Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ།
   
   
   


 
previousབྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ། next

བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ།


JLD001_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ་བཞུགས་སོ། །


JLD001_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱ་བའི་ཚུལ་རྣམ་པར་བཤད་པ་བྱང་ཆུབ་གཞུང་ལམ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་རླབས་ཆེན་སྙིང་རྗེས་རབ་ཏུ་བསྐྱོད་གྱུར་པས། །ཤིན་ཏུ་བྱ་དཀའི་ཁུར་ནི་དཔག་མེད་བསྐལ་པར་བཞེས་པ་ཡིས། །གོ་འཕང་བླ་ན་མེད་པར་གཤེགས་ནས་གསུང་དབྱངས་མཐོན་པོ་ཡིས། །འགྲོ་བ་མ་རིག་གཉིད་ལས་སད་མཛད་དེ་ལ་གུས་ཕྱག་འཚལ། །རྒྱལ་བ་དེ་ཡིས་ཆོས་ཀྱི་རྒྱལ་སྲིད་ནི། །གང་ལ་གཏད་པ་རྒྱལ་ཚབ་ཆོས་ཀྱི་རྗེ། །ས་ཡི་དབང་ཕྱུག་མི་ཕམ་མགོན་


JLD001_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི། །དྲི་མེད་མཛད་པས་འགྲོ་རྣམས་སྐྱོང་གྱུར་ཅིག །དེ་ཡི་ཞབས་ཟུང་ཡིད་འོང་པདྨའི་རྡུལ། །གང་ལ་རེག་རྣམས་བཀྲ་ཤིས་རྒྱས་བྱེད་པ། །གུས་པས་གཙུག་ཏུ་སྟེན་མཛད་རྒྱལ་ཚབ་སྲས། །འཕགས་པ་ཐོགས་མེད་ཞབས་ལ་མགོས་ཕྱག་འཚལ། །མི་ཕམ་ཞལ་ནས་བྱོན་པའི་གདམས་པའི་ཕུལ། །རྒྱལ་སྲས་སྤྱོད་ལ་སློབ་པར་ཁས་བླངས་ནས། །ཚུལ་བཞིན་སྒྲུབ་པའི་རིམ་པ་འདིར་བཤད་ཀྱིས། །ཐེག་མཆོག་དགའ་སྟོན་འདོད་རྣམས་གུས་པས་ཉོན། །འདི་ན་ཐེག་ཆེན་པ་ཞེས་ཁས་འཆེ་བ། །ཁ་ཅིག་རྒྱལ་སྲས་རྣམས་ཀྱི་འཇུག་ལྡོག་གི །བཅས་པའི་གནས་ལ་བློ་མིག་ཟུམ་གྱུར་ཅིང༌། །གཞན་དག་ཚིག་ཙམ་འདོན་ཡང་གནས་


JLD001_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས། །ཐེག་པ་མཆོག་ལ་སྒྲུབ་པ་ལྷུར་ལེན་པའི། །རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །གདམས་པའི་མཆོག་ཏུ་ངེས་པ་མ་རྙེད་པས། །ཐུབ་པའི་བཅས་པ་དོར་ནས་བག་ཡངས་སུ། །ལྕགས་ཀྱུ་མེད་པའི་གླང་ཆེན་བཞིན་འཇུག་པ། །དེ་དག་རྣམས་ཀྱི་སྙིང་ལ་མི་འབབ་ཀྱང༌། །ཐེག་མཆོག་རིགས་ཀྱི་ནུས་པ་མི་དམན་པའི། །སྐལ་བཟང་རྣམས་ཀྱི་དགའ་བ་རྒྱས་པར་འགྱུར། ། ༈ འདིར་འཇམ་དཔལ་རྩ་བའི་རྒྱུད་ལས། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་འདི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན།ཞེས་ལུང་བསྟན་པ། དམ་པའི་ཆོས་འཛིན་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་སྐྱེ་བ་དུ་མར་ཚོགས་དཔག་ཏུ་མེད་པ་གསོག་པ་ལ་གོམས་པ་ལྷུར་མཛད་པ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཐུ་གཞན་གྱིས་


JLD001_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པར་དཀའ་བ་འཕགས་པ་ཐོགས་མེད་ཅེས་བྱ་བ་དེས། རྗེ་བཙུན་བྱམས་པ་ལ་སྤྱིར་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་གསན་ཅིང་ཁྱད་པར་དུ་ཐེག་པ་མཆོག་གི་ལམ་དང་འབྲས་བུའི་ཚུལ་རྒྱ་ཆེར་གསན་པའི་དོན་ཉེ་བར་བསྡུས་པ་བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་ཉེ་བར་སྦྱར་རོ། །དེ་ལྟ་ནའང་དེ་ལ་ནི་ཐེག་པ་མཆོག་ལ་སྔོན་གྱི་གོམས་པ་ཆུང་བ་རྣམ་པར་དཔྱོད་པའི་སྟོབས་དམན་ཞིང་བརྩོན་པའི་མཐུ་ཆུང་བ་རྣམས་ཀྱིས་བསླབ་པར་མི་ནུས་པར་མཐོང་ནས་དེ་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་ས་ཡི་ཚུལ་ཁྲིམས་ཀྱི་ལེའུ་ཡི་དོན་ཙམ་ཞིག་བློ་དམན་པ་རྣམས་ཀྱིས་གོ་སླ་བར་བཤད་པར་བྱ་སྟེ། འདི་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་གང་ལ་གནས་པའི་རྟེན་བྱང་ཆུབ་ཀྱི་སེམས་ཐོག་མར་མན་ངག་བཞིན་བསྐྱེད་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་ཁས་ལེན་པའི་སྒོ་ནས་སྡོམ་པ་བཟུང་བ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་བ་མེད་པར་ནི་འགའ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོ་བའི་སྐབས་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ཉིད་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལས་ཚུལ་ཁྲིམས་གསུམ་བཤད་ཟིན་པའི་འོག་ཏུ། དེ་ལ་ནི་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་


JLD001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདོད་པ་རྣམས་ཀྱིས་ཀྱང་བསླབས་སོ། །མ་འོངས་པ་རྣམས་ཀྱང་སློབ་པར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་གནས་པ་དག་ཀྱང་སློབ་བོ། །ཞེས་དང༌། ཚུལ་ཁྲིམས་ལེའུའི་འགྲེལ་པ་ལས་ཀྱང༌། སྐྱེས་བུ་གང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཐེག་པ་ཆེན་པོའི་སྒོར་ཞུགས་པ་བདག་དང་གཞན་ལ་ཕན་པར་འདོད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་འདོད་པའི་སྐྱེས་བུ་གང་ཐེག་པ་ཆེན་པོར་ཁས་འཆེ་བ་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པར་བྱའོ། །བྱང་ཆུབ་སེམས་དཔའི་བསླབ་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་གསུངས་ན་དེ་ལ་སློབ་པའམ་དད་པ་མེད་ན་ཐེག་པ་ཆེན་པོ་པ་ཞེས་སྨྲ་བ་ཡང་ཁས་འཆེ་བ་ཙམ་སྒྲའི་རྗེས་སུ་འབྲང་བ་ཙམ་དུ་ཟད་ཀྱི་གདོན་མི་ཟ་བར་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་བསླབ་པ་ལ་ནན་ཏན་གྱིས་མི་སྒྲུབ་ན་བྱང་ཆུབ་ཐོབ་པ་མི་སྲིད་པས་བྱང་ཆུབ་འདོད་པས་ནི་བསླབ་པ་ལ་སློབ་པའི་སྒྲུབ་པ་སྙིང་པོར་བྱ་སྟེ། འཕགས་པ་སྡོམ་པ་གསུམ་བསྟན་པ་ལས། འོད་སྲུངས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་ཞིག་ཆོས་དེ་དག་ཐོས་མ་ཐག་ཏུ་ནན་ཏན་གྱིས་མི་སྒྲུབ་ན་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན།


JLD001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུངས་ནན་ཏན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཀྱི་ནན་ཏན་མེད་པས་ནི་མ་ཡིན་པའི་ཕྱིར་རོ། །འོད་སྲུངས་གལ་ཏེ་ནན་ཏན་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཏུ་ཟིན་ན་རི་བོང་དང་བྱི་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་གང་དག་ལ་ནན་ཏན་མེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་དུ་ཟིན་ན་ནི། འོད་སྲུངས་སྒྲ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་ཏེ། སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བརྗོད་པས་སེམས་ཅན་དཔག་ཏུ་མེད་པ་དག་སངས་རྒྱས་སུ་འགྱུར་བའི་རིགས་སོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་དེའི་བསླབ་པ་ཉམས་སུ་ལེན་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་འཇུག་ན་ཡིན་གྱི། གསང་སྔགས་ཀྱི་སྒོ་ནས་འཇུག་པ་ལ་མི་དགོས་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་མ་ཡིན་ནོ་སྙམ་ན། འདི་ནི་ལོག་པར་རྟོག་པ་ཆེན་པོ་ཡིན་ཏེ་དཔལ་སམྦྷུ་ཊི་དང་རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་རྩེ་མོ་རྣམས་སུ། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །


JLD001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང༌། ཞེས་རྡོ་རྗེ་ཐེག་པའི་སྡོམ་པ་འཛིན་པ་ན་སེམས་བསྐྱེད་ནས་ཚུལ་ཁྲིམས་རྣམ་པ་གསུམ་ལ་སློབ་པར་ཁས་བླངས་པ་དང་སྦྲེལ་ནས་རིགས་ལྔའི་སྡོམ་པ་འཛིན་པ་དགོས་པར་གསུངས་ཤིང༌། དཀྱིལ་འཁོར་གྱི་ཆོ་ག་ཁུངས་ཐུབ་པ་དུ་མར་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་གཉིས་འཛིན་དགོས་པར་གསུངས་པའི་ཐུན་མོང་བ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པའི་ཕྱིར་དང༌། སེམས་བསྐྱེད་ནས་བྱང་སེམས་ཀྱི་བསླབ་པ་བཟུང་སྟེ་ཁས་ལེན་བྱས་པ་ལྟར་ཚུལ་ཁྲིམས་གསུམ་མམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་བ་ལས་གཞན་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལ་ཡང་མེད་པའི་ཕྱིར་དང༌། དེ་ཡང་གསང་སྔགས་ཀྱི་རྒྱུད་སྡེ་བཞི་གང་གི་སྒོར་འཇུག་ཀྱང་དགོས་པའི་ཕྱིར་སེམས་བསྐྱེད་དང་ཕར་ཕྱིན་དྲུག་གི་ལམ་ནི་རྡོ་རྗེ་ཐེག་པ་དང༌། ཕར་ཕྱིན་གྱི་ཐེག་པ་གཉིས་ཀྱི་ལམ་ཐུན་མོང་བ་ཡིན་གྱི་སྔགས་ཀྱི་ཐེག་པ་པས་རྣམ་པ་ཐམས་ཅད་དུ་འདོར་དུ་མི་རུང་ངོ༌། །དེ་ལྟར་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། ཆོས་གསུམ་དང་ལྡན་ན་སྔགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་པོ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྲུང་བ་དང་རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ། །ཞེས་དང༌། རྡོ་རྗེ་རྩེ་མོ་ལས་ཀྱང༌། ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །


JLD001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམས་བཞིན་དུ་བསླབ་པར་བྱ། །སེམས་ཅན་གྱི་ནི་དོན་ལྡན་པས། །བྱང་ཆུབ་སེམས་པའི་སྤྱོད་པ་སྤྱད། །ཅེས་དང༌། རྡོ་རྗེ་གུར་གྱི་ལེའུ་བཅུ་གཉིས་པ་ལས་ཀྱང༌། བདག་གིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཨེ་མའོ་སེམས་ཅན་ཀུན་འགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཐེག་པ་སྡེ་གཉིས་ལ་གནང་བཀག་མི་འདྲ་བ་འགའ་རེ་ཡོད་ཀྱང་ཕལ་ཆེ་མཐུན་པ་ཡིན་པས་ཕར་ཕྱིན་གྱི་ཐེག་པ་དང་གསང་སྔགས་ཀྱི་ཐེག་པ་གང་གི་སྒོར་འཇུག་ཀྱང་སྡོམ་པ་འདི་ངེས་པར་གཟུང་དགོས་པར་ཤེས་པར་བྱའོ། །ད་ནི་ཚུལ་ཁྲིམས་ཀྱི་ལེའུ་བཤད་པར་བྱ་སྟེ། དེ་ལ་གཉིས། སྡོམ་དུ་བསྡུ་བ་དང༌། སྡོམ་གྱི་དོན་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་གང་ཞེ་ན། ཚུལ་ཁྲིམས་མདོར་བསྡུས་པའི་སྡོམ་ནི། ངོ་བོ་ཉིད་དང་ཐམས་ཅད་དང༌། །དཀའ་བ་དང་ནི་སྒོ་ཀུན་དང༌། །སྐྱེས་བུ་དམ་པ་ལྡན་པ་དང༌། །དེ་བཞིན་རྣམ་པ་ཐམས་ཅད་དང༌། །ཕོངས་ཤིང་འདོད་དང་ལྡན་པ་དང༌། །འདི་དང་གཞན་དུ་བདེ་འགྱུར་དང༌། །རྣམ་པར་དག་དང་རྣམ་དགུ་སྟེ། །མདོར་ན་ཚུལ་ཁྲིམས་དེ་ཡིན་ནོ། །ཞེས་གསུངས་པ་ལྟར་རྣམ་པ་དགུའོ། །དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ནི་སྤྱིའི་མཚན་ཉིད་དོ། །ཚུལ་ཁྲིམས་ཐམས་ཅད་ནི་དེའི་དངོས་པོའི་དབྱེ་བ་རྒྱས་པའོ། །དཀའ་བའི་ཚུལ་ཁྲིམས་ནི་སྒྲུབ་དཀའ་བ་ལ་འཇུག་པས་ཐུན་མོང་མ་ཡིན་པའི་ཁྱད་པར་རོ། །


JLD001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྒོ་ནས་ཀྱི་ཚུལ་ཁྲིམས་ནི་གང་ནས་སམ་ཇི་ལྟར་འཇུག་པའི་དབྱེ་བའོ། །སྐྱེས་བུ་དམ་པའི་ཚུལ་ཁྲིམས་ནི་བྱེད་པ་པོ་རྟེན་གྱི་ཁྱད་པར་རོ། །རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་རྣམ་པའི་རབ་ཏུ་དབྱེ་བའོ། །ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་ནི་འགྲེལ་ཆེན་ལྟར་སྡུག་བསྔལ་སེལ་བའི་བྱེད་པའམ། ཡང་ན་ཡུལ་དང་བྱེད་པའི་ཁྱད་པར་གཉིས་སོ། །འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང་རྣམ་པར་དག་པའི་ཚུལ་ཁྲིམས་ནི་འབྲས་བུའི་ཁྱད་པར་ཏེ། རིམ་པ་ལྟར་སྤོང་བ་དང་ཐོབ་པས་ཁྱད་པར་དུ་བྱས་པའོ། །སྡོམ་གྱི་དོན་བཤད་པ་ལ་དྲུག །ངོ་བོ་ཉིད་ཀྱིས་མདོར་བསྟན་པ། ཐམས་ཅད་པས་རྒྱས་པར་བཤད་པ། བཤད་པ་དེའི་རབ་ཏུ་དབྱེ་བ། ཚུལ་ཁྲིམས་ཀྱི་ཕན་ཡོན། ཚུལ་ཁྲིམས་ཀྱི་བསྡུ་བ། ཚུལ་ཁྲིམས་ཀྱི་བྱེད་ལས་སོ། །དང་པོ་ལ་གཉིས། ངོ་བོ་ཉིད་དང༌། དེའི་ཆེ་བའོ། །ངོ་བོ་ཉིད་ལ་བཞི་ལས་ཡོན་ཏན་གྱི་གྲངས་ནི། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གང་ཞེ་ན། མདོར་བསྡུ་ན་ཡོན་ཏན་བཞི་དང་ལྡན་པ་སྟེ། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པའི་ཡོན་ཏན་དང་བསམ་པ་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་དང༌། ཉམས་ན་ཕྱིར་གསོ་བའི་ཡོན་ཏན་དང་མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པའི་ཡོན་ཏན་ནོ། །ཡོན་ཏན་གྱི་བྱེད་པ་ནི། ཕ་རོལ་ལས་བླངས་པས་ནི། བསླབ་པ་ལས་ཉམས་པའི་རྐྱེན་ཉེ་བ་ན་གཞན་གྱིས་སྨད་ན་མི་རུང་ངོ་སྙམ་ནས་ཉེས་སྤྱོད་ལ་འཛེམ་པའི་


JLD001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲེལ་ཡོད་པ་བསྐྱེད་དོ། །བསམ་པ་དག་པས་ནི། བསླབ་པ་ལས་ཉམས་པའི་རྐྱེན་ཉེ་བ་ན་རང་ངམ་རང་གི་ཆོས་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ངོ་ཚ་ཤེས་པ་སྐྱེད་དོ། །ཉམས་ན་གསོ་བ་དང་མ་ཉམས་པར་བྱེད་པ་གཉིས་ཀྱིས་ནི་འགྱོད་པ་མེད་པར་འགྱུར་ཏེ་འདི་ལྟར་ཡང་དག་པར་བླངས་པ་དང་བསམ་པ་དག་པ་ལ་བརྟེན་ནས་སྐྱེས་པའི་ངོ་ཚ་དང་ཁྲེལ་ཡོད་དང་ལྡན་ན་མི་ཉམས་པར་བྱེད་པ་དང་ཉམས་ན་གསོ་བའི་སྒོ་ནས་ཚུལ་ཁྲིམས་བསྲུང་བར་འགྱུར་ལ། དེ་ལྟར་བསྲུངས་ན་ནི་ལྟུང་བ་དང་མི་ལྡན་པར་མཐོང་ནས་འགྱོད་པ་མེད་པར་འགྱུར་རོ། །དེ་དག་གིས་ནི་འདི་སྐད་བསྟན་པ་ཡིན་ཏེ། སྡོམ་པ་བླངས་པ་རྣམས་ཀྱིས་ནི། ཚུལ་བཞིན་དུ་རྟོག་པའི་ཤེས་རབ་ཀྱིས་རང་གི་རྒྱུད་ལ་ཇི་ཙམ་བརྟགས་ཀྱང་ལྟུང་བ་ཕྲ་རགས་གང་དང་ཡང་མི་ལྡན་པར་མཐོང་ནས་ཡིད་ལ་འགྱོད་པ་མེད་པའི་རྒྱུད་གཙང་སིང་ངེ་བ་ཞིག་བསྐྱེད་དགོས་སོ། །དེ་ལ་ཡང་དང་པོ་ནས་ཉེས་པས་མ་གོས་པའི་ཕྱིར་དུ་འབད་པ་དང་བརྒྱ་ལ་བརྗེད་ངས་པ་སོགས་ཀྱི་ཉེས་པས་གོས་ན་ཡང་ཇི་མི་སྙམ་པར་མི་འཇོག་པར་བཤགས་པ་དང་བསྡམ་པ་སོགས་ཀྱིས་ཕྱིར་འཆོས་པ་ཞིག་དགོས་སོ། །དེ་འོང་བ་ལ་ནི་ངོ་ཚ་དང་ཁྲེལ་ཡོད་ཆེན་པོ་དང་ལྡན་དགོས་ལ། དེ་སྐྱེ་བ་ལ་ཡང་སྡོམ་པ་ལེན་པའི་ཚེ་ཡུལ་མཚན་ཉིད་དང་ལྡན་པའི་བཤེས་གཉེན་ཅིག་ལ་བླངས་པ་དང༌། ལེན་པའི་བསམ་པ་


JLD001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཞན་གྱི་གཡམ་ལ་རྒྱུག་ལ་སོགས་པ་མིན་པར་སྙིང་ཐག་པ་ནས་དང༌། འཚོ་བའི་ཕྱིར་ལ་སོགས་པ་བསམ་པ་དམན་པ་མིན་པར་བསམ་པ་དམ་པས་བླངས་པ་ཞིག་དགོས་པས་ཐོག་མའི་རྒྱུ་གཉིས་པོ་ལ་ནན་ཏན་དུ་བྱའོ། །ཡོན་ཏན་དང་པོ་ལེན་པར་བྱས་ནས་ཕྱི་མ་གསུམ་བསྲུང་བ་ལ་འགྲེལ་པ་འགའ་ཞིག་གིས་བཤད་ཀྱང་གཞུང་རྩ་བ་ནས་དང་པོ་གཉིས་ཀ་བསྲུང་བའི་རྒྱུར་གསུངས་པ་དང༌། སྡོམ་པ་ཉི་ཤུ་བ་ལས་ཀྱང༌། དེ་ནི་བསམ་པ་དམ་པ་ཡིས། །བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། ཞེས་གསུངས་པའི་ཕྱིར་ཡོན་ཏན་དང་པོ་གཉིས་ལེན་པ་དང་ཕྱི་མ་གཉིས་བསྲུང་བའི་ཕྱོགས་སུ་བསྡུའོ། །སྡོམ་པ་འདི་བླ་མ་མ་རྙེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསམས་ཏེ་དེའི་སྤྱན་སྔར་བླངས་པས་སྐྱེ་ཡང་ཕ་རོལ་པོ་ལས་བླངས་པ་དགོས་པར་གསུངས་པ་ནི། རྙེད་པ་ཡོད་ན་ནི་ངེས་པར་དགེ་བའི་བཤེས་གཉེན་བཙལ་ནས་བླང་དགོས་པར་སྟོན་པ་ཡིན་ཏེ། དེ་ལ་བླངས་ན་ནི་བསླབ་པ་སྲུང་བ་ལ་དགའ་བ་དང་གུས་པ་བདེ་བླག་ཏུ་སྐྱེས་ནས་ཚུལ་ཁྲིམས་དག་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་བསླབ་པ་ཀུན་ལས་བཏུས་པ་ལས། སྡོམ་པ་གཟུང་པ་ཡང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་གོམས་པ་ལྷུར་བྱེད་པ་སྡོམ་པ་དང་ལྡན་པ་ལས་མནོད་པར་བྱ་སྟེ། དེ་ལྟར་བྱས་ན་དེ་བསླབ་པ་ལས་འདས་ན་རབ་ཏུ་ངོ་ཚ་བར་འགྱུར་ཞིང་བླ་མ་ལ་བསླུས་པར་དོགས་པའི་


JLD001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་སྐྱེ་བའམ། དེ་ལ་ནན་ཏན་བྱ་མི་དགོས་པར་དགའ་བ་དང་གུས་པ་འགྲུབ་པར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྤྱན་སྔར་བསླབ་པ་འདིའི་ནང་ནས་བསླབ་པ་གང་ཡང་རུང་བ་འགྲུབ་པར་འདོད་པས་ཡང་དག་པར་ལེན་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཡོན་ཏན་རྣམས་ཀྱི་རྒྱུ་འབྲས་ཀྱི་ཚུལ་ནི། ཡོན་ཏན་སྔ་མ་གཉིས་ཀྱིས་ཕྱི་མ་གཉིས་འདྲེན་པར་བྱེད་པས་སྔ་མ་གཉིས་རྒྱུ་དང་ཕྱི་མ་གཉིས་འབྲས་བུར་རིག་པར་བྱ་སྟེ་འདྲེན་ཚུལ་ནི་དེ་མ་ཐག་ཏུ་བཤད་པ་ལྟར་རོ། །ཡོན་ཏན་གྱི་གྲངས་ངེས་ནི། ཅིའི་ཕྱིར་ཡོན་ཏན་བཞིར་ངེས་ཤེ་ན། ཚུལ་ཁྲིམས་རྣམ་པར་དག་པར་བྱེད་པ་ལ་དང་པོ་ནས་ཉེས་པས་མ་གོས་པར་བྱེད་པ་དང་གོས་ན་ཕྱིར་དག་པར་བྱེད་པ་གཉིས་སུ་ངེས་ལ། ཕ་རོལ་ལས་བླངས་པ་དང་བསམ་པ་དག་པ་དང་མི་ཉམས་པའི་ཕྱིར་དུ་དྲན་པ་སྟེན་པ་གསུམ་གྱིས་ནི་མི་ཉམས་པར་བྱེད་ལ། ཉམས་ན་སླར་གསོ་བས་ནི་ཕྱིར་འཆོས་ཤིང་ལྟུང་བ་ལས་སློང་བའི་ཕྱིར་བཞིར་ངེས་སོ། །འགྲེལ་པ་རྣམས་སུ་ནི་ཡོན་ཏན་བཞིའི་སྡུད་ཚུལ་བཞིར་བཤད་དེ། དང་པོས་བླང་བ་དང་ཕྱི་མ་གསུམ་དེའི་རྗེས་སུ་བསྲུང་བ་ནི། དང་པོའོ། །བསམ་པ་ལ་གཅིག་དང་སྦྱོར་བ་ལ་གསུམ་ནི་གཉིས་པའོ། །བསམ་པ་དག་པས་ལན་པ་དག་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གསུམ་ནི་གསུམ་པའོ། །ལེན་པ་ལ་ཡང་རང་གི་ཚིག་བཙུན་པར་བྱ་བ་དང་གཞན་གྱི་བསོད་ནམས་ཀྱི་ཞིང་


JLD001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བ་དང་དབང་ཕྱུག་གི་བདག་པོ་ཐོབ་པ་ན་སེམས་ཅན་ལ་གནོད་པ་སྤང་བའི་ཕྱིར་ལེན་པ་གསུམ་མོ། །ཚུལ་ཁྲིམས་གསུམ་ནི་བླང་བྱའི་ཚུལ་ཁྲིམས་དང་ཕྱིར་གསོ་བར་བྱ་བ་དང་བསྲུང་བར་བྱའི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་དག་པའི་རྒྱུ་གཉིས་དང་འབྲས་བུ་གཉིས་ནི་བཞི་པའོ། །ཚུལ་ཁྲིམས་ཀྱི་ཆེ་བ་ལ་བཞི། དགེ་བ་དང༌། དཔག་ཏུ་མེད་པ་དང༌། ཕན་འདོགས་པ་དང༌། འབྲས་བུ་དང་ཕན་ཡོན་ཆེ་བའོ། །དང་པོ་ནི། ཡོན་ཏན་བཞི་དང་ལྡན་པའི་ཚུལ་ཁྲིམས་དེ་ཡང་དག་པར་བླངས་པ་དང་བླངས་པའི་རྗེས་སུ་བསླབ་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། བདག་ལ་ཕན་པ་སོགས་སོ། །དེ་ལ་ཉན་ཐོས་ལ་སོགས་པའི་བདག་ལ་ཕན་པ་ནི་བདེན་པ་ཤེས་པས་ཉོན་མོངས་པ་དང་སྡུག་བསྔལ་སངས་པ་ཐོབ་པའི་ཕྱིར་དུ་དོན་དང་བྱ་བ་ཉུང་ལ་རང་ཞི་བ་དང་དུལ་བ་ཙམ་སྒྲུབ་པའོ། །བྱང་སེམས་ཀྱི་བདག་ལ་ཕན་པ་ནི་སྤངས་པ་གཉིས་དང་ཡེ་ཤེས་གཉིས་སོ། །གཞན་ལ་ཕན་པ་ནི་སེམས་བསྐྱེད་པའི་དུས་ན་རིགས་ཡོད་མེད་གཉིས་ཀ་ལ་ཕན་པར་ཞུགས་པའོ། །རིགས་མེད་པ་ལ་ཕན་པ་འཆད་པ་ན། སྐྱེ་བོ་མང་པོ་ལ་ཕན་པ་ནི་རེ་ཞིག་ངན་འགྲོ་ལས་སྐྱོབ་པ་མི་དགེ་བ་མ་སྐྱེས་པ་མི་སྐྱེད་པ་དང་སྐྱེས་པ་སྤོང་བའོ། །སྐྱེ་བོ་མང་པོ་ལ་བདེ་བ་ནི་བདེ་འགྲོ་ལ་འགོད་པ་དགེ་བ་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་སྤེལ་བའོ། །འཇིག་རྟེན་ལ་སྙིང་བརྩེ་བ་ནི་རིགས་མེད་པའི་སྐྱེ་བོ་དེ་དག་གི་ནང་ནས་ཞེ་འགྲས་པ་དང་སྐལ་བ་མེད་པ་དང་སྣོད་དུ་གྱུར་ཀྱང་ལོག་པར་ལྟུང་བ་ངན་འགྲོར་སོང་བ་མགྲོན་པོ་ལྟ་བུ་ལ་


JLD001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་བསམ་པ་མི་གཏོང་བར་དུས་ལ་སྡོད་པའོ། །རིགས་ཡོད་པ་ལ་ཕན་པ་འཆད་པ་ན། ལྷ་དང་མི་རྣམས་ཀྱི་དོན་ནི་རིགས་ཡོད་པ་དག་དགེ་སྦྱོང་གི་ཚུལ་ལ་འགོད་པའོ། །ཕན་པར་འགྱུར་བ་ནི་དགེ་སྦྱོང་གི་ཚུལ་དེ་འདྲེན་པའི་ལམ་ཚོགས་སྦྱོར་རོ། །བདེ་བར་འགྱུར་བ་ནི་ཚེ་འདི་ལ་བདེ་བར་གནས་པ་སྟེ་ཤིན་ཏུ་སྦྱངས་པས་ལུས་སེམས་སིམ་པ་དང་རྣམ་པར་གྲོལ་བའི་བདེ་བ་མྱོང་བའོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་དགེ་བ་སྟེ་མི་སླུ་བའོ། །འགྲེལ་པ་རྣམས་ནས་རྣམ་གྲངས་གཞནཡང་བཤད་མོད་ཀྱི་མ་བྲིས་སོ། །དཔག་ཏུ་མེད་པ་ནི། བྱང་སེམས་ཀྱི་བསླབ་པའི་གཞི་དཔག་ཏུ་མེད་པ་བསྡུས་པའོ། །ཕན་འདོགས་པ་ནི། འཇུག་པ་དང་འབྲས་བུའི་དུས་ན་སེམས་ཅན་ལ་ཕན་པ་དེའི་ཕྱིར་གནས་པའོ། །འབྲས་བུ་དང་ཕན་ཡོན་ཆེ་བ་ནི། བྱང་སེམས་ཀྱི་སྐབས་ན་རྫོགས་པའི་བྱང་ཆུབ་འབྲས་བུར་འཛིན་པས་འབྲས་བུ་ཆེ་བ་དང་སངས་རྒྱས་པའི་སྐབས་ན་གཞན་ལ་འབྲས་བུ་སྦྱིན་པས་ཕན་ཡོན་ཆེ་བའོ། །ཉན་ཐོས་རྣམས་ཀྱི་ནི་བསླབ་པ་གསུམ་ཐོག་མར་དགེ་བ་སོགས་ཡིན་ལ། བྱང་སེམས་ཀྱི་ནི་ཚུལ་ཁྲིམས་འབའ་ཞིག་ལ་ཡང་དེ་དག་ཡོད་དེ། དང་པོར་སེམས་བསྐྱེད་དུས་ནས་རང་གཞན་ལ་ཕན་པ་རྒྱས་བཤད་དང་བཅས་པ་ནི་ཐོག་མར་དགེ་བ་དང༌། སེམས་ཅན་ལ་ཕན་འདོགས་པ་ནི། བར་དུ་དགེ་བ་དང་འབྲས་བུ་དང་ཕན་ཡོན་ཆེ་བ་ནི་ཐ་མར་དགེ་བའོ། །ཐམས་ཅད་པས་རྒྱས་པར་བཤད་པ་ལ་གསུམ། བླང་བྱའི་ཚུལ་ཁྲིམས་བཤད་པ་དང༌། ལེན་པའི་ཚུལ་བཤད་པ་དང༌།


JLD001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བའི་ཚུལ་བཤད་པའོ། །དང་པོ་ལ་བཞི། དབྱེ་བ་དང༌། རང་བཞིན་དང༌། ཕུན་སུམ་ཚོགས་པའི་རྒྱུ་དང༌། དོན་བསྡུ་བའོ། །དང་པོ་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་གང་ཞེ་ན། འདི་ལ་གཉིས་ལས་རྟེན་གྱི་དབྱེ་བ་ནི། རྟེན་གྱི་ནང་ཚན་མང་ཡང་རིགས་མདོར་བསྡུ་ན་གཉིས་ཏེ། བྱང་སེམས་ཁྱིམ་པ་དང་བྱང་སེམས་རབ་བྱུང་གི་ཕྱོགས་སུ་གཏོགས་པ་སྟེ། དེ་དག་གི་རྟེན་ལ་ཡོད་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཐམས་ཅད་ཅེས་བྱ་སྟེ། བྱང་སེམས་ཁྱིམ་པ་དང་རབ་བྱུང་གི་རྟེན་ཐམས་ཅད་ཀྱིས་གང་ལ་བསླབ་པར་བྱ་བའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །དེ་ཡང་འགྲོ་བ་གསུམ་ལས་ངན་སོང་དང་ལྷའི་འགྲོ་བ་ན་ཡོད་པའི་ཆོས་ཉིད་ཀྱིས་ཐོབ་པ་ནི་ཁྱིམ་པའི་ཚུལ་ཁྲིམས་དང༌། མིའི་འགྲོ་བ་ལ་ཡོད་པ་ནི་གཉིས་ཀའི་ཚུལ་ཁྲིམས་སོ་ཞེས་ཇི་ན་སུ་ཏྲས་བཤད་ཅིང༌། ས་མུ་དྲ་མེ་གྷས་བྱས་ཟེར་བའི་འགྲེལ་པ་ལས་ནི་ངན་སོང་དང་གཟུགས་ཁམས་ན་ཕ་རོལ་ལས་ལེན་པ་མེད་པས་ཆོས་ཉིད་ཀྱིས་ཐོབ་པ་ཡོད་ལ། དེ་ནི་ཁྱིམ་པའི་ཚུལ་ཁྲིམས་སོ། །འདོད་པའི་ལྷ་དང་མི་ལ་ནི་ཆོས་ཉིད་ཀྱིས་ཐོབ་པ་དང་ཕ་རོལ་ལས་ལེན་པ་གཉིས་ཀ་ཡོད་དེ། དེའི་ཕྱིར་དེ་ལ་ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་ཀ་ཡོད་དོ། །བྱང་སེམས་ཀྱི་སྡོམ་པ་ཤི་འཕོས་ཀྱང་མི་གཏོང་བས་གང་དུ་སྐྱེས་ཀྱང་ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་ཡོད་པར་འཆད་དོ། །སྤྱིར་བྱང་སེམས་ཀྱི་སྡོམ་པ་ཤི་འཕོས་ཀྱང་རྗེས་སུ་འབྲང་བས་འགྲོ་བ་གསུམ་ག་ན་ཡོད་པ་འཐད་ལ། ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་སུ་འབྱེད་པ་ནི་དགེ་ཚུལ་ལ་སོགས་པ་རབ་བྱུང་སྡེ་ལྔའི་སྡོམ་


JLD001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པ་དང་མི་ལྡན་པའི་བྱང་སེམས་ཀྱི་དབང་དུ་བྱས་པ་ཡིན་ནོ། །རང་བཞིན་གྱི་དབྱེ་བ་ནི་ཕྱོགས་གཉིས་ལ་བརྟེན་པའི་ཚུལ་ཁྲིམས་དེ་ཡང་མདོར་བསྡུ་ན། སྡོམ་པ་དང་དགེ་བའི་ཆོས་སྡུད་པ་དང་སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་གསུམ་སྟེ། བྱང་སེམས་ཀྱིས་བསྲུང་བར་བྱ་བའི་ཚུལ་ཁྲིམས་ཐམས་ཅད་ནི་གསུམ་པོ་འདིར་འདུས་པའི་ཕྱིར་རོ། །ཅིའི་ཕྱིར་ཚུལ་ཁྲིམས་གསུམ་དུ་བྱས་ཤེ་ན། ཉན་ཐོས་ཀྱི་ཐེག་པ་ལ་ཉོན་མོངས་རྩེ་འཇིལ་བའི་སོ་ཐར་དང་རྐྱེན་ཡོད་ཀྱང་རེ་ཞིག་མི་ལྡང་བའི་བསམ་གཏན་གྱི་སྡོམ་པ་དང༌། རྒྱུན་གཅོད་པའི་ཟག་མེད་ཀྱི་སྡོམ་པ་གསུམ་ཡོད་པ་དང་གྲངས་མཐུན་པར་བྱས་པའོ་ཞེས་འགྲེལ་པ་རྣམས་ལས་འཆད་མོད་ཀྱང༌། བྱང་སེམས་ཀྱི་བྱ་བ་ནི་གཉིས་སུ་ཟད་དེ། རང་གི་རྒྱུད་དང་གཞན་གྱི་རྒྱུད་སྨིན་པར་བྱེད་པའོ། །དང་པོ་ལ་ཉེས་སྤྱོད་སྤོང་བ་དང་ལེགས་སྤྱད་བསྡུ་བ་གཉིས་སུ་ངེས་པས་སྡོམ་པ་དང་དགེ་བ་ཆོས་སྡུད་གཉིས་ཡིན་ལ། གཞན་སྨིན་པར་བྱེད་པ་ལ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དགོས་པའི་ཕྱིར་གསུམ་དུ་ངེས་སོ་ཞེས་བཤད་ན་ལེགས་སོ། །ཅིའི་ཕྱིར་ཚུལ་ཁྲིམས་གསུམ་གྱི་གོ་རིམས་དེ་ལྟར་ངེས་ཤེ་ན། ཉན་ཐོས་དང་ཐུན་མོང་བ་སྤོང་བའི་ཚུལ་ཁྲིམས་ནི་ཕྱི་མ་གཉིས་ཀྱི་རྒྱུ་དང་ཐུན་མོང་མ་ཡིན་པ་འཇུག་པའི་ཚུལ་ཁྲིམས་ནི། བདག་མ་གྲོལ་བས་གཞན་སྒྲོལ་བར་མི་རིགས་བདག་མ་ཞི་བས་གཞན་ཞི་བར་མི་འགྱུར་ཞེས་གསུངས་པས་དགེ་བ་སྡུད་པ་དང་པོར་མ་བྱས་ན་སེམས་ཅན་གྱི་དོན་བྱེད་པར་


JLD001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བས་རིམ་པ་ངེས་པར་ས་མུ་དྲ་མེ་གྷས་བྱས་ཟེར་བའི་འགྲེལ་པར་བཤད་པ་ལྟར་འཐད་དོ། །རང་བཞིན་ལ་གསུམ་ལས། སྡོམ་པའི་ཚུལ་ཁྲིམས་ནི། སོ་ཐར་གྱི་སྡོམ་པ་རིས་བདུན་པོ་སྟེ་དེ་ཡང་དགེ་སློང་ཕ་མ་དང་དགེ་སློབ་མ་དང་དགེ་ཚུལ་ཕ་མའི་ཚུལ་ཁྲིམས་ནི་རབ་བྱུང་གི་ཕྱོགས་དང་དགེ་བསྙེན་ཕ་མའི་ཚུལ་ཁྲིམས་ནི་ཁྱིམ་པའི་ཕྱོགས་ཡིན་ནོ། །སོ་ཐར་རིས་བརྒྱད་ཡོད་ཀྱང་བསྙེན་གནས་མ་གསུངས་པ་ནི་སྡོམ་པ་ཉི་ཤུ་བའི་དཀའ་འགྲེལ་ལས། ཉིན་ཞག་གཅིག་པའི་ཡང་དག་པར་བླངས་པ་ནི་དཀའ་བ་སྤྱོད་པ་དང་འདོད་པ་ལས་དབེན་པ་མ་ཡིན་པའི་ཕྱིར་དང་ཡུན་རིང་པར་རྗེས་སུ་མ་འབྲེལ་བའི་ཕྱིར་འདི་ལ་འོས་པ་མ་ཡིན་པས་མ་བསྟན་ནོ། །ཞེས་གསུངས་པ་ལྟར་རོ། །ས་མུ་དྲ་མེ་གྷས་བྱས་ཟེར་བའི་འགྲེལ་པར་བསྙེན་གནས་ལ་ཉེ་བར་གནས་པའི་དགེ་བསྙེན་ཞེས་ཟེར་ཞིང༌། དེ་དགེ་བསྙེན་དུ་འདུས་པས་མ་བསྟན་པའི་བཤད་ཡམས་དང་དགེ་སློབ་མའི་སྡོམ་པ་དགེ་སློང་མའི་སྡོམ་པར་བསྡུས་པ་ནི་འཐད་པར་མི་སྣང་ངོ༌། །གལ་ཏེ་བྱང་སེམས་ཀྱི་སྡོམ་པའི་ཚུལ་ཁྲིམས་ལ་རིས་བདུན་ལས་གཞན་ཡོད་དམ་མེད། ཡོད་ན་བྱང་སར་རིས་བདུན་ལས་གཞན་མ་གསུངས་པ་དང་འགལ་ལོ། །མེད་ན་སོ་ཐར་ཤི་འཕོས་པས་གཏོང་བས་བྱང་སེམས་ཀྱི་སྡོམ་ལྡན་ཤི་འཕོས་པ་ལ་སྡོམ་པའི་ཚུལ་ཁྲིམས་མེད་པར་འགྱུར་ཞིང༌། ལྷའི་རྟེན་གྱི་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་གསུམ་ལ་སློབ་པར་ཁས་ལེན་པའི་བྱང་སེམས་ཀྱི་སྡོམ་པ་བླང་དུ་མི་རུང་བར་འགྱུར་རོ་ཞེ་ན། འདི་ལ་བྱང་སེམས་ཀྱི་སྡོམ་ལྡན་རབ་བྱུང་


JLD001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་སོ་ཐར་རིས་ལྔ་གང་རུང་སྡོམ་པའི་ཚུལ་ཁྲིམས་ཡིན་ལ། བྱང་སེམས་ཀྱི་སྡོམ་ལྡན་དགེ་བསྙེན་ཕ་མ་ལྟ་བུའི་ཁྱིམ་པ་ཡིན་ན་སོ་ཐར་རིས་གཉིས་གང་རུང་སྡོམ་པའི་ཚུལ་ཁྲིམས་སུ་གཟུང་ངོ༌། །ལྷ་ལྟ་བུ་སོ་ཐར་གྱི་རྟེན་དུ་མི་རུང་བའི་བྱང་སེམས་ཀྱི་སྡོམ་ལྡན་ཡིན་ན་མི་དགེ་བ་བཅུ་སྤོང་བའམ་ལུས་ངག་གི་མི་དགེ་བ་བདུན་སྤོང་བའི་སྤོང་བ་བདུན་ལྟ་བུ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་སོ་ཐར་རིས་བདུན་དང་ཐུན་མོང་བ་རྣམས་སྡོམ་པའི་ཚུལ་ཁྲིམས་ཡིན་གྱི་སོ་སོར་ཐར་པའི་སྡོམ་པ་དངོས་མིན་ནོ། །དེ་སྐད་དུ་ཡང་ལམ་སྒྲོན་གྱི་འགྲེལ་པ་ལས། དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་བཅས་པའི་ཁ་ན་མ་ཐོབ་བ་བསྲུང་བའི་སོ་སོར་ཐར་པ་རིས་བདུན་གྱི་སྡོམ་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བསྲུང་བ་མི་དགེ་བ་བཅུ་བསྲུང་བའོ། །ཞེས་གསུངས་པའི་དང་པོ་ནི་སོ་ཐར་དངོས་ཡིན་ལ་ཕྱི་མ་ནི་སོ་ཐར་རིས་བདུན་དང་ཐུན་མོང་བ་ཙམ་ཡིན་པའི་ཕྱིར་དང༌། དགོངས་རྒྱན་ལས་ཀྱང༌། དེ་ལ་སྡོམ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལྡོག་པའི་ཚུལ་ཁྲིམས་ཀྱང་ངོ༌། །དེ་ཡང་སྤོང་བ་རྣམ་པ་བདུན་གྱི་མཚན་ཉིད་ཅན་ཏེ་འདོད་ཆགས་མེད་བ་དང་ཞེ་སྡང་མེད་པ་དང་ཡང་དག་པའི་ལྟ་བ་རྣམས་ཏེ་ཆོས་གསུམ་ནི་དེ་ཀུན་ནས་སློང་བར་བྱེད་པའོ། །ཞེས་པ་དང༌། ཀུན་ནས་སློང་བར་བྱེད་པ་དང་བཅས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ན་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སུ་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །སྡོམ་པ་ཉི་ཤུ་བའི་དཀའ་འགྲེལ་ལས་ཀྱང༌། བྱང་སར་སོ་ཐར་


