་བདུན་བརྒྱ་སྐོར་འདུས། དཀྱིལ་འཁོར་དེ་ཁའི་སྟེང་ནས་སྐུ་རྐྱང་ལ་བཀའ་བརྒྱད་རྣལ་འབྱོར་རྒྱུན་དབང་། མཁའ་འགྲོ་སྙིང་ཐིག་དང་། ཀློང་སྙིང་གི་དབང་། སྙིང་ཐིག་ཡ་བཞི་ཀ་དང་། སྔ་འགྱུར་རྒྱུད་འབུམ་ཡོངས་རྫོགས་ཀྱི་བཀའ་གཏད་སོགས་ཀྱང་བྱས། དེ་ཁའི་རིང་དབང་། བསྐྱེད་རིམ་རྫོགས་རིམ། བཤད་བ་སོགས་ཆོས་ཀྱི་གཏམ་འབའ་ཞིག་ལ་སྦྱར་མོད་དེ། དམ་པའི་སྐྱེས་བུ་རྣམས་ཀྱང་སྡིག་ཏོ་དང་། བྱིས་གྲོགས་བླུན་པོའི་གཞན་དབང་ལས་ལྡང་མི་ནུས་པ་མང་བས་མཐུད་པ་ཇི་ལྟ་ཞིག་འོང་། བྲིས་ཐང་མང་པོ་ལ་སོར་རྗེས་དང་རྒྱབ་ཡིག་བཏབ། བྱང་བདག་གི་དུས་ཡབ་སྲས་སུ་འབྲེལ་བའི་རྟེན་འབྲེལ་ལས་ཡིན་ནམ། རང་སྟོབས་ལས་བྱུང་བའི་ཐུགས་མོས་ཆེ་བར་འདུག་པས་སྙེན་བསྐུལ་ཟོལ་སྦྱོར་མེད་པ་དང་། གྲྭ་ཚང་གི་ཚོགས་དཔོན་ཡིན་པས་རིག་འཛིན་པད་ཕྲིན་གྱི་རྣམ་ཐར་བསྐྱང་དགོས་ཞུས། སྐུ་གསུང་ཐུགས་རྟེན། ན་བཟའ་ཆ་ཚང་། གསེར་དངུལ་རྡོ་ཚད་ཇ་གོས་


JLAZ014_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དར་ལ་སོགས་པའི་འབུལ་བ་སྦམས་ཆེ་བ་དང་བཅས་བརྟན་བཞུགས་ལེགས་པར་མཛད། གསོལ་མར་འབོལ་བའི་ཕྱིར་རུ་བ་སྦྲ་གུར་དང་བཅས་པ་ཞིག་འབུལ་གསུང་ཡང་། ངེད་བྱ་བྲལ་དུ་སྡོད་པ་ཡིན་པས་དེ་རིགས་མི་ཞུ་བྱས། བྱང་ལུག་གཉིས་སྲོག་བསླུ་བཏང་། གཙུག་ལག་ཁང་སྟེང་ཤོད། རྒྱབ་རི་དང་བཅས་པར་མེ་ཏོག་གཏོར་བསྐུལ་མ་གནང་བ་བཞིན། འདུ་འཛི་ལ་སྐྱོ་བའི་གཏམ་དང་། ཀུན་བཟང་སྨོན་ལམ་གྱི་འགྲེལ་བ་ཉུང་དུ་ཞིག་བྱས། སྦྲགས་མདའ་བར་མགྲོན་གཉེར་ཅན་གྱི་ཕེབས་བསྐྱེལ་བཅས་མཛད། རང་གནས་སུ་འབྱོར་ཕྲལ་ཐེག་མཆོག་གླིང་པའི་གཉེར་རྙིང་ཅན་ལ་འཁྲིད་བཏབ་ཅིང་། འཇོན་དམར་གྱི་སྒྲོལ་མ་དང་། དངུལ་སྲང་ལྔ་བཅུ་སོགས་ཀྱིས་བརྟན་བཞུགས་རྒྱས་པར་ཕུལ། སྡེ་དགེའི་མི་སྣ་དང་བཅས་པའི་མཚམས་ཞུ། རིགས་ཀྱི་བུ་དང་བཅས་སོ་སོར་རྒྱ་གདུགས། ཏོང་སྐུད་ཚོན་སྤེལ་ལ་དངོས་ཤེལ་གྱི་དྲ་ཕྱེད་ཅན་དང་། མཛོད་གསར་རྙིང་གིས་གཙོས་པའི་སྐུ་གསུང་ཐུགས་རྟེན། རྒྱུད་འབུམ་གྱི་བར་ཕུད་པོད་གཉིས། དྲིལ་བུ་གསེར་མགོ་མ་དང་དངུལ་འགོ་མ། ཐོད་ཌཾ་གསེར་ཤན་མ། ཏིང་ཤགས་དངུལ་གྱི་ཉམ་ཐག་ཅན། གསེར་རྡོ་ཚད་གཉིས་དང་། ཝ་རྩག །བཟང་ཇ་འཁོར་དྲུག་གསུམ་བཅས་འབྱོར། རྒྱ་རོང་དབོན་པོ་སྐུ་སྐྱེ་རིན་པོ་


JLAZ014_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་གཙོ་རྫོགས་ཆེན་གྱི་དགོན་པ་མ་ལག་ཕལ་ཆེར་གྱི་བླ་མ་བླ་མཆན། གྲྭ་ཚོགས་སུམ་བརྒྱ་སྐོར་རིམ་པས་འབྱོར་བ་ལ་དབང་ཁྲིད་ཟར་མ་ཚགས་སུ་བྱས། ཤར་ཁྲིད་ཚིག་རྫོགས་ཀྱི་ཤེས་རྒྱུད་གྲོལ་བར་དཀའ་མོད་དེ་ལུག་བཞི་བརྒྱ་སྐོར་གྱི་སྲོག་བསླུ་བ་དང་། ཚེ་མཚམས། མ་ཎི་དུང་ཕྱུར་སོགས་ཀྱི་དམ་བཅའ་འབུལ་མི་བྱུང་བའི་དགེ་བས་བསྔོས། བསྟན་པའི་གཞི་མ་འདུལ་བ་ཡིན་པར་མ་ཟད་སྔགས་ལམ་ལ་ཞུགས་ཀྱང་གང་ཟག་ཚོགས་ཀྱི་ལམ་པ་ནི་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་གཙོ་བོར་འདོན་དགོས་ཤིང་ད་ནིབ་སྟན་པ་རྟགས་ཙམ་ལ་ཉེ་བས་བླངས་འདས་སོར་མི་ཚུད་པར་སྣང་ཡང་། རྩ་བཞི་ཆང་དང་བཅས་པ་སྤོང་སེམས་བརྟན་པ་རེ་ཙམ་བྱུང་ན་ཡང་ཕན་ཐོགས་བ་སྲིད་སྙམ། དཀོན་མཆོག་བརྩེགས་པ་ནས་བཤད་པའི་ཐེག་བ་ཆེན་པོའི་གསོ་སྦྱོང་ཕོག །མཛོད་ལས་འཚལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། ཞེས་བཤད་པས་གཞན་གནོད་གཞི་བཅས་པ་ཡང་མ་སྤངས་ན་ཐེག་པ་གོང་འོག་གཉིས་ཀ་དང་འགལ་བ་ཡིན་ནོ་ཞེས་བཤད་ཅིང་། སྔགས་ཀྱི་བརྟུལ་ཞུགས་བག་ཡངས་སུ་སྤྱད་ཆོག་པའི་ལུང་སུ་ལ་ཡང་བསྟན་པ་མེད་དོ། །རྒྱ་རོང་ཚང་ལ་སྙིང་ཏིག་ཡ་བཞི། རྣལ་འབྱོར་རྒྱུན་དབང་། ཀློང་སྙིང་དགོས་སྒྲུབ་དང་བཅས་པ། བཀའ་མའི་ཡང་དག །དོང་སྤྲུགས།


JLAZ014_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཉམ་སྦྱོར། ཕུར་པ་སོགས་མང་དག་བགྱིས། གསེར་སྲང་ལྔ་། དངུལ་སྲང་བརྒྱ་དང་། བཟང་ཇ་འཁོར་དྲུག་ལྔ་སོགས་པའི་འབུལ་ནོད་དང་བཅས། རིང་འཚོལ་མཛད་པས་དཀོར་རྫས་ཀྱི་འདམ་རྫབ་ཏུ་ཆུད། དེ་ཀུན་ཀྱང་ལྷའི་བུའི་བདུད་དི་རིག་ནས། ཡ་ང་བའི་གནས་སུ་མཐོང་བ་ལས་དགའ་བྲོད་དང་རློམ་སེམས་མེད་ཀྱང་། དེ་མ་ཐག་དཀར་པོ་རྣམ་པར་འཕེལ་བའི་རྒྱུ་རྐྱེན་མ་ཚོགས་པས། བསམ་གཏན་གྱི་ཚེར་མ་བྱུང་དོགས་པས་དཀོན་མཆོག་འབའ་ཞིག་གི་ཕྱོགས་སུ་མཎྚལ་དུ་ཕུལ། རིགས་ཀྱི་བུ་འདི་ཡང་རྫོགས་ཆེན་པའི་ཡང་སྲིད་ཡིན་ཚུལ་ནན་ཏན་ཆེ་ཡང་། དེ་འདྲའི་བརྟག་པ་ནི་མ་གསལ། སྤྲུལ་སྐུ་མྱུར་འབྱོན་དང་ལུང་བསྟན་སོགས་སྔར་བྱས་བ་དེ་ལྟར་ཡིན་ངེས། སྐུ་སྐྱེ་ཕལ་ཆེར་ཀ་ཁ་མི་ཤེས་པ་ནས་ཁྲི་མཐོན་པོར་བཞག །ཐོས་བསམ་སྒོམ་སྒྲུབ་ལ་གཡེང་བས་སྐུ་ཚེ་ཡང་མཐར་མི་ཕྱིན་པ་མང་བས་དེ་རིགས་ཀྱི་འདོད་གཏན་ནས་མེད་ཀྱང་། འདི་ལ་ནི་སྔ་ལོ་ནས་འབྲི་གུང་པས་ངོས་འཛིན་བརྟག་དཔྱད་བྱུང་དུས་གོང་མའི་ཕྱག་ཕྲེང་དང་དབུ་ཞྭ་འདྲ་ཅོག་དང་གཉིས་བསྟན་དུས། ངོ་མ་ལ་རེག །དབུ་ཞྭ་གྱོན་ནས་སྤྱན་མཆི་མས་གང་སྟེ་སྣང་ཞལ་བྱེ་མ་ཐག་ནས་ང་འབྲི་གུང་བླ་མ་ཡིན། གྲ་པ་


JLAZ014_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཡོད། འབྲི་གུང་ལ་འགྲོ་ཞེས་ཉིན་ལྟར་རྒྱུན་མི་འཆད་དུ་གསུང་བ་ཕྱི་ནང་རྒྱུས་ཅན་ཐམས་ཅད་ལ་གསལ་བ་ལྟར་ཡིན་པས་སྲིད་པ་ལས་ཀྱིས་བསྐོས་པ་ལ་བསྒྱུར་བཀོད་མ་ཐོངས། རྒྱ་གར་ནས་གླང་པོ་ཆེའི་འབུམ་བ་རྨིས་པ་བཞིན། ཡངས་པ་ཅན་གྱི་ལི་ཙ་བྱི་དྲི་མེད་གྲགས་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་པར་རྩོད་པ་མེད་པ་འབྲི་གུང་འཇིག་རྟེན་མགོན་པོའི་སྐྱེ་བ་རིམ་བརྒྱུད། རྗེ་རིན་ཆེན་ཕུན་ཚོགས་ཀུན་མཁྱེན་ཤཱཏྟ་པུ་རི་པའི་རིགས་བདག་ཏུ་ཐོབ་པས་བདག་ཅག་དང་ཆོས་རྒྱུད་གཅིག་པའི་རྟེན་འབྲེལ་དང་། ལྷ་སྲས་མུ་ཁྲི་བཙན་པོ། སྤྲུལ་སྐུ་ཟླ་བ། ཆོས་ཀྱི་གྲགས་པ། ད་རེས་དང་བཅས་སྐྱེ་བ་བཞིའི་བར་ཡབ་སྲས་སུ་འབྲེལ་བ་ཉིད་དོ། །མདོ་ཁམས་རྒྱ་སྡེ་ཞེའུ་དཔོན་ཡང་གསེར་རྡོ་ཚད་དང་བཅས་མཇལ་ཁ་བྱུང་། ཀློང་ཆེན་སྙིང་ཏིག་རིག་འཛིན་གྱི་དབང་སོགས་དགོས་གསུང་པ་བཞིན་བྱས་ཁོང་གི་སྡེ་དགེ་ནས་བདེན་རྣམ་ཤིང་རྟའི་པོད་གཉིས་ཀྱང་བསྒྲུབས་འདུག་མཚོ་སྔོན་པོ་ནས་སོག་པོའི་རྒྱལ་པོ་ཆིང་ཝང་ཡང་རྡོ་བླ་དང་མཆོད་ཡོན་གྱི་རྟེན་འབྲེལ་ལས་གསེར་དང་གོས་ཡུག་གི་རྟེན་བཅས་མཚམས་ཞུ་དང་། ཁྱོད་དང་ཐུགས་ཡིད་འདྲེས་པར་གསོལ་བ་འདེབས་པ་ལ་རྗེས་སུ་གཟུང་ཞེས་སྣང་བ་བླ་མཆན་འཇིགས་མེད་ལས་བརྒྱུད་


JLAZ014_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕེབས་པས་སྐྱེས་ལན་དམ་མདུད་དང་། བླ་སྐུ་སོགས་བསྲིངས་། སྒོམ་ཆུང་ཅན་བསྙེན་བར་རྫོགས་པ་ལ་འདུལ་བའི་བསླབ་བྱ་བསྟན་དེ་མཐའ་འཁོབ་ཏུ་བསྟན་པའི་མིག་ལྟོས་ལ་གཅེས་སྤྲས་བགྱིད་པར་གདམས། དངུལ་སྲང་ཉི་ཤུ་སྐོར་རི་བའི་བསྔོ་རྟེན་གྱི་རྒྱན་ཆ་བསྐུར་ཏེ་སྦྲང་ཚང་དང་ཉ་སྲོག་བསླུ་བར་གདམས། སྡེ་དགེར་ཇོ་བོར་འབུལ་རྒྱུའི་གསེར་སྲང་དྲུག་ཅུ་རེ་ལྔ་དང་ཞོ་གང་ལས་གྲུབ་པའི་གསེར་གྱི་འཁོར་ལོ་བརྡུང་རྒྱུ་དང་། ཀི་ལུང་དགོན་གསར་དུ་མཆོད་རྫས་བཟོ་རྒྱུའི་གོས་ཡུག་དྲུག་བསྐུར། རང་གནས་ཀྱི་བཀའ་འགྱུར་དབུ་ཤོག་དང་གཉིས་ཀྱང་གསེར་ཡིག་གི་བརྗེས། ཞལ་ཁེབས་གསུམ་བརྩེགས་ཕུལ། དྭགས་སྟོད་གླིང་པ་སྐུ་སྐྱེར་ཁྲིད་དབང་སྨིན་པར་བྱས། རིགས་ཀྱི་བུ་རྒྱལ་སྲས་ཉིན་བྱེད་འོད་ཟེར་ཀྱང་དབུར་སྟོད་འབྲི་གུང་དུ་སྤྱན་འདྲེན་གྱི། རྟ་ཁལ་ཉིས་བརྒྱ་སྐོར་དང་བཅས་སྒར་གྱི་མཁན་སློབ་དྲུང་འཁོར་རྣམས་འབྱོར། ཕ་བུ་ལྷན་རྒྱས་ལ་རིང་འཚོའི་རྟེན་འབྲེལ་སྐུ་གསུང་ཐུགས་རྟེན། མཎྚལ། གསེར་རྡོ་ཚད། རྟ་རྨིག་མ་གཉིས་དང་། ཊཾ་སྲང་བརྒྱ་ཐམ་པ། གོས་ཡུག་སྣ་ལྔ་བཅས་སྦམས་མཐོ་བར་སྣང་། དལ་འགྲོས་ཀྱི་ཐོག་བསམ་ཡས་སུ་བཅགས་མལ།


JLAZ014_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་མཆོད། གནས་མཇལ་རགས་རིམ་མཛད། རིམ་གྱིས་གམ་པ་ལ་བརྒྱུད་རྒྱ་མ་ཁྲི་ཁང་དུ་གདན་འདྲེན་ཞག་བཞུགས་ལ་དཀར་སྤྲོ་གསོལ་སྟོན་རྒྱས་པ་དང་འབུལ་ནོད་བཟང་། འབྲི་གུང་རང་གི་དགོན་པ་ཆེ་ཕྲས་མཚོན་ལྷ་སྡེ་ཁག་དང་། མལ་གྲོ་རྫོང་དཔོན་བདེ་མཁར་བས་མཚོན་མི་སྡེ་ཁག་གི་དཀར་སྤྲོ་དང་ཆིབས་བསུ་ཞྭ་རིགས་མི་མཐུན་པ་ལྔ་བརྒྱ་ཙམ་དང་། བཅས་ཀླུངས་ཤོད་ཕོ་བྲང་བརྩེ་བར་ཕེབས། དངུལ་སྲང་བརྒྱ་ལ་སྐོར་བའི་མཇལ་རྟེན་ཕུལ། མཇལ་དར་རྩེ་སྤྲོད་གནང་། ཉིན་ཞག་མང་པོའི་བར་ཁྲི་འབུལ་གྱི་ཡོ་ལངས་དང་། བྲོ་ཤོན་བྱ་མཁན་སོགས་རྩེད་སྣ་མང་པོས་རྨོངས་ཆེན་རྣམས་མགོ་འཁོར་ཡང་། ཤུགས་མི་ཐུབ་ཀྱི་སྲོག་གཅོད་སོགས་སྡེ་སྟོབས་ཆེན་པོའི་རྣམ་ཐར་ལ་སྐྱོ་བ་ཤིན་ཏུ་འཕེལ། མཚུར་ཕུ་གདན་ཚབ་པས་ངོས་ལ་བོད་ཀྱི་ཆོས་ལུགས་ཐ་དད་པའི་ལྟ་སྒོམ་སྤྱོད་པ་གང་ཡིན་གྱི་དྲི་བ་བྱས་བྱུང་བར། རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་། དབང་པོ་དང་། བློ་མཐུ་དང་འཚམས་བར་སྟོན་པའི་ཕྱིར་དུ། གྲུབ་མཐའ་སྨྲ་བ་བཞི་དང་། རྒྱུད་སྡེ་བཞིའི་ངེས་འབྱེད་གསུངས་པ་ལ་མཐའ་དྲུག་དང་ཚུལ་བཞིའི་རྣམ་པར་རིགས་བྱེད་ཀྱི་བཤད་པའི་དགོངས་འགྲེལ་ནི་རྒྱན་དྲུག་མཆོག་གཉིས་ལ་སོགས་


JLAZ014_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཛད་ཟིན་ལ། བོད་དུ་བསྟན་བཅོས་སྨྲ་བ་ཕལ་མོ་ཆེ་ནི་འགོག་བདེན་ལྷོངས་སུ་མ་གྱུར་བཞིན་དུ། ལམ་བདེན་ལ་སོ་སོའི་རྒྱུད་ཚོད་ཀྱི་དཔགས་པའི་གྲུབ་མཐའ་དང་ཆོས་ལུགས་རེ་བཅོས་པ་མིན་ན་རུང་སྟེ། ངས་ནི་རྟག་ཏུ་མཉམ་པར་བཞག་པས་ཤེས་རྒྱུད་འདི་སྨྲ་བསམ་བརྗོད་མེད་དུ་སོང་། དེ་ལ་ནི་ལྟ་སྒོམ་མཐོ་དམན་གྱི་བློ་དང་། གྲུབ་མཐའི་དགག་བཞག་གི་ཆོས་ཟད་བ་ཡིན་པས་སུ་ལའང་ཆགས་སྡང་དང་རྩོད་པ་མི་བྱེད་པ་ཡིན་ནོ། །ཞེས་པའི་དོན་ཚིགས་སུ་བཅད་དེ་བཤད། རྨི་ལམ་དུ་རང་ཉིད་འདུག་པའི་གཟིམ་ཆུང་དུ་རྐང་པ་འཆག་པའི་སྣང་བ་ལ་རྣམ་ཐོས་ཀྱི་བུ་ཡིན་ཟེར་བའི་སྐྱེས་བུ་ལུས་སྟོབས་བྱིངས་ལས་ཆེ་བ་གསེར་གྱི་ཁ་དོག་ཅན་ཞིག་སྟན་ལ་འདུག་པའི་མདུན་ན་མར་མེའི་ཀོང་བུ་སྤར་ཆོག་མ་བརྒྱ་ཚར་སྒྲིགས་འདུག་པ་རིགས་ཀྱི་བུ་ལ་རྟེན་འབྲེལ་བཟང་ངམ་སྙམ་ཞིང་། ཁོང་གཟི་བྱིན་ཆེ་བས་རྣམ་ཐོས་ཀྱི་བུ་རང་ཡིན་ན་ཕྱག་ཅིག་བྱེད་དགོངས་སམ་སྙམ་པའི་སྐད་ཅིག་མ་གཉིས་པ་ལ། སློབ་དཔོན་པདྨ་བྱོན་ན་མ་གཏོགས་ཕྱག་རང་མི་དགོས་སྙམ་ཆེ་ཚང་པས་ཕུར་པ་རྒྱུད་ལུགས་ཀྱི་དབང་ཞིག་གསན་སོང་། དེ་ནས་རྫོང་གསར་བརྒྱུད་ཐེལ་གྱི་ཁྲི་འདོན་ལ་འབྱོན། ཐེབ་པ་རྣམས་ལ་མང་ཇ་གསུམ་


JLAZ014_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྲང་དྲུག་ཅུ་ལྷག་བཅས་ཀྱི་འགྱེད། བཙུན་ཆུང་དབུལ་པོ་རྣམས་ལ་སྦྱིན་གཏོང་གང་དྲག་བྱས། ཐེག་ལ་རབ་གནས་ཉིན་གཉིས་མ་དང་། སྦྱིན་སྲེག་བྱས། རི་པ་རྣམས་ལ་སྒོམ་གྱི་ཞལ་གདམས་བྲིས། གཏེར་སྒྲོམ་གྱི་ཐིལ་འབྲོང་དུར་དུ་བཞུགས་རིང་ཚོགས་སྟོང་ཚར། མེ་མཆོད་གོ་མཚུངས་བཅས་བྱས། རིན་ཆེན་ཕུན་ཚོགས་ཀྱི་རྡོའི་གཟིམ་སྒྲོམ་དུ་ཅུང་ཟད་བསྡད། གནས་དེར་གཡོ་བ་དང་ཆབས་ཅིག་མི་གཉིས་ཀྱི་མགོ་བཅད་དེ་གཅིག་ཟབ་ལ་སྒྱུར་བའི་སྣང་བ་དང་། ཅིག་ཤོས་མ་སྒྱུར་བ་ནི་མཐོང་སྤངས་སྤོང་བཞིན་པ་དང་སྒོམ་སྤངས་མ་དག་པའི་སྟས་སུ་གོ་མཁའ་འགྲོ་སྡེ་ལྔའི་གཙོ་མོས་དབང་གསུམ་པའི་ལྷན་སྐྱེས་ཀྱང་སྩལ་བས། དབང་དོན་དང་སྦྱར་བའི་རྡོ་རྗེའི་གླུ་གར་ཀྱང་བླངས། རི་པ་དྲུག་ཅུ་སྐོར་ལ་མང་ཇ་དང་འགྱེད་ཀྱང་བྱས། གཏེར་སྒོམ་གྱི་གཟིམ་ཕུག་ཏུ་སློབ་དཔོན་ཆེན་པོའི་བཞེང་རྒྱུའི་དབུའི་བཟོ་བཀོད་དང་། སྲོག་ཤིང་སྟོགས་སྟ་གོན་བྱས། ནམ་ཟླ་དྲོས་ནས་བཞེང་རྒྱུར་དངུལ་གསུམ་ཇ་སྦག། འབྲུ་ཁལ་དྲུག། བཟོ་བོ་ལ་ཤམ་ཐབས་དང་གཟན་རྣམས་བཞག་ཆུ་ཚན་དེ་བྱིན་རླབས་ཤིན་ཏུ་ཆེར་སྣང་། ས་འབྲིའི་ཆགས་སྡང་ལ་བརྟེན་ནས་ཐིལ་གྱི་དགོན་པ་སྟོངས་ཤུལ་མཐོང་བས་བསྟན་བཅོས་མཁན་པོ་རྣམས་


JLAZ014_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདོད་ཞེན་ཀྱི་དགག་སྒྲུབ་འདི་བསྟན་པའི་རྨ་འབྱིན་ཆེན་པོར་འདུག་སྙམ་སྐྱོ་བ་འཕེལ། ཡང་རི་སྒར་དུ་མང་ཇ་སྦྱོར་སྦྲེལ་གསུམ་དང་། དངུལ་སྲང་དྲུག་ཅུ་རེ་ལྔའི་འགྱེད་བཏང་། ཁྲི་འབུལ་གྱི་ཟི་སྦིར་དང་དཀོར་རྫས་ལ་ལོངས་སྤྱད། རིན་པོ་ཆེ་རྣམ་གཉིས་དང་ཐིལ་སྤྱི་མཁན་སློབ་དྲུག་འཁོར་བཅས་ལ་འདུས་པ་མདོ་དབང་ཆེན་མོ་བཤད། མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་ཆོས་འཁོར་ཆེན་པོ་ཡིན་པས་རྡོ་རྗེ་བྲག་དང་། ་ལྷོ་བྲག་ཐུགས་སྲས་པ་གཉིས་ཀྱང་འབྱོན་ཐུབ་ན་བསམས་བརྡ་སྦྱར་ཏེ། ཆོས་ཉམས་དང་དོན་གཉེར་མེད་པའི་གཉིས་འཐུང་གི་ཁྲོད་ནས་ལྡང་མ་ནུས། ས་ཁོ་ལ་བུར་གཡོ་བའང་ལན་གསུམ་བྱུང་སྟེ། དབུར་སྟོད་ཕྱོགས་སུ་དཀྱིལ་འཁོར་ཆེན་པོ་འདི་ཞལ་ཕྱེ་བའི་རྟེན་འབྲེལ་དུ་མངོན། དཀྱིལ་ཐང་དང་ཙ་ཀླི་ཡོངས་རྫོགས་གསར་བཞེངས་དང་། དབང་གི་སྙེལ་བྱང་སོགས་ལའང་དོ་གལ་ཆེ་ཞིང་གསེར་དངུལ་ཇ་གོས་དར་སོགས་འབུལ་ནོད་ཀྱང་རླབས་ཆེ། སྡེ་དགེར་རིན་ཆེན་དབང་རིལ་སྦྱར་བའི་སྨན་ཕུད་དང་མཚམས་ཞུ་རྟེན་བཅས་དང་། མཚོ་སྔོན་པོར་རྒྱལ་ཁག་ཆེ་བ་ཞིག་གི་རིགས་རྒྱུད་ཆད་པ་རང་སློབ་རྡོ་བླ་འཇིགས་མེད་ཕྲིན་ལས་ནས་མངོན་གྱུར་གྱི་ཕན་ཐོགས་བྱུང་བར་ལ་བརྟེན། རྨོངས་པའི་ཀུན་སློང་གི་


JLAZ014_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བསླད་པའི་ཆོས་ལ་ཕྱོགས་རིས་ཀྱི་ལོག་རྟོག་ཞི་བའི་སྟེང་། རྒྱལ་པོ་ཆིང་ཐང་དང་། དགེ་བཤེས་གཟུ་བོར་གནས་ང་དག་གིས་ཡོན་ཏན་མཛོད་རྩ་འགྲེལ་མཐོང་ནས་སྔ་འགྱུར་ལ་སོག་རྟོག་གི་སྡིག་རྒྱུན་ཆད་ཅིང་། ཁོང་གི་ཕྲིན་ལས་ཀྱང་དགག་མི་ནུས་པར་སོང་བས་གསེར་དངུལ་སྦམས་མཐོ་བ་དང་། མུ་ཏིག་དུག་སྦྲུལ་གྱི་མགོའི་ནོར་བུ་གོས་ཆེན་གྱི་འབུལ་བ་ལྟོས་ཆེ་བ་འབྱོར། དབུ་རུ་ཞྭའི་ལྷ་ཁང་འདི་མངའ་བདག་གཞོན་ནུའི་དུས་ཀྱི་སྐུ་བརྗི་ཉག་ཏིང་འཛིན་བཟང་པོས་རྡོ་རྗེ་ལེགས་པ་བྲན་དུ་བཀོལ་ནས་བཞེངས་པར་གྲགས་ཀྱང་། དོན་ལ་རྡོ་རིང་གི་ཡི་གེ་ལ། བནེྡ་ཏིང་འཛིན་སྙིང་ཉེ། ཞོ་ཤ་ཆེ་ཞེས་སོགས་ཉང་བན་ལ་མདུན་འཇོག་གི་བདག་རྐྱེན་ཆེན་པོས་བཞེངས་པས་རུ་གནོན་གྱི་གཙུག་ལག་སྤྱི་དང་ཁྱད་པར་མེད་ཅིང་དུས་མཉམ་ལ། སྲུང་མ་མངོན་སུམ་པར་བཞུགས་པས་བྱིན་རླགས་ཆེ་བར་གྲགས་པ་བསྟི་སྟང་གི་ཉམ་ཆུང་བར་གྱུར་པ་ལ། སྔ་རབས་སུ་རྒྱལ་བ་ཀློང་ཆེན་པས་ཞིག་གསོ་མཛད་ཅིང་། ད་རེས་རང་ཉིད་ནས་གཙང་ཁང་ལྷེ་བའི་རྣམ་སྣང་དང་། ཉེ་སྲས་བརྒྱད། ཁྲོ་བོ་གཉིས། གཡས་གཡོན་གྱི་ལྷ་ཁང་ཐམས་ཅད་ལ་ཞལ་གསེར། སྤྱན་འབྱེད། བཟང་གོས་ཡུག་བཅུ་སྐོར་གྱི་སྟོད་ལེ། སྨད་གཡོགས། ཆོས་གོས། སྐུ་བེར། གནམ་རྒྱན་བྱིབ་ཁེབས། འཕན་དང་། རྒྱན་མཚན། རུ་མཚོན། སྙན་ཤལ་


