Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ། མཁས་གྲུབ་རྗེ་ལ་ཚེམས་གནང་སྐོར།
   
   
   
   
   
   
   
   
   
   


 
previousལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ། མཁས་གྲུབ་རྗེ་ལ་ཚེམས་གནང་སྐོར། next

ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ། མཁས་གྲུབ་རྗེ་ལ་ཚེམས་གནང་སྐོར།


JLD001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ། མཁས་གྲུབ་རྗེ་ལ་ཚེམས་གནང་སྐོར་བཞུགས་སོ། །


JLD001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་པཱ་ཎ་ཡེ། ཡང་ཐིག་ཕྱིར་ཆོས་འཁོར་གྱི་དུས་གཅིག །རྗེ་དཀའ་བཞི་པ་བློ་བཟང་གྲགས་པའི་སློབ་མ། བཤེས་གཉེན་ཀུན་དགའ་བཟང་པོ་དང༌། ཡི་དམ་གྱིས་ལུང་བསྟན་པའི་སློབ་མ། མདོ་སྨད་གསེར་ལྡན་པ་དྷྭ་ཛ་བྷ་དྲ་སོགས་དགེ་བའི་བཤེས་གཉེན་མང་པོ་བདག་མཇལ་དུ་བྱོན་བྱུང་བས། ཁོང་རྣམས་ཀྱི་གསུང་ནས། བདག་ཅག་རྣམས་ཀྱི་བླ་མ་དམ་པ་ཙོང་ཁ་པ་ཆེན་པོ། ཁྱེད་ཀྱི་མཚན་བརྗོད་པ་ན་མཚུངས་མེད་ནམ་མཁའ་རྒྱལ་མཚན་པ་ཞེས་དང༌། ལྷོ་བྲག་རྗེ་བཙུན་ཕྱག་རྡོར་བ་འདི་སྐད་གསུང་ཞེས་སོགས་བཀའ་དྲིན་ཆེ་ཞིང་ངོ་མཚར་བའི་བསྔགས་པ་མཛད་ཀྱིན་འདུག་པས། རྗེ་ཙོང་ཁ་པ་དག་མཇལ་བའི་དུས་ངོ་མཚར་བའི་གཟིགས་སྣང་དང༌། རྟགས་རྟེན་འབྲེལ་བྱུང་ཚུལ་རྣམས་གསུང་


JLD001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཞེས་ནན་ཆེར་ཞུས་པའི་ངོར་རགས་རིམ་ཞིག་བརྗོད་ན། བདག་གིས་ལོ་བདུན་ཅུ་ལོན་དུས། བུ་མོ་དཀར་མོ་གཅིག་ན་རེ། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ། ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཕུན་སུམ་ཚོགས་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་པ་ཡོད་ཅིང༌། ཕན་ཚུན་དཔོན་སློབ་ཏུ་འབྲེལ་པ་འོང་བ་ཡོད་པས། དེ་ལ་ཆོས་བཀའ་ལ་སྲིས་མ་འཇུག་པར་བྱིན། ཕར་ཡང་ཆོས་ཞུས་ཟེར་བ་ཞིག་བྱུང་བས། བདག་མོས་གུས་དཔག་ཏུ་མེད་པ་སྐྱེས་སོ། །ཡང་ལན་ཅིག་མགོན་པོ་བྱམས་པ་འབྱོན་གྱིན་ཡོད་ཟེར་བའི་སྐད་ལྷང་བ་ཞིག་བྱུང༌། ཆོས་རྗེ་དཀའ་བཞི་པས་རྒྱ་མོ་རིའི་འཕྲང་ལ་ཕེབས་པའི་ཚོད་དུ་འདུག །བཅོམ་ལྡན་འདས་