JLD001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རིས་བདུན་སྡོམ་པའི་ཚུལ་ཁྲིམས་སུ་གསུངས་པ་ལྟར་བཤད་པའི་སྐབས་སུ་སོ་སོར་ཐར་བའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཡན་ལག་ཏུ་འགྱུར་བ་ཡིན་ཏེ་ཕྱོགས་གཅིག་ཉིད་དུ་རིག་པར་བྱའོ། །དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ལ་བསླབ་པའི་ཚིག་འདི་ཡང་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ཆོ་ག་གཞན་པ་ཉིད་ནི་མ་ཡིན་ཞིང༌། དེ་རྣམས་ལས་ཀྱང་ལྡོག་པ་མ་ཡིན་པ་ལ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྲོག་གཅོད་སོགས་ལས་ལྡོག་འདོད་མེད་པ་ནི་བྱང་སེམས་ཀྱི་སྡོམ་པ་སྐྱེ་བའི་སྣོད་དུ་མི་རུང་ལ། དེ་དག་ལས་ལྡོག་པའི་ཚུལ་ཡང་སོ་ཐར་དང་ཐུན་མོང་བ་ལ་དགོངས་ནས་སོ་ཐར་རིས་བདུན་བྱང་སེམས་ཀྱི་སྡོམ་པའི་ཕྱོགས་གཅིག་ཏུ་བྱང་སར་གསུངས་པར་བཤད་དོ། །བྱང་སེམས་ཀྱི་སྡོམ་ལྡན་ལ་འོག་ནས་འབྱུང་བ་ལྟར་སྲོག་གཅོད་སོགས་ལུས་ངག་གི་བདུན་གནང་བའི་སྐབས་སྲིད་ཀྱང་སྲོག་གཅོད་སྤོང་བ་སོགས་སོ་ཐར་དང་ཐུན་མོང་བ་མ་ཡིན་པའི་སྐྱོན་མེད་དེ། དཔེར་ན་ཆང་མ་གཏོགས་པའི་བཅས་པ་རྐྱང་པ་རྣམས་ནད་པ་ལ་གནང་ཡང་སྤྱིར་དགེ་སློང་གི་སྡོམ་ལྡན་རྣམས་ཀྱིས་དེ་ལས་ལྡོག་དགོས་པ་དང༌། དགེ་སློང་གི་སྡོམ་པ་ལེན་པ་ན་ཡང་ཡན་ལག་ངེས་པ་མེད་པར་ཐམས་ཅད་སྤོང་བར་འདོད་པས་བླང་དགོས་པ་བཞིན་ཏེ། ལུས་ངག་གི་བདུན་དམིགས་བསལ་


JLD001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐབས་མ་གཏོགས་པར་སོ་ཐར་བཞིན་དུ་སྲོག་ལ་བབ་ཀྱང་མི་འཇུག་པར་བསྲུང་བར་གསུངས་པའི་ཕྱིར་རོ། །དེས་ན་ལམ་སྒྲོན་དུ། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། ཞེས་གསུངས་པ་ཡང་ལས་དང་པོ་པ་ལ་སོ་ཐར་རིས་བདུན་གང་རུང་མེད་ན་ཚུལ་ཁྲིམས་ཀྱི་སྡོམ་པ་ཁྱད་པར་ཅན་སྐྱེ་བའི་སྐལ་བ་མེད་ལ། སོ་ཐར་རིས་བདུན་དང་ཐུན་མོང་བ་རང་བཞིན་སྤོང་བ་མེད་ན་བྱང་སེམས་ཀྱི་སྡོམ་པ་ཙམ་སྐྱེ་བའི་སྐལ་བ་མེད་ཅེས་སྟོན་པ་ཡིན་གྱི། སོ་ཐར་རིས་བདུན་མཚན་ཉིད་པ་གཅིག་མེད་ན་བྱང་སེམས་ཀྱི་སྡོམ་པ་མི་སྐྱེ་བར་བཞེད་པ་མིན་ཏེ། ལམ་སྒྲོན་འགྲེལ་པར། གཞུང་དེའི་མཚམས་སྦྱོར་དུ། ད་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་བསྟན་པར་འདོད་ནས་ཞེས་པ་དང༌། གཞུང་དེ་སློབ་དཔོན་བྱང་ཆུབ་བཟང་པོའི་འགྲེལ་པ་སྔར་དྲངས་པ་དེའི་དོན་བསྡུས་པ་ཡིན་པར་གསུངས་པའི་ཕྱིར་རོ། །དོན་འདི་ལ་སྔོན་གྱི་དུས་སུ་ལུགས་གཉིས་བྱུང་སྟེ། འདི་ལྟར་བྱང་སེམས་ཀྱི་སྡོམ་པ་སྐྱེ་བ་དང་གནས་པ་ལ་སོ་ཐར་རྟེན་དུ་དགོས་པར་འདོད་པ་རྟེན་ཅན་བ་དང༌། སོ་ཐར་གང་ཡིན་ཉན་ཐོས་ཀྱི་ཡིན་པར་བཟུང་ནས་བྱང་སེམས་ཀྱི་སྡོམ་པའི་གེགས་སུ་འདོད་པའི་རྟེན་མེད་པའོ། །དེ་ལ་རྟེན་ཅན་པ་རྣམས་ན་རེ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཞེས་གསུངས་པས་ཐེག་པ་ཆེ་ཆུང་གཉིས་ཀའི་སོ་ཐར་རིས་བདུན་བདུན་ཡོད་ལ་གཞན་ལ་གནོད་པ་ལས་ལོག་པའི་སོ་ཐར་རིས་བདུན་


JLD001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ཙམ་པ་ཞིག་རྟེན་དུ་དགོས་ཏེ་ཕན་འདོགས་པ་ལ་གནོད་པ་ལས་ལོག་པས་ཁྱབ་པའི་ཕྱིར་རོ། །ཐེག་པ་གཉིས་ཀྱི་སོ་ཐར་གྱི་ཁྱད་པར་ཡང་རྒྱུན་ཆགས་པ་དང་གཞན་སེམས་རྗེས་སུ་བསྲུང་བ་དང་བཅས་པ་དང་སླར་གསོར་རུང་བ་དང་གཞན་དོན་དོན་དུ་གཉེར་བའི་བསམ་པས་ཕྱེ་བ་དང་དེ་ལས་བཟློག་པའོ། །བྱེ་བྲག་དང་བྲལ་བའི་སྤྱི་མི་སྲིད་པས་ཐེག་དམན་གྱི་སོ་ཐར་ནི་རྟེན་དུ་འགལ་ལ། ཐེག་ཆེན་གྱི་སོ་ཐར་ནི་བྱང་སེམས་ཀྱི་བསླབ་པ་ཉིད་ཡིན་པས་རང་ཉིད་རང་གི་རྟེན་དུ་འགལ་བའི་ཉེས་པ་ཡང་མེད་དེ། དཀོན་མཆོག་སྤྲིན་ལས་སོ་ཐར་གྱི་སྡོམ་པ་དང་བྱང་སེམས་ཀྱི་བསླབ་པ་ཐ་དད་པར་གསུངས་པའི་ཕྱིར་རོ། །ཐེག་ཆེན་གྱི་རིས་བདུན་ཡང་ལེན་པ་དང་བསྲུང་བ་ལ་སོགས་པ་ནི་འདུལ་བ་ལྟར་བྱའོཞེས་ཟེར་རོ། །འདི་ནི་མི་རིགས་ཏེ། རིས་བདུན་གྱི་སོ་ཐར་སྐྱེ་བའི་རྟེན་དུ་དགོས་ན་བྱང་སེམས་ཀྱི་སྡོམ་པ་སྐྱེ་བའི་ལྷ་མི་སྲིད་པར་འགྱུར་ཞིང༌། གནས་པའི་རྟེན་དུ་དགོས་པ་དང་ཤི་འཕོས་པས་མི་གཏོང་བའི་རྒྱུན་ཆགས་པ་ཡིན་ན་ལྷ་དང་དུད་འགྲོའི་དགེ་སློང་སོགས་སྲིད་པར་འགྱུར་རོ། །སོ་ཐར་བྱང་སེམས་ཀྱི་སྡོམ་པ་སྐྱེ་བའི་རྟེན་དུ་མི་དགོས་པ་ནི་ཐུབ་པའི་དགོངས་པའི་རྒྱན་ལས་ཀྱང་འབྱུང་སྟེ། ཇི་སྐད་དུ། གང་ཞིག་དགེ་བསྙེན་དང་དགེ་བསྙེན་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློང་མ་དང་དགེ་སློང་དང་དགེ་སློང་མའི་དབྱེ་བས་ཇི་སྲིད་འཚོ་བ་པའི་སོ་སོར་ཐར་པའི་སྡོམ་པ་བདུན་པོ་རྣམས་ལས་གང་ཡང་རུང་བའི་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བར་བྱ་


JLD001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། གཞན་གྱིས་མ་ཡིན་ཏེ་གཞན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་བའི་ཕྱིར་རོ་ཞེས་ཟེར་བ་དེ་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་ངལ་བ་མང་པོ་མ་བྱས་པ་སྟེ། གལ་ཏེ་སོ་སོར་ཐར་པའི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་ན་ནི་དེའི་ཚེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་དང་དེའི་རྗེས་སུ་འབྲང་བའི་གཞུང་དུ་འདི་དེའི་རྩ་བར་བཤད་པར་འགྱུར་རོ། །དགོས་པ་ནི་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ཏེ་དཔེར་ན་ཐེག་པ་ཆེན་པོར་བྱང་ཆུབ་ཀྱི་བར་དུ་གསུམ་ལ་སྐྱབས་སུ་འགྲོ་བ་ལྟ་བུའོ། །ཞེས་སོ། །དེས་ན་བྱང་སར་སྡོམ་པའི་ཚུལ་ཁྲིམས་ངོས་བཟུང་བའི་སྐབས་སུ་སོ་ཐར་རིས་བདུན་ལ་གསུངས་པ་ནི། སོ་ཐར་རིས་བདུན་དངོས་དང་དེ་དག་དང་བྱང་སེམས་ཀྱི་སྡོམ་པ་གཉིས་ཐུན་མོང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་གཉིས་ཆར་ལ་གོ་བར་བྱའི་རིས་བདུན་འབའ་ཞིག་ལ་མི་གཟུང་ངོ༌། །འདི་ལ་སོ་ཐར་དང་ཐུན་མོང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་སྡོམ་པའི་ཚུལ་ཁྲིམས་ན། བྱང་སེམས་ཀྱི་སྡོམ་པ་བཟུང་བ་དང་མཉམ་དུ་སྐྱེ་བས་དེ་དང་བྱང་སེམས་ཀྱི་སྡོམ་པ་ལ་རྟེན་དང་བརྟེན་པ་རྩི་བའི་དོན་མེད་ལ། སོ་ཐར་རིས་བདུན་དངོས་ལྟ་བུ་ལ་ནི་སྔར་མ་བླངས་ཀྱང་བྱང་སེམས་ཀྱི་སྡོམ་པ་སྐྱེ་ཡང་སོ་ཐར་གྱི་རྟེན་དུ་རུང་ན་སྔོན་དུ་ཁྱིམ་པ་དང་རབ་བྱུང་གང་རུང་གི་སོ་ཐར་ཞིག་བླང་བར་བྱ་སྟེ། གཞན་དུ་ན་རྒྱལ་བའི་བསྟན་པའི་རིམ་པ་ལས་འདས་པར་འགྱུར་བའི་ཕྱིར་ཏེ། དཔེར་ན་དགེ་ཚུལ་མ་བླངས་པར་དགེ་སློང་གི་སྡོམ་པ་བླངས་ན་སྐྱེ་


JLD001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱང་བྱར་མི་རུང་བ་བཞིན་ནོ། །རྟེན་མེད་པ་ཁ་ཅིག་ན་རེ། རང་དོན་གྱི་བསམ་པ་མ་ལོག་ན་བྱང་སེམས་ཀྱི་སྡོམ་པ་མི་སྐྱེ་བའི་ཕྱིར་སྐྱེ་བའི་གེགས་ཡིན་ལ། བྱང་སེམས་ཀྱི་སྡོམ་ལྡན་གྱིས་རང་དོན་གྱི་བསམ་པ་བསྐྱེད་ན་སྡོམ་པ་དེ་ཉམས་པར་འགྱུར་བའི་ཕྱིར་གནས་པའི་གེགས་སོ་ཞེས་ཟེར་བ་ནི། སོ་ཐར་གྱི་སྡོམ་པ་དང་ཐེག་དམན་གྱི་བསམ་པ་གཉིས་ཁྱད་པར་མ་ཕྱེད་པའི་འཁྲུལ་པ་སྟེ། འདི་ལྟར་བྱང་སེམས་ཀྱི་སྡོམ་པ་སྐྱེ་བ་ལ་ཐེག་དམན་གྱི་བསམ་པ་གཏང་དགོས་ཀྱང་སོ་ཐར་གཏང་མི་དགོས་ལ་ཐེག་ཆེན་གྱི་སྡོམ་ལྡན་གྱིས་ཐེག་དམན་གྱི་བསམ་པ་བསྐྱེད་ན་ཐེག་ཆེན་ལས་ཉམས་ཀྱང་སོ་ཐར་མི་གཏོང་སྟེ། སོ་ཐར་ནི་ཐེག་པ་གཉིས་ཀྱི་ཐུན་མོང་བ་ཡིན་པའི་ཕྱིར་དང་བསམ་པ་དེ་སོ་ཐར་གྱི་གཏོང་རྒྱུར་མི་རིགས་པའི་ཕྱིར་དང་སོ་ཐར་གྱི་སྡོམ་ལྡན་གྱིས་སྡོམ་པ་གོང་མ་ལེན་པ་ན་ཕུན་སུམ་ཚོགས་པའི་རྟེན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་སྡོམ་པ་གོང་མ་ལ་གནས་པས་འོག་མ་འདོར་བར་བྱེད་པ་ནི་རྒྱལ་བའི་བསྟན་པའི་རྩ་བ་གཅོད་པར་བྱེད་པ་སྐྱེ་དགུའི་ཕན་བདེའི་ལོ་ཐོག་གི་སེར་བ་ཆེན་པོ། གཞུང་གོང་འོག་གི་གནད་གཏན་ནས་མ་གོ་པའི་ལོག་པར་རྟོག་པ་ཡིན་པས་རྒྱང་རིང་དུ་དོར་བར་བྱའོ། །འདི་ལྟ་བུའི་ལོག་པར་རྟོག་བ་འབྱུང་བ་བཟློག་པའི་ཕྱིར་འཕགས་པ་སྡོམ་པ་གསུམ་བསྟན་པ་ལས། དེས་ཇི་སྐད་དུ་བསྟན་པའི་སོ་སོར་ཐར་པ་དང་མཐུན་པར་བྱའོ། །འོད་སྲུངས་གང་དག་སོ་སོར་ཐར་པ་དང་མི་མཐུན་པར་བྱ་བར་སེམས་པ་དེ་དག་ནི་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་


JLD001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་མཐུན་པར་བྱ་བར་སེམས་པའོ། །གང་དག་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་དང་མི་མཐུན་པར་བྱ་བར་སེམས་པ་དེ་དག་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དང་མི་མཐུན་པར་བྱ་བར་སེམས་པ་སྟེ། དེའི་རྣམ་པར་སྨིན་པས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ཚོར་བ་དག་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་དང་བརྒྱ་སྟོང་དང་བྱེ་བ་བརྒྱ་སྟོང་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་མི་ཕོད་དོ། །སྡུག་བསྔལ་དང་ཡིད་མི་བདེ་བ་འདི་ལྟ་བུ་འདི་དག་ཡོངས་སུ་སྤང་བར་འདོད་པས་དགེ་སློང་དེ་དག་གི་སྤྱོད་པ་འདི་ལྟ་བུ་དེ་དག་དཔག་ཚད་སྟོང་བས་ཀྱང་རིང་དུ་ཡོངས་སུ་སྤང་བར་བྱ་སྟེ། བཟླས་པའི་སྒྲ་ཡང་ཡོངས་སུ་སྤང་བར་བྱ་ན་བལྟ་བ་དང་ཉན་པ་ལྟ་ཅི་སྨོས་ཏེ་དེ་དག་ཡོངས་སུ་སྤང་བར་བྱའོ། །ཞེས་པ་དང་དཔུང་བཟང་གིས་ཞུས་པའི་རྒྱུད་ལས་ཀྱང༌། ཇི་ལྟར་ལོ་ཐོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལ། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤངས། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། ཞེས་གསུངས་


JLD001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདིས་ནི་རབ་བྱུང་གི་རྟགས་དང་ལས་ཀྱི་ཆོ་ག་དང་ཐུན་མོང་མ་ཡིན་པའི་བཅས་པ་རྣམས་མ་གཏོགས་པ་འདུལ་བ་ནས་བཤད་པའི་བླང་དོར་རྣམས་སྔགས་པ་ཁྱིམ་པས་ཀྱང་ཉམས་སུ་བླང་དགོས་པར་གསུངས་ན། སྔགས་པ་རབ་བྱུང་དང་བྱང་ཆུབ་སེམས་དཔའི་སྡོམ་ལྡན་གྱིས་ལྟ་ཅི་སྨོས། ལོག་པར་རྟོག་པའི་ཐ་ཆད་འདི་ཁ་ཆེའི་བདེ་བར་གཤེགས་པ་རྣམས་ཀྱི་གཙུག་གི་ནོར་བུ་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་མི་ཏྲེས་ཀྱང་ནན་ཏན་དུ་མས་བཀག་སྟེ་ཇི་སྐད་དུ། ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་མི་འགལ་བ་ལས། དང་པོར་རབ་ཏུ་བྱུང་བརྟེན་ནས། །སྔགས་དང་ཕ་རོལ་ཕྱིན་ལམ་གནས། །ཕྱི་ནས་དེ་རྣམས་རྨོངས་སོགས་ཀྱིས། །འདུལ་བ་ཡི་ནི་བསྟན་བཅོས་ལས། །ཉན་ཐོས་ལ་སོགས་སྡོམ་གནས་པ། །སོ་སོར་ཐར་དང་ལོ་དྲིར་གནས། །དེར་བཤད་པ་ཡི་བསླབ་པ་རྣམས། །ཕལ་ཆེར་བསྲུང་བར་མ་ནུས་པས། །བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། །འགལ་བ་ཉིད་དུ་ཡོངས་བཟུང་ནས། །ད་ལྟར་དེ་བཏང་རྣམ་པར་གནས། ཞེས་དང༌། རབ་བྱུང་སྡོམ་པ་བཏང་ནས་ནི། །སྔགས་ཀྱི་སྡོམ་པའམ་སྦྱིན་སོགས་ཀྱི། །སྡོམ་པ་ཡང་ནི་གཟུང་མི་བྱ། ཞེས་དང༌། བློ་ལྡན་ཁྱད་པར་འཕགས་པ་ཡིས། །དགེ་སློང་བྱང་ཆུབ་སེམས་དཔའ་ནི། །ཐབས་ལ་མཁས་པས་ཐམས་ཅད་དུ། །རྨི་ལམ་དུ་ཡང་འགལ་མི་བསམ། ཞེས་སོགས་ཀྱིས་རྒྱས་པར་གསུངས་སོ། །མདོ་སྡེ་དུ་མར་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱིམ་ན་གནས་པའི་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རིང་ནས་བསླབས་པ་དུ་མས་ཀྱང་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་ཞིང་


JLD001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པ་ཆེད་དུ་གཉེར་ནས་མཛད་པར་གསུངས་པའི་ཕྱིར། སོ་སོར་ཐར་པའི་སྤྱི་དང་དེའི་ནང་ནས་ཀྱང་རབ་ཏུ་བྱུང་བའི་སྡོམ་པ་རྣམས་ནི་ཐེག་པ་མཆོག་ལ་གནས་པ་རྣམས་ཀྱིས་གཅེས་སྤྲས་སུ་གཟུང་དགོས་སོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་གསུམ། མདོར་བསྟན་པ་ནི། བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཡང་དག་པར་བླངས་པའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་ལུས་ངག་གི་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་མདོར་བསྡུ་ན་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ། །གཞུང་མང་པོ་ལས་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ཞེས་ཀྱང་འབྱུང་ངོ་། །འདི་ལ་གསུམ་ལས། དུས་ནི། འོག་ཏུ་ཞེས་པ་སྟེ་དགེ་བའི་ཆོས་གང་དག་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་ལ་གནས་ནས་ཞེས་མདོ་ལས་གསུངས་པས་ཚུལ་ཁྲིམས་ལ་གནས་པ་ཁོ་ནའི་དགེ་བའི་ཆོས་སྐྱེ་བ་དང་གནས་པ་དང་འཕེལ་བར་བསྟན་པའི་ཕྱིར་ཏེ། བྱང་སེམས་ཀྱི་སྡོམ་པ་ཡང་དག་པར་བླངས་ནས་དགེ་བ་རྣམས་བསྡུ་བར་བྱ་བའི་དོན་ཏོ། །དེ་ཡང་སྔོན་ལ་སྡོམ་པའི་ཚུལ་ཁྲིམས་བརྟན་པར་བྱའོ། །དམིགས་པ་ནི། བྱང་ཆུབ་ཆེན་པོའི་ཕྱིར་ཏེ་རང་རྒྱུད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་དབང་དུ་བྱས་པའོ། །དེས་ན་དགེ་བ་སྡུད་པ་ནི་རང་རྒྱུད་སྨིན་པའི་དབང་དུ་བྱས་ལ་སེམས་ཅན་དོན་བྱེད་ནི་གཞན་སྨིན་པར་བྱེད་པ་སྟེ་ཁྱད་པར་ནི་དེའོ། །མཚན་ཉིད་དམ་རང་བཞིན་ནི། ལུས་དང་ངག་གིས་དགེ་བ་བསགས་པ་སྟེ་ཡིད་མ་སྨོས་པ་ནི་དགེ་བ་སྡུད་པའི་


JLD001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཀྱི་སྐབས་ཡིན་ལ་ཚུལ་ཁྲིམས་ཀྱང་ལུས་ངག་ཁོ་ནའིཡིན་པས་སོ་ཞེས་འགྲེལ་པ་གཞན་རྣམས་ནས་འཆད་ཀྱང་རྒྱས་བཤད་ནས་ཡིད་ཀྱི་དགེ་བ་དུ་མ་བཤད་པ་དང་སློབ་དཔོན་ཡོན་ཏན་འོད་ཀྱི་འགྲེལ་པར་ཡིད་ཀྱང་བཤད་པས་ལུས་ངག་སྨོས་པས་ཡིད་ཤུགས་ལ་གོ་བར་ནུས་པས་མ་བཤད་དོ་ཞེས་གསུངས་པ་ལྟར་ལེགས་སོ། །སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་དང་ལམ་སྒྲོན་འགྲེལ་པ་ནི་གཞུང་ལ་ཡིད་ཡོད་པའི་ལུགས་སུ་བྱས་སོ། །དེ་ལྟར་ན་སྒོ་གསུམ་རེ་རེ་བ་དང་གཉིས་གཉིས་དང་གསུམ་ཆར་གྱིས་བྱས་པའི་དགེ་བ་སྡུད་པའི་ཚུལ་ཁྲིམས་ཡོད་དོ། །རྒྱས་པར་བཤད་པ་ལ་བརྒྱད་ལས། ཤེས་རབ་གསུམ་བསྐྱེད་པ་ནི། བྱང་ཆུབ་སེམས་དཔའ་ནི་སྡོམ་པའི་ཚུལ་ཁྲིམས་ལ་བརྟེན་ཅིང་གནས་ནས་རྣམ་པར་གཡེང་བ་མེད་པར་གཙུག་ལག་དམ་པ་མཉན་ཏེ་ཐོས་པའི་ཤེས་རབ་བཙལ་ལོ། །ཐོས་པའི་ཚོགས་བསགས་པ་ལས་དཔྱོད་པ་དང་ལྡན་པས་སེམས་སོ། །དེ་ནས་ནི་སྒོམ་པ་ལ་འཇུག་སྟེ་ཞི་ལྷག་སྒོམ་པའོ། །དེ་ཡང་ལུས་འདུ་འཛི་དང་སེམས་མི་དགེ་བའི་རྣམ་རྟོག་གིས་དབེན་པ་ལ་ལྟོས་པས་གཅིག་པུར་དགའ་བའོ། །སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་དུ་གཅིག་ཏུ་དགའ་བ་ཞེས་འབྱུང་ངོ་། །དེ་ལ་ཞི་གནས་ནི་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ལ་ཐོས་བསམ་གྱི་ཤེས་རབ་དང་ལྷག་མཐོང་ནི་ཤེས་རབ་ཀྱི་བསླབ་པ་སྟེ་ཚུལ་ཁྲིམས་ལས་བསླབ་པ་གཉིས་འགྲུབ་པའོ། །ཞིང་ཁྱད་པར་ཅན་ལ་ཚོགས་བསགས་པ་ནི། བླ་མ་རྣམས་ལ་མཐོང་ན་མི་འགྱིང་ཞིང་དགའ་བཞིན་དུ་བདེ་བར་བྱོན་ཏམ་ཞེས་གསོང་པོར་སྨྲ་བའམ་གུས་པར་སྨྲ་བ་དང༌།


JLD001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱིས་ཕྱག་འཚལ་བ་དང་ལངས་ནས་སྟན་སྟོབ་པ་དང་སྟན་ལས་འཕགས་ཏེ་གུས་པ་སྟོན་པའི་མངོན་པར་ལྡང་བའམ་མྱུར་དུ་ལྡང་བ་དང༌། ཉེ་བར་འོངས་པ་དང་མིག་ལམ་དུ་སྣང་བ་ན་ཕྱག་བྱེད་པའམ་ཐལ་མོ་ཙམ་སྦྱོར་བ་དང་གཡོག་བྱེད་པའི་གུས་པར་རིམ་གྲོ་བྱེད་པ་དང༌། ནད་པ་རྣམས་ལ་བརྩེ་བས་ནད་གཡོག་བྱེད་པའོ། །དེ་ལ་ཕན་འདོགས་པ་དང་བླ་མ་དང་སྡུག་བསྔལ་གྱི་ཞིང་གསུམ་སྟེ་དང་པོ་ནི་ཕ་མ་དང༌། གཉིས་པ་ནི་མཁན་སློབ་དང་གསུམ་པ་ནི་ནད་པ་སྟེ་འདི་དག་བྱང་སེམས་རབ་ཏུ་བྱུང་མ་བྱུང་གཉིས་ཀའི་བསོད་ནམས་སྐྱེ་བའི་གཞི་ཡིན་པས་ཞིང་ངོ༌། །ཡོན་ཏན་དང་ཡོན་ཏན་ཅན་ལ་དགའ་བ་ནི། གསུང་རབ་མ་ནོར་བར་སྨྲ་བ་དང་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པའི་ལེགས་པར་སྨྲ་བ་ལ་ལེགས་སོ་སྟེར་བ་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གང་ཟག་གི་བསྔགས་པ་བརྗོད་པ་དང་སེམས་ཅན་ཀུན་གྱི་དགེ་བ་རྣམས་ལ་བསམ་པ་ཐག་པས་ཡི་རང་ཞིང་ཚིག་ཏུ་བརྗོད་པའོ། །དེ་ཡང་གཞན་གྱིས་ཡོན་གནས་སུ་ཤེས་ནས་ཡི་རང་བར་འགྱུར་པ་དང་རང་གི་ཕྲག་དོག་སྤང་བ་དང་མ་བྱས་ཀྱང་བྱས་པ་དང་འདྲ་བའི་བསོད་ནམས་འཐོབ་པ་དང༌། ལེགས་པ་དེ་དག་གི་རྗེས་སུ་འཇུག་པར་བྱ་བའི་ཕྱིར་རང་གིས་བྱས་པ་ལ་དགའ་བ་བཞིན་དུ་དགའ་བར་བྱའོ། །བཟོད་པ་བསྟེན་པ་ནི། ཕ་རོལ་གྱིས་གནོད་པ་བྱས་པ་ཐམས་ཅད་ལ་སོ་སོར་བརྟགས་ཏེ་སྔོན་གྱི་ལས་སུ་ལྟ་ཞིང་སྙིང་རྗེ་བསྐྱེད་ནས་སླར་མི་ཁྲོ་ཞིང་གནོད་ལན་མི་བྱེད་པའོ། །བསྔོ་བ་


JLD001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨོན་ལམ་གདབ་པ་ནི། བྱས་པ་ཆུད་མི་ཟ་བ་དང་བསོད་ནམས་ཐ་དད་པ་བསྐྱེད་པའི་ཕྱིར་སྒོ་གསུམ་གྱིས་བྱས་པ་དང་བྱེད་པར་འགྱུར་བའི་དགེ་བ་རྣམས་བྱང་ཆུབ་མཆོག་ཏུ་བསྔོ་བ་དང༌། ཡོན་ཏན་ཚད་མེད་པ་བསྒྲུབ་པའི་ཕྱིར་དུས་དུས་སུ་ས་བཅུ་པར་བཤད་པའི་སྨོན་ལམ་བཅུའམ། བཟང་པོ་སྤྱོད་པའི་སྨོན་ལམ་གདབ་པའོ། །དཀོན་མཆོག་མཆོད་པ་ནི། དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་ཐམས་ཅད་པ་ཟང་ཟིང་དང་སྒྲུབ་པའི་མཆོད་པ་གཉིས་དང་ངན་པ་མིན་པའི་རྒྱ་ཆེན་པོའི་མཆོད་པའོ། །བག་ཡོད་བསྟེན་པ་ནི། རྟག་ཏུ་རྒྱུན་མི་འཆད་པར་ཕྱིན་དྲུག་གི་དགེ་བའི་ཕྱོགས་རྣམས་ལ་བརྩོན་པ་ཆེན་པོས་འཇུག་པའོ། །ཚོགས་ལམ་གྱི་གནས་སུ་གྱུར་པའི་དགེ་བ་ནི། ཡིད་ཀྱིས་དྲན་པ་དང་ཤེས་བཞིན་དང་ལྡན་བཞིན་དུ་ལུས་ངག་གིས་བསླབ་པའི་གཞི་རྣམས་ལ་སྤྱོད་པས་ཀུན་ནས་བསྲུང་བ་དང་དབང་པོ་མ་བསྡམས་པས་ཡིད་དུ་འོང་བ་དང་མི་འོང་བའི་ཡུལ་གྱི་རྗེས་སུ་འབྲངས་ནས་ཆགས་སྡང་སྐྱེ་བ་ལས་སེམས་སྲུང་བར་བྱེད་པའི་དབང་པོའི་སྒོ་བསྲུང་བ་དང༌། ཧ་ཅང་འགྲངས་པ་དང་ཧ་ཅང་བཀྲེས་ཏེ་བརྩོན་འགྲུས་རྩོམ་པར་མི་ནུས་པའི་མཐའ་གཉིས་སུ་མ་ལྷུང་བར་ལུས་གནས་པའི་ཕྱིར་དུ་རན་པར་ཟ་བའི་ཟས་ཀྱི་ཚོད་རིག་པ་དང༌། མཚན་མོ་ལ་ཐུན་གསུམ་དུ་བྱས་པའི་བར་པ་ལ་ཉལ་ཞིང་སྔ་ཕྱི་གཉིས་དང་ཉིན་པར་ལ་ཁ་ཏོན་དང་རྣལ་འབྱོར་དུ་བྱེད་པ་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། དགེ་བ་ལ་འཛུད་ཅིང་མི་དགེ་བ་ལས་ཟློག་པའི་གྲོགས་སྐྱེས་བུ་དམ་པ་


JLD001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལུང་འབོགས་པ་ལ་སོགས་པ་བྱེད་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། རང་གིས་རང་གི་བཤེས་གཉེན་བྱས་ཏེ་རང་གི་ཉེས་པ་ལ་བརྟག་ཅིང་ཉེས་པ་དེའི་འདི་ཕྱིའི་ཉེས་དམིགས་ཤེས་པར་བྱས་ནས་གཉེན་པོ་བསྟེན་པས་སེལ་བར་བྱེད་པ་དང༌། འཁྲུལ་པའམ་ཉེས་པ་བྱུང་བ་རྣམས་སངས་རྒྱས་སྲས་བཅས་དང་འཕྲད་པའི་སྐལ་བ་ཡོད་ན་དེ་དག་དང་མེད་ན་དེ་དག་གི་སྐུ་གཟུགས་ཀྱི་སྤྱན་སྔར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཁྱེན་པར་གསོལ་ཏེ་མཐོལ་ཞིང་འཆགས་པ་དང་ཆོས་མཐུན་པར་སྤྱོད་པའི་གྲོགས་ལའང་དེ་ལྟར་བྱེད་པའོ། །དོན་བསྡུ་བ་ནི། དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་རྣམས་སྒྲུབ་པ་དང་བསྲུང་བ་དང་རྣམ་པར་འཕེལ་བར་བྱེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ། །དེ་ལ་སྒྲུབ་པ་ནི་གསར་དུ་བསྐྱེད་པ་སྟེ་ཤེས་རབ་གསུམ་བསྐྱེད་པ་ལྟ་བུའོ། །སྲུང་བ་ནི་སྐྱེས་པ་རྣམས་ཆུད་མི་ཟ་བར་བྱེད་པའོ། །དེ་ཡང་བཟོད་པ་བསྟེན་པ་ལྟ་བུ་སྟེ་ཁོང་ཁྲོ་མ་བཀག་ན་དེས་དགེ་བ་བསགས་པ་རྣམས་འཇོམས་པའི་ཕྱིར་རོ། །འཕེལ་བར་བྱེད་པ་ནི་བསྲུངས་བ་རྣམས་སླར་ཡང་འཕེལ་བ་དང་རྒྱ་ཆེ་བ་དང་རྟས་པར་བྱེད་པ་སྟེ་བསྔོ་བ་དང་སྨོན་ལམ་འདེབས་པ་ལྟ་བུའོ། །སེམས་ཅན་དོན་བྱེད་ནི། བྱང་ཆུབ་སེམས་དཔའི་སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། གྲོགས་བྱ་དགོས་པ་དང་ཐབས་ལ་རྨོངས་པ་དང་ཕན་འདོགས་པ་


JLD001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇིགས་པས་ཉེན་པ་དང་མྱ་ངན་གྱིས་གཟིར་བ་དང་ཡོ་བྱད་ཀྱིས་ཕོངས་པ་དང༌། གནས་འཆའ་པར་འདོད་པ་དང་བློ་མཐུན་པར་འདོད་པ་དང་ཡང་དག་པར་ཞུགས་པ་དང་ལོག་པར་ཞུགས་པ་དང་རྫུ་འཕྲུལ་གྱིས་གདུལ་བར་བྱ་བ་རྣམས་ཀྱི་དོན་ཇི་ལྟར་རིགས་པར་སྒྲུབ་པའོ། །ཕུན་སུམ་ཚོགས་པའི་རྒྱུ་ལ་གསུམ་ལས། སྡོམ་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྒྱུ་ནི། བྱང་སེམས་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་ཇི་ལྟར་ན་ལེགས་པར་བསྡམས་པའི་ཚུལ་ཁྲིམས་ཅན་དུ་འགྱུར་ཞེ་ན། འདི་ལ་བཅུ་ལས་འདས་པའི་འདོད་པ་རྣམས་ལ་མི་ལྟ་བ་ནི། བྱང་ཆུབ་སེམས་དཔའི་མིའི་འདོད་པའི་མཆོག་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པ་ཡང་བོར་ཏེ་རབ་ཏུ་འབྱུང་ཞིང་རབ་ཏུ་བྱུང་ནས་ཀྱང་དེ་ལ་མི་ལྟ་བ་ནི་དཔེར་ན་རྩའམ་མི་གཙང་བ་ལ་ཇི་ལྟ་བ་བཞིན་ནོ། །འདོད་པར་བྱ་བས་ན་འདོད་པ་སྟེ་དངོས་པོའི་འདོད་པ་ལོངས་སྤྱོད་དང་འདིས་འདོད་པས་ན་འདོད་པ་སྟེ་ཉོན་མོངས་པའི་འདོད་པ་སྲེད་པའོ་འདིར་ནི་དང་པོ་སྟེ། དེ་ཡང་ཕྱག་དར་གྱི་འདུ་ཤེས་ཀྱིས་སྤངས་པའི་རྩ་ལ་སླར་ཡང་མ་ལྟ་བ་བཞིན་དུ་ཆགས་པར་བྱ་བའི་སྙིང་པོ་མེད་པར་མཐོང་ནས་སྔར་སྤངས་པ་ལ་སླར་མི་ལྟའོ། །ཡང་མི་གཙང་བའི་བློས་སྤངས་པའི་ཕྱིས་རུལ་བ་ལ་སླར་མི་ལྟ་བ་བཞིན་དུ་འདོད་པ་དེ་དག་ཉོན་མོངས་པ་ཕྱིས་རུལ་པ་ལྟ་བུ་དང་འབྲེལ་བར་མཐོང་ནས་སླར་ཡང་མི་ལྟའོ། །དེ་ལྟར་ན་དང་པོར་ཁྱིམ་གྱི་ལོངས་སྤྱོད་སྤངས་ནས་རབ་ཏུ་བྱུང་ཡང་སླར་དེ་དག་ལ་ལྟ་བར་བྱེད་ན་སྡོམ་པ་ཡོངས་སུ་དག་པར་མི་འགྱུར་བས་སླར་ཡང་མ་ཆགས་པ་བརྟན་པར་བྱ་སྟེ་སྔར་བཤད་པའི་


JLD001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་གཉིས་བཞིན་དུ་འདུ་ཤེས་འཇོག་དགོས་པའོ། །མ་འོངས་པའི་འདོད་པ་ལ་མངོན་པར་དགའ་བ་མེད་པ་ནི་མ་འོངས་པ་ན་བདུད་ཀྱི་གནས་སུ་གཏོགས་པ་གཞན་འཕྲུལ་དབང་བྱེད་པའི་འདོད་པའི་ལོངས་སྤྱོད་ལ་ཡང་སྨོན་ནས་དེའི་དོན་དུ་ཚངས་པར་མི་སྤྱོད་ན་དེ་ལས་གཞན་པའི་འདོད་པའི་དོན་དུ་ལྟ་ཅི་སྨོས། དེ་ལ་མི་དགའ་བ་ནི་དཔེར་ན་སྟག་གཟིག་ལ་སོགས་པས་གང་བའི་ནགས་ཐིབས་པོར་འཇུག་པར་མི་འདོད་པ་བཞིན་དུ་ལྟ་བའོ། །འདིར་འདས་པ་ལ་མི་ལྟ་བ་ལ་མིའི་འདོད་པ་སྨོས་ཀྱི་ལྷ་མ་སྨོས་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་གཙོ་བོར་རབ་ཏུ་བྱུང་བའི་སྐབས་ཡིན་ལ་ལྷ་ལ་ནི་རབ་ཏུ་འབྱུང་བ་མེད་པའི་ཕྱིར་རོ། །མ་འོངས་པ་ལ་མི་དགའ་བ་ལ་ལྷའི་འདོད་པ་སྨོས་ཀྱི་མི་མ་སྨོས་པ་ནི་འདོད་པའི་ལོངས་སྤྱོད་ལ་ཕྱི་མར་སྨོན་པ་མེད་པར་སྟོན་པའི་སྐབས་ཡིན་ཞིང་འདོད་པའི་ལོངས་སྤྱོད་ལ་བདུད་ཀྱི་ལས་ལྷག་པ་མེད་པའི་ཕྱིར་རོ། །མདོར་ན་རབ་ཏུ་བྱུང་བའི་སྡོམ་པ་དག་པའམ་ལེགས་པར་བསྡམས་པ་ལ་མ་འོངས་པའི་འདོད་པའི་ཆེད་དུ་ཡང་ཚངས་སྤྱོད་ལ་མི་གནས་པ་ཞིག་དགོས་ཀྱི་སྔར་སྤངས་པའི་འདོད་པ་ལ་མི་ལྟ་བ་ཙམ་གྱིས་མི་ཆོག་པའོ། །ད་ལྟར་བ་ལ་ལྷག་པར་ཞེན་པ་མེད་པ་ནི། རྒྱལ་པོ་དང་ཁྱིམ་བདག་སེམས་ཅན་རྒྱ་ཆེན་པོའི་རྙེད་བཀུར་གྱི་འདོད་པ་ལ་ཡང་རོ་མྱང་བར་མི་བྱེད་ན་སེམས་ཅན་ཐ་ཆད་ཀྱི་རྙེད་བཀུར་ལ་ལྟ་ཅི་སྨོས། དེ་ནི་དཔེར་ན་ཟས་ཟོས་པ་ཕྱིར་སྐྱུགས་པ་ལ་རོ་མྱང་བར་མི་བྱེད་པ་


JLD001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བར་ཡང་དག་པའི་ཤེས་རབ་ཀྱིས་དེ་དང་འདྲ་བར་མཐོང་བའོ། །དེ་ལ་གཙོ་བོར་ཕྱི་མའི་འདོད་པ་ལ་སྨོན་ནས་ཚངས་པར་སྤྱད་ན་ལེགས་སྨོན་ཙམ་དུ་འགྱུར་བས་སོ་ཐར་གྱི་སྡོམ་པར་མི་འགྱུར་བར་འདྲ་ཡང་འདོད་པའི་ལོངས་སྤྱོད་སྔར་ཐོབ་པ་འདོར་བ་དང༌། ད་ལྟར་བ་ལ་མི་ཆགས་པ་ནི་ཁྱིམ་པའི་སྡོམ་པའི་ཚུལ་ཁྲིམས་ལ་མེད་མི་རུང་མ་ཡིན་གྱི་རབ་བྱུང་ལ་ངེས་པར་དགོས་པས་སྤྱིར་འཁོར་བ་དང༌། ཁྱད་པར་དུ་འདོད་པའི་ཉེས་དམིགས་བསྒོམས་ནས་སྔར་ལྟར་བློ་མ་བཟློག་ན་ལེགས་པར་བསྡམས་པའི་ཚུལ་ཁྲིམས་ཅན་དུ་མི་འགྱུར་བ་ལ་ངེས་པ་དྲངས་དགོས་སོ། །དབེན་པ་ན་གནས་པར་དགའ་བ་ནི་ལུས་དབེན་པའི་གཅིག་པུ་ལ་དགའ་བ་དང་མང་པོའི་ནང་ན་གནས་ཀྱང་འདོད་པ་ལ་རྟོག་པ་ལ་སོགས་པ་རྒྱང་བསྲིངས་ཏེ་གནས་པའོ། །དེ་ཡང་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་མི་འཛིན་གྱི་དེ་ལ་བརྟེན་ནས་བྱང་སེམས་ཀྱི་ཏིང་ངེ་འཛིན་ཚད་མེད་པ་གསར་དུ་སྒྲུབ་པ་དང་གྲུབ་ཟིན་པ་ལ་དབང་ཐོབ་པའི་ཕྱིར་དུ་འབད་པའོ། །འདིས་ནི་ཚུལ་ཁྲིམས་དག་པ་ཙམ་ལ་ཆོག་ཤེས་བྱས་ནས་ཡོན་ཏན་གོང་མ་མི་འཚོལ་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་མི་འགྱུར་བར་བསྟན་ནོ། །ངག་དང་རྟོག་པ་ཡོངས་སུ་དག་པ་ནི། འདུ་འཛིའི་ནང་ན་འདུག་པའི་ཚེ་ཡང་ངན་པའི་ཚིག་ཉོན་མོངས་པ་ཅན་གྱི་གཏམ་མི་སྨྲ་ལ། དབེན་པ་ན་གནས་པའི་ཚེ་ནི་འདོད་པ་ལ་སོགས་པའི་རྟོག་པ་ངན་པ་ཅུང་ཟད་ཀྱང་མི་སྐྱེད་པར་ལེགས་པར་སྡོམ་པའོ། །བརྒྱ་ལ་བརྗེད་ངས་པས་བྱུང་ན་ཡང་དེ་མ་ཐག་ཏུ་ཉེས་དམིགས་