JLAZ014_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཕུལ། གཏོར་སྒྲོམ་གསར་བཟོས་ཀྱི་ནང་ཆུ་མ་རག་གི་རྟག་གཏོར་ཐུན་རྫས་ཀྱི་ཕྱུག་པ་ཆེ་ལེགས་བཞེངས། གནས་ཡིག་བརྩམས། གྲྭ་པ་རྣམས་ལ་མང་འགྱེད། སྲུང་མའི་གཏོར་དབང་། ཀུན་མཁྱེན་ཆེན་པོའི་དུས་མཆོད་ཐེབས་དངུལ་སྲང་ལྔ་བཅས་སྦྱར། རབ་གནས་དངོས་སྟ་ཉིན་གཉིས་མ་དང་། སྦྱིན་སྲེག། ཚོགས་བསྐང་། མཆོད་འབུལ་སྨོན་ལམ་རྒྱ་ཆེན་པོ་ཡང་ཡང་བྱས། ཀ་ཚལ་གྭ་ཚང་བས་གདན་འདྲེན་ནན་བསྟུན་ལ་གཙོ་བོར་རུ་གནོན་གྱི་ལྷ་ཁང་རྙིང་མར་རབ་གནས་དངོས་སྟ་ཉིན་གཉིས་མ། མཆོད་འབུལ་བླ་བྲེ་རྟེན་ཁེབས་བསྒྲིགས། གསེར་ཟངས་ཀྱི་མཎྚལ་འཕུལ་མ་ཆེ་ལེགས། མཆོད་ཀོང་བཅས་ཕུལ་འདུ་ཁང་གི་རྟེན་བཀའ་བརྒྱད་དང་ཕུར་པའི་སྦྱིན་སྲེག་ཚར་བདུན། གྲྭ་ཚང་ལ་ཊཾ་འགྱེད་དང་། མང་ཇ་གསུམ། ཚོགས་དབུར་ལན་གསུམ་ཕྱིན། ཀ་རིང་ལ་བཟང་གོས། ཐོན་ཐི་མའི་འཕན་ཆེན་ཆ་དང་། སྤྲེལ་ཟླའི་ཚེས་བཅུའི་ཐེབས་དངུལ་སྲང་སུམ་ཅུ་ཐམ་པ་སྦྱར། ཞི་ཁྲོ་རིགས་བསྡུས་ཀྱི་དབང་བསྐུར་བྱས། གུང་མཁར་རྫོང་དཔོན་གྱིས་དབུས་མལ་གྲོ་སྨད་ཀྱི་སྐྱེ་བོ་ཕལ་ཆེར་འབུས་པ་འདུ་ཁང་དུ་ཁྲོམ་དབང་བྱས། ས་འདིར་རྗེ་བཙུན་མི་ལ་ངེད་རང་གི་མདུན་ན་བཞུས་ནས་མགུར་མཛད་པའི་སྒྲ་ལ་ལོ་བདུན་ཅུ་དོན་གསུམ་སྡོད་པ་ཡིན་གསུང་


JLAZ014_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་རྨིས། སྤྲང་པོ་ཤིན་ཏུ་མང་ཞིང་ཚིམ་རྒྱུ་མེད་པ་ལྟར་སྣང་ཡང་སྐྱེས་རབས་ཀྱི་བྱམས་པའི་གཏམ་ལ་བློ་བཞག་སྟེ་ཁོང་མ་འཁྲུགས་པར་བྱས། རྒྱ་ལ་ནས་རྒོད་ཚང་སྤྲུལ་སྐུ་ཆེད་ཀྱིས་བྱོན་ནས་སྐུ་གསུང་ཐུགས་རྟོན་དངུལ་རྡོ་ཚད་བཟང་ཇ་འཁོར་དྲུག་ལྔ། མར་ལྟང་བདུན། ཀོང་སྣམ་མང་བ་བཅས་བརྟན་བཞུགས་མཛད། རྒྱུད་སྡེ་བཀའི་མའི་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་དབང་དབང་། བསྐྱེད་རྫོག་ཀྱི་སྐོར་མང་དུ་བཤད། རྫོང་གསར་མདུན་གྱི་ཆུ་ཀླུང་ལ་ཟམ་པ་ཞིག་བཙུགས། སམ་མི་ཚུགས་ཀྱི་འཆར་ལྡིང་ལ་སྐྱེ་བུའི་རྩོལ་བ་དང་། སྙིང་སྟོབས་ཀྱིས་བསྒྲུབས་ན་ངེས་པར་གྲུབ་པའི་བློ་སྟོབས་བསྐྱེད་དེ་དངུལ་སྲང་ལྔ་བཅུ་ཐམ་པའི་མཐུན་རྐྱེན་སྦྱར། གཞིབ་དག་ལ་གཏོར་མ་དང་། སེམས་ཅན་མང་པོའི་ཉེར་འཚོར་འགྱུར་བའི་སྨོན་ལམ་བཏབ། སངས་རྒྱས་ཀྱི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐམས་ཅད་ནས་ཤའི་ཟས་བཀག་པ་ཡིན། བོད་འདིར་ཆེན་པོ་ཅང་བཙུན་པོར་རློམ་པ་དག་ཀྱང་དཀོར་རྫས་ཀྱི་རྟ་ནོར་དང་གཟི་བྱིན་འགྲན། སྡེ་སྣོད་ཤེས་པར་ཁས་བླངས་ནས་ལས་འབྲས་ལ་ཅང་མི་སེམས། སྟོང་པ་ཉིད་རྟོགས་པར་ཁས་བླངས་ནས་རྣག་གཞན་གྱི་ཕྱོགས་རེས་ཆེ། ཕྱོགས་རིས་དེ་རྣམ་རྟོག་ལས་སྐྱེས་པ་ཡིན་ལས་ཆེ། དམིགས་པ་མེད་པའི་སྙིང་རྗེའི་ལྷ་སྤྱན་རས་གཟིགས་ལ་སོགས་པའི་བྱང་ཆུབ་སེམས་དཔའ་


JLAZ014_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་ཐམས་ཅད་ལ་དཀའ་བར་སྣང་། ཆོས་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེས་ཚངས་པའི་གནས་པ་ཙམ་གྱི་གོ་བའང་མ་ཆགས་པས་རང་ལ་ཁབ་ཟུག་པའང་མི་བཟོད་པར། ཕྱུག་ལུག་གི་སྙིང་གར་གྲི་འཛུགས་པ་འདི་ཀླ་ཀློའི་ཆོས་ལུགས་ཀྱི་རྒྱལ་བའི་བསྟན་པ་ལ་སྐབས་བཙལ་བ་ཡིན་ཚུལ་རྒྱས་དཔར་གླེངས་ཏེ་སྲོག་གཅོད་ཀྱི་རྒྱུན་སྲོང་བར་ཞུས་པས་རིན་པོ་ཆེ་ནས་ཀྱང་དེ་ཁའི་མཐུན་འགྱུར་གནང་བས་རྗེས་སུ་ཡི་རང་བ་ཆེན་པོ་སྐྱེ། ལར་རྒྱལ་ཁྲིམས་ཞིག་ན་སེམས་ཅན་གྱི་བདེ་སྐྱེད་ཀྱང་རྣལ་དུ་མི་གནས་པས་བདེན་དུ་ཆུག་ཀྱང་། ཆོས་དཔོན་གྱི་གོས་འཛིན་བདག་གི་སྨན་པས་ནད་ལ་གཏར་བསྲེགས་བཞིན་དུ་སྙིང་རྗེའི་གཞན་དབང་དང་འགྲོགས་པ་མ་བྱུང་ན་མགོན་པོ་ཀླུས། ཁྱོད་ཀྱི་དགེ་སློང་བྲམ་ཟེ་ལྷ་དང་ནི། མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གསུངས་དཔའི་དོན་སྲིད་སྐྱོང་དག་ལའང་མོལ། རིན་པོ་ཆེ་རྣམ་གཉིས་ལ་སྙིང་ཏིག་ཡ་བཞི། རིག་འཛིན་ཡོངས་འདུས། མན་ངག་བཅུ་གསུམ། ཀློང་ཆེན་སྙིང་ཐིག་སྒོས་དབང་བཅས་པ་དང་། རྙིང་མ་རྒྱུད་འབུམ་ཀུན་མཁྱེན་


JLAZ014_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་བདུན། ཤིང་རྟ་སྐོར་གསུམ། རང་ཉིད་ཀྱི་བདེན་རྣམ་རྩ་འགྲེལ་སོགས་དབུ་ཐོག་ཏུ་བཞག་སྟེ། ཆོས་ཐམས་ཅད་རྒྱལ་བའི་དགོངས་རྒྱུད་གཅིག་འདུས་ཤིང་རྫོགས་པའི་དོན་ལ་ནེམ་ནུར་མེད་པའི་ཆོས་ཉིད་ཀྱི་བདེན་པས་སྨོན་ལམ་དང་བཀའ་གཏད་བྱས། དཔྱིད་སོས་ལ་ཐུག་པ་དང་། ས་ཆུ་མ་འཕྲོད་པའི་རྐྱེན་ལས་འདུ་བ་ཤིན་ཏུ་འཁྲུགས་ཏེ་སྐྱེ་བ་སྔ་ཕྱིར་ཉིང་མཚམས་སྦྱོར་དུ་ཉེ་ཡང་། སློབ་དཔོན་ཆེན་པོའི་ཐུགས་རྗེ་ཁོ་ནས་ཀཐོག་ཆོས་ཉིད་བ་གཡའ་མ་ལུང་གི་སྨན་དཀར་པོ་ཆིག་ཐུབ་ཁྱེར་ཏེ་འབྱོར་བས་འདི་རེས་ཀྱི་གེགས་ལས་གྲོལ། སྟོད་སྨད་ཀུན་ཏུ་འཁྲུག་རྩོད་དར་བར་སྣང་བས་རྣལ་དུ་མ་ཕེབས་ནས་གཞུང་སའི་དམག་བཟློག་བྱེད་དགོས་སྔ་ཕྱིར་འབྱོར། རང་ཅག་ན་རྒས་དབང་པོ་ལྡོངས། རི་སུལ་དུ་འཆི་ཆོས་བྱེད་པ་ལ་རེ་དོགས་ནི་གང་ཡང་མེད་དེ། སེམས་ཅན་ལ་བདེ་སྐྱིད་མ་བྱུང་ན་སྙིང་རེ་རྗེ་སྙམ་ནས། སེང་གདོང་མ་དང་། མ་མགོན་གཡུལ་མདོས་ཀྱི་སྒོ་ནས་རིམ་གནད་སྨིན་བྱས། གཞན་གྱི་རིམ་གྲོ་པ་འདི་ཡང་རང་ལ་གནོད་པ་ཆེ་སྟེ། འདི་ཕུར་པ་དང་། སྲིད་སྐྱོང་རྟ་ཚག་གི་སྦྱིན་སྲེག་འབུམ་ཐེར་གཉིས་ཙམ་བྱས་པས་མལ་གྲོ་གཟི་ཅན་སོགས་ནག་ཕྱོགས་པ་རྣམས་མ་དགའ་བས་ལྟས་ཤར་ཏེ་ཨོཾ་ཨཱཧཱུཾ། ནགས་ཤོད་ནས་ཉི་མ་གྲགས་


JLAZ014_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཚམས་ཞུ་ཟེངས་གསུམ་དང་། རིང་འཚོའི་རྟེན། སྐུ་གསུང་ཐུགས་རྟེན། རྒྱ་དངུལ་སྔ་བཅུ་མ། རྟ་མཛོ་བཅས་འབྱོར། རིགས་ཀྱི་བུ་འིད་ལྷུམས་ཞུགས་གླང་ཆེན་གྱི་ལྟས་དང་བཅས་ལི་ཙ་བྱི་དྲི་མ་མེད་པར་གདོད་ནས་གྲུབ་པ་ཡིན་མོད་དེ། སྐུ་ན་ཤིན་ཏུ་ཕྲ་བས་སྤངས་རྟོགས་ཀྱི་ལས་སད་པའི་རྟེན་འབྲེལ་དུས་ལ་མ་བབ་བས་ཡིད་འཕྲེང་བ་ཙམ་བྱུང་ཡང་། འདུས་པ་འབྲས་བའི་ཆོས་ཉིད་ཡིན་པས་རེ་ཞིག་ལྡོག་དགོས་པ་ཤར། ཐོན་ཁར་རིང་འཚོའི་རྟེན་འབྲེལ་ལ་སྐུ་གསུང་ཐུགས་རྟེན། གསེར་རྡིལ་ཚད་དང་བཅས་པའི་མཎྚལ། བཟང་གོས་ཀྱི་སྐུ་བེར། དབུ་ཞྭ་པདྨ་ཁ་འབུས་སོགས་ན་བཟའ་ཆ་ཚང་། དངུལ་སྲང་བརྒྱ་ཐམ་པ། བཟང་གོས་བསམ་གསུམ། འགོ་ཚན་ཇ་འཁོར་གྱིས་གཙོས་པའི་ཚན་གྲངས་ཚན་བདུན། རྟ་མཛོ་ཕོ་མོ། འབྲིག་ཡག། དངུལ་བུམ། ཤིས་བརྗོད་སྣོད་དངུལ་དཀར་གྱི་ནས་ཟེ་ཕུལ་མ་ཆེ་ལེགས་དང་བཅས་བརྟནབ་བཞུགས་མཛད། ཕར་ཡང་སྐུ་གསུང་ཐུགས་རྟེན། དྲིལ་བུ་ཐེག་ཆེན་སྣམ་ཕྲུག་སྲབ་ཐེར་ལེགས་པ་དང་བཅས་བརྟན་བཞུགས་སྨོན་ལམ་བྱས། རིན་པོ་ཆེ་ཡང་གཟིམ་ཆུང་འགག་ཚུན་དང་སྐུ་བཅར་ནད་མ་དང་དྲུང་འཁོར་བཅས་ཆིབས་བསྐྱེལ་བ་བཅོ་ལྔ་སྐོར་བཅས་ཐོན། རིམ་གྱིས་རྒྱ་མ་ཁྲི་ཁང་དུ་བཀའ་


JLAZ014_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བློན་ལྷ་སྡིངས་པས་གདན་ཞུ་ནན་ཏན་ཡོད་པ་བཞིན་བསྐྱོད། གསུང་ནན་ཆེ་ཡང་ཞག་ལྔའི་རིང་སྦྱིན་སྲེག་ཚོགས་བརྒྱ་སོགས་ཀྱིས་རེ་བ་བསྐངས་ཏེ། ཅོག་ལ་བྲག་གི་ཀུན་མཁྱེན་ཕུག་རྫི་བོའི་ཆར་སྐྱོབས་སུ་ཡོད་བ་ལ་བདག་རྐྱེན་དང་འདྲ་སྐུ་མི་ཚད་མཆོད་རྒྱུན་སོགས་བསྐུལ་བས་དེ་བཞིན་མཛད་པ་ལ་ཡེ་ཤེས་འབེབས་པའི་དགོངས་པ་ཡང་ཡང་གཏད། ལ་ཚུར་ནང་ཚུན་ཞབས་ཏོགས་ཕེབས་བསྐྱེལ་མཛད། གཡའ་མ་ལུང་དུ་ཞག་བྱས། ཚོགས་བརྒྱ་དང་། བརྒྱ་མཆོད། བཟང་གོས་ཀྱི་བླ་བྲེ་དང་། གདུང་ཁེབས་སུ་ལེ་མ་རང་འགྲིག་ཕུལ་དཀོར་རྫས་འདི་མི་འདོད་བཞིན་དུ་འདུ་བས་རྡིལ་ཚད་བདུན་གྱིས་མར་ཉོས་ཏེ་བསམ་ཡས་སུ་ཟླ་མཆོད་དང་། སྟོང་མཆོད་གཉིས། བཀའ་འགྱུར་གསུང་སྒྲོགས་བཅས་མར་ཁལ་བདུན་བརྒྱ་སྐོར་དང་། ཚོགས་སྐོང་། རབ་གནས། ཁྲ་འབྲུག་ཏུ་སྟོང་མཆོད། ཚོགས་བརྒྱ་མཚོན་ཡར་ཀླུངས་རྟེན་གསུམ་ཡོངས་རྫོགས། གདན་ས་ཐེལ་སོགས་ལ་མཆོད་འབུལ། གྲྭ་ཚང་ཕལ་ཆེར་མང་ཇ། ཤེལ་བྲག་ཏུ་ཚོགས་འགྱེད། སྲོད་བཙན་དུ་སྟོང་མཆོད་དང་། སློབ་དཔོན་ཆེན་པོར་བཅད་ལྡན་དམར་པོའི་སྐུ་བེར་སྤུས་དག། ཡུམ་བུ་བླ་སྒང་དུ་བླ་བྲེ་ལེགས་པ་


JLAZ014_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཕུལ། རི་བདེས་མཚོན་པའི་འཕྱོང་རྒྱས་ཀྱི་དགོན་ཁག་དྲུག་དང་། དར་གླིང་པ་བཅས་ལ་མང་བཀོལ་བཏང་། གཙང་ཐེག་མཆོག་གླིང་པར་ཇ་སྤག་དང་དངུལ་སྲང་གསུམ་བསྐུར། ཁམས་མི་བདེ་བ་ལ་དཔལ་སྡིངས་རྗེ་བཙུན་དང་། སྒོམ་ཆེན་ཆོས་གྲགས་ནས་བརྟན་བཞུགས་ཡང་དག་མཛད། སྐྱེ་འཆི་རང་བཞིན་མེད་པར་དག་ཀྱང་། ལུས་འིད་སྡུག་བསྔལ་བདེན་པའི་རང་བཞིན་ཅན་ཡིན་པས། བདེ་སྡུག་གཏོར་ལེན་གྱི་དམིགས་པ་དང་། ཚོགས་གསོག་སྒྲིབ་སྦྱོང་གི་ཕྱིར། སྲོང་བཙན་དུ་སྟོང་མཆོད། གདུང་ཁེབས་གསར་བཟོ། དཔལ་རིར་བདུན་ཕྲག་གཅིག་གི་རིང་བཤགས་རྒྱུད་གསུང་སྒྲོགས། སློབ་དཔོན་རིན་པོ་ཆེར་སྐུ་བེར། ཕྱུགས་ལུག་བདུན་བཅུ་སྲོག་བསླུ། ཁྲ་འབྲུག་ཁྱབ་མཁ་ཆན་མོར་བཟང་གོས་སྤུས་གཙང་ཤ་སྟག་ལས་གྲུབ་པའི་གདུང་ཁེབས་འཇའ་ལྡན་ཕུར་མཚོན་སྤེལ་འདོམ་ཉི་ཤུ་སྐོར་བྱིབས་ཁེབས། བཙན་ཐང་དུ་ཐོན་ཐི་སེར་པོའི་བླ་བྲེ་ཤེམ་ལྡན། གདུང་ཁེབས་ཕུར་མ་ཅན། ཁམས་སློང་ཐང་སྒྲོལ་མར་བཟང་གོས་ཀྱི་བླ་བྲེ་ཤམ་ལྡན་དངུལ་གྱི་མཆོད་ཀློང་ཆེ་བ་སྙན་ཤལ་བཅས་སྐུར། ཆབ་གཏོར་འབུམ་ཐེར། ཚེ་ལྷའི་སྐུ་ཁྲི་ཚར་གཉིས། མངའ་རིས་གྲྭ་ཚང་དུ་བཀའ་འགྱུར། ཡང་


JLAZ014_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཅིག་རྐྱང་གིས་བཀའ་འགྱུར་གསུང་སྒྲོགས། མོན་ཤར་རོ་ལམ་མེ་ལོང་མཁར་དུ་སློབ་མ་སྒོམ་ཆུང་ཅན་ལ་སྦྲང་ཚང་དང་རི་རྒྱ་འདེབས་ཕྱིར་དངུལ་སྲང་ཉི་ཤུ་སྐོར་གྱི་དངོས་པོ་དང་། སློབ་དཔོན་འཇིགས་མེད་ཀྱི་གྲྭ་ཚོོགས་ལ་བཛྲ་གུ་རུ་བསག་རྒྱུར་དངུལ་སྲང་བརྒྱ་སྐོར་བསྐུར། ས་སྐྱོང་སྡེ་དགེའི་མི་སྣ་སྦོབ་བུ་འཇིགས་མེད་བློ་གསལ་འོད་ཟེར་གདོང་སྤྲུལ་པའི་སྐུ་འབྲི་གུང་དུ་ཕེབས་པའི་ཁྲི་འབུལ་དང་། སྔ་ལོ་དོན་གཉེར་བྱས་པའི་བྱས་པའི་བསམ་ཡས་སུ་འབུལ་རྒྱུའི་གསེར་གྱི་འཁོར་ལོ་རིན་པོ་ཆེ་གསེར་སྲང་བརྒྱ་ལས་གྲུབ་པ་ཤིན་ཏུ་བཟོ་བཀོད་ལེགས་པ། གསེར་ཟངས་ཀྱི་རྒྱལ་སྲིད་སྣ་བདུན། དངུལ་བུམ་ལེགས་པ་ཆ། མཛོད་བདུན། ཤིང་རྟ་སྐོར་གསུམ། རང་མཛོད་རྩ་འགྲེལ་ཚར་བདུན། བླ་མ་མཆོད་ཆོག་ཚར་ཉེར་གཅིག། དར་གོས། རྒྱན་ཕྲེང་སྤུས་ལེགས་དང་། རྒྱལ་བུ་དགུང་ལོ་བཅུ་གསུམ་པའི་ཕྱག་བྲིས་ཡིག་ཕུད་གསུང་རྩོམ་ཚིམས་བཅད་འདི་ལྟར། དུས་གསུམ་སངས་རྒྱས་ཐུགས་རྗེ་གཅི་བསྡུས་ཤིང་། །ཨོ་རྒྱན་རང་བྱུང་རྡོ་རྗེའི་སྤྲུལ་པའིསྐུ། བོད་ཁམས་བསྟན་འགྲོའི་རྩ་ལག་འཇིགས་མེད་གླིང་། །འཛམ་གླིང་རྒྱན་དུ་བསྐལ་བརྒྱར་ཞབས་བརྟན་ཤོག་ཅེས་ཚེ་དཔག་མེད་ཀྱི་སྐུ་དང་དར་ནང་མཛོད་བཅས་བྱུང་བ་དམ་པའི་དང་རྟགས་སུ་སྣང་།


JLAZ014_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྡམ་མཛོད་འགྲེལ་ནས་མ་གདག་པ་འབྲུ་བཅོས་དགོས་རིགས་ཀྱི་ཐོ་དང་གསར་དུ་རྒྱུད་ལུགས་ཕུར་པ། ཀློང་ཆེན་སྙིང་ཐིག། རང་ཉིད་ཀྱི་རྣམ་ཐར་རྣམ་ཀྱང་སྤར་དུ་བཀྲོ་བྷེད་ཀྱིས་མ་དཔེ་མེད་རིགས་བསྐུར་དགོས་སོགས་ཀྱང་འདུག། ལར་ས་སྤྱོད་རྒྱལ་པོ་སྲས་ཡུམ་ཅལ་སོགས་ཀྱིས་རྣམ་པ་ཀུན་ཏུ་དད་གུས་ཀྱིས་གཏོང་ཕོད་རྒྱ་ཆེ་བ་དང་། དེ་ཚེ་ཡང་ཉིད་ཀྱི་སྐུ་བལ་དང་ན་བཟའ་སོགས་བྱིན་རྟེན་གྱི་རིགས་ལས་དངོས་པོའི་སྐྱེས་ལན་གང་ཡང་མི་དགོས་ཞེས་ཡང་ཡང་ཕེབས་འདུག་པ་དང་། འཇིག་རྟེན་སྲིད་པའི་འབྱོར་ལོངས་ལ་ཆོག་ཤེས་མེད་ཅིང་དཀོན་མཆོག་རིས་སུ་བཅད་པའི་སྡེ་བདག་ཕལ་གྱི་རྣམ་ཐར་ལས་ལྡོག་སྟེ། རྒྱལ་ཁབ་དར་ཡང་གསར་རྙིང་རིས་མེད་ཀྱི་བསྟན་པ་བསྐྱངས་ཤིང་རྟེན་གསུམ་གྱི་རིགས་ལ་བཀུར་སྟི་ཆེ་བར་མ་ཟད། ལོ་བཞིན་སྐུ་ཚད་ཀྱི་མཆོད་རྟེན་དང་སྐབས་སུ་གང་བབས་ཀྱི་རིགས་སྐུ་བརྙན་ཆེ་ཕྲ་མང་པོ་རྒྱུན་ཆགས་སུ་བཞེངས་འདུག་པ་དང་། འདི་སྐབས་སུ་ཡང་ཟངས་གསེར་ལས་གྲུབ་པའི་ཨོ་རྒྱན་ཆེན་པོ་ཐོག་ཚད། ཡུམ་གཉིས་དེ་མཚུངས་བཅས་བཞེང་བའི་ཐུགས་བཞེད་འདུག་པས་དེ་རྣམས་ཀྱི་ནང་རྟེན་སོགས་སུ་སོང་ནའང་འགྲོ་དོན་ཆེ་བར་རིག་སྟེ་སྔ་ཕྱི་ཅི་རིགས་པར་སྐུ་རྟེན་གྱི་སྐོར་ལ།


JLAZ014_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གྱི་སྐུ་ཆེ་བ་ཆོས་རྒྱལ་ལི་མ། རང་གི་ཐུགས་དམ་རྟེན་གྱི་ཅན་དམ་དཀར་པོའི་སློབ་དཔོན་དང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ལི་མ། ལི་ནག་གི་རྡོ་རྗེ་ཕག་མོ་རྒྱ་གར་མ་བྱིན་ཅན། ཁྱུ་སྐུགས་ཀྱི་འཕགས་མ་རིག་བྱེད་མ། བོད་ལི་གསར་པའི་རྗེ་བཙུན་སྒྲོལ་མ། རང་གིས་ལེགས་འདེབས་སྨན་འདམ་གྱི་སློབ་དཔོན་ཆུང་དུ་གསེར་བྱུགས་མ་གྲངས་མང་བ་རྣམས་དང་། བྲིས་སྐུ་ལ། ཕག་མོའི་རྒྱབ་ཏུ་གནས་ཡུལ་ཉེར་བཞི་དང་ནང་ངོས་སུ་ཟངས་མདོག་དཔལ་རིའི་ཞིང་ཁམས་རྟེན་དང་རྟེན་པར་འབྲེལ་བའི་བཀོད་པ། ཡང་ཟངས་མདོག་དཔལ་རིའི་ཞིང་བཀོད། སྒྲོལ་ལྗང་ཕྱག་འཚལ་ཉེར་གཅི་ཅན། རང་ཉིད་ཀྱི་འདྲ་སྐུ་སྐྱེ་ཕྲེང་གིས་བསྐོར་བ། ཡང་བརྒྱུད་པའི་བླ་མས་བསྐོར་བ། ཡང་མོས་ལྷ་འགའ་ཞིག་གིས་བསྐོར་བ། འདྲ་སྐུ་ཆིག་རྐྱང་དར་དང་གོས་སེར་ལ་བྲིས་པ། དྲག་པོ་དཔལ་ཆེན། ཡང་དག། གཤིན་རྗེ། །རྟ་མགྲིན། ཕུར་པ། མ་མོ། །རིག་འཛིན། དྲེགས་འདུལ། དྲག་སྔགས་རྣམས་ལ་སོ་སོའི་འཁོར་རགས་རིམ་གྱིས་བསྐོར་བའི་ཐང་ནག་གསེར་བཅད་དགུ། ཡུམ་ཀ་བདེ་ཆེན་རྒྱལ་མོ་ལ་ཡི་དམ་ཆོས་སྐྱོང་གིས་བསྐོར་བ། གསང་སྒྲུབ་སེང་གདོང་མག་ཙོ་འཁོར། རང་གི་ཤངས་མཚལ་གྱིས་བྲིས་པའི་མ་མགོན་ལྕམ་དྲལ་གྱི་སྐུ་ཐང་


JLAZ014_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་སོ་སོར་རྒྱབ་བྱང་། བསྟད་སྨོན། ཕྱག་ཞབས་ཀྱི་རྗེས། བཟང་གོས་སྣ་ཚོགས་ཀྱི་གོང་གཤམ། ལིང་གཉིས་བརྩེགས་ཀྱི་ཞལ་ཁེབས་དངུལ་རག་ཙན་དན་བ་སོ་ཅི་རིགས་པའི་དྲིལ་ཏོག་ཅན། གསུང་རྟེན་སྐོར། སངས་རྒྱས་བྱེ་བའི་མཚན་མདོ་གསེར་བྲིས་མཛོད་འགྲེལ་ཤིང་རྟ་རྣམ་གཉིས། ཀློང་ཆེན་སྙིང་ཐིག་ཚང་མ། སྐྱེས་རབས་བརྒྱ་པའི་སྨོན་ལམ། བདེ་བ་ཅན་གྱི་བསྟོད་སྨོན། སྒོམ་ཕྱོགས་དྲི་ལན་དང་། གཏམ་ཚོགས་ཀྱི་སྐོར། ཡབ་ཡུམ་སྲས་གསུམ་སོ་སོར་སྤྲིང་ཡིག། ལྷ་འདྲེར་བཀའ་ཤོག་ཕྱག་ཞབས་ཀྱི་རྗེས་དང་ཕྱག་རྟགས་གཏེར་ཐམ་གྱིས་མནན་པ་གཅིག་ཡང་ཀ་མད་ཅན་གོས་སེར་ལ་བྲིས་པ་ཕྱག་རྗེས་བཏབ་པ་གསུམ་རྣམས། ཐུགས་རྟེན་སྐོར། བཀའ་གདམས་པད་སྤུངས་མཆོད་རྟེན་གཉིས། སྔོན་བྱོན་གྱི་གཏེར་སྟོན་རེ་ཟུང་དང་རང་གིའང་མགུལ་ཕུར་རྒྱུན་བཞེས་བྱས་པའི་གཏེར་ཕུར་ཁྲོ་ཞལ་གསུམ་པ་གནམ་ལྕགས་མ། སློབ་དཔོན་ཆེན་པོས་ཀླུ་མལ་གྲོ་བཏུལ་ཏེ་སླར་ཧས་པོ་རིར་རྡོ་སྒྲོམ་དུ་སྦས་པ་སྲུང་མ་རྡོར་ལེགས་ཀྱིས་བསྟན་ནས་ངོས་ཀྱིས་རྙེད་པའི་དྲག་པོ་རྟ་ཁྱུང་གི་གཏེར་རྫས་ངོ་བོ་སྡེ་བརྒྱད་ཀྱི་ཐོག་ལྕགས་ཛྷཾཀྵི༚་བཅོས་བུ་དང་ཁྱད་པར་མེད་པའི་ལི་དམར་རྩོད་བྲལ་གྱི་ཕུར་པ་གནམ་ལྕགས་


JLAZ014_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་རྒོད་དུ་གྲགས་པའི་ལོ་རྒྱུས་དང་བཅས་ས་སྐྱོང་སྡེ་དགེ་རང་གི་རྟེན་སྐལ་དུ་བབས་པ། གཞན་ཡང་བྱིན་རྟེན་གྱི་རིགས། ས་སྐྱའི་བདུད་རྩི་རིལ་བུ་ཁྲི་རྡོ། བསམ་ཡས་དང་། མཆིམས་ཕུ། ཤེལ་བྲག་སོགས་སུ་བསྒྲུབས་པའི་བདུད་རྩི་ཆོས་སྨན་ལྷལ་རེ་ཙ་གྱི་བུངས་ཡོད་པ། རང་ཉིད་ཀྱི་མཐེ་བོང་ལས་བཏབ་པའི་དམ་རྫས་ཧྱ་རྒྱ་ཅན་གྲངས་མང་བ། དབུ་སྐྲ་དང་ཕྱག་ཞབས་ཀྱིས་ནེ་མོ། རང་གི་ཉེར་སྤྱད་རྙིང་གྲས་ཀྱི་དབུ་ཞྭ། གོས་སེར་གྱི་འགལ་སྦྱར། ཕྲུག་དང་ལན་ནའི་གཟན་པ་གཉིས། ཡང་ཡུན་རིང་གྱོན་བའི་གོག་ཙ་དྲེག་པ་ཅན། འཕེལ་གདུང་དང་ཤོག་སེར་སོགས་ཀྱིས་གཏམས་པའི་དངུལ་གྱི་མགུལ་གབ། གསེར་གྱི་སོར་གདུབ་པད་རག་དང་མརྒད་ཀྱི་ཕྲ་ཅན། སྐྲ་ཅོག་བསྡམས་ཐག་གི་དར་དྲེག་པ་ཅན། རྫབ་ཀྱི་མཆོད་སྤྱད་གཉིས། རྫབ་དང་རཀྴའི་བསྙེན་ཕྲེང་གཉིས། རྒྱལ་སྲས་འབྲི་གུང་བའི་མན་བས་འགག་དང་དབུ་སྐྲ། ས་བཅུད་གསོ་བའི་བུམ་གཏེར་བཅོ་ལྔ། སྲས་དང་ཡུམ་ལྕམ་སོ་སོར་སེང་གདོང་མའི་སྲུང་བ་རས་ཐང་རེ། རིག་འཛིན་ཡབ་ཡུམ་གྱི་སྲོག་འཁོར་དཔལ་གྱི་གདུ་བུ་རྣམ་གཉིས། ཚེ་སྤེལ་བ་དང་། བསོད་ནམས་སྤེལ་བ། ཉེས་པ་སེལ་བ། བྱད་ཁ་ཟློག་པ། འབྲུམ་རིམས་དང་། འགོས་ནད་སྲུང་བ་སོགས་ཀྱི་


