Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
རྗེ་རིན་པོ་ཆེས་བ་སོ་ཆོས་རྗེ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་།
   
   
   
   
   
   
   
   


 
previousརྗེ་རིན་པོ་ཆེས་བ་སོ་ཆོས་རྗེ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་། next

རྗེ་རིན་པོ་ཆེས་བ་སོ་ཆོས་རྗེ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་།


JLD001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྗེ་རིན་པོ་ཆེས་བ་སོ་ཆོས་རྗེ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །


JLD001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སོགས་སྔོན་དུ་བཏང་ནས། རང་གི་སྤྱི་བོར་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཡིན་པ་ལ། རྣམ་པ་རྗེ་བཙུན་འཇམ་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རལ་གྲི་འཕྱར་ཞིང་གཡོན་གྱིས་གླེགས་བམ་ཐུགས་ཀར་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དཔེས་བརྒྱན་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ། ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ཟེར་གྱི་ཕུང་པོ་ཆེན་པོའི་དབུས་སུ་བཞུགས་པ། དེའི་


JLD001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཟབ་མོ་ལྟ་བརྒྱུད། རྒྱ་ཆེན་སྤྱོད་བརྒྱུད། ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་དང༌། གཞན་ཡང༌། རང་གི་ཆོས་འབྲེལ་དངོས་སུ་ཐོབ་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོའི་བླ་མ་ལ་ཐིམ་པས། དེ་ཉིད་སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་དུ་མོས་ནས། གདུང་ཤུགས་དྲག་པོས་དམིགས་བརྩེ་མ་འདྲེན་ཅིང་གསོལ་བ་བཏབ་པས། བླ་མའི་སྤྱི་བོའི་ༀ་ལས་འོད་ཟེར་དང་བདུད་རྩི་དཀར་པོ་དཔག་ཏུ་མེད་པ་བྱུང༌། རང་གི་སྤྱི་བོར་ཐིམ། བླ་མའི་སྐུའི་བྱིན་རླབས་ཞུགས།


JLD001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞིའི་ནང་ནས་བུམ་དབང་ཐོབ། ཐོག་མེད་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །སྐུ་རྡོ་རྗེ་འགྲུབ་པའི་ནུས་པ་བཞག་བྱུང་སྙམ་དུ་མོས་ནས་དམིགས་བརྩེ་མ་འདྲེན་ཅིང༌། ཡང་སྔར་བཞིན་གསོལ་བ་བཏབ་པས། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དང་བདུད་རྩི་དམར་པོ་དཔག་ཏུ་མེད་པ་བྱུང༌། རང་གི་མགྲིན་པར་ཐིམ། ཐོག་མེད་ནས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །བླ་མའི་གསུང་གི་བྱིན་རླབས་ཞུགས། དབང་བཞིའི་ནང་ནས་གསང་དབང་ཐོབ། གསུང་རྡོ་རྗེ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་མོས་ནས། དམིགས་བརྩེ་མ་འདྲེན་ཅིང༌། ཡང་སྔར་བཞིན་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དང་བདུད་རྩི་སྔོན་པོ་དཔག་མེད་བྱུང༌། རང་གི་སྙིང་གར་ཐིམ། ཐོག་མེད་ནས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །བླ་མའི་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞིའི་ནང་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་མོས་ནས་དམིགས་བརྩེ་མ་འདྲེན་ཅིང༌། ཡང་སྔར་བཞིན་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༌། རང་གི་གནས་གསུམ་དུ་ཐིམ། ཐོག་མེད་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་


JLD001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །བླ་མའི་སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་ཞུགས། དབང་བཞིའི་ནང་ནས་ཚིག་དབང་རིན་པོ་ཆེ་ཐོབ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་མོས་ནས་དམིགས་བརྩེ་མ་འདྲེན། དེ་ནས་རང་གི་སྤྱི་བོ་ནས་སྙིང་གའི་བར་དུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་སྣ་སྤྱི་བོ་ལ་ཟུག་པ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུ། བུ་ག་སྐྱ་ཐལ་ལེ་ཡོད་པ། མར་སྣ་རག་དུང་གི་ཞབས་ཀྱི་རྣམ་པ་ཅན་སྙིང་གར་གནས་པ། རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པ། ཁ་གྱེན་དུ་ཤག་ཕྱེ་བ། དེའི་དབུས་སུ་རང་གི་སེམས་ཉིད་ངྷཱིཿ དམར་སེར་དུ་གསལ་བཏབ281“། དེ་ནས་སྤྱི་བོའི་བླ་མ་ལ་དམིགས་ནས། བླ་མ་རིན་པོ་ཆེ་བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། ཆོས་ལ་བར་ཆད་མེད་པར་བྱིན་གྱིས་རློབས། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་རློབས། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་བདེ་བླག་ཏུ་རང་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ལམ་རིམ་པ་གཉིས་ཀྱི་རྟོགས་པ་ཁྱད་པར་


JLD001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རང་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་རྩ་དབུ་མའི་ནང་ནས་མར་བྱོན་ནས། རང་གི་སེམས་ངྷཱིཿ དམར་སེར་དུ་གསལ་བ་ལ་ཐིམ། བླ་མ་དང་རང་གི་སེམས་རྗེ་བཙུན་གསུམ་དབྱེར་མི་ཕྱེད་པའི་ངང་ལ་དར་ཅིག་མཉམ་པར་གཞག་གོ །དེ་ནས་རང་གི་སྙིང་ག་པདྨར་གསལ་བ་ཁ་འུབ་འདུས་པའི། རྗེ་བཙུན་གྱི་རལ་པའི་ཐོར་ཅོག་གི་མཚམས། ༀ་ཨ་ར་པ་ཙ་ན་དྷཱིཿའི་སྔགས་ཀྱིས་བསྐོར་བར་བསམ་མོ། །དེ་རྗེས་སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་ཞེས་སོགས་བརྗོད། །མངྒ་ལཾ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། ཆོས་སྡེ་ཆེ་ནས་ཆོས་སྦྱན་ཆར་འདི་སྤེལ། །


previousརྗེ་རིན་པོ་ཆེས་བ་སོ་ཆོས་རྗེ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་། next