JLD001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྟ་ཞིང་འགྱོད་པ་དྲག་པོ་སྐྱེད་དོ། །དེ་རྒྱུན་དུ་བྱས་ན་དེ་ལ་བརྟེན་ནས་ངག་ཡིད་ངན་པ་བྱུང་མ་ཐག་ཏུ་དྲན་པ་སྐྱེ་ཞིང་མི་བྱ་བའི་སེམས་ཀྱང་ཐོབ་ནས་འདོར་རོ། །འདོར་བ་ལ་གོམས་ན་སྔར་དེ་གཉིས་ལ་དགའ་བ་ཇི་ཙམ་སྐྱེ་བ་དེ་ལྟར་ཕྱིས་ཀུན་ཏུ་སྤྱོད་པ་ལ་མི་དགའ་བ་སྐྱེ་སྟེ་བློ་གཉིས་གོ་ས་འཕོ་བར་འགྱུར་རོ། །དང་པོ་ནས་མི་འབྱུང་བ་ལ་འབད་པ་དང་བྱུང་ན་ཡང་ཇི་མི་སྙམ་པར་མི་འཇོག་པར་ཉེས་དམིགས་སུ་ལྟ་ཞིང་འགྱོད་པ་དྲག་པོ་བསྐྱེད་པས་བློ་སྔ་ཕྱི་གནས་འཕོ་བ་འདི་ནི་བྱ་བ་མ་ཡིན་པ་བཀག་སྟེ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བའི་མན་ངག་བླ་ན་མེད་པའོ། །རང་ལ་ཁྱད་དུ་མི་གསོད་པ་ནི། སར་ཆུད་པ་རྣམས་ཀྱི་ཚུལ་ཁྲིམས་གསུམ་ཡངས་ཤིང་རྒྱ་ཆེ་བ་དང་བསླབ་གཞི་བགྲང་ལས་འདས་པའི་དཔག་ཏུ་མེད་པ་དང་རྟོག་གེའི་ཡུལ་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་དང༌། བསྐལ་པ་གྲངས་ལས་འདས་པར་སྤྱོད་པའམ་ཡུན་མི་ཐུང་བར་ཞུགས་པའི་ཡུན་རིང་བ་དང་ལུས་ལ་སོགས་པ་གཏོང་བ་གཞན་གྱིས་བྱ་མི་ནུས་པའི་བྱ་དཀའ་བ་དག་ཐོས་པ་ན་དེ་དག་ལ་འཇིགས་པ་དང་བག་ཚ་བ་དང༌། ངས་མི་ནུས་སྙམ་པ་ནི་བདག་ཁྱད་དུ་གསོད་པ་སྟེ་དེ་འགོག་པའོ། །ཇི་ལྟར་འགོག་པ་ནི་དེ་དག་ཀྱང་མིར་གྱུར་པས་རིམ་གྱིས་བསླབས་པས་བསླབ་པ་དེ་དག་དང་ལྡན་པར་གྱུར་པ་ཡིན་གྱི་དང་པོ་ནས་ད་ལྟར་ནུས་པ་མིན་ནོ། །བདག་གིས་ཀྱང་རིམ་གྱིས་སློབ་པའི་བརྩོན་པ་མ་བཏང་ན་གདོན་མི་ཟ་བར་དེ་དག་འཐོབ་བར་འགྱུར་རོ་སྙམ་དུ་སྤྲོ་བ་བསྐྱེད་པའོ། །དེས་ན་བསླབ་


JLD001_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དཔག་ཏུ་མེད་པ་དེ་དག་མཉན་ནས་དེ་འདྲ་བ་སུས་སློབ་པར་ནུས་ཞེས་ཡལ་བར་འདོར་བ་དང་ཡང་བྱང་སེམས་གཞན་རྣམས་ཀྱི་ཡིན་གྱི་བདག་གི་མིན་ནོ་སྙམ་དུ་དོར་ན་རིགས་ཀྱི་ནུས་པ་རྒྱས་པའི་གེགས་ཆེན་པོ་ཡིན་པས་སྔར་བཤད་བ་ལྟར་ཞུམ་པ་བཀག་ནས་དངོས་སུ་འཇུག་པར་ནུས་པ་ལ་འབད་པ་དྲག་པོས་འཇུག་ཅིང༌། རེ་ཞིག་མི་ནུས་པ་རྣམས་ཀྱང་བདག་གིས་འདི་ལྟ་བུ་ལ་སློབ་པ་ནམ་འོང་ན་སྙམ་དུ་སྤྲོ་བ་མང་དུ་བསྒོམ་པ་དང༌། དེའི་རྒྱུར་གསག་སྦྱང་ལ་འབད་ཅིང་སྨོན་ལམ་རླབས་ཆེན་པོ་བྱ་དགོས་སོ། །ངེས་པ་ནི། རང་གི་ཉེས་པ་ལ་རྟོག་པར་བྱེད་ཀྱི་ཕ་རོལ་གྱི་ཉེས་པ་ལ་མི་རྟོག་ཅིང་སྡུག་བསྔལ་མི་བསྐྱེད་པའོ། །འོ་ན་ཕ་རོལ་གྱི་ཉེས་པ་དེ་ལྟར་འཇོག་གམ་ཞེ་ན། མ་ཡིན་ཏེ་ཉོན་མོངས་པའི་ཆོས་ཅན་ལ་དམིགས་ནས་སྙིང་རྗེ་བསྐྱེད་དོ། །ཇི་ལྟར་སྐྱེད་ན་འདི་ནི་གང་ཟག་འདིའི་ཉེས་པ་མིན་གྱི་ཉོན་མོངས་པའི་སྟོབས་ཀྱིས་རང་དབང་མེད་པར་བྱུང་བའོ་ཞེས་མ་རུངས་པ་དང་ཚུལ་ཁྲིམས་འཆལ་བ་རྣམས་ལ་ཀུན་ནས་མནར་སེམས་དང་ཁོང་ཁྲོ་མི་སྐྱེད་པར་ཤས་ཆེར་བརྩེ་བ་སྐྱེད་ཅིང་དེར་མ་ཟད་བྱེད་འདོད་བསྐྱེད་དེ། འདི་ལྟར་ཅི་ནས་ཀྱང་བྱང་ཆུབ་སེམས་བསྐྱེད་ལ་ཉོན་མོངས་པའི་དབང་དུ་མི་འགྱུར་བར་དེ་དང་ཕྲལ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་ནས་བཤེས་གཉེན་བྱེད་འདོད་པའོ། །བཟོད་པ་ནི། གཞན་གྱི་ལག་པ་དང་བོང་བ་དང་མཚོན་ལ་སོགས་པས་བསྣུན་པ་ཡང་སེམས་ཀྱིས་སྡང་བ་ཡང་མི་བྱེད་ན་ཞེ་གཅོད་པའི་སྡིག་པ་ཅན་གྱི་


JLD001_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འབྱིན་པའམ་རྡེག་པར་ལྟ་ག་ལ་བྱེད། དེས་ན་རིམ་པ་ལྟར་ཡིད་ངག་ལུས་གསུམ་དག་པའོ། །དེ་ལྟར་གནོད་པ་ཆེན་པོ་ཡང་བཟོད་ན་ཕན་པ་མེད་པར་ཕ་རོལ་ལ་སྤྱོ་བ་དང་ཚིག་གིས་གཤེ་ཞིང་ཁྲོ་བ་དང་སྡོད་ཅིག་ཅེས་དམ་འཆལ་ཞིང་དེ་འདྲ་བའི་གནོད་པས་སེམས་ཀྱི་སྡུག་བསྔལ་དུ་གྱུར་བ་ཅུང་ཟད་ཙམ་ཡང་མི་བྱེད་པར་བཟོད་པ་ལྟ་ཅི་སྨོས། ཞེས་ས་མུ་དྲ་མེ་གྷས་བྱས་ཟེར་བའི་འགྲེལ་པར་འབྱུང་ངོ༌། །གཞུང་དུ་ནི་སྤྱོ་བའམ་ཁྲོ་བའམ་བརྒྱད་བཀག་གིས་སྡུག་བསྔལ་བར་འགྱུར་བའི་གནོད་པ་ཆུང་ངུ་དག་གིས་ལྟ་ཅི་སྨོས་ཞེས་བསྣུན་པའི་ལན་དུ་སྡང་བ་ཙམ་ཡང་མི་སྐྱེད་ན་དེ་དག་གིས་ལྟ་ཅི་སྨོས་ཞེས་གསུགས་པས། ཕ་རོལ་པོས་གནོད་པ་ཆུང་ངུ་བྱས་པས་སེམས་མི་འཁྲུག་པར་སྟོན་པ་སྟེ་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་གནས་པའོ། །བག་ཡོད་པ་ནི། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་ཀྱི་མཐའ་དང་ལྡན་པ་དང་སྔ་ནས་བྱ་བ་དང་ལྷན་ཅིག་རྗེས་སུ་སྤྱོད་པའི་བག་ཡོད་པ་ལྔ་སྟེ། དེ་དག་ཀྱང་རིམ་པ་ལྟར་འདས་པའི་དུས་སུ་ཉེས་པ་རྣམས་ཆོས་བཞིན་དུ་ཕྱིར་བཅོས་པ་དང༌། མ་འོངས་པའི་དུས་སུ་ཡང་དེ་ལྟར་བྱེད་པར་ནན་ཏན་དུ་སེམས་པ་དང་ད་ལྟར་ཡང་བརྗེད་པ་མེད་པར་དེ་ལྟར་བྱེད་པ་དང༌། བདག་ཇི་ལྟ་ཇི་ལྟར་སྤྱོད་ཅིང་གནས་ན་ཉེས་པ་མི་འབྱུང་བ་དེ་ལྟ་དེ་ལྟར་སྤྱོད་ཅིང་གནས་ན་ཅི་མ་རུང་སྙམ་དུ་རབ་ཏུ་སྒྲིམ་པར་བྱེད་པ་དང༌། དེ་ལ་བརྟེན་ནས་དེ་ལྟ་དེ་ལྟར་སྤྱོད་ཅིང་གནས་པའོ། །འདི་ནི་གཙོ་བོར་སོ་ཐར་ལས་འབྱུང་བའི་བསླབ་


JLD001_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་བག་བྱེད་པའོ། །དེ་ལྔ་ལ་ཡང་བཞི་པ་རྩ་བ་སྟེ་དེ་ཡོད་ན་ལྔ་བ་སྐྱེ་ལ་བརྒྱ་ལ་དེ་མ་སྐྱེས་པར་ཉེས་པ་བྱུང་ནའང་ཆོས་བཞིན་དུ་རིམ་པ་བཞིན་དུ་གསོ་བ་འབྱུང་ངོ༌། །ཆོ་ག་དང་འཚོ་བ་དག་པ་གཅིག་ཏུ་བྱས་པའི་ཆོ་གའམ་སྤྱོད་པ་དག་པ་ནི་གྲགས་པ་འདོད་ནས་དགེ་བ་མི་སྤྱོམས་པ་དང་སྡིག་པ་མི་འཆབ་ཅིང་སྒྲོགས་པ་དང་ངན་ཉུང་རྙེད་པ་ལ་ཡིད་མི་བདེ་བ་མེད་པའི་འདོད་པ་ཆུང་བ་དང་བཟང་མང་འཐོབ་པ་ལ་ལྷག་པར་དོན་དུ་གཉེར་བ་མེད་པའི་ཆོག་ཤེས་པ་དང༌། གྲང་བ་དང་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་བཟོད་པ་དང་མ་རྙེད་པས་ཡིད་མི་བདེ་བ་མེད་པས་གདུང་བ་མེད་བ་དང་དབང་པོ་དུལ་བ་དང་ཞི་བས་མི་རྒོད་པ་དང་ཡུལ་གྱི་རྗེས་སུ་མི་འབྲང་བས་ཡེང་ཡེང་བོ་མ་ཡིན་པ་དང་སྤྱོད་ལམ་རྣམས་མཛེས་ཤིང་ཚུལ་བཞིན་དུ་ཡིད་ལ་བྱེད་པས་སྤྱོད་ལམ་རབ་ཏུ་ཞི་བའོ། །འཚོ་བ་དག་པ་ནི། ཚུལ་འཆོས་སོགས་ལོག་འཚོ་ལྔ་དང་བྲལ་བའོ། །བསྡམས་སུ་ཟིན་ཀྱང་རྒྱུ་དྲུག་གིས་ལེགས་པར་མ་བསྡམས་པ་སྟེ་དེ་ཙམ་གྱིས་ཆོག་པར་འཛིན་པ་ཀུན་སློང་དང་བཅས་པའི་ངག་མ་དག་པ་ཁྱད་དུ་གསོད་པ་འཁོར་མི་འཛིན་པ་ཉེས་པ་མི་འཆོས་པ་ཆོ་ག་དང་འཚོ་བ་མ་དག་པའོ། །དང་པོ་ལ་གཉིས་ཏེ། ལུས་ངག་བསྡམས་ཀྱང་དུས་གསུམ་གྱི་འདོད་པ་ལས་སེམས་མ་བསྡམས་པ་དང་བསྡམས་སུ་ཟིན་ཀྱང་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་སྒྲུབ་མི་འདོད་པའོ། །འཁོར་མི་འཛིན་པ་ནི་ཚུལ་ཁྲིམས་ཀྱི་འཁོར་བཟོད་པ་མི་འཛིན་པ་ཞེས་སློབ་དཔོན་ཡོན་ཏན་འོད་ཀྱིས་བཤད་དོ། །དགེ་བ་སྡུད་པའི་ཚུལ་ཁྲིམས་ཀྱི་ཕུན་སུམ་


JLD001_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་རྒྱུ་ནི། ལྔ་ཚན་གཉིས་ལས་ཕར་ཕྱིན་དང་པོ་ལྔའི་ཉེར་གནས་ནི། རིམ་པ་ལྟར་དེ་དག་གི་མི་མཐུན་ཕྱོགས་ལུས་དང་ལོངས་སྤྱོད་ལ་ཆགས་པའི་སེར་སྣ་ཕྲ་མོ་ཡང་དང་དུ་མི་ལེན་པ་དང་ཚུལ་ཁྲིམས་འཆལ་བའི་གཞིར་གྱུར་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་ཁྲོ་བ་དང་ཁོན་འཛིན་སོགས་བྱུང་བ་ཐམས་ཅད་དང་དུ་མི་ལེན་པ་དང་ཀུན་ནས་མནར་སེམས་དང་ཁྲོ་བ་དང་ཁོན་འཛིན་བྱུང་བ་དང་དུ་མི་ལེན་པ་དང༌། དགེ་བ་ལ་མི་འཇུག་པའི་ལེ་ལོ་དང༌། ཉལ་བ་གློས་འབེབས་པ་འཕྲེས་པ་མ་གུས་པའི་སྙོམ་ལས་བྱུང་བ་དང་དུ་མི་ལེན་པ་དང་བསམ་གཏན་གྱི་རོ་མྱང་བ་དང་དེའི་སའི་ཉོན་མོངས་སམ་སེམས་ཞུམ་པ་དང་རྒོད་པ་སོགས་བྱུང་བ་དང་དུ་མི་ལེན་པར་སྤོང་བའོ། །མདོར་ན་མི་མཐུན་ཕྱོགས་དེ་དག་བྱུང་རེས་ཀྱིས་གཉེན་པོ་བསྟེན་ནས་འགོག་ཅིང་དེ་དག་གི་དབང་དུ་གཏན་ནས་མི་གཏོང་བའོ། །ཤེས་རབ་ཀྱི་ཉེར་གནས་ནི། དགེ་བའི་ཕན་ཡོན་དང་དགེ་བའི་རྒྱུ་དང་དགེ་བའི་འབྲས་བུ་ལ་ཕྱིན་ཅི་ལོག་པ་དང་མ་ལོག་པ་དང་དགེ་བ་སྡུད་པའི་བར་དུ་གཅོད་པ་ལྔ་ཇི་ལྟ་བ་བཞིན་དུ་ཤེས་ནས་མི་ཤེས་པ་ལྔ་དང་བར་དུ་གཅོད་པ་སྤོང་བའོ། །ཕན་ཡོན་ནི་ལྷ་མི་དང་བྱང་ཆུབ་གསུམ་མོ། །རྒྱུ་ནི་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་དགེ་བཅུ་ལ་སོགས་པ་སྟེ། དགེ་བཤེས་ལ་བརྟེན་པ་དང་ཆོས་ཉན་པ་དང་སེམས་པ་དང་སྒོམ་པ་ལ་སོགས་པའོ། །དགེ་བའི་འབྲས་བུ་ཐོབ་པ་ལ་རྟག་པ་བདེ་བ་གཙང་བ་བདག་ཏུ་ལྟ་བ་ནི་ཕྱིན་ཅི་ལོག་ཡིན་པས་དེ་ལས་བཟློག་པ་ནི་ཕྱིན་


JLD001_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་མ་ལོག་པ་སྟེ་བྱང་སེམས་ཀྱིས་དགེ་བའི་འབྲས་བུ་ཐོབ་པ་ལ་ཕྱིན་ཅི་ལོག་ཏུ་ལྟ་བར་མི་འགྱུར་རོ། །དེ་ལྟར་ན་ཕྱིན་དྲུག་གི་དགེ་བའི་འབྲས་བུའི་ཡོན་ཏན་དང་དེའི་རྒྱུ་ཤེས་ཤིང་བར་གཅོད་སྔར་བསྟན་པའི་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཤེས་ནས་སྤངས་པའི་སྒོ་ནས་ཕྱིན་དྲུག་གི་དགེ་རྩ་སྡུད་པ་ནི། དགེ་བ་ཐམས་ཅད་སྡུད་པ་དང་མྱུར་དུ་སྡུད་པར་འགྱུར་བ་སྟེ་འཇིག་རྟེན་ལས་འདས་མ་འདས་ཀྱི་དགེ་བ་ཐམས་ཅད་དྲུག་ཏུ་མ་འདུས་བ་མེད་པའི་ཕྱིར་དང༌། དེ་དྲུག་གི་མི་མཐུན་ཕྱོགས་སྤངས་ན་བདེ་བླག་ཏུ་བསྡུ་བར་ནུས་པའི་ཕྱིར་རོ། །འདིར་ཉེར་གནས་ནི་སྦྱིན་སོགས་བདེ་བླག་ཏུ་འགྲུབ་པའི་རྒྱུའི་དོན་ཏོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྒྱུ་ནི་རྣམ་པ་བཅུ་གཅིག་གིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ཐམས་ཅད་ལ་གནས་པ་སྟེ། དེ་ཡང་རེ་རེ་ཞིང་ཡང་རྣམ་པ་ཐམས་ཅད་ལ་གནས་པའོ། །འདི་ནི་གྲོགས་བྱ་བ་ལྟ་བུ་གཅིག་ལ་ཡང་གྲོགས་བྱ་དགོས་ཀྱི་སེམས་ཅན་ཐམས་ཅད་དམ་གྲོགས་ཀྱི་རྣམ་པ་ཐམས་ཅད་བྱེད་པ་ལ་བྱ་བའམ་ཡང་ན་ཕན་འདོགས་པའི་སྐབས་སུ་གསུངས་པ་ལྟར་སེམས་ཅན་བཅུ་གཅིག་པོ་རེ་རེ་ལ་ཡང་དོན་བྱ་བ་བཅུ་གཅིག་རེ་ཇི་ལྟར་རིགས་པར་སྒྲུབ་པའོ། །དེ་ལ་གྲོགས་བྱ་དགོས་པའི་དོན་བྱེད་པ་ལ་གཉིས། བྱ་བ་བྱེད་པའི་གྲོགས་བྱེད་པ་དང༌། སྡུག་བསྔལ་བའི་གྲོགས་བྱེད་པའོ། །བྱ་བ་བྱེད་པའི་གྲོགས་བྱེད་པ་ལ་བརྒྱད་ལས། བྱ་བ་སེམས་པ་ནི། གང་བྱས་པ་དང་མ་བྱས་པ་ལས་འབྱོར་པ་དང་རྒུད་པར་འགྱུར་བ་སེམས་པའོ། །བྱ་བ་གཏན་ལ་འབེབས་པ་ནི། ད་ལྟ་


JLD001_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནས་བྱ་བར་ངེས་པར་འཛིན་པ་སྟེ་དེ་གཉིས་ནི་གྲོགས་བྱེད་ལུགས་སེམས་པ་དང་གྲོགས་བྱེད་པའི་ཁུར་འཛིན་པའོ། །ལམ་དུ་འགྲོ་ཞིང་འོང་བ་འགྲོན་པ་དང་ཕྱི་བཞིན་འབྲང་བ་མེད་པ་ལ་ནི་ལམ་གཅོད་པའི་གྲོགས་བྱེད་པའོ། །ལས་ཀྱི་མཐའ་ལ་སྦྱོར་བའི་གྲོགས་ནི། ཁ་ན་མ་ཐོ་བ་མེད་པའི་ཞིང་ལས་ལ་སོགས་པའི་ཐབས་སྟོན་པའོ། །ལོངས་སྤྱོད་བསྲུང་བ་ནི། བསྒྲུབས་པའི་ལོངས་སྤྱོད་རྐུན་པོ་སོགས་ཀྱིས་མི་འཁྱེར་བའི་ཐབས་སྟོན་པའོ། །བྱེ་བ་སྡུམ་པ་ནི། འཁོན་སྦྱོང་བའོ། །དགའ་སྟོན་ནི་ཉི་མ་ངེས་པའི་བསོད་ནམས་ཀྱི་ལས་སོ། །བསོད་ནམས་ཀྱི་བྱ་བ་ནི། དུས་ངེས་པ་མེད་པར་བསོད་ནམས་རྩོམ་པ་སྟེ་དེ་དག་གི་གྲོགས་བྱེད་པའོ། །དེ་དག་གི་དང་པོ་གཉིས་ཀྱིས་ལོངས་སྤྱོད་མ་ཐོབ་པ་ཐོབ་པར་བྱ་བ་དང་ལས་མཐའ་དང་བསྲུང་བ་ནི་སྤེལ་བ་དང་སྲུང་བའོ། །ཐ་མ་གཉིས་ནི་འཕེལ་ཟིན་པ་ཡོན་གནས་ལ་འབུལ་བའོ། །ཞེས་སློབ་དཔོན་ཡོན་ཏན་འོད་ཀྱིས་བཤད་དོ། །སྡུག་བསྔལ་བའི་གྲོགས་བྱེད་པ་ལ་གཉིས་ལས། ལུས་ཀྱི་སྡུག་བསྔལ་བཞི་པོ་ནད་པ་ལ་ནི། སྨན་སྦྱིན་པ་དང་ནད་གཡོག་བྱེད་དོ། །དབང་པོ་ཉམས་པ་ལ་ནི། ལོང་བ་རྣམས་ལ་འདོད་པའི་གནས་སུ་ཕྱིན་པར་བྱེད་པའི་ལམ་སྟོན་ནོ། །འོན་པ་ལ་ནི། སྤང་བ་དང་བསྟེན་པར་བྱ་བ་ལག་བརྡས་སྟོན་ནོ། །ཡན་ལག་མེད་པ་ལ་ནི། རང་གི་ལུས་སམ་བཞོན་པས་འདོད་པའི་གནས་སུ་སྐྱེལ་བའོ། །ལམ་གྱིས་ངལ་བ་ལ་ནི། གནས་དང་ཟས་སྦྱིན་པ་ལ་སོགས་པས་ལུས་མཉེ་བའོ། །སེམས་ཀྱི་སྡུག་བསྔལ་ལ་


JLD001_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་སྒྲིབ་པའི་སྡུག་བསྔལ་ནི། འདོད་པ་ལ་འདུན་པ་སོགས་སྒྲིབ་པ་ལྔས་ཀུན་ནས་དཀྲིས་པ་ལ་གདམས་ངག་བསྟན་པས་སེལ་ལོ། །བར་ཆད་མེད་པའི་སྡུག་བསྔལ་ནི། རྟོག་པ་བརྒྱད་ཀྱིས་ཀུན་ནས་དཀྲིས་པའི་སྡུག་བསྔལ་གྱི་གཉེན་པོའི་ཆོས་བསྟན་པས་སེལ་ལོ། །རྟོག་པ་བརྒྱད་ནི་འདོད་པ། གནོད་སེམས། རྣམ་འཚེ། ཉེ་དུ། ཡུལ་གྱི་མི་མི་འཆི་བའི་རྣམ་རྟོག་དང༌། གཞན་གྱིས་ཁྱད་དུ་གསོད་པའི་རྟོག་པ་དང༌། ལོངས་སྤྱོད་དང་རིགས་ཕུན་སུམ་ཚོགས་པར་འདོད་པའི་དབང་གིས་བདག་ནི་རིགས་མཐོའོ། །ཞེས་པ་ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྟོག་པའོ། །གཞན་གྱིས་སྨ་ཕབ་པའི་ཕམ་པའི་སྡུག་བསྔལ་ནི། འཐབ་པ་ལ་རྒྱལ་ཕམ་འོང་བ་འཇིག་རྟེན་གྱི་རིགས་པ་དང་བདག་མེད་བསྟན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པས་སེལ་ལོ། །རིགས་པ་ལ་རྨོངས་པའི་དོན་བྱེད་པ་ནི། ཉེས་སྤྱོད་ཀྱི་འབྲས་བུ་སྨིན་ནས་ཉོན་མོངས་པ་ལ་ནི་ཆོས་བསྟན་ཏེ་ཉེས་སྤྱོད་ལས་ལྡོག་པ་ལེན་དུ་འཇུག་པའོ། །ཆོས་སྟོན་པའི་ཚུལ་ནི་ཚིག་འབྲུ་འབྱོར་བ་སོགས་བརྒྱད་དེ་དེ་ཡང་དྲི་བ་གསུམ་ལ་ཡོན་ཏན་བཞི་དང་ལྡན་པའི་ལན་གྱིས་སྟོན་ཏེ་མི་ཤེས་ནས་འདྲི་བ་ལ་ནི་ཚིག་འབྲུ་འབྱོར་བ་དང་འབྲེལ་བ་སྟེ། ཕྱིན་ཅི་མ་ལོག་པའི་དོན་དང་དེའི་མཚམས་སྦྱོར་བའི་ལན་ནོ། །འགལ་བའི་དྲི་བ་ལ་ནི་རྗེས་སུ་མཐུན་པ་དང་རྗེས་སུ་འཕྲོད་བ་སྟེ་ཆོས་ཉིད་དང་མཐུན་པ་དང་སྔ་ཕྱིའི་དགོངས་པ་དང་མི་འགལ་བའི་ལན་ནོ། །གཉིས་ཀ་འདྲི་བ་ལ་ནི་ཐབས་དང་ལྡན་པ་དང་འཚམ་པ་སྟེ་གོ་བར་བྱེད་པའི་ཐབས་དང་གདུལ་བྱ་དང་འཚམ་པར་ཤེས་


JLD001_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང་མཐུན་པ་དང་འགྲུས་སྐྱོང་གི་ཚོགས་ཏེ་འཇིག་རྟེན་པའི་ཡོན་ཏན་སྒྲུབ་པ་དང་མཐུན་པ་དང་འཕགས་པའི་ལམ་གྱི་ཚོགས་ཀྱིས་ལན་འདེབས་པའོ། །འགྲུས་སྐྱོང་ནི་རྟག་པ་དང་སྒྲིམ་པར་སྐྱོང་བ་སྟེ་རྒྱུན་དུ་གུས་པར་ཟག་པ་རྣམས་ལས་སེམས་སྲུང་བའི་ཕྱིར་རོ། །ཞེས་ཡོན་ཏན་འོད་ཀྱིས་བཤད་ཅིང་ཛི་ན་སུ་ཏྲ་ཡང་དེ་དང་མཐུན་ནོ། །ཕྱི་མ་གཉིས་རྟོགས་པའི་དབང་དུ་བྱས་ནས་གདམས་ངག་འདྲི་བའི་ལན་དུ་ཡོན་ཏན་འོད་ཀྱིས་བཤད་ལ་ཛི་ན་སུ་ཏྲས་ཀྱང་ཐོབ་པའི་དབང་དུ་བྱས་པར་འཆད་དེ། དེ་དག་གི་ལྟར་ན་དྲི་བ་གསུམ་ཞེས་བཤད་ཀྱང་དྲི་བ་བཞི་སྣང་ངོ༌། །ཡང་ན་འབྱོར་པ་ནི་འབྲེལ་པས་བཤད་དེ་སྔ་ཕྱི་མཐུན་པས་སོ། །རྗེས་སུ་མཐུན་པ་ནི་འཕྲོད་པ་སྟེ་ཆོས་ཉིད་དང་མཐུན་པའོ། །ཐབས་དང་ལྡན་པ་ནི་འཚམ་པ་སྟེ་གདུལ་བྱ་དང་འཚམ་པས་སོ། །མཐུན་པ་ནི་འགྲུས་སྐྱོང་གིས་ཏེ་ཚངས་སྤྱོད་དང་མཐུན་པའི་ཕྱིར་ཏེ། དཔེར་ན་ཟབ་པ་དང་སྙན་ཅིང་འཇེབས་པ་དང་ཡིད་དུ་འོང་བ་དང་རྣམ་པར་རིག་པར་བྱ་བ་དང་མཉན་པར་འོས་པ་སྟེ་གསུང་གི་ཡན་ལག་ལྔ་རིམ་པ་བཞིན་དུ་འབྲུག་སྒྲ་དང་རྣར་སྙན་པ་དང་དགའ་བར་བྱེད་པ་དང་རྣམ་པར་གསལ་བ་དང་མི་མཐུན་པ་མེད་པས་བཤད་པ་བཞིན་ནོ། །“ཚིག་ཟུར་རེ་རེའི་སྔ་མ་ཕྱི་མས་བཤད་པ་འདིས་ནི་དྲི་བ་ཐམས་ཅད་ལ་ཡོན་ཏན་བཞི་དང་ལྡན་པའི་ལན་གདབ་པར་བསྟན་ཏེ། སྔ་ཕྱི་མི་འགལ་བ་དང་ཆོས་ཉིད་དང་མི་འགལ་བ་དང༌། གདུལ་བྱ་དང་མི་འགལ་བ་དང་དོན་གྱི་མཆོག་དང་འབྲེལ་བའོ་ཞེས་ཡོན་ཏན་འོད་ཀྱིས་བཤད་དོ། །


JLD001_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཞུང་ལས་ཡང་ན་ཐབས་མཁས་པས་ཀྱང་སྟོན་པར་བྱེད་ཅེས་པ་ནི་ཚིག་འབྲུ་བརྒྱད་ཀྱི་སྒོ་ནས་སྔར་ཚུལ་ཁྲིམས་འཆལ་བའི་ཉེས་སྤྱོད་ཅན་རྣམས་ཉེས་སྤྱོད་ལས་ལྡོག་པའི་ཆོས་སྟོན་པ་བཞིན་དུ་སེར་སྣ་ཅན་ལ་སོགས་པ་རྣམས་སྦྱིན་པ་ལ་སོགས་པ་ལ་སྦྱར་བའི་ཕྱིར་ཡང་དེ་ལྟར་སྟོན་པའོ། །ཡང་ན་ཐབས་ཀྱིས་འགྲས་པ་དང་དམུས་བྱུང་བར་མི་འགྱུར་བར་ཆོས་སྟོན་པ་ནི་ཐབས་མཁས་པའོ། །ཚེ་འདི་ལ་ཡང་དག་པ་དང་ཚེགས་ཆུང་ངུས་ལོངས་སྤྱོད་སྒྲུབ་པ་དང་སྲུང་བའི་ཐབས་སྟོན་པ་དང་བསྟན་པ་ལ་སྡང་བ་རྣམས་དད་པ་བསྐྱེད་ནས་འཇུག་པར་བྱེད་ལ་ཞུགས་པ་ནི་མཐོང་སྤང་གི་ཉོན་མོངས་སྤོང་ཞིང་ལྟ་བ་རྣམ་པར་དག་བས་ངན་སོང་ལས་བཟླ་བའི་ཕྱིར་ཡང་དག་ཕུལ་གྱི་ཆོས་སྟོན་ཅིང༌། མཐོང་ལམ་ཐོབ་པ་ལ་ཀུན་སྦྱོར་ལྷག་མ་སྤོང་བའི་ཐབས་སྟོན་ནོ། །ཕན་འདོགས་པའི་དོན་བྱེད་པ་ནི། མཐོང་བ་ན་གུས་པར་བྱས་ཏེ་ཚུར་བྱོན་ལེགས་པར་བྱོན་ཏོ་ཞེས་སྨྲ་ཞིང་དགའ་བར་བྱེད་སྟན་དང་གནས་སྦྱིན་པས་བསུ་ཞིང་རྙེད་བཀུར་གྱིས་ཕན་བཏགས་པ་དེ་དང་མཉམ་པའམ་ལྷག་པས་ཕན་འདོགས་ཀྱི་ཆུང་ངུས་ནི་མ་ཡིན་ནོ། །དེའི་བྱ་བ་ལ་ཡང་མ་བཅོལ་བར་གྲོགས་བྱེད་ན་བཅོལ་ན་ལྟ་ཅི་སྨོས། དེ་བཞིན་དུ་རྫུ་འཕྲུལ་གྱིས་སྐྲག་ཅིང་འདུན་པར་བྱ་བའི་བར་གྱི་དོན་བྱེད་བ་ལྷག་མ་རྣམས་ཀྱང་བྱེད་དོ། །འཇིགས་པས་ཉེན་པའི་སྐྱབས་བྱེད་པ་ནི། སེང་གེ་དང་སྟག་ལ་སོགས་པ་དུད་འགྲོ་ཐང་ལ་གནས་པ་དང་ཆུའི་ཀློང་དངོས་སམ་དེ་ན་གནས་པའི་སྲོག་ཆགས་ཆུ་སྲིན་འཛིན་ཁྲི་སོགས་དུད་འགྲོ་ཆུ་ལ་གནས་


JLD001_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་དང་ཆད་པ་དང་ནན་ཐུར་གྱི་མཐུ་དང་ལྡན་པའི་རྒྱལ་པོ་དང༌། མཐུ་དང་འཇབ་བུས་ནོར་འཕྲོག་པའི་ཆོམ་རྐུན་དང་ནོར་ལ་སོགས་པ་ལ་བར་ཆད་བྱེད་པའི་ཕྱིར་རྒོལ་བའམ་དགྲ་བོ་དང་རིས་སུ་བཅད་པའི་ཉི་ཚེ་བའི་ཁྱོན་ལ་དབང་བའི་ཇོ་བོ་དང་བདག་པོའི་འཇིགས་པ་སྟེ་མིའི་འཇིགས་པ་བཞི་དང༌། གཅེས་པ་དང་མི་ལྡན་པ་གསུམ་པོ་ཡོ་བྱད་དང༌། ལེགས་པར་སྤྱོད་པ་དང༌། སྨྲ་བའི་བྱ་བ་དང་མི་ལྡན་བས་འཚོ་བ་མེད་པའི་འཇིགས་པ་དང༌། མི་སྙན་པའི་འཇིགས་པ་དང༌། འཁོར་དུ་བག་ཚ་བའི་འཇིགས་པ་དང༌། མི་མ་ཡིན་པ་གཉིས་པོ་དང་པོ་ནས་མི་མ་ཡིན་དུ་སྐྱེ་བ་བླངས་པའི་ཁྱད་པར་དང་རིགས་པས་བསྒྲུབས་པའི་ཁྱད་པར་སྔགས་བཏབ་པས་རོ་ལངས་སུ་གྱུར་པ་ལྟ་བུ་སྟེ་དེ་དག་གི་འཇིགས་པ་ལས་སྐྱབས་བྱེད་པའོ། །མྱ་ངན་གྱིས་གཟིར་བའི་མྱ་ངན་སེལ་བ་ལ་གཉིས། གཉེན་བཤེས་དང་བྲལ་བའི་མྱ་ངན་དང༌། ལོངས་སྤྱོད་དང་བྲལ་བ་མྱ་ངན་ནོ། །དང་པོ་ལ་ལྔ་ལས་སྐྱེད་པའི་རྒྱུར་གྱུར་པའི་གཉེན་དང་བྲལ་བ་ནི། ཕ་མ་ཤི་བའོ། །ཡོངས་སུ་བཟུང་བ་དང་འབྲས་བུའི་གཉེན་དང་བྲལ་བ་ནི། བུ་དང་ཆུང་མ་ཤི་བའོ། །ངག་ཉན་པའི་གཉེན་དང་བྲལ་བ་ནི། བྲན་ཕོ་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་ཤི་བའོ། །ཕན་འདོགས་པ་དང་བྱམས་པའི་གཉེན་དང་བྲལ་བ་ནི། མཛའ་བཤེས་དང་གྲོས་གྲོགས་དང་ཉེ་དུ་གཞན་དང་རྒན་རབས་ཤི་བའོ། །ཕན་པ་སྟོན་པའི་གཉེན་དང་བྲལ་བ་ནི། མཁན་སློབ་དང་བླ་མ་ལྟ་བུ་ཚངས་


JLD001_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཚུངས་པར་སྤྱོད་པ་ཤི་བའི་མྱ་ངན་ནོ། །ལོངས་སྤྱོད་བྲལ་བ་ལ་གཉིས། འཇིག་རྟེན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱུ་དང༌། ཁ་ཅིག་གི་ཐུན་མོང་མ་ཡིན་པའོ། །དང་པོ་ཐམས་ཅད་དང་ཐུན་མོང་བ་ནི། རྒྱལ་པོ་དང་ཆོམ་རྐུན་གྱིས་ཕྲོགས་པ་དང་མེས་ཚིག་པ་དང་ཆུས་ཁྱེར་བའོ། །ཐུན་མོང་མ་ཡིན་པ་ལ་གཉིས། བདག་གིས་ཚུལ་མ་ཡིན་པ་དང༌། གཞན་ལས་གྱུར་པའོ། །དང་པོ་ལ་གཉིས་ལས་ལོངས་སྤྱོད་སྲུང་བ་ཚུལ་མ་ཡིན་པ་ནི། གཏེར་དུ་སྦེད་པ་མ་ལེགས་པས་ཆུད་ཟོས་པའོ། །ལོངས་སྤྱོད་སྒྲུབ་པ་ཚུལ་མ་ཡིན་པ་ནི། སྒྲུབ་པའི་ལས་ལ་ནན་ཏན་ལེགས་པར་མ་བྱས་པས་མ་རུང་བར་གྱུར་པའོ། །གཞན་ལས་གྱུར་པ་ལ་ཡང་གཉིས་ལས་བགོ་སྐལ་ལ་སྤྱོད་པའི་དབང་གིས་སྡུག་བསྔལ་བ་ནི། བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་རྣམས་ཀྱིས་ཁྱེར་བའོ། །འདི་ལ་འགྲེལ་པ་ཁ་ཅིག་ཏུ་གཉེན་མི་མཛའ་བས་ཁྱེར་བ་ཞེས་འབྱུང་བ་ལྟར་ཡིན་པ་འདྲའོ། །རང་གི་ཁྱིམ་ནས་བྱུང་བ་རྣམས་ཀྱིས་སྡུག་བསྔལ་བ་ནི། ཁྱིམ་དུ་ཁྱིམ་གྱི་ཕུང་ཀྲོལ་བ་བྱུང་བའོ། །འདི་ལ་འགྲེལ་པ་ཁ་ཅིག་ཏུ་རིགས་སུན་འབྱིན་པ་འབའ་ཞིག་སྐྱེས་པ་དང་དེའི་ནོར་སྤྱོད་མི་ཤེས་པས་འཐོར་བ་ལ་འཆད་དོ། །དེ་ལྟར་གཉེན་དང་ལོངས་སྤྱོད་ཀྱི་གཞི་དེ་དག་ལས་མྱ་ངན་ཆུང་འབྲིང་ཆེན་པོ་སྐྱེས་པ་རྣམས་མི་རྟག་པ་བསྟན་པས་སེལ་བར་བྱེད་དོ། །དེ་ལ་མ་ལ་སོགས་པ་ཤི་བ་ལས་བྱུང་བ་ནི་ཆེན་པོ་དང་བྲན་ལ་སོགས་པ་ཤི་བ་ལས་བྱུང་བ་ནི་འབྲིང་དང་ལོངས་སྤྱོད་བྲལ་བ་ལས་བྱུང་བ་ནི་ཆུང་ངུ་འམ་ཡང་ན་མཁོ་བ་དང་བཅེས་པ་


JLD001_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རིག་པར་བྱའོ་ཞེས་འཆད་དོ། །ཡོ་བྱད་ཀྱིས་ཕོངས་པའི་དོན་བྱེད་པ་ལ་དྲུག་ལས། འཚོ་བས་ཕོངས་པའི་སྡུག་བསྔལ་བ་ལ་ནི། ཟས་དང་སྐོམ་འདོད་པ་ལ་དེ་དག་སྦྱིན་པའོ། །དུབ་པའི་སྡུག་བསྔལ་བ་ལ་ནི། ཐེག་པ་དང་བཞོན་པ་འདོད་པ་རྣམས་ལ་དེ་དག་སྦྱིན་པའོ། །ངོ་ཚ་སྐྱེ་བའི་སྡུག་བསྔལ་བ་ལ་ནི། གོས་དང་རྒྱན་འདོད་པ་རྣམས་ལ་དེ་དག་སྦྱིན་པ་སྟེ་གོས་དང་རྒྱན་མ་འབྱོར་ན་ངོ་ཚ་སྐྱེ་བའི་ཕྱིར་རོ། །ཡོ་བྱད་མི་ལྡན་པའི་སྡུག་བསྔལ་བ་ལ་ནི། སྣོད་སྤྱད་འདོད་པ་ལ་དེ་དག་སྦྱིན་པའོ། །དྲི་ང་བའི་སྡུག་བསྔལ་བ་ལ་ནི། སྤོས་དང་མེ་ཏོག་ཕྲེང་བ་དང་བྱུག་པ་འདོད་པ་ལ་དེ་དག་སྦྱིན་པའོ། །གནས་དང་སྣང་བས་ཕོངས་པའི་སྡུག་བསྔལ་བ་ལ་ནི། འདུག་པ་ལ་སོགས་པའི་གནས་དང་བརྩོན་འགྲུས་རྩོམ་པ་མར་མེའི་སྣང་བ་འདོད་པ་ལ་དེ་དག་སྦྱིན་པའོ། །གནས་ལ་སྟེན་པར་འདོད་པ་རྣམས་ཀྱི་དོན་བྱེད་པ་ལ་གཉིས་ལས། བསམ་པ་གང་གིས་འཁོར་སྡུད་པ་ནི། གྲགས་པ་དང་རྙེད་བཀུར་འདོད་པ་མ་ཡིན་གྱི་སྙིང་བརྩེ་བའི་སེམས་ཁོ་ན་སྔོན་དུ་བཏང་སྟེ་ཟང་ཟིང་མེད་པའི་སེམས་ཀྱིས་ཐོག་མར་གནས་སྦྱིན་པའོ། །སྦྱོར་བ་གང་གིས་སྡུད་པ་ལ་གཉིས། ཟང་ཟིང་གིས་སྡུད་པ་དང༌། ཆོས་ཀྱིས་སྡུད་པའོ། །དང་པོ་ལ་གཉིས་ལས། ཕ་རོལ་ལས་བཙལ་བ་ནི། བསྡུས་པའི་འཁོར་དེ་དག་གི་ཕྱིར་དུ་སྦྱིན་བདག་དད་པ་ཅན་རྣམས་ལས་ཆོས་དང་མཐུན་པར་གོས་ཟས་མལ་ཆ་སྟན་ན་བའི་གསོ་སྨན་དང་ཡོ་བྱད་རྣམས་ཚོལ་བའོ། །རང་གི་ཡོ་བྱད་ཐུན་མོང་དུ་བྱེད་