JLAZ014_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྔ་ཕྱི་མང་བ་དང་། སྐལ་ལྡན་བྱིས་པ་གཏེར་སྟོན་གྱི་འབྲུམ་སྲུང་གི་དང་ཅོག །སྔགས་བསྙེན་བཏབ་པའི་ཆབ་དང་གུ་གུལ། བདུད་རྩི་དོན་འགྲུབ་རིལ་བུ་སོགས་དང་། གཞན་ཡང་འགྲོ་བ་མང་པོ་ནད་ཀྱི་འཇིགས་པ་ལས་སྐྱོབ་ཕྱིར་རྒྱལ་པོའི་ཕོ་བྲང་དང་། རིན་ཆེན་རིལ་བུ་སྔོན་ཡོད་ལ་རྒྱུན་མཐུད་དང་། དབང་རིལ་ཤེལ་དཀར་མཆོད་རྟེན་གསར་སྦྱོར་སྐབས་གཞན་ཕན་ཞལ་འདེབས་སུ་དམིགས་གསལ། སངས་རྒྱས་ཀྱི་འཕེལ་གདུང་། མིའི་མགྲིན་བ་དང་། བ་མིན་དང་། རྨ་བྱ་དང་། གླ་བ་རྣམས་ལས་བྱུང་བའི་དབང་རིལ། མི་ལས་བྱུང་བའི་བྷི་ཧང་དང་། ཛཱ་ཏི་ཕ་ལ་གཅིག །ཨ་རུར་གཉིས་འབྲེལ་དང་གསུམ་འབྲེལ་གཉིས། རིན་པོ་ཆེ་ཨིནྡྲ་ནཱ་ལ་དང་། མ་རྒད་དང་། གཡང་ཏྲིའུ། གཡུ་དྲུག་དཀར་རྣམས་རྡོག་པོ་རེ་རེ། བར་གཡུ་ཆེ་ཆུང་བདུན། ཞུམ་མིག་གསུམ། པད་རག་བཞི། ཁ་ཆེ་སྤོས་ཤེལ་གཉིས། སྤོས་ཤེལ་དཀྱུས་མ་སྲང་བཅོ་ལྔ་། བྱུ་རུ་དཀྲུགས་མ་ཆེ་ལེགས་གཉིས་ཀྱིས་གཙོས་་བྱུར་སྲང་གསུམ། གཟི་ཕྲེང་རིང་བ་བཅས་རྣམས་ཕུལ་ཞིང་། གཞན་ཡང་བོད་དང་ལྷོ་མོན་སོགས་ནས་བྱུང་བའི་སྤྱད་པ་ཕྲན་བུ་རེ་ཕུལ་བ་ནི་མ་བྲིས། དེ་དག་རྣམས་ཀྱང་གང་སྨོས་ལྟར་ཆོས་ལྡན་རྒྱལ་


JLAZ014_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདིའི་ཐུགས་བཞེད་བསྐངས་ན་བསྟན་འགྲོ་སྤྱི་ལ་ཕན་པའི་གནད་མཐོང་བ་ལས། བླ་དཔོན་གཞན་སྲོས་ལ་འགྲན་པའི་འབུལ་ལེན་གནང་སྦྱིན་གྱི་སྤྲོས་པ་དང་སླད་དུ་བསྙེན་བཀུར་ཀྱི་འཕེལ་ཀ་ལ་བསམ་པ་ནི་མ་ཡིན་ནོ། གདུང་བསམ་ཡོངས་ལྷ་བསྟན་རྒྱས་རི་བོ་དཔལ་འབར་གླིང་ནས་སློབ་དཔོན་འཇིགས་མེད་ཀུན་གྲོལ་གྱིས་སྐུ་གསུང་ཐུགས་རྟེན། བྱུ་རུའི་བརྒྱ་ཕྲེང་། བསེ་རུ། རས་ཆ་སྤུས་དག་འབོར་ཆེ་བ་དང་བཅས་ཞབས་བརྟན་འབུལ་མི་འབྱོར། །འབྲི་གུང་ནས་སྐུ་གསུང་ཐུགས་རྟེན་དང་དངུལ་སྲང་ལྔ་བཅུས་གཙོས་པའི་འབུལ་རྟེན་བཅས་བརྟན་འབུལ་མི་ཆེད་གཏད་འབྱོར། གཏེར་སྒྲོམ་འབྲོང་དུར་གྱི་རིབ་རྣམས་ལ་དངུལ་སྲང་བཅུ་སྐོར་གྱི་མཐུན་རྐྱེན་བསྐུར། དེ་བཞིན་དུ་བཀའ་བློན་ཕ་ལྷའི་ཞབས་བརྟན་འབུལ་མིའང་འབྱོར། རིང་མིན་བསམ་ཡས་སུ་མཆོད་པའི་སྤྲིན་རྒྱ་ཆེན་པོ་དང་བཅས་གསེར་གྱི་འཁོར་ལོ་རིན་པོ་ཆེ་ཕུལ། རེ་ཞིག་གསོན་ནའང་བསྙམ་པ་དང་། སེམས་ཅན་འབའ་ཞིག་ལ་སྨན་ལས། །གནོད་པའི་ལས་འབྲས་ཅུང་ཟད་མེད། །ཕ་རོལ་ཉིད་དུ་སོང་ན་ཡང་། །རང་སེམས་རྣམ་ཐར་སྒོ་གསུམ་དང་། །འདུ་འབྲལ་མེད་པའི་ཆོས་ཉིད་ལ། །རེ་དོགས་ཅུང་ཟད་ཡོད་མ་ཡིན། ཆོས་དབྱིངས་བདེ་ཆེན་


JLAZ014_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་དུ་ཨ ཅེས་པ་འདི་ཡན་ཆད་ནི། ཁྱབ་བདག་འཁོར་ལོའི་མགོན་པོ་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཆེས་ཆེར་སྙིགས་མ་ལྔ་བོའི་དུས་འདིར། སྤྱིར་གདུལ་བྱ་མཆོག་དམན་བར་བའི་དོན་དུ་གསུངས་བའི་བསྟན་པ་རེས་སུ་མ་ཆད་པ་དང་། ལྷག་པར་སྙིགས་དུས་ཀྱི་གང་ཟག་རྣམས་ཚེ་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་མངོན་སུམ་ཉིད་དུ་འཚང་རྒྱ་བའི་གསང་ལམ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རི་མོའི་མར་མེ་བཞིན་དུ་གྱུར་པ་དེ་ཉི་མ་བཞིན་དུ་གསལ་བར་མཛད་པའི་ཕྱིར་རགས་པའི་སྤྲུལ་སྐུ་ཐ་མལ་པའི་ལུས་ལྟར་སྣང་བའི་སྒྱུ་འཕྲུལ་དྲ་བའི་རོལ་པ་བསྟན་པ་ལ་སྐད་ཅིག་ཙམ་ཡང་འགྲོ་བའི་དོན་དུ་མི་འགྱུར་བའི་གྱི་ན་ཐ་མལ་གྱི་མཛད་པའི་སྐབས་མ་མཆིས་པར་གཞོན་ནུའི་ཚུལ་བསྟན་པའི་དུས་ནས་བཟུང་། སྐུའི་སྣང་བ་ཉེ་བར་བསྡུ་བ་ལ་མངོན་དུ་ཕྱོགས་པའི་བར་གྱི་ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན་བྱ་བ་ལས་ཀྱི་འཁོར་ལོ་སོགས་རྣམ་པར་དཀར་བའི་མཛད་འཕྲིན་ལས་ཀྱི་ཚུལ་རྣམས་གདུལ་བྱ་རྣམས་ཀྱིས་གསོལ་བ་བཏབ་པའི་མོས་ངོ་བཞིན་དུ་དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་ཤིང་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་སྒྲོ་འདོགས་སྐུར་འདེབས་ཟོལ་སྦྱོར་གྱི་གཡོན་ཚིག་གིས་མ་


JLAZ014_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བསླད་པར་ཆོས་ཕུད་རྒྱ་མཚོའི་མིང་ཚིག་བརྗོད་པ་མཐའ་དག་ཡངས་པོར་འཁྱིལ་བའི་མགུར་གྱི་བུམ་བཟང་ནས་རིམ་པར་བཀའ་སྩལ་བ་རྣམས་ཚིག་གི་གདངས་གཅིག་དང་ཡི་གེ་འབྲུ་གཅིག་གི་བར་དབྲི་བསྣན་སྤངས་ཏེ་ཇི་བཞིན་བཀོད་པ་ལས། དགོངས་པའི་མཐའ་དང་ཀུན་རྫོབ་ཀྱི་མཛད་པའི་སྤྲོས་པ་ཉེ་བར་བསྡུ་བ་ལ་མངོན་དུ་ཕྱོགས་པས་གདོད་མའི་གཞི་དབྱིངས་ཆེན་པོ་ཀ་དག་གཞོན་ནུ་བུམ་སྐུའི་དབྱིངས་སུ་ཤེལ་འོད་ནང་དུ་ཐིམ་པ་བཞིན་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དོན་དམ་པའི་མཛད་པར་བྱ་བྲལ་སྐྱེ་མེད་དོན་གྱི་ཨ་ཡིག་ཆོས་དབྱིངས་ཆེན་པོར་ཉེ་བར་བཞུག་པའི་མཐར་ཐུག་གི་མཛད་པ་བསྟན་པ་ནི་ཚིགས་སུ་བཅད་པ་རྐང་པ་བརྒྱད་པའི་བདག་ཉིད་ཅན་གྱི་རྡོ་རྗེའི་གསུང་གིས་རྟོགས་པར་བྱ་བ་དང་བཅས་རེ་ཞིག་རྫོགས་པའོ། །ཟབ་ཞི་སྤྲོས་བྲལ་རྡོ་རྗེའི་དབྱིངས་སུ་ངོ་བོ་རྒྱལ་བ་ཀུན་དང་མཉམ། །རང་བཞིན་གཞི་དང་སྙིང་པོར་ལྷུན་གྲུབ་སྟུག་པོ་བཀོད་པའི་ངེས་པ་རྫོགས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐུགས་བརྩེའི་ཞགས་པས་དམ་འཁྱུད་པས། །སྤྲུལ་པའི་འོད་ཟེར་སྒྱུ་དྲར་ཡོངས་བསྟན་ཐེག་མཆོག་བླ་མ་སྙིང་ནས་དྲན། །གང་གི་དུས་སོ་ཨོ་ཌི་ཡན་དང་། །འོག་མིན་ཞིང་དུ་བསྟན་པའི་སྙིང་པོ་ལ། །


JLAZ014_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་གྲགས་པ་བསྟན་པ་མངོན་སུམ་དུ། །གངས་ཅན་ཡུལ་དུ་འཕོས་པའི་སྐལ་བཟང་མཐོང་། །ད་ནི་མ་རིག་འཁྲུལ་པས་བསྐྱེད་པའི་གཟུགས། །ཀུན་བརྟགས་གཞན་དབང་འགོག་པ་མེད་བའི་ཡུལ། །རྟག་པ་མིན་པར་འགྱུར་བའི་ཆོས་ཅན་འདིས། །ཡོངས་གྲུབ་རྡོ་རྗེའི་ཆོས་ཀྱང་བག་ལ་བསྒྲིབས། འོན་ཀྱང་རབ་རིབ་ཅན་ལ་སྐྲ་ཤད་བཞིན། །ཟག་པས་སྦགས་པའི་འཁྲུལ་སྣང་འདི་ལྟར་ཡང་། །རྡོ་རྗེའི་ཆོས་སུ་གྲུབ་པའི་ཡེ་ཤེས་ཀྱི། །སྐུ་ལ་སྐྱེ་འགག་ཞེན་པ་བྱིས་པའི་བློ། །དེ་ཕྱིར་མིག་འཕྲུལ་ལྟ་བུའི་སྣང་བ་ཡི། །བཀོད་པའི་མཐའ་དང་རྗེས་སུ་ཞུགས་པའི་གཏམ། ཟོལ་སྦྱོར་འཆིང་བུའི་རྒྱན་དང་མ་འབྲེལ་བར། །རང་བཞིན་ནོར་བུའི་ཕྲ་ཚོམ་སྤྲས་འདིའོ། །དེ་ལ་འདིར་མགོན་པོ་རྡོ་རྗེ་འཆང་བཀའ་དྲིན་མཉམ་པ་མེད་པ་འདི་ཉིད་ནི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་ཐོག་མ་མེད་པའི་འདུས་ནས་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཆོས་ཀྱི་སྐུ་དྲི་མ་ཐམས་ཅད་དང་བྲལ་བའི་གོ་འཕང་བརྙེས་ནའང་། སེམས་ཅན་མ་དག་པ་རྣམས་འཁོར་བའི་མཚོ་ཆེན་པོ་ལས་རབ་ཏུ་སྒྲོལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་བཟུང་བའི་འཁྲུངས་རབས་ཀྱི་ཕྲེང་བ་ཚར་དུ་དངར་བས་མཐའ་ཡས་པའི་


JLAZ014_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྣམས་སུ་བསྟན་པ་དང་སེམས་ཅན་གྱི་དོན་མཛད་པ་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་པར་ལྟ་ཅི་སྨོས་ཏེ་སྐུ་ཚེ་འདི་ཉིད་ཁོ་ནའི་མཛད་བ་དག་ཀྱང་མཐའ་ཡོངས་སུ་རྫོགས་པར་བརྗོད་པ་ནི་སོ་སྐྱེའི་བློའི་རབ་ལས་འདས་པ་ཡིན་ཀྱང་། བསྐལ་པ་བློ་གྲོས་མཆོག་དང་ལྡན་པ་འགའ་དང་འགས་རྗེ་ཉིད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་གླེགས་བམ་ཡི་གེའི་ལམ་དུ་མཇལ་ཆོག་པ་ཞིག་དགོས་ཞེས་གསོལ་བ་བཏབ་པ་ལས་གནས་དུས་ཀྱི་གདུལ་བྱའི་བློ་དང་རྗེས་སུ་འཚམས་པའི་མཛད་པ་ཐུན་མོང་པ་རྣམས་ཆུ་བབས་སུ་བརྗོད་གཞིར་བཀོད་པ་ལྟར་སྣང་བ་ལ་ཐུན་མོང་མ་ཡིན་པའི་དགོངས་སྤྱོད་ཆེས་མཆོག་ཏུ་གསང་བ་རྣམས་ཀྱང་བློ་གྲོས་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་གོ་བར་འགྱུར་ལ། འཕྲོས་དོན་གྱི་ཚུལ་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་མང་པོ་དང་། མན་ངག་གི་གནད་དག་ཀྱང་ཅིག་ཅར་དུ་སྟོན་ཅིང་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་ཕྲིན་ལས་ཀྱི་འཇུག་སྒོ་དུ་མར་ཤར་བ་རྣམས་ལས་གྲུབ་མཐའ་རང་རང་གི་འཇོག་ཚུལ་ཐ་དད་པ་ལྟར་སྣང་བ་རྣམས། ཆོས་ཀྱི་ངོ་བོ་ལ་བཟང་ངན་དང་ནོར་འཁྲུལ་མེད་ཀྱང་། གང་ཟག་སོ་སོའི་བློའི་འཁྱེར་སོས་ཆོས་ཀྱི་དབྱིངས་ལ་འཇལ་ཚུལ་དང་། ཉམས་ལེན་གྱི་སྐབས་བཟང་ངན་ནོར་འཁྲུལ་འབྱུང་བ་ནི་


JLAZ014_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སྐྱེའི་ཆོས་ཉིད་པས། དེ་དག་གི་གོ་ལས་ཐད་ཀར་གཅོད་པ་དང་གདུལ་བྱ་མཆོག་ལ་གནས་ལུགས་སྤར་བཅངས་སུ་ངོ་སྤྲོད་པ་དང་། དམན་འབྲིང་ཆེ་གསུམ་རང་རང་གི་རྒྱུད་ཚོད་དང་སྦྱར་ནས་སོ་བྱང་སྔགས་གསུམ་དམ་ཚིག་དང་། སྡོམ་པའི་ཀུན་སྤྱོད་སོགས་གནང་བཀག་གི་སོ་མཚམས་ཕྱེད་པར་ཉམས་སུ་ལེན་ཚུལ་དང་། མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་དགོངས་པ་འཇལ་ཞིང་གྲུབ་པའི་མཐའ་ལ་དགག་བཞག་གིས་ཕྱོགས་འཐེན་སོགས་ལ་དོན་གྱི་ཡིན་ལུགས་ནས་གཞལ་བའི་བཤགས་འབྱེད་དཔྱད་བརྡར་སོགས་མདོར་ན་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་འབེལ་གཏམ་གྱི་ཚུལ་དུ་འབྱུང་བའི་རྣམ་པར་ཐར་པ་ཆེན་མོ་སྐབས་གསུམ་གྱི་བདག་ཉིད་ཅན་གོང་དུ་འཁོད་པ་འདི་ཉིད་རིམ་གྱིས་ཟིན་ཐོར་ཕེབས་པས་ཐ་མའི་མཛད་པའང་དགོངས་པ་ལུང་སྟོན་གྱི་ཚུལ་དུ་ཚང་བ་ཡིན་ནོ། །དེ་ལྟ་ནའང་དེའི་དོན་འགྲེལ་ཚུལ་དུ་ཅུང་ཟད་རྒྱས་པས་བརྗོད་པར་དང་ཞར་བྱུང་དུ་བཀའ་དྲིན་འཁོར་མཐའ་མེད་པའི་མགོན་པོ་དེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང་སླར་ཡང་ཞིང་ཁམས་འདིས་མཚོན་དག་པ་དང་མ་དག་པའི་ཞིང་བྱེ་བ་དང་བ་རྒྱར་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པ་ལ་བདུད་དང་བར་


JLAZ014_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅོད་པས་བརྫི་བར་མི་ནུས་པ་དང་། འབྲེལ་ཐོགས་མཆོག་དམན་ཀུན་གྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་བར་རྫོགས་པའི་ཐབས་དགོངས་རྫོགས་ཀྱི་རྨི་པ་ཇི་ལྟར་བསྒྲུབས་པའི་ཚུལ་རྣམས་རང་ཉིད་གྲགས་འདོད་རྙེད་ཚོལ་གཅམ་བུ་སོགས་མ་ཡིན་པས་རང་སེམས་ཟོལ་མེད་དབང་པོར་བཅས་ཏེ་ཟིན་ཐོར་བགྱིས་པ་རྗེ་བླ་མའི་རྣམ་ཐར་མཇུག་འཐུད་ཀྱི་ཚུལ་དུ་འགོད་པ་ལ། དེ་ཡང་རྗེ་འདི་ཉིད་ཀྱིས་རང་ཅག་རྟག་འཛིན་ཅན་གྱི་གདུལ་བྱ་རྣམས་ལ་ཆེད་དུ་དགོངས་པས་སྔོན་ཙམ་ནས་སྤྱན་འགྲིབ་ཀྱི་ཚུལ་སོགས་སྐུན་མཐོན་པོར་ཕེབས་པ་ལྟར་སྟོན་ཅིང་། མཛད་པ་རླབས་ཆེ་བ་དག་གི་དུས་ནའང་་ སླན་ཆད་དེ་ཙམ་གྲུབ་པ་དཀའ་ཞེས་རིང་མིན་ཞིང་ཁམས་འཕོ་བའི་གསུང་ཐོར་པར་འབྱོན་པ་དང་། སྔར་དབང་ཆོས་བཀའ་རྒྱ་དོག་པོར་མཛད་པ་རྣམས་ཀྱང་ཕྱིས་སུ་སུ་ཞུས་ལ་གནང་ཞིང་། ལྷག་པར་འབྲི་གུང་སྤྲུལ་པའི་སྐུ་ཡབ་སྲས་ལ་འདུས་པ་མདོ་དབང་སོགས་དང་རྗེ་ཉིད་ཀྱི་དགོངས་གཏེར་བཀའ་འབུམ་སོགས་དགོངས་གཏད་ཀྱིས་བཀའ་ལུང་རྫོགས་པའི་ཚུལ་དུ་འབུལ་བར་མཛད་པ་ནི་ཕྱིས་ཞལ་མི་མཇལ་བར་དགོངས་པར་སྣང་ཞིང་། སངས་རྒྱས་མ་ཆགས་པདྨ་ཅན་གྱི་ལུང་བསྟན་སྐུ་ཚེ་དེ་ལས་རིང་བར་བསྟན་མོད་ཀྱང་བསོད་ནམས་དམན་པའི་གདུལ་


JLAZ014_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྣང་བ་ལ་སྔོན་བཅོམ་ལྡན་འདས་ཀྱི་ཀུན་དགའ་བོ་ལ་སྐུ་ཚེ་ཇི་ཙམ་བཞུགས་དྲི་བ་མཛད་ཚེ། ཀུན་དགའ་བོའི་རྣ་བ་བདུད་ཀྱིས་བབ་པའི་ལོ་རྒྱུས་དང་མཚུངས་པར་ལུང་བསྟན་ཐོག་ཏུ་ཁེལ་བའི་སྐུ་ཚེའི་རྟེན་འབྲེལ་གྱི་རིམ་པ་འགའ་ཞིག་ཕྱག་ཏུ་མ་ལོན་པ་དང་། དེར་མ་ཟད་གབ་པའི་ལུང་བསྟན་འགའ་ཞིག་ལ་ཟླ་ཞག་དུས་ཀྱི་སྒྲ་ཇི་བཞིན་མ་ཡིན་པར་བསྟན་པས་མཐའ་གཅིག་ཏུ་ཁ་འཚོན་གཅོད་དཀའ་ཞེས་རྗེ་ཉིད་ཀྱི་གསུང་ལས་ཐོས་པས་དོན་དུ་སོ་སྐྱེའི་བློ་སྣང་དུ་ཤར་བའི་ལུང་བསྟན་གྱི་དོན་འགྲེལ་ལ་ལྟར་དངོས་སུ་མི་བཞུགས་པའི་དགོངས་པ་ཐུགས་ཐག་ཆོད་བར་སྣང་སྟེ། སྔར་བསམ་ཡས་མཆིམས་ཕུར་དཔལ་ཨོ་རྒྱན་ཆེན་པོའི་ལུང་བསྟན་རོ་དུས་དུས་མེ་ཞེས་པ་རོ་དུས་ལོ་དང་དུས་མེ་ཟླ་བའི་གྲངས་སུ་བྱས་ན་དྲུག་ཅུ་རེ་དགུ་འབྱུང་བས་དེ་ཉིད་ཐོག་ཏུ་ཁེལ་བ་ལས་ཅུང་ཟད་སྐུ་ཚེ་འདིའི་གདུང་བྱ་མ་རྫོགས་པས་ཕྱིར་བསྣུར་བ་ལྟར་བསྟན་པ་ནི། སྔ་ལོ་འབྲི་གུང་དུ་ཆིབས་བསྐྱོད་པའི་གདུན་གདུང་ལོ་བདུན་ཅུའི་སྟེང་དུ་ཕེབས་མ་ཐག་པ་ན་ཕྱོགས་དེའི་ཆབ་མ་འཕོད་པའི་ཚུལ་སེམས་ཅན་ལས་ཉོན་ཅན་རྣམས་དང་། རྣམ་སྨིན་ཚུལ་མཐུན་ལྟར་སྟོན་པའི་སྐུའི་འདུ་བ་ཤིན་ཏུ་འཁྲུགས་པས་བདུན་གཅིག་ཙམ་གྱི་བར་ཞིང་ཁམས་འཕོ་ཉེར་བྱུང་བ་ན་དགེ་རྩེ་ཆོས་ཉིད་པ་འདིར་ཡོད་པ་སླར་


JLAZ014_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ་འབྱོན་པའི་ཐོན་ཕྱག་འབུལ་བ་དང་དུས་མཚུངས་པས་ཁོང་གིས་ཕུལ་བའི་གསོལ་སྨན་ཆིག་ཐུབ་དེས་རེ་ཞིག་སྐུ་དྭངས་པ་ལྟར་འགྱུར་པ། སྔོན་སྟོན་པས་དགེ་ཚུལ་ཙུནྡའི་ངོར་སྐུ་ཚེ་ཟླ་བ་གསུམ་ཕྱིར་བསྲིངས་པ་དང་ཚུལ་མཐུན་པས་གསོལ་སྨན་དེ་ཉིད་ཁོང་གི་གཡའ་མ་ལུང་ནས་རྩོལ་བ་མེད་བཞིན་རྙེད་པ་ཡང་རྗེ་ཉིད་ཀྱི་ཐུགས་རྗེའི་སྒྱུ་འཕྲུལ་དུ་གོ་བཀའི་ཕྱིར་བཀའ་ལས་ད་རེས་དགའ་མོ་ཡོང་བ་ཨོ་རྒྱན་ཆེན་པོའི་ཐུགས་རྗེ་ཡིན་ཞེས་ཕེབས། དེ་ནས་རིངས་སྟབས་ཀྱིས་གདན་ས་འདི་ཉིད་དུ་བདེ་བར་ཞལ་གཟིགས་ཐུབ་བས་ཕྱོགས་འདིའི་འགྲོ་བའི་བསོད་ནམས་ཀྱི་ལྷག་མ་ཉུང་ཟད་ཅིག་གིས་བགོ་སྐལ་དུ་ཐོབ་ཅིང་། རེ་ཞིག་བར་བསྙེན་གཞི་མེད་པ་སྐྱེས་བུ་གཞོན་ནུ་ལྟ་བུར་བཞེངས་བཞུགས་དང་སྐུ་ཟོལ་ཡང་བ་སྔར་བཞིན་སྣང་མོད། དེ་ལྟ་ནའང་གསོལ་ཟས་ལ་ཇི་ལྟ་བར་སྤྱོད་པར་མི་མཛད་པས་སོམ་ཉིར་གྱུར་ཏེ་བསྙུན་རོ་བཙའ་བ་ཐོན་པའི་གསོལ་སྨན་འཕྲོད་གཞེས་དང་། སྐུའི་རིམ་གྲོ་གནང་བ་སོགས་གཞིས་བྱེས་ཀྱི་དད་མོས་ཅན་ཀུན་གྱིས་མགྲིན་གཅིག་པར་གསོལ་བ་ནན་ཆེར་བཏབ་པ་ན་ལར་སྐྱེས་མཐའ་འཆི་བ་ཆོས་ཉིད་ཡིན། ངེད་ནི་བྱ་བ་ཐམས་ཅད་འགྲུབ་པ་ཞིག་ཡིན་པས་ཤི་ཡང་བློ་བདེ། དེ་བས་འཆི་ཁར་ལག་སྟོང་དུ་འགྲོ་ཚོ་སྙིང་རེ་རྗེ། འོན་ཀྱང་


JLAZ014_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྣམས་བློ་མི་བདེན་སྨན་བཅོས་བྱས་ཆོག །སྐུ་རིམ་འདི་དང་འདི་སོགས་ཀྱིས་ཞེས་བདག་ཅག་སྡུག་བསྔལ་གྱིས་ནོན་པའི་པའི་སྣང་བ་བྲིད་པའི་ཞལ་ཞེས་ཙམ་མཛད་པ་བཞིན། མཆིམས་ཕུ་སོགས་གནས་ཆེན་དག་ཏུ་ཚོགས་བསྐང་མཁའ་འགྲོའི་མེ་མཆོད། སྐུ་ཚེའི་བསྒྲུབ་པ། བསམ་ཡ་སོགས་ཆོས་འཁོར་རྣམས་སུ་མཆོད་འབུལ། དགེ་འདུན་གྱི་སྡེ་རྣམས་སུ་མད་འགྱེད། མཎྚལ་བཞི་ཆོག་དང་སྒྲོལ་མ་ཚེ་གཟུངས་འུར་འདོན། བཀའ་འགྱུར་གསུང་སྒྲོག །མ་མགོན་གྱི་བསྐང་མདོས། མ་མོ་འཁྲུགས་བསྐང་། སཙྪ་དང་སྐུ་བར་གྲངས་བསགས། ལུག་དྲུག་ཅུ་སྐོར་དང་ཉ་སྟོང་ཕྲག་ཁ་ཡར་ཚེ་ཐར། ཁྱད་པར་ཚོགས་བརྒྱ་དང་བསུ་བཟློག་འབྲེལ་བ་ཉིན་མང་པོའི་རྗེས་སྐུ་གླུད་དཀོར་ཆ་དང་བཅས་པ་བརྫངས་ཏེ་དེའི་རྗེས་འབྲེལ་བརྟན་བཞུགས་འབུལ་བས་མཚོན་རྒྱར་རྟེན་སྐུ་རིམ་ཚུལ་གྱིས་རྣམ་དག་དཀར་རྒྱ་ཆེན་པོ་རྗེ་ཉིད་ཀྱི་བཀའ་ལུང་དུ་གར་ཕེབས་རྣམས་རྣམ་ཐར་ཞལ་གསུང་མར་ཡང་གསལ་བ་དང་། གཞན་ཡང་རང་བློས་དཔྱད་པ་ལ་སོགས་བུང་ཆེར་བསྒྲུབ་སྐབས་འདི་དག་ཏུ་རྗེ་ཉིད་བཞུགས་པའི་ཉེ་སྐོར་དུ་མེ་ཏོག་གི་ཆར་ཟིམ་བུ་འབབ་པ་དང་ས་ཁོལ་བུར་གཡོ་བའང་སྔ་ཕྱི་དུ་མར་བྱུང་བ་མྱུར་བར་ཞིང་ཁམས་གཞན་དུ་གཤེགས་པའི་ལྟས་ཁོ་


JLAZ014_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ནར་སྣང་། གྲུབ་དབང་ཝ་གིནྡྲས་དབུས་བདག་ཅག་གཞིས་བྱེས་ཀྱི་བུ་སློབ་ཏུ་གཏོགས་པ་རྣམས་དང་། དཔལ་རི་བླ་གྲ་སྤྱི་ཡོངས་སྦྱིན་བདག་སྤུ་ཤུད་པ་སོགས་དད་ཅན་སོ་སོ་ནས་ཚོགས་ཀྱི་འཁོར་ལོ་དང་བཅས་ཞབས་བརྟན་བརྟན་བཞུགས་རྒྱས་པར་འབུལ་བ་དང་། མཚོ་སྣ་དགོན་རྩེ། མདོ་མཁར་གཉེར་ཚང་། གཙང་ཐེག་མཆོག་གླིང་པ་སོགས་ཕྱོགས་སུ་རིང་བ་རྣམས་ནས་ཀྱང་སྐུ་གསུང་ཐུགས་རྟེན་སོགས་འབུལ་ནོད་དང་བཅས་ཞུ་འཕྲིན་གྱི་ལམ་ནས་ཞབས་པད་བརྟན་དགོས་ཀྱི་གསོལ་འདེབས་དང་། བསྙུན་ཚུལ་གསན་འཕྲལ་ས་སྐྱོང་སྡེ་དགེ་ནས་ཀྱང་རང་གི་མངའ་རིས་ཀྱི་དགོན་ཆེན་རྣམས་སུ་དངུལ་སྲང་ཉིས་བརྒྱ་ལྔ་བཅུ་ཡོན་འགྲོས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་བསྙེན་དུང་ཕྱུར་བཞི་དང་སཙྪ་འབུམ་ཐེར་སོགས་ཀྱིས་བརྟན་བཞུགས་རྒྱས་པར་གནང་འཚོ་བྱེད་ཆུ་སྐྱེས་པ་ཞབས་འབྲིང་བཅར་སྡོད་བཅས་གསོལ་སྨན་རིགས་ཕུལ་ཏེ་སྨན་པ་མཁས་པ་གཞན་ཡང་འདི་ཞེས་བྱ་བ་བོས་ན་ཞེས་ཞུས་ན། སྨན་པ་འབོད་པའི་ན་ཚ་ནི་གང་ཡང་མི་འདུག །འོན་ཀྱང་ཁྱོད་རང་ཚོ་བློ་མ་བདེ་ན་རང་རེ་དང་ཁད་ཉེ་བའི་སྨན་པ་ལ་བསྟན་ཆོག །ཐག་རིང་ནས་འབོད་པ་ཁག་སྦྱོངས་ལས་མི་ཡོང་ཞེས་ཕེབས་ཁད་ཉེའི་སྨན་པ་མཁས་ས་