JLD001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། ལུག་ཟླའི་ཚེས་བཞིའི་ཉིན་ལྷོ་བྲག་གྲོ་བོ་དགོན་པར་ཕྱག་ཕེབས་བྱོན་པ་བདག་གིས་བསུ་བ་ལ་ཕྱིན་པས། རྗེ་བཙུན་འཇམ་དབྱངས་འོད་ཀྱི་དྲ་བས་མཛེས་པ་ཞིག་ཕེབས་བྱུང་བར་མཐོང༌། ཁོང་གིས་བདག་ཕྱག་ན་རྡོ་རྗེ་དངོས་སུ་གཟིགས་ཤིང༌། དེའི་གསུས་པའི་དཀྱིལ་འཁོར་ཤིན་ཏུ་ལྡིར་ཞིང་བཻཌཱུརྱ་ལྟར་དྭངས་པ་ལ་སྦྲུལ་སྡོ་ཁྲས་སྤྲས་པར་གཟིགས་འདུག །དེ་ནི་སྔར་ལས་ཀྱང་གདུལ་བྱ་འཕྲིན་ལས་རྒྱས་སུ་འགྲོ་བའི་བརྡ་ཡིན། དེའི་ནུབ་མོ་ཁོང་གི་གསུང་ནས། བླ་མའི་རྣལ་འབྱོར་ཅིག་ཞུ་གསུང༌། བདག་གིས་བླ་མའི་རྣལ་འབྱོར་ཞིག་ཕོག་པས། ཕྱག་ན་རྡོ་རྗེ་བྱོན་ནས་ཁོང་ལ་ཐིམ་སོང༌། ཡང་ཚེས་བཅོ་ལྔའི་ཐོ་རངས་བྱམས་པ་ཉིད་ལ་བསླབ་བཏུས་ཞུས་ཟེར་བ་ཞིག་བྱུང༌། ཁོང་ལ་བསླབ་བཏུས་གསུང་བར་ཞུ་ཞུས་པས། ཁོང་གི་གསུང་ནས། ཡི་དམ་དེ་སྐད་གསུང་ངམ་གསུང༌། གསུང་ལགས་ཞུས་པས། བསླབ་བཏུས་གསུངས། ཆོས་ཉན་དུས་མཐོང་སྣང་ལ་ཁོང་གི་དབུའི་སྟེང་ན་རྗེ་བཙུན་བྱམས་པ་བཞུགས། དཔུང་པ་གཡས་ན་འཇམ་དབྱངས་དཀར་པོ། གཡོན་ན་ལྷ་མོ་དབྱངས་ཅན་མ་བཞུགས་འདུག །མགོན་པོ་ཕྱག་བཞི་པ་དང་ཕྱག་དྲུག་པས་གཙོ་བྱས་པའི་ཆོས་སྐྱོང་དང་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་འདུག་གོ །གཞན་ཡང་དཀར་ཕྱོགས་ལ་དགའ་བའི་ལྷ་འདྲེའི་ཚོགས་མང་པོ་ཆོས་ཉན་ཞིང་འདུག་པས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་སོ། །སོ་སོར་འབྲང་མའི་དབང་དང༌། སེམས་བསྐྱེད་ཀྱང་