JLD001_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། རང་གིས་གོས་ལ་སོགས་པ་ཆོས་མཐུན་གྱིས་རྙེད་པ་དེ་དག་ཀྱང་ཐུན་མོང་དུ་སྤྱོད་པའོ། །ཆོས་ཀྱིས་སྡུད་པ་ལ་གཉིས་ལས་གདམས་ངག་སྦྱིན་པ་ནི་བརྒྱད་དེ། སེམས་མི་གནས་པ་དམིགས་པ་ལ་གནས་པའི་ཕྱིར་དུ་གདམས་ངག་ལྔ་སྟེ། འདོད་ཆགས་དང་ཞེ་སྡང་གཏི་མུག་དང་ང་རྒྱལ་དང་རྣམ་རྟོག་ཤས་ཆེ་བ་ལ་རིམ་པ་བཞིན་དུ་མི་སྡུག་པ་དང་བྱམས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ཁམས་ཀྱི་རབ་ཏུ་དབྱེ་བ་དང་དབུགས་འབྱུང་རྔུབ་རྗེས་སུ་དྲན་པའོ། །སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་རྟག་ཆད་དུ་ལྟ་བའི་གཉེན་པོར་རྟག་ཆད་དང་བྲལ་བའི་དབུ་མའི་ལམ་སྟོན་པའི་གདམས་ངག་གཅིག་གོ །ལམ་མངོན་སུམ་དུ་མ་བྱས་པར་བྱས་སོ་སྙམ་པ་དང་འབྲས་བུ་མ་ཐོབ་པར་ཐོབ་པོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པའི་གདམས་དག་གཉིས་ཏེ། གནས་པ་དང་རྣམ་པར་སྒྱུར་བ་དང་སྦྱོར་བ་འདོར་བ་གསུམ་དུ་བསྡུའོ། །རྗེས་སུ་བསྟན་པ་སྦྱིན་པ་ལ་ལྔ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ནི་མི་རུང་ངོ་ཞེས་དགག་པ་དང་ཁ་ན་མ་ཐོ་བ་མེད་པ་ནི་རུང་ངོ་ཞེས་གནང་བ་དང་བཀག་པ་ལ་སྤྱོད་ན་དེ་ལས་ལྡོག་པའི་ཕྱིར་དུ་བསྐུལ་བ་དང་དེ་ལྟར་བྱས་ཀྱང་མི་གཏོང་ན་ཚར་བཅད་པ་དང་གནང་བཀག་མ་ནོར་བར་སྤྱོད་པ་ལ་དགའ་བར་བྱ་བའོ། །སེམས་མཐུན་པ་འདོད་པའི་དོན་བྱེད་པ་ལ་གཉིས་ལས། མདོར་བསྟན་པ་ནི། བྱང་སེམས་སེམས་ཅན་གྱི་དོན་དང་མཐུན་པར་བྱེད་པ་ན་དང་པོར་སེམས་ཅན་རྣམས་ཀྱི་བསམ་པ་དང་རང་བཞིན་


JLD001_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁམས་ཤེས་པར་བྱས་ནས་སེམས་ཅན་གང་དག་དང་ཇི་ལྟར་ལྷན་ཅིག་གནས་པར་བྱ་བ་དེ་ལྟར་གནས་པ་དང་སེམས་ཅན་གང་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ལྟར་སྒྲུབ་པར་བྱེད་དོ། །དེ་ལ་བསམ་པ་ནི། སེམས་པ་སྟེ་དགེ་མི་དགེ་དང་ཞེ་སྡང་དང་བྱམས་པ་གང་གི་བསམ་པ་དང་ལྡན་པའོ། །རང་བཞིན་ནི་མོས་པ་སྟེ་ཐེག་པ་གང་ལ་མོས་པ་བརྟགས་ཏེ་མོས་པ་དེ་དང་ཁམས་ནི་བག་ལ་ཉལ་ཏེ་དེ་དག་དང་མཐུན་པར་བྱེད་པའོ། །རྒྱས་པར་བཤད་པ་ལ། ཕན་གནོད་ལ་ལྟོས་པ་ནི། སེམས་ཅན་དང་མཐུན་པར་བྱེད་པའི་ལུས་ངག་གི་སྤྱོད་པ་གང་གིས་སེམས་ཅན་དེ་ལ་སྡུག་བསྔལ་དང་ཡིད་མི་བདེ་སྐྱེ་བར་སྣང་ན་འདི་ལྟར་བརྟག་སྟེ། སྡུག་བསྔལ་དང་ཡིད་མི་བདེ་དེས་སེམས་ཅན་དེ་མི་དགེ་བ་ལས་བསླང་སྟེ་དགེ་བ་ལ་འཇོག་པར་མི་འགྱུར་ན་བྱང་སེམས་ཀྱིས་སྤྱོད་པ་དེ་འབད་ནས་སྤངས་ཏེ་དེའི་སེམས་དང་མཐུན་པར་བྱའོ། །གལ་ཏེ་སྡུག་བསྔལ་དང་ཡིད་མི་བདེ་དེས་གཞན་དགེ་བ་ལ་འཇོག་པར་ནུས་ན་ནི་གཞན་ལ་སྙིང་བརྩེ་བ་ཁོ་ན་ཉེ་བར་གཟུང་ནས་གཞན་གྱི་སེམས་དང་མཐུན་པར་མི་བྱ་བར་སྤྱོད་པ་དེ་བྱ་དགོས་ཏེ་ཕུགས་སུ་དེ་ལ་ཕན་པའི་ཕྱིར་རོ། །དེ་བཞིན་དུ་སྤྱོད་པ་དེས་མཐུན་པར་བྱ་བའི་སེམས་ཅན་དེ་ལ་སྡུག་བསྔལ་མི་བསྐྱེད་ཀྱང་དེ་ལས་གཞན་པ་ལ་བསྐྱེད་པར་སྣང་ན་ཡང་སྤྱོད་པ་དེ་གཏོང་མི་གཏོང་གི་ཚུལ་ཡང་སྔ་མ་དང་འདྲའོ། །གཞན་དང་མཐུན་པ་སྒྲུབ་པའི་སྤྱོད་པ་མ་ཡིན་པའི་རང་གི་ལུས་ངག་གི་སྤྱོད་པས་གཞན་ལ་སྡུག་


JLD001_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་སྐྱེ་བར་སྣང་ན་དེ་ལ་ཡང་རང་གི་བཅས་པའི་ནང་དུ་མི་གཏོགས་པ་དང་ཚོགས་གཉིས་དང་མི་ལྡན་པ་དང་གཞན་མི་དགེ་བ་ལས་བསླང་སྟེ་དགེ་བ་ལ་འཇོག་པར་མི་འགྱུར་ན་གཞན་གྱི་སེམས་བསྲུང་བའི་ཕྱིར་བཏང་ལ། དེ་གསུམ་ལས་བཟློག་པ་ཡིན་ན་སྙིང་བརྩེ་བ་ཁོ་ན་ཉེ་བར་བཟུང་ནས་འཇུག་པར་བྱའི་གཞན་གྱི་སེམས་དང་མི་བསྟུན་ནོ། །དེ་བཞིན་དུ་ལུས་ངག་གི་སྤྱོད་པ་གང་གིས་ཕ་རོལ་ལ་འཕྲལ་དུ་བདེ་བ་དང་ཡིད་བདེ་སྐྱེ་བར་སྣང་ལ་ཕུགས་སུ་ཡང་ཕན་ན་ནི་འཇུག་ལ་ཕུགས་སུ་གནོད་ན་ནི་གཞན་དང་མི་བསྟུན་པ་སོགས་ཀྱང་སྔར་བཞིན་རིག་པར་བྱའོ། །ཡང་བྱང་སེམས་སེམས་ཅན་དང་མཐུན་པར་བྱེད་པ་ན་གཞན་ཁྲོ་བའི་ཀུན་དཀྲིས་ཀྱིས་ཀུན་ནས་དཀྲིས་པ་ལ་ཁྲོ་བ་མ་ཞི་བའི་བར་དུ་དེའི་བསྔགས་པ་ཡང་མི་བརྗོད་ན་བསྔགས་པ་མ་ཡིན་པ་ལྟ་ཅི་སྨོས་ཏེ་ཤད་སྦྱང་ཡང་མི་བྱེད་དོ། །དོམ་གཟུམ་ཅན་འཇིག་རྟེན་གྱི་ཚུལ་མི་ཤེས་པ་གཞན་མི་སྨྲ་བ་ལ་ཡང་སྨྲ་ཞིང་དགའ་བར་བྱེད་ན་ཚུར་ལ་སྨྲ་ཞིང་དགའ་བར་བྱེད་པ་ལ་ལྟ་ཅི་སྨོས། གཞན་དག་སྨ་འབེབས་པ་ན་དེ་ལ་འཁྲུག་པར་མི་བྱེད་དེ་དེ་དག་ཉིད་ལ་སྙིང་བརྩེ་བའི་ཕྱིར་སྨ་འབེབས་པ་ཟད་དེ་དབང་པོ་རྣམས་རབ་ཏུ་ཞི་བས་བྱེད་དོ། །སྐྱེ་བོ་མང་པོའི་ནང་དུ་སྨ་འབབ་པའི་རྒྱུ་ཡིན་པའི་ཕྱིར་འཕྱ་བར་མི་བྱེད་ལ་བསྟིང་བ་དང་བག་འཁུམས་པར་ཡང་མི་བྱེད་དོ། །བདེ་བ་ལ་མི་རེག་པར་བྱ་བའི་ཕྱིར་འགྱོད་པ་སྐྱེད་པར་ཡང་མི་བྱེད་དོ། །ཆད་པས་བཅད་ཅིང་སྨ་ཕབ་ཟིན་པ་ལ་ཡང་ཆད་པའི་གནས་ཀྱིས་མི་གླེང་སྟེ་སྐྱེངས་པའི་ཕྱིར་རོ། །དགའ་བ་ཤས་ཆུང་བ་རྣམས་ཀྱི་མདུན་དུ་བདག་ཉིད་


JLD001_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བར་མི་སྟོན་ཏེ་ཞུམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གཞན་དག་ལ་མི་སྟེན་པར་ཡང་མི་བྱེད་དེ་བཤེས་ཤིང་འདྲིས་པ་མེད་པར་འགྱུར་བའི་ཕྱིར་རོ། །ཧ་ཅང་སྟེན་པར་མི་བྱེད་དེ་རྟག་ཏུ་འགྲོགས་པས་ཕ་རོལ་གྱི་བྱ་བ་ལ་བར་ཆད་དུ་འགྱུར་བས་མི་དགའ་བའི་ཕྱིར་རོ། །དུས་མ་ཡིན་པར་སྟེན་པར་ཡང་མི་བྱེད་ཀྱི་དུས་དུས་སུ་སྟེན་པ་སྟེ་དེ་གསུམ་ནི་འགྲེལ་པ་འཆད་པ་སྤང་བའི་ཕྱིར་རོ། །གཞན་གྱི་མདུན་དུ་དེའི་མཛའ་བོ་ལ་སྨོད་པ་དང་མི་མཛའ་བ་ལ་བསྔགས་པ་མི་བརྗོད་དེ་མི་དགའ་བའི་ཕྱིར་རོ། །མ་འདྲིས་པ་ལ་ཡིད་རྟོན་པར་མི་བྱེད་དེ་རྣམ་པ་གཞན་དུ་སེམས་པའི་ཕྱིར་རོ། །ཕར་ལ་རྒྱུན་དུ་མི་བསླང་ཞིང་ཚུར་ལ་བྱིན་པ་ལ་ཡང་ཚོད་ཤེས་པར་བྱ་སྟེ་སྐྱོ་བ་དང་མ་དད་ཅིང་འཕྱ་བ་དང་ཕྱིར་ཞིང་མི་སྟེར་བ་དང་ཚིག་པ་ཟ་བ་དང་བྱིན་ན་ཡང་བརྙས་པ་སྐྱེ་བའི་ཕྱིར་རོ། །ཟས་སྐོམ་སོགས་ལ་བོས་ན་ཡང་མི་སྤང་སྟེ་བསམ་པའི་བར་ཆད་དུ་མི་འགྱུར་བའི་ཕྱིར་རོ། །ཡང་ན་ཆོས་མཐུན་གྱིས་ཤད་སྦྱང་བྱ་སྟེ་ཁ་ཏོན་ནམ་བསམ་གཏན་ནམ་བསྙེན་རྫོགས་བྱེད་དོ་ཞེས་མི་དགའ་བ་མེད་པར་བྱའོ། །དོན་ཚན་དེ་དག་རེ་རེའི་མགོར་བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་ཞེས་སྦྱར་རོ། །ཡང་དག་པར་ཞུགས་པའི་དོན་བྱེད་པ་ནི། དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་ཀྱི་ཡོན་ཏན་དང་ལྡན་པ་ལ་དེ་དང་དེའི་གཏམ་གྱིས་གཟེངས་བསྟོད་པའོ། །ཚུལ་ཁྲིམས་དང་གཏོང་བ་ནི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་


JLD001_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྟེ་མངོན་མཐོའི་རྒྱུའོ། །ཤེས་རབ་ནི་ངེས་ལེགས་ཀྱི་རྒྱུའོ། །དེ་འདྲེན་པ་ནི་ཐོས་པའོ། །དད་པ་ནི་དེ་གཉིས་ཀ་ལ་འཇུག་པའི་རྒྱུའོ། །ལོག་པར་ཞུགས་པའི་ངན་བྱེད་པ་ནི། ཉེས་པ་དང་འགལ་བ་ཆུང་འབྲིང་ཆེ་གསུམ་ལ་བསམ་པ་མ་འཁྲུགས་པ་དང་སྡང་བ་མེད་པས་ཚིག་གིས་སྨ་དབབ་པ་ཆུང་འབྲིང་ཆེ་གསུམ་བྱ་སྟེ་ཆད་པས་གཅོད་པ་ཡང་དེ་དང་འདྲའོ། །ཉེས་པ་ཆུང་འབྲིང་ལ་ནི་དེ་དང་གཞན་དག་ལ་སྙིང་བརྩེ་བའི་བསམ་པས་སླར་དགུག་པའི་ཕྱིར་ཟླ་བ་གཅིག་གཉིས་སམ་ལོ་འགའ་ཙམ་རེ་ཞིག་བསྐྲད་པར་བྱའོ། །ཉེས་པ་ཆེན་པོ་ལ་ནི་དེ་དག་ལ་སྙིང་བརྩེ་བས་དེ་དག་བསོད་ནམས་མ་ཡིན་པ་མང་དུ་འཛིན་པར་མི་འགྱུར་བ་དང་གཞན་ལ་ཡང་ཕན་པར་འདོད་པས་ཕྱིན་ཆད་འགྲོགས་པ་དང་ལོངས་སྤྱད་པར་མི་བྱ་བ་དང༌། ཇི་སྲིད་འཚོ་ཡི་བར་དུ་ཚུར་མི་དགུག་པའི་ཚུལ་གྱིས་བསྐྲད་དོ། །བསོད་ནམས་མ་ཡིན་པ་ནི་མི་རིགས་པར་དད་པས་བྱིན་པ་ལོངས་སྤྱོད་པ་དང་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་ཕྱག་ལ་ཚོགས་པ་བདག་གིར་བྱེད་པའོ། །དེ་ལ་ཉེས་པ་ནི་བྱ་བའི་རིགས་པ་མི་བྱེད་པའོ། །འགལ་བ་ནི་བྱ་བའི་མི་རིགས་པ་བྱེད་པའོ་ཞེས་སློབ་དཔོན་ཡོན་ཏན་འོད་ཀྱིས་བཤད་དོ། །རྫུ་འཕྲུལ་གྱིས་གདུལ་བར་བྱ་བའི་སེམས་ཅན་གྱི་དོན་བྱེད་པ་ལ་གཉིས་ལས། རྫུ་འཕྲུལ་གྱིས་སྐྲག་པར་བྱ་བ་ནི། ཚ་གྲང་གི་སེམས་ཅན་དམྱལ་བ་རྣམས་སྤྲུལ་ནས་མིར་གྱུར་པས་ཉེས་སྤྱོད་བསགས་པའི་འབྲས་བུ་མི་སྡུག་པ་འདི་ལ་ཁྱོད་ལྟོས་ཤིག་ཅེས་སྐྱོ་བར་བྱས་ནས་ཉེས་སྤྱད་སྤོང་དུ་འཇུག་པ་དང༌། སེམས་ཅན་ཁ་ཅིག་བྱང་ཆུབ་སེམས་དཔའ་


JLD001_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཆེན་པོའི་ནང་ན་འདུག་པ་ལ་དྲི་བས་སྨ་དབབ་པས་ཚིག་མི་བཙུན་པར་བྱ་བར་འདོད་པ་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའམ། གནོད་སྦྱིན་ཁ་དོག་དཔའ་ཞིང་ལུས་དང་སྟོབས་ཆེ་བ་གང་རུང་ཞིག་ཏུ་སྤྲུལ་ནས་འཇིགས་ཤིང་སྐྲག་པར་བྱེད་དེ། དེས་ཡིད་ཆེས་པ་སྐྱེས་ཤིང་གུས་པར་གྱུར་པ་ན་དྲི་བ་ལེགས་པ་ཁོ་ནར་ལན་འདེབས་སུ་གཞུག་པ་དང་སོ་སོར་དྲིས་པ་ལན་བཏབ་བ་དེས་སྐྱེ་བོ་ཕལ་པོ་ཆེ་དེ་དག་འདུལ་བའོ། །འདི་ནི་འཁོར་ཆེན་པོའི་ནང་དུ་བྱང་ཆུབ་སེམས་ལ་གནོད་པ་བྱ་བའི་བསམ་པས་མི་སྨྲ་བ་ལ་ཕྱིར་དྲིས་པའི་ལན་འདེབས་སུ་གཞུག་པའི་ཕྱིར་དུ་རྫུ་འཕྲུལ་གྱིས་སྐྲག་པར་བྱས་ནས་དྲིས་པ་ལན་འདེབས་སུ་བཅུག་པ་ཡིན་པར་ཛི་ན་སུ་ཏྲ་སོགས་འཆད་དོ། །རྫུ་འཕྲུལ་གྱིས་འདུན་པར་བྱ་བ་ནི། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་རྩིག་པ་དང་རི་དང་ར་བ་ལ་ལུས་ཀྱིས་ཐོགས་པ་མེད་པར་ཐད་ཀར་འགྲོ་བ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བྱེད་པ་དང༌། སྟོད་ནས་མེ་འབར་བ་དང༌། སྨད་ནས་ཆུ་འབབ་པ་སོགས་ཆོ་འཕྲུལ་ཕྲུགས་སུ་སྟོན་པ་དང༌། མེའི་ཁམས་ལ་སྙོམས་པར་འཇུག་པ་སོགས་བསྟན་པས་འདུན་ཞིང་མགུ་ལ་དགའ་བར་བྱས་ནས་མ་དད་པ་དང་ཚུལ་ཁྲིམས་འཆལ་བ་དང་ཐོས་པ་ཉུང་ངུ་དང་སེར་སྣ་ཅན་དང་ཤེས་རབ་འཆལ་བ་རྣམས་རིམ་པ་བཞིན་དུ་དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་ཕུན་སུམ་ཚོགས་པ་ལ་འགོད་པའོ། །དོན་བྱེད་བཅུ་གཅིག་གི་གྲངས་འགྲེལ་པ་གཞན་


JLD001_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནས་གཞན་དུ་བཤད་ཀྱང་སྔར་བཤད་པ་དེ་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་ནས་བཤད་པ་ལྟར་ཡིན་ཏེ་གཞུང་དུ་བྱ་བ་བྱེད་པའི་གྲོགས་དང་ན་བ་དང་སྡུག་བསྔལ་བའི་གྲོགས་བྱེད་པ་གསུམ་ག་གཅིག་ཏུ་བསྡུས་པ་དང་ཤིན་ཏུ་མཐུན་ནོ། །ཛི་ན་སུ་ཏྲས་བདག་གི་བསོད་ནམས་འཕེལ་བར་བྱ་བའི་ཕྱིར་བྱས་པའི་དགེ་བ་ཆོས་སྡུད་པ་ནི་གཞན་དག་ལ་ཕན་གདགས་པ་སྒྲུབ་པའི་བསམ་པས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སུ་འགྱུར་རོ། །ཞེས་དངོས་སུ་གཞན་གྱི་དོན་མི་བྱེད་ཀྱང་གཞན་དོན་དུ་དམིགས་ནས་བྱས་པ་ཡང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སུ་བཤད་ཀྱང་འདིར་དངོས་སུ་སེམས་ཅན་གྱི་དོན་བྱེད་པ་ལ་གསུངས་སོ། །དེ་ལ་སེམས་ཅན་གྱི་དོན་དངོས་སུ་མི་བྱེད་པའི་ཚེ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་མི་ལྡན་པར་ཐལ་བའི་སྐྱོན་མེད་དེ། དངོས་སུ་སྤང་བྱ་སྡོམ་པའི་སེམས་མེད་པ་ཡིད་གཞན་དུ་གཡེངས་པ་དང་གཉིད་ལོག་པ་སོགས་ཀྱི་ཚེ་སྡོམ་པའི་ཚུལ་ཁྲིམས་ཡོད་པ་བཞིན་ནོ། །སེམས་བསྐྱེད་དང་ཡི་དམ་བླང་བའི་ཆོ་ག་ལས། ལས་དང་པོ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན་ཡི་དམ་གྱི་སྤྱོད་པའོ། །མོས་པའི་སྤྱོད་པ་ཅན་ལ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན་ཏིང་ངེ་འཛིན་གྱི་སྤྱོད་པའོ། །ས་ལ་བཞུགས་པ་ལ་ནི་སེམས་ཅན་གྱི་དོན་བྱ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་ན་སེམས་མགུ་བའི་སྤྱོད་པའོ། །ཞེས་གཙོ་ཆེ་ཆུང་གིས་དེ་ལྟར་གསུངས་ཀྱང་སྡོམ་པ་བླངས་པའི་དུས་ཉིད་ནས་སེམས་ཅན་དོན་


JLD001_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ་བསླབ་དགོས་ཤིང་མངོན་པར་ཤེས་པ་དང་མི་ལྡན་པའི་རིང་ལ་གཞན་གྱི་དོན་བྱེད་པ་གནད་དུ་འགྲོ་དཀའ་བ་ལ་སློབ་དཔོན་འདིས་དོན་བྱ་བའི་ཡུལ་སེམས་ཅན་གྱི་རྣམ་དབྱེ་དང༌། དེ་དག་གི་དོན་བྱེད་ཚུལ་རྣམས་གསལ་བར་གསུངས་པ་འདི་ཤིན་ཏུ་གལ་ཆེ་བས་ལེགས་པར་ཤེས་པར་བྱས་ལ་དེ་དག་དང་མཐུན་པར་གཞན་གྱི་དོན་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །དོན་བསྡུ་བ་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་གསུམ་པོ་སྡོམ་པ་དང་དགེ་བ་སྡུད་པ་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སུ་གཏོགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དག་ནི་ཚུལ་ཁྲིམས་མཐའ་ཡས་པ་བསྡུས་པ་ཡིན་པས་དེ་ལ་སློབ་པ་རྣམས་ཀྱང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །དེ་དག་ནི་བྱང་ས་ལས་བཤད་པ་རྣམས་ཡིན་ལ། བྱང་སའི་རྣམ་པར་གཏན་ལ་དབབ་པ་བསྡུ་བར་ནི་འདུལ་བ་རྣམ་པ་གསུམ་དུ་བསྡུས་ཏེ་སྡོམ་པའི་ཚུལ་ཁྲིམས་སོགས་གསུམ་མོ། །དེ་ལ་སྡོམ་པ་ནི་སོ་སོ་ཐར་པ་རྒྱས་བཤད་དང་བཅས་པ་ནས་ཇི་ལྟར་གསུངས་པ་ལྟར་སློབ་པའོ། །དགེ་བ་སྡུད་པ་ནི་སེམས་དྲུག་ལ་བརྟགས་ནས་ཉམས་སུ་ལེན་པ་ཡིན་ཏེ། བསྡུ་བ་ལས། འདུལ་བ་ནི་བསྡུ་ན་རྣམ་པ་གསུམ་དུ་རིགས་པར་བྱ་སྟེ། རེ་ཞིག་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་འདུལ་བ་ལ་དང་པོར་སྡོམ་


JLD001_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཁྲིམས་ཀྱི་འདུལ་བ་ཇི་ལྟར་བསྡུས་པ་དེ་ནི་འདུལ་བ་བསྡུས་པ་ཡིན་པར་བལྟ་བར་བྱའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་འདུལ་བ་བསྡུས་པ་གང་ཞེ་ན། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་མདོར་བསྡུ་ན་སེམས་དྲུག་ལ་སོ་སོར་བརྟག་པར་བྱ་སྟེ་དྲུག་གང་ཞེ་ན། ཁྱད་དུ་གསོད་པའི་སེམས་དང་ལེ་ལོ་དང་ལྡན་པའི་སེམས་དང་སྒྲིབ་པའི་སེམས་དང་བརྩལ་བས་ཡོངས་སུ་སྐྱོ་བའི་སེམས་དང་གནོད་པ་དང་ལྡན་པའི་སེམས་དང་བར་ཆད་དང་ལྡན་པའི་སེམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་རྣམས་ལ་སྤང་བར་སེམས་པ་ཉིད་དང་མི་མོས་པའི་སེམས་ཉིད་དང་བརྙེས་པའི་སེམས་ཉིད་གང་ཡིན་པ་དེ་ནི་ཁྱད་དུ་གསོད་པའི་སེམས་ཞེས་བྱའོ། །ལེ་ལོ་དང་གླག་ངལ་དང་བག་མེད་པས་ཀུན་ནས་དཀྲིས་པའི་སེམས་ནི་ལེ་ལོ་དང་ལྡན་པའི་སེམས་ཞེས་བྱའོ། །འདོད་པ་ལ་འདུན་པ་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་གང་ཡང་རུང་བས་ཀུན་ནས་དཀྲིས་པའི་སེམས་ནི་སྒྲིབ་པའི་སེམས་ཞེས་བྱའོ། །བརྩོན་འགྲུས་བརྩམས་ཤིང་གནས་པའི་ལུས་ཀྱི་ངལ་བ་དང་སེམས་ཀྱི་འཁྲུག་པས་ཟིལ་གྱིས་ནོན་པའི་སེམས་ནི་བརྩལ་བས་ཡོངས་སུ་ངལ་བའི་སེམས་ཞེས་བྱའོ། །གནོད་པ་གང་ཡང་རུང་བས་ཟིལ་གྱིས་ནོན་པའི་སེམས་སྦྱོར་བཟོད་པའི་མཐུ་མེད་པ་ནི་གནོད་པ་དང་ལྡན་པའི་སེམས་ཞེས་བྱའོ། །སྨྲ་བ་ལ་དགའ་བ་ལ་སོགས་པ་བར་ཆད་དང་ལྡན་པའི་སེམས་ནི་བར་ཆད་དང་


JLD001_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་སེམས་ཞེས་བྱའོ། །ཞེས་གསུངས་སོ། །སེམས་དེ་དག་སྐྱེས་པ་ན་དང་དུ་བླངས་པ་དང་མ་བླངས་པ་ལ་ཉེས་པར་འགྱུར་མི་འགྱུར་ཡང༌། དེ་ཉིད་ལས། བྱང་ཆུབ་སེམས་དཔས་སེམས་དྲུག་པོ་དེ་དག་ལ་འདི་ལྟར་སོ་སོར་བརྟག་པར་བྱ་སྟེ། ཅི་བདག་གི་སེམས་ལ་སེམས་དྲུག་པོ་དེ་དག་ལས་གང་ཡང་རུང་བ་རབ་ཏུ་སྤྱོད་པ་ཡོད་དམ་འོན་ཏེ་མེད་སྙམ་དུ་སོ་སོར་བརྟག་པར་བྱའོ། །དེ་ལས་བྱང་ཆུབ་སེམས་དཔས་སེམས་དང་པོ་གསུམ་པོ་དག་ནི་སྐྱེས་སོ་ཅོག་ཏུ་དང་དུ་མི་བླང་བར་བྱ་སྟེ། གལ་ཏེ་དང་དུ་ལེན་པར་བྱེད་ཅིང་སྤོང་བར་མི་བྱེད་ན་ཐམས་ཅད་དུ་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །བརྩལ་བས་ཡོངས་སུ་སྐྱོ་བའི་སེམས་ནི་སྐྱེས་པ་ན་གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་དགེ་བའི་ཆོས་རྣམས་ལ་སྦྱོར་བ་གཏོང་བར་བྱེད་དེ། ཅི་ནས་ཀྱང་ལུས་དང་སེམས་ངལ་ཞིང་འཁྲུག་པར་བྱེད་པ་འདི་སོ་སོར་བསལ་ནས་ཡང་དགེ་བའི་ཆོས་རྣམས་ལ་སྦྱོར་བར་བྱའོ། །སྙམ་དུ་སེམས་ན་ནི་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །གལ་ཏེ་བདག་ལ་དགེ་བ་ལ་སྦྱོར་བ་གང་གིས་བདག་ཚེ་འདི་ལ་སྡུག་བསྔལ་བར་འགྱུར་བ་འདི་ལྟ་བུས་ཅི་ཞིག་བྱ་སྙམ་དུ་སེམས་ཤིང༌། ཐམས་ཅད་ཀྱི་ཐམས་ཅད་དུ་གཏན་སྤོང་བར་བྱེད་ན་ནི་དེ་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གནོད་པ་དང་ལྡན་པའི་སེམས་ནི་ཉེ་བར་གནས་པར་གྱུར་པ་ན་བྱང་ཆུབ་སེམས་དཔའི་དགེ་བའི་སྦྱོར་བ་


JLD001_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདོད་དགུར་བྱར་མེད་པ་ཡིན་པས་དེ་དང་དུ་བླངས་ཀྱང་ཁ་ན་མ་ཐོ་བ་མེད་དོ། །བར་ཆད་དང་ལྡན་པའི་སེམས་ནི་ཉེ་བར་གནས་པར་གྱུར་པ་ན་གལ་ཏེ་འདོད་དགུར་བྱར་མེད་དམ། དོན་ཆེས་ཆེན་པོ་ཞིག་ཡང་དག་པར་རྗེས་སུ་མཐོང་ནས་དང་དུ་ལེན་པར་བྱེད་ན་ནི་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་དེ་ལ་འདོད་དགུར་བྱར་ཡོད་དམ་དོན་མེད་པའམ་དོན་ཆེས་ཆུང་བ་ཞིག་ཡང་དག་པར་རྗེས་སུ་མཐོང་ནས་དང་དུ་ལེན་པར་བྱེད་ན་ནི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །སེམས་དྲུག་པོ་དེ་དག་ལས་སེམས་སྔ་མ་གསུམ་པོ་དག་གི་བྱུང་བ་དང་དུ་བླངས་སོ་ཅོག་ནི་གཅིག་ཏུ་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གནོད་པ་དང་ལྡན་པའི་སེམས་གཅིག་པུ་ནི་དང་དུ་བླངས་ཀྱང་ཁ་ན་མ་ཐོ་བ་མེད་དོ། །སེམས་ལྷག་མ་གཉིས་ཀྱི་བྱུང་བ་དང་དུ་བླངས་སོ་ཅོག་ནི་རྣམ་གྲངས་ཀྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །ཞེས་གསུངས་པའོ། །སེམས་ཅན་དོན་བྱེད་ལ་འཇུག་པ་ན་གནས་དྲུག་ལ་བརྟག་དགོས་ཏེ། བསྡུ་བ་ལས། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་ནི་རྣམ་པར་རྟོག་པའི་གནས་དྲུག་ལ་སོ་སོར་བརྟག་པར་བྱ་སྟེ། བདག་དང་གཞན་དང་ཟང་ཟིང་གིས་ཕོངས་པ་དང་ཟང་ཟིང་འབྱོར་བ་དང་ཆོས་ཀྱིས་ཕོངས་པ་དང་ཆོས་འབྱོར་པ་ནི་གནས་དྲུག་པ་ཡིན་ནོ། །དེ་ལ་ཟང་ཟིང་གིས་ཕོངས་པ་ཞེས་བྱ་བ་ནི་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་མ་རྙེད་པ་རྣམས་


JLD001_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྙེད་པ་དང་རྙེད་ཅིང་འཇུག་པ་རྣམས་རྒྱུན་ཆད་པར་འགྱུར་བའོ། །ཟང་ཟིང་འབྱོར་བ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །ཆོས་ཀྱིས་ཕོངས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པ་དང་དེ་བཞིན་གཤེགས་པས་གསུངས་པ་དོན་དམ་པ་བའི་ཆོས་ཀྱི་ཚིག་སྔོན་མ་ཐོས་པ་མཉན་དུ་མེད་པ་དང་སྔོན་མ་ཐོས་པ་ཇི་ལྟ་བ་བཞིན་དུ་སྔོན་མ་བསམས་པ་བསམ་དུ་མེད་པ་དང་ཐོས་པའི་བར་ཆད་དང་བསམས་པའི་བར་ཆད་དང་ཐོས་པ་དང་བསམས་པ་བརྗེད་པ་དང་བསྒོམས་པ་ལས་བྱུང་བའི་དགེ་བ་མ་ཐོབ་པ་མི་ཐོབ་པ་དང་ཐོབ་པ་ཡོངས་སུ་ཉམས་པར་འགྱུར་བའོ། །ཆོས་འབྱོར་བ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །ཞེས་གསུངས་ཏེ་བདག་དང་གཞན་ནི་ཆོས་དང་ཟང་ཟིང་གིས་འབྱོར་པ་དང་རྒུད་པའི་གཞིའོ། །གནས་དྲུག་ལ་བརྟགས་ནས་འཇུག་ལྡོག་བྱེད་ཚུལ་དང་དེ་དག་ལ་ཉེས་པར་འགྱུར་མི་འགྱུར་གྱི་ཚུལ་ཡང༌། དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་དཔས་བདག་ཉིད་ཀྱི་ཆོས་ཀྱིས་ཕོངས་པས་གཞན་དག་གི་ཟང་ཟིང་འབྱོར་བར་བྱ་བའི་ཕྱིར་སྦྱོར་བར་མི་བྱའོ། །ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་བར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །དོན་གྱི་སྐབས་འདིར་ཆོས་ཀྱིས་ཕོངས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པས་བསྡུས་པ་དང༌། བསླབ་པ་ཉམས་པ་དང་རྗེས་སུ་མཐུན་པས་བསྡུས་པ་དང༌། འཐོབ་པའི་ཆོས་ཡོངས་སུ་ཉམས་པས་བསྡུས་པ་ཡིན་པར་


JLD001_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱའོ། །བདག་ཉིད་ཀྱི་ཟང་ཟིང་གིས་ཕོངས་པས་གཞན་དག་གི་ཟང་ཟིང་འབྱོར་བར་བྱ་བའི་ཕྱིར་ནི་བརྩོན་པར་བྱ་སྟེ་ཟང་ཟིང་འབྱོར་བ་དེ་ཡང་གལ་ཏེ་ཆོས་ཀྱིས་ཕོངས་བསྐྱེད་པར་མི་བྱེད་ནའོ། །གལ་ཏེ་ཆོས་ཀྱིས་ཕོངས་བསྐྱེད་པར་བྱེད་ན་ནི་བརྩོན་པར་མི་བྱའོ། །ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །བདག་ཉིད་ཀྱི་ཟང་ཟིང་འབྱོར་པས་གཞན་དག་གི་ཟང་ཟིང་འབྱོར་བར་བྱ་བའི་ཕྱིར་ཡང་བརྩོན་བར་བྱའོ། །ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །བདག་ཉིད་ཀྱི་ཆོས་འབྱོར་པས་གཞན་དག་གི་ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཡང་བརྩོན་པར་བྱའོ། །ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །དེ་ལྟར་སྦྱོར་བར་མི་བྱེད་ན་ནི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ལ་སྦྱོར་བར་བྱེད་ན་ནི་ཁ་ན་མ་ཐོབ་མེད་པར་འགྱུར་རོ། །དེ་ལྟར་ན་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པའི་འདུལ་བ་བསྡུས་པ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་དུས་རྟག་ཏུ་ཡིད་ལ་བྱ་ཞིང་བསླབ་པར་བྱའོ། །ཞེས་གསུངས་པའོ། །དེས་ན་གང་ཟག་གཞན་གྱི་ཆོས་ཀྱི་དོན་ནམ་ཟངཟིང་གི་དོན་བྱས་པ་ན་རང་གིས་ཁས་བླངས་པའི་བསླབ་པ་དངོས་སུ་ཉམས་པ་དང་དངོས་སུ་མ་ཉམས་ཀྱང་ཉམས་པ་དང་རྗེས་སུ་མཐུན་པ་


JLD001_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྔར་ཐོབ་པ་དང་གསར་དུ་འཐོབ་པའི་ཆོས་ཉམས་པར་སྣང་ན་གཞན་གྱི་དོན་མ་བྱས་ཀྱང་ཉེས་པ་མེད་ལ། དེ་བཞིན་དུ་གཞན་གྱི་དོན་བྱས་པ་ན་རང་ཉིད་ཟང་ཟིང་གིས་ཕོངས་པར་སྣང་ན་ཆོས་ཀྱིས་ཕོངས་པར་མི་འགྱུར་ན་ནི་མ་བྱས་ན་ཉེས་པར་འགྱུར་ཞིང་ཆོས་ཀྱིས་ཕོངས་པར་འགྱུར་ན་ནི་མི་བྱའོ། །དེ་བཞིན་དུ་རང་གི་ཆོས་དང་ཟང་ཟིང་འབྱོར་པར་གྱུར་ན་ཡང་གཞན་ལ་དེ་གཉིས་སྒྲུབ་པར་མི་བྱེད་ན་ཉེས་པར་འགྱུར་རོ། །གཞན་གྱི་དོན་བྱེད་པ་ལ་ཉེས་པར་འགྱུར་མི་འགྱུར་གྱི་ཚུལ་གཞན་ཡང་བསྡུ་བ་ལས། འདི་ན་བྱང་ཆུབ་སེམས་དཔའ་ཕན་འདོགས་པའི་སེམས་ཅན་རྣམས་ལ་ཕན་འདོགས་པའི་མཚན་མའི་རྗེས་སུ་འབྲང་ཞིང་ཟང་ཟིང་དང་བཅས་པའི་སེམས་དང་ཕྱོགས་ཡོངས་སུ་བཟུང་བའི་ཚུལ་གྱིས་མཛའ་བཤེས་ཀྱི་བསམ་པ་སྐྱེད་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་གནོད་པ་བྱེད་པའི་མཚན་མའི་རྗེས་སུ་འབྲང་ཞིང་རྙོག་པའི་སེམས་དང་དགྲ་བོར་ཡོངས་སུ་བཟུང་བའི་སེམས་ཀྱི་དགྲ་བོའི་བསམ་པ་སྐྱེད་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གནོད་པ་བྱེད་པ་ཡང་མ་ཡིན་ཕན་པ་བྱེད་པ་ཡང་མ་ཡིན་པའི་སེམས་ཅན་རྣམས་ལ་ཐ་མལ་བའི་བསམ་པ་དང་བཏང་སྙོམས་ཀྱི་བསམ་བསྐྱེད་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གལ་ཏེ་རབ་ཏུ་འབྱུང་བའི་ཕྱིར་གསོལ་བ་འདེབས་


JLD001_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་འོངས་ན་དུས་ཀྱི་སྐྱོན་དང་དུས་ཐ་མའི་སྐྱོན་གྱི་རྗེས་སུ་འབྲང་ཞིང་རབ་ཏུ་སྦྱིན་པར་མི་བྱེད་ན་ནི་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་སྙིང་བརྩེ་བའི་སེམས་ཉེ་བར་བཞག་སྟེ་རབ་ཏུ་འབྱིན་པར་བྱེད་ན་ཡང་ཁ་ན་མ་ཐོ་བ་མེད་དོ། །རབ་ཏུ་འབྱིན་པ་ཇི་ལྟ་བ་བཞིན་དུ་བསྙན་པར་རྫོགས་པར་བྱེད་པ་དང་གནས་སྦྱིན་པར་བྱེད་པ་དང་འཁོར་སྡུད་པར་བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། རྣམ་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་གསུམ་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་སྡོམ་པ་བླངས་པ་དེས་ཚུལ་ཁྲིམས་གསུམ་ལ་གཅེས་སྤྲས་སུ་བྱས་ཏེ་བསླབ་དགོས་ཀྱང་གནད་དུ་ཆེ་བ་ནི་སྡོམ་པའི་ཚུལ་ཁྲིམས་སོ་ཐར་རིས་བདུན་དང་ཐུན་མོང་བའི་བསླབ་བྱ་ལ་ཤིན་ཏུ་ཡང་འབད་དགོས་ཏེ། བསྡུ་བ་ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ལས་འདི་ལྟ་སྟེ་སྡོམ་པའི་ཚུལ་ཁྲིམས་འདི་ནི་སྡུད་པར་བྱེད་པ་དང་འབྱོར་བར་བྱེད་པ་ཡིན་ཏེ། དེ་བསྡམས་ཤིང་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་བསྡམས་ཤིང་བསྲུངས་པར་འགྱུར་བས། དེ་མ་བསྡམས་ཤིང་མ་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་མ་བསྡམས’་ཤིང་མ་བསྲུངས་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་ཐམས་ཅད་ཉམས་པ་ཡིན་པར་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ན་ཚུལ་ཁྲིམས་གསུམ་པོ་དེའི་ཕྱོགས་རེའི་སྡོམ་པ་གཟུང་དུ་རུང་ངམ་གསུམ་ཆར་ཚང་བའི་སྡོམ་


JLD001_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟུང་དགོས་ཤེ་ན། བྱང་སེམས་ཀྱི་སྡོམ་པ་ལ་ནི་སོ་སོར་ཐར་པ་ལྟར་སྡོམ་པ་རིམ་པ་མང་པོ་མེད་ཀྱི་རིས་གཅིག་ཁོ་ནར་ཟད་པས་ལེན་པ་ན་ཡང་རིས་སུ་ཆད་པ་མེད་པར་མཐའ་དག་ལ་སློབ་པར་ཁས་བླངས་པའི་སྒོ་ནས་གཟུང་དགོས་ཏེ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། བྱང་ཆུབ་སེམས་༼དཔའ༽་ཚུལ་ཁྲིམས་རྣམ་པ་གསུམ་པོ་གང་ཡིན་པ་དེ་ལས་གང་ཡང་རུང་བ་ཞིག་མ་ཚང་ན་བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ་ཡིན་པར་བརྗོད་པར་བྱ་བའམ་བསྡམས་པ་མ་ཡིན་པར་བརྗོད་པར་བྱ་ཞེ་ན། བསྡམས་པ་མ་ཡིན་པར་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་བསླབ་བཏུས་ལས། དེ་བས་ན་རང་གི་མཐུ་དང་སྦྱར་ཏེ་དགེ་བའི་རྩ་བ་གཅིག་ཙམ་ཡང་ཡང་དག་པར་བླངས་ལ་བསྲུང་བར་བྱ་སྟེ། འཕགས་པ་སའི་སྙིང་པོའི་མདོ་ལས་ཇི་སྐད་དུ། དགེ་བའི་ལམ་བཅུ་པོ་འདི་དག་གིས་སངས་རྒྱས་སུ་འགྱུར་གྱི་གང་ཇི་སྲིད་འཚོ་ཡི་བར་དུ་ཐ་ན་དགེ་བའི་ལས་ཀྱི་ལམ་གཅིག་ཙམ་ཡང་མི་བསྲུང་ལ་འོན་ཀྱང་ཚིག་འདི་སྐད་དུ་ང་ནི་ཐེག་པ་ཆེན་པོ་པ་སྟེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚོལ་ལོ་ཞེས་ཟེར་ན། གང་ཟག་དེ་ཤིན་ཏུ་ཚུལ་འཆོས་པ་བརྫུན་ཆེན་པོ་སྨྲ་བ་སངས་རྒྱ་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་འཇིག་རྟེན་ལ་སླུ་བར་བྱེད་པ་ཆད་པར་སྨྲ་བ་སྟེ་དེ་རྨོངས་བཞིན་དུ་འཆི་བའི་དུས་བྱེད་ཅིང་ལོག་པར་ལྟུང་བར་འགྲོའོ། །ཞེས་གསུངས་པ་བཞིན་ནོ། །དུས་ཇི་སྲིད་དུ་