JLAZ014_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བ་ནས་ཕྱག་རྩ་དང་ཆབ་ལ་བརྟག་གཞིག་ངོས་གསོལ་སྨན་བསྒྱུར་ཁ་དང་བཅས་ཇི་སྙེད་ཅིག་ཕུལ་བ་བཞིན་དུ་བཞེས་པ་ནི་བདག་ཅག་རྣམས་ལ་མ་འོངས་པའི་སྡུག་བསྔལ་སྔོན་བསུས་ཀྱི་ཡོད་རྟབ་རྟབ་པོར་གྱུར་པའི་གནས་སྐབས་དེར་ཐུགས་ཀྱི་བརྩེ་བས་དབུགས་དབྱུང་བའི་བཀའ་དྲིན་མི་ཟད་བར་བལྟའོ། །སྐབས་ཤིག་གི་བཀའ་འཕྲོས་ཀྱི་གླིང་ལྷོངས་ཚུལ་དུ། བླ་མ་ཞི་བར་གཤེགས་དུས་སྐུ་གདུང་རིལ་བོར་གཞག་སྐུ་ཚ་བསྡམ་བྱེད་ལུགས་འདི་ལྟར་བྱེད་དང་། ཡང་དེང་སང་གི་བླ་མ་རྣམས་ཀྱིས་གཟི་བྱིན་འབའ་ཞིག་བསྒྲུབས་པས་དད་རྫས་ཆུད་གསན་པ་ལ་ཞེ་ཁྲེལ་བས་རང་རེའི་དཀོར་རྫས་རྣམས་ནི་སྔར་ཕན་དཀོན་མཆོག་རང་ལ་དམིགས་པ་ཞིག་ཡིན་ཏེ། ཕྱིན་ཆད་ཁྱོད་ཚོའི་ཐོག་ཏུ་བབ་ཙ་ན་སྤྱི་མཚུངས་ཙམ་རེ་མ་བྱེད་ཀ་མེད་ཡོད་སྣང་བས་གོང་ས་ཡས་ཕྱིན་གྱིས་མཚོན་རང་རེ་དང་འདྲིས་ཡོད་ཀྱི་བླ་མ་རྣམས་ལ་མཆོད་བསྡོ་བརྡ་མཚོན་རེ་འབུལ་ན་འདི་ལ་འདི་ཞེས་སོགས་དཔེར་བརྗོད་ཀྱི་ཚུལ་དུ་གནང་བ་བཅས་ཞིང་ཁམས་འཕོ་བར་དགོངས་པ་གཏད་བའི་གསུང་གི་རིགས་རིམ་པར་ཕེབས་ཤིང་། འགའ་ཞིག་ཕེབས་འཕྲོར་བདག་ཅག་རྣམ་མྱ་ངན་གྱི་དུཁ་ཆེར་ལྷོངས་པར་མཁྱེན་པས་གསུང་འཕྲོས་གཞན་ལ་བསྒྱུར་བར་མཛད་དེ་འཕྲོ་རྣམས་རྗེ་ཉིད་ཀྱི་ཉེ་


JLAZ014_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཅར་མར་ཞུ་མི་ཞིག་ཡོད་པ་ལ་གནང་བ་ཕྱིས་བཤད་རྒྱུ་སྣང་། རེས་འགའ་ཞབས་པད་བརྟན་དགོས་ཞེས་པའི་གསོལ་འདེབས་སྙན་གཙེར་བའི་སྨྲེ་ངག་གི་གདུང་ཤུགས་ཆེར་འབར་བ་ན། རེ་ཞིག་སྐྱོན་མི་ཡོང་ཞེས་ལྡམ་པོར་དགོངས་པའི་ཞལ་ཞེས་ཀྱིས་རྨོངས་པའི་བློ་ལ་སྒྲ་ཇི་བཞིན་པར་འཛིན་བ་བསྲིང་བར་མཛད། སྦྱིན་པའི་བདག་པོའི་གཙོ་བོ་ཆོས་མཛད་སཱ་རའི་མཚན་ཅན་ལའང་གསུང་གི་ལྷོངས་སྔ་མ་ལྟ་བུ་དང་བཅས་པ་འགའ་ཞིག་ཕེབས་པ་ན། མཁྱེན་པའི་དབང་པོས་ཕྱག་དང་བཅས་མྱ་ངན་ལས་མི་འདའ་བར་ཅི་ནས་ཀྱང་བཞུགས་དགོས་ཤིང་། གལ་ཏེ་བདག་ཅག་གིས་བསོད་ནམས་སུ་འཆུར་ཐེབས་བྲལ་བའི་ཞིང་ཁམས་གཞན་གྱིས་ཐུགས་ཡིད་འཕྲོགས་ཏེ་ངེས་པར་ཐབས་མེད་པ་ཞིག་ཡིན་ན་མཆོག་གི་སྤྲུལ་པའི་སྐུ་འབྱོན་པའི་ཞལ་བཞེས་ཅིས་ཀྱང་གནང་དོགས་ཤིང་མཆོད་སྡོང་རིན་པོ་ཆེ་ཡང་སྲི་ཞུས་མི་ངལ་པའི་ཁུར་བླང་ཞུ་བས་འདི་ཁར་བཞུགས་དགོས་སོགས་སྙན་འཇིགས་མགྲིན་པའི་པི་ཝང་བརྡུང་བར་མཛད་པས། ངེད་ལ་སྐྱེ་བ་ལེན་པ་སྙམ་པའི་འདུན་པ་བྱེད་རྒྱུ་མེད་དེ་ཆོས་ཉིད་ཀྱི་མཐུས་སྤྲུལ་པ་ཞིག་ནི་ཡོང་ཤས་ཁ། འོན་ཀྱང་བརྩད་གཅོད་རིགས་བྱ་མི་དགོས་ཞེས་དང་། འཕྲལ་


JLAZ014_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་དུ་ཐུགས་རྗེས་འཛིན་པའི་ཞལ་གདམས་དབུགས་དབྱུང་ཚད་མེད་པ་གནང་ཞིང་། དེ་འཕྲལ་མཆོད་རྟེན་འདིར་བཞུགས་པ་ལེགས་དང་བསམ་ཡས་སུ་བཞུགས་ཟེར་བ་མ་མགོན་ལ་བརྟག་བསྒྲིག་ཀྱིས་ཕེབས། བླུན་རྨོངས་དུད་འགྲོའི་རང་བཞིན་ལས་ལུགས་གཉིས་ཀྱི་རྣམ་དཔྱད་ཆ་ཤས་ཙམ་མེད་པས། རང་ཉིད་ནས་དགོས་དོན་ཆེ་བའི་སློབ་དོན་ཚིག་འབྲུ་ཙམ་ཡང་ཞུ་མ་ཤེས་ཀྱང་རྗེ་ཉིད་ཀྱི་ཐུགས་རྗེ་ལ་ནི་ཚད་མ་མཆིས་པས་དཔོན་གྱི་མིང་ཙམ་འབོད་པ་བདག་ལཱང་དུགས་རེ་དང་བཅས་རྗེ་སྒམ་པོ་ཤེགས་རྗེས་ཀྱི་ལོ་རྒྱུས་སོགས་འཕྲལ་ཡུན་གྱི་ཞལ་གདམས་སློབ་ཡའི་རིགས་དང་དབང་ཆས་དང་དཔེ་ཆ་རྣམས་འཁྱར་མེད་དུ་གཞོག་དགོན་པའང་སླད་ནས་འབྲི་གུང་སྤྲུལ་སྐུས་འཛིན་བསྐྱང་ཡོད་བ་གྱིས། ལར་ཁྱོད་ཚོའི་རྣམ་རྟོག་གི་བྱེ་བྲག་འགོག་མ་ཐུབ་པ་ཡིན། ངེད་ཀྱི་སྣང་བ་ནི་རྣམ་ཐར་སྒོ་གསུམ་གྱི་ངང་དང་འདུ་འབྲལ་མི་འདུག་ཅེས་ཕེབས། ཉིན་མཚན་མེད་པར་སྐྱིལ་ཀྲུང་དང་། རེས་འགའ་དྲང་སྲོང་ཙོག་པུས་བཞུགས། སྤྱན་ལྟ་སྟངས་ཀྱི་ངང་ལས་གཡོ་བ་མི་མངའ། གྲུབ་ཐོབ་མའི་ནས་ཉས་བྱུར་མིད་བཏང་བས་ཉའི་ཁོག་པར་ལོ་མང་པོར་སྐྱོན་མེད་དུ་བཞུགས་པ་རླུང་གི་ནུས་པ་ཡིན་པ་


JLAZ014_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། རྗེ་འདི་ཉིད་དྲང་དོན་དུ་ཡང་རྩ་རླུང་གི་ཡོན་ཏན་སྟོབས་སུ་གྱུར་ཅིང་སྲོག་ཐུར་གཅིག་ཏུ་འདྲེན་པའི་མངོན་རྟགས་ཀུན་གྱི་མཐོང་ཆོས་སུ་ཡོད་པས་སྲོག་རྩོལ་ལ་དབང་འབྱོར་བའི་ནུས་པ་ཁོ་ནས་འདི་བར་ཞལ་བཞུགས་པར་འདུག་ཅིང་། བཀའ་ལས་ཀྱང་། འབྲི་གུང་གིན་ལུགས་དང་ན་ཚོད་ཀྱི་བབས་ལ་ལྟོས་ནད་བར་འཚོ་བ་ཡང་དགའ་མོ་ཡིན། ནད་འདི་གཞན་གྱིས་ཐེག་དཀའ་བ་ཞིག་སྣང་ཡང་སྔར་རླུང་འབྱོངས་པོ་བྱས་པའི་བདེ་ཀྱི་ན་ཟུག་སོགས་གང་ཡང་མི་འདུག་ཅེས་ཕེབས། ནམ་དུས་སྟབས་ཉིན་རེ་མོན་པ་བཅུ་སྐོར་རེ་འོང་བ་སོགས་ཐག་རིང་ནས་ལྷགས་པ་ཐམས་ཅད་ལ་ཞལ་མཇལ་ཕྱག་དབང་སོགས་པར་མི་ཆད་སྔར་ལས་ལྷག་པར་སྩལ། ས་རྟ་ཟླ་བ་བདུན་པའི་ནང་སྡེ་དགེའི་མི་སྣ་འཇིགས་མེད་བློ་གསལ་འདིར་ཞག་ཤས་འདུག་རིང་ཁོང་རང་འབྱོར་བ་ཡན་གྱི་རྣམ་ཐར་འཕྲོ་དགོས་ཞེས་ཞུ་བར་སཾ་བྷོ་ཊར་ལྗགས་བོད་མཐར་ཚིགས་བཅད་སྐྱེ་མེད་ཀྱི་ཡི་གེའི་མཐའ་ཅན་དེ་གནང་། བཀའ་ཆོས་ཡོངས་རྫོགས་ཀྱི་བཀའ་གཏད་སྨོན་ལམ་བྱིན་རླབས་དང་བཅས་བློ་གསལ་ཅན་ཟླ་བ་བརྒྱད་པའི་ཚེས་བདུན་ལ་ཕྱིར་བརྫངས། དེའི་ཉི་ཤུའི་ཉིན་རྡོ་ཡུལ་ནས་བླ་མ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཡབ་མཚན་དཔོན་རིགས་འབུལ་བ་


JLAZ014_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་དང་བཅས་པ་ཞིག་འབྱོར་བར་མཇལ་ཁ་ལྷོད་པ་ཆོས་འབྲེལ་གདམས་སོགས་དང་། ཚེ་དབང་ཞིག་ཀྱང་ཞུས་སོང་བ་རེ་བ་བཞིན་དུ་མཛད། ཁོང་རྣམས་སྐུ་དངོས་ཀྱིས་གདུལ་བྱའི་ཕྱི་མ་ཡིན། ཉེར་དགུ་ཉིན་མོན་པའི་བུ་སློབ་སྡེད་ཡུན་རིང་བ་གཉིས་ལ་ཕྱག་དབང་བྱིན་རླབས་ཞལ་གདམས་སོགས་གནང་ཞིང་ཕྱིར་འགྲོ་བར་སེམས་འཕྲེང་བའི་རྣམ་འགྱུར་ཨ་ཆི་མ་འཁྲུགས་པ་ན་མྱུར་བར་འཕྲད་འོང་ཞེས་དབུགས་དབྱུང་མཛད་དེ་དགོངས་པ་ཅན་ཞིག་གོ། གནམ་གང་ཉིན་ཡང་མཚམས་པ་ཞིག་ལ་ཕྱག་དབང་བྱིན་རླབས་ཞལ་གདམས་སོགས་སྩལ། དེ་གོང་ཙམ་ནས་ཡང་དབེན་རྣམ་གྲོལ་རྩེ་གཟིམས་ཆུང་གནང་རྩིས་ཀྱིས་བླ་བྲང་དང་ཁྱོན་ཅིག་གིས་ས་རྩི་དང་འཛིན་སྤྲས་ཀྱིས་ཞེས་ཕེབས་ནས་ཟླ་བ་དགུ་པའི་ཚེས་གཉིས་ཉིན་ཡང་དབོན་དུ་ཕེབས་འཕྲལ་འོ་ད་ངེད་སྐྱིད་པའི་ས་འདིར་སླེབས་པ་ཡིན་ནོ་ཞེས་ནན་ཆེ་བར་བཀའ་ཕེབས། སྦྱིན་བདག་གི་སྐུ་ངོས་རྣམས་ལ་ཕྱག་དབང་བྱིན་རླབས་དང་། སྐུ་མདུན་དུ་ཇ་གྲལ་ལ་གསུང་ཆོས་ཀྱི་རིགས་རྒྱ་ཆེར་སྩལ། སང་ཉིན་གྱི་སྔ་དྲོའི་ཆར་ཆོས་མཛད་སཱ་རར་སྒྲོལ་དཀར་གྱི་ཚེ་ཁྲིད་དམིགས་རིམ་སྩལ་ཞིང་དེའི་ཉིན་ཁྱབ་པར་


JLAZ014_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་སྤོས་བཟང་པོ་ལྟ་བུའི་དྲི་ཞིམ་པོས་ཕྱོགས་ཀུན་ཁྱབ་ཅིང་ཆོས་ཀྱི་སྐུ་མངོན་དུ་མཛད་པའི་རྟགས་རླུང་སེར་བུ་ཙམ་ཡང་ལྡང་བ་མེད་པར་ནམ་མཁའ་གཡའ་དག་བའི་ངོགས་ལས་མེ་ཏོག་གི་ཆར་ཆལ་ཆིལ་དུ་འབབ་པ་སོགས་ངོ་མཚར་གྱི་བཀོད་མཐའ་ཡས་པ་དང་བཅས་ས་ཕོ་རྟ་ལོ་དབྱུག་གུའི་ཟླ་བའི་ཚེས་གསུམ་ཕྱི་མཚན་མོའི་ཐུན་དང་པོ་ལ་བབ་པ་ན་དྲང་སྲོང་ཙོག་པུའི་འདུག་སྟགས་ལ་བཞུགས་བཞིན་དུ་མཆོད་པ་ཤོམས་ཤིག་ཅེས་བཀའ་སྩལ་ནས་ཏེ་ཞིག་གདོད་མའི་དབྱིངས་སུ་སྤྲོས་པ་ཉེ་བར་བསྡུ་བར་མཛད་དོ། །ཀྱེ་མ་གྱི་ཧུད་འཇིག་རྟེན་མིག་གཅིག་ཟུམ། །བླང་དོར་སྟོན་པའི་བཤེས་གཉེན་མི་བུས་དོར། །གྲངས་མེད་སྲིད་པར་གོམས་པའི་ཐུགས་བསྐྱེད་ཀྱང་། །ཞི་བའི་དབྱིངས་སུ་གཞོལ་བཅང་སྲིད་དམ། །གདོད་ནས་སྐྱེ་འཆི་སྤངས་པའི་རྡོ་རྗེའི་སྐུར། །མངོན་པར་བྱང་ཆུབ་ཟིན་མོད་ཀུན་ཁྱབ་ཀྱི། །ཐུས་རྗེ་འགག་པ་མེད་པའི་རང་རྩལ་དེ། །ཉེ་བར་བསྡུ་བ་ཐུགས་ཀྱིས་བཟོད་ལགས་སམ། །ཉེ་བར་བསྡུ་པ་ཐུགས་ཀྱིས་བཟོད་ལགས་སམ། །ཨེ་མ་ཇི་སྲིད་འགྲོ་རྒྱུད་འཁོར་བའི་རྒྱུན། །སྟོངས་མིན་དེ་སྲིད་གཟུགས་སྐུའི་རོལ་པ་ཡང་། །རྟག་པར་འཇུག་པའི་ཁ་སྦྱོར་བདུན་ལྡན་གྱི། །ངེས་པར་བརྫུན་པར་མི་སྲིད་རང་སྣང་སྐྱོན། །ཐོག་མེད་དུས་ནས་བསགས་པའི་ལས་སྒྲིབ་ཀྱི། །


JLAZ014_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་ངན་པའི་བག་ཆགས་སྟུག་པོ་འདིས། །མི་འགྱུར་རྡོ་རྗེའི་སྐུ་ཡང་འཕོ་འཇིག་ཏུ། །མཐོང་བའི་བརྫུན་སྣང་བསླུ་བའི་ཆོས་ལ་ལྟོས། །མགོན་པོ་གང་གི་ཞབས་ཀྱི་པདྨོ་ལས། །གདམས་དག་སྦྲང་རྩིའི་རོ་མཆོག་མྱོངས་གྱུར་ཀྱང་། །ནན་ཏན་འཇུག་པ་བུལ་རྣམས་རྟག་འཛིན་གྱི། །གདོན་ཆེན་སྙིང་ལ་བཞུགས་པར་ད་གདོད་གོ །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཅན་ཡང་། །འཇིག་པའི་ཟོལ་གྱིས་འོག་མིན་ཆེན་པོར་གཤེགས། །འཇིག་རྟེན་ལས་ཀྱི་རྟེན་གྱུར་ལུས་ཅན་རྣམས། །ངེས་པར་ཕྲོལ་འགྲོ་བ་མཁྱེན་པར་མཛོད། དེ་ཕྱིར་སྒོ་གསུམ་ངལ་བའི་བློ་སྤང་ནས། །གང་ལ་མཆོད་ཅིང་གསོལ་བ་འདེབས་པ་དང་། །བཀའ་བཞིན་བསྒྲུབ་པའི་བྱ་བ་ཉིན་མཚན་དུ། །འབྲེལ་ལ་ཤུགས་དྲག་བརྩོན་པར་དམ་བཅའོ། །དེ་ཡང་གསེར་འོད་དམ་པའི་ལེའུ་གཉིས་པ་ལས། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བཤད་པ་དེ་ཐོས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འིད་སྐད་ཅེས་གསོལ་ཏོ། །ཇི་ལྟར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པས་དེ་ལྟར་སྐུ་ཚེའི་ཚད་ཐུབ་བར་བསྟན་པར་གྱུར་ཅེས་གསོལ་བ་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་


JLAZ014_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་འདི་སྐད་ཅེས་བཀའ་སྩལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དེ་ནི་སྙིགས་མ་རྣམ་ལ་ལྔའི་འཇིག་རྟེན་དུ་སྐྱེ་དགུའི་ཚེའི་ཚད་ལོ་བརྒྱ་ཐུབ་པའི་དུས་སུ་བལྟམས་ནས་སེམས་ཅན་མོས་པ་དམན་པ། །དགེ་བའི་རྩ་བ་དང་དད་པ་ཆུང་བའི་སེམས་ཅན་དེ་དག་བདག་ཏུ་བལྟ་བ་དང་། སེམས་ཅན་དུ་བལྟ་བ་དང་། སྲེག་ཏུ་བལྟ་བ་དང་། གསོ་བར་བལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ལོག་པར་བལྟ་བ་དང་། བདག་དང་བདག་གིར་འཛིན་པ་དག་དང་། རྟག་པ་དང་ཆད་པར་བལྟ་བ་ལ་སོགས་པའི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་ཕན་གདགས་པ་དང་། གཞན་ཡན་མུ་སྟེགས་ཅན་རྣམས་ལ་ཡང་དག་པའི་ལྟ་བ་བསྐྱེད་པས་མྱུར་རུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་ཕཚཀྱ་ཐུབ་པ་དེས་སྐུ་ཚེའི་ཚད་ཐུང་བར་བསྟན་ཏོ། །གཞན་ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདའ་བར་བསྟན་པ་དང་། སེམས་ཅན་རྣམས་དེ་དཀོན་པ་དང་ཕྲད་པར་དཀའ་བའི་འདུ་ཤེས་དང་། མྱ་ངན་དང་སྡུག་བསྔལ་གྱི་འདུ་ཤེས་ལ་སོགས་པ་བསྐྱེད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པའི་མདོ་འདི་དག་མྱུར་དུ་འཛིན་པ་དང་།


JLAZ014_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་ལ་སྐུར་བ་འདེབས་པ་མེད་པར་འགྱུར་བས། དེའི་ཕྱིར་དེ་བཞིན་གཤེགས་པས་སྐུ་ཚེ་ཐུང་བར་བསྟན་ཏོ། །དེ་ཡང་དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ཤིང་མྱ་ངན་ལས་མི་འདའ་ན། སེམས་ཅན་རྣམས་གུས་པ་མེད་པ། ཕྲད་པར་དཀའ་བའི་འདུ་ཤེས་ཀྱང་མི་བཀྱེད་པས་དེ་བཞིན་གཤེགས་པས་གསུང་པའི་མདོ་ཟབ་མོ་དག་འཛིན་ཅིང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེ་བར་ཡང་དག་པར་སྟོན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེན་དེ་ནི་བཅོམ་འདས་རྟག་ཏུ་འཇིག་རྟེན་ན་བཞུགས་པར་འཛིན་པའི་ཕྱིར་རོ། །རིགས་ཀྱི་བུ་དཔེར་ན་གང་ལ་ལ་ཞིག་ཕ་མ་ལ་ནོར་བུ་རིན་པོ་ཆེ་རྒྱས་པ་མང་དུ་ཡོད་པ་མཐོང་ནས་ནོར་དེ་ལ་དཀོན་པ་དང་། ངོ་མཚར་གྱི་འདུ་ཤེས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕ་མའི་ནོར་རྫས་དེ་ལ་རྟག་ཏུ་ཡོད་པའི་འདུ་ཤེས་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་རྟག་ཏུ་མྱ་ངན་ལས་མི་འདའ་ན་དེ་ལ་དཀོན་པ་དང་། ཕྲད་པར་དཀའ་བའི་འདུ་ཤེས་མི་འབྱུང་བའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ལ་ལ་ཞིག་ཕ་མ་དབུལ་ཞིང་ནོར་


JLAZ014_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡན་པ་ཞིག་སྟེ། དེ་རྒྱལ་པོའམ་བློན་པོ་ཆེན་པོ་ཞིག་གི་གནས་སུ་ཕྱིན་ཏེ་དེ་དག་གི་བང་མཛོད་དང་། ནོར་དང་རིན་པོ་ཆེ་ལ་སོགས་པ་མང་པོ་རྒྱས་པ་མཐོང་བ་དེ་དཀོན་པ་དང་། རྙེད་པར་དཀའ་བའི་འདུ་ཤེས་སྐྱེས་ཏེ། དབུལ་པོ་དེ་ནོར་བཙལ་བའི་ཐབས་བརྩོན་པར་བྱེད་དོ། །དེ་ནི་དབུལ་བ་དང་ཕོངས་པ་སྤང་སྟེ་བདེ་བ་དང་འབྱོར་བ་སྒྲུབ་པར་འདོད་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་མཐོང་། དེ་དཀོན་པ་དང་། ཕྲད་པར་དཀའ་བ་དང་། མྱ་ངན་དང་སྡུག་བསྔལ་གྱི་འདུ་ཤེས་ཀྱང་བསྐྱེད་ཅིང་བཅོམ་ལྡན་འདས་དེ་བཞིང་ཤེགས་པ་འཇིག་རྟེན་དུ་བྱུང་བའང་བསྐལ་བ་གྲངས་མེད་པ་ན་ལན་འགའ་ཞིག་བྱུང་སྟེ། ཇི་ལྟར་ཨུ་དུམ་ཝཱ་རའི་མེ་ཏོག་རྒྱལ་མན་ཡང་འགའ་ཞིག་འབྱུང་བ་བཞིན་པས་སེམས་ཅན་རྣམས་དེ་ལ་དཀོན་པ་དང་ཕྲད་བར་དཀའ་བའི་འདུ་ཤེས་བསྐྱེད་ཅིང་བཅོམ་ལྡན་འདས་དེ་ལ་གུས་བ་སྐྱེ་བར་འགྱུར། ཞལ་ནས་གསུངས་པའི་མེད་རྣམས་ལའང་བདེན་པའི་འདུ་ཤེས་དང་། ཡོངས་སུ་བཟུང་བའི་འདུ་ཤེས་བསྐྱེད་ཅིང་སྐུར་བ་འདེབས་པར་མི་བྱེད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྒྱུ་དེ་དང་རྐྱེན་དེའི་ཕྱིར་འཇིག་རྟེན་ཡུན་རིང་དུ་མི་བཞུགས་ཤིང་


JLAZ014_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་མྱ་ངན་ལས་འདའ་བར་མཛད་པས་དེ་བཞིན་གཤེགས་པ་རྣམས་ནི་ཐབས་མཁས་པ་ཕུན་སུམ་ཚོགས་པ་དེ་ལྟ་བུས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་དོ། །ཅེས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་མཐའ་མེད་པ་ལ་གདུང་བྱ་རྣམས་ཀྱི་དོན་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པས་དེ་བཞིན་གཤེགས་པས་ཐབས་མཁས་པའི་མཛད་པ་ཕུན་སུམ་ཚོགས་པར་གསུངས་པ་བཞིན་བདག་ཅག་གི་འདྲེན་པ་མཆོག་འདི་ཉིད་ཀྱང་ངེས་པའི་དོན་དུ་གདོད་མ་ནས་ཆོས་ཀྱི་སྐུ་རིག་བཟང་བརྙེས་པའི་སྤྲུལ་པ་ཡས་སྤྲུལ་ཁོ་ན་ཉིད་དུ་གདོན་མི་ཟ་བར་མ་ཟད། དྲང་དོན་གདུལ་བྱ་ཐ་མལ་པ་རྣམས་ཀྱི་སྣང་ངོར་བསྟན་པའི་སྐུ་ཚེ་འདི་ཉིད་ཡང་གཞོན་ནུའི་དུས་ནས་ཐེག་མཆོག་རྫོགས་པ་ཆེན་པོའི་ཟབ་དོན་སྙིང་ཏིག་གི་མན་ངག་ཁྲེགས་ཆོད་དང། ཐོད་རྒལ་གྱི་ལམ་སྒྲོན་མ་བཞིའི་རྣལ་འབྱོར་ལ་གོམས་པས། ལྷུན་གྲུབ་སྣང་བཞིའི་ས་ལ་བསྒྲོད་པ་ཡོངས་སུ་རྫོགས་པའི་ཆོས་ཟད་བློ་འདས་ཆེན་པོའི་དགོངས་པས་ཟག་བཅས་ཕུང་པོའི་རྡུལ་ཕྲན་ལྷག་མ་མ་ལུས་པར་དེངས་ནས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མངོན་དུ་གྱུར་ཏེ་འཆི་མེད་གཉུག་མའི་བསྟན་སྲིད་ལ་མངའ་བརྙེས་པས་སྐྱེ་འཆིའི་འཇུག་པ་ཆད་ཟིན་པ་ལ་ནེམ་ནུར་མ་མཆིས་མོད་དེ་བདག་


JLAZ014_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལྟ་བུ་རྟག་པར་འཛིན་པའི་འདུ་ཤེས་ཀྱི་ལེ་ལོ་ཟློག་པར་དཀའ་བར་དགེ་བའི་རྩ་བ་དང་དད་པ་ཆུང་བར་གྱུར་བ་རྣམས་ཆོས་ལ་བསྐུལ་བར་བྱའི་དོན་དང་། མུ་སྟེགས་ཅན་ང་འདྲ་བར་རང་ལྟ་མཆོག་འཛིན་གྱི་ལྟ་བས་འགྲན་སེམས་དང་། ཕྲག་དོག་གི་དུག་ཆུས་མྱོས་པ་རྣམས་ཀྱང་དགེ་བའི་ས་བོན་གྱི་བག་ཆགས་དང་། ཡང་དག་པའི་ལྟ་བ་ལ་འཛུན་བའི་ཤེས་རབ་ཀྱིས་དྲན་པ་ཡོངས་སུ་སད་པར་བྱ་བ་སོགས་དགོས་དབང་དུ་མ་ལ་སྦྱོར་བའི་ཐབས་མཁས་པའི་མཛད་པ་འདི་ལྟ་བུ་ཡོངས་སུ་བསྟན་པའི་དུས་ལ་མངོན་པར་བབ་པས་བདག་ཅག་རྣམས་ཀྱི་མྱ་ངན་གྱི་ཚོར་བ་དྲག་པོས་རེ་ཞིག་ཅི་བྱ་བརྟོལ་མེད་པར་གྱུར། རྗེ་འདི་ལྟ་བུ་ལ་ཕལ་བའི་རིགས་འགྲེའི་གསལ་འདེབས་སོགས་ནི་ཅི་ལ་དགའ་འོན་ཀྱང་འཇིག་རྟེ་རྨོངས་པའི་སྣང་ཚོད་དང་ཡང་མི་འགལ་བར་དཔྱད་དེ་གྲུབ་པའི་དབང་པོ་ཝ་གིནྡྲས་སངས་རྒྱས་སྲས་གཅིག་གི་རྒྱུད་ཀློག་ཐུགས་སྨོན་མཛད། དེ་ནས་དགོངས་པ་ཡོངས་སུ་རྫོགས་པའི་ཐབས་ཇི་ལྟར་ནུས་པའི་རིམ་བས་རྗེས་སུ་ཞུགས་པ་ལ་ཐེག་མཆོག་རྒྱལ་པོའི་ལམ་ནས་གང་ཟག་མཆོག་རྣམས་མྱ་ངན་ལས་འདའ་བ་ན་ཁྱུང་ཕྲུག་སྒོ་ངའི་ནང་དུ་གཤོག་རྩལ་རྫོགས་པའི་དཔེ་བཞིན་དུ་ཕུང་པོ་འབྲེལ་ཐག་ཆད་པ་དང་ཡར་གྱི་ཟང་ཐལ་