JLD001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་སོ། །ཁོང་གིས་བདག་ལ་ཚུར་ཆོས་ཞུས་པ་ལ། བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབས་གསུམ་གྱི་ཁྲིད། ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང༌། ཕྱག་རྡོར་སྐུ་ལྔའི་རྗེས་གནང༌། ཞུ་ལན་རྡོ་རྗེའི་ཕྲེང་བ། ཞུ་ལན་གཅེས་འཕྲེང་གི་ལུང་རྗེས་གནང༌། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་དབང་དང་རྗེས་གནང༌། དྲེགས་པ་ཀུན་འདུལ་གྱི་དབང༌། རྟ་མགྲིན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་སོགས་བྱས་པའི་དུས། རྗེས་གནང་དང་དབང་གི་བྱ་བ་ཌཱ་ཀི་རྣམས་ཀྱིས་བྱེད་པ་དང༌། བདུད་རྩི་ཀ་པཱ་ལ་གང་ཁོང་ལ་ཕུལ་བས། དེར་ལྦུ་བ་ཤར་བའི་ནང་དུ་འཇམ་དབྱངས། འཛམ་ལ་རྣམ་སྲས་རྣམས་རེ་རེ་བཞུགས་པ་གཟིགས་ཤིང༌། རྟགས་ངོ་མཚར་ཅན་མང་ཞིག་བྱུང་སྟེ་བཤད་ཀྱིས་མི་ལང༌། ཁོང་གི་འཁོར་བླ་མ་འཇམ་དཀར་བ་སོགས་ཕུན་སུམ་ཚོགས་པ་མང་བར་འདུག་པ་རྣམས་ལ་ཡང་བདག་གིས་ཆོས་ལུང་མང་དུ་བྱས། དཔོན་སློབ་ཐམས་ཅད་ལ་དད་པ་ཐོབ་བོ། །དེའི་སྟོབས་ཀྱིས་བདག་ལའང་ཡོན་ཏན་བག་རེ་སྐྱེས་པ་བྱུང་ངོ༌། །བདག་གིས་གདམས་ངག་རྣམས་བསྟན་པའི་དུས་སུ། བདག་གི་མགོ་ཐོག་ཏུ་ཤཱཀྱ་ཐུབ་པ། གཡས་སུ་ཕྱག་ན་རྡོ་རྗེ། གཡོན་དུ་གདུགས་དཀར་མོ་རྣམས་ཕལ་ཆེར་འབྱོན་གྱིན་འདུག་པས་བར་ཆད་མི་འབྱུང་བའི་རྟགས་སུ་འདུག །དེ་ནས་རེ་ཞིག་ན་དཀའ་བཞི་པའི་གསུང་ནས། བདག་ལ་ལྟ་བའི་སྐོར་གྱི་ཐེ་


JLD001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་འགའ་ཞིག་ཡོད་པས། འདི་སེལ་བ་ལ་རྒྱ་གར་ཤིང་གི་རི་ན་རྗེ་མི་ཏྲ་བཞུགས་པའི་དྲུང་དུ་འགྲོ་འདོད་པས། དེ་ལ་བར་ཆད་མི་འབྱུང་ལགས་སམ་གསུང་གིན་འདུག་པ་ལ། ལྟ་བའི་གནད་རྣམས་བདག་གིས་ཡི་དམ་ལ་ཞུ་ཡིས། རྒྱ་གར་ལ་བྱོན་ན་ཁྱེད་རང་མི་ཏྲ་དང་མཇལ་བ་སོགས་ངོ་མཚར་བ་འོང་ནའང༌། ཁྱེད་ཀྱི་འཁོར་འདི་རྣམས་ཚོགས་ལམ་དང་སྦྱོར་ལམ་ཆེན་པོ་ལ་གནས་པ་ཤ་སྟག་འདུག་པས། འདི་རྣམས་ཀྱི་ཚེའི་བར་ཆད་དུ་འགྱུར་བ་འདུག་ཅིང༌། ཁྱེད་ཀྱང་རྒྱ་གར་དུ་བཞུགས་ནས་ཚུར་མི་ཕེབས། དེ་བས་བོད་ཕྱོགས་འདིར་བསྟན་པ་ལ་ཕན་པའི་ཐབས་ལ་འབད་ན་འགྲུབ་པས་དེ་བཞིན་མཛད་འཚལ་ཞེས་ཞུས་ཤིང༌། བདག་གིས་བཤོལ་བཏབ་བོ། །དེ་ནས་ལྟ་བའི་གནད་རྣམས་ཡི་དམ་ལ་ཞུས་པས། བདུད་རྩི་སྨན་མཆོག་ཅེས་པའི་གདམས་པ་གནང་ནས་འདིས་མ་ཏི་བྷ་དྲ་ཤྲཱིའི་ཐེ་ཚོམ་སེལ་ལོ་གསུང༌། མ་ཏི་བྷ་དྲ་ཤྲཱི་དེ་གང་ལགས་ཞུས་པས། བློ་བཟང་གྲགས་པ་སྐྱེ་བ་འདིའི་གོང་པཎྜི་ཏའི་སྐྱེ་བ་བདུན་དུ་སེམས་ཅན་གྱི་དོན་བྱས། འདི་གའི་གོང་དུའང་ཁ་ཆེ་གྲིབ་བསྟན་དུ་པཎྜི་ཏ་མ་ཏི་བྷ་དྲ་ཤྲཱི་བྱ་བར་སྐྱེས་གསུང༌། དེ་ནས་བདག་གིས་དཀའ་བཞི་པ་ལ། རྫིང་ཇིའི་ཇོ་བོ་ལ་བསྟོད་པ་མིང་ཚངས་པའི་ཅོད་པན་ཞེས་བྱ་བ་འགྲོ་བ་སྡུག་བསྔལ་གྱིས་མནར་བ་རྣམས་ལ་ཐུགས་རྗེས་གཟིགས་པའི་གསོལ་གདབ་དང་རབ་ཏུ་བྱུང་བའི་རྟགས་ཆ་ཚང་བ་དང་བཅས་པ་ཕུལ་ན་དུས་ཕྱིས་སངས་རྒྱས་ཀྱི་བསྟན་པའི་གཞི་མ་འདུལ་བའི་བསླབ་ཁྲིམས་ཤིན་ཏུ་དར་