JLD001_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་དེ་སྲིད་དུ་ཡང་དགེ་བ་ཡང་དག་པར་བླངས་ཏེ་གནས་པར་བྱ་སྟེ་འདི་ནི་སྨན་གྱི་བླ་བཻརཱུ་རྱ་འོད་ཀྱི་རྒྱལ་པོའི་མདོ་ལས་བལྟ་བར་བྱའོ། །ཞེས་བསླབ་པ་ཕྱོགས་རེ་ལེན་པའི་བྱང་སེམས་ཀྱི་སྡོམ་པ་བཤད་པ་ཇི་ལྟར་ཡིན་ཞེ་ན། འདི་ནི་བྱང་སེམས་ཀྱི་སྡོམ་པ་མིན་གྱི་སྨོན་སེམས་བསྐྱེད་པ་དེས་བྱང་སེམས་ཀྱི་སྡོམ་པ་གཟུང་བར་མི་ནུས་ན། གོམས་སུ་གཞུག་པའི་ཕྱིར་རང་གི་ནུས་པ་དང་བསྟུན་ནས་བསླབ་པའི་གཞི་རེ་རེ་ཙམ་དང༌། དུས་ཀྱང་ཇི་སྲིད་དུ་སྲུང་ནུས་པའི་ཉུང་ཟད་རེའི་བར་དུ་བསླབ་པར་གསུངས་པ་ཡིན་ཏེ། སྡོམ་པ་དང་བདག་ཉིད་ཀྱི་སྟོབས་དང་སྦྱར་ནས་བླང་དགོས་ཏེ་དེ་ལྟར་མ་བྱས་ན་སངས་རྒྱས་སྲས་བཅས་དང་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་བ་ལ་སོགས་པའི་ཉེས་དམིགས་གསུངས་ནས་དེ་ནས་སྔར་གྱི་ལུང་དེ་འབྱུང་ཞིང་དེའི་འོག་ཏུ་སེམས་ཅན་ཆེན་པོ་གང་དེ་ལྟ་བུ་ཐོས་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བ་ཤེས་རབ་ཀྱིས་རྟོགས་པར་བྱས་ནས་སྐྱེ་བོ་མ་ལུས་པ་སྡུག་བསྔལ་ལས་བསྐྱབ་པར་ཁུར་ཁྱེར་བར་སྤྲོ་བ་དེས་ནི། ཞེས་བསླབ་པ་ཁས་བླངས་ནས་མ་བསྲུངས་པའི་ཉེས་དམིགས་ཐོས་ཤིང་བྱང་སེམས་ཀྱི་སྤྱོད་པ་བྱ་དཀའ་བར་ཤེས་ཀྱང་བྱང་སེམས་ཀྱི་བསླབ་པའི་ཁུར་འཁྱེར་བ་ལ་མ་ཞུམ་པ་ཞིག་གིས་བྱང་སེམས་ཀྱི་སྡོམ་པ་འཛིན་པར་གསུངས་པའི་ཕྱིར་ན་སྔ་མ་དེ་ཉེས་དམིགས་ཐོས་ཤིང༌། སྤྱོད་པ་བྱ་དཀའ་བར་ཤེས་པ་ན་བསླབ་པའི་ཁུར་འཁྱེར་བར་མི་ནུས་པ་རྣམས་སྤྱོད་པ་སྣ་རེ་རེ་ནས་རིམ་གྱིས་ཡི་


JLD001_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅས་ནས་བསླབས་ཏེ། བློའི་མཐུ་རྒྱས་པ་ན་སྡོམ་པ་ལེན་པར་གསལ་བའི་ཕྱིར་དང་སྨན་བླའི་མདོ་ཁུངས་སུ་བྱས་པས་ཀྱང་ཤེས་ཏེ་དེ་ནི་མདོ་དེ་ལས་ཤེས་པར་བྱའོ། །ལེན་པའི་ཚུལ་བཤད་པ་ལ་གཉིས། སྤྱིའི་དོན་དང༌། དཀྱུས་ཀྱི་དོན་ནོ། །དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་སེམས་བསྐྱེད་པའི་ཆོ་ག་མཛད་ཀྱི་དེ་ལས་ཟུར་བའི་སྡོམ་པའི་ཆོ་ག་མ་མཛད་དོ། །འོན་ཀྱང་སེམས་བསྐྱེད་པའི་ཆོ་ག་ལས། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་སྐད་ལན་གསུམ་བཟླས། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཞེས་དང༌། བདག་གི་སྦྱིན་པ་རྩོལ་བ་དང་ཚུལ་ཁྲིམས་བསྲུང་བ་དང་བཟོད་པ་སྒོམ་པ་དང་བརྩོན་འགྲུས་རྩོམ་པ་དང་བསམ་གཏན་ལ་མཉམ་པར་བཞག་པ་དང་ཤེས་རབ་རྣམ་པར་དཔྱོད་པ་དང་ཐབས་མཁས་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ས་ཆེན་པོ་ལ་གནས་པ་རྣམས་ཀྱི་རྗེས་སུ་འཇུག་གོ། །འཕགས་པ་དག་བདག་བྱང་ཆུབ་སེམས་དཔའ་ལགས་ཀྱིས་བྱང་


JLD001_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ལགས་པར་གཟུང་དུ་གསོལ། ཞེས་སྤྱོད་པ་ལ་སློབ་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་འཇུག་པར་ཁས་ལེན་པ་ཡོད་ལ་སྤྱོད་པ་དང་ལྡན་པར་སེམས་བསྐྱེད་པ་ཉིད་སྡོམ་པ་བཟུང་བ་ཡིན་པར་བསླབ་བཏུས་དང་སྤྱོད་འཇུག་ལས་གསུངས་ཤིང༌། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་གསུམ་ལ་སློབ་པར་ཁས་བླངས་པ་ཉིད་བྱང་སེམས་ཀྱི་སྡོམ་པ་བཟུང་བ་ཡིན་པར་གཞུང་འདིར་གསུངས་ལ་སློབ་དཔོན་བྱང་ཆུབ་བཟང་པོ་དང་ཨ་བྷྱཱ་ཀ་རས་ཀྱང་སྡོམ་པ་ལེན་པའི་ཆོ་ག་ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་བསྲེས་ནས་མཛད་པ་དང༌། ལམ་སྒྲོན་གྱི་འགྲེལ་པར་ཡང་ཇོ་བོས་མཛད་པའི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་ནི་ཀླུ་སྒྲུབ་དང་ཐོགས་མེད་དང་ཞི་བ་ལྷའི་ལུགས་ཡིན་པར་གསུངས་སོ། །དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཆོ་གའི་ཁྱད་པར་འགའ་ཞིག་མི་འདྲ་བ་མ་གཏོགས་པ་སྡོམ་པ་འཐོབ་པའི་ཆོ་ག་ལ་དོན་ལ་ཁྱད་པར་མེད་དོ། །དེས་ན་ལུགས་དེ་གཉིས་ལ་དབུ་མ་ལུགས་དང་སེམས་ཙམ་ལུགས་ཀྱི་ཐ་སྙད་བྱས་ནས་བླང་བའི་ཡུལ་དང་ལེན་པའི་ཆོ་ག་དང་རྩ་ལྟུང་མི་མཐུན་པར་སྨྲ་བ་ནི་མ་བརྟགས་པ་ཆེན་པོའོ། །འཕགས་པ་ཐོགས་མེད་ཀྱིས་སྡོམ་པ་ལེན་པའི་རྟེན་ལ་སྨོན་སེམས་བསྐྱེད་དགོས་པར་བཤད་ཀྱང་སྡོམ་པའི་ཆོ་ག་མ་གཏོགས་པའི་སེམས་བསྐྱེད་ཀྱི་ཆོ་ག་མཛད་པ་མི་སྣང་ལ་བྱམས་ཆོས་དང་སློབ་དཔོན་དབྱིག་གཉེན་གྱི་གཞུང་དུ་ཡང་མ་བྱུང་ངོ༌། །སློབ་དཔོན་


JLD001_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལས་རྣམ་པར་རྒྱལ་བས་ནི་སྨོན་འཇུག་དང་སྡོམ་པ་གཟུང་བའི་རིམ་པ་གཉིས་མཛད་ལ། དཔལ་མར་མེ་མཛད་ཀྱིས་ཀྱང་སེམས་བསྐྱེད་པ་དང་སྡོམ་པའི་ཆོ་ག་སོ་སོར་མཛད་ཅིང༌། མདོ་ཀུན་ལས་བཏུས་ཀྱི་འགྲེལ་པ་དང༌། སྤྱོད་འཇུག་གི་འགྲེལ་པར་ནག་པོ་བས་ཀྱང་སྨོན་འཇུག་གི་ཆོ་ག་སོ་སོ་བའི་རྣམ་གཞག་མཛད་དོ། །འདི་ལ་འཇུག་པ་དང་སྡོམ་པའི་ཆོ་ག་ཐ་དད་པར་མཛད་པ་འཐད་སྙམ་པ་མེད་ལ་སྨོན་པའི་ཆོ་ག་སྔོན་དུ་བླངས་ནས་བརྟན་པར་བྱས་ཏེ་ཕྱིས་སྡོམ་པའི་ཆོ་ག་མཛད་པའི་བཤེས་གཉེན་གོང་མ་རྣམས་ཀྱི་ལུགས་ནི་སྡོམ་པ་བརྟན་པར་འགྱུར་བའི་ཐབས་བཟང་པོའོ། །འོ་ན་སྒོམ་རིམ་བར་བ་ལས། དེ་ལ་ཀུན་རྫོབ་པ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་གདོན་པར་དམ་བཅས་ནས་འགྲོ་བ་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པའི་སེམས་དང་པོར་སྐྱེ་བའོ། །དེ་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་མཁས་པ་ཕ་རོལ་པོ་ལས་བསྐྱེད་པར་བྱའོ། །ཞེས་གསུངས་པའི་དོན་གང་ཞེ་ན། དུས་གསུམ་གྱི་བྱང་སེམས་ཀྱི་བསླབ་པའི་གཞི་ཐམས་ཅད་ལ་སློབ་པར་ཁས་ལེན་པར་དོན་གྱིས་ན་སེམས་བསྐྱེད་པ་ཁས་བླངས་པ་ཡོད་པས་སེམས་བསྐྱེད་པའི་ཆོ་ག་ཞེས་བྱའི་སྨོན་སེམས་རྐྱང་པའི་ཆོ་ག་མིན་ནོ། །དཀྱུས་ཀྱི་དོན་ལ་གཉིས། བླ་མ་ཡོད་པའི་ཆོ་ག་དང༌། བླ་མ་མེད་པའི་ཆོ་གའོ། །དང་


JLD001_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་ལྔ། གསོལ་བ་གདབ་པ། ཚོགས་སྒྲུབ་པ། སྡོམ་པ་མྱུར་དུ་བསྐུལ་བ། སྤྲོ་བ་བསྐྱེད་པ། བར་ཆད་དྲི་བའོ། །གསོལ་བ་གདབ་པ་ལ་གཉིས། གང་ཟག་གི་ཁྱད་པར་དང༌། ཆོ་གའི་ཁྱད་པར་རོ། །གང་ཟག་གི་ཁྱད་པར་ལ་གཉིས་ལས། རྟེན་གྱི་ཁྱད་པར་ནི། སྡོམ་པ་ལེན་པའི་རྟེན་ལ་ཇི་འདྲ་ཞིག་དགོས་ཤེ་ན། བྱང་སེམས་ཁྱིམ་པའམ་རབ་བྱུང་གང་ཡང་རུང་བ་སྔར་བཤད་པའི་བྱང་སེམས་ཀྱི་བསླབ་པ་ཚུལ་ཁྲིམས་གསུམ་ལ་བསམ་པ་ཐག་པ་ནས་སློབ་པར་འདོད་ཅིང་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་སྟེ་གདམས་ངག་བཞིན་དུ་སྨོན་པའི་སེམས་བསྐྱེད་པའོ། །སྡོམ་པ་བཟུང་བ་ཙམ་བྱེད་ཀྱི་བྱང་སེམས་ཀྱི་བསླབ་པ་ལ་སློབ་འདོད་མེད་པ་དང་སྨོན་སེམས་མ་བསྐྱེད་པ་ལ་ནི་སྡོམ་པ་སྦྱིན་པར་མི་བྱའོ། །དེ་ལྟར་སྡོམ་པ་ཡང་དག་པར་བླང་བར་འདོད་པའི་བྱང་སེམས་ལ་བརྟེན་པར་བྱ་བའི་ཕྱིར་སྡོམ་པ་སྟེར་བའི་སྔ་རོལ་ནས་བྱང་སེམས་ཀྱི་སྡེ་སྣོད་ཀྱི་མ་མོ་བྱང་ཆུབ་སེམས་དཔའི་ས་འདི་ལས་བྱང་སེམས་ཀྱི་བསླབ་པའི་གཞི་དང་ཉེས་པའི་གནས་གང་དག་བསྟན་པ་དེ་དག་བསྒྲག་པར་བྱ་སྟེ། དེ་ལྟར་བཤད་པ་ལ་གལ་ཏེ་ནུས་སམ་མི་ནུས་སྙིང་ནས་བརྟགས་ཤིང་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་སྡོམ་པ་ལེན་པ་ལ་སྤྲོ་བར་གྱུར་ལ་རང་མི་འདོད་བཞིན་དུ་ཕ་རོལ་པོས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན། ཕ་རོལ་པོ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན་བྱང་སེམས་བརྟན་པོར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་


JLD001_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླང་བ་འདིས་ཆོ་ག་བཞིན་དུ་དེས་ཀྱང་མནོད་པར་བྱ་ཞིང་དེ་ལ་དཔོག་པར་ཡང་བྱའོ། །དེ་ལྟར་ན་འདི་ནི་འདུལ་བ་དང་མི་འདྲ་བས་སྡོམ་པ་མ་བཟུང་བའི་སྔ་རོལ་ཏུ་ལེགས་པར་མཉན་ནས་ཤེས་པར་བྱས་ཏེ་བསླབ་པ་བསྲུང་བ་ལ་བློ་བརྟན་པར་གྱུར་པ་ན་སྡོམ་པ་བླང་ངོ༌། །བསམ་པ་དེ་དག་དང་ལྡན་ན་སྡོམ་པ་སྐྱེ་ཡི། མི་ལྡན་ན་མི་སྐྱེ་བ་ནི་བསྡུ་བ་ལས། གང་གཞན་ལ་གྲགས་པར་བྱ་བའི་ཕྱིར་དང་གཞན་གྱི་དོར་བྱ་བ་དང༌། གཞན་གྱིས་ཡང་དག་པར་ལེན་དུ་བཅུག་པ་ན་དེ་ལེན་པར་བྱེད་པར་ཟད་ཀྱི་རང་གི་དད་པས་བསམ་པ་ཐག་པ་ནས་རྗེས་སུ་བརྟགས་ཤིང་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ། དགེ་བ་འདོད་པས་ལེན་པར་མི་བྱེད་པ་དེ་ཡང་བསྡམས་པ་མ་ཡིན་པར་བརྗོད་པར་བྱ་སྟེ། དེ་ནི་དེས་དགེ་བ་ཡོངས་སུ་རྫོགས་པ་དང་སྦྱོར་བར་ཡང་མི་འགྱུར་ལ་དེའི་འབྲས་བུའི་ཕན་ཡོན་ཡང་ཐོབ་པར་མི་འགྱུར་རོ། །དེ་ལས་བཟློག་པ་ནི་སྡོམ་པས་བསྡམས་པ་དང་དགེ་བ་ཡོངས་སུ་རྫོགས་པ་དང་སྦྱོར་བར་འགྱུར་བ་དང༌། དེའི་འབྲས་བུའི་ཕན་ཡོན་ཡང་ཐོབ་པར་འགྱུར་བར་རིག་པར་བྱའོ་ཞེས་གསུངས་སོ། །ཡུལ་གྱི་ཁྱད་པར་ནི། སྡོམ་པ་ལེན་པའི་ཡུལ་ལ་ཇི་འདྲ་བ་ཞིག་དགོས་ཤེ་ན། བྱང་ཆུབ་སེམས་དཔའ་སྨོན་ལམ་བཏབ་པ་སྟེ་སྨོན་སེམས་བསྐྱེད་པ་ཆོས་མཐུན་པ་བ་སྟེ་བྱང་སེམས་ཀྱི་སྡོམ་པ་ལ་གནས་པ་ཐེག་པ་ཆེན་པོ་ལ་མཁས་པ་བསླབ་པ་ནོད་པར་གསོལ་བ་ལ་སོགས་པའི་ངག་གི་རྣམ་པར་རིག་བྱེད་ཀྱི་ཚིག་འབྲུ་འཛིན་ནུས་ཤིང་དོན་གོ་བར་ནུས་པ་ལས་བླང་ངོ༌། །ཇི་འདྲ་བ་ལས་མི་བླང་ཞེ་ན།


JLD001_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཡིན་དུ་ཟིན་ཀྱང་བྱང་སེམས་ཐམས་ཅད་ལས་བྱང་ཆུབ་སེམས་དཔས་སྡོམ་པ་ནོད་པར་མི་བྱ་སྟེ་བསམ་པ་དང་སྦྱོར་བ་ཉམས་པའོ། །དེ་ལ་བསམ་པ་ཉམས་པ་ནི། །དད་པ་མེད་པ་སྟེ་སྡོམ་པ་ལ་ཆེར་མ་མོས་ཤིང་འབྲིང་དུ་མི་འཇུག་ལ་ཆུང་ངུར་མི་རྟོག་པའམ་མི་རྩོལ་བའོ། །སྦྱོར་བ་ཉམས་པ་ནི། ཕྱིན་དྲུག་གི་སྦྱོར་བ་ཉམས་པ་སྟེ། དང་པོ་ནི། ལུས་དང་ལོངས་སྤྱོད་ལ་སྲེད་པའི་བརྐམ་ཆགས་ཅན་དང་དེའི་དབང་དུ་གྱུར་པས་ཆགས་པས་ཟིལ་གྱིས་ནོན་པ་དང་། མ་རྙེད་པ་ལ་འདོད་པ་ཆེ་བ་དང་རྙེད་ཀྱང་ཆོག་མི་ཤེས་པ་སྟེ་སྦྱིན་པའི་མི་མཐུན་ཕྱོགས་དང་དུ་ལེན་པའོ། །གཉིས་པ་ནི། ཕམ་པ་བྱུང་བས་སྡོམ་པ་ལྷག་མ་མེད་པ་ཚུལ་ཁྲིམས་ཉམས་པ་དང་ལྷག་མ་དང་བཅས་པའི་ཉེས་པ་སྤྱོད་ཅིང་བསླབ་པ་ལ་མི་གུས་པར་ལྷོད་པའོ། །གསུམ་པ་ནི། མི་མཐུན་པའི་རྐྱེན་དང་ཕྲད་པ་ན་མི་བཟོད་དེ་འཕྲལ་དུ་སེམས་འཁྲུག་པའི་ཁྲོ་བ་དང་གནོད་པ་བྱས་པ་དྲན་པ་ན་ཡང་དང་ཡང་དུ་འཁྲུག་པའི་ཁོན་དུ་འཛིན་པ་དང་དགེ་སྦྱོང་གི་ཆོས་བཞིའི་མི་མཐུན་ཕྱོགས་ཀྱིས་ཕ་རོལ་གྱི་ཉེས་པ་བཞི་པོ་མི་བཟོད་པའོ། །བཞི་པ་ནི། དགེ་བ་ལ་མི་སྤྲོ་བའི་སྙོམ་ལས་དང་མི་མཐུན་ཕྱོགས་ལ་དགའ་བའི་ལེ་ལོ་ཅན་ཏེ། དེ་ཉིད་བཤད་པ་ནི་ཤས་ཆེར་ཉིན་མཚན་དུ་གཉིད་ཀྱི་བདེ་བ་དང་གློས་འབེབས་པའི་བདེ་བ་དང་ཉལ་བའི་བདེ་བ་ཉམས་སུ་ལེན་པ་དང་འདུ་འཛིའི་གཏམ་གྱིས་དུས་ཡོལ་བར་བྱེད་པའོ། །ལྔ་པ་ནི། ཞི་གནས་ལ་སོགས་པ་ལ་སེམས་གནས་སུ་མི་བཏུབ་པས་སེམས་རྣམ་པར་གཡེངས་ཏེ། ཐ་ན་བ་འཇོས་ཙམ་གྱི་བར་དུ་ཡང་དགེ་བ་ལ་སེམས་རྩེ་གཅིག་ཏུ་སྒོམ་མི་ནུས་པའོ། །དྲུག་པ་ནི། འཆལ་


JLD001_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤེས་རབ་ལ་གཉིས་ལས་ཀུན་ཏུ་སྤྱོད་པ་ནི། དེ་ཁོ་ན་རང་གིས་ཤེས་པར་མི་ནུས་པའི་ཡིད་རྟུལ་བ་དང་བསྟན་ཀྱང་མི་གོ་བའི་རྨོངས་པ་དང་རྒྱ་ཆེན་པོ་བཟོད་པའི་སྤ་འགོང་བའམ་རང་བཞིན་གྱིས་རྨོངས་པའི་སེམས་ཞུམ་པའོ། །ཤེས་རབ་འཆལ་བའི་རྒྱུ་འཛིན་པ་ནི་བྱང་སེམས་ཀྱི་སྡེ་སྣོད་དང་སྡེ་སྣོད་ཀྱི་མ་མོ་ལ་ངན་ནོ་རུང་བ་མ་ཡིན་ནོ་ཞེས་སྐུར་བ་འདེབས་པ་སྟེ་དེ་རྣམས་ལས་སྡོམ་པ་ནོད་པར་མི་བྱའོ། །འགྲེལ་པ་ཁ་ཅིག་ལས་དངོས་སུ་ན་འདི་ལྟ་བུ་དང་ལྡན་པ་ཅུང་ཟད་ལྟ་ཡོད་མོད་ཀྱི་ཤིན་ཏུ་ལྡན་པ་ལས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་སྐྱོན་དེ་དག་ཆེས་ཆེ་བ་དང་མི་ལྡན་ན་ཅུང་ཟད་དང་ལྡན་ཡང་ནོད་པར་བྱའོ་ཞེས་འཆད་དོ། །ཆོ་གའི་ཁྱད་པར་ལ་གཉིས་ལས། རྟེན་གྱི་ཆོ་གའི་ཁྱད་པར་ནི། སྔར་བཤད་པའི་རྟེན་དེས་ཐོག་མར་ཡུལ་དེའི་རྐང་པ་གཉིས་ལ་གཏུགས་པའི་ཕྱག་བྱ་སྟེ་མ་གུས་པ་ལ་སྡོམ་པ་མི་སྐྱེ་བའི་ཕྱིར་རོ། །དེ་ཡང་དང་པོར་མཎྜལ་བྱ་བར་ཛེ་ཏ་རི་དང་ཨ་བྷྱ་ཀ་རས་བཤད་པ་ལྟར་བྱའོ། །དེ་ནས་བདག་རིགས་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡག་དག་པར་བླང་བ་ནོད་པར་འཆལ་གྱིས་དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ཞེས་གསོལ་བ་གདབ་སྟེ་སྡོམ་པ་ལེན་མི་འདོད་པ་ལ་མི་སྐྱེ་བའི་ཕྱིར་རོ། །འདི་ལན་གསུམ་བྱེད་པར་ཛེ་ཏེ་རི་བྱང་ཆུབ་བཟང་པོ་མར་མེ་མཛད་ཨ་བྷྱཱ་ཀ་ར་རྣམས་ཀྱིས་བཤད་དོ། །དེའི་ཚེ་ཙོག་ཙོག་པོར་འདུག་ཅིང་ཐལ་མོ་སྦྱར་བའམ་གཡས་པའི་ལྷ་ང་ས་ལ་


JLD001_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་པར་ཨ་བྷྱཱ་དང་ཛེ་ཏ་རིས་བཤད་པ་ནི་འོག་ནས་འབྱུང་བའི་ལུས་ཀྱི་སྤྱོད་ལམ་སྟེ་གང་ཡང་རུང་བས་ཆོག་གོ །ཡུལ་གྱི་ཆོ་གའི་ཁྱད་པར་ནི། དེ་ནས་བྱང་སེམས་སྡོམ་པ་འབོགས་པར་ནུས་པ་དེས་བྱང་སེམས་སྡོམ་པ་འདོད་པ་དེ་ལ་བྱང་སེམས་ཀྱི་སྡོམ་པའི་ཕན་ཡོན་རྒྱ་ཆེར་བརྗོད་ནས་སྡོམ་པ་འདོད་པ་ལ་བསླབ་པའི་གཞི་ལྕི་ཡང་དག་ཀྱང་བརྗོད་ཅིང་སྤྲོ་བ་བསྐྱེད་པར་ཡང་བྱ་སྟེ་འདི་སྐད་ཅེས་ཀྱང་བརྗོད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་ལྟར་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང་མ་གྲོལ་བ་རྣམས་དགྲོལ་བ་དང་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང་སངས་རྒྱས་ཀྱི་གདུང་རྒྱུན་མི་གཅད་པར་འདེད་དམ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང་ཡི་དམ་བརྟན་པར་ཡང་བྱའོ། །ཞེས་དེ་ལྟར་བརྗོད་པར་བྱ་སྟེ་དེ་ཡང་སྡོམ་པ་ལེན་པར་འདོད་པ་མི་ཤེས་པའི་རིགས་མཐོང་ན་སྡོམ་པ་ལེན་པ་ལ་སྤྲོ་བ་སྐྱེད་པ་དང་བསླབ་པའི་ཁུར་འཛིན་པའི་བསམ་པ་བརྟན་པོར་བྱ་བའི་ཕྱིར་རོ། །དེ་ལ་བསྲུངས་པའི་ཕན་ཡོན་ནི་འོག་ནས་འབྱུང་བ་རྣམས་དང་གཞན་ཡང་བསླབ་བཏུས་ལས། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ལས་སངས་རྒྱས་རེ་རེ་ལ་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་རབ་ཏུ་བཀང་སྟེ་དབུལ་བ་ཕུལ་ལ། དེ་


JLD001_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འབུལ་པས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་དབུལ་བ་ཕུལ་བ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་གིས་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོས་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདི་ལྟར་སེམས་ཀྱིས་མངོན་པར་རྟོག་ཅིང་འདི་ལྟ་བུའི་ཆོས་ལ་བསླབ་པར་བྱའོ་ཞེས་སློབ་པར་འདོད་ན་དེས་མ་བསླབས་སུ་ཟིན་ཀྱང་བསོད་ནམས་ཆེས་མང་དུ་བསྐྱེད་དེ། བྱང་ཆུབ་སེམས་དཔའི་ནོར་བུ་རིན་པོ་ཆེའི་དབང་གི་རྒྱལ་པོ་སྦྱིན་པའི་བསོད་ནམས་ནི་དེ་ལྟ་མ་ཡིན་ནོ། །ཞེས་ཇི་སྐད་གསུངས་པ་བཞིན་ནོ། །དེ་བས་ན་དེ་ལྟ་བུའི་ཕན་ཡོན་མཐོང་བའི་བྱང་ཆུབ་སེམས་དཔས་ཅི་ནས་ཀྱང་ཕྱིར་མི་ལྡོག་པར་བྱ་སྟེ། དེ་ཉིད་ལས། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་དེ་ལས་སེམས་ཅན་རེ་རེ་ནས་འཛམ་བུ་གླིང་ལ་དབང་བའི་རྒྱལ་པོར་གྱུར་ཏེ་དེ་དག་ཐམས་ཅད་ཀྱིས་ཚིག་འདི་སྐད་ཅེས་བདག་ཅག་གིས་གང་ཐེག་པ་ཆེན་པོ་ལེན་པ་དང་འཛིན་པ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེའི་ཤ་ལས་ཉི་མ་རེ་རེ་ཞིང་ཡང་སྲང་ལྔ་ལྔ་སེན་མོས་གཅད་པར་བྱ་སྟེ་དེ་ཚུལ་དེ་ལྟ་བུས་སྲོག་དང་དབྲལ་ལོ་ཞེས་སྨྲ་བ་ལ། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དེ་སྐད་སྨྲ་བས་མི་སྐྲག་མི་དངང་དངང་བར་མི་འགྱུར་ཏེ་ཐ་ན་སྐྲག་པའི་སེམས་གཅིག་ཀྱང་མི་སྐྱེད་ཞུམ་པ་མེད་གོང་བ་མེད་ཐེ་ཚོམ་མེད་ལ་ཕྱིར་ཞིང་ཆོས་ཡོངས་སུ་གཟུང་བ་ལ་


JLD001_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་ཏེ་ཀློག་པ་དང་ཁ་ཏོན་བྱེད་པ་ལ་བརྩོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་ནི། འཇམ་དཔལ་སེམས་དཔའ་བ་སྦྱིན་པ་ལ་དཔའ་བ་ཚུལ་ཁྲིམས་ལ་དཔའ་བ་བཟོད་པ་ལ་དཔའ་བ་བརྩོན་འགྲུས་ལ་དཔའ་བ་བསམ་གཏན་ལ་དཔའ་བ་ཤེས་རབ་ལ་དཔའ་བ་ཏིང་ངེ་འཛིན་ལ་དཔའ་བ་ཞེས་བྱའོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་གསོད་པའི་མི་དེ་དག་ལ་མི་ཁྲོ་ཞིང་ཐ་བ་དང་ཞེ་སྡང་གི་སེམས་མི་སྐྱེད་ན་འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་ཚངས་པ་དང་མཚུངས་པ་དབང་པོ་དང་མཚུངས་པ་མི་གཡོ་བ་ཡིན་ནོ། །ཞེས་ཇི་སྐད་དུ་གསུངས་པ་བཞིན་ནོ། །འདི་ལས་ཀྱང་ད་ལྟར་གྱི་དུས་ན་བསླབ་པ་ལ་གུས་པར་བྱེད་པ་འབྲས་བུ་རྣམ་པར་སྨིན་པ་ཆེ་བ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས། བསྐལ་བ་བྱེ་བ་གངྒཱའི་བྱེ་སྙེད་དུ། །སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་ལ། །གདུགས་དང་བ་དན་མར་མེའི་ཕྲེང་བ་དང༌། །ཟས་དང་སྐོམ་གྱིས་དད་སེམས་མཆོད་བྱས་པས། །གང་གིས་དམ་པའི་ཆོས་ནི་འཇིག་པའི་ཚེ། །བདེ་བར་གཤེགས་པའི་བསྟན་པ་འགག་པ་ན། །ཉིན་ཞག་ཏུ་ནི་བསླབ་པ་གཅིག་བཟུང་བ། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། ཞེས་གསུངས་ཏེ། དེ་བས་ན་བསླབ་པ་ལ་གུས་པར་བྱའོ། །ཞེས་གསུངས་པ་ལྟར་བརྗོད་པར་བྱའོ། །བསླབ་པའི་གཞི་ལྕི་ཡང་ནི། ལྕི་བ་རྩ་ལྟུང་དང་ཡང་བ་དེ་ལས་གཞན་པའི་ཉེས་པ་རྣམས་མ་བསྲུངས་པའི་ཉེས་དམིགས་བརྗོད་པ་སྟེ་བསླབ་བཏུས་སུ། གང་གི་ཕྱིར་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་མདོ་ལས། ཅུང་ཟད་ཅིག་བསམས་ནས་མི་


JLD001_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་ནི་ཡི་དྭགས་སུ་སྐྱེ་ལ་དམ་བཅས་ནས་མི་སྦྱིན་པ་ནི་སེམས་ཅན་དམྱལ་བར་འགྲོའོ་ཞེས་གསུངས་ན་འགྲོ་བ་མ་ལུས་པའི་བླ་ན་མེད་པའི་དོན་དམ་བཅས་ནས་སྒྲུབ་པར་མི་བྱེད་ན་ལྟ་ཅི་སྨོས། དེ་བས་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདེན་པ་ལྷུར་བྱེད་པར་འགྱུར་བར་བྱ་སྟེ། རིགས་ཀྱི་བུ་བདེན་པ་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པའོ། །རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་དེ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་སེམས་ཅན་རྣམས་ལའང་ལོག་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའོ། །གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སེམས་དེ་ཕྱིས་ཡོངས་སུ་གཏོང་ཞིང་སེམས་ཅན་རྣམས་ལའང་ལོག་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བརྫུན་དུ་སྨྲ་བ་ཐ་མ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་རྒྱལ་པོའམ་རྒྱལ་པོའི་བློན་པོ་ཆེན་པོས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ལ་ཟན་སྦྱིན་ནོ་ཞེས་མགྲོན་དུ་བོས་ནས་ཡལ་བར་དོར་ཏེ་བཟའ་བ་དང་བཏུང་བ་མ་སྦྱར་ན་དེས་སྐྱེ་བའི་ཚོགས་དེ་ཐམས་ཅད་བསླུས་པ་ཡིན་ཏེ། དེ་དག་ཀྱང་བཟའ་བ་དང་བཏུང་བ་མ་ཐོབ་པས་འཕྱ་ཞིང་སླར་འདོད་པ་དེ་བཞིན་དུ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་མ་བརྒལ་


JLD001_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་བསྒྲལ་བ་དང་མ་གྲོལ་བ་དགྲོལ་བ་དང་དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་དབུགས་ཕྱུང་ལ། མང་དུ་ཐོས་པ་དང་དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་མ་ཡིན་ཏེ་ལྷ་དང་བཅས་པ་འཇིག་རྟེན་ལ་སླུ་བ་ཡིན་ནོ། །དེ་ལྟ་བུ་དེ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན་འཕྱ་ཞིང་གཞོགས་འཕྱས་བྱེད་ལ་རྣམ་པར་སྨོད་དེ་གང་དག་མཆོད་སྦྱིན་བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གྱི་བདག་པོ་དེ་དག་ནི་དཀོན་ནོ། །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་ཚིག་གང་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སླུ་བར་འགྱུར་བའི་ཚིག་དེ་ལྟ་བུ་བྱང་ཆུབ་སེམས་དཔས་སྨྲ་བར་མི་བྱའོ། །ཞེས་གསུངས་པ་ལྟར་ཁས་བླངས་ནས་མི་སྲུང་ན་ངན་སོང་དུ་འགྲོ་བ་དང་བརྫུན་གྱི་ཐ་ཆད་ཡིན་པ་དང་རྒྱལ་བ་སྲས་བཅས་དང་འཇིག་རྟེན་ཐམས་ཅད་བསླུས་པ་དང་ལྷ་རྣམས་ཀྱིས་སྨོད་པ་སོགས་ཀྱི་ཉེས་དམིགས་སོ། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་མཐོང་བར་བྱས་ནས་སེམས་བསྐྱེད་པ་མི་གཏོང་བ་དང་སྡོམ་པ་ཁས་བླངས་པའི་ཡི་དམ་བརྟན་པར་བྱའོ། །འདི་ལ་དཔལ་མར་མེ་མཛད་ཀྱིས་ནི་ཕན་ཡོན་དང་ལྕི་ཡང་བརྗོད་པ་དོར་ནས་རིགས་ཀྱི་བུ་ཞེས་པ་ནས་ཡི་དམ་པ་བརྟན་པར་བྱའོ། །ཞེས་པའི་མཇུག་ཏུ་གཞན་དང་འགྲན་པ་མ་ཡིན་ནམ་གཞན་གྱིས་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ་


JLD001_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདྲི་བར་མཛད་དོ། །བླ་མ་སྔ་མ་རྣམས་ལ་ནི་འདོད་དམ་ཞེས་པ་སྔ་མ་བཞིའི་མཐར་ཡང་སྦྱར་ནས་འདྲི་ཞིང༌། ཁྱོད་སྡོམ་པ་ལེན་པ་འདི་གཞན་དང་འགྲན་པའི་ཕྱིར་མ་ཡིན་ནམ་གཞན་གྱིས་རང་དབང་མེད་པར་ལེན་དུ་བཅུག་པ་མ་ཡིན་ནམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ཐོས་སམ་ཤེས་སམ་དད་དམ་ཅུང་ཟད་སྲུང་ནུས་སམ་ཞེས་ཀྱང་འདྲི་བ་ལ་ཅུང་ཟད་ཐོས་ལགས་ཞེས་པ་ལ་སོགས་པས་ལན་འདེབས་པའི་ཕྱག་སྲོལ་ཡོད་དོ། །མ་བརྒལ་བ་ལ་སོགས་པ་ནི་ཤེས་སྒྲིབ་ལས་མ་བརྒལ་བའི་ཉན་ཐོས་དང་རང་རྒྱལ་རྣམས་དེ་ལས་བསྒྲལ་བ་དང༌། གཏི་མུག་ལ་སོགས་པའི་སྒྲིབ་གཉིས་ཀྱི་འཆིང་བ་ལས་མ་གྲོལ་བའི་ཚངས་པ་ལ་སོགས་པ་རྣམས་དེ་ལས་དགྲོལ་བ་དང༌། སྡུག་བསྔལ་ལས་དབུགས་མ་ཕྱིན་པའི་དམྱལ་བ་ལ་སོགས་པ་རྣམས་དབུགས་དབྱུང་བ་དང་སེམས་ཅན་མི་གནས་པའི་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདས་པ་ལ་འགོད་པའི་དོན་དུ་སློབ་དཔོན་བྷ་བ་བྷ་དྲས་བཤད་དོ། །ཚོགས་སྒྲུབ་པ་ནི་སོ་སོར་ཐར་པ་ནི་ཚོགས་རྣམས་འདུས་པ་ཙམ་ལ་གུས་པར་བྱས་པས་འཐོབ་པར་འགྱུར་གྱི་སྡོམ་པ་འདི་ནི་དེ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བྱ་བ་སྔོན་དུ་བཏང་བས་ཐོབ་པར་འགྱུར་བས་ན་དེ་ནས་སྡོམ་པ་འདོད་པ་དེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བཞུགས་སུ་གསོལ་ནས་འདས་པ་དང་


JLD001_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་ཟབ་པའི་ཡེ་ཤེས་དང་རྒྱ་ཆེ་བའི་མཐུ་ཆེན་པོ་ཐོབ་པ་ཕྱོགས་བཅུ་ན་བཞུགས་པ་ཡུལ་དུ་བྱས་ལ། སྡོམ་པ་འདི་ལྟ་བུ་དང་ལྡན་པ་རྣམས་ཀྱི་ཡོན་ཏན་ནི་འདི་ལྟ་བུ་ཡིན་ནོ་ཞེས་དེ་དག་གི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ཀྱང་ཡིད་ཀྱིས་མངོན་དུ་དྲན་པར་བྱས་ལ། སྡོམ་པ་དེ་མཆོག་ཏུ་དགེ་བའི་བསམ་པས་བསྐྱེད་པ་ཡིན་པའི་ཕྱིར་བསམ་པ་ཐག་པ་ནས་ད་ལྟར་གྱི་རྩོལ་བའི་ཅི་ནུས་པ་དང༌། སྔོན་གྱི་རྒྱུའི་སྟོབས་ཅི་ཡོད་པས་དང་བའི་སེམས་ཆེན་པོ་བསྐྱེད་པའམ་ཡང་ན་རྒྱུ་རྐྱེན་དེ་དག་གིས་ཆུང་ངུ་ཡང་བསྐྱེད་ནས་ལེགས་པར་མཆོད་པར་བྱའོ། །མདོར་ན་ས་ཕྱོགས་བྱི་དོར་ལེགས་པར་བྱ་ཞིང་ལེགས་པར་བརྒྱན་པར་བྱས་ནས་སྟོན་པའི་སྐུས་ཐོག་དྲངས་པའི་རྟེན་མང་དུ་བཤམ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་མངོན་སུམ་པ་ལྟ་བུར་དམིགས་ཏེ་དེ་དག་གི་ཡོན་ཏན་དྲན་པ་སྔོན་དུ་འགྲོ་བ་ཅན་གྱི་དད་པ་དྲག་པོ་བྱ། བླ་མ་སེང་གེའི་ཁྲི་ལ་བཞུགས་པར་གསོལ་བ་ལ་ཆོ་ག་ནས་གསུངས་པ་ལྟར་སངས་རྒྱ་ཀྱི་འདུ་ཤེས་བྱ། མེ་ཏོག་དང་བདུག་པ་དང་སྤོས་དང་མར་མེ་ལ་སོགས་པ་བཟང་ལ་མང་བ་མཛེས་པར་བཤམ། ཕྱག་དང་བསྟོད་པ་སྔོན་དུ་འགྲོ་བས་མཎྜལ་དང་མཆོད་པ་རྣམས་སོ་སོར་དཀོན་མཆོག་དང་བླ་མ་ལ་བླ་མས་སློབ་མའི་བློ་ལེགས་པར་ཁྲིད་ཅིང་དབུལ་དུ་གཞུག་གོ །སྡོམ་པ་མྱུར་དུ་བསྐུལ་བ་ནི། དེ་ནས་འདུད་པའི་ཚུལ་གྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་


JLD001_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་ཙོག་ཙོག་པོར་འདུག་སྟེ་ཁྱིམ་པ་ཞིག་ན་རིགས་ཀྱི་བུ་ཞེས་པའམ་བཙུན་པ་ཡིན་ཞིང་གཞོན་ན་ཚེ་དང་ལྡན་པའམ་རྒན་ན་བཙུན་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་པོ། །མྱུར་དུ་སྩལ་དུ་གསོལ་ཞེས་པ་དང་ལན་གསུམ་བྱ་བར་དཔལ་མར་མེ་མཛད་ཀྱིས་བཤད་དོ། །རིགས་ཀྱི་བུ་ལ་སོགས་པ་གསུམ་འབྱུང་བ་ནི་རབ་བྱུང་དང་རང་ལས་བསླབ་པ་རྒན་པ་ཁོ་ན་ལ་སྡོམ་པ་བླང་བའི་ངེས་པ་མེད་པར་སྟོན་པའི་ཕྱིར་རོ་ཞེས་ཡོན་ཏན་འོད་ཀྱིས་བཤད་དོ། །མཁས་པ་ཛྙཱ་ན་ཤྲཱིས། སྔགས་སོགས་ལས་དང་སྦྱིན་སོགས་ཀྱི། །ལམ་ཉིད་དག་ནི་དགེ་སློང་གིས། །དགེ་སློང་མཁས་ལ་བླང་བྱ་ཡི། །གཞན་ཉིད་ལས་ནི་མ་ཡིན་ནོ། །ཞེས་གསུངས་པ་ནི་དགེ་སློང་གིས་སྡོམ་པ་གོང་མ་གཉིས་བླང་བར་འོས་པའི་དགེ་སློང་ཡོད་ན་ཁྱིམ་པ་སོགས་ལ་མི་བླང་ཞེས་སྟོན་པ་ཡིན་གྱི་གཞན་ལ་བླངས་པས་མི་སྐྱེ་བ་ནི་མ་ཡིན་ནོ། །མཆོག་ཏུ་སྤྲོ་བ་སྒོམ་པ་ནི། དྲན་པ་རྩེ་གཅིག་ཏུ་བཞག་སྟེ་སེམས་དད་པ་ཁོ་ན་བསྐྱེད་ནས་ད་ནི་བདག་གིས་རིང་པོར་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་ཤིང་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ་སྙམ་དུ་དོན་དེ་ཉིད་རྗེས་སུ་བསམ་ཞིང་ཅང་མི་སྨྲ་བར་ཐལ་མོ་སྦྱར་ཏེ་འདུག་པར་བྱའོ། །བར་ཆད་འདྲི་བ་ནི། ནོད་པ་པོ་དེ་ལ་འབོགས་པ་པོ་མཁས་པ་འགྲེང་མ་སྟན་ལ་