JLAZ014_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བ་ལས་སྟོབས་གསུམ་འོད་གསལ་དང་བཅས་བའི་འཇུག་གནས་ལྡང་བའི་ཐིམ་རིམ་ལུགས་འབྱུང་ལུགས་ལྡིག་གི་ངེས་པའང་ཀུན་རྫོབ་ཀྱི་སྤྲོས་པ་ཙམ་དུ་ཟད་པའི་ཕྱིར་ཐུགས་དམ་དུ་བཞུགས་རེའི་ཕུང་པོ་བསྐུལ་བསྐྱོད་མི་བྱེད་པ་སོགས་དོན་དང་ངོ་མཚར་མི་ཆེ་ཞེས་རྗེ་ཉིད་ཀྱི་གསུང་དུ་ཕེབས་པ་དང་བཅས་ནངས་པར་སྐུ་གདུང་རིན་པོ་ཆེར་དྲི་བཟང་གི་ཁུ་བས་ཁྲུས་གསོལ་ཏེ་བཟང་དྲུག་དང་བདུད་རྩི་སྨད་སྒྲུབ་ཕྱེ་མས་ལེགས་པར་ཕྱུགས། རིགས་ལྔ་ཐོར་ཚུགས་རྡོ་དྲིལ་སོགས་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཉེ་བར་འོས་པའ་ཆ་བྱད་རྣམས་ཕུལ་ནས་རྟག་བརྟན་ལྷུན་གྲུབ་ཆེན་པོའི་སྐུར་བཞུགས་སུ་གསོལ་བའི་ཁོར་ཡུག་ཀུན་མཆོད་པའི་སྤྲིན་རྒྱ་མཚོའི་འབྱོར་ཚོགས་དང་བཅས། གྲུབ་དབང་དམ་པས་རྡོར་སློབ་མཛད་པའ་གྲ་སློབ་གཙོས་བསྡུས་བཅུ་ཕྲག་ནས་སྔ་ཐུན་ལ་བླ་མ་མཆོད་པའི་དཀྱིལ་འཁོར་ཆེན་པོ་མཆོད་ཅིང་སྒྲུབ་པ་དང་། བདག་ཉིད་འཇུག་པའི་དབང་གི་རིམ་པ་དང་བཅས། གུང་གི་ཐུན་དང་ཕྱི་དྲོའི་ཐུན་གཉིས་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་སྒྲུབ་མཆོད་དང་ན་རག་བསྐངས་ཀྱི་ཆོ་ག་སྨིན་རྒྱས་ཀྱི་ཐུན་མཚམས་རྣམས་སུ་མཆོག་གི་སྤྲུལ་པའི་སྐུ་


JLAZ014_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་གསལ་འབྱོན་པའི་གསོལ་འདེབས་སྨོན་ལམ་སོགས་པར་མེད་དང་། འདི་ཁའི་གཉུག་མར་གནས་པའི་གྲྭ་རིགས་དང་ཕྱོགས་འདུས་བཅས་ཞི་ཤུ་སུམ་ཅུ་སོགས་ངེས་མེད་དུ་ཚོགས་པ་ནས་ལེའུ་བདུན་མ། རྗེ་ཉིད་ཀྱི་འཁྲུངས་རབས་དང་རྣམ་ཐར་གསོལ་འདེབས། ཡིག་བརྒྱ་དང་ཡེ་ཤེས་སྐུ་མཆོག །བསམ་ལྷུན་མྱུར་འགྲུབ་བཅས་གྲངས་གསོག་ཉིན་བཅུའི་བར་བསྒྲུབས་པའི་གདུང་ཆོ་ག་པ་རྣམས་ལ་དངུལ། ཇ་སྤག །གཟའ་སྟོད་སོགས་ཀྱི་མཆོག་ཡོན་སྨན་ངེས། བྱིངས་ལའང་དངུལ། །དར་འགྱེད། །རས་ཆ་རྩམ་པ་སོགས་ཀྱི་འགྱེད་སྣ་མང་བ་བསྒྲུབས། དེ་ནས་དགུང་ཞག་ཞེ་དགུ་མ་རྫོགས་རིང་མཆོད་པའི་འབྱོར་ཚོགས་རྒྱ་ཆེན་པོ་བཤམས་ངོས། ཚོག་པ་གྲ་གྲངས་ངེས་མེད་དུ་འཛོམ་པས་ཉིན་ལྟར་བླ་མ་མཆོད་པའི་ཆོ་ག་དང་། ཚོགས་བརྒྱ་སྨོན་ལམ་དང་བཅས་ཆག་མེད་ངོས། བདུན་ཚིགས་དག་ཏུ་ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་ཆེན་པོར་ན་རཀ་བསྐངས་བཤགས་དང་སྐབས་མཚམས་རྣམས་སུ་གདུང་རིན་པོ་ཆེར་ཁྲུས་གསོལ་བའི་དྲི་བཟང་གི་ཆུ་ཁུ་བར་བཏབ་པའི་འཇིམ་པ་ལ་ཨོ་རྒྱན་ཆེན་པོ་གཙོར་གྱུར་གྱི་པར་སྐུ་མང་པོ་དང་། སཙྪ་གྲངས་མེད་བཏབ། གཡོ་རུ་ཁྲ་འབྲུག་ཏུ་


JLAZ014_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་མཆོད་ཀྱི་དགོས་ཆ་སྙན་ཤལ་བཅས་རྒྱས་པ་དང་། མངའ་རིས་གྲྭ་ཚང་དུ་བཀའ་འགྱུར་གསུང་སྒྲོག་ཉིན་གསུམ་ཚུགས་རྒྱུའི་དགོས་ཆ་ཡོན་དངུལ་རྐྱང་གྲ་རེར་ཞོ་དོ་རེ་དང་རས་སྣམ་གོས་ཟས་སོགས་ཀྱི་སྤོམས་འགྱེད་ཞོ་རེ་དམའ་མཐར་ཐེབས། སྔོན་ནས་སོང་བ་རྣམས་ལས་ཁྱང་ཁྲ་འབྲུག་གི་མཆོད་འབུལ་ཞི་བར་གཤེགས་ཉིན་རང་འགྲིག་པས་མ་སྒྲིགས་ལྷུན་གྲུབ་ཏུ་དགོངས་རྫོགས་སུ་སྨིན། བདུན་ཚིགས་དང་པོའི་ཉིན་ནས་བཟུང་རིམ་པར་དགོས་ཆ་གྲ་སྒྲིག་གིས། གོང་ས་ཡས་ཕྱིན་སོ་སོར་རྒྱ་ལི་སྤུས་གཙང་གི་ཐུབ་དབང་སྐུ་མཐོ་ཚད་རེ་དང་། སྡེ་དྲིལ་གསེར་མགོ་མ་རྡོར་བཅས། ཁ་བཏབས་ནང་མཛོད། བརྒྱད་ཚད་བཟང་བ་རེ་དང་། ལྷ་ལྕན་ཇོ་ཤཱཀ་ལ་གསེར་ཆབ་དང་སྟོང་མཆོད་གཅིག་འབུལ་རྒྱུ་འདོད་སྒྲིལ་དངུལ་སྲང་ཉིས་བརྒྱ་སྐོར་དང་། སྙན་ཤལ་མང་བ། འབྲི་གུང་དུ་རྒྱལ་སྲས་རིན་པོ་ཆེར་ནང་མཛོད་གུ་རུའི་སྐུ་ཚབ་གསེར་དམར་ལས་གྲུབ་པ་མཁྱིད་གང་ལྷག་པ། གན་དྲིལ་རྡོར་བཅས། ཐོད་སྣམ་གྱི་རྟ་བེར་ཁ་གསར། བཀའ་ཆེམས་དགོངས་དོན་ཐང་ཡིག་གི་ཐང་ཤན་གྲྭ་ཚར་དགུ། རྒྱ་གར་ཕེ་རེང་བའི་ཤེལ་མིག་རིན་ཐང་ཅན་། ཙི་ནའི་ཤེལ་སྒོ། བརྒྱད་ཚན་བཟང་བ་བཅས། རིན་


JLAZ014_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ཆེ་ཚང་ལ་ཐུབ་དབང་རྡོར་གདན་མ་སྤུས་ལེགས་མཐོ་གང་། ཐེག་ཆེན་གན་དྲིལ་སྤུས་གཙང་རྡོར་བཅས། ནང་མཛོད་དང་བརྒྱད་ཚན་བཟང་བ། དགོན་ཁག་ཐེལ་སྤྲོ་ལུང་། ཀ་ཚལ། བརྩེ་བ་གྲྭ་ཚང་སོ་སོར་མང་ཇ་གསུམ་རེ་དང་འགྱེད་ཊཾ་ག་རེ། དེ་ཁུལ་གཏེར་སྒྲོམ་བཅས་ཀྱི་གནས་རྟེན་རྣམས་སུ་སྙན་ཤལ་མཆོད་འབུལ་རྒྱ་ཆེ་བ། ཞྭ་ལྷ་ཁང་དུའང་མཆོད་འབུལ་བཅས་གྲྭ་ཚང་ལ་མང་ཇ་གཉིས། འགྱེད་སྐར་ཕྱེད་བརྒྱད་རེ་རྣམས་ཟླ་བ་བཅུ་པའི་ཚེ་བཅོ་ལྔར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱི་ནང་ལ་མཆོད་པ་སྣ་ལྔ་སྟོང་ཚར་གཉིས་དང་གསེར་ཆབ་སྙན་ཤལ་འབོར་ཆེ་བ་དང་། དཀར་ཁང་དུ་ཟླ་གཅིག་གི་མར་བཞུ་མར་ཁལ་བཞི་བརྒྱ་ལྔ་བཅུ་སྐོར་བཅས་བསྒྲུབས། བར་ཁང་དུ་ཚོགས་བརྒྱ་དང་མཆོད་འབུལ་རབ་ཏུ་སྨིན་པ་དང་། ཇོ་བོ་བྱང་ཆུབ་ཆེན་པོའི་སྤྱན་སྔར་ལུག་བརྒྱད་ཀྱི་ཚེ་ཐར། མཆིམས་ཕུ་བྲག་དམར་མེའུ་ཚང་དུ་མཆོད་པ་སྣ་ལྔ་རྒྱས་པར་བཤམས་ཐོག་གུ་རུ་གཙོ་འཁོར་གྱི་སྐུ་ཚབ་ཡིད་བཞིན་ནོར་བུར་གསེར་ཆབ་སྙན་ཤལ་དང་། རྒྱ་དངུལ་ཐུར་སྲང་བཅོ་ལྔ་ཡོད་པའི་ཀོང་བུ་འབུལ་མ་ལེགས་པ་རྣམས་ཕུལ། གནས་འཛིན་པ་བྲ་པ་ཅི་ཡོད་ཀྱི་མགོན་དུ་སྤྲུལ་པའི་སྐུ་བཞུགས་པས་ཉིན་གང་ཚོགས་


JLAZ014_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་ལེའུ་བདུན་གསོལ་འདེབས་སོགས་མཛད་བར་ཊཾ་འགྱེད་བཅས་ཆོག་ཡོན་སྨར་བར་ཕུལ། གླིང་སྨད་པ་རྣམས་སུ་མང་ཇ་གསུམ་ཊི་འགྱེད། སྒྲགས་ཡང་རྫོང་། གཡའ་མ་ལུང་གཉིས་སུའང་ཚོགས་བརྒྱ་དང་མཆོད་འབུལ་སྙན་ཤལ། དེ་དག་གི་གནས་འཛིན་པ་རྣམས་ལ་ཡང་མང་ཇ་དང་ཇ་འགྱེད། ཟུང་ཕུབ་གཏེར་སྟོན་རིན་པོ་ཆེའི་གདུང་འབུམ་ལ་མཆོད་པ་སྣ་ལྔ་བརྒྱ་ཚར་སྙན་ཤལ་དང་བཅས་གྲྭ་བཙུན་རྣམས་སུ་མང་ཇ་གསུམ་ཊཾ་འགྱད། སྲོང་བཙན་བམ་སོར་གྲ་གྲངས་བརྒྱད་རེས་ཉིན་གཅིག་སྟོང་མཆོད་བཤམས་འབུལ་དང་ཉིན་གཅིག་ན་རག་བསྐངས་བཤགས་ཚོགས་བརྒྱ་དང་འབྲེལ་བ་སྔ་ཕྱི་བསྡོམས་པ་ཚར་གསུམ་རྟེན་རྣམས་གསེར་ཆབ་སྙན་ཤལ་མང་བར་ཕུལ་ཞིང་མཆོད་པའི་རོ་མ་རྣམས་ཀྱིས་ཡུལ་མི་དང་འཔྱོད་རྒྱས་ཞོལ་ཚུན་གྱི་མུ་ཏོ་བའི་དབུལ་བ་བསལ། ཁྲ་འབྲུག་ཏུ་སླར་ཡང་སྟོང་མཆོད་གཅིག་དང་། འམ་བུ། སྟག་ཅན། ཤེལ་བྲག་ གདན་ཐེལ་རྣམས་སོ་སོར་མཆོད་པ་སྣ་ལྔ་བརྒྱ་ཚར་ལ་མཐའ་རྟེན་སྙན་ཤལ་བཅས་དང་ཚོགས་བསྐངས་གནས་འཛིན་པ་ལ་དབུལ་པོའི་ཚོགས་ལ་མང་འགྱེད། རི་བོ་བདེ་ཆེན་པར་སྨན་བླ་ཉིན་འཁྱོངས་ཀྱི་མཆོད་བཤམས་དང་བསྙེན་བཀུར་གཟབས་རྒྱས་ཐོག །སྐལ་


JLAZ014_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བརྒྱད་བརྒྱ་ཐལ་ཙམ་སྣང་བར་རྩམ་ཕོགས་བྲེ་འགྱེད་ཊཾ་ཁ། དཔལ་རིར་འདུས་པ་མདོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་འབྱེད་ཀྱིས་སྒྲུབ་མཆོད་བདུན་ཕྲག་གཅིག་གི་རིང་དངོས་གཞིའི་ཞབས་ཏོག་བཟང་བའི་ཐོག་འཛུགས་སྒང་གྲོལ་ཉིན་བཅས་སུ་ཚ་གྲྭ་ཚོགས་འཁོར་བཅས་གཟབས་པ། ཆོག་ཡོན་གྲྭ་རེར་དངུལ་ཊཾ་ཁ་རེ། གྲྭ་གྲངས་བུ་རེར་ཇ་ཀོ་སྦག །ཡང་ཊཾ་རེ་ཐེབས་རྩིས་ཀྱི་དངོས་པོའི་རིགས་སྣ་ཚོགས་འདུས་མདོའི་སྒྲུབ་མཆོད་ཀྱི་ཆ་རྐྱེན་དུ་དངུལ་བུམ་ཆེ་བ་གཅིག །དངུལ་སྲང་བཅོ་ལྔ་ཡོད་པའི་ཏིང་བདུན་ཚར་གཅིག །དངུལ་གྱི་སྨན་རག་ཀ་ལི་ཆ། དངུལ་ཀོང་གཅིག །དངུལ་ཐུར་སྲང་ཉི་ཤུ་སྐོར་ཡོད་ཀྱི་གྱ་གླིང་ཆ། སྤྱི་རྫས་སུ། རྒྱན་བཞི་རྒུན་མདོག་རྒྱུ་སྙིང་གི་ཕོད་ཁ་ཆ་གཅིག་དང་། ཧོར་རྒྱན་གཞི་སྔོན་པོ་སྤུས་དག་གི་ཕོད་ཁ་ལེགས་པ་ཟོར་པང་ཚེ་དྲུབ་ཀྱིས་ཁྲོ་ཞལ་ཅན་རྣམས་དང་། གཙང་ཁང་ནང་གི་མཁན་པོའི་ལིང་སེར་གྱི་སྐུ་ཆོས། ཆོས་རྒྱལ་ལ་རྡོར་སང་སྔོ་དམར་སྤེལ་བའི་སྟོད་ལེ་སྨད་ཤམ། ཉེ་སྲས་བརྒྱད་དང་རྡོར་སེམས་བཅས་སུ་བཟང་གོས་ཆོས་སྤེལ་གྱི་སྟོད་ལེ་སྨད་ཤམ། འུ་ཤང་རྡོའི་རྟེན་གཙོར་གྲགས་པའི་རྣམ་སྣང་བྱིན་ཅན་ལ་བཟང་གོས་ཀྱི་སྟོད་ལེ་དང་ཅོན་པཎ་བཅས་ཕུལ།


JLAZ014_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལྟར་གྱི་སྤྲེལ་ཟླའི་ཚེས་བཅུ་དང་། ཟླ་བ་དགུ་པའི་ཚེས་གསུམ་ལ་སྲོང་བཙན་དུ་མཆོད་པ་སྣ་ལྔ་བརྒྱ་ཚར་རེ་འབུལ་བཤམ་དང་། འདུས་པ་མདོའི་སྒྲུབ་མཆོད་ལ་མང་ཇ་འཕར་མ་གཉིས་རེ་དང་རྩམ་ཕོགས་རེ་རྒྱག་རྒྱུ་ནས་གད་གཙང་གཤོར་ཁལ་ལྔ་བཅུ་ང་བཞི་རྣམས་སྦྱར། གློ་དཀར་བའི་བཙུན་མ་སུམ་ཅུ་སྐོར་ནས་སྤྱི་འདུས་ཀྱི་ཆོ་ག་ཚོགས་སྐོང་བཅས་ལ་ཉིན་འཁྱོངས་ཞབས་ཏོག་ཚ་གྲ་བཅས་ཡོན་ཞོ་རེ། བལ་སིལ་སྐྱོན་མེད་གཅིག་སྤྱི་རྫས་སུ་སྦྱར། དཔལ་རི་རྙིང་མ་བ་དུད་བརྒྱད་ཅུ་སྐོར་ལ་ཇ་གཉིས་ཐུག་པ་བཅས་ཀྱི་ཐོག་སྒོ་འགྱེད་སྐར་ཕྱེད་བརྒྱད་རེ་དང་དབུལ་པོའི་ཚོགས་ལ་འཕར་མའི་སྦྱིན་པ། གཞི་བའི་དུད་ཆུང་རྣམས་ལའང་གྲྭ་ཚང་གི་སྒྲུབ་མཆོད་ཞབས་ཏོག་གི་རྗེས་འབྲེལ་དུ་ཉིན་གཅིག་གི་ཇ་ཐུག་གཟབས་པ་དང་། སྒོ་འགྱེད་སྤྱིར་ཇ་སྦག་བཅས་དོན་མཁར་ཁུལ་གྱི་ཡུལ་མི་ཅི་ཡོད་སྤྲང་པོ་བཅས་ལ་ཇ་ཆང་ཐུག་པ་གང་འཐུང་ངོས། རྩམ་བྲེ་དོ་རེ་དང་སྒོ་འགྱེད་ཇི་བཞི་ཁྲིགས་རེ། བླ་བྲང་གི་ཞོ་ཤ་སོགས་ལ་འབྲེལ་ཆེ་བ་དག་ལ་སྣམ་རས་གོས་ཟས་ཇ་འགྱེད་འཕར་མ་བཅས་ཀྱི་སྟེར་སྦྱིན། དབུལ་པོ་སྤྲང་པོ་རྣམས་སུ་རྩམ་དངུལ་མཆོད་རོ་རྣམས་ཀྱི་སྦྱིན་གཏོང་བར་མེད། ཡར་སྟོད་མདའ་ཕུར་བྲག་གི་སློབ་


JLAZ014_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོའི་གཟིམས་ཕུག་ཏུ་བརྒྱ་མཆོད་དང་ཚོགས་བརྒྱ། བླ་བྲེ་ཆུང་དུ། རས་སྨན་གྱི་གནམ་རྒྱན་ཐོངས་ཀྱི་མཎྚལ་བཅས་ཕུལ། དགས་པོ་ཕྲ་མོ་བྲག་ཏུའང་བརྒྱ་མཆོད་སྙན་ཤལ་འབྱུལ་རྒྱུ་བསྐུར། འཕྱོས་ལམ་རིམ་བ་གྲ་གྲངས་དྲུག་ཅུ་སྐོར་། བཀྲ་ཤིས་བདེ་ཆེན་པ་བརྒྱད་ཅུ་སྐོར་ཐང་པོ་ཆེ་བ་སུམ་ཅུ། སྤྱན་གཡས་དགོན་སྟོད་སུམ་ཅུ་སྐོར། དར་རྒྱས་གླིང་པ་ཉིས་བརྒྱ་སྐོར་བཅས་སོ་སོར་མང་ཇ་གཉིས་རེ་དང་། འགྱེད་སྐར་ཕྱེད་བརྒྱད་རེ། བསྔོ་རྟེན་བཅས། ས་སྐྱ་གོང་མ་རིན་པོ་ཆེར་ཐུགས་དམ་འདོགས་བྱེད་རྟེན། ནང་མཛོད། རྡོ་རྗེ་འཆང་། བདག་མེད་མ། ཌོམ་བྷི་ཇེ་རུ་ཀ་བཅས་པ་ལམ་འབྲས་བླ་མ་བརྒྱུད་པས་བསྐོར་བའི་ཐང་སྐུ་སྤུས་ལེགས་གསུམ་དང་ནང་མཛོད། ལྷ་ཆེན་མཁན་པོར་བཟང་གོས་ཁ་འབྲེལ་བར་མཛོད་བཅས། རྡོ་རྗེ་བྲག །ལྕགས་ཟམ་སྤྲུལ་སྐུ། དཔལ་རི་སྤྲུལ་སྐུ། མཚོ་སྣ་དགོན་རྩེ། ཀོང་པོ་རྒོད་ཚང་། ལྷ་ལུང་སྤྲུལ་སྐུ། ཉི་གྲགས་སྤྲུལ་སྐུ་སོགས་བླ་མ་རྣམས་སུ། སྐུ་གསུང་ཐུགས་རྟེན་སོགས་དང་། ན་བཟའ་ཁ་སར། རྡོར་དྲིལ་སོགས་ཅི་རིགས་པ་ཁ་བཏགས་བཅས་མཆོད་བསྔོའི་རྟེན་བརྡ་མཚོན་རེ་གཙང་ཐེག་མཆོག་གླིང་གུ་རྒྱུ་འཕྲུལ་ཞི་ཁྲོའི་ཆོ་ཉིན་གཉིས་གཏོང་


JLAZ014_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་དགོས་ཆས་དང་། སྤྱི་རྫས་སུ་ལྤགས་བྱུས་སྣ་ལྔ་ཡུག་ཚར་ལས་བསྒྲུབས་པའི་རྒྱལ་མཚན་གཤམ་བུ་བཅུ་གཅིག་བརྩེགས་དང་བདེན་རྣམ་ཤིང་རྟ་གཉིས་ཀྱི་གླེས་བམ། འགྱེད་ཊཾ་ག་རེ། ལོ་ལོ་བཞིན་སྔ་འགྱུར་སྒྱུ་འཕྲུལ་གྱི་ཆོ་ག་ཉིན་གཉིས་ཏེ་ཚུགས་ཐེབས་དངུལ་རྡོ་ཚད་གཅིག་དང་མཁན་པྲོ་མཆོད་བསྔོ་མཚོན་ཙམ། ར་ལུག་བསྡོམས་པ་ཉི་ཤུ་སྐོར་དང་ཉ་སྟོང་ཕྲག་ཐལ་བའི་སྲོག་བསླུ། མོན་དུ་སྦྲང་ཚང་བསླུ་རྒྱུར་བྱུ་རུ་སྤོས་ཤེལ་ཁ་ཤས་ཀྱང་སོང་། སྐུ་གདུང་རིན་པོ་ཆེར་ཉིན་མཚན་འཁོར་ཡུག་རྒྱུན་མི་ཆད་པའི་མཆོད་པའི་སྤྲིན་བཤམས་ངོས། སྐབས་འགའ་ཞིག་ཏུ་དྲི་བཟང་པོའི་ཆུས་ཁྲུས་གསོལ་ཞིང་བཟང་པོ་དྲུག་དང་བདུད་རྩི་སྨན་སྒྲུབ་ཀྱི་ཕྱེ་མས་ཕུར་ཞིང་བརླན་གཤེར་གྱི་སྐྱོན་མི་འབྱུང་བའི་ཕྱིར་ལན་ཚྭས་གཅེར་ཞིང་བཞུགས་པ་ན་སྐུའི་ཤ་ཚུགས་མི་སྡུག་བ་མེད་ཅིང་གཟི་བྱིན་ལྷག་པར་ཆེ་བ་དང་པགས་པའི་མདོག་གནག་སྣུམ་ཤེལ་ལ་འཇའ་ཚོན་འཁོར་བ་ལྟ་བུའི་འོད་དང་བཀྲག་མདངས་ཅན་ཁ་དོག་གཅིག་ཏུ་མི་མཚོན་པ་ལྟ་བུའི་ངོ་མཚར་དང་ལྡན་པར་སྣང་། དཔལ་རི་ནས་གྲ་དམས་ཀྱིས་མཚོན་གཞིས་བྱེས་ནས་གདུང་མཇལ་ཞུ་མི་ཤིན་ཏུ་མང་བས་སྐུ་གདུང་རིན་པོ་ཆེར་སྙན་ཤལ་མཆོད་སྤྲིན་གྱི་ཕྱུར་བུར་སྤུངས་ཤིང་ཚོགས་བསྐངས་དང་


JLAZ014_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་ལེན་པར་བར་མི་ཆོད་དུ་གྱུར། བསྟན་པའི་སྦྱིན་བདག་འགྲལ་གྱི་དོ་ཟླ་མེད་པས་སྐྱོང་སྡེ་དགེ་རིན་པོ་ཆེའི་ཕྱོགས་སུ་གང་སའི་གནས་ཚུལ་ཞུ་འོས་གཞིར་བཅས་ཀྱང་གནས་ཀྱིས་བསྐལ་བས་འཕྲལ་དུ་སྐུ་མདུན་དུ་བརྟོལ་བའི་མཐུ་མེད་ཀྱང་ལས་དང་སྨོན་ལམ་དགེ་བའི་དབང་གིས་ཡུམ་སྲས་ལྕམ་གསུམ་གྱི་སྙན་དུ་བརྟོལ་ཏེ་ས་དབང་ཡུམ་ཉིད་གཙོར་བཞུགས་ནང་སྐོར་གྲ་ཚོགས་ཉུང་བསྡུས་ཀྱིས་ཉིན་བཞིན་བརྒྱ་མཆོད་རེ་རེ་བཤམས་གཤེགས་དང་བཅས་བླ་མ་མཆོད་པའི་དཀྱིལ་འཁོར་དུ་སྒྲུབ་ཅིང་མཆོད་པ་བདག་འཇུག་ལེན་བ་སོགས་རྒྱས་སྤྲོས་དང་ཚོགས་བརྒྱ་བཅས་ཉིན་གྲངས་བསྟུར་མ། སྡེ་དགེ་རྣམ་རྒྱལ་གྲ་ཚང་དང་དགོན་སྡེ་གཞན་ལའང་རྒྱུ་འགྲོས་ཀྱིས་བླ་མ་མཆོད་པ་དང་ཆོགས་བརྒྱ་མང་པོ་བསྒྲུབ་བསྐུལ། རྒྱ་རོང་དགོན་དུ་རྒྱུད་ལུགས་ཕུར་པའི་སྒྲུབ་མཆོད་ལོ་བསྟར་ཚུགས་རྒྱུའི་རྟེན་དུ་ནས་ཁལ་སུམ་ཅུའི་མལ་གྱིས་ཞིང་དང་རིག་འཛིན་འཕེལ་རྒྱས་གླིང་དུ་རིག་འཛིན་འདུས་པའི་སྒྲུབ་མཆོད་རྒྱུན་འཛུགས་ཐེབས་སུ་དངུལ་དང་ས་ཞིང་བཟང་བ་བཞག །ཟངས་གསེར་གྱི་མཆོད་རྟེན་མདའ་ཚད། རྗེ་ཉིད་ཀྱི་འདྲ་སྐུ་ལུགས་མ་མཐོ་ཚད། མཆོག་སྤྲུལ་མྱུར་དུ་འབྱོན་པ་དང་བསྟན་འགྲཱི་དོན་རླབས་ཆེན་འགྲུབ་ཕྱིར་སྐྱེས་བུ་ཁོག་


JLAZ014_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཀྱི་བརྟག་ལུང་ལྟར་ཟངས་གསེར་གྱི་རྡོར་སེམས་གྲུ་ཚད་གསུམ། རྡོར་སེམས་སྟོང་སྐུ་གསེར་ཐང་གོང་གཤམ་སྒྲོས་ལྡན་ལྔ། སྐུ་ངོ་གསུམ་གྱིས་ཕྱག་བསྟར་དུ་སྨན་འཇིམ་ལས་པར་སྐུ་ཁྲི་ཕྲག་གསུམ་དང་། གཞུང་ཇ་འཁོར་དྲུག་ཉེར་ལྔ་ཡོན་སྤྲད་ཀྱིས་དགོན་པ་བ་རྣམས་ནས་འབྲུམ་ཐེར། གཞུང་ཇ་བཞི་བཅུ་ཡོན་འགྲོས་སྒྲོལ་མ་འབུམ་ཐེར་གསུམ། བར་སྐབས་ཀུན་ཏུ་མ་མགོན་གྱི་གསོལ་ཀ་གྲངས་མེད་པ་མང་པོ་བཅས་བརྒྱ་ཚར་བསྒྲུབས་སྣང་། སྐུ་གདུང་རིན་པོ་ཆེ་འདི་ལྷོ་འབྲུག་དང་གཙང་ཕྱོགས་ཀྱི་བུ་སློབ་རྣམས་ཀྱི་རང་རང་གི་ཕྱོགས་སུ་གདན་འདྲེན་གྱི་བསམ་པ་མཆིས། དཔལ་རི་ནས་གྲ་དམངས་ཀྱིའང་མགྲིན་གཅིག་པས་ཞུ་བ་དེ་བཞིན་དང་དེ་མིན་གདན་ས་འདི་ཁར་བཞུགས་ན་ལས་གཞན་དུ་མི་བསྐུར་གསུང་པ་སོགས་རང་རང་སོ་སོར་བདེན་མོད་ཀྱི། དགེ་བའི་བཤེས་གཉེན་ཚད་ལྡན་གྱི་གདུང་གི་ཆ་ཤས་ཙམ་ལའང་ཕན་ཡོན་དཔག་ཏུ་མེད་པར་རྒྱུད་སྡེ་མང་པོ་དང་རྒྱན་སྟུག་པོ་བཀོང་པའི་མདོ་སྡེ་ལས་ཀྱང་གསུངས་ན་དེ་ཉིད་བཅུ་ལྡན་གྱི་རྡོ་རྗེའི་སློབ་དཔོན་ཆེན་པོའི་གདུང་རིལ་པོར་བཞུགས་པ་ནི་ཡིད་བཞིན་གྱི་ནོར་བུ་དངོས་ཡིན་པས་ཕྱོགས་གང་དུ་བཞུགས་ཀྱང་འཚེངས་པ་ཞིག་སྟེ་ཞལ་བཞུགས་དུས་ཉིད་དུ་བརྟག་