JLD001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟེན་འབྲེལ་ཡོད་ཅེས་ནན་གྱིས་བསྐུལ་བས་དེ་ལྟར་མཛད། དགུང་ལོ་བཞི་བཅུ་རྩ་ལྔ་ལ་སྐུ་ཚེའི་བར་ཆད་ཅིག་ཡོད་ཉེན་འདུག་པས་དེ་སེལ་བའི་ཕྱིར་དུ། དཔལ་འཁོར་ལོ་ཆེན་པོ་བདུད་རྩི་ཐིགས་པའི་བསྐྱེད་རྫོགས་ཟབ་མོ་འདི་བདག་གིས་ཁོང་ལ་ཕུལ་ཞིང༌། ད་ལན་འདི་ནས་ཙ་རི་དང་གཉལ་སོགས་ལ་བྱོན་ན་བསྟན་པ་དང་སེམས་ཅན་ལ་འཕྲལ་དང་ཡུལ་དུ་ཕན་པའི་ཐབས་ཁྱད་པར་ཅན་འདུག་ཅིང༌། རྒྱ་གར་གྱི་མཁས་གྲུབ་ཅིག་གི་སྐུའི་སྣང་བ་དང་བསྟན་བཅོས་ལ་བརྟེན་ནས་ཟབ་མོའི་དོན་ལ་དཔྱིས་ཕྱིན་པའི་ངེས་པ་རྙེད་ཡོང་བས་དེ་ལྟར་མཛད་ཅིང་རེ་ཞིག་གི་བར་དུ་བྱ་བྲལ་འཆད་ཉན་མཛད་ན་འགྲོ་ཕན་ཆེ་ཞེས་སོགས་ཞུས་པས། ཁོང་གིས་ཀྱང་གསན་དགོངས་མཛད། བདག་གི་ས་ཆ་ཡར་མར་རྣམས་སུ་ཟླ་བ་བདུན་དུ་བཞུགས། ལྷོ་བྲག་གི་གྲྭ་བུ་སློབ་སྐྱེ་བོའི་ཚོགས་དང་བཅས་པ་ལ་གསུང་ཆོས་མང་དུ་གནང་ངོ༌། །བདག་གིས་ཁོང་གི་སྐུ་བསོད་རྒྱས་པའི་ཕྱིར་རྣམ་སྲས་ལ་གཏོར་མ་ཕུལ་བས། དེའི་ནུབ་མོ་རྡོ་རྗེ་རྣམ་འཇོམས་ལ་རྣམ་སྲས་བཞིས་བསྐོར་བ་ཞལ་མཐོང་ཞིང་དེའི་སྒྲུབ་ཐབས་ལས་མཐའ་དང་བཅས་པ་གསུངས་སོ། །དཀའ་བཞི་པ་དང་མཇལ་ཚུལ་ཟུར་ཙམ་བཀོད་པའོ།། །། ༈ ༀ་སྭ་སྟི། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དགའ་བ་གདོང་དུ་རྗེ་བཙུན་གྱིས་ལུང་བསྟན་མཛད་དུས། རྗེའི་ཞལ་ནས་རྗེ་བཙུན་ལ་ངས་ཞིང་འདིར་ཇི་ཙམ་འཚོ་ཞུས་པས། རྗེ་