JLD001_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་དེས་སེམས་མ་གཡེངས་པར་བྱས་ནས་འདི་སྐད་ཅེས། རིགས་ཀྱི་བུའམ་ཆོས་ཀྱི་སྤུན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ་བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་དྲི་ལ། དེས་ཀྱང་ལེགས་སོ་ཞེས་ཁས་བླང་ངོ༌། །དྲི་བ་གཉིས་ཀྱི་དོན་ནི་རིགས་ཀྱི་ནུས་པ་ལེགས་པར་སད་པ་དང་སྨོན་སེམས་བརྟན་པ་ལ་བྱའོ། །སློབ་དཔོན་མར་མེ་མཛད་ཀྱིས་བར་ཆད་དྲི་བའི་འོག་ཏུ་སྤྲོ་བ་སྒོམ་པ་མཛད་ཅིང་དེ་ནས་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་བསླབ་པའི་གཞི་རྣམས་དང་བྱང་ཆུབ་སེམས་དཔའི་རྣམས་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ་ཞེས་སློབ་མ་ལ་འདྲི་ཞིང་སློབ་མས་ཀྱང་ལེན་པར་འཚལ་ལོ་ཞེས་ལན་བཏབ་པའི་འོག་ཏུ་སྡོམ་པ་འབོགས་པར་བཞེད་དོ། །དངོས་གཞིའི་ཆོ་ག་ནི། ཆོ་གའི་བརྡ་དོན་རྣམས་ལེགས་པར་འཕྲོད་པར་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང་ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་འགྱུར་བ་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་སུ་འགྱུར་བ་གང་ཡིན་པ་དང༌། ད་ལྟ་ན་ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་ཡིན་པ་རྣམས་དང་ཚུལ་ཁྲིམས་གང་ཡིན་པ་དང་བསླབ་པའི་གཞི་གང་དག་དང་


JLD001_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང༌། །མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟ་ན་སློབ་པ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ང་ལས་ནོད་དམ། ཞེས་ལན་གསུམ་གྱི་བར་དུ་ལན་རེ་རེའི་མཐར་དྲི་ཞིང་དེས་ཀྱང་ལན་རེ་རེ་ཞིང་ནོད་ལགས་སོ་ཞེས་ལན་གསུམ་ཁས་བླང་བར་བྱའོ། །དེ་ལ་བསླབ་པའི་གཞི་ནི་གང་ལ་བསླབ་པའི་གནས་རྣམས་སོ། །ཚུལ་ཁྲིམས་ནི་དེ་ལ་སློབ་པའི་རང་བཞིན་ནོ། །དེ་ཡང་དུས་གསུམ་གྱི་བྱང་སེམས་ཀྱི་བསླབ་པ་ཐུན་མོང་བར་བསྟན་པ་དང་དེ་ལ་སློབ་པའི་ཚུལ་བརྗོད་པ་དང་དེ་དག་མདོར་བསྡུས་པའི་ཚུལ་ཁྲིམས་གསུམ་ཁས་བླང་བྱར་བཞག་ནས་ལེན་པའོ། །འཇུག་གི་ཆོ་ག་ལ་བཞི་ལས་མཁྱེན་པར་གསོལ་བ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་བ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བདག་བྱང་ཆུབ་སེམས་དཔའ་མིག་འདི་ཞེས་བགྱི་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་


JLD001_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་བདག་དབང་དུ་གྱུར་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ལ་མཁྱེན་པར་གསོལ་ལོ་ཞེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ཡང་སློབ་མ་དེ་འདུག་བཞིན་དུ་ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཀྱི་ཞབས་ལ་གཏུགས་པར་མོས་པ་བྱས་ནས་དངོས་སུ་ཕྱོགས་རེ་རེར་ཕྱག་གསུམ་གསུམ་དང་མེ་ཏོག་རེ་གཏོར་ནས་མཐར་འགྲེང་སྟེ་ཐལ་མོ་སྦྱར་ནས་ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པས་སྣ་དྲངས་ཏེ་མཁྱེན་གསོལ་མཛད་པའི་ཕྱག་ལེན་ཡོད་དོ། །སྟེང་དང་འོག་གི་ཕྱག་ནི་དེ་དག་ལ་དམིགས་ཏེ་ཤར་དང་ནུབ་ཏུ་བྱའོ། །ལྐོག་ཏུ་གྱུར་པ་ནི་བདག་ཅག་ལའོ། །མ་གྱུར་པ་ནི་སངས་རྒྱས་སྲས་བཅས་ལའོ། །ཕན་ཡོན་གྱིས་གཟེངས་བསྟོད་པ་ནི། འདི་ནི་ཆོས་ཉིད་ཡིན་ཏེ་སྡོམ་པ་བླང་བའི་ལས་རྫོགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་དག་ན་སངས་རྒྱས་དང་ས་ཆེན་པོར་ཆུད་པའི་བྱང་སེམས་བཞུགས་ཏེ་འཚོ་བ་རྣམས་ལ། བྱང་སེམས་ཀྱི་རྒྱལ་སྲས་ཀྱི་སྡོམ་པ་ཡང་དག་པར་


JLD001_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

མནོས་སོ་སྙམ་དུ་དགོངས་པར་འགྱུར་བ་དེ་ལྟ་བུའི་ལྟས་གདན་གཡོ་བ་སོགས་འབྱུང་ངོ༌། །དེའི་རྗེས་ལ་གང་དུ་གང་ལ་གང་འདྲ་བ་ཞིག་གིས་བླངས་སྙམ་དུ་དགོངས་པར་འགྱུར་ཏེ་དགོངས་པར་གྱུར་ན་ཡེ་ཤེས་ཀྱི་གཟིགས་པ་འཇུག་གོ །གཟིགས་པ་དེས་བྱང་སེམས་མིང་འདི་ཞེས་བྱ་བས་འཇིག་རྟེན་གྱི་ཁམས་ག་གེ་མོ་ཞིག་ཏུ་བྱང་སེམས་མིང་འདི་ཞེས་བྱ་བ་ལས་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལེགས་པར་མནོས་སོ་ཞེས་བྱ་བ་དེ་ལྟར་ཐུགས་སུ་ཆུད་པར་འགྱུར་ཏེ་རྒྱལ་བ་རྣམས་ཀྱིས་བུ་དང་འདྲ་བ་དང་རྒྱལ་སྲས་རྣམས་ཀྱིས་སྤུན་དང་འདྲ་བར་བར་ཆད་མེད་པར་དོན་གྲུབ་པར་གྱུར་ཅིག་ཅེས་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ། །དེ་ལྟར་མཛད་པའི་བྱང་སེམས་དེའི་དགེ་བ་རྣམས་རྒྱ་ཆེར་འཕེལ་ཞིང་མི་ཉམས་སོ། །བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་བླང་བ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་བླང་བ་ཐམས་ཅད་ལས་ཁྱད་པར་བཞིས་ཁྱད་པར་འཕགས་པ་ཡིན་ཏེ། བཞི་ནི་ཆེས་གོང་མར་གྱུར་པ་མེད་པས་བླ་ན་མེད་པ་དང་བསོད་ནམས་ཀྱི་འབྲས་བུ་དཔག་ཏུ་མེད་པ་བསྡུས་པས་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་དང༌། སེམས་ཅན་ཐམས་ཅད་ལ་ཕན་བདེའི་ལྷག་པའི་བསམ་པས་བསྐྱེད་པས་ན་སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པ་དང་སེམས་ཅན་ཐམས་ཅད་ལ་སྒོ་གསུམ་གྱི་ཉེས་སྤྱོད་འཇུག་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའོ། །སོ་ཐར་གྱི་


JLD001_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་བླངས་པས་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་དེའི་བསོད་ནམས་ཀྱི་བརྒྱའི་ཆ་དང་སྟོང་གི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །གཏང་རག་གི་མཆོད་པ་ནི། དཔོན་སློབ་གཉིས་ཀས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་སླར་ཡང་སྔར་བཞིན་མཆོད་པ་བྱས་ལ་ཞབས་ལ་གཏུགས་པར་མོས་ནས་ཕྱག་བྱས་ཏེ་ལྡང་བར་བྱའོ། །སྡོམ་པ་གྱ་ཚོམ་དུ་མི་བསྒྲག་པ་ནི། བྱང་སེམས་ཀྱི་སྡོམ་པ་ལེན་པའི་ཆོ་ག་འདི་དོན་གཟུང་ཞིང་ཚིག་ཀུན་ཆུབ་པར་བྱས་ཀྱང་བྱང་སེམས་ཀྱི་སྡེ་སྣོད་ལ་སྡང་ཞིང་སྤོང་ལ་མ་དད་ཅིང་མོས་པ་མེད་པའི་སེམས་ཅན་ལ་གྱ་ཚོམ་དུ་སྣོད་མ་བརྟགས་པར་ཚིག་མི་བསྒྲག་ཅིང་དོན་ཤེས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཐོས་ན་མ་མོས་ཤིང་མི་ཤེས་པའི་སྒྲིབ་པ་ཆེན་པོས་བསྒྲིབས་པས་ངན་ནོ་མ་རུང་ངོ་དོན་མེད་དོ་ཞེས་སྐུར་པ་འདེབས་པའི་ཕྱིར་ཏེ། དེ་ལ་སྐུར་པ་འདེབས་པ་དེ་ནི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཇི་ཙམ་དང་ལྡན་པར་འགྱུར་བ་ཙམ་དུ་དེ་ནི་སྐུར་པ་འདེབས་པའི་སྡིག་པའི་ཚིག་དང༌། དེ་ལ་ཡིད་ཀྱིས་ཞེན་པའི་སྡིག་པའི་ལྟ་བ་དང་འདུ་ཤེས་ཀྱིས་ཀུན་ཏུ་སྤྱོད་པའི་སྡིག་པའི་ཀུན་ཏུ་རྟོག་པ་དེ་དག་ཇི་སྲིད་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་ཀྱི་བར་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད་པ་དེ་ཙམ་ཁོ་ན་དང་ལྡན་པར་འགྱུར་རོ་ཞེས་བརྗོད་དོ། །དཔལ་མར་མེ་མཛད་ཀྱིས་


JLD001_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཆོག་བཞིར་བསྡུས་པ་ལྟར་གཞུང་ལ་ཡང་གསལ་ལོ། །སློབ་དཔོན་དེས་མཁྱེན་གསོལ་གྱི་འོག་ཏུ་གཏང་རག་གི་མཆོད་པ་མཛད་ལ་གཞུང་ནས་སྔར་ལྟར་འབྱུང་ཡང་གཏང་རག་གི་མཆོད་པ་མཇུག་ཏུ་བྱས་ན་ལག་ལེན་ལ་བདེའོ། །དེ་དག་གི་དོན་བསྡུས་ཏེ་སྡོམ་པ་ཉི་ཤུ་པར་གསུངས་པ་ནི། སངས་རྒྱས་སྲས་དང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་ཅི་ནུས་མཆོད། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང༌། །དེ་ནི་བསམ་པ་དམ་པ་ཡིས། །བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་པར་བྱ། །དེ་ཚེ་དེ་ལ་དགེ་བའི་ཕྱིར། །སངས་རྒྱས་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང༌། །བུ་སྡུག་འདྲ་བར་དགོངས་པར་འགྱུར། ཞེས་པ་དེ་ཚིག་རྐང་དང་པོ་གཉིས་ནི་སྦྱོར་བའི་ཆོ་གའི་མཚོན་བྱེད་དོ། །དེ་ནས་དྲུག་ནི་བླང་བྱ་དང་ལེན་པའི་བསམ་པ་དང་བླང་བའི་ཡུལ་སྟོན་པ་ཡིན་ལ། དེ་ནས་རྐང་བ་བཞི་ནི་ཕན་ཡོན་གྱིས་གཟེངས་བསྟོད་པ་སྟེ་མཇུག་ཆོག་གི་མཚོན་བྱེད་དོ། །བླ་མ་མེད་པའི་ཆོ་ག་ནི། གལ་ཏེ་སྔར་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་བླང་བར་བྱ་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ་ཙོག་ཙོག་པོར་འདུག་ནས་འདི་སྐད་བརྗོད་པར་


JLD001_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟ་སློབ་པ་རྣམས་བདག་གིས་ཡང་དག་པར་བླང་ངོ་། ཞེས་ལན་གསུམ་བརྗོད་ནས་ལྡང་བར་བྱའོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ་ཞེས་ཆོ་ག་གཞན་རྣམས་བླ་མ་ཡོད་པའི་ཆོ་ག་དང་འདྲ་བར་གསུངས་སོ། །འགྲེལ་པ་རྣམས་ནས་ཀྱང་ལྷག་མ་རྣམས་ཀྱི་འདོར་ལེན་གྱི་ཚུལ་མ་བྱུང་ཡང་དྲི་བ་བྱ་བའི་སྐོར་དང་མཁྱེན་གསོལ་དང་གྱ་ཚོམ་དུ་མི་བསྒྲག་པ་རྣམས་བཞག་པས་ཆོག་གམ་སྙམ་མོ། །བླ་མ་ཡོད་མེད་ནི་ལུས་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྲོ་ན་ཐག་ཉེ་ཡང་མེད་པ་ཡིན་ལ། དེ་དག་དང་ཡང་མི་ལྡན་ན་ཐག་རིང་པོ་ན་ཡོད་ཀྱང་བཙལ་དགོས་པར་མདོ་ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་བཤད་དོ། །འགྲེལ་པ་གསར་མ་ལས་སྔར་བླངས་པ་ཉམས་ནས་སླར་གསོ་བ་དང་མ་གུས་པས་སྡོམ་པ་ལེན་ན་བླ་མ་མེད་པའི་ཆོགས་མི་རུང་བས་བླ་མ་ཡོད་


JLD001_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོ་ག་ལ་བརྟེན་དགོས་པར་འཆད་པའི་ཕྱི་མ་བླ་མ་ཡོད་ཀྱང་དེ་ལ་མ་གུས་ནས་རང་གིས་ལེན་པ་ཡིན་ན་བདེན་ཡང༌། སླར་གསོ་བ་ལ་ནི་འགྲེལ་པ་རྙིང་མ་ལས་བླ་མ་ཡོད་ན་དེ་ལས་བླང་ཞིང་མེད་ན་བླ་མ་མེད་པའི་ཆོགས་བླང་དུ་རུང་བའི་ཤེས་བྱེད་དུ་བྱང་སའི་བླ་མ་མེད་པའི་ཆོ་ག་དྲངས་ནས་བསྒྲུབས་པ་ནི་འཕགས་པ་ཐོགས་མེད་ཀྱི་དགོངས་པ་ཡིན་ཏེ། སྡོམ་པ་སླར་གསོ་བའི་སྐབས་སུ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་ན་ཞེས་གསུངས་པའི་ཕྱིར་རོ། །ད་ལྟར་བསྟན་པ་ཤིན་ཏུ་ཉམ་དམས་ཤིང་ཁྱད་པར་དུ་ཐེག་པ་གོང་འོག་ཐམས་ཅད་ཀྱི་འཇུག་སྒོ་སྡོམ་པ་གོང་འོག་བླངས་ནས་རང་རང་གི་བསླབ་པ་ལ་གཅེས་སྤྲས་སུ་བྱས་ཏེ་སྲུང་བ་ཉིན་མོའི་སྐར་མ་བཞིན་དུ་སོང་བས་སོ་ཐར་དང་གསང་སྔགས་ཀྱི་སྡོམ་པ་དང་པོར་ཆོ་གས་ལེན་པ་ལ་བླ་མ་མེད་པར་བླང་ཐབས་མེད་ལ། ལེན་པའི་ཡུལ་ཡང་གཞུང་རྣམས་ནས་བཤད་པ་ལྟར་མཚན་ཉིད་ཚང་བ་ལྟ་ཅི་སྨོས་ཏེ་ཡོན་ཏན་དང་སྐྱོན་གཉིས་ལས་ཡོན་ཏན་ཤས་ཆེ་བ་ཡང་ཤིན་ཏུ་དཀོན་པར་སྣང་ན་ཡང་བྱང་སེམས་ཀྱི་སྡོམ་པ་འདི་ནི་དང་པོར་ལེན་པའི་ཚེ་ཡང་ཡུལ་མཚན་ཉིད་དང་ལྡན་པ་མ་རྙེད་ཀྱང་རྟེན་གྱི་སྤྱན་སྔར་ཆོ་ག་རྣམ་པར་དག་པས་བླངས་ན་མཚན་ཉིད་ཡོངས་སུ་རྫོགས་པར་སྐྱེ་བས་ན་དང་པོར་འཐོབ་པའི་ཚུལ་སྡོམ་པ་གཞན་གཉིས་དང་མི་འདྲ་བས་བློ་དང་ལྡན་པ་རྣམས་ཀྱིས་འདི་ལེགས་པར་བླངས་ནས་སྲུང་བ་ལ་སྤྲོ་ཤུགས་ཆེན་པོ་དང་བཅས་ཏེ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱ་དགོས་སོ། །དེ་ཡང་རྒྱལ་སྲས་ཞི་བ་ལྷས། །དང་དུ་བདག་ཚེ་


JLD001_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡོད། །མི་ཡི་སྲིད་པའང་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་སྡོམ་པ་འདི་ཐོབ་ན་ཆེ་དོན་ཡོད་པ་དང་མིའི་ལུས་ཐོབ་པའི་སྙིང་པོ་བླགས་ཤིང་སངས་རྒྱས་ཀྱི་སྲས་ཀྱི་གསེབ་ཏུ་ཡང་ང་ཆུད་དོཞེས་གསུངས་པ་ལྟར་བསམས་ལ། ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། ཞེས་གསུངས་པ་ལྟར་ད་ནི་ཅི་ལ་ཐུག་ཀྱང་ལྟུང་བའི་རྙོག་པས་མ་གོས་པར་བྱའོ་སྙམ་པའི་བསམ་པ་བསྐྱེད་དོ། །ལེན་པའི་ཚུལ་བཤད་ཟིན་ཏོ། །བསྲུང་བའི་ཚུལ་བཤད་པ་ལ་གཉིས་སྲུང་ཚུལ་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །སྤྱིར་བསྟན་པ་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་གནས་པའི་བྱང་སེམས་དེས་འདི་ལྟར་བདག་ཉིད་ཀྱིས་ཀྱང་བརྟག་ཅིང་བརྟག་ཅིང་འདི་ནི་བྱང་སེམས་ཀྱིས་བྱར་རུང་བའི་ཆ་ཡིན་ནོ་འདི་ནི་བྱ་བའི་ཆ་མ་ཡིན་ནོ་སྙམ་དུ་འཇུག་ལྡོག་གི་གནས་རྣམས་ཤེས་པར་བྱས་ལ། དེ་ཕྱིན་ཆད་ནི་དེ་ཇི་ལྟར་གཏན་ལ་ཕབ་པ་དེ་ཁོ་ན་བཞིན་དུ་ལས་སུ་བསྒྲུབ་པར་བྱ་ཞིང་བསྲུང་བར་བྱའོ། །བྱང་སེམས་ཀྱི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་བསྡུས་པ་འདི་ལས་ཀྱང་མཉན་ཏེ་མདོ་སྡེ་དེ་དང་དེ་དག་ཏུ་བྱང་སེམས་ཀྱི་བསླབ་པའི་གཞི་སྟོང་ཕྲག་དུ་མ་གསུངས་པ་དག་བསྒྲུབ་པའི་ཕྱིར་དེ་ཁོ་ན་བཞིན་དུ་བསླབ་པར་བྱའོ། །བསླབ་བཏུས་སུ་ཡང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། རྒྱས་པར་ཐེག་པ་ཆེ་ལས་འབྱུང་། ཞེས་དང༌། དགེ་བའི་བཤེས་གཉེན་མི་


JLD001_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་ཞིང༌། །མདོ་སྡེ་རྣམས་ལ་རྟག་བལྟ་བས། ཞེས་ཐབས་དེ་དག་གི་སྒོ་ནས་བསྲུང་བར་གསུངས་ཏེ་བྱང་སེམས་ཀྱི་བསླབ་པའི་གནས་ལ་གོམས་པ་གཙོ་བོར་བྱེད་པའི་བཤེས་གཉེན་མི་གཏོང་བ་ནི་སྲུང་ཐབས་ཀྱི་མཆོག་ཡིན་ལ། གཞན་ཡང་སྤྱིར་ན་མདོ་སྡེ་རིན་པོ་ཆེ་རྣམས་དང་ཁྱད་པར་དུ་བྱང་ས་དང་བསླབ་བཏུས་རྣམས་མཉན་དགོས་ལ། དེ་ཙམ་མ་ནུས་ནའང་ཚུལ་ཁྲིམས་ཀྱི་ལེའུ་ཙམ་རེ་ངེས་པར་མ་ཉན་ན་བྱང་སེམས་ཀྱི་བསླབ་བྱ་ལ་ཆེས་ཤིན་ཏུ་རྨོངས་པར་འགྱུར་བས་དེའི་ཐེག་པ་ཆེན་པོ་ནི་མིང་ཙམ་སྟེ་བྱིས་པ་རྣམས་འདྲིད་པར་ནུས་ཀྱི་ཐེག་པ་ཆེན་པོའི་གཞུང་ཆེན་པོ་རྣམས་ལ་ཉམས་ལེན་གྱི་ངེས་པ་རྙེད་པའི་མཁས་པ་སུ་ཞིག་དགའ་བར་འགྱུར། དེ་དག་ཉན་ནས་ཀྱང་འབད་པས་བསླབ་བྱ་ལ་སློབ་དགོས་ཀྱི་དབུལ་པོས་ཕྱུག་པོའི་ནོར་བགྲང་བ་ལྟར་མི་བྱ་སྟེ་ཚོམས་ལས།གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི། །བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲང་ལྟར། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་དུ་སྨྲ་བྱེད་ཀྱང༌། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན། ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཏུ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་བ་དག་ལ་


JLD001_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་འགྱུར་རམ། ཞེས་གསུངས་པའི་ཕྱིར་རོ། །འོ་ན་ལས་དང་པོ་པས་མདོ་སྡེ་ལས་འབྱུང་བའི་བསླབ་པའི་གནས་ཇི་ཙམ་ཞིག་ལ་བསླབ་པར་བྱ་ཞེ་ན། ལས་དང་པོ་བ་ལ་རྒྱལ་བས་དངོས་སུ་བཀག་པ་དང༌། མ་བཀག་ཀྱང་ལས་དང་པོ་པའི་སྐབས་སུ་དངོས་སུ་ཉམས་སུ་བླང་མི་རུང་བ་གཉིས་མ་གཏོགས་པས་བྱང་སེམས་ཀྱི་བསླབ་པ་ཐམས་ཅད་ལ་མ་བསླབ་ན་ཉེས་པར་འགྱུར་ཏེ། བསླབ་བཏུས་ལས། གང་དུ་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་སྤྱིར་བསྟན་པ་དེ་ཡང་གོམས་པར་བྱར་མི་རུང་བའམ་དགག་པའི་དབང་གིས་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བསླབ་པར་མི་བྱ་བར་འགྱུར་ཏེ། དེ་གཉིས་མེད་ན་ནི་ཐམས་ཅད་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དམིགས་བསལ་གཉིས་མ་གཏོགས་པ་ལ་སློབ་པ་ན་མ་ནུས་པ་ལ་ལྟུང་མེད་དུ་འགྲོ་བ་ཡང༌། དེ་ཉིད་ལས། དེ་ལ་ཡང་བསླབ་པ་གཅིག་སྒྲུབ་པ་ན་བསླབ་པ་གཞན་སྲུང་མ་ནུས་ཀྱང་ལྟུང་བར་མི་འགྱུར་ཏེ་དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། སྦྱིན་པའི་དུས་ན་ཚུལ་ཁྲིམས་ལ་རྟུལ་བ་བཏང་སྙོམས་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །འདི་ལ་ལྷོད་པར་ཡང་མི་བྱ་སྟེ་ལྷག་མ་གཞན་ལ་མི་སྒྲུབ་པ་ཡང་མ་ཡིན་གྱི་ཅི་ནུས་ཅི་འོས་སུ་དེ་བཞིན་ཉིད་དུ་སྒྲུབ་པོ་ཞེས་ས་བཅུའི་མདོ་ལས་གསུངས་པའི་ཕྱིར་རོ། །ཞེས་པའོ། །བསླབ་པ་དེ་དག་ལ་སློབ་པ་ན་ལྟུང་བར་འགྱུར་མི་འགྱུར་གྱི་ཚུལ་ནི་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་བསྐྱེད་པ་དང་སྡུག་བསྔལ་


JLD001_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་མི་བདེ་བ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་དུ་གཡོ་མེད་པར་སྙིང་ཐག་པ་ནས་སྒོ་གསུམ་བརྩོན་པས་ནན་ཏན་མི་བྱེད་པར་ཡལ་བར་བོར་ན་ལྟུང་བ་དང་བཅས་པ་སྟེ། དེ་ཡང་དུས་སྐད་ཅིག་མ་གཅིག་ཙམ་ཡལ་བར་བོར་ཡང་འདྲའོ། །བརྩོན་པས་ནན་ཏན་བྱེད་ཀྱང་དེའི་མཐུན་རྐྱེན་ཚོགས་པ་མི་ཚོལ་བ་དང་བརྩོན་པ་དེའི་འགལ་རྐྱེན་གྱི་གཉེན་པོ་ལ་མི་འབད་པར་སྔར་བཞིན་ཡལ་བར་བོར་ན་ཡང་ལྟུང་བ་དང་བཅས་པའོ། །སྡུག་བསྔལ་དང་ཡིད་མི་བདེ་ཆུང་ངུས་དེ་གཉིས་ཆེན་པོའི་གཉེན་པོ་མི་བསྐྱེད་པ་དང་དོན་ཆེན་པོ་སྒྲུབ་པའི་ཕྱིར་དོན་ཆུང་ངུ་ཉམས་པར་མི་བྱེད་པར་སྐད་ཅིག་ཙམ་ཞིག་ཡལ་བར་བོར་ཡང་ལྟུང་བ་དང་བཅས་པའོ། །རང་གིས་མི་ནུས་པའི་བསླབ་པ་རྣམས་མ་བསྒྲུབས་པ་ལ་ལྟུང་བ་མེད་དེ། དེ་ལ་ནི་བསླབ་པ་བཅས་པ་མེད་པའི་ཕྱིར་ཏེ་དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལ་བརྩོན་པར་བྱེད་ན་ལྟུང་བར་འགྱུར་ལ་ལྟུང་བ་དེ་ཡང་སྤྱིར་སྡིག་པ་བཤགས་པའི་ནང་དུ་འདུས་པས་སྒོས་བཤགས་མི་དགོས་པར་དེ་ལས་གྲོལ་བར་འགྱུར་རོ། །ནུས་པའི་བསླབ་པ་རྣམས་ལ་བརྩོན་པར་མ་བྱས་ན་ཉེས་པར་འགྱུར་རོ། །འདི་ལ་རང་བཞིན་གྱི་ཁ་ན་མ་ཐོ་བར་གསུངས་པ་ནི་ཤེས་བཞིན་དུ་ཞུགས་པའི་ཆ་ནས་ཡིན་པ་འདྲའོ། །ལྟུང་བར་འགྱུར་ཚུལ་གཉིས་པ་ནི། ཡང་མདོར་ན་བྱང་སེམས་ཀྱི་ལྟུང་བ་གཉིས་ཏེ་མ་བརྟགས་པར་ཞུགས་པའི་ལྟུང་བ་དང་བརྟགས་ཀྱང་འོས་པ་ལས་འདས་པའི་ལྟུང་བའོ། །དང་པོ་ནི། ཅི་ནུས་པར་བྱ་


JLD001_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བར་རིགས་པ་དང་མི་རིགས་པ་མ་བརྟགས་པར་བྱ་བ་དེ་རྩོམ་པའམ་དེ་ལས་ལྡོག་པའམ་བཏང་སྙོམས་སུ་འཇུག་ན་ལྟུང་བའོ། །གཉིས་པ་ནི། བྱ་བར་རིགས་མི་རིགས་བརྟགས་ཏེ་འཇུག་པ་དང་ལྡོག་པ་དང་བཏང་སྙོམས་སུ་བཞག་པར་འོས་པ་ལས་འདས་ཏེ། དེ་དག་ལས་ལོག་པར་སྤྱད་ན་ཐ་ན་གདོལ་པའི་བྲན་གྱིས་འཕྱས་པ་ལས་འདས་ན་ཡང་ལྟུང་བ་དང་བཅས་པའོ་ཞེས་བསླབ་བཏུས་སུ་བསླབ་པའི་སྤྱིའི་ཁོག་ཏུ་གསུངས་སོ། །བྱ་བའི་ཆ་དང་བྱ་བའི་ཆ་མ་ཡིན་པ་མདོར་བསྡུས་པ་སྡོམ་པ་ཉི་ཤུ་པ་ལས་འབྱུང་བ་ནི། གཞན་རྣམས་དང་ནི་བདག་ལའང་རུང༌། །སྡུག་བསྔལ་ཡིན་ཡང་གང་ཕན་དང༌། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་པའོ། །དེ་ལ་ཕན་པ་ནི་ཉོན་མོངས་པ་ཅན་མ་ཡིན་ཞིང་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བའོ། །བདེ་བ་ནི་བདེ་བར་ཚོར་བའོ། །འཕྲལ་དུ་བདེ་ལ་ཕུགས་སུ་ཕན་བ་ནི་རང་བཞན་ལ་བསྒྲུབ་པར་ངེས་ལ་འཕྲལ་དུ་སྡུག་བསྔལ་ལ་ཕུགས་སུ་གནོད་པ་ཡང་རང་གཞན་ལ་མི་བྱ་བར་ངེས་སོ། །འཕྲལ་སྡུག་བསྔལ་ཡང་ཕྱི་མར་ཕན་པ་ཡིན་ན་བྱ་དགོས་ཏེ། དཔེར་ན། དམ་པས་སྨད་པའི་ཉེས་སྤྱོད་ལ་འཇུག་པ་བཀག་ན་འཕྲལ་དུ་སྡུག་བསྔལ་བ་ལྟ་བུ་སྟེ། དེ་ནི་སྨན་ཚ་བ་རོ་ཤིན་ཏུ་མི་ཞིམ་པ་འཕྲལ་དུ་གནོད་པར་སྣང་ཡང་ནད་ལ་ཕན་པས་བསྟེན་པ་བཞིན་ནོ། །ལོག་གཡེམ་ལྟ་བུ་འཕྲལ་དུ་བདེ་བར་སྣང་ཡང་ཕྱི་མར་སྡུག་བསྔལ་མང་པོ་འཕེལ་བ་


JLD001_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུག་བཅས་ཀྱི་འབྲས་ཆན་ཞིམ་པོ་བཞིན་དུ་དགག་དགོས་སོ། །འདི་རྒྱས་པར་བྱང་སའི་བདག་གཞན་གྱི་དོན་ཕན་བདེའི་རྒྱུའི་སྐབས་སུ་བལྟ་བར་བྱའོ། །བྱེ་བྲག་ཏུ་བཤད་པ་ལ་དྲུག །སྤང་བྱའི་ལྟུང་བ། དེ་ལས་སེམས་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་ཐབས། ཆགས་པ་ཉེས་པ་ཆུང་བར་གསུངས་པའི་དགོངས་པ། ཉེས་པ་ཆེ་ཆུང་གི་དབྱེ་བ། བདེ་བ་ལ་རེག་པར་གནས་པའི་རྒྱུའོ། །དང་པོ་ནི། འདིར་ལྟུང་བ་བསྐྱེད་པའི་རྟེན་ཅི་འདྲ་བ་ཞིག་ལ་ལྟུང་བ་སྡེ་ཚན་དུ་སྐྱེད་པ་ཡིན་ཞེ་ན། རྟེན་ནི་ཐམས་ཅད་ལ་ཡང་སེམས་འཁྲུགས་པ་དང་སྡུག་བསྔལ་གྱི་ཚོར་བས་ཉེན་པ་དང་སྡོམ་པ་མ་མནོས་པ་ལ་ནི་ཤིན་ཏུ་ཉེས་པ་མེད་པར་རིག་པར་བྱའོ། །ཞེས་གཞུང་ལས་གསུངས་པས་སྡོམ་པ་ཐོབ་ལ་མ་བཏང་བ་དང་བསམ་པ་རྣལ་དུ་གནས་པ་སྟེ་ཆོས་གཉིས་དང་ལྡན་པ་ཞིག་དགོས་སོ། །ལྟུང་བའི་སྡེ་ཚན་ནམ་རིས་ནི། གཉིས་ཁོ་ནར་ངེས་པ་སྟེ་སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྙིང་མ་ལས། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཉེས་པའི་རིས་གཉིས་སུ་ཟད་པར་འབྱུང་སྟེ་ཕམ་པའི་གནས་ལྟ་བུའི་ཆོས་སུ་གཏོགས་པ་དང་ཉེས་བྱས་ཀྱི་ཆོས་སུ་གཏོགས་པའོ། །དགེ་སློང་གི་སྡོམ་པ་ལས་ཉེས་པའི་རིས་ལྔ་འབྱུང་བ་ལྟ་བུ་ནི་མ་ཡིན་ནོ། །ཞེས་དང༌། འགྲེལ་པ་གསར་མ་དང་ཐུབ་པ་དགོངས་རྒྱན་ལས་ཀྱང་ལྟུང་བའི་ལུས་སམ་སྡེ་གཉིས་ཁོ་ནར་གསུངས་ཤིང་གཞུང་གི་དོན་ཡང་དེ་ཁོ་ན་ལྟར་གནས་པའི་ཕྱིར་རོ། །དེའི་ཕྱིར་


JLD001_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཁ་ཅིག་དང་ནག་པོ་པའི་དཀའ་འགྲེལ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཕམ་པའི་གནས་དང་སྦོམ་པོའི་ལྟུང་བ་དང་ཉེས་བྱས་ཀྱི་ལྟུང་བ་རྣམས་བསྲུང་དགོས་པས་ཞེས་རིས་གསུམ་དུ་འཆད་པ་མི་འཐད་དེ། འཐད་ན་ཟག་པ་ཆུང་འབྲིང་གི་ལྟུང་བ་རྣམས་སྦོམ་པོར་བྱ་དགོས་ན་དེ་དག་ཕམ་པའི་གནས་ལྟ་བུའི་ཆོས་དང་ཉེས་བྱས་སུ་གཞུང་འདིར་གསུངས་པའི་ཕྱིར་རོ། །དེ་ན་ཟག་པ་ཆུང་འབྲིང་གི་ལྟུང་བའི་ངོ་བོ་ཉེས་བྱས་ཡིན་ལ་རིས་སམ་སྡེ་ཚན་ནི་ཕམ་པའི་སྡེ་ཚན་ཡིན་ཏེ། དཔེར་ན་ཕམ་པའི་སྐབས་ཀྱི་སྦོམ་པོ་དང་ཉེས་བྱས་རྣམས་ཕམ་པའི་སྡེ་ཚན་དུ་འཇོག་པ་བཞིན་ནོ། །དེ་ལྟར་ན་སྤང་བྱའི་ལྟུང་བ་ལ་གཉིས། ཕམ་པའི་སྡེ་ཚན་དང༌། ཉེས་བྱས་ཀྱི་སྡེ་ཚན་ནོ། །དང་པོ་ལ་ལྔ། ཕམ་པ་སོ་སོའི་རང་བཞིན། དེ་དག་གི་བྱེད་པ། ཀུན་དཀྲིས་གསུམ་གྱི་དབྱེ་བ། གསོར་རུང་བའི་ཁྱད་པར། ཞར་ལ་གཏོང་བའི་རྒྱུ་བསྟན་པའོ། །དང་པོ་ལ་གཉིས། གཞུང་འདི་ནས་བཤད་པ་དང༌། གཞུང་གཞན་ནས་བཤད་པའོ། །དང་པོ་ནི། དེ་ལྟར་བྱང་སེམས་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་ཡོད་དེ་བཞི་གང་ཞེ་ན། འདི་ལ་ཕམ་པར་འགྱུར་པའི་ཡན་ལག་ཐུན་མོང་པ་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་པ་ནི། ཀུན་དཀྲིས་ཀྱི་དབྱེ་བའི་སྐབས་སུ་འཆད་པར་འགྱུར་རོ། །ཡན་ལག་ཐུན་མོང་མ་ཡིན་པ་ལ་བཞི་ལས། དང་པོ་ནི། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཏེ་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་


JLD001_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་པོའོ། །འདི་ལ་གསུམ་སྨྲ་སའི་ཡུལ། བརྗོད་བྱ་གང་སྨྲས་པ། སྨྲ་བའི་ཀུན་སློང་ངོ༌། །དང་པོ་ཡུལ་ནི། འདི་དག་ལ་བརྟེན་པའི་ཕམ་འདྲ་ཡིན་པས་རང་ལས་རྒྱུད་ཐ་དད་པ་སྨྲ་ཤེས་ཤིང་དོན་གོ་བ་རང་དང་རིགས་མཐུན་པའི་འགྲོ་བ་ཅིག་དགོས་ཏེ་གསལ་བར་མ་བྱུང་ཡང་དོན་གྱིས་འཐོབ་བོ། །བརྗོད་བྱ་ནི། རང་གི་ཡོན་ཏན་དང་གཞན་གྱི་སྐྱོན་ཡིན་ཏེ་དེ་ཡང་བདག་ལ་བསྟོད་པ་དང་གཞན་ཡོན་ཏན་ཅན་འགྲོ་བ་རྣམས་ཀྱིས་བཀུར་བའི་གནས་ལ་སྨོད་པའོ། །ཀུན་སློང་ལ་བཞི། ཆགས་ཡུལ་རྙེད་བཀུར་གྱི་ཚད། ཡུལ་ཅན་ཆགས་པའི་ཚད། རྙེད་བཀུར་འཐོབ་པའི་ཡུལ་གྱི་ཁྱད་པར། ཀུན་སློང་ལ་རྙེད་བཀུར་གཉིས་ཀ་ལ་ཆགས་པ་དགོས་མི་དགོས་བརྟག་པའོ། །རྙེད་བཀུར་གྱི་ཚད་ལ་རྙེད་པ་ནི། གོས་དང་ཟས་དང་གནས་ཁང་དང་བཞོན་པ་ལ་སོགས་པའི་རྙེད་པ་གང་ཡང་རུང་བའོ། །བཀུར་སྟི་ནི་ཁྲི་དང་སྟན་ལ་སོགས་པས་བཀུར་བར་བྱེད་པའོ། །ཡུལ་ཅན་ཆགས་པ་ནི། དཀོན་མཆོག་མཆོད་པ་དང་དམན་པ་ལ་སྙིང་བརྩེ་བས་ཕོངས་པ་བསལ་བ་ལ་སོགས་པའི་ཕྱིར་རྙེད་བཀུར་དོན་དུ་གཉེར་བ་ཙམ་མིན་གྱི་རྙེད་བཀུར་ལ་རང་གི་ངོ་བོའི་སྒོ་ནས་སྲེད་པ་སྟེ་ལྷག་པར་ཞེན་པའོ། །ཡུལ་གྱི་ཁྱད་པར་ནི། རྙེད་པ་ལ་རང་དང་ནོར་མི་གཅིག་པ་དགོས་ཏེ། དེ་ལྟ་མ་ཡིན་ན་བདག་བསྟོད་གཞན་སྨོད་དོན་མེད་པས་སོ། །བཀུར་སྟི་ནི་རང་གི་འཁོར་ལ་ཡང་དོན་དུ་གཉེར་བས་ནོར་སོ་སོ་བ་མི་དགོས་སོ། །ཀུན་སློང་ལ་གཉིས་ཀ་དགོས་མི་དགོས་ནི་


JLD001_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་སྨད་གཉིས་ཀ་ལ་རྙེད་བཀུར་གང་རུང་ལ་ཆགས་པ་ཞིག་ངེས་པར་དགོས་ཀྱི་གཉིས་ཀ་ཚོགས་པ་མི་དགོས་སོ། །དེ་ལྟ་བུའི་ཀུན་སློང་གིས་བསྟོད་སྨད་གང་རུང་སྨྲས་པ་ཕ་རོལ་པོས་དོན་གོ་བ་ནི་ཕམ་འདྲ་དང་པོའོ། །སྡོམ་པ་ཉི་ཤུ་པའི་འགྲེལ་པ་གསར་མ་ལས་གཞན་ནི་ཡོན་ཏན་དང་ལྡན་པ་འགྲོ་བ་རྣམས་ཀྱིས་བཀུར་བའི་གནས་ལ་བཤད་ཅིང༌། ས་མུ་དྲས་བྱས་ཟེར་བ་ལས་ཀྱང་གཞན་ཡོན་ཏན་ཅན་ལ་བཤད་པ་སྔ་མ་དང་མཐུན་ནོ། །ནམ་མཁའི་སྙིང་པོའི་མདོ་ལས་བཤད་པ་དང་འདི་གཉིས་ཀྱི་ཚུལ་ནི་འོག་ཏུ་འཆད་དོ། །རྙེད་བཀུར་དང་དེ་ལ་ཆགས་པ་ནི་འགྲེལ་པ་གསར་མ་ལས། རྙེད་པར་བྱེད་པས་ན་རྙེད་པ་སྟེ་གོས་དང་ཟས་ལ་སོགས་པའོ། །བཀུར་སྟི་ནི་ལེགས་པར་རིམ་གྲོ་བྱེད་པ་སྟེ་དེ་དག་ལ་ལྷག་པར་ཆགས་པ་ནི་དེ་ལ་ལྷག་པར་ཞེན་པའོ་ཞེས་དང༌། ས་མུ་དྲས་བྱས་ཟེར་བ་ལས་ཀྱང༌། རྙེད་པ་ཞེས་བྱ་བ་བཟའ་བ་དང་བགོ་བ་དང་ནོར་ལ་སོགས་པའི་རྣམ་པའོ། །བཀུར་སྟི་ནི་རི་མོར་བྱས་ཏེ་ཕུ་དུད་དང་རིམ་གྲོ་བྱ་བ་དང་ཁྲི་སྟན་ལ་སོགས་པའོ་ཞེས་བཤད་དོ། །གཉིས་པ་ནི། ལོངས་སྤྱོད་དག་ཡོད་དེ་བདོག་བཞིན་དུ་ཆགས་པའི་རང་བཞིན་ཅན་གྱིས་སྡུག་བསྔལ་བ་དང་བཀྲེན་པ་དང་མགོན་མེད་པ་དང༌། རྟེན་མེད་པའི་སློང་བ་པོ་ལེགས་པར་འོངས་པ་རྣམས་ལ་སྙིང་སྲ་བས་ཟང་ཟིང་མི་གཏོང་བ་དང་ཆོས་ལ་སེར་སྣ་བྱེད་པའི་ཕྱིར་དོན་དུ་གཉེར་བ་ལེགས་པར་འོངས་པ་རྣམས་ལ་ཆོས་ཀྱི་བགོ་བཤའ་མི་བྱེད་པ་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་ཆོས་གཉིས་པའོ། །འདི་ལ་བཞི། སློང་བ་པོ།