JLAZ014_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིལ་གྱིས་གསུང་པའི་དོན་འདིར་གདའ། དེ་ལྟ་མོད་ཀྱི་ལས་དང་སྨོན་ལས་བཟང་པོའི་འབྲེལ་པ་དུས་བབས་ཀྱིས་དངོས་སུ་མཇལ་བ་རྣམས་དང་། ཕྱིན་ཆད་དུའང་དད་པ་དང་དགེ་བའི་རྩ་བ་ཅན། ཐར་པའི་ས་བོན་དང་ལྡན་པས་གསོལ་བ་འདེབས་ཤིང་རྗེས་སུ་འཇུག་པར་བྱེད་པའི་གདུལ་བྱ་སྐལ་བ་ཅན་ཀུན་ལ་བསྟན་པར་བྱ་བ་ཞལ་ཆེམས་ཀྱི་ཚུལ་དུ་གནང་བ་ཡང་། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བའི་མདོ་ལས། ང་མྱ་ངན་ལས་འདས་པའི་རྗེས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགྲ་བཅོམ་པ་རྣམས་གདུལ་བྱ་དེ་དག་དང་འཚམས་པའི་ལུས་ཀྱི་ཆོས་ཀྱི་སྙིགས་མའི་དུས་སུ་སྐྱེ་བ་བླངས་ཏེ་སྣ་ཚོགས་པའི་གཟུགས་སུ་སྤྲུལ་ཏེ་འཁོར་བར་འཁོར་བ་རྣམས་གྲོལ་བར་བྱེད་དོ། །འདི་ལ་དགེ་སྦྱོང་ངམ། སྐྱེ་བོ་ཕལ་བ་དང་། བློན་པོ་ཆེན་པོའི་རིགས་དང་། རྒྱལ་རིགས་དང་། སྣ་ཆེན་པོ་ལ་གཏོགས་པའི་རིགས་དང་། བུ་དང་བུ་མོ་ཡང་རུང་། བུད་མེད་འཕྱོན་མ་དང་ཡུག་ས་མོ་དང་། གང་དག་འཁྲིག་པ་སྤྱོད་པ་དང་། མ་བྱིན་པར་ལེན་པ་དང་། བཤན་པ་དང་། ཚོང་པ་དག་གི་གཟུགས་སུ་སྤྲུལ་ནས་དེ་དག་དང་ལྷན་ཅིག་ཏུ་མཐུན་པར་སྤྱོད་ཅིང་སངས་རྒྱས་ཀྱི་ཐེག་པ་ལ་བསྔགས་པ་བརྗོད་ནས་དེ་དག་གི་ལུས་


JLAZ014_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཏིང་ངེ་འཛིན་ལ་སྦྱོར་བར་བྱེད་ཀྱི། ཅི་ནས་ཀྱང་རང་ཉིད་ངེས་པར་བྱང་ཆུབ་སེམས་དཔའ་དང་། ངེས་པར་དགྲ་བཅོམ་པ་ཡིན་ནོ་ཞེས་སངས་རྒྱས་ཀྱི་གསུང་ཟབ་མོ་སྒྲོག་ཅིང་ལས་དང་པོ་བ་རྣམས་ཀྱི་མདུན་དུ་ཅི་བདེར་སྨྲ་བར་མི་བྱེད་དོ། །ཚེ་འཕོ་བ་ན་ལྐོག་ཏུ་ཚུལ་དེ་ཁ་ཆེམས་ཀྱི་ཚུལ་དུ་བསྙད་པར་བྱེད་པ་དག་ནི་ཡོད་དོ། །ཞེས་གསུངས་པ་བཞིན་དུ་རྗེ་ཉིད་ཀྱི་ཕྱག་བྲིས་ངོ་མ་མགོན་ལྕམ་དྲལ་གྱི་གཏོར་སྒམ་ནང་དུ་གསང་རྒྱར་བཏབ་སྟེ་འཇོག་ཡ་གནང་བ་འདི་ལྟ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཁ་ཆེམས་ཚིག་གསུམ་བཤད་ཀྱི་ཉོན། །ཁོ་བོ་རྒྱལ་པོ་ཀྲི་ཀྲིའི་བུར་གྱུར་པའི་ཚེ་སངས་རྒྱས་འོད་སྲུངས་ལ་སེམས་བསྐྱེད། ཤཱཀྱ་ཐུབ་པའི་གཅུང་དུ་གྱུར། བོད་འདིར་སྤྲུལ་པའི་རྒྱལ་པོ་སྲོང་བཙན་གྱི་དུས་དགེ་སློང་ཨ་ཀར་མ་ཏིར་གྱུར་པ་ནས་མཁན་སློབ་ཀྱི་དུས་བི་མ་ལ་དང་རྒྱལ་སྲས་ལྷ་རྗེར་བསྟན་ནས་སྐྱེ་བ་ཐམས་ཅད་དུ་བསྟན་འགྲོའི་དོན་བྱས་ཤིང་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་བས་མཐར་བསྐལ་བཟང་འདིའི་སངས་རྒྱས་རྣམ་སར་རྒྱལ་བ་ཅན་དུ་འཚང་རྒྱ་བའི་ལུང་བསྟན་ཐོབ། ད་


JLAZ014_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རེས་སྐྱེ་བ་འདིར་ཡང་འབད་པ་ཆུང་དུས་རང་བྱུང་གི་རྟོགས་པ་རྒྱུད་ལ་སྐྱེས། ཆོས་ཐམས་ཅད་མ་བསླབ་པར་ཤེས། སེམས་ཅན་ལ་སྙིང་རྗེ་ཚད་མེད་པ་དང་ལྡན་ཞིང་མི་ཚེ་དབེན་པ་འབའ་ཞིག་གིས་དུས་ལ་འདའ་བར་བྱས་པས་འཆི་བ་ལ་འཚེར་བ་ཅུང་ཟད་ཀྱང་མེད། བདེ་བ་ནས་བདེ་བ་རུ་འགྲོ་བ་ལ་མྱ་ངན་མ་བྱེད་པར་འབྱུང་བ་སྡུད་པའི་ཚེ། ད་ནི་རང་བཞིན་སྤྲུལ་པའི་ཞིང་དང་པདྨ་འོད་ལ་ཕེབས་པའི་དུས་ལ་བབས་སོང་ངོ་ཞེས་རྣ་ལམ་དུ་སྒྲོགས། གསལ་འདེབས་མི་དགོས། དགོངས་རྫོགས་ཀྱི་གཙོ་བོ་མཆོད་འབུལ་དང་ཚོགས་བསྐང་གྱིས། ཕུང་པོ་འདི་སྐྱེ་བ་བདུན་པ་ཡིན་པས་ལོ་གཅིག་ལ་ཉེ་བ་ཚ་བསྡམ་བྱ་ནས་མཆོད་རྟེན་དུ་ནང་དུ་རིལ་པོར་བཞག་ནས་བཅུད་མི་ཉམས་པ་དང་། བསྟན་རྒྱུན་ལ་ཕན། ཉེ་སྐོར་གྱི་སྐྱེ་བོ་བླུན་པོ་རྣམས་ཀྱིས་ངའི་རྒྱུད་ཚོད་ངོ་མི་ཤེས་པས་སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པ་མང་བས་ཡང་ན་གཙང་པོར་སྦྱོང་། བསྐྱེད་རྫོགས་དང་མི་ལྡན་པའི་སྦྱིན་སྲེག་མ་བྱེད། སྤྲུལ་པ་སྒྱུ་མ་ལྟ་བུས་འདུལ་བའི་སྐྱེ་བ་མི་འོང་བའི་ངེས་པ་མེད་པས་དབང་ཆས་རྣམས་མ་ཉམས་པར་གཞོག །སྐྱེ་བ་ཕར་བརྩད་མི་དགོས། མ་མགོན་ལྕམ་དྲལ་གྱི་གསོལ་ཀར་འབུངས། ང་ནི་རྟག་ཏུ་ཆོས་ཉིད་དང་། །ང་ལ་


JLAZ014_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྡོད་གཉིས་སུ་མེད། །སྐྱེ་འཆིར་བསྟན་པ་རྗེས་ཐོབ་ཙམ། །ཡེ་གྲོལ་ཆེན་པོར་རྫོགས་སངས་རྒྱས། །ཞེས་སོ། །ཡང་སྐུ་མདུན་གྱི་གསོལ་ཅོག་སྦུབ་དུ་ཤོག་དྲིལ་ཞིག་ལ། །འོད་སྣང་མཐའ་ཡས་ཞབས་ལ་ཕྱག་འཚལ་ལོ། །སྐྱེ་བ་ཞེས་བྱ་སྲིད་བའི་འཁོར་ལོ་སྟེ། །རྟེན་འབྲེལ་བཅུ་གཉིས་རྒྱུན་ལ་རྟག་འཁོར་ནས། །ནད་སོགས་སྡུག་བསྔལ་བདེན་པའི་ཉེར་ལེན་ཅན། །འཆི་བ་ཞེས་བྱ་དོན་དམ་བདེན་པ་སྟེ། །སེམས་ཀྱི་ཆོས་ཉིད་རང་བཞིན་མེད་པ་ལ། །སྐྱེ་འཆིའི་བར་ལག་རྣམ་པར་རྟོག་བས་བཟོས། །ཡུལ་ལྔའི་ཤེས་པ་རྣམ་ཐར་སྒོ་གསུམ་ཀློང་། །འདྲེས་འདི་རང་བྱུང་རྡོ་རྗེའི་ཞལ་མེད་ཁང་། །པདྨ་འོད་དང་རང་བཞིན་སྤྲུལ་པ་ནི། །ཐུགས་རྗེས་འགྲོ་བ་འདུལ་བའི་གནས་མཆོག་སྟེ། །མོས་གུས་ཅན་དང་འབྲེལ་ཐོགས་ཡིད་ཅན་ཀུན། །ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བར་ཤོག །ཅེས་སྣང་བ་འདི་དག་ལས་འཕྲོ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་དད་གདུང་སྤྲོ་བའི་གསོས་སུ་སྙིང་ཐིག་ལེར་འདུ་འབྲལ་མེད་པའི་དོན་དམ་གྱི་རང་བཞིན་ཤེས་ནས་མོས་གུས་ཀྱི་དྲན་པ་ཉེ་བར་གཞག་པའི་རྟེན་དུ་འཚལ་ལོ། ས་ལུག་གསར་ཚེས་ཀྱི་ཆོ་འཕྲུལ་དུས་ཆེན་དང་བསྟུན་ཉིན་བདུན་གྱི་བར་སྐུ་


JLAZ014_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རིན་པོ་ཆེར་མཆོད་པ་རྒྱ་ཆེན་པོ་འབུལ་བ་དང་བཅས་གྲ་གྲངས་བརྒྱད་ནས་ཚོགས་བརྒྱ་དང་། མ་མགོན་གཙོར་གྱུར་གྱིས་ཆོས་སྲུང་རྣམ་ལ་གཅིག་ཏུ་རྣམ་པར་དཀར་བའི་ལས་བསྒྲུབ་པའི་གནས་སྐབས་ཀྱི་འགལ་རྐྱེན་བར་ཆད་ཞི་བ་དང་། ཆོས་ཀྱི་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་བདག་དོན་ཆོས་ཀྱི་སྐུ་སྤྲོས་བ་ཐམས་ཅད་དང་བྲལ་བའི་གོ་འཕང་མཆོག་ལ་བཞུགས་ནའང་མཁའ་དབྱིངས་ཀྱི་ཟླ་བ་ལ་དེར་འཇུག་པའི་རྟོག་པ་མེད་པ་བཞིན་དུ་ཆུ་ནང་དུ་གཟུགས་བརྙན་གཉིས་པ་བདེ་བླག་ཏུ་འཆར་བའི་ནུས་སྟོབས་མི་ཟད་པ་བཞིན་དུ་ཐུགས་བསྐྱེད་དང་སྲོན་ལམ་གྱི་མཐུ་ཕུལ་བྱུང་བདེན་འབྲས་མི་བསླུ་བས་སླར་ཡང་བདག་ཅག་གི་མཚོན་རིས་མེད་པའི་གདུལ་བྱ་རྣམས་ཀྱི་མགོན་དང་། གླིང་དང་དཔུང་གཉེན་མཆོག་ཏུ་སྤྲུལ་པའི་སྐུ་གཞོན་བུའི་སྒྱུ་འཕྲུལ་གསལ་དང་མྱུར་བ་ཉིད་དུ་འབྱོན་པའི་འཕྲིན་འཆོལ་དང་གསོལ་འདེབས་ཀྱི་སྐབས་ཕྱེ་ནས་གསུངས་པར་འདེབས་པ་སོགས་ཀྱི་སྟ་གོན་བྱས། རྗེ་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ལ་གགས་ཐུག་གི་དུས་མ་མོ་འཚོལ་བ་ལྟ་བུའི་བསམ་སྦྱོར་འབའ་ཞིག་པས་བརྟག་ཞུ་སོགས་བྱེད་ཚེ་ཐུགས་གཡེང་གི་རྒྱུར་གཟིགས་ཏེ་མི་ཆོས་བླ་མའི་རྫུན་ཟེར་བ་ལོགས་སུ་གང་ཡང་མེད་ཅེས་མི་མཁྱེན་པའི་ཚུལ་ཁོ་ན་ལྷུར་མཛད་


JLAZ014_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་ངེས་པའི་དོན་དུ་ནི་མངོན་པར་མཁྱེན་པ་ལ་ཐོགས་ཐ་མི་མངའ་བས། རིང་མོའི་གོང་ནས་བྱང་ཆུབ་མཆོད་རྟེན་རྒྱུག་མཐོ་བཅུ་གཅིག་པའི་ཤིང་བཟོ་དང་། ཆོས་འཁོར་ཏོག་བཅས། སྒོ་ཁྱིམ་པ་ཊ། སེང་ཁྲིའི་མདུན་ལ་རྒྱལ་ཆེན་ཡུལ་འཁོར་སྲུང་། ཕྱོགས་གཞན་གསུམ་ལ་ནོར་བུ་འབར། འཁོར་ལོ། རྡོ་རྗེ་རྒྱ་གམ། ཟུར་བཞིའི་ཀ་བ་དང་། གདོང་ཆེན་ས་འཛིན་བཅས་ཀྱི་གྲྭ་ཟུར་གྱི་པ་ཊ་རྣམས་གསེར་ཟངས་འཕུལ་མ་ལེགས་པ། ཕྲ་ཁུངས་དཔྱད་བཅས་ཚད་དང་བཟོ་དབྱིབས་ཁྱད་པར་དུ་འཕགས་པ་སྔོན་ནས་བསྒྲུབས་གནང་བའི་རྒྱའི་རྒྱུལ་དུ་འཇོག་བར་གནང་བ་ནི་དུས་གསུམ་མ་སྒྲིབས་པར་གཟིགས་པའི་དབང་ལས་ཏེ། སླར་ཡང་ལྷུ་སྒྲིགས་ཆ་བྱད་རྫོགས་པའི་མཆོད་རྟེན་དངོས་སུ་རུང་བར་བྱ་བ་ལ། བཟོ་མཁས་མིན་ལམ་ལྟོས་པ་མང་པོས་ལག་རུབ་བྱེད་པ་ནི་བཟོ་འབྲས་ཀྱི་ཁོ་ལག་མི་རྫོགས་ཤིང་ངང་ཐུང་གི་བསམ་པར་སྣང་བས་འབྲི་གུང་གི་དཀར་བཟོ་བ་མཁས་ངེས་གཡར་པོ་ཞུས་དོན་མི་གཉིས་འབྱོར་པས་ཟླ་བ་གཉིས་པའི་ཚེས་ཅོ་ལྔའི་གཟའ་སྐར་ལེགས་པ་ནས་བཟོ་གྲྭ་བཙུགས། ཟུར་བཀག་པ་ཊ་སོགས་དང་ཧ་འཛོལ་མེད་ངོས་ནས་སྐུ་ཚད་འཕར་ཐབས་སུ་ཤིང་བཟོ་ལ་ལྷན་ཐབས་དང་བུམ་པའི་བཟོ་


JLAZ014_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་བསྐྱར། ཕྲ་རྒྱན་དུ་སྡེ་དགེ་ས་དབང་ཡུམ་གྱི་མགུལ་རྒྱན་གྱི་བྱུ་རུ་སྤུས་ཤིན་ཏུ་གཙང་བ་བཅུ་ཕྲག་ལྷག་པ་དང་། སྦྱིན་བདག་པུ་ཤུད་པའི་གཙུགས་ཡུ་གསེར་སྟེགས་ཕྲ་ལྡན། པད་རག་རྒྱ་སྲན་ཙམ་པ། དཔལ་སྡིངས་རྗེ་བཙུན་མས་ཉ་ལྕིབས་དུང་གཟུགས་ཁྱད་མཚར་དང་གཡུ་བྱུར་ཆུང་དུ་སྣ་ཚོགས། སྒོམ་ཆེན་དམ་པས་ཁ་ཆེ་སྤོས་ཤེལ་མདངས་ལེགས་དངུལ་ཊཾ་བཅུ། རྒྱལ་ཡུམ་ནས་ཨ་སྒོར་གསེར་ཀོང་ཆ་སྤུས་ཤིན་ཏུ་གཙང་བ། འཚོ་བྱེད་ཆུ་སྐྱེས་ཀྱི་ཞུམ་མིག་འཁྲུལ་བྲལ་རྣམས་ཀྱི་སྟེང་རྗེ་ཉིད་ལ་དད་འབུལ་དུ་བྱུང་བའི་གཡུ་བྱུར་སྤོས་ཤེལ་སོགས་རེ་ཞིག་བར་རྣམ་དཀར་གྱི་རྒྱུ་འབྲས་གཞན་དུ་མ་ཚོགས་པ་གང་ཡོད་ནས་དངོས་གཙང་གང་ཡིན་དང་། བདག་གི་ཕ་མའི་རྒྱན་ཆས་ཀྱི་དངོས་འབྲས་ཆེ་བ་རྣམས་བཅས་གང་་འོས་སུ་སྦྱོར་རྒྱུའི་ཕྲ་ཁུང་དང་། ཟུར་བཀག་པ་ཊ་སོགས་སྔོན་ཡོད་ཀྱི་སྟེང་། བུམ་པའི་དྲ་ཕྱེད། སྐེད་སྡོམས། བུམ་གདན་པདྨ་སེང་ཁྲིའི་ཡུལ་འཁོར་སྲུང་བ་འོད་བསྐོར་གྱི་པ་ཊ། རྨིང་དགེའི་པདྨ་རྣམས་མཛེས་ཆའི་དབང་གིས་མཉེན་ཟངས་ལ་འཕུལ་ཏེ་ཚ་གསེར་འཐུག་པ་ཕྱི་བྱིབས་གཡོགས་ཀྱི་དངུལ་སོགས་བཅའ་ག་རྣམས་ཀྱང་རྗེ་འདི་ཉིད་ནི་རྒྱུན་གཏན་ཚོང་སོ་ནམ་སོགས་ཀྱི་འདུ་འཁོད་དང་དངོས་པོའི་གསོག་བསྐྲུན་ཅི་ཡང་མི་


JLAZ014_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པར་ཕྱག་ཏུ་གང་འབྱོར་འཕྲལ་ལ་ཕྲལ་ཆོས་འཁོར་བསམ་ཡས་སོགས་སུ་རྟེན་བཞེངས་མཆོད་འབུལ་མཆོད་རྫས་ཀྱི་བྲེ་བྲག་སོགས་སུ་སྦྱོར་བར་མཛད་པ་ཀུན་ཤེས་དེ་ལྟར་ཡིན་ཀྱང་། དུས་འདི་ཙམ་ན་བདག་ཅག་གིས་ཁུར་བཟུང་བའི་དངུལ་སྐར་མ་གང་ཡང་འབད་རྩོལ་གྱིས་བསྒྲུབ་མི་དགོས་པར་རྗེ་ཉིད་ལ་བརྟེན་ནས་འབད་མེད་དུ་འབྱོར་བའི་ནོར་རྫས་ས་རྡོ་ལ་ཕྱ་བ་བཞིན་དུ་བདེ་སྤྱད་ཆོག་པ་འདི་བླ་སྤྲུལ་སྤྱིའི་དགོངས་རྫོགས་ཀྱི་གསེར་གདུང་དངུལ་གདུང་རྣམས་ཐོག་ཚད་གསེར་དངུལ་གྱི་བསྙད་གང་ཐུབ་བྱེད་པ་ལ་ལྟོས་ན་བདག་ཅག་ལ་བླ་མའི་དགོངས་རྫོགས་ཀྱི་ཁྲལ་མ་ཁྲིས་པ་འདི་གཅིག་པུའི་བཀའ་དྲིན་ཀྱང་ཨ་ལ་ལ་བཟོ་གྲར་འཛུགས་སྟོན་དཀར་སྤྲོ་བཅས་ཉིན་གང་གཟབས་རྒྱས་ཐོག །དབུ་མཛད་གཉིས་པོར་དར། ཚན་གྲངས། དབུ་ཆེན་ལ་དངུལ་སྲང་དོ་དང་། དབུ་ཆུང་ལ་ཞོ་དྲུག །དེ་མཚུངས་སྒང་སྟོན་ལའང་དཀར་སྤྲོ་སོགས་སྔོན་ལས་ཟབས་ཐོག །དབུ་མཛད་གཉིས་ལ་དར་མཛོད་བཏགས་དང་དོལ་སྣམ་སྤུ་ཕྲུགས་ཚོས་ལེགས་པ་གྱོན་འདངས་ཕུལ། གཞན་ཡང་སྦྱིན་བདག་སྤུ་ཤུད། དཔལ་རི་བླ་གྲ། གྲུབ་དབང་ཝ་གིནྟྲ། གཙང་དཔལ་སྡིངས་པ་སོགས་མཆོག་དམན་བར་པའི་རིགས་ཀྱིས་ཞལ་འདེབས་


JLAZ014_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཟོ་སྟོན་སོགས་གྲངས་མང་བར་བྱུང་། དེ་དག་གི་དུས་སུ་བཟོ་བོ་གཉིས་ཀྱང་རྩེད་སྣ་དང་གླུ་བྲོ་སོགས་ཀྱི་ཕྱིར་ལས་མེད་དུ་བཤོལ་བས་ངལ་དུབ་ལ་བརྟེན་མ་དགོས། རྒྱུན་གཏན་གྱི་འཚོ་བའི་ཕོགས་ཆས་ཀྱང་བཟོ་བོ་ལ་སྲི་ཞུའི་ཡུལ་དུ་བལྟ་བས་བསྙེན་བཀུར་ཁྱོགས་པ་དང་བཅས་ལས་རྒྱུན་ཟླ་བ་གཉིས་ཀྱི་ཁོངས་སུ་བྱིངས་གྲུབ། བཞུགས་ཡུལ་པདྨ་འོད་གླིང་གི་གཙང་ཁང་ལྟེ་བ་ལ་ཐོག་འཕར་གྱི་རྒྱབ་ཞལ་འདེབས་སུ་རྣམ་སྣང་གང་ཆེན་མ་ཚོལ་རྗེ་ཉིད་ཀྱི་འཁྲུངས་རབས་ཀྱིས་བསྐོར་བའི་ཕོག་བྲིས་བྱས་པ་ལ། ས་ག་ཟླ་བའི་ཚེས་བཅོ་ལྔ་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དཔལ་ཆེན་བཀལ་འདུས་རྒྱ་མཚོའི་དཀྱིལ་འཁོར་བསྙེན་ཅིང་སྒྲུབ་པའི་ས་བཟུང་རྒྱར་ཐོ་འཛུགས་པ་སོགས་བྱས་ཏེ། ཉིན་གསུམ་གྱི་རིང་བཟོ་བོ་དང་བསྟུན་ནས་གཟུངས་བཞུགས་ཕུལ། དེ་ཡང་གཟུངས་འབུལ་སྤྱིའི་ཁོག་ནི་སློབ་དཔོན་ཀླུ་སྒྲུབ་དང་ཛེ་ཏ་རིའི་རྒྱ་གཞུང་ལག་ཏུ་ལེན་ལུགས་དཔྱད་པ་གསུམ་གྱི་སྲང་ལ་གཞལ་བ་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཉིད་ཀྱི་གསུང་ལས་ཇི་ལྟར་ཐོས་པ་དང་། གནོད་སྦྱིན་བང་མཛོད་ལ་གནོད་སྦྱིན་ཕོ་མོའི་འཁོར་ལོ་གཟུངས་སྒྲུབ་ལྡང་ལྡན་པ་གནོད་སྦྱིན་གྱི་ཟངས་སྐུ་བྱིན་ཅན་དང་བློ་རྡོའི་རིགས་མང་པོ།


JLAZ014_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་ནད་མཚོན་མུ་གེ་ཞི་བ། ཚེ་དཔལ་འབྱོར་ཚོགས་རྒྱས་པ། མོས་བཞི་དབང་དུ་བསྡུ་བ། བྱད་ཕུར་གཏད་ཁྲམ་གྱི་ནུས་པ་འཇོམས་པ་ལ་སོགས་པའི་མན་ངག་ཡིད་བཞིན་གྱི་ནོར་བུ་དང་མཚུངས་བ་འགའ་ཞིག་གི་བཅའ་གཡང་ལག་ཏུ་བསྟར། བང་རིམ་ནས་བཟུང་གཟུངས་ཆེན་སྡེ་ལྔ་དང་རྒྱུད་སྡེ་བཞིའི་ཡི་དམ་གྱི་སྙིང་པོ་ལྷག་པར་བླ་མའི་སྙིང་པོ་དུང་ཕྱུར་དུ་ལྡང་བ་རྣམས་གོ་རིམ་མི་འཆོལ་བར་བཞུགས་པའི་གཙོ་བོར་སྐུ་གདུང་རིན་པོ་ཆེ་ལོངས་སྤྱོད་རྫོགས་པའི་ཆས་ལྡན་ཕྱག་ཏུ་ཐུགས་དམ་རྒྱུན་གཞེས་ཀྱི་རྡོར་དྲིལ་བསྣོལ་བ་དང་། བཅས་ཟངས་ལས་ཆེད་དུ་བྱས་པའི་ཟ་མ་ཏོག་དབྱིབས་ལེགས་པའི་ནང་དུ་བཟང་དྲུག་ལ་སོགས་ཏེ་དྲི་ཞིམ་པོའི་སྨན་གྱི་ཕྱེ་མས་བལྟམས་ཏེ་བཞུགས་སུ་གསོལ། སྲོག་ཤིང་ལ་གསེར་སྦྱངས་ཀྱི་བླ་བརྒྱུད་པའི་མཚན་སྔགས་མཐར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་སུ་དར་བའི་འདོད་གསོལ་སྨོན་ལམ་བཅས་བྲིས་ཤིང་དྲི་མེད་རྣམ་གཉིས་ལ་བརྟེན། སྲོག་ཤིང་བརྟན་པའི་ཆོ་ག་དང་བཅས་རྒྱལ་བ་རིག་འཛིན་གྱི་སྲོག་གི་འཁོར་ལས་བུམ་པའི་བྱིངས་གང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་ཡུང་


JLAZ014_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལྟ་བུའི་རིང་བསྲེལ། སྔ་ཕྱིར་བྱོན་པའི་གཏེར་བྱོན་གྱི་བདེ་སྟོང་ཨ་རྒྱ་རིལ་བུ་དང་། ཤོག་སེར་འཁྲུལ་བྲལ། བསམ་ཡས་ཀྱི་ཆོས་རྒྱལ་གསེར་ག་ནས་བྱུང་བའི་སློབ་དཔོན་ཆེན་པོའི་དབུ་ལོ་དང་ཆོས་རྒྱལ་གྱི་ན་བཟའ། གཞན་ཡང་རྒྱ་བོད་པཎ་གྲུབ་སེལ་མེད་བརྒྱུད་པའི་སྐུ་བལ་གྱི་རིང་བསྲེལ་དང་དམ་རྫས་སོགས་རིང་བསྲེལ་རྣམ་པ་བཞིས་ཕྱུར་བུར་བལྟམས། དེ་ནས་མཆོད་སྡོང་གི་ཕྱི་ཟླ་བཞུན་མས་བྱུག་པ་ལྟ་བུས་དངུལ་དཀར་ཐུར་སྲང་བདུན་བརྒྱ་དང་ལྔ་བཅུ་སྐོར་གྱིས་བྱིབས་གཡོགས་བྱས་པའི་སྟེང་གདུང་ཅན་ལ་མེ་ཏོག་གི་གི་མོས་འཛིན་ལ་སོགས་པའི་གྲྭ་ཟུར་རྣམས་སུ་གསེར་ཟངས་ཀྱི་པ་ཊ་སོགས་མཛེས་ཤིང་བཀོད་ལེགས་པར་བྱས་པ་ལ་ཕྲ་ཚོམ་གྱི་རྣམ་གྲངས་ནི། བཻ་ཌཱུརྱ་སེར་པོའམ་ཞུམ་མིག་འཁྲུལ་བྲལ་ཁམ་ཙིག་ཙམ། ན་ལ་སྲན་མ་ཙམ། མུ་ཏིག་ཁམ་ཚིགས་ཙམ་གཅིག་དང་རྒྱ་སྲན་ཙམ་བཞི། དྲུག་གཡུ་སེན་གང་པ། མཆོངས་དམར་ཁམ་བུ་ཙམ། མ་ན་ཧུ་ཁམ་ཙིག་ཙམ་གཉིས། སྒྱུར་ཤེལ་ཆེ་ལེགས་བརྒྱད་རྣམས་ལ་སོ་སོར་གཡུ་འདབ་ཀྱིས་བསྐོར་བའི་ཚོམ་བུ་ངོ་གྲངས་ཉེར་གཅིག །དྲུག་གཡུའི་ཨ་སྒོར་གསོར་ཀོང་ཆ་ལྔ། དངུལ་ཀོང་ཕྲ་ལྡན་ཆེ་བཞི། དྲུག་གཡུ་ཞེ་མཚུངས་


JLAZ014_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲ་སྐུང་ཆེ་ཆུང་གསུམ་གསེར་གྱི་ཕྲག་སྒྲོག་གཡུ་ཕྲ་ཅན། གཙུག་གཡུ་གསེར་སྟེགས་མ་གསུམ། དངུལ་སྟེགས་མ་བཞི། གསེར་དངུལ་སྤེལ་མའི་སྟེགས་ཅན་གཅིག །དྲུག་དམར་དང་བར་གཡུ་སྟེགས་ཡོད་བཞི། སུ་གནྡྷེ་རྒྱ་སྲན་མ་ཙམ་གཉིས། ཉ་ལྕིབ་གཉིས། བྱུ་རུ་ཆེ་ཤོས་ཁམ་རློན་ཙམ་ནས་ཆུང་བ་རྒྱ་སྲན་ཙམ་ཡོད་ལྔ་བཅུ་ང་ལྔ་སྐོར། སྤོས་ཤེལ་སྤུས་ལེགས་ཆེ་བ་སྒོར་མཐོ་གང་ནས་ཆུང་གྲ་སོན་བཞི་ཡན་ཡོད་བཅུ་གསུམ། དྲུག་གཡུ་དང་བར་གཡུ་ཁམ་རློན་ཙམ་བརྒྱད། རྒྱ་གཡུ་གདོང་གཙང་སྦལ་གཟུགས་དཀྱུས་སོར་གསུམ་དང་ཞེང་སོར་ཡོད་གཅིག །སྒྱུར་ཤེལ་སྣ་ཚོགས་ཉི་ཤུ་རྩ་བདུན། ཉ་ལྕིབས་དུང་གཟུགས་ངོ་མཚར་བ་བཅས། དེ་ལྟར་རིན་པོ་ཆེའི་ཕུང་པོ་གཅིག་ཏུ་བརྩེགས་པ་ལ་སྐུ་གདུང་རིན་པོ་ཆེ་ཡེ་ཤེས་སེམས་དཔའ་དངོས་ཀྱི་ཚུལ་དུ་བཞུགས་པའི་སྒོ་ཁྱིམ་དུ་དངུལ་སྲང་ལྔ་བཅུ་སྐོར་གྱིས་བསྒྲུབས་པའི་རྗེ་ཉིད་ཀྱི་འདྲ་སྐུ་མཐོ་ཚད་ལྷག་པ་དང་། མཆོད་རྫས་ཀྱི་བྱེ་བྲག་དབུ་ཐོག་ཏུ་བུམ་ལྡན་དམར་པོའི་བླ་བྲེ་དང་རྒྱ་གདུགས། གཡས་གཡོན་དུ་བཟང་གོས་ཚོན་སྒྲིགས་ཀྱི་ཕྱེ་ཕུར། མདུན་དུ་དངུལ་སྲང་སུམ་ཅུའི་ཏིང་བདུན་ཚར། དངུལ་སྲང་ཉི་ཤུ་རེ་ཡོད་པའི་མཎྚལ་དང་མཆོད་