JLD001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་གྱིས་ཁྱོད་འདས་པའི་སྐབས་ནི་ད་ལྟའོ། །ཞེས་གསུངས་པས། ད་ནི་ཞིང་གཞན་དུ་འགྲོ་དགོས་དགོངས་པས། མགོན་པོ་ཚེ་དཔག་མེད་ཀྱིས་ཞལ་བསྟན་ནས་སྐུ་ཚེ་བསྲིང་བའི་རྟེན་འབྲེལ་བསྒྲིགས་སོ། །དེའི་ཚེ་རྗེ་བཙུན་གྱི་ཞལ་ནས། དེ་ལྟར་ན་ཆོས་ལུང་དུ་ཚེམས་གཅིག་བུད་པ་དེ་མཁས་གྲུབ་པ་ལ་སྦྱིན་ལ་ཀུན་ལ་ཁྱབ་ཆུག །མཇུག་ཏུ་ཕག་ལོའི་ཟླ་བ་བཅུ་པ་ལ་གཤེགས་པར་འགྱུར་རོ། །དེ་དུས་ཁྱོད་ཀྱིས་རྟེན་རིལ་པོར་ཞོག་དང༌། ལོ་སུམ་བརྒྱ་ལོན་པ་དང༌། ལྷ་རྣམས་ཀྱིས་ལུང་བསྟན་བྱས་པའི་རིན་པོ་ཆེ་ཆོས་རྒྱལ་ཞེས་བྱ་བའི་བཎྜི་ཏས། སྐུ་རིལ་པོ་མ་ག་དྷ་དང་རྡོ་རྗེ་གདན་དུ་གདན་འདྲེན་བྱེད། དེའི་དོན་གྱིས་ཞིང་འདིར་ཚེམས་ལ་རིང་བསྲེལ་གྱིས་ཁྱབ་པའི་དོན་དེ་ཡིན་ནོ། །རྗེ་བཙུན་གྱིས་ཞག་མང་རབས་ལུང་བསྟན་མཛད་དོ། །ཕྱིས་རྗེ་ཆོས་ལུང་དུ་ཕེབས་ཏེ་ཐུགས་དམ་ལ་བཞུགས་དུས། རྒྱུད་སྡེ་བཞིའི་ལྷ་ཚོགས་དང༌། ཁྱད་པར་སངས་རྒྱས་སུམ་ཅུ་སོ་ལྔས་ཞལ་གཟིགས་ཏེ་བྱིན་གྱིས་བརླབས་སོ། །དེ་དུས་མཁས་གྲུབ་པས། ཀུན་མཁྱེན་པ་ལ། མདངས་ནི་ཕ་བླ་མའི་ལུང་བསྟན་བྱེད་པ་རྨི་བས། རྒྱུད་སྡེ་བཞིའི་དོན་བསྡུས་པ་རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་རྣམས་བཤད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྗེས་ཀྱང་དེ་ལེགས་གསུང༌། ཆོས་ཟབ་མོ་རྣམས་གནང༌། དེའི་ཉིན་གཅིག་ཉི་མའི་འོད་ཟེར་རྒྱས་པ་དང༌། རྗེའི་ཞལ་ནས་འོད་ཅིག་བྱུང་ནས་ནམ་མཁའ་ཁྱབ་པ་ཀུན་གྱིས་མཐོང་ངོ༌། །དེ་ཡང་ལ་ལས་འཇའ་འོད་དུ་མཐོང༌།