JLD001_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བསླང་བྱའི་རྫས། བསླང་སའི་ཡུལ། བསམ་པ་ཇི་ལྟ་བུས་མ་བྱིན་པའོ། །དེ་ལ་སློང་པ་པོ་ནི། ནོར་ལ་སོགས་པ་དང་མི་ལྡན་པའི་སྡུག་བསྔལ་བ་དང་ཟས་དང་མི་ལྡན་པའི་བཀྲེན་པ་དང༌། ཇོ་བོ་ལྟ་བུ་གསོ་བར་བྱེད་པའི་མགོན་མེད་པ་དང་གཉེན་བཤེས་སམ་ཕན་འདོགས་ནུས་པའི་རྟེན་མེད་པ་ཞེས་འགྲེལ་པ་ཁ་ཅིག་ཏུ་བཤད་དོ། །མདོར་ན་ལོངས་སྤྱོད་དེ་གཉིས་ཀྱིས་ཕོངས་ཤིང༌། དེ་སེལ་བ་ཡང་བྱང་སེམས་ལས་གཞན་ད་ལྟ་མེད་པའོ། །དེ་ཡང་བསམ་པ་ཐག་པ་ནས་སློང་ཞིང་དོན་དུ་གཉེར་བའི་ཕྱིར་རང་གི་དྲུང་དུ་ལེགས་པར་འོངས་པའོ། །ས་མུ་དྲས་བྱས་ཟེར་བ་ལས། སློང་བ་མངོན་དུ་གནས་ན་ཞེས་འཆད་དོ། །བསླང་བྱའི་རྫས་ནི་མཚོན་ལ་སོགས་པ་མི་འཕྲོད་པ་དང་དུག་ལ་སོགས་པ་མི་རུང་བ་མིན་པ་སྟེ། དེ་ཡང་གནོད་པ་དང་འབྲེལ་བའི་ཚེ་ནའོ། །བསླང་སའི་ཡུལ་ནི། འགྲེལ་པ་གསར་མར་སྦྱིན་པར་བྱ་བའི་དངོས་པོ་ཡོད་པ་དང་ཆོས་རྣམ་པར་ངེས་པ་ཡིན་ཡང༌། ཞེས་གསུངས་པ་ལྟར་རང་ལ་ཡོད་པའོ། །བསམ་པ་ནི་སེར་སྣའི་འཇུངས་པས་ཟིལ་གྱིས་ནོན་ནས་མི་སྟེར་བར་ཐག་བཅད་པའོ། །གཞུང་ལས་ཟང་ཟིང་མི་སྟེར་པ་ལ་སྙིང་སྲ་བ་དང༌། ཆོས་མི་སྟེར་བ་ལ་སེར་སྣ་སྦྱར་ཡང་འགྲེལ་པ་གསར་མ་དང༌། ས་མུ་དྲས་བྱས་ཟེར་བ་གཉིས་ཀ་ལས་ཆོས་དང་ཟང་ཟིང་གཉིས་ཀ་སེར་སྣས་མི་སྟེར་བ་ལ་བཤད་ཅིང༌། སྡོམ་པ་ཉི་ཤུ་པ་ལས་ཀྱང༌། དེ་ལྟར་དགོངས་པ་བླངས་པ་ལེགས་སོ། །བོད་ཁ་ཅིག་རང་གིས་


JLD001_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྟེར་བར་ཐག་བཅད་པས་མི་ཆོག་གི་སློང་བ་པོ་རེ་བ་ཆད་པ་དགོས་ཟེར་བ་ནི་རྒྱ་གཞུང་གང་ནས་ཀྱང་མི་འབྱུང་ཞིང་དོན་གྱིས་ཐོབ་པ་ཡང་མིན་ནོ། །གསུམ་པ་ནི། གང་གིས་བྱང་ཆུབ་སེམས་དཔའ་ཚིག་རྩུབ་མོ་སྨྲས་པ་ཙམ་གྱིས་གཏོང་བར་མི་བྱེད་དེ་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ལྟ་བུ་འཕེལ་བར་བྱེད་ལ་ཁྲོ་བས་ཟིལ་གྱིས་ནོན་ནས་ལག་པའམ་བོང་བའམ་དབྱུག་པས་སེམས་ཅན་རྣམས་ལ་རྡེག་པར་བྱེད་རྣམ་པར་འཚེ་བར་བྱེད་རྣམ་པར་མཐོ་འཚམ་པར་བྱེད་ཅིང༌། ཁྲོ་བའི་བསམ་པ་བདོ་བ་ཁོ་ན་ཞེ་ལ་བཟུང་སྟེ་གཞན་དག་གིས་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཞིང་མི་བཟོད་ལ་བསམ་པས་མི་གཏོང་བ་འདི་ཡང་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་ཆོས་གསུམ་པའོ། །འདི་ལ་གཉིས་ལས། འཚོགས་པ་ལ་བསམ་པ་དང་སྦྱོར་བ་གཉིས་སོ། །དང་པོ་ནི། བྱང་སེམས་གཞན་ལ་ཁྲོས་ནས་ཚིག་རྩུབ་པོ་སྨྲ་ཞིང་དེ་ཙམ་གྱིས་ཀྱང་ཁྲོ་བ་མི་གཏོང་བར་འཕེལ་བར་བྱེད་ཅིང་དེས་ཟིལ་གྱིས་ནོན་པའོ། །གཉིས་པ་ནི། དེའི་དབང་གིས་ལུས་དངོས་སམ་དེས་འཕངས་པའམ་དེ་དང་འབྲེལ་བས་གཞན་ལ་རྡེག་པ་དང་གོ་རར་འཇུག་པ་སོགས་ཀྱིས་རྣམ་པར་འཚེ་བ་དང་ལྕག་གིས་བཞུ་བ་དང་འཆིང་བ་སོགས་ཀྱིས་མཐོ་འཚམ་པར་བྱེད་པའོ། །འདིའི་ཡུལ་སེམས་ཅན་ལ་འགྲོ་བ་གང་ཡིན་མི་གསལ་ཀྱང་རང་དང་རིས་མཐུན་པའི་འགྲོ་བ་དོན་གོ་བ་དགོས་པ་འདྲ་སྟེ། ཚིག་རྩུབ་མོ་སྨྲ་བའི་དག་གི་ཐ་སྙད་ཀྱི་ཡུལ་དུ་སྣང་བ་དང༌། བསླབ་བཏུས་ལས་ཀྱང༌། །ཚུལ་ཁྲིམས་འཆལ་བ་ལ་བརྡེག་པ་ལ་རྩ་ལྟུང་དུ་གསུངས་པའི་ཕྱིར་རོ། །


JLD001_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཤད་སྦྱང་མི་ལེན་པ་ལ་བཞི། ཤད་སྦྱང་བྱེད་པ་པོ། བྱེད་པའི་ཚུལ། ཀུན་སློང༌། ཤད་སྦྱང་མི་ལེན་པའི་ངོ་བོའོ། །བྱེད་པ་པོ་ནི། འགྲེལ་པ་གསར་མ་དང་ཛི་ན་སུ་ཏྲས། གནོད་པ་བྱེད་པས་གནོད་པའི་ཉེས་པ་ཤད་ཀྱིས་སྦྱངས་ཀྱང་ཞེས་འབྱུང་བ་ལྟར་སྔར་བྱང་སེམས་ལ་གནོད་པ་བྱས་པ་ད་ལྟ་བསམ་པ་ཐག་པ་ནས་ཤད་སྦྱང་བྱེད་འདོད་པའོ། །ཚུལ་ནི་དུས་དང་མཐུན་པ་དང་ཆོས་དང་མཐུན་པས་བཟོད་གསོལ་གྱི་བརྡ་སྤྲོད་པའོ། །ཀུན་སློང་ནི། སྔར་གྱི་གནོད་པ་ལ་ཁྲོས་པའི་བསམ་པ་བདོ་བ་ཞེ་ལ་བཟུང་བའི་ཁོན་འཛིན་ནོ། །ངོ་བོ་ནི། ངག་མི་ཉན་ཞིང་བཟོད་པ་ཁས་མི་ལེན་ལ་བསམ་པས་ཁྲོ་བ་མི་གཏོང་བའོ། །བཞི་པ་ནི། བྱང་སེམས་ཀྱི་སྡེ་སྣོད་ལ་སྐུར་པ་འདེབས་པ་དང་བདག་ཉིད་དམ་གཞན་དག་གི་གཡམ་ལ་དམ་པའི་ཚེས་ལྟར་བཅོས་པ་ལ་མོས་ནས་དེ་ལ་དགའ་བ་དང་སྟོན་པ་དང་འཇོག་པ་ནི་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པའོ། །འདི་ལ་གཉིས་ལས། ཐེག་ཆེན་སྤོང་བ་ལ་གཞི་དང་སྤོང་ཚུལ་གཉིས་སོ། །དེ་ལ་སྐུར་པ་གདབ་པར་བྱ་བའི་གཞི་ནི། བྱང་སེམས་ཀྱི་སྡེ་སྣོད་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་སྟོན་པ་ཚོགས་པའི་སྤྱིའོ། །སྤོང་ཚུལ་ནི་འོག་ནས་འབྱུང་བ་ལྟར་སྐུར་པ་འདེབས་པའོ། །ལྟར་སྣང་སྟོན་པ་ལ་ཡང་གཉིས་ལས་བསྟན་པར་བྱ་རྒྱུ་ནི། གཞན་རྣམས་ལས་གསལ་བར་མ་བྱུང་ལ། ས་མུ་དྲས་བྱས་ཟེར་བ་ལས་ཉི་ཚེ་བའི་བསྟན་པའམ་ཕྱི་རོལ་པའི་བསྟན་པ་ལ་བཤད་དེ། འོན་ཀྱང་དམ་ཆོས་


JLD001_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་དུ་འདུག་གི་ཐེག་ཆེན་ལྟར་སྣང་དུ་མི་འདུག་པས་ནག་པོ་བསྟན་པ་དང་རྗེས་སུ་མཐུན་པ་ཐམས་ཅད་ལ་བྱའོ། །སྟོན་པའི་ཚུལ་ནི་རང་ཉིད་དེ་ལ་དགའ་བཞིན་དུ་གཞན་ལ་སྟོན་ཞིང་དེའི་ལྟ་བ་ལ་གཞན་འཛུད་པའོ། །དེ་དག་གི་དོན་མདོར་བསྡུས་པ་སྡོམ་པ་ཉི་ཤུ་པ་ལས་འབྱུང་བ་ནི། ཉོན་མོངས་དྲག་ལས་འབྱུང་བ་ཡི། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་པའོ། །ཉོན་མོངས་དྲག་པོ་ནི་ཀུན་དཀྲིས་ཆེན་པོའོ། །དེའི་ཞེས་པ་ནི་བྱང་སེམས་སྡོམ་ལྡན་དེ་ཡིའོ། །ཕ་རོལ་རྒྱལ་ནས་འདི་དག་གིས་སྡོམ་པ་ལས་ཉམས་ཤིང་འཇིག་པར་བྱེད་པས་ན་ཕས་ཕམ་པའོ། །སྡོམ་པ་ཉམས་པའི་རྒྱུ་ཙམ་དུ་མཚུངས་པས་ཕམ་པ་དང་འདྲ་བ་ཡིན་གྱི་ཐམས་ཅད་དུ་ནི་མི་འདྲ་སྟེ་དགེ་སློང་ཕམ་པ་བྱུང་བ་ཕྱིར་བླང་དུ་མེད་ཀྱི་འདི་ལ་ཡོད་པས་སོ། །ཞེས་བྱང་ཆུབ་བཟང་པོ་འཆད་དོ། །ཇི་ལྟར་ཉན་ཐོས་འཁྲིག་པའི་ཆགས་པས་རང་གཞན་སུན་ཕྱུང་བས་སྐལ་བ་མེད་པར་འགྱུར་བ་བཞིན་དུ་འདིར་ཡང་རྙེད་བཀུར་ལ་སྲེད་པས་རང་གཞན་སུན་ཕྱུང་བ་དང༌། ཉན་ཐོས་བརྐམ་ཆགས་ཀྱིས་གཞན་གྱི་ནོར་བརྐུས་ན་ཕམ་


JLD001_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ལ་འདིར་ནི་ཆོས་དང་ཟང་ཟིང་ཡོད་བཞིན་དུ་མི་སྟེར་ན་ཕམ་པ་དང༌། ཉན་ཐོས་ནི་མི་བསད་པས་ཕམ་པར་འགྱུར་ལ་འདིར་ནི་སེམས་ཅན་ལ་མནར་སེམས་བསྐྱེད་ནས་ལག་པ་ལ་སོགས་པས་གནོད་པ་སྐྱེད་པ་དང༌། གནོད་བྱེད་ཀྱིས་ཤད་སྦྱང་བྱས་པ་མི་ཉན་ན་ཕམ་པ་དང༌། ཉན་ཐོས་མེད་བཞིན་དུ་ཐོབ་པའི་ཆོས་བསྒྲགས་པས་ཕམ་པར་འགྱུར་ལ་འདིར་ནི་ཡོད་པ་མི་སྟོན་ཞིང་དམ་པའི་ཆོས་ལ་སྐུར་པ་དང་ཆོས་མ་ཡིན་པ་སྟོན་པས་ཕམ་པའོ་ཞེས་རྒྱ་མཚོ་སྤྲིན་གྱིས་བཤད་པ་དང༌། འགྲེལ་པ་གཞན་རྣམས་ཀྱང་སོ་ཐར་གྱི་ཕམ་པ་དང་གྲངས་དང་ཀུན་སློང་འདྲ་བ་ཕམ་པ་དང་འདྲ་པའི་དོན་དུ་འདོད་པར་སྣང་ངོ༌། །འདིར་ཕམ་པར་འགྱུར་ཚུལ་ལ་བོད་ཁ་ཅིག་ན་རེ། གཞུང་ནས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་ཞེས་གསུངས་པ་དང༌། དེ་ཡི་ཉེས་པ་བཞི་པོ་ནི། ཞེས་གསུངས་པས་བཞི་ཁོ་ན་ཡིན་གྱི་བརྒྱད་དུ་བྱེད་པ་མི་འཐད་ཅེས་ཟེར་ཏེ་འདི་ཡི་ལུགས་ལྟར་ན་ཕམ་པ་རེ་རེ་ལ་བསྟོད་སྨད་ལ་སོགས་པའི་ཆོས་གཉིས་གཉིས་ཚོགས་པ་དགོས་སོ། །ཡང་བོད་ཁ་ཅིག་བསྟོད་སྨད་ལ་སོགས་པ་ཡ་གྱལ་རེ་རེ་ལ་ཡང་ཕམ་པར་འགྱུར་བས་བརྒྱད་དང་སོ་ཐར་གྱི་ཕམ་པ་བཞི་སྟེ་བཅུ་གཉིས་སུ་སྨྲ་སྟེ་དབྱུག་པ་དང་སྣམ་འཁུར་གྱི་རིགས་པ་བཞིན་དུ་རྙེད་བཀུར་ལ་ཆགས་ནས་བདག་བསྟོད་གཞན་སྨོད་བྱས་པས་ཕམ་པར་འགྱུར་ན་འཁྲིག་པ་ལྟ་ཅི་སྨྲོས། ཞེས་པ་ལ་སོགས་པའི་སྒོ་ནས་སྒྲུབ་བྱེད་སྨྲའོ། །འདི་རྒྱ་མཚོ་སྤྲིན་


JLD001_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཅེས་པ་ནི་བྱང་སའི་འགྲེལ་པར་ནི་ཟུར་ཙམ་ཡང་མེད་ལ་ས་མུ་དྲ་མེ་གྷས་བྱས་ཟེར་བའི་ཚུལ་ཁྲིམས་ལེའུའི་འགྲེལ་པར་རྙེད་བཀུར་ལ་ཆགས་པ་སོགས་མི་བྱེད་ན་འཁྲིག་པ་ལ་སོགས་པ་བཞི་པོ་མི་བྱེད་པ་ལྟ་ཅི་སྨོས་ཞེས་སོ་ཐར་གྱི་ཕམ་པ་རྣམས་ལས་ལྡོག་པར་བསྟན་གྱི་བྱང་སེམས་ལ་དེ་དག་ཕམ་པར་བསྟན་པ་མེད་པའི་ཕྱིར་དང་ཁུངས་ཐུབ་ཀྱི་བཀའ་བསྟན་བཅོས་གཅིག་ཀྱང་མེད་པས་རང་བཟོ་འབའ་ཞིག་གོ །ཕམ་པ་བཞིར་གསུངས་པ་ནི་བསམ་པའི་ངོས་ནས་ཡིན་ཏེ་འདི་ལྟར་རྙེད་བཀུར་ལ་ཆགས་པ་དང་ལོངས་སྤྱོད་ལ་སེར་སྣ་བྱེད་པ་དང་སེམས་ཅན་ལ་གནོད་པའི་སེམས་དང་ཆོས་ལ་ལོག་པར་སྒྲུབ་པའི་རྨོངས་པའི་ཕམ་པ་བཞི་ཡིན་ལ། བརྒྱད་དུ་བྱས་པ་ནི་སྦྱོར་བའི་ངོས་ནས་ཡིན་ཏེ་འདི་ལྟར་བདག་ལ་བསྟོད་པ་དང་གཞན་སྨོད་པ་དང་ཆོས་མི་སྟེར་བ་དང་ནོར་མི་སྟེར་བ་དང་སེམས་ཅན་ལ་འཚོག་པ་དང་ཤད་སྦྱང་མི་ལེན་པ་དང་དམ་པའི་ཆོས་སྤོང་བ་དང་ཆོས་ལྟར་སྣང་སྟོན་པའི་ཕམ་པ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བཞིར་གསུངས་པས་བརྒྱད་དུ་བྱེད་པ་ལ་མི་གནོད་དོ། །དེས་ན་ཐུབ་པའི་དགོངས་རྒྱན་ལས་ཀྱང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ནི་རྩ་བའི་ལྟུང་བ་བཞི་ཁོ་ནའོ། །ཞེས་ཀྱང་བཤད་ཅིང་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་དང་ཞེས་བྱ་བ་ལ་སོགས་པའི་ལྟུང་བ་བཞི་པོ་འདི་རྣམས་ཀྱང་སོ་སོར་གཉིས་གཉིས་ཏེ་བརྒྱད་དོ། །ཞེས་གསུངས་པ་བཞིན་ནོ། །གཞུང་འདིར་བསྟོད་སྨད་ལ་སོགས་པ་བརྒྱད་


JLD001_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཕྲལ་ནས་གསུངས་ཤིང་རྒྱ་མཚོ་སྤྲིན་གྱིས་ཕམ་པ་གཉིས་པའི་སྐབས་སུ་སློང་བ་པོ་ཉམ་ཐག་པ་ལ་མ་བྱིན་ནམ་ཆོས་ཀྱི་བགོ་བཤའ་མ་བྱས་ན་ཕམ་པར་འགྱུར་རོ། །ཞེས་ཡ་གྱལ་རེ་རེ་ལ་ཕམ་པར་བཤད་ལ་དེའི་རིག་པ་གཞན་གསུམ་ལ་ཡང་འདྲ་བའི་ཕྱིར་དང་ཨ་བྷྱས་བརྒྱད་དུ་མཛད་ཅིང་མདོ་ཀུན་ལས་བཏུས་ཀྱི་འགྲེལ་པར་ཡང་ཕམ་པ་བརྒྱད་དུ་གསལ་པར་ཐོགས་མེད་ཀྱིས་བཤད་ཅེས་འབྱུང་བ་དང༌། དཔལ་མར་མེ་མཛད་ནས་བརྒྱུད་པའི་བཤེས་གཉེན་སྔ་མ་རྣམས་ཀྱང་བརྒྱད་དུ་བཞེད་པས་ཕམ་པ་བརྒྱད་དུ་བྱའོ། །བསླབ་བཏུས་དང་སྡོམ་པ་ཉི་ཤུ་པར་ཕམ་པ་གསུམ་པའི་སྐབས་སུ་གཅིག་ཏུ་བསྡུས་པ་ལྟར་ཡོད་ཀྱང་འགྱུར་གྱི་ཁྱད་ཡིན་གྱི་དོན་ནི་གཉིས་སུ་བྱ་སྟེ་སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྙིང་མར་བྱང་ས་ལྟར་བཤད་པ་དང་སྤྱོད་འཇུག་གི་འགྲེལ་པ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པར་ཁྲོས་ནས་སེམས་ཅན་བརྡེག་པ་དང༌། བསྒྲིབས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་དང༌། ཞེས་བསླབ་བཏུས་རྩ་བ་དྲངས་པའི་འགྱུར་དེ་ལྟར་ཡོད་པའི་ཕྱིར་རོ། །གལ་ཏེ་ཡ་གྱལ་རེ་རེ་ལ་ཕམ་པར་འདོད་ན། ཆོས་འདོད་པ་ལ་སྦྱིན་མི་བྱེད། ཅེས་དང༌། ནོར་འདོད་པ་ལ་སྦྱིན་མི་བྱེད། ཅེས་དང༌། གཤེ་ལ་ལན་དུ་གཤེ་ལ་སོགས། ཞེས་དང༌། ཕ་རོལ་ཤད་ཀྱིས་འཆགས་པ་སྤོང༌། ཞེས་དང༌། ཐེག་པ་ཆེན་པོ་སྤོང་བར་བྱེད། ཅེས་དང༌། བརྩོན་མིན་ཕྱི་རོལ་བསྟན་


JLD001_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། ཞེས་དེ་རྣམས་ལ་ཉེས་བྱས་སུ་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ཆོས་ནོར་མི་སྟེར་བའི་ཕམ་པ་ལ་ནི་ཀུན་སློང་ལ་སེར་སྣ་དགོས་ཀྱི་ཉེས་བྱས་གཉིས་ལ་ནི་སེར་སྣའི་ཀུན་སློང་མེད་པའི་ཕྱིར་རོ། །འགྲེལ་པ་གསར་མ་ལས་ཀྱང་ཆོས་མི་སྟེར་བ་ལ་དེ་ལྟར་བཤད་ནས་གཞན་ལ་ཡང་ཀུན་སློང་མི་འདྲ་བས་དབྱེའོ་ཞེས་འཆད་དོ། །རྡེག་པ་ལ་སླར་རྡེག་པ་ནི་བརྡེག་པའི་ལན་ཡིན་ལ་ཕམ་པའི་རྡེག་པ་ནི་ལན་ལ་མི་ལྟོས་པའོ། །ཤད་སྦྱང་མི་ལེན་པ་ལ་ཉེས་བྱས་སུ་གསུངས་པ་ལ་ནི་ཁོན་འཛིན་མེད་ལ་ཕམ་པ་ལ་ཡོད་པ་དང༌། ཐེག་ཆེན་སྤོང་བ་ལ་ཉེས་བྱས་དང་ཕམ་པར་གསུངས་པའི་ཁྱད་པར་ནི་ས་མུ་དྲས་བྱས་ཟེར་བའི་འགྲེལ་པ་ལས། འོ་ན་གོང་དུ་ཕམ་པའི་སྐབས་སུ་སྡེ་སྣོད་སྤོང་བ་དང་བྱེ་བྲག་ཅི་ཡོད་ཅེ་ན། གོང་མ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཀུན་ལ་བྱའི་འདི་ནི་མདོ་སྡེ་ལས་གང་ཟབ་པའི་ཕྱོགས་ཉི་ཚེ་ཙམ་ལ་མོས་པ་མ་ཆུད་པས་སྐུར་བ་འདེབས་པ་ལ་བྱའོ། །ཞེས་འབྱུང་བ་ལྟར་ཡིན་ནོ། །འོན་ཀྱང་ཟབ་མོ་ཁོ་ན་ལ་སྐུར་པ་འདེབས་པ་མི་དགོས་ཏེ་གཞུང་ན་གསལ་ལོ། །ཕྱི་རོལ་པའི་གཞུང་ལ་བརྩོན་པ་ལ་ཉེས་བྱེས་སུ་གསུངས་པའི་དང་པོ་ནི། སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པ་བྱར་ཡོད་བཞིན་དུ་བརྩོན་པར་མ་བྱས་པར་མུ་སྟེགས་ཀྱི་གཞུང་ལ་བརྩོན་པའི་ཉེས་པ་ཡིན་ལ། ཕྱི་མ་ནི་སངས་རྒྱས་ཀྱི་གསུང་རབ་ལ་ཉིས་འགྱུར་དུ་བརྩོན་པར་བྱེད་ཅིང་བློ་མི་འགྱུར་བའི་དབང་རྣོན་ལ་


JLD001_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་ཀྱི་གཞུང་ལ་བརྩོན་པ་གནང་ཡང་དེ་ལ་དགའ་བཞིན་དུ་འཇུག་པ་མ་གནང་བས་དགའ་ཞིང་རངས་པར་བྱེད་ན་ཉེས་བྱས་སུ་གསུངས་པས། དམ་ཆོས་ལྟར་སྣང་སྟོན་པ་ལ་ཕམ་པར་གསུངས་པ་ནི་རང་དགའ་བ་ཙམ་མ་ཡིན་གྱི་རང་དགའ་བཞིན་དུ་བསྒྲུབ་པར་བྱེད་ལ་གཞན་ཡང་སྒྲུབ་པ་ལ་འཛུད་པར་བྱེད་པའོ། །དེ་ལྟར་ཡང་རྒྱ་མཚོ་སྤྲིན་གྱིས། དམ་པའི་ཆོས་མ་ཡིན་པ་སྟོན་པས་ཕམ་པར་འགྱུར་རོ། །དེ་ལ་དགའ་བ་ནི་བདག་ཉིད་འདོད་པའི་ཕྱིར་རོ། །དེ་ཁོ་ན་བཞིན་དུ་གཞན་དག་ལ་འཆད་པས་ན་སྟོན་པའོ། །འཇོག་པ་ནི་སྒྲུབ་པའི་སྒོ་ནས་འཛུད་པའི་ཕྱིར་རོ་ཞེས་གསུངས་སོ། །འོ་ན་བདག་ལ་བསྟོད་ཅིང་གཞན་ལ་སྨོད་ཅེས་དེ་ལ་ཉེས་བྱས་སུ་གསུངས་པ་ཅི་ཡིན་ཞེ་ན། འདི་ནི་ཀུན་སློང་མི་འདྲ་སྟེ་འོག་ཏུ་སྟོན་ནོ། །འགལ་བ་སྤོང་ཚུལ་དེ་ལྟར་བྱའི་ངོ་ཚ་དང་ཁྲེལ་མེད་པ་སོགས་ཀྱིས་དབྱེ་བར་མི་བྱ་སྟེ་དེ་ལྟ་ཡིན་ན་ཕམ་པར་མི་འགྱུར་ཡང་ཟག་པ་ཆུང་འབྲིང་གང་རུང་དུ་འགྱུར་དགོས་པས་མི་འཐད་དོ། །གཞུང་གཞན་ནས་འབྱུང་བ་ནི། བསླབ་བཏུས་ནས་འབྱུང་བའི་རྩ་ལྟུང་རྣམས་སོ། །འདི་ལ་སློབ་དཔོན་བྱང་ཆུབ་བཟང་པོས་ནི་ནམ་མཁའི་སྙིང་པོའི་མདོ་ལས་རྩ་ལྟུང་དུ་གསུངས་པ་རྣམས་རྩ་ལྟུང་མིན་པའི་སྒྲུབ་བྱེད་དང་ཡིན་པ་ལ་གནོད་བྱེད་གཉིས་ཀྱིས་འཆད་དོ། །དེ་ལ་སྒྲུབ་བྱེད་ནི་དེ་རྣམས་སྡོམ་པ་ཐོབ་པའི་འཇིག་རྒྱུ་མ་ཡིན་པའི་ཕྱིར་ཏེ་མདོ་དེ་ཉིད་ལས། རྩ་བའི་ལྟུང་བ་དེ་དང་


JLD001_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་སྔོན་བསྐྲུན་པའི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་ཅིང་ལྷ་དང་མི་ཡི་བདེ་བ་རྣམས་ལས་ཕམ་པར་འགྱུར་ངན་སོང་དུ་འགྲོ་བར་འགྱུར་རོ། །ཞེས་སྡོམ་པ་མ་བླངས་པའི་སྔར་བསྐྲུན་པའི་དགེ་རྩ་ལྷ་མིའི་བདེ་བ་ཕུན་སུམ་ཚོགས་པ་གཅོད་པའི་རྒྱུར་གསུངས་པའི་ཕྱིར་རོ། །གནོད་བྱེད་ནི་གལ་ཏེ་སྡོམ་པ་བླངས་པ་ལ་ཡང་ལྟུང་པ་འདི་རྣམས་སྡོམ་པ་འཇིག་པའི་རྒྱུ་ཡིན་པས་ཕམ་པ་ཡིན་ན་ནི་དེའི་ཚེ་སྡོམ་ལྡན་གྱི་བྱང་སེམས་ལ་ཕམ་པའི་ལྟུང་བ་འདི་རྣམས་ལས་གང་རུང་བྱུང་བས་ཀྱང་སྡོམ་པ་གཏོང་ན་ཐམས་ཅད་ཀྱིས་ལྟ་ཅི་སྨོས་ཞེས་རྒྱུ་དང་བཅས་པར་བྱང་སེམས་ཀྱིས་སྡེ་སྣོད་ཀྱི་མ་མོ་བྱང་སར་གསུང་དགོས་ན་མ་གསུངས་པའི་ཕྱིར་དང་རྒྱལ་རིགས་ལ་རྩ་ལྟུང་ལྔ་དང་ལས་དང་པོ་ལ་བརྒྱད་གསུངས་པ་ལྟར་རྒྱལ་རིགས་ལ་སོགས་པའི་སྡོམ་པ་ཐ་དད་པའི་དབྱེ་བས་དེ་དག་གི་རྩ་ལྟུང་སོ་སོ་བ་ཡོད་ན་དེ་རིགས་ཀྱང་ཅུང་ཟད་ཀྱང་མེད་པས་ཞེས་འཆད་དེ། མདོ་དེ་སྒྲ་ཇི་བཞིན་པ་ཡིན་ན་རྒྱལ་རིགས་ཀྱི་ལྔ་ལས་དང་པོ་པ་ལ་རྩ་ལྟུང་དུ་མི་འགྱུར་ལ་ལས་དང་པོ་པའི་བརྒྱད། རྒྱལ་རིགས་ལ་རྩ་ལྟུང་དུ་མི་འགྱུར་དགོས་པ་ལས་དེ་ནི་མི་འཐད་དེ་སྡོམ་པ་སོ་སོ་བ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །སློབ་དཔོན་ཨ་བྷྱ་ནི་ནམ་མཁའི་སྙིང་པོའི་མདོ་དང་བྱང་སའི་རྩ་ལྟུང་མི་འདྲ་བའི་འགལ་སྤོང་ལ་གང་ཟག་འབྲིང་དང་ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་ལྔ་དང་བརྒྱད་དང་བཞིའོ་ཞེས་ལྟུང་བའི་རབ་ཏུ་དབྱེ་བ་རྒྱས་པར་བསྟན་


JLD001_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གང་ཟག་གཅིག་ལ་ཡང་གཞན་ལྟུང་བ་དེ་རྣམས་ཀྱང་ངོ་ཞེས་རྒྱལ་རིགས་ལ་ལྔ་གསུངས་པ་གང་ཟག་འབྲིང་དང་ལས་དང་པོ་པ་ལ་བརྒྱད་གསུངས་པ་གང་ཟག་ཆུང་ངུ་དང་བྱང་སར་བཞི་གསུངས་པ་གང་ཟག་ཆེན་པོའི་དབང་དུ་བྱས་ལ་འོན་ཀྱང་གང་ཟག་དེ་དག་རེ་རེ་ལ་ཡང་ལྟུང་བ་བཞན་རྣམས་ཀྱང་འཇོག་པར་བཞེད་དོ། །དེ་ལྟར་ན་གང་ཟག་གསུམ་པོ་རེ་རེ་ལ་ཡང་ལྟུང་བ་བཅུ་བདུན་བཅུ་བདུན་དུ་འགྱུར་ཏེ་བྱང་སའི་དང་པོ་ནམ་སྙིང་གི་མདོར་གསུངས་པས་དེ་དང་བཅས་པའི་བཅུ་བཞི་དང༌། བྱང་སའི་ལྷག་མ་གསུམ་གྱི་བར་པ་གཉིས་དང་ཐ་མའི་དམ་ཆོས་ལྟར་སྣང་སྟོན་པ་སྟེ་རྩ་ལྟུང་བཅུ་བདུན་ཡོད་པའི་ཕྱིར་རོ་ཞེ་ན། བྱང་སར་གསུངས་པའི་བཞི་པོ་ཉིད་ཀྱིས་གཞན་རྣམས་བསྡུས་པས་བཞིར་མ་འདུས་པའི་རྩ་ལྟུང་གཞན་ཡོད་པར་མི་འགྱུར་རོ། །བསྡུས་ཚུལ་ལ་སྡུད་བྱེད་ནི་བདག་ལ་བསྟོད་པ་སོགས་བརྒྱད་དོ། །བསྡུ་བྱ་ནི་ཐེག་ཆེན་སྤོང་བ་དང་རྙེད་བཀུར་གྱི་ཕྱིར་དུ་བདག་བསྟོད་ཅིང་གཞན་སྨོད་པ་སྡུད་བྱེད་ན་ཡོད་པས་དེ་དག་མ་གཏོགས་པའི་ནམ་སྙིང་གི་མདོ་ནས་འབྱུང་བ་དང༌། ཐབས་ལ་མཁས་པ་ནས་གསུངས་པའི་བྱང་ཆུབ་ཀྱི་སེམས་འདོར་བ་སྟེ་རྩ་ལྟུང་བཅུ་བཞིའོ། །ཇི་ལྟར་བསྡུས་པ་ནི་སོ་སོར་ཐར་པ་སྤོང་བ་དང་ཉན་ཐོས་ཀྱི་ཐེག་པས་འདོད་ཆགས་ལ་སོགས་པ་མི་སྤོང་བར་འཛིན་པ་དང་ཟབ་མོའི་དོན་ལ་བཟོད་པ་ཐོབ་ཅེས་རྫུན་སྨྲ་བ་གསུམ་ནི་བདག་བསྟོད་གཞན་སྨོད་དུ་


JLD001_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་སྟེ། ཐེག་ཆེན་བྱང་སེམས་རང་གི་ཡིན་པས་དེ་ལ་བསྟོད་ཅིང་ཐེག་དམན་ལ་སྨད་པ་དང་རྫུན་དུ་སྨྲ་བས་ནི་གང་ཟག་རང་ལ་བསྟོད་ཅིང་གང་ཟག་གཞན་ལ་སྨད་པས་སོ། །དཀོན་མཆོག་གསུམ་གྱི་དཀོར་དང་ཆོས་གོས་འཕྲོག་པ་དང༌། དགེ་སྦྱོང་ཆད་པས་གཅོད་འཇུག་སོགས་གསུམ་དང་ཡང་དག་འཇོག་གི་ལོངས་སྤྱོད་ཁ་ཏོན་པ་ལ་སྦྱིན་པ་རྣམས་ནིསེར་སྣས་ནོར་མི་སྟེར་བར་འདུ་སྟེ། སེར་སྣ་དྲག་པོས་ཆགས་ནས་ཕ་རོལ་པོས་རྫས་དེ་ལོངས་སྤྱོད་པ་མི་བཟོད་པས་ཚུར་ལ་འཕྲོག་པ་དང་སྟེར་དུ་འཇུག་པ་དང་སྟེར་བ་དང་ལེན་པ་དང་གང་ཟག་འགའ་ཞིག་ལ་སེར་སྣར་འགྱུར་བའི་ཕྱིར་རོ། །དགེ་འདུན་གྱི་དབྱེན་བྱེད་པ་དང་ཞི་གནས་འདོར་དུ་འཇུག་པ་ནི་སེར་སྣས་ཆོས་མི་སྟེར་བར་འདུ་སྟེ་ཆོས་ལ་ཆགས་པའི་སེར་སྣས་ཆོས་ཀྱི་འབྱོར་པ་མི་བཟོད་པས་འབྱེད་པ་དང་སེར་སྣ་དྲག་པོས་རང་ཡང་མི་སྟོན་ལ་གཞན་ཡང་སྟོན་དུ་མི་འཇུག་པས་སོ། །ཚུལ་ཁྲིམས་འཆལ་བ་སོགས་ལ་བརྡེག་པ་སོགས་དང་མཚམས་མེད་གཞན་བཞི་དང་གྲོད་ལ་སོགས་པ་འཇིག་པ་ནི་སེམས་ཅན་ལ་བརྡེག་པས་བསྡུས་སོ། །ཉན་རང་གི་ཆོས་སྤོང་བ་དང་བློ་མ་སྦྱངས་པ་ལ་སྟོང་ཉིད་བརྗོད་པ་དང་བྱང་ཆུབ་ཀྱི་སེམས་སྤོང་བ་ནི་ཐེག་ཆེན་སྤང་བས་བསྡུས་པ་སྟེ། ཐེག་ཆེན་ལས་ཉན་རང་གི་ཐེག་པ་ཡང་སྟོན་པས་དེ་སྤངས་པ་ན་དེ་གཉིས་ཀྱང་སྤོང་བ་དང་བློ་མ་སྦྱངས་པས་སྟོང་ཉིད་སྤངས་པའི་རྒྱུ་རང་གིས་བྱས་པ་དང་བྱང་ཆུབ་ཀྱི་སེམས་ཉིད་ཐེག་ཆེན་ཡིན་པའི་ཕྱིར་རོ། །ལོག་ལྟ་


JLD001_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་མི་དགེ་བ་བཅུ་ལ་རང་གཞན་འགོད་པ་དང་རྫོགས་བྱང་ལ་ཞུགས་པ་བཟློག་ནས་ཐེག་དམན་ལ་སྦྱར་བ་ནི་དམ་ཆོས་ལྟར་སྣང་སྟོན་པར་འདུ་སྟེ་ཐེག་ཆེན་ལ་ལྟོས་ན་ཐེག་པ་གཞན་གཉིས་དམ་ཆོས་ལྟར་སྣང་ཡིན་པའི་ཕྱིར་རོ་ཞེས་འཆད་དོ། །བོད་ཁ་ཅིག་གདུལ་བྱ་སོ་སོ་ལ་ལྟོས་པའི་མདོ་སོ་སོའི་དགོངས་པ་ཡིན་པས་ཆོ་ག་ཐ་དད་ཀྱི་རྗེས་སུ་འབྲང་བར་བྱ་སྟེ། བསླབ་བཏུས་དང་སྤྱོད་འཇུག་ནས་གསུངས་པའི་ཆོ་གས་ལེན་ན་ནམ་སྙིང་གི་མདོ་ནས་བཤད་པ་རྣམས་རྩ་ལྟུང་དུ་འགྱུར་ལ་བྱང་ས་ནས་གསུངས་པའི་ཆོ་གས་ལེན་ན་བྱང་སར་བཤད་པ་རྣམས་རྩ་ལྟུང་དུ་འགྱུར་བར་སྨྲ་ཞིང༌། ཁ་ཅིག་ནི་དབུ་མ་དང་སེམས་ཙམ་གྱི་གྲུབ་མཐའ་ཐ་དད་ཀྱིས་བྱས་པར་ཡང་འདོད་དོ། །དེ་ལ་འགྲེལ་པ་གསར་མའི་ལུགས་དེ་ནི་འཐད་པར་མི་མཐོང་སྟེ་མདོའི་དོན་འགྲེལ་བ་ལ་ཚད་མར་གྱུར་པའི་ཤིང་རྟ་ཆེན་པོ་ཞི་བ་ལྷའི་ལུགས་དང་འགལ་བར་སྣང་བའི་ཕྱིར་རོ། །འདི་ལྟར་སློབ་དཔོན་དེས་རྒྱལ་རིགས་དང་ལས་དང་པོ་པ་དེ་དག་བྱང་སེམས་ཀྱི་སྡོམ་ལྡན་ཡིན་ནམ་མིན། ཡིན་ན་ནི་རྒྱལ་རིགས་ལ་ལྔ་དང་ལས་དང་པོ་པ་ལ་བརྒྱད་སོ་སོར་ངེས་པ་མི་འཐད་དོ། །སྡོམ་ལྡན་མིན་ན་ནི་དེ་དག་གི་ལྟུང་བ་འཆའ་བ་མི་རིགས་སོ་ཉེས་པ་དེ་དག་སྡོམ་ལྡན་གྱི་ཉེས་པར་ཡང་ཇི་ལྟར་འགྱུར་ཞེ་ན་ཞེས་དྲི་བ་བཀོད་པའི་ལན་དུ་གང་ལ་འབྱུང་ཉེ་བ་དེ་དག་ལ་དེའི་ལྟུང་བ་རང་མིང་ནས་སྨོས་ཏེ་བསྟན་པས་ཉེས་པ་དེ་ལ་འཇིགས་པ་བསྐྱེད་པའི་ཕྱིར་ཡིན་པས་ཐམས་ཅད་ལ་


JLD001_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བར་འགྱུར་བས་ཕན་ཚུན་དུ་སྤང་ཞེས་གསུངས་པ་དང་ཇི་ལྟར་མི་འགལ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེ་བས་ན་སྡོམ་པ་མ་བླངས་པ་རྣམས་ཀྱི་ཡང་སྐལ་བ་མེད་པ་དང་དགེ་རྩ་ཆད་པར་འགྱུར་ན་སྡོམ་ལྡན་ལ་ནི་ཆེས་འགྱུར་ཏེ་ཞེས་གསུངས་པས་ན་སྡོམ་པ་མ་བླངས་པའི་གོང་གི་དགེ་རྩ་གཅོད་ཀྱི་སྡོམ་པ་མི་གཅོད་ཅེས་གསུངས་པ་དང་ཤིན་ཏུ་ཡང་འགལ་ལོ། །རྩ་ལྟུང་དུ་འགྱུར་ན་བྱང་སར་གསུང་དགོས་པ་ཡང་མ་ངེས་ཏེ་ངེས་ན་རྒྱུ་མཚན་ཅི་ཡོད། གལ་ཏེ་མ་བཤད་ན་བསླབ་པ་ལ་སློབ་པ་རྣམས་ཀྱིས་རྩ་ལྟུང་བཞི་ཁོ་ནར་བཟུང་ནས་སློབ་པ་ན་རྩ་ལྟུང་གཞན་རྣམས་ཀྱིས་སྡོམ་པ་བཅོམ་ཡང་དེར་མི་ཤེས་པས་སྲུང་མཚམས་མི་ཤེས་པའི་སྐྱོན་ཡོད་དོ་ཞེ་ན། འོ་ན་ནི་རྩ་ལྟུང་མ་ཡིན་ན་ཡང་རྩ་ལྟུང་མ་ཡིན་ནོ་ཞེས་བྱང་སར་དོགས་པ་བཅད་དགོས་ཏེ་རྩ་ལྟུང་མ་ཡིན་པ་ལ་རྩ་ལྟུང་དུ་གཟུང་ནས་སྡོམ་པ་མ་ཞིག་པ་ལ་ཡང་ཞིག་པར་འཛིན་པས་སྲུང་མཚམས་མི་ཤེས་པའི་ཕྱིར་རོ། །དེས་ན་ནམ་སྙིང་གི་མདོ་ནས་གསུངས་པའི་བཅས་པ་རྣམས་བྱང་སར་མ་གསུངས་ལ་འདི་ནས་བཤད་པའི་ཉེས་བྱས་ཀྱི་བཅས་པ་བསླབ་བཏུས་སུ་མ་གསུངས་པས་དེ་དག་ཏུ་བསླབ་པ་ཐམས་ཅད་འཆད་དགོས་པའི་ངེས་པ་མེད་པས་བྱང་ས་དང་བསླབ་བཏུས་གཉིས་ཀར་མདོ་སྡེ་ལྟ་དགོས་པར་གསུངས་སོ། །ཨ་བྷྱ་ཀ་རས་བསླབ་བཏུས་ནས་གསུགས་པ་རྣམས་རྩ་ལྟུང་དུ་བཞེད་པ་ལེགས་ཀྱང་བྱང་སར་བཤད་པའི་བཞི་པོས་བསྡུས་པར་འདོད་པ་ཕལ་ཆེ་བ་ལ་ཡིད་བརྟན་མི་རུང་བར་སྣང་སྟེ། འདི་འདྲ་