JLAZ014_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་སོགས་མཆོད་སྤྲིན་དུ་མ་དང་བཅས་མཐར་ཕྱིན་པའི་དེ་མ་ཐག་པའི་ཚེས་བཅུ་བརྒྱད་ནས་བཟུང་དཔལ་ལྡན་གྲུབ་བ་ངག་གི་དབང་པོས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་མཛད། ཆོག་རོགས་སུ་དཔལ་རི་ནས་སྤྲུལ་པའི་སྐུ་དཔོན་སློབ་བཅོ་ལྔ་སྐོར་བཅས་ནས་ནས་སྔ་ཐུན་དང་པོ་ལ་དཔལ་ཆེན་བཀའ་འདུས་རྒྱ་མཚོའི་བདག་མདུན་བུམ་པའི་དཀྱིལ་འཁོར་བསྙེན་ཅིང་བསྒྲུབ་པ་དང་། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་སོགས། ཐུན་གཉིས་པ་ལ་བགེགས་བསྐྲད་པ་དང་བཟོ་བོའི་ལས་ཀྱི་དྲི་མ་སོགས་བཀྲ་ཞིང་འཕྱི་བ་སྔོན་དུ་འགྲོ་བས་རྟེན་དམ་ཚིག་སྨེས་དཔའ་ལ་ཡེ་ཤེས་སེམས་དཔའ་དགུག་ཅིང་རྒྱས་གདབ་པ་དང་། དེ་ལ་ཡེ་ཤེས་ལྔའི་བདག་ཉིད་མཆོག་ཏུ་དབང་བསྐུར་ཞིང་མཆོད་ཅིང་བསྟོད་པའི་མཐར་སྙན་གསན་གྱི་གསོལ་བ་བཏབ་སྟེ་སླར་ཡང་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་བཞུགས་པ་ལ་མཆོད་ཅིང་། ཉིན་གཉིས་པའི་ནང་པར་སྔ་མ་ལྟ་བུའི་དཀྱིལ་འཁོར་གྱི་བྱ་བ་རྣམས་དུ་འགྲོ་བའི་མར་མེ་ཡེ་ཤེས་པ་ཉིད་ནམ་མཁར་ལས་སྤྱན་དྲངས་པ་རྟེན་ལ་དངོས་ཀྱི་ཚུལ་དུ་བཞུགས་པ་ལ་སོགས་ཏེ་རབ་གནས་ཀྱི་དགོས་པ་འཆང་ཞིང་དོན་མ་འཁྲུལ་བ་བཤི་ཤིས་འདོད་འཇོའི་གཞུང་བཞིན་དུ་ཆོ་ག་འཁྲུགས་ནོར་མེད་པ་ཉིན་བརྒྱད་ཀྱི་བར་དང་། སླར་ཡང་བླ་མ་མཆོད་


JLAZ014_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཐོག་རབ་གནས་ཀྱི་ཆོ་གའི་ངོ་བོ་ཉིད་ཀྱང་ཚང་བ་ཉིན་ལྔའི་བར་བཅས་སྨིན་ལྟར་མཆོད་པ་སྣ་ལྔ་བརྒྱ་འབུལ་བཤམས་མི་ཆག་པ་བྱོན་ཉིན་བཅུ་སུམ་སོང་བའི་སྤྲེལ་ཟླའི་ཚེས་གཅིག་ཤར་མ་ཐག་པའི་ཉིན་རྒྱས་པའི་སྲེག་བླུགས་ཀྱི་ཐབ་ཏུ་རྟེན་གྱི་ཡེ་ཤེས་པ་སྤྱན་དྲངས་པ་ལ་ཞལ་བསྲོ་བའི་ཚུལ་དུ་སྲེག་བླུགས་ཀྱི་མཆོད་པས་མཉེས་པར་བྱས་ནས་སླར་ཡང་རྟེན་གྱི་ཐུགས་ཀར་གཤེགས་པ་སོགས་ཀྱི་རྗེས་ཐོགས་སུ་བཀྲ་ཤིས་ཀྱི་ཚོགས་སུ་བཅད་པ་རྣམས་བརྗོད་པ་ན། ལྷའི་ལམ་ཡང་བཻ་ཌཱུརྱ་ཞུན་མའི་ཁ་དོག་ལྟ་བུར་ཤིན་ཏུ་དྲངས་པ་ལ་ཕྲ་ཚོམ་གྱི་ཚུལ་དུ་ཆུ་འཛིན་བསྒྲོད་པ་དལ་ཞིང་། དབྱིབས་ཟླུམ་པོ་ལ་སོགས་པ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པ་སྣ་ཚོགས་པའི་མཆོད་རྫས་ཀྱི་ཚུལ་དུ་ཁོད་སྙོགས་པ་དག་འགུལ་བ་མེད་པར་གནས་ཤིང་། ཉིན་མོར་བྱེད་པ་ཡང་འོད་ཟེར་རབ་ཏུ་འབར་བ་དང་ཆབས་གཅིག་པར་ལྷ་རྣམས་ཀྱི་ཀྱང་བདེན་ཚིག་བརྗོད་ཅིང་མཆོད་བའི་སྤྲིན་ནམ་མཁའ་ཁྱབ་བར་སྤྲོས་པའི་མཚན་མ་མེ་ཏོག་གི་ཆར་ཟིན་བུར་བབས་པས་དེར་འདུས་པ་རྣམས་ཀྱི་མངོན་སུམ་པའི་སྤྱོད་ཡུལ་དུ་གྱུར་པས་ཡིད་ལ་སླར་ཡང་ངལ་བ་སོས་ཀྱི་བདེ་བ་བྱིན་ཏེ་ཨ་ལ་ལ་ཞེས་ངོ་མཚར་བས་


JLAZ014_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་སྦྲན་པར་གྱུར་ཏོ། །དེ་ནས་ཡོན་བདག་སྟན་གསར་པ་ལ་གནས་ཏེ་གནོད་སྦྱིན་ནོར་གྱི་བདག་པོའི་སྙེགས་པ་བཟུང་བ་ལ་བཀྲ་ཤིས་པའི་རྫས་བརྒྱད་རྣམས་རེ་རེའི་མགོར་རྡོ་རྗེ་སློབ་དཔོན་གྱིས་སྟོང་ཐུན་གྱི་བཤད་པ་སྙན་དཱེབས་ཀྱི་མཐར་འདུས་པ་ཀུན་གྱིས་མགྲིན་གཅིག་པར་ཤིས་པ་བརྗོད་པའི་ཚོགས་སུ་བཅ་པའི་དབྱངས་འགྱུར་ཁུགས་སྤོམ་ཕྲ་འདེགས་འཇོག་བར་མ་རྣམས་ཏེ་ཡན་ལག་གི་ངེས་པ་བདུན་དང་ལྡན་པ་རོལ་མོ་བཅས་པས་བརྗོད་ཅིང་། དེ་བཞིན་དུ་སྲུང་མ་བཀའ་བསྒོ་བ་དང་མཐང་ཡང་རྟེན་ལ་མཆོད་པ་འབུལ་བ་སོགས་རབ་གནས་ཀྱི་ཆོ་ག་ཡན་ལག་དང་བཅས་པ་རྒྱས་ཤིང་མ་འཁྲུལ་བ་གྲུབ་པའི་མཐར་རྡོ་རྗེ་སློབ་དཔོ་དང་སྤྲུལ་པའི་སྐུ་ལ་གསུང་ཐུགས་རྗེན་གྱིས་དབུས་འབུལ་མཚོན་སྤམས་ཆེ་བ། ཆོག་རོགས་བྱིངས་རྣམས་ལའང་རབ་ཡོན་ལྷག་སྨར་བ་དཀར་སྤྲོ་དང་བཅས་དགའ་སྟོན་རྒྱས་པར་སྤེལ། དེ་མཚུངས་བཟོ་བོ་གཉིས་ལའང་བསྙེན་བཀུར་གང་ཁྱོགས་ཐོག་གྲོལ་སྟོན་གྱི་དཀར་སྤྲོ་འཕར་མ་དང་། ཚར་དགའ་དབུ་ཆེན་ལ་འགོ་སྣམ་ལ་མདོག་གི་གྱོན་པ། རས་ཟོམ་འགོ་སྣམ་གྱི་དཔྱང་སྐོར་ཅན། ནང་མཛོད་དམར་པོའི་སྐ་རགས། །མཛོད་སེར་གྱི་ཕོར་ཤུབས་གྲི་ཆུང་འབྱར་བ། ཞྭ་མོ་ཕྲོག་ཞྭ་བཅས་ཚང་མ་ཁ་གསར།


JLAZ014_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དར་ནང་མཛོད་བཅས། དབུ་ཆུང་ལའང་འགོ་སྣམ་ནམ་མདོག་གི་གྱོན་པ་སྐ་རགས་སོགས་དབུ་ཆེན་དང་མཚུངས་ཆ་འགྲིགས་དང་དར་ནང་མཛོད། །དངུལ་དང་ཟོང་རས་གོས་སྣ་སོགས་སྨར་ཟོང་ཕྱེད་ཁྱེར་གྱི་ཉིན་ཡོན་སྨར་ངེས་རྣམས་དང་། དེ་བཞིན་འགོ་བ་གཡོག །དེའི་ཡང་རོགས་བྱེད་ཚུན་ཆོད་སོ་སོར་གཏང་རང་གི་དངོས་པོ་གང་ལ་གང་འོས་རེ་དང་བཅས་བཟོ་བོ་ལས་བྱེད་ཀྱི་བར་དུ་སོ་སོར་མགུ་བའི་ལུགས་སུ་བསྒྲུབས། ཡུལ་མི་རྣམས་ལའང་རབ་སྟོན་དུ་ཇ་ཆང་ཐུག་པ་གང་འཐུང་ངོས། རྩམ་བྲེ་ལྔ་རེ། དེ་མཚུངས་ཚེས་བཅུ་མ་ཎི་བ་བཅས་སུའང་སྐལ་བ་དང་ཏིང་མཆོད་ཆའི་རིགས་ཀྱི་སྦྱོར་འཇགས། འཕྱོང་རྒྱས་ཞོལ་ཚུན་གྱི་མུ་ཏོ་བའི་རིགས་ལའང་རབ་སྟོན་གོང་བཞིན་ཐོག་སྟོང་མཆོད་ཀྱི་རོ་མས་བཀྲེས་པ་བསལ། དེ་ནས་དངུལ་གདུང་རིན་པོ་ཆེར་ཉིན་ལྟར་ཞལ་ཟས་ལྔ་རེ་དང་དཀར་མེ་ཉིན་མཚན་འཁྱོངས་པ་སྡོང་གཅིག་རེ་ཇི་སྲིད་དུ་འབུལ་རྩིས་ལ་ལོ་གཅིག་གི་དཀར་མེའི་རྟེན་སྦྱིན་བདག་ལྕགས་པོ་ཆོས་མཛད་ནས་བྱུང་། སྦྱིན་བདག་སྤུ་ཤུད་ནས་ཀྱི་སྔར་རྒྱུན་མཆོད་མེ་སྡོང་གཅིག་ཞལ་ཟས་རེ་མ་ཆག་ངོས་གནས་འཛིན་པ་མི་གཉིས་ལ་ཟླ་ཕོགས་ལེན་རྒྱུའི་འཛིན་ཡིག །གདུང་ཆོག་གི་དུས་ཞབས་ཏོག་པང་ལེན་ཡོན་འཕར་བཅས་ཞལ་ང་སྤྱི་སྒེར་སོ་


JLAZ014_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ནས་མཛད་ཅིང་། དེ་བཞིན་དུ་དངུལ་གདུང་བཟོ་གྲ་རབ་གནས་ཀྱི་བར་སོ་སོར་བྱུང་། སྒེར་གཞིས་ཕན་ཚུན་སོ་སོ་ནས་ཞལ་དཱེབས་སྤྱིར་འབྲུ་ཁལ་ཉེར་ལྔ་རེ་སྔ་ཕྱིར་དགོངས་རྫོགས་ཀྱི་མི་ཁལ་ལ་སོགས་པའི་རོགས་དགོས་གན་གཅིར་ཁུར་བཞེས་དང་། དགོན་རྩེ་སྤྲུལ་པའི་སྐུ་རིན་པོ་ཆེས་དགོངས་ རྫོགས་ཆེ་རྐྱེན་དངུལ་སྲང་བཅོ་ལྔ། དངུལ་གདུང་རིན་པོ་ཆེར་སྙན་ཤལ་མཛོད་སྣ་ལྔ། མཆོད་མེ་མར་ལྟང་གཅིག་རྣམས་དང་། ཀོང་པོ་རྒོད་ཚང་རིན་པོ་ཆེས་སྙན་ཤལ་ནང་མཛོད་རྒྱ་དངུལ་སྲང་བཅུ་གནང་ཞིང་། །བུ་ཆུ་གཏེར་གྱི་ལྷ་ཁང་དུ་སྟོང་མཆོད་ཀྱང་བསྒྲུབས་པར་མཛད་འདུག །ཐེག་མཆོག་གླིང་བླ་གྲ་སོ་སོ་ནས་དངུལ་སྲང་བཅོ་ལྔ་རེ་དང་སྙན་ཤལ། དཔལ་རི་བླ་གྲ་ཡོངས་ཀྱི་གདུང་ཆོག་དང་རབ་གནས་སོགས་ཀྱི་བང་ལེན་རྒྱས་པ་དང་། དངུལ་གདུང་རིན་པོ་ཆེར་མཆོད་སྤྲིན། འབྲུ་ཁལ་སུམ་ཅུ། འབྲི་གུང་རིན་པོ་ཆེ་ཡབ་སྲས་ཀྱིས་དངུལ་རྡོ་ཚད་བཟང་ཇ་འཁོར་དྲུག །མར་ལྟང་གཉིས། ཚན་གྲངས་བཅས་གནང་ཞིང་འབྲི་གུང་རང་དུའང་སྒར་གྲ་ཚང་དུ་མ་ཎི་བུམ་སྒྲུབ་བདུན་ཕྲད་དང་ཐེལ་སོགས་དགོན་ཁག་ལ་མང་འགྱེད་གཙུག་ལག་རྣམས་སུ་མཆོད་འབུལ་རྒྱ་ཆེན་པོ་མཛད་སྣང་། གཞན་ཡང་མདོ་མཁར་གཉར་ཚང་གཞུང་སྒེར་གྱིས་


JLAZ014_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་མཆོག་དམན་བར་པའི་རིགས་དུ་མ་ནས་ཞལ་འདེབས་མཆོད་དབུལ། དངུལ་གདུང་ལ་ཕྲ་རྒྱན་གྱི་རིགས་ཆུང་ཆུང་སོགས་དཔག་ཏུ་མེད་པ་བྱུང་བ་རྗེས་སུ་ཡི་རང་བའི་སླད་དུ་འབྲི་བར་རིགས་ཀྱང་ཡི་གེའི་ཁུར་གྱི་མ་ཐུབ་པོ། །ཕྱི་ལོའི་དུས་མཆོད་སྔ་ནུར་ཚུལ་དུ་སྤྲེལ་ཟླའི་ཚེས་བཅུ་ལ་སླར་ཡང་བསམ་ཡས་མི་འགུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱི་ནང་ལ་སྟོང་མཆོད་ཚར་གཉིས་དང་། དཀར་ཁང་དུ་མར་འདེགས་ཁལ་ཉིས་བརྒྱ་བཅོ་ལྔ་སྐོར་བཅོས་བཞུ་སྟེ་ཞག་བཅོ་ལྔའི་བཞུ་ཕུལ། འདི་དུས་མྲ་དཀོན་དུས་ཀྱི་མར་རིན་དངུལ་སྲང་བརྒྱ་བཞི་བཅུ་སྐོར་སོང་། གསེར་རྡོ་ཚད་དང་གསེར་བཏུལ་བརྗེས་པའི་གསེར་ཆབ་ཀྱིས་གཙུག་ལག་གྱི་ནང་གི་ལྷ་ཚོགས་ཀུན་ལ་ཞལ་གསེར་ལེགས་པར་སྒྲོན། ནས་གཙང་ལ་གསེར་ས་ལམ་དང་སྨན་སྣ་བསྲེས་པས་ཇོ་ནོ་རིན་པོ་ཆེའི་གསོལ་ལྷུང་ལ་སོགས་པ་འགེང་ཞིང་མེ་ཏོག་ཏུ་འཐོར་རྒྱུ་དང་སྙན་ཤལ་འབོར་ཆེ་བ་བཅས་བདག་ཅག་དམ་ཚིག་གཅིག་པའི་བུ་སློབ་འགས་འོག་ཁང་དུ་བདེ་བ་ཅན་གྱི་ཆོ་ག་དང་བཅས་མཆོད་འབུལ་སྨོན་ལམ་རྒྱས་པ། བར་ཁང་དུ་ཚོགས་བརྒྱ་བཅས་བསྒྲུབས་ཤིང་མཆོད་ཁང་སྤྱིར་ཡང་འཚེམས་མེད་ཀྱི་སྙན་ཤལ་འབུལ་བ་དང་བཅས་རྗེ་རྡོ་རྗེ་འཆང་


JLAZ014_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དེ་ཉིད་ཚོགས་ཞིང་རྒྱ་མཚོའི་གཙོ་བོར་བཞུགས་པ་ལ་ཡན་ལག་བདུན་གྱི་མཆོད་པའ་སྤྲིན་ཕུད་འབུལ་བ་དང་། ཞག་གཞེས་ཐུགས་དམ་བསྐུལ་བའི་གསོལ་འདེབས་གང་ཤེས་བགྱིས། དེ་མཚུངས་སྒྲགས་ཡང་རྫོང་ཟུང་ཕུ་ལྷ་ལྡིངས། གཡའ་མ་ལུང། བསམ་ཡས་མཆིམས་ཕུ་རྣམས་སུའང་མཆོད་འབུལ་ཚོགས་བརྒྱ་གྲ་བཙུན་ལ་ཡང་འགྱེད་བཅས་སྔ་མ་དང་ཕྱོགས་འདྲ་བསྒྲུབས། སྐུ་གདུང་རིན་པོ་ཆེར་ཁྲུས་དང་སྨན་སྣ་ཚོགས་ཀྱི་དྲིལ་བྱིས་ཡང་བྱས་བྱས་པའི་ཁྲུས་ཁུས་བཟང་ལ་བརླན་པ་དང་སྨན་སྣ་བཅས་ལ་སྐུ་འདྲ་བཞེངས་པའི་ལྷ་བཟོ་བ་མཁས་སུ་རེ་བ་ཞིག་འོང་དུ་རེ་ཡང་ཡུན་དུ་མ་ལོན་པ་ན། རྗེ་ཉིད་ཀྱི་ཕྲིན་ལས་ཀྱིས་བཀུག་བའི་ཆེད་དུ་བསོགས་པ་མ་ཡིན་པའི་ལྷ་བཟོ་བ་གཉིས་བྱུང་བས་རྡོར་སེམས་ཀྱི་སྐུ་མི་ཚད་ཕྲ་རྒྱན་གཡུ་བྱུར་སོགས་མང་བས་བརྒྱན་པ་དང་། རྗེ་ཉིད་ཀྱི་སྐུ་འདྲ་སྐུ་ཚད་ཙམ་པ་གསེར་གྱིས་བྱུགས་བཅས་བཞེངས་པ་བཟོ་བོ་མཁས་པར་གྲགས་པ་ཅན་གྱིས་སྙེམས་པ་མེད་བཞིན་དུ་ཡེ་ཤེས་པ་རང་བདུན་དུ་བཞུགས་པའི་བྱིན་རླབས་ཀྱིས་མཐོང་ན་མི་མཐུན་པ་མེད་པའི་བཟོ་སྒྲོས་སུ་བྱོན་པས་ཀུན་གྱི་མགིག་གི་བདུད་རྩིར་གྱུར། དེ་དག་ལའང་ཆོས་ལི་ལས་གྲུབ་པའི་གུ་རུའི་སྐུ་ཚབ་བྱིན་ཅན་དང་


JLAZ014_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཉིད་ཀྱི་དབུ་སྐྲ་ཕོན་ཆེ། བསྙེན་ཕུར། ན་བཟའ་སྐུ་དྲེགས་ཅན་ལྷུ་ཚང་། སངས་རྒྱས་གསེར་ཐུབ་ཀྱི་འཕེལ་གདུང་སོགས་རིང་བསྲེལ་རྣམ་པ་བཞིའི་གཟུངས་གཞུག་ལེགས་པར་ཕུལ་བ་དང་། དངུལ་སྲང་ལྔ་བཅུ་ལྷག་བཅས་ཀྱིས་བསྒྲུབས་པའི་རྗེ་ཉིད་ཀྱི་འདྲ་ཐང་ལ་ཁྲུངས་རབས་ཀྱིས་བསྐོར་བ། སྒྱུ་འཕྲུལ་ཞི་བ། ཁྲོ་བོ། པདྨ་འོད་ཀྱི་ཕོ་བྲང་། བདེ་ཆེན་པདྨོ་བརྩེགས་པའི་ཞིང་བཀོད་སོགས་ཀྱི་ཐང་ཀ་གོས་གཤམ་དང་བཅས་ཐོག་ཚད་གྲ་མཚུངས་ལྔ། གསུང་རྟེན་བཞེང་རོགས་འཐུག་ཏུ་བསྐུལ་བ་བཞིན་སློབ་དཔོན་འཇིགས་མེད་པས་བདེན་རྣམ་ཤིང་རྟ་གཉིས་པོ་མ་གཏོགས་གསུང་འབུམ་ཆ་ཚང་པོད་ཆེན་དྲུག་ལ་དབུ་ཤོག་དང་གཉིས་རྣམས་གསེར་བྲིས་གླེགས་ཤིང་སྒྲིལ་ཚས་བཅས་གས་བཞེངས་ཕྲལ་མར་མཛད་པ་རྣམས་ལའང་རབ་གནས་དངོས་སྟ་ཉིན་གཉིས་མ་རྒྱས་པར་བསྒྲུབས། སློབ་དཔོན་འཇིགས་མེད་པས་དགོངས་རྫོགས་ཀྱི་རྐྱེན་དུ་དངུལ་རྡོ་ཚད་གཅིག །དངུལ་་གདུང་རིན་པོ་ཆེར་སྨོན་ཚིག་དང་བཅས་པའི་ནང་མཛོད་དཀར་དམར་འབུལ་རྒྱུ་དང་། འབྲུག་རང་དུའང་བཛྲ་གུ་རུ་དུང་འགྱུར་སོགས་ཀྱི་དགོངས་རྫོགས་བླ་ན་མེད་པ་མཛད་སྣང་། མི་རིང་བར་ཟླ་བ་བདུན་པའི་ནང་ས་སྐྱོང་སྡེ་


JLAZ014_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ནས་རྙིང་རྒྱུད་པར་བཞེངས་མཐར་ཆགས་སུ་གྲུབ་པའི་བར་ཕུད་པོད་ཆེན་ཉི་ཤུ་རྩ་ལྔ། དཀར་ཆག་མཁྱེན་རབ་ཀྱི་ལང་ཚོ་རྨད་དུ་བྱུང་བས་བསྐྲུན་པ་བོད་བཅས་ཆ་ཚང་ཚར་གཉིས་དགོངས་རྫོགས་བསྒྲུབ་རྟེན་དངུལ་སྲང་བརྒྱ་དང་གསེར་རྡོ་ཚད་གཉིས་སོགས་གནང་རྟེན་སྤམས་མཐོ་བ་བདང་བཅས་པའི་མི་སྣ་ཆེད་ཀྱིས་འབྱོར་པ་བཞིན་དུ་དངུལ་གདུང་རིན་པོ་ཆེར་སྟོང་མཆོད་བཤམས་ཐོག་གྲ་སློབ་བརྒྱད་གྲ་ཞིག་གིས་མཆོད་འབུལ་ཚོགས་བསྐངས། སྲོན་བཙན་བམ་སོར་ཡང་མཆོད་ཚོགས་བསྐངས་བཅས་དམིགས་གསལ་དུ་བསྒྲུབས། རང་ལུགས་མཛད་པའི་དགོན་པ་འོག་མིན་འཕེལ་རྒྱས་གླིང་གི་སློབ་དཔོན་པ་དགེ་རྩེ་བླ་མས་ཀྱང་དངུལ་སྲང་བདུན་དང་སྙན་ཤལ་བཅས་བྱུང་། མི་སྣ་ཕྱིར་ལོག་གི་གདོང་དུ་དེ་གའི་དགོན་པར་བཀའ་ཆེམས་ཀྱི་དགོངས་དོན་ལྟར་དཔལ་ཆེན་བཀའ་འདུས་རྒྱ་མཚོའི་ཐང་ཆེན་ཐོག་ཚད་མ་གྲ་ཚར་གདུ་དང་། མང་ཇའི་ཐེབས་དངུལ་སྲང་སུམ་ཅུ། ཀློང་ཐང་སྒྲོན་མའི་གཙུག་ལག་ཁང་ལ་སྙན་ཤལ་དང་མཆོད་དོད་དངུལ་སྲང་བཅུ་གཉིས་རྣམས་སྡེ་དགེ་ནས་གནང་རོགས་ཞུ་རྒྱུར་ཕུལ་བ་དང་། རྙིང་རྒྱུད་མ་ཚལ་པར་ཆ་གཅིག་དེ་རྒྱ་གར་གདུང་བས་མཁ་རི་བོ་དཔལ་འབར་གླིང་དུ་སྐུ་གསུང་ཐུགས་རྟེན་གཞན་དང་བཅས་


JLAZ014_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྐལ་དུ་ཕུལ། ལྷག་པར་ས་སྐྱོང་སྡེ་དགེ་ནས་དགོངས་རྫོགས་ཀྱི་མཐུན་རྐྱེན་སྤམས་ཆེ་བ་དང་སློབ་དཔོན་འཇིགས་མེད་པས་ཡང་དེ་བཞིན་དང་བཅས་འདི་གའི་བླ་བྲང་གི་ཡོད་དགུའི་སྟེང་ནས་དཔལ་གྱི་བསམ་ཡས་དཀར་རུར་ཁྱུབ་སྣོད་ལྟ་བུ་ཞིག་བསྒྲུབ་པར་འདོད་ཀྱང་ལེགས་བར་བརྟགས་ཚེ་སྙིགས་མར་གྱུར་བའི་དུས་དབང་གིས་དགེ་རྩར་བསྔོས་པ་འགའ་དང་འགའ་ནི་སྡིག་པའི་རྩ་བར་ཡང་མི་འགྱུར་བའི་ཆམ་མཆིས་ཤིང་མཐོང་ཆོས་སུའང་གནས་པས་རྒྱུ་འབྲས་གཉིས་ཀ་གཅིག་ཏུ་དཀར་བས་སེམས་ཅན་ལ་སྨན་པར་མ་གྱུར་ན་སྐྱེས་བུ་ཆེན་པོ་རྣམས་ཀྱི་མཛད་དགོངས་ནི་གཞན་ལ་ཕན་པ་ཁོ་ན་ཡིན་བས་དགོངས་པ་རྫོགས་པའི་ཐབས་སུ་ལུང་སུའང་ཨེ་འགྱུར་མི་ཤེས་སྙམ་དེའི་སྤྲོས་པ་བསྐྱུངས་ནས། སླར་ཆོས་འཁོར་ཆེན་པོ་ཉིད་དུ་སྟོང་མཆོད་གཅིག་དང་མར་བཞུ་ཞག་བཅོ་ལྔ་བཅས་བསྒྲུབས་ཤིང་། ཕྱིན་ཆད་ནས་ཀྱང་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དགོངས་བཞེད་ཡོངས་སུ་རྫོགས་པའི་ཕྱིར་དུ་མཆོད་པའི་རྒྱུན་རང་རེའི་ལག་གིས་བསྟར་ནས་ཅི་འབུལ་བ་དང་། དངུལ་གདུང་རིན་པོ་ཆེར་ནར་མའི་མཆོད་འབུལ་དང་ཟླ་རེའི་དུས་དྲན་མཆོད་པ་མི་ཆག་པ་བཅས་བདག་ཅག་རྗེས་སུ་འཇུག་པ་དག་གི་ཇི་སྲིད་འཚོའི་བར་དུ་ཡིད་དམ་


JLAZ014_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་བ་ནི་རྡོལ་རི་མོར་བརྗོས་པ་བཞིན་སྙིང་ལ་བརྣགས་པ་ལ་བྲི་གང་མེད་དོ། དེ་ཙམ་ཡང་རྗེ་བླ་མ་ཉིད་རང་གི་རང་བཞིན་གྱི་ཕྲིན་ལས་ཀྱི་བབས་ལ་གཞིག་ན་མཛད་པ་ཐ་མ་མངོན་དུ་གྱུར་ནས་རྗེས་འཇུག་གིས་བསྒྲུབ་པར་འོས་པའ་བྱ་བ་རྒྱ་ཆེན་པོ་གྲུབ་པ་ཞིག་ནི་མ་ཡིན་ཏེ། སྤྱིར་དུས་ཀྱི་སྙིགས་མ་དང་། སྒོས་སུ་ཐ་མའི་བཀའ་ཆེམས་ཀྱི་ལུང་བསྟན་ཡང་མངོན་གྱུར་ཏེ་སངས་རྒྱས་བྱུང་བ་ལ་མཉེས་པར་མི་བགྱིད་པའི་སྐྱེ་བོ་བསམ་སྦྱོར་ཐ་དད་པའི་ཚོགས་དང་ཡང་གནས་སྐབས་ཀྱི་འགྲོ་བར་བྱ་དགོས་པ་ཞིག་པས་བདག་ཅག་བྱ་ཕྲལ་བ་ཀུན་ཏུ་རྒྱུ་དག་གི་ཕྲག་བས་བཟུང་བས་དེ་ཙམ་ཞིག་གོ། མདོར་ན་ཆོས་ཀྱི་རྗེ་ཆེན་པོ་འདི་ཉིད་མངོན་པར་འཚོ་ཞིང་གཞེས་པའི་དུས་ནས་ཐ་མ་མཛད་པ་བརྟུལ་བའི་དགོངས་རྫོགས་ཀྱི་དུས་ཚུན་གྱི་རྣམ་དཀར་གྱི་བྱ་བ་ཇི་སྙེད་པ་དེ་ཀུན་ཡང་དོས་དང་རྟ་འུལ་ལ་སོགས་པས་སེམས་ཅན་གཞན་གྱི་ཁུར་དུ་འགྲོ་བ་དང་། ཚོང་འབུན་བསྐྱེད། སེམས་ཅན་གྱི་སྲོག་གཅོད་པ་ལ་སོགས་པའི་སྡིག་དང་ཅུང་ཟད་ཙམ་ཡང་མ་འདྲིས་པར་ལས་དང་འབྲས་བུ་གཉིས་ཀ་གཅིག་ཏུ་དཀར་བ་འབའ་ཞིག་ཡིན་ནོ། འོན་ཏེ་གོ་ས་མཐོན་པོའི་ཆེ་འགྱིངས་མངའ་ཐང་ལ་སྤྱོད་པ་སོགས་གཞན་གྱི་དལ་མོ་མ་ཕེར་བའང་