JLD001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་པས་རྗེ་རིན་པོ་ཆེའི་ཚེམས་གཅིག་བུད་པ་གཟིགས། འདུལ་བ་འཛིན་པ་དང་མཁས་གྲུབ་པ་གཉིས་ཀྱིས་ཀྱང་ཚེམས་གཅིག་བུད་པ་གཟིགས་ཏེ། རྗེའི་ཞལ་ནས། ལྷུན་པོའི་དྲུང་ན་གསེར་རི་ལྟ་བུར་གནས། །འགྲན་ཟླ་མེད་པའི་དགེ་ལེགས་ཁྱོད་ལ་སྦྱིན། གསུངས་ནས་མཁས་གྲུབ་པ་ལ་གནང་ངོ༌། །རྒྱལ་ཚབ་པ་དང་འདུལ་འཛིན་སོགས་ཀྱིས་ངེད་རྣམས་ལ་མི་གནང་བ་ཅི་ཡིན་ཞུས་པས། ཁྱེད་རྣམས་ལ་མི་གནང་བ་མིན། མཁས་གྲུབ་པ་འདི་ལས་དང་སྐལ་བར་ལྡན་པ་ཡོད། རྗེ་བཙུན་གྱིས་ལུང་བསྟན་པ་ཡང་ཡོད། རྒྱུད་འདི་རྣམས་འཆད་པའི་དོན་ཡང་དེ་ཡིན། ཁྱེད་རྣམས་ཞག་བདུན་གྱི་བར་གསོལ་བ་ཐོབ་དང་གནང་བས་ཆོག་གསུང་ངོ༌། །མཁས་གྲུབ་པས་ཀྱང་ཚེམས་ཁོང་རང་གི་གཟིམས་ཁང་དུ་ཁྱེར་ནས་གསོལ་བ་བཏབ་པས་གཟིམས་ཁང་འོད་ཀྱིས་གང་ངོ༌། །ཞག་བདུན་སོང་བ་ན། རྗེས་ཚེམས་ཁྱེར་ཤོག་གསུངས་ནས་མཆོད་པ་ལེགས་པར་བཤམས་པ་དང༌། ཞལ་ཕྱེ་བས་ཚེམས་རང་ལ་འཇམ་དབྱངས་ཀྱི་སྐུ་ཞིག་བྱོན། དེའི་དབུ་དང་ཕྱག་ཚེམས་རྣམས་ལ་རིང་བསྲེལ་ཕྲ་བཏབ་པ་བཞིན་བྱོན། འཇམ་དབྱངས་དེའི་སྤྱི་གཙུག་གི་དུང་མདོག་དཔའ་བོ་རྡོ་རྗེ་ལ་གནང༌། དཔྲལ་བའི་ཤེལ་མདོག་རྒྱལ་ཚབ་པ་ལ་གནང༌། མགྲིན་པའི་གསེར་མདོག་པུཎྱཻ་ཤྲཱི་ལ་གནང༌། ཐུགས་ཀའི་བཻཌཱུརྱ་ལྟ་བུ་འདུལ་བ་འཛིན་པ་ལ་གནང༌། རྗེ་བཙུན་གྱི་སྐུ་དང་ཡན་ལག་ལ་རིང་བསྲེལ་སྟོང་རྩ་གཉིས་བྱོན་པ་དེ། དེར་བཞུགས་


JLD001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ལ་ཁྱབ་པར་གནང༌། དེ་ནས་བཟུངས་ཏེ་ཕལ་ཆེར་བྱོན་པ་རིང་བསྲེལ་གྱིས་ཁྱབ་པར་བཞུགས་པ་རྣམས་ལས་ཅན་རྣམས་ཀྱི་མཆོད་རྟེན་ནོ། །ཞེས་གསུང༌། འདི་ལྟ་བུའི་ལུང་བསྟན་དང་ལྟས་ཁྱད་པར་ཅན་བྱུང་ཚུལ་གྱི་དཔེ་ཡང་། དབུས་སུ་རྒྱུན་ཆད་དེ་མིང་ཙམ་ཡང་མེད་པར་སོང་བ། མང་དུ་ཐོས་པའི་སྤྱན་དང་ལྡན་པ་རྗེ་བཙུན་དམ་པ་སངས་རྒྱས་རིན་ཆེན་གྱིས་མ་བཟོད་ནས་འབད་པ་ཆེར་མཛད་པས། མདོ་སྨད་ཅོ་ནེའི་ཕྱོགས་ནས་ཕུལ་བ་འདིས་ཀྱང་བསྟན་པ་དྲི་མ་མེད་པ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱི་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ། མཁས་གྲུབ་རྗེ་ལ་ཚེམས་གནང་སྐོར། next