JLAZ014_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཏེ། རྗེ་བླ་མ་འདི་ཉིད་འཇིག་རྟེན་ཆོ་རིགས་ཀྱིས་སྐྱོན་དང་རྨད་མེད་པའི་བབ་དང་ཡུམ་གྱི་ལྷུམས་ལས་སྲིད་པའི་སྒྱུ་འཕྲུལ་གཞོན་ནུ་མངོན་པར་བསྐྱེད་བསྲི་བའི་དུས་ནས་བྱིས་པ་སོ་སོ་སྐྱེ་བོ་ཕལ་པས་རྣམ་པར་འདས་པའི་ཡོན་ཏན་གྱི་ཚོགས་རྒྱ་མཚོ་དང་བཅས་ཏེ་མཁས་ཤིང་གྲུབ་པའི་མངོན་པར་རྟོགས་པ་མི་ཟད་པ་ཁོ་ནའི་རང་སྟོབས་ཀྱི་རྒྱལ་མཚན་གྱི་རྩེ་མོའི་ནོར་བུ་དབང་གི་རྒྱལ་པོ་ལྟར་གྱུར་པས་བོད་དབུས་གཙང་ནས་མདོ་སྨད་ཁམས་ཀྱི་ཡུལ་གྲུ་ཚུན་གྱི་ཆེན་པོ་ཀུན་གྱིས་གཙུག་གི་ནོར་བུ་ལྟ་བུར་བཀུར་བ་སྟེ། གངས་ཅན་བོད་ཁམས་སྐྱོང་བ་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་མ་འདྲིས་པའི་མཛའ་བཤེས་ཀྱི་ཚུལ་དུ་ཤུར་མེད་པར་མཛད་པའི་བཀའ་ཤོག་རྒྱ་མ་རྣམས་སུའང་ཆ་བབས་ཡིག་གི་བཟོས་སྒོ་ཆེན་པོ་དང་བཅས་ཏེ་ཁམས་ཤིང་གྲུབ་པའི་ངེས་བརྗོད་ཅན་དུ་ཕེབས། འཇམ་དབྱངས་འཁོན་གྱི་གདུང་རབས་དྲི་མ་མེད་པ་མུ་ཏིག་གི་འཕྲེང་བའང་མ་བྱོན་དཔལ་ལྡན་ས་སྐྱ་པ་ཆེན་པོ་བདག་ཆེན་ངག་གི་དབང་པོ་ཡབ་སྲས་ཀྱི་འང་རྩ་བའི་བླ་མར་བཀུར་བའི་ཕུ་དུད་ཆེན་པོ་མཛད། མདོ་སྨད་ཁམས་ཀྱི་རྒྱལ་ཁམས་མ་ལུས་པར་དབང་བསྒྱུར་བའི་སའི་ཚངས་པ་ཆེན་པོ་སྡེ་དགེ་ཡབ་ཡུམ་སྲས་བཅས་ཀུན་གྱིའང་ཆེས་ཁྱད་པར་འཕགས་པའི་རིགས་ཀྱི་


JLAZ014_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་ཆེན་པོར་བཀུར་ཞིང་ཚད་མེད་པའི་དང་གུས་ཀྱིས་ཞབས་ནས་འདེགས་པར་མཛད། མཐའ་དབུས་ཀྱི་དཔོན་དང་ས་རོང་རྩུབ་པོར་གནས་པའི་སྐྱེ་བོ་དབང་ཤེད་ཀྱི་དབུང་པ་བཙན་པོ་ཇི་སྙེད་པ་དག་གིའང་གུས་པས་བཏུད་ཅིང་། སྐྱབས་ཀྱི་མཆོག་ཏི་བཟུང་བ་ཡིན་ན་སྲིད་པའི་འབྱོར་ུསྟོབས་བསྒྲུབ་པ་ལ་ཚེགས་གང་ཡང་མེད་མོད་དེ། དེ་ལ་སྙིང་པོར་གྱུར་བ་འགའ་ཡང་མེད་པས་བཞུགས་གནས་ཀྱང་བས་མཐའ་རི་ཁྲོད་ཆུང་དུ་འདི་ཙམ་ལས་སྙིགས་མའི་དུས་ཀྱི་སྡེ་དགོན་ཡང་ཆོས་བརྒྱད་དང་ཆགས་སྡང་ཉག་གཅིག་འཕེལ་བ་ལས་གཞན་དུ་འབྲས་བུ་ཆེས་ཆེ་བས་དབུལ་བར་གཟིགས་ཏེ། དེ་དག་གི་འདུ་འཁོད་མ་མཛད་ཅིང་རྗེས་སུ་འབྲང་བའི་སློབ་བུའི་ཚོགས་ལའང་ཆོས་ལ་ཚུལ་བཞིན་དུ་སྤྱོད་ཅིག་པ་ཉིད་བཀའ་ཆེམས་ཀྱི་དོན་པོར་ཕེབས་སྣང་བས་དེ་ལས་འདའ་བར་མ་ནུས་ཏེ་བླ་མའི་བཞུགས་གནས་སྟོང་པ་ཙམ་ཡང་གཅེས་སྤྲས་ཀྱིས་འཛིན་པའི་བྱ་བའང་གཞན་དབང་གི་ཁུར་དང་འགྲོགས་པ་འདི་ལྟར་གྱུར། དེ་ཡང་སློབ་མ་བླུན་པོས་བླ་མ་ཟོག་པོར་བཏང་བའི་ལོ་རྒྱུས་བཞིན་བླུན་དང་རྨོངས་ཞེན་གྱི་གཏམ་འགྲེལ་མེད་པའང་མ་ཡིན་ཏེ། ངོ་བོའི་གནས་ཚུལ་སྲོང་པོར་མེད་པ་ལ་རྒྱུ་མཚན་དདགོས་ཆེད་ཡོད་པ་ཡིན་ནོ། །འདིར་སྨྲས་པ། ཨར་མ་


JLAZ014_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་ཆེ་པོ་དེའི། །རྣམ་དཀར་ཕྲིན་ལས་རྒྱ་མཚོའི་རྦ་རླབས་ནི། །དུས་གསུམ་མཐར་ཡང་ཆེས་ཆེར་རབ་གཡོས་པས། །ཆུ་སྲིན་རྒྱལ་མཚན་ཅན་དེ་དོགས་པས་སྐྲག །ཕྲ་ཝང་ཆུ་མཚོར་ལྷུང་ཡང་རྡོ་བའི་དགོས། །རང་དྲིན་དྲན་པ་སྔོན་བྱུང་གཏམ་ཙམ་མིན། །འདྲེན་མཆོག་མཚུངས་མེད་དབྱིངས་སུ་གཟིམས་ནས་ཀྱང་། །འགའ་ཞིག་རང་གི་ཚུལ་ལ་ཡུས་ཏེ་བརྒྱལ། །ཆོས་ཀྱི་རྗེས་སུ་འབྲང་བའི་ཤེས་ལྡན་ནི། །རང་གི་ཁྲོ་བ་འདུལ་ཞིང་དེ་ལ་གཟོ། །འཇིག་རྟེན་མུན་ཐོར་གྱུར་པའི་གནས་སྐབས་ཀྱང་། །འགའ་ལ་ལྐོག་ཏུ་གྱུར་བས་རང་ཉིད་སྐྱོ། །མགོན་གྱི་བཀའ་དྲིན་འཇལ་བའི་སྐབས་མེད་ཀྱང་། །སྙིང་གི་རི་མོ་བསྲུབས་བྱ་མ་ཡིན་པས། །རང་བློ་ལྐོག་གྱུར་ཆོམ་བོས་བཏབ་བཞིན་དུ། །བྲག་ཆའི་སྣྲ་བསྙན་འཕེང་བར་བཟུང་བ་མིན། །མཁའ་ལྡིང་རང་གི་ངོ་བོའི་སྒྱུ་རྩལ་གྱིས། །ནམ་འཕངས་གཅོད་ལ་ལྟོས་པ་མ་མཆིས་ཀྱང་། །སྲིན་འབུས་ལམ་གྱི་སྒྲོན་མེ་བཏེགས་པ་བཞིན། །རྣམ་དཀར་རྒྱ་མཚོའི་དུས་རླབས་ཡོལ་བ་མེད། །ཨེ་མ་རིན་ཆེན་ཆོས་ཀྱི་རྒྱལ་པོ་གདོད་མའི་གཟིམས་ཁྲི་ཤིན་ཏུ་རྣམ་དག་ནམ་མཁའི་དབྱིངས་སུ་གཟིམས་པའི་མངོན་རྟོགས་ཉེར་བསྟན་པར། །འགྲོ་ལ་ཡིད་


JLAZ014_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དགོས་དགུ་འབྱུང་བའི་རིན་ཆེན་སྐུ་ནི་རྟག་པའི་ཆོས་སུ་ཉེ་བར་ལྷུན་གྲུབ་ཇི་སྲིད་ནམ་མཁའི་གནས་ཉིད་ཀྱི། །བརྟན་པ་དེ་སྲིད་གཡོ་བ་མེད་པར་འདོད་འབྱུང་མཆོག་ཏུ་གངྒཱའི་རྡུལ་མང་བརྩེགས་པའི་མཆོད་སྡོང་ཆེན་པོར་ལྷུན་གྱིས་གྲུབ། འགྲོ་འདིའི་བསོད་ནམས་ཤིན་ཏུ་རྨད་བྱུང་རྫིང་བུར་ཡང་ནི་སྤྲུལ་བསྒྱུར་རོལ་པ་གསར་དུ་ཆོས་སྙམ་ཡིད་ལ་དེང་འདིར་ངལ་བསོས་ཡིན། །དེ་ལྟར་གོང་དུ་བརྗོད་བ་དེ་དག་ནི་ཚུ་རོལ་མཐོང་བའི་ཡིད་ཅན་གྱི་གདུལ་བྱ་སྤྱི་ཙམ་བའི་སྣང་ངོར་དྲང་དོན་གྱི་མཛད་བ་ཚུལ་བསྟན་ཙམ་དུ་ཟད་ཀྱི་འདི་ལྟར་སྐྱེ་བ་དང་། རྒ་བ་དང་། ན་བ་དང་འཆི་བ་སྟེ་སྲིད་བའི་ཆུ་བོ་ཆེན་པོ་བཞེས་ཉམ་ཉེས་སུ་འགྱུར་བའི་ཚོར་བའི་སྡུག་བསྔལ་དག་ལས་རྣམ་པར་གྲོལ་ཞིང་ཕ་རོལ་ཏུ་བརྒལ་བ་ནི་འཕགས་ཆེན་ཁོ་ནའི་ཁྱད་པར་རྨད་དུ་བྱུང་བ་ཡིན་པས་བདག་ཅག་གི་རྗེ་བཙུན་མཉམ་མེད་ཆེན་འདིས་ཀྱང་གང་གི་ཞལ་གསུང་རྣམ་ཐར་ཡོངས་སུ་རྫོགས་པའི་ཚེ་སེང་གེའི་ང་རོ་བཞིན་དུ་བསྒྲགས་ནི། རང་སེམས་རྣམ་ཐར་སྒོ་གསུམ་དང་སོགས་ཚིགས་སུ་བཅད་པ་སྔ་ཕྱི་རྣམས་ཏེ། དེ་ལ་མཐར་ཐུག་གི་གྲོལ་ས་དབྱིངས་དང་ཡེ་ཤེས་སམ་ཀ་དག་དང་ལྷུན་གྲུག་གཉིས་སུ་མེད་པའི་རང་བཞིན་རྡོ་རྗེ་གསང་བ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་མངོན་པར་


JLAZ014_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སངས་རྒྱས་པའི་ངོ་བོ་ལ་རྒྱལ་བ་འོད་མི་འགྱུར་བའམ་མང་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡེ་ཤེས་ལྷུན་གྲུབ་ཀྱི་མགོན་པོ་རྡོ་རྗེ་འཆང་ཞེས་བྱ་བར་གྱུར་པའི་གོ་འཕང་བརྙེས་པར་མི་འཇིགས་པ་བཞིའི་ཚུལ་བཞིན་ཞལ་གྱིས་འཆེས་ཏེ་ངོ་བོའི་ཆེ་བ་བསྟན་པར་གོ་བར་བྱ་སྟེ། དེ་ཡང་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྟོགས་པའི་སྐྱེས་བུ་བློ་རྩལ་ཅན། །མི་འགྱུར་མཉམ་ཉིད་དང་དུ་ཐིམ། །རྟོག་མེད་ཤེས་རབ་རང་ཤར་རེ། །བདེ་བྱེད་བརྩེགས་པའི་ས་ཆེན་དེར། །མ་བརྐོད་ནོར་བུའི་ཕུང་པོ་ལྟར། །སྣ་ཚོགས་འབྱུང་ཞིང་དང་དུ་ཐིམ། སངས་རྒྱས་ཀུན་གྱི་མེས་པོ་ནི། །འོད་མི་འགྱུར་བར་ཀུན་ཏུ་གྲགས། །ཅེས་སོ། །དེ་བས་ན་ཟག་བཅས་ཕུང་པོའི་འབྲེལ་ཐ་ཆད་པ་ཙམ་ལ་མྱ་ངན་ལས་འས་སོ་ཞེས་བྱ་བའི་ཚིག་བླ་དགས་ཙམ་བཏགས་པ་མིན་པར་ལམ་བདེན་མཐའ་དག་གི་ཐོབ་བྱའི་འབྲས་བུ་མངོན་དུ་གྱུར་ཅིང་འགོག་བདེན་མ་ལུས་མཐར་ཕྱིན་པའི་རང་གཟུགས་རྣམ་ཀུན་མཆོག་ལྡན་གྱི་ཆོས་ཀྱི་སྐུ་ཆེན་པོའམ། དག་པ་གཉིས་ལྡན་གྱི་སངས་རྒྱས་ཏེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་སྐུའི་མཐར་ཐུག་པ་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པའི་གྲོལ་ས་ཆེན་པོར་དགོངས་པ་བླ་ན་མེད་པར་རྫོགས་པའི་མཐར་ཐུག་པ་ཉིད་དོ། །དེ་ཡང་ཀུན་ཏུ་


JLAZ014_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཐུགས་ཀྱི་མེ་ལོང་ལས། རིན་པོ་ཆེ་རྣམ་པར་བཀོད་པའི་དཀྱིལ་འཁོར་ནི་མ་བྲིས་པར་བཀྲ། ཡེ་ཤེས་བརྟན་པའི་རི་རྒྱལ་ནི་མ་བརྩིགས་པར་དབངས་མཐོ། ཡེ་ཤེས་ལ་གདལ་བའི་ཕོ་བྲང་ནི་མ་བྱས་པར་རྒྱ་ཆེ། ཡེ་ཤེས་ཀློང་ཡངས་ཀྱི་རྒྱ་མཚོ་ནི་མ་རྙོགས་པར་རང་དངས། ཡེ་ཤེས་གསལ་བའི་ཉི་མ་ནི་མ་བྱས་པར་འཆར་ནུབ་མེད། སྟོང་ཉིད་གདལ་བའི་ཐང་ནི་མ་བཀོད་པ་ཆ་སྙོགས། །ཡེ་ཤེས་འགྱུར་མེད་ཀྱི་ལམ་ནི་མ་སྦྱངས་པར་ཉེ་རིང་མེད། རིག་པ་འགྱུར་མེད་ཀྱི་རྟེ་ནི་རྒྱུགས་ཀྱང་ཆད་པ་མེད། རིག་པ་དམིགས་མེད་ཀྱི་ཆུ་རྒྱུན་ལ་རྒྱུན་ཆད་མེད། རིག་པ་ཡེ་ཤེས་ཀྱི་ས་བོན་ལ་འཕེལ་འགྲིབ་མེད། རིག་པ་སྟོང་གསལ་གྱི་ཡེ་ཤེས་ནི་དབྱེར་མི་ཕྱེད། །རིག་པ་འཛིན་མེད་ཀྱི་ཡེ་ཤེས་ནི་ངོས་བཟུང་གི་མཐའ་དང་བྲལ། རིག་པ་རྟོགས་མེད་ཀྱི་ཡེ་ཤེས་མ་འགགས་ལ་ཡོངས་སུ་གསལ། རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི་མ་འདྲེས་ལ་ཡོངས་སུ་རྫོགས། རིག་པ་ཀུན་སྣང་གི་ཡེ་ཤེས་ནི་གསལ་བླ་འཛིན་པ་མེད། །རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི་གསལ་ལ་ལྷུན་སྟུག་ཅེས་གསུངས་པས་དེ་ལྟ་བུའི་དོན་དམ་པའི་སྐུའམ་གྲོལ་སའི་གཞལ་མེད་ཁང་ཆེན་པོ་ལ་མང་བརྙེས་པའི་ཕྱིར་མི་འགྱུར་བ་རྡོ་རྗེའི་སྐུ་ཡེ་ཤེས་


JLAZ014_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་པོ་ཅན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཁང་པ་ལྟ་བུ་ལས་སྐུ་གསུམ་གྱི་ལམ་སྣང་ཕྱིར་མཆེད་པའི་གཟུགས་སྐུ་ཕྲིན་ལས་དང་བཅས་པས་འགྲོ་བའི་དོན་མཛད་པ་ནི་གདུལ་བྱའི་སྨོན་ལམ་དང་འབྲེལ་བའི་དབང་གིས་ཇི་སྲིད་གདུལ་བྱ་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་འཆར་བ་སྟེ། འཇུག་བ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །དེའི་ཕྱིར་རང་ཅག་ཚུར་མཐོང་ཅན་རྣམས་ཀྱི་སྣང་ངོར་མྱ་ངན་ལས་འདས་སོ་ཞེས་མངོན་སུམ་གྱི་སྤྱོད་ཡུལ་དུ་སྣང་བ་ནུབ་པ་ལྟར་གྱུར་མོད་ཀྱང་། རྡོ་རྗེ་གཅོད་པ་ལས། གང་དང་གང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤྱོད་ལ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། ཞེས་གསུངས་པ་བཞིན་མ་རིག་པ་འཐིབས་པོས་ནོན་པའི་ལོག་ཤེས་ཀྱི་སྣང་བ་ལས། དོན་དབྱིངས་དང་ཡེ་ཤེས་འདུ་འབྲེལ་མེད་པའི་ངང་དུ་སྐུ་གསུམ་གྱི་རང་སྣང་རྟག་པ་རྒྱུན་གྱི་འཁོར་


JLAZ014_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བདག་ཉིད་དུ་འཆར་བ་ལ་འགག་པ་མེད་ཅིང་། རང་སྣང་དེའི་ཆ་ལས་གདུལ་བྱའི་སྣང་ངོར་ལོགས་སྤྲུལ་གྱི་སྐུ་དང་མཛད་པ་ཕྲིན་ལས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བ་དུ་འཆར་བ་ཆོས་ཉིད་ཀྱི་ནམ་ཡང་བསླུ་བ་མེད་པའི་རང་བཞིན་ཡིན་པའི་ཕྱིར་སྐུ་དངོས་སུ་བཞུགས་པ་དང་ཐུགས་རྗེ་ལ་བྲི་གང་དང་། བྱིན་རླབས་ལ་འཕེལ་འགྲིབ་མཆོད་ཅིང་གསོལ་བ་འདེབས་པའི་འབྲས་བུ་ལ་ཆེ་ཆུང་མེད་པའི་རྒྱུ་མཚན་ཡང་དག་པར་རིག་པའི་ངེས་རྙེད་པས་ཇི་སྲིད་བྱང་ཆུབ་སྙིང་པོར་བར་དུ་མགོན་དང་སྐྱབས་དང་དཔུང་གཉེན་རེ་ས་གཞན་དུ་མི་འཚོལ་བར་ཀུན་བཟང་གདོད་མའི་མགོན་པོ་རྒྱལ་བ་འོད་མི་འགྱུར་བའི་ངོ་བོར་རིགས་ཀྱི་བདག་པོར་འབྲལ་བ་མེད་པར་མཆོད་ཅིང་གསོལ་བ་འདེབས་ཡིན་ཏེ། །ཁྱད་པར་རྗེ་ཉིད་ཀྱི་ཞལ་གསུང་རྣམ་ཐར་གསོལ་འདེབས་ལས། མཉམ་རྗེས་ཀུན་ཏུ་ཆགས་སྡང་རེ་དོགས་ཀྱི། ཁྱོད་འཁྲུགས་པ་མ་ཡིན་དབང་པོ་ལ། །སྤྱན་རས་གཟིགས་མགོན་བཞུགས་པའི་བྱིན་རླབས་ཀྱིས། །འགྲོ་དོན་འཁོར་བ་དོང་སྤྲུགས་ལ་གསོལ་བ་འདེབས། །དངུལ་སེམས་ཅན་ཁམས་ནི་མ་


JLAZ014_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར། །གཞན་དོན་འགྱུར་བྱང་ཆུབ་སེམས་གཉིས་ཀྱི། །ཁྱད་ཆོས་བསླུ་བ་མེད་པ་ཡིན་པའི་ཕྱིར། །གདུལ་བྱར་མ་གྱུར་སེམས་ཅན་ཡོད་མིན་ཀྱང་། །སློབ་མར་གྱུར་ནས་དམ་ཚིག་དག་པ་དང་། །བཀའ་བཞིན་བསྒྲུབས་ནས་ཐུགས་ཡིད་འདྲེས་པ་རྣམས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྟེན་འབྲེལ་འགྲིག །ཅེས་དང་འཁྲུངས་རབ་གསོལ་འདེབས་ལས། །འདི་འོག་ཡེ་ཤེས་རྡོ་རྗེའི་རོལ་པ་ཡིས། །རྡོ་རྗེ་སྙིང་པོའི་རིང་ལུགས་བླངས་ནས་སླར། །གཤེ་ཞིང་སྐུར་པ་འདེབས་པ་རྣམས་ཀྱི་དོན། །སྤྲུལ་པ་སྣ་ཚོགས་སྟོན་ལ་གསོལ་བ་འདེབས། །ཞེས་པ་འདི་དག་འགྱུར་མེད་ངེས་པའི་ཞལ་འཆེས་བླ་ན་མེད་པ་ཡིན་པས་རིང་མོ་ཉིད་ནས་ལེགས་བྱས་ཀྱི་བགོ་སྐལ་ལ་སྤྱོད་པའི་སྐལ་བ་དང་ལྡན་པའི་གང་ཟག་རིན་པོ་ཆེ་ལྟ་བུ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཤེས་པར་འཚལ་ལོ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་སྐུའི་མཁའ་དབྱིངས་བརྡལ་བའི་ཀློང་། །མ་བཅོས་རྩོལ་བྲལ་ལྷུན་གྲུབ་རོལ་པ་ཐུགས་རྗེའི་ཆུ་འཛིན་འཁྲིགས་པ་ལས། རྣམ་མང་སྐུ་ཡི་བཀོད་པའི་ཆར་རྒྱུན་གདུལ་བྱའི་ཞིང་ལ་བརྟག་འབབ་པ། །རྒྱ་མཚོའི་རླབས་བཞིན་ཡོལ་བ་མེད་པ་རྒྱལ་


JLAZ014_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་འདི་རྨད་བྱུང་། །མཐའ་ཡས་ཆོས་ཚུལ་རིན་ཆེན་ཀྱང་འགྲོ་ལ་ཕན་བདེའི་རྒྱན་གྱུར་ཀྱང་། །མ་བྱས་རང་བྱུང་སྐུ་གསུམ་འབྲས་བུ་རྒྱ་རྐྱེན་ཞེན་པས་མ་བསྒྲིབས་པར། །མངོན་སུམ་ཐོབ་པའི་གསང་ཆེན་བསྟན་མཆོག་ཀུན་བཟང་དགོངས་པའི་ཐིག་ལེ་ཆེ། །ཡིད་བཞིན་ནོར་བུ་གང་གྱུར་དེ་ཡང་སྙིགས་མའི་དམ་རྫབ་སྟུག་པོས་གཡོགས། །དེ་ལྟ་མོད་ཀྱང་ཁྱོད་ཀྱི་བློ་དང་ཤེས་རབ་སྙིང་རྗེ་སྨོན་ལམ་ཐབས། །ཡོངས་སུ་རྫོགས་པའི་ཆོས་འཁོར་ལེགས་བཤད་ཉལ་འགྲོའི་ཀླུང་ཆེན་བརྡོལ་བ་ཡིས། །ལྟང་ན་རྡུལ་གྱི་ལྗང་འཇིག་དང་ལྷན་ཅིག་ཟབ་དོན་ནོར་བུའི་ཁམས། །དཔྱད་གསུམ་དག་པའི་བྱི་དར་འགྲུབ་པས་སྐལ་ལྡན་ཡིད་ལ་ངལ་བསོ་སྦྱིན། །ད་ལྟ་རྩོད་ལྡན་ལྔ་བདོར་དྲན་པ་བརྫུན། །བདེན་ན་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བསྟན་དང་སྟོན་པར་བཅས་པས་འོག་མིན་གྱི། །ངེས་པར་རྫོགས་པའི་སྐལ་བཟང་འདི་ཅི་ཞིག །འོན་ཀྱང་ཉི་ཟླའི་འོད་ཀྱིས་སྨག་རམ་མུན། །སེལ་བའི་ཀུན་རྫོབ་བདེན་པར་བསྙོན་མེད་ཀྱང་། །བྱང་བསྟན་ཕུག་པར་འོད་སྣང་མི་འཇུག་པ། །རྟེན་འབྲེལ་ངན་པས་སྒྲིབ་པར་ཅི་བྱ་ཡོད། །གང་ཞིག་བཀའ་བཞིན་རྗེས་སུ་བསྒྲུབ་པ་རྣམས། །ལྟ་ཅི་མཐོང་ཐོས་དྲན་རེག་


JLAZ014_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བས་ཀྱང་། །ཐར་པའི་ས་བོན་འཇོག་པའི་གསང་གསུམ་གྱི་མཛད་པའི་མཐའ་ནི་བསམ་བརྗོད་ཡུལ་ལས་འདས། །དེ་ལྟ་ན་ཡང་གངྒཱའི་ཀླུང་ཆེན་ལས། །དྲངས་པའི་ཆུ་རྒྱུན་ཕྲ་མོས་ཞིང་ས་ཡི། །ངལ་བ་དོན་ལྡན་བྱེད་བཞིན་སྐལ་ལྡན་གྱི། ཡིད་གསོས་བསྐུལ་བའི་རྟོགས་བརྗོད་གཏམ་དུ་བས། །ཟེར་གདངས་འོད་ལྔའི་སྒྱུར་འཕྲུལ་བཀྲག་པོ་ཆེ། །དོན་དམ་དབྱིངས་ཀྱི་མན་ཤེལ་དྲི་མེད་ཀློང་། །ཕྱོགས་གཅིག་ཉེ་བར་བསྡུས་པའི་ཡ་མཚན་གྱི། །བཀོད་པའི་གྲགས་དཀར་སྲིད་གསུམ་ཡོངས་ལས་བརྒལ། །གང་ལ་སྒྲིབ་སྦྱོང་ཁུར་དུ་མ་བཀོད་ཀྱང་། །བདག་གཞན་ཚོགས་ཆེན་གསོག་པའི་ཐབས་མཁས་འཕྲུལ། །རྡོ་རྗེ་སློབ་དཔོན་མཆོད་ལས་ལྷག་མེད་ཕྱིར། །སྒོ་གསུམ་བརྩོན་པའི་ལས་ལམ་དཀར་པོས་བསྒྲུབས། །དེ་ཚུལ་ཆ་ཤས་དྲང་པོར་བརྗོད་པའི་ངག །ངག་འཁྱལ་མ་ཡིན་དོན་ལྡན་གཏམ་གྱི་ཚུལ། །ཚུལ་བཞིན་སྦྱར་ལ་ལུས་ངག་ཡིད་གསུམ་གྱི། །གྱི་ནའི་ངང་ཚུལ་བཏང་སྟེ་བརྩོན་པར་བྱས། །དེ་ལས་ཐོབ་པའི་རྣམ་དཀར་དགེ་བའི་ཚོགས། །གཅིག་ཏུ་དཀར་བའི་ལྷུན་པོ་ཏི་སེའི་རི། །ལེགས་བྱས་གངས་རིའི་བླ་ན་འཕགས་པ་ལས། །དོན་གཉིས་ཀླུང་བཞིའི་བཟང་རྟག་འབབ་ཤོག །ཁྱད་པར་རང་བྱུང་འོད་གསལ་རྡོ་རྗེའི་དབྱིངས་གསལ་རྡོ་རྗེའི་དབྱིངས་། །ཀུན་ཏུ་བཟང་པོའི་སྤྲུལ་པར་ཟློས་པའི་གར། །


JLAZ014_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་བླ་མས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་ཐུགས་ཀྱི་ཐིག་ལེར་རྗེ་འཛིན་ཤོག །ཅེས་བདག་ཅག་གི་རྗེ་བཙུན་དམ་པ་ངེས་པར་དོན་གྱི་རྡོ་རྗེ་འཆང་ཐམས་ཅད་མཁྱེན་པ་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་རྗེ་བཀའ་དྲིན་འཁོར་མེད་ཆེན་པོ་འདི་ཉིད་ཀྱི་རྣམ་པར་ཐར་པའི་འཇུག་འཐུད་ཀྱི་རིམ་པ་བུ་ཆེན་གྱི་སྐྱེས་བུ་དམ་པ་རྣམས་ནས་ཚིག་སྦྱོར་ལུང་རིག་ཕུན་སུམ་ཚོགས་པ་དང་བཅས་པ་ཞིག་བརྩམ་པར་བསྐུལ་འདོད་ཀྱིས་སྐུ་གཤེགས་དང་། སྐུ་གདུང་རིན་པོ་ཆེའི་ངོ་མཚར་གྱི་བཀོད་པ་ཟད་མི་ཤེས་པ་དག་ལས་ཆ་ཤས་ཙམ་པ་རང་བློས་ཇི་ལྟར་དཔོགས་པ་དང་རྗེས་སུ་འཇུག་བའི་དགོངས་རྫོགས་རྣམ་དཀར་གྱི་རིམ་པ་ཅི་ནུས་བགྱིས་པའི་ཟིན་ཐུན་རགས་པ་ཙམ་ཞིག་ཡོད་ཐོག་མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཀྱི་སའི་ཚངས་པ་ཆེན་པོ་ནས་རྣམ་ཐར་ཡོངས་རྫོགས་དུ་འཁོད་པའི་དགོངས་བཞེད་བཟང་པོ་བླ་ན་མ་མཆིས་པ་དང་བཅས་པས་འདི་ལྟ་བུ་ཞིག་ཁྱོད་ཀྱིས་འདྲི་བར་འོས་སོ་ཞེས་པའི་བཀའ་ལུང་སྩལ་བའི་ཁུར་ལྕི་བ་དང་ལྷོ་མོན་ལྗོགས་ཀྱི་བསྟན་པའི་བ་དན་སྒྲེང་བ་པོ་སློབ་དཔོན་འཇིགས་མེད་བས་ཀྱང་དེ་བཞིན་གྱི་གསུང་ནན་ཆེ་བས་སླར་བྱང་རྒྱས་པར་གཏན་ལ་ཕབ་སྟེ་རྣམ་པར་ཐར་པའི་གཏམ་རིན་པོ་ཆེའི་ཕྲེང་བ་ཡོངས་སུ་རྫོགས་པར་བྱེད་པ་ནི་རྗེ་བླ་མ་མཆོག་གི་བཀའ་དྲིན་གསུམ་གྱིས་ཉེ་བར་བསྐྱངས་


JLAZ014_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བཀའ་འབངས་ཀྱི་ཐ་ཤལ་ཙམ་དུ་གྱུར་པ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་དཀྱིལ་འཁོར་ཟབ་མོར་ཞུགས་པའི་རིགས་ཀྱི་བརྡ་རྟགས་པདྨ་དབང་ཆེན་རོལ་པ་རྩལ་ལམ་མིང་གཞན་འོད་ཟེར་ཕྲིན་ལས་ཞེས་འབོད་པའི་རྨོངས་པ་བྷ་སུ་ཀུས་བགྱིས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་ངེས་དོན་སྙིང་པོའི་ཆོས་འཁོར་བསྐོར་བའི་རྡོ་རྗེ་སློབ་དཔོན་དང་མཇལ་ཏེ་གདམས་པ་ཚུལ་བཞིན་བསྒྲུབ་པས་མི་རིང་བར་ཀུན་ཏུ་བཟང་པོ་འོད་སྣང་མཐའ་ཡས་པའི་ངོ་བོར་འགྲོ་བ་ཀུན་གྱི་དེད་དཔོན་མཆོག་གུ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུར་གྱུར་ཅིག


previousཤོག་ལྷེབ་ ༦༠༡ ནས་ ༧༣༡ བར།no next