JLD001_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྡུས་ཚུལ་ལ་ནི་མཚན་ཉིད་ཀྱིས་ཁྱབ་པའི་སྤྱིས་མཚན་གཞིའི་དབྱེ་བ་སྡུད་པ་ཡིན་ན་དེ་གཏན་མི་རུང་པ་ཕལ་མོ་ཆེར་འདུག་པའི་ཕྱིར་རོ། །བོད་ཁ་ཅིག་གི་འདོད་པ་ནི་བསླབ་བཏུས་སུ་སྡོམ་ལྡན་ཡིན་ན་ལྟུང་བ་སོ་སོར་ངེས་པ་མི་འཐད་པའི་དྲི་བའི་ལན་མཛད་པས་ལེགས་པར་བཀག་པ་ཡིན་ནོ། །མདོ་ཀུན་ལས་བཏུས་ཀྱི་འགྲེལ་པར་རྒྱལ་པོའི་ལྟུང་བ་ལྔ་རྩ་ལྟུང་མིན་ཞིང་ལས་དང་པོའི་བརྒྱད་རྩ་ལྟུང་མཚན་ཉིད་པར་བཤད་པ་དང༌། སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་ལུགས་མི་འདྲ་བར་བཤད་པ་རྣམས་ཀྱང་བསླབ་བཏུས་སུ་ཕན་ཚུན་གྱི་ལྟུང་བ་རྣམས་བསྲེས་ནས་བཤད་པ་དང་འགལ་བས་དོར་བར་བྱའོ། །དེས་ན་མདོ་ནས་ཀྱང་རྩ་ལྟུང་དུ་གསུངས་ལ་སློབ་དཔོན་ཞི་བ་ལྷས་དེའི་དོན་བཤད་པ་ན་ཡང་རྩ་ལྟུང་དུ་བཀྲལ་ཞིང་ཁྱད་པར་དུ་ནམ་མཁའི་སྙིང་པོའི་མདོ་དང་བྱང་སའི་དོན་གཉིས་ཀ་བསྡུས་ནས་གསུངས་པ་འདི་ཁོ་ན་བཞིན་དུ་འཐད་པས་ལུགས་གཉིས་ཆར་བསྲེ་བར་བྱ་སྟེ་བསླབ་བཏུས་ལས། རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་བླངས་ཤིང་བཟུང་བ་དང་གཅིག་གི་འདོད་པ་ལྟར་བསྡུས་པའི་ཚིག་ལེའུར་བྱས་པ་དག་བརྗོད་པར་བྱའོ། །ཞེས་འགྱུར་རྙིང་ལས་འབྱུང་ལ། འགྱུར་གསར་ལས་འགའ་ཞིག་གི་ལུགས་གནས་པར་བྱ་བའི་ཕྱིར་བསྡུ་བའི་ཚིག་ལེའུར་བྱས་པ་དག་བརྗོད་པར་བྱའོ། །ཞེས་འབྱུང་བའི་སྔ་མ་ལྟར་ན་ལུགས་གཉིས་ཆར་གཅིག་ཏུ་སྡུད་པར་གསལ་ལ་ཕྱི་མ་ལྟར་ན་ཡང་འགའ་


JLD001_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནི་འཕགས་པ་ཐོགས་མེད་དེ་དེའི་ལུགས་གནས་པ་སྟེ་བཞག་པར་བྱ་བའི་ཕྱིར་ཞེས་པའི་དོན་ནོ། །སྤྱོད་འཇུག་གི་འགྲེལ་ཆེན་དུ་ཡང་རྩ་ལྟུང་དུ་བཤད་ལ་དགེ་བ་ལྷའི་འགྲེལ་པར་ཡང༌། ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ་སྟེ་རྩ་བའི་ལྟུང་བ་བརྟག་པར་བྱའོ། །སྡོམ་པ་འཇིག་པར་བྱེད་པའི་ལྟུང་བའི་སྡིག་པ་ལས་བྱུང་བ་རྩ་བའི་ལྟུང་བ་དག་ནི་ནམ་མཁའི་སྙིང་པོའི་མདོ་སྡེ་ལས་ཕལ་ཆེར་གསུངས་པ་ཡིན་ལ་དེ་དག་དེར་བལྟ་བར་བྱའོ། །ཞེས་འབྱུང་བ་དང་རྣམ་གྲོལ་ཟླ་བའི་འགྲེལ་པར་ཡང༌། རྩ་བའི་ལྟུང་བ་ནི་སྡོམ་པ་འཇིག་པར་བྱེད་པ་སྟེ་ནམ་མཁའི་སྙིང་པོའི་མདོ་སྡེ་ལས་བལྟ་བར་བྱའོ། །ཞེས་གསུངས་ཤིང་རྣམ་སྣང་འཚོ་ཡི་འགྲེལ་པ་ཡང་དེ་དང་མཐུན་པར་ཡོད་པས་རྩ་ལྟུང་དུ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །རྩ་བའི་ལྟུང་བ་རྣམས་བསྡུས་པའི་ཚིགས་སུ་བཅད་པ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་རྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇིག་པ་ལ། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་


JLD001_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང༌། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཅོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། །ཆགས་དང་སེར་སྣ་མི་བཟོད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། །བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་དང༌། །ཁྲོས་པས་སེམས་ཅན་རྡེག་པ་དང༌། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་བརྗོད་པའོ།ཞེས་བསླབ་བཏུས་ནས་གསུངས་པ་རྣམས་སོ། །དེ་ལ་ཕམ་པ་དང་པོ་ནི། དཀོན་མཆོག་གི་དཀོར་མ་བྱིན་པར་ལེན་པའི་ཕམ་པའོ། །འདི་ལ་དྲུག་


JLD001_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྫས་བདག་ནི། མདོ་ལས་མཆོད་རྟེན་དང་དགེ་འདུན་དང་ཕྱོགས་བཞིའི་དགེ་འདུན་ཞེས་པ་ཙམ་ལས་མ་གསུངས་ཀྱང་མཆོད་རྟེན་གྱིས་སངས་རྒྱས་དང་ཆོས་གཉིས་བསྟན་པས་དཀོན་མཆོག་གསུམ་མོ། །འདིར་སངས་རྒྱས་ནི་རྒྱལ་བ་དངོས་དང་སྐུ་གཟུགས་སོགས་གང་རུང་ངོ༌། །ཆོས་ཀྱང་ལུང་ངམ་རྟོགས་པའི་ཆོས་སོ། །དགེ་འདུན་ཞེས་པ་ནི་རིས་སུ་ཆད་པ་ཡིན་ལ་ཕྱོགས་བཞིའི་དགེ་འདུན་ནི་རིས་སུ་མ་ཆད་པའོ། །དེ་ཡང་སོ་སོ་སྐྱེ་བོ་ཡིན་ན་དགེ་སློང་བཞི་ཡན་ཆད་ཡིན་ལ་འཕགས་པ་ཡིན་ན་གང་ཟག་རེ་རེ་ཡང་དགེ་འདུན་ནོ། །དཀོན་མཆོག་གསུམ་ཞེས་འབྱུང་བ་ནི་གཞུང་གཞན་ནས་སངས་རྒྱས་དངོས་དང་འགོག་ལམ་ཟག་མེད་དང་འཕགས་པ་སློབ་པ་ལ་བཤད་པ་ལྟར་མི་གཟུང་སྟེ། མཆོད་རྟེན་དང་ཕྱོགས་བཞིའི་དགེ་འདུན་ཞེས་གསུངས་པས་སྔ་མ་ལྟར་གསལ་ལོ། །མཆོད་རྟེན་གྱི་རྫས་འཕྲོག་གམ་དགེ་འདུན་དང་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་ཞེས་གསུངས་པས་རྫས་བདག་ལ་དཀོན་མཅོག་གསུམ་ག་མི་དགོས་ཀྱི་གང་རུང་གཅིག་གོ །བླང་བྱའི་རྫས་ནི་གསལ་ཁ་མི་སྣང་བས་ཞིང་ཁང་སོགས་གནས་དང་བཟའ་བཏུང་དང་བཞོན་པ་ལ་སོགས་པ་གང་རུང་ཡིན་ལ། དངོས་པོའི་ཆེ་ཆུང་གི་ཚད་ལ་ཡང་གསལ་ཁ་མི་སྣང་ཞིང་དོན་ཐོབ་བྱས་པའི་ཚད་ཀྱང་དཀའ་བར་སྣང་བས་ཇི་ཙམ་བླངས་བསམ་བྱིན་པར་ལེན་པའི་ལས་ལམ་དུ་འགྱུར་པའི་མ་མཐའ་ཡན་ཆད་དེ་ཡོ་བྱད་དུ་བགྲང་བ་ཙམ་མོ། །དགེ་འདུན་ལ་ཕུལ་བ་ཞེས་གསུངས་པས་རྫས་བདག་གིས་བདག་གིར་བྱས་པ་ཡོད་


JLD001_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མེད་ཀྱང་འདྲའི་དཀོན་མཆོག་གསུམ་གང་རུང་ལ་བསྔོས་པའི་སྒོ་ནས་དེ་དག་དབང་པའོ། །རྐུ་བ་པོའི་རྟེན་ནི། དགེ་འདུན་ལ་རྐུ་བའི་ཚེ་ན་རང་དེའི་གསེབ་ཏུ་མི་གཏོགས་པའོ། །བསམ་པ་ལ་གཉིས་ལས། འདུ་ཤེས་ནི། ཀུན་སློང་བྱེ་བྲག་པ་ལ་ཞུགས་པ་ནི་མ་འཁྲུལ་བ་དང་སྤྱི་ལ་ཞུགས་པ་ནི་ཡིད་གཉིས་ཡན་ཆད་ཀྱི་རྣམ་པ་མ་དོར་བ་དགོས་ཏེ་ནོར་ནས་བརྐུས་པ་ལ་ལས་ལམ་དུ་མི་འགྱུར་བར་མ་བྱིན་ལེན་གྱི་སྤྱི་གཞུང་ལས་གསུངས་པའི་ཕྱིར་རོ། །ཀུན་སློང་ནི། དཀོན་མཆོག་གི་ཡིན་ལ་རང་མི་དབང་ཡང་གཏན་དུ་འབྲལ་དགོས་སྙམ་པའོ། །སྙིང་བརྩེ་བ་ལ་སོགས་པའི་བསམ་པས་གཞན་དོན་དུ་འཕྲོག་པ་ལ་འོག་ནས་འཆད་པ་ལྟར་ལྟུང་མེད་ཀྱི་སྐབས་སྲིད་པར་གསུངས་ལ། སྡོམ་པ་གཞན་གྱི་རྩ་ལྟུང་སྡོམ་པ་གཞན་ལ་གནང་བ་སྲིད་ཀྱང་སྡོམ་པ་དེ་ཉིད་ཀྱི་རྩ་ལྟུང་དེ་ལ་གནང་བ་མི་རིགས་པའི་ཕྱིར་རང་ཆེད་དུ་འཕྲོག་པའམ་ཡང་ན་ཀུན་སློང་ཉོན་མོངས་ཅན་དགོས་སོ། །ཁ་ཅིག །འདོད་ཆགས་དགོས་པར་འཆད་པ་ནི་མ་ངེས་སོ། །སྦྱོར་བ་ནི། འཕྲོག་གམ་འཕྲོག་ཏུ་འཇུག་པ་ཞེས་གསུངས་པས་རང་གི་བྱེད་པ་དང་གཞན་ལ་བཅོལ་བ་གཉིས་འདྲའོ། །དེ་ཡང་མ་ཚོར་བར་འཇབ་བུས་རྐུ་བ་དང་མཐུས་འཕྲོག་པ་གཉིས་གང་རུང་སྟེ་འགྱུར་རྙིང་ལས། དཀོན་མཆོག་གསུམ་གྱི་འཕྲོག་རྐུ་བ། །ཞེས་གསུངས་པ་ལྟར་རོ། །མ་བྱིན་པར་བླངས་པའི་ཚད་ནི། ཐོབ་བློ་ལ་བྱའོ། །འདི་ལ་སངས་རྒྱས་ཀྱི་དཀོར་འཕྲོག་པའི་ཕམ་པ་སོགས་གསུམ་མོ། །ཕམ་པ་གཉིས་པ་ནི། དམ་


JLD001_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་སྤོང་བའི་ཕམ་པའོ། །འདི་ལ་གཉིས་ལས་སྤང་བྱའི་དམ་ཆོས་ནི། མདོ་ལས་ཉན་ཐོས་ཀྱི་ངེས་པར་འབྱུང་བ་བཤད་པའམ་རང་སངས་རྒྱས་ཀྱི་ངེས་པར་འབྱུང་བ་བཤད་པའམ། ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ། །ཞེས་འམ་གྱི་སྒྲས་གདམ་ང་ཅན་དུ་གསུངས་པས་ཐེག་པ་གསུམ་དང་ལྡན་པའི་མདོ་སྡེ་གང་རུང་ངོ༌། །དེ་ཡང་ཐེག་པ་ཆེན་པོ་སྤོང་བར་བྱེད། ཅེས་པའི་སྐབས་སུ་ཐེག་ཆེན་གྱི་ཟབ་མོའི་དོན་ནམ་མཐུའི་དོན་གྱི་ཕྱོགས་རེ་སྤངས་པ་ལ་ཉེས་བྱས་སུ་འཆད་པར་འགྱུར་བའི་ཕྱིར་དང་བྱང་ས་དང་སྐབས་འདིའི་ཐེག་ཆེན་སྤོང་བའི་ཕམ་པ་འདྲ་བར་བཞེད་པས་ན། ཐེག་ཆེན་ནི་ཟབ་པ་དང་རྒྱ་ཆེ་བ་གཉིས་ཆར་སྟོན་པའི་མདོ་སྡེའོ། །དེ་བཞིན་དུ་ཉན་ཐོས་ཀྱི་ངེས་པར་འབྱུང་བ་བདེན་བཞི་བཤད་པ་དང་རང་སངས་རྒྱས་ཀྱི་ངེས་པར་འབྱུང་བ་རྟེན་འབྲེལ་བཅུ་གཉིས་བཤད་པ་ལྟ་བུའི་ཐེག་དམན་གྱི་སྡེ་སྣོད་དོ། །འདི་ལ་ཡང་དེ་དག་གི་དོན་གྱི་ཆ་རེ་རེ་ཙམ་སྤངས་ན་ཉེས་བྱས་སུ་འགྱུར་བ་ཐེག་ཆེན་དང་འདྲ་འམ་སྙམ་མོ། །གལ་ཏེ་ཐེག་ཆེན་གྱི་མདོ་སྡེའི་དོན་གྱི་ཆ་རེ་རེ་སྤངས་པ་ལ་ཉེས་བྱས་དང་ཉན་རང་གི་ངེས་པར་འབྱུང་བ་བཤད་པ་སྤངས་པ་ལ་ཕམ་པར་མི་རིགས་ཏེ་སྔ་མ་སྤངས་པ་ཕྱི་མ་སྤངས་པ་ལས་ཁ་ན་མ་ཐོ་བ་ཆེ་བའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ་སྡོམ་པ་གོང་འོག་གང་ལའང་ཁ་ན་མ་ཐོ་བ་ཆེ་ན་ལྟུང་བའི་བཅས་པ་ཆེ་བ་དང་ཆུང་ན་བཅས་པ་ཆུང་བ་ངེས་པ་མི་སྣང་བའི་ཕྱིར་ཏེ་དཔེར་ན་སོ་ཐར་གྱི་སྐབས་སུ་མི་ཐ་མལ་བ་བསད་ན་


JLD001_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་པ་དང་དེ་བཞིན་གཤེགས་པ་བཀྲོངས་པའི་སེམས་ཀྱི་སྐུ་འཚལ་ཕྱུང་ན་སྦོམ་པོར་གསུངས་ཤིང༌། ཐེག་པ་ཆེན་པོར་ཡང་ཁྱིམ་པ་ཐ་མལ་པའི་ནོར་མ་བྱིན་པར་བླངས་པ་ལ་ཕམ་པ་མ་བཅས་ཤིང་སློང་བ་པོ་ཉམ་ཐག་པ་ལ་རང་གི་ནོར་སེར་སྣས་མི་སྟེར་བ་ལ་ཕམ་པར་བཅས་པ་ལྟ་བུའོ། །སྤོང་བའི་ཚུལ་ནི་བསླབ་བཏུས་དང་མདོ་བཏུས་སུ་སྤོང་ཞིང་འགོག་ཏུ་འཇུག་པ་ཞེས་དྲངས་པ་ནི་མདོ་ལས་སྤོང་བར་བྱེད་འགོག་པར་བྱེད་ཅེས་འབྱུང་ཞིང་བྱང་སར་ཐེག་ཆེན་རང་གིས་སྤོང་བ་ཙམ་མ་གཏོགས་པ་གཞན་སྤོང་དུ་འཇུག་པ་མེད་ལ་འདི་གཉིས་འདྲ་བར་ཡང་བཞེད་པས་སྤོང་དུ་འཇུག་པ་ཡན་ལག་ཏུ་མི་དགོས་ལ། རང་གིས་སྤོང་ཚུལ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་སྐུར་པ་འདེབས་པའོ། །འོ་ན་ཉན་ཐོས་ཐེག་པ་སྤོང་བར་བྱེད། ཅེས་དེ་ལ་ཉེས་བྱས་སུ་བཤད་པ་དང་འགལ་ཞེ་ན། དེ་ནི་ཁྱད་དུ་གསོད་པ་ཙམ་ཡིན་གྱི་འདི་ལྟ་བུའི་ཚུལ་གྱིས་སྤངས་པ་མིན་ནོ། །ཞེས་འཆད་པར་འགྱུར་རོ། །འདི་ལ་ཐེག་ཆེན་སྤོང་བ་སོགས་གསུམ་མོ། །ཕམ་པ་གསུམ་པ་ནི། རབ་བྱུང་ལ་འཚེ་བའི་ཕམ་པའོ། །འདི་ལ་གཉིས་ལས་འཚེ་བའི་ཡུལ་ནི། མདོ་ལས་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་བྱས་པ་བསླབ་པའི་གཞི་བཟུང་མ་བཟུང་དང་ཚུལ་ཁྲིམས་འཆལ་བ་དང་ཚུལ་ལྡན་གང་རུང་ལ་གསུངས་ཤིང་ཚིགས་བཅད་དེ་ལའང་འང་གི་སྒྲ་ཡོད་པས་ཚུལ་ཁྲིམས་འཆལ་བའི་དགེ་སློང་ཞེས་པ་མཚོན་པ་ཙམ་མོ། །འཚེ་བ་ཇི་


JLD001_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་པ་ལ་ཀུན་སློང་ནི། ཡུལ་དེ་ལ་གནོད་ཅིང་འཚེ་བའི་བསམ་པ་སྟེ་ཉོན་མོངས་ཅན་ནོ། །སྦྱོར་བ་ནི། གོས་ངུར་སྨྲིག་འཕྲོག་པ་དང་རབ་བྱུང་ལས་ཕབ་སྟེ་ཁྱིམ་ན་གནས་པ་བྱེད་དུ་འཇུག་པ་གང་རུང་བྱས་པའོ། །ལག་ཆས་བསྣུན་པ་དང་བཙོན་རར་འཇུག་པ་དང་སྲོག་དང་ཕྲལ་བ་ལ་རྩ་ལྟུང་དུ་གསུངས་པ་ནི། བརྡེག་པ་དང་རྣམ་པར་འཚེ་བ་དང༌། མཐོ་འཚམ་པའི་ཕམ་པས་བསྡུས་སོ། །རབ་བྱུང་སྡོམ་ལྡན་གྱི་ངུར་སྨྲིག་འཕྲོག་པའི་བདག་པོ་ལ་དགེ་སློང་བཞིར་མ་ཚང་བ་དགོས་ཏེ་བཞིར་ཚང་ན་རྩ་ལྟུང་དང་པོར་འགྱུར་བས་སོ། །འདི་ལ་ངུར་སྨྲིག་འཕྲོག་པ་དང་རབ་བྱུང་ལས་ཕབ་པའི་ཕམ་པ་གཉིས་སོ། །ཕམ་པ་བཞི་པ་ནི། མཚམས་མེད་བྱེད་པའི་ཕམ་པའོ། །དེ་ཡང་ཕ་དང་མ་དང་དགྲ་བཅོམ་པ་བསད་པ་དང་དགེ་འདུན་གྱི་དབྱེན་བྱས་པ་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའི་མཚམས་མེད་ཀྱི་རྩ་ལྟུང་ལྔའོ། །འདི་ཡི་ཡང་དབྱེན་མ་གཏོགས་པ་བཞི་ནི་བྱང་སའི་ཕམ་པ་ལྔ་པས་བསྡུས་སོ། །ཕམ་པ་ལྔ་པ་ནི། ལོག་ལྟ་འཛིན་པའི་ཕམ་པའོ། །དེ་ཡང་དཀར་ནག་གི་ལས་འབྲས་དང་སྐྱེ་བ་སྔ་ཕྱི་མེད་དོ་ཞེས་སྐུར་པ་འདེབས་པའོ། །འདི་སྐྱེས་པ་ཙམ་ནས་དགེ་རྩ་གཅོད་པས་མི་དགེ་བ་བཅུ་བླངས་པ་དང་གཞན་ལེན་དུ་འཇུག་པ་ཡན་ལག་ཏུ་མི་དགོས་སོ། །ཕམ་པ་དྲུག་པ་ནི། གནས་འཇིག་པའི་ཕམ་པའོ། །འདི་ལ་གཉིས་ལས། གཞིག་པར་བྱ་བའི་གནས་ནི་གྲོང་དང་གྲོང་ཁྱེར་དང་ལྗོངས་དང་ཡུལ་འཁོར་གང་རུང་ངོ༌། །འཇིག་པར་བྱེད་པ་ལ་ཀུན་སློང་ནི། དེ་དག་གཞིག་པའི་བསམ་པ་ཉོན་མོངས་ཅན་ནོ། །སྦྱོར་


JLD001_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། འཇིག་པའི་ཐབས་གང་ཡང་རུང་བས་བཤིག་པའོ། །དང་པོ་ལྔ་རྒྱལ་པོའི་ལྟུང་བ་དང་དྲུག་པ་གཉིས་པར་བྱས་ནས་མཚམས་མེད་ཡན་ཆད་ལྔ་པོ་བློན་པོའི་ལྟུང་བ་མདོ་བཏུས་སུ་དྲངས་པ་ལྟར་མདོ་ན་ཡང་ཡོད་དོ། །འདི་ལ་གྲོང་ལ་སོགས་པ་ན་ཡོད་པའི་སེམས་ཅན་བཅོམ་པའི་རྩ་ལྟུང་ཡིན་ན་ནི་བརྡེག་པ་སོགས་ཀྱི་ཕམ་པས་བསྡུས་ལ་དེ་དག་ན་ཡོད་པའི་ལོངས་སྤྱོད་བཅོམ་པའི་རྩ་ལྟུང་ཡིན་ན་ཕམ་པ་དང་པོའམ་བཅུ་གསུམ་པར་འདུ་བས་འདི་ནི་གནས་འཇིག་པའོ། །དེ་ལ་ནི་གྲོང་འཇོམས་པ་སོགས་ཀྱི་རྩ་ལྟུང་བཞིའོ། །ཕམ་པ་བདུན་པ་ནི། སྣོད་མིན་ལ་ཟབ་མོ་བཤད་པའི་ཕམ་པའོ། །འདི་ལ་གསུམ་ལས་བསྟན་པར་བྱ་བའི་ཡུལ་ནི། ནན་ཏན་གྱིས་བློ་མ་སྦྱངས་པའི་སེམས་ཅན་ཏེ་སྟོང་ཉིད་བསྟན་ན་སྐྲག་པར་འགྱུར་བ་དང་རྫོགས་བྱང་དུ་སེམས་བསྐྱེད་པ་དང་ལྡན་པའོ། །གང་བསྟན་པར་བྱ་བ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དོ། །བསྟན་པས་ཇི་ལྟར་གྱུར་པ་ནི། དེ་ལྟར་སྟོང་པ་ཉིད་བསྟན་པས་སྐྲག་ནས་རྫོགས་བྱང་གི་སེམས་ལས་ཕྱིར་ལོག་སྟེ་ཐེག་དམན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །འདི་ནི་སྣོད་མ་བརྟགས་པ་ལ་ཡིན་གྱི་སྣོད་བརྟགས་པ་ན་རང་གིས་སྣོད་དུ་རུང་བར་ཤེས་ན་དངོས་པོ་ལ་དེ་ལྟར་མ་ཡིན་ཀྱང་ཕམ་པ་མི་སྐྱེད་དམ་སྙམ་མོ། །ཕམ་པ་བརྒྱད་པ་ནི། ཐེག་ཆེན་ལས་བཟློག་པའི་ཕམ་པའོ། །འདི་ལ་གཉིས་ལས་བཟློག་པར་བྱ་བ་ནི། སངས་རྒྱས་ཉིད་ལ་ཞུགས་པ་སྟེ་རྫོགས་བྱང་དུ་སེམས་བསྐྱེད་ནས་ཐེག་ཆེན་ལ་ཞུགས་པའོ། །


JLD001_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི་ཚུལ་ནི་ཁྱོད་ཀྱིས་ཕྱིན་དྲུག་ལ་སྤྱད་པར་མི་ནུས་འཚང་རྒྱ་བར་མི་ནུས་ཀྱིས་ཉན་རང་གི་ཐེག་པར་སེམས་བསྐྱེད་དང་འཁོར་བ་ལས་ཐར་བར་འགྱུར་རོ་ཞེས་ཟློག་པའོ། །འདི་ལ་ཟློག་པ་ཙམ་གྱིས་ཆོག་གམ་ལོག་པ་དགོས་ཤེ་ན། སྤྱོད་འཇུག་གི་འགྲེལ་ཆེན་དུ། ཐབས་དང་བཅས་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་སྟེ་ཐེག་པ་དམན་པ་ལ་གཞན་གྱི་སེམས་སྐྱེད་པར་བྱེད་པ་འདི་ནི་གཉིས་པའོ། །ཞེས་འབྱུང་བ་ལྟར་ན་ལོག་པ་དགོས་པ་འདྲའོ། །ཕམ་པ་དགུ་པ་ནི། སོ་ཐར་སྤོང་བའི་ཕམ་པའོ། །འདི་ལ་གཉིས་ལས་གོ་བར་བྱ་བའི་ཡུལ་ནི། སོ་སོར་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་ཚུལ་བཞིན་དུ་སློབ་པའོ། །གོ་བར་བྱེད་ཚུལ་ནི་འདུལ་བའི་ཚུལ་ཁྲིམས་དག་པས་ཅི་ཞིག་བྱ་རྫོགས་བྱང་དུ་སེམས་སྐྱེད་ལ་ཐེག་ཆེན་ལྷོགས་ཤིག་དང་ཉོན་མོངས་པའི་རྐྱེན་གྱིས་བྱུང་བའི་སྒོ་གསུམ་གྱི་ཉེས་སྤྱོད་ཐམས་ཅད་དག་པར་འགྱུར་རོ་ཞེས་སེམས་བསྐྱེད་དང་ཐེག་ཆེན་བཀླགས་པ་ཙམ་གྱིས་འདག་པར་སྨྲ་བའོ། །འདི་ལ་འགྱུར་རྙིང་ལས་སོ་ཐར་དང་སེམས་བསྐྱེད་ལས་བཟློག་ནས་ཐེག་ཆེན་ཀློག་པ་ལ་སྦྱར་བ་ཡོད་ཀྱང་འགྱུར་གསར་དང་ནམ་སྙིང་གི་མདོ་ལྟར་འབྱུང་བ་དག་སྟེ་སྤྱོད་འཇུག་གི་འགྲེལ་ཆེན་དུ། སོ་སོར་ཐར་པའི་བསླབ་པའི་སྡོམ་པ་སྤངས་ནས་ཐེག་པ་ཆེན་པོ་ལ་སེམས་བསྐྱེད་པ་ཙམ་དང་དེ་ཀློག་པས་ཕ་རོལ་དག་པར་བསྟན་པ་ལས་ནི་གསུམ་པའོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་བྱང་སེམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་བསླབ་པར་མི་བྱ་ཞེས་བཟློག་པ་ལ་ཉེས་


JLD001_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སུ་བཤད་པ་ཅི་ཞེ་ན། ཉེས་བྱས་ནི་གོ་བར་བྱས་པ་ཙམ་ཡིན་ལ་ཕམ་པ་ལ་ནི་བཟློག་པ་བཞིན་དུ་ལོག་པ་དགོས་པར་མངོན་ནོ། །ཕམ་པ་བཅུ་པ་ནི། ཉན་ཐོས་ཀྱི་ཐེག་པ་ལ་སྐུར་པ་འདེབས་པའི་ཕམ་པའོ། །འདི་ལ་གཉིས་ལས་སྐུར་པ་གདབ་བྱའི་ཡུལ་ནི། སློབ་པའི་ཐེག་པ་ཞེས་ནི་སློབ་མའི་ཐེག་པ་སྟེ་ཉན་ཐོས་ཀྱི་ཐེག་པ་ལ་བཤད་ཀྱང་རང་རྒྱལ་དང་འདྲ་བས་དེ་གཉིས་གང་རུང་ངམ་སྤྱི་ལའོ། །སྐུར་པ་འདེབས་པའི་ཚུལ་ནི། ཐེག་པ་དེ་དག་ལ་ཇི་ཙམ་བསླབས་ཀྱང་ཉོན་མོངས་པ་མཐར་འབྱིན་པའམ་མ་ལུས་པར་སྤོང་མི་ནུས་ཞེས་བསམ་པ་ཐག་པ་ནས་སྐུར་པ་འདེབས་པའོ། །འདིར་མདོ་ལས་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པའི་གཏམ་མ་ཉན་ཅིག་གཞན་དག་ལ་ལུང་མ་འབོགས་ཤིག་གཏམ་དེ་ཆོམས་ཤིག་ཅེས་དང༌། ཐེག་ཆེན་གྱི་གཏམ་ཉིད་ལ་དད་པར་གྱིས་ཤིག་ཅེས་སོགས་འབྱུང་ཡང་ཡན་ལག་ཏུ་མི་དགོས་ཏེ་མདོ་ལས། དེ་ལྟར་སྨྲས་པའི་ཚེ་ཡུལ་དེས་དེ་ལ་མཉན་ཏེ་དེ་འདྲ་བའི་ལྟ་བ་བླངས་པ་ཙམ་གྱིས་ཡུལ་ལ་ཡང་རྩ་ལྟུང་དུ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཕ་རོལ་དག་ཀྱང་འཛིན་འཇུག་དང༌། ཞེས་པ་ཡན་ལག་ཏུ་མི་གཟུང་ངོ༌། །འདིར་ཡུལ་ལ་རྩ་ལྟུང་བཤད་པ་ལྟར་རྩ་ལྟུང་བདུན་པ་དང་བརྒྱད་པའི་སྐབས་སུ་ཡང་ཡུལ་དེ་སྡོམ་ལྡན་ཡིན་ན་བྱང་ཆུབ་སེམས་འདོར་གྱི་རྩ་ལྟུང་འབྱུང་མོད་ཀྱང་དེ་ནི་འོག་ཏུ་སྟོན་པས་དེ་དག་གི་རྩ་ལྟུང་ལ་མི་བགྲང་ངོ༌། །ཕམ་པ་འདི་དང་ཕམ་པ་གཉིས་པའི་ཉན་རང་གི་ཆོས་སྤངས་པ་གཉིས་ནི་མི་


JLD001_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་སྟེ་སྔ་མ་ལུང་ཡིན་ལ་འདི་རྟོགས་པ་ཡིན་པ་དང་སྔ་མ་ནི་རྒྱལ་བས་མ་གསུངས་ཞེས་སྤོང་ལ་འདི་ནི་སྲིད་པའི་རྩ་བ་གཅོད་མི་ནུས་པས་འཁོར་བ་ལས་འབྱུང་བར་མི་ནུས་ཞེས་སྤོང་བའི་ཕྱིར་རོ། །ཕམ་པ་བཅུ་གཅིག་པ་ནི། བདག་བསྟོད་གཞན་སྨོད་ཀྱི་ཕམ་པའོ། །འདི་ལ་བཞི་ལས་སྨྲས་སའི་ཡུལ་ནི། དེ་དག་ལ་འདུད་པ་དེ་རྣམས་ལ་ཡང་ཕྲག་དོག་གི་རྒྱུས་བདག་བསྟོད་ཅིང་ཞེས་བསླབ་བཏུས་སུ་དྲངས་པས་སྨད་ས་ལ་འདུན་པའི་གང་ཟག་དང༌། ཡང་ཞེས་པ་གཞན་སྨོད་བྱས་ཡུལ་དུ་བྱས་པ་ལ་བསྟོད་སྨད་བྱས་པར་མ་ཟད་ཅེས་པའི་དོན་དུ་སྣང་པས་སྨད་བའི་གང་ཟག་གང་རུང་ངོ༌། །མདོ་ཟུར་དུ་བསྒྱུར་བ་ལས་དེ་དག་ལ་འདུད་པ་ཞེས་པ་མ་བྱུང་ཡང་ཡོད་པར་གསལ་ལོ། །ཅི་ཞིག་སྨྲས་པ་ཡིན་ཞེ་ན། རང་གི་ཡོན་ཏན་དང་གཞན་གྱི་མི་བསྔགས་པ་བརྗོད་པའོ། །བརྗོད་ཚུལ་ནི། རྙེད་བཀུར་དང་ཚིགས་བཅད་ཀྱི་ཕྱིར་དུ་ཐེག་ཆེན་འདོན་པ་དང་ཀློག་པ་དང་སྟོན་པ་སོགས་བྱེད་བཞིན་དུ་བདག་ནི་རྙེད་བཀུར་སོགས་ལ་མི་ལྟ་བའི་ཐེག་ཆེན་པ་ཡིན་གྱི་གཞན་ནི་མིན་ནོ་ཞེས་ལྕེ་གཉིས་བྱེད་པའོ། །མདོར་མི་ཆོས་བླ་མ་སྒྲོགས་པའི་བདག་བསྟོད་གསུངས་པ་འོག་མའི་སྐབས་ཀྱི་མི་ཆོས་བླ་མ་མ་གཏོགས་པ་སྟེ་འདི་དང་གོང་མ་གཉིས་བདག་བསྟོད་ཀྱི་ཕྱོགས་ཙམ་མཚོན་བྱེད་དོ། །ཀུན་སློང་ནི་རྙེད་བཀུར་ལ་ཆགས་པའི་དབང་གིས་གཞན་གྱི་རྙེད་བཀུར་ལ་ཕྲག་དོག་པའོ། །མདོ་ལས་ཕྲག་དོག་གི་དབང་གིས་སྨྲས་བར་སྐབས་བཞིར་གསུངས་སོ། །སློབ་དཔོན་ཞི་བ་ལྷས་བྱང་སར་བཤད་པའི་ཕམ་པ་རྣམས་དྲངས་


JLD001_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ་ཕམ་པ་དང་པོ་མ་དྲངས་པ་ནི་འདིར་བསྟན་པའི་ཕམ་པ་དང་དོན་གཅིག་པར་བཞེད་པས་ན་བྱང་སར་གསུངས་པའི་དོན་འདིར་བཤད་པ་ལྟར་བྱ་དགོས་པ་འདྲ་སྟེ། བྱང་སའི་སྒྲ་ཟིན་ལྟར་བྱེད་ན་འདིར་དེ་མ་འདུས་པས་བྱང་སའི་དྲང་དགོས་སམ་སྙམ་མོ། །འོན་ཀྱང་བསྟོད་སྨད་སོ་སོར་འཕྲལ་བ་དང་རྙེད་བཀུར་གང་རུང་ལ་ཆགས་པས་ཆོག་པ་སྔར་བཤད་པ་ལྟར་རོ། །བསྟོད་སྨད་ལ་བདེན་རྫུན་གང་ཡིན་པ་ནི། མདོ་ལས་ནི་མདོར་བསྟན་དུ་ལྕེ་གཉིས་བྱེད་པ་ཡིན་ཏེ་ཞེས་པ་དང༌། དོན་བསྡུར་རྫུན་གྱི་རྐྱེན་གྱིས་ལྕི་བ་ཆེན་པོའི་ལྟུང་བ་འབྱུང་སྟེ། ཞེས་གསུངས་ཤིང་ས་མུ་དྲས་བྱས་ཟེར་པ་ལས་ཀྱང་མེད་བཞིན་དུ་ཡོན་ཏན་དང་སྐྱོན་བརྗོད་པ་ལ་བཤད་པ་དང་འགྲེལ་པ་གསར་མ་ལས་ཀྱང༌། བསྟོད་པ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་བསྟོད་པ་བྱེད་པ་སྟེ་ལོག་པར་བསྟོད་ཅིང་ཞེས་འབྱུང་བའི་ཚིག་སྔ་མས་བདེན་རྫུན་འདྲ་བར་བསྟན་པ་ལྟར་སྣང་ན་ཡང་ཚིག་ཕྱི་མ་ལྟར་ན་སྔ་མའི་དོན་ཡོན་ཏན་མཆོག་དམན་ལ་བྱས་ནས་ཕྱི་མའི་དོན་བརྫུན་གྱིས་སྨྲས་པ་ལ་བྱ་དགོས་པ་འདྲའོ། །ཕམ་པ་བཅུ་གཉིས་པ་ནི། མི་ཆོས་བླ་མ་བརྫུན་སྨྲའི་ཕམ་པའོ། །འདི་ལ་གཉིས་ལས་སྨྲ་བའི་ཡུལ་ནི། དོན་གོ་བའི་གང་ཟག་གོ། །སྨྲ་ཚུལ་ནི། སྟོང་པ་ཉིད་ཀྱི་ཆོས་བསྟན་ནས་འདི་ནི་ཁོ་བོས་མངོན་སུམ་དུ་བྱས་ནས་ཁྱོད་ལ་སྙིང་བརྩེ་བས་བསྟན་གྱི་ཁྱོད་ཀྱིས་ཀྱང་འདི་མངོན་སུམ་དུ་འགྱུར་བ་དེ་ལྟར་སྒོམས་ཤིག་དང་ཁོ་བོ་དང་འདྲ་བར་འགྱུར་རོ། །ཞེས་སྨྲ་བའོ། །


JLD001_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དེ་ལྟ་བུའི་རྟོགས་པ་མེད་བཞིན་དུ་ཕྲག་དོག་མ་གཏོགས་པའི་ཉོན་མོངས་པ་ཅན་གྱི་བསམ་པས་རྫུན་དུ་སྨྲ་བ་སྟེ་ཕ་རོལ་པོས་དོན་གོ་བ་ནའོ། །འདི་ལ་ནི་རྟེན་དེ་བྱང་སེམས་ཀྱི་སྡོམ་ལྡན་དགེ་སློང་ལྟ་བུ་ཡིན་ན་ཕམ་པ་གཉིས་ཀ་འབྱུང་བའི་གོ་སྐབས་ཡོད་དོ། །སྤྱོད་འཇུག་གི་འགྲེལ་ཆེན་དུ། བཀླགས་པ་ཙམ་གྱིས་ཟབ་མོའི་ཆོས་རྟོགས་པར་སྟོན་པ་དང་གཞན་དག་ཀྱང་དེ་བཞིན་དུ་ཡང་དག་པར་ལེན་དུ་འཇུག་པ་ལས་རྩ་ལྟུང་དུ་འཆད་པ་ནི་མདོ་དང་འགལ་བར་སྣང་ངོ༌། །ཕམ་པ་བཅུ་གསུམ་པ་ནི། དཀོན་མཆོག་གི་དཀོར་ལེན་པའི་ཕམ་པའོ། །འདི་ནི་མདུན་ན་འདོན་དང་བློན་པོ་སོགས་ཀྱིས་རྒྱལ་རིགས་རྣམས་ལ་བརྟེན་ནས་དགེ་སྦྱོང་ལ་ནོར་གྱི་ཆད་པས་གཅོད་ལ། དེ་ལྟར་བྱས་པ་ན་དེ་དག་གིས་གང་ཟག་གིའམ་དགེ་འདུན་གྱིའམ་ཕྱོགས་བཞིའི་དགེ་འདུན་གྱིའམ་མཆོད་རྟེན་གྱི་ཡོ་བྱད་དག་རྐུར་བཅུག་ནས་དེ་དག་ལ་གསུག་ཏུ་འབུལ་ལོ། །དེ་དག་གིས་ཀྱང་རྒྱལ་རིགས་ལ་འབུལ་ཏེ་རྒྱལ་པོ་དང་བློན་པོ་སོགས་གཉིས་ཀ་ལ་རྩ་ལྟུང་ངོ༌། །དེ་ལ་དགེ་སྦྱོང་ཆད་བས་བཅད་པའི་རྩ་ལྟུང་ནི་ལྟུང་གསུམ་པར་འདུ་ཞིང་དཀོན་མཆོག་གསུམ་གྱི་ནོར་ལེན་པའི་རྩ་ལྟུང་ནི་རྩ་ལྟུང་དང་པོར་འདུ་བས་འདི་ནི་བྱིན་པ་ལེན་པའི་རྩ་ལྟུང་ངོ༌། །འོན་ཀྱང་རྩ་ལྟུང་དང་པོ་ནི་རང་གིས་བརྐུས་པའམ་རྐུར་བཅུག་པ་ཡིན་ལ་འདི་ནི་གཞན་ལ་ནོར་གྱི་ཆད་པས་བཅད་པ་ན་དེས་བརྐུས་པའམ་རྐུར་བཅུག་པའི་དཀོར་བླངས་པའི་ལྟུང་བའོ། །འདིར་དགེ་སློང་གཅིག་གམ་གཉིས་སམ་གསུམ་ལྟ་བུའི་གང་ཟག་གི་དཀོར་བཤད་པ་ནི་ཁྱད་པར་རོ། །ལྷག་མ་ནི་སྔར་བསྟན་


JLD001_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ཅི་རིགས་སུ་སྦྱར་རོ། །ཕམ་པ་བཅུ་བཞི་པ་ནི། ཁྲིམས་ངན་འཆའ་བ་སོགས་ཀྱི་ཕམ་པའོ། །འདི་ལ་གཉིས་ལས་ཁྲིམས་ངན་འཆའ་བ་ལ་ཁྲིམས་འཆའ་བའི་ཡུལ་ནི། ཆོས་སྤྱོད་པའི་དགེ་སློང་རྣམས་སོ། །ཁྲིམས་ཇི་ལྟར་བཅས་པ་ནི། དེ་དག་རྣམས་ལ་བརྩེ་བའི་བསམ་པས་ཞི་གནས་དང་ལྷག་མཐོང་དང་མཐུན་པའི་ཡིད་བྱེད་འདོར་བ་དང་ཉོན་མོངས་པ་མང་དུ་འགྱུར་བའི་ཁྲིམས་བཅས་པའོ། །ཡང་དག་འཇོག་གི་ལོངས་སྤྱོད་མ་བྱིན་པར་བླངས་པ་ལ་བཞི་ལས་རྫས་བདག་ནི། སྤོང་བ་ལ་བརྩོན་པའི་དགེ་སློང་ངོ༌། །འདིའི་རྫས་བདག་འཕགས་པ་དང་དགེ་འདུན་དུ་ལོངས་པ་ཡིན་ན་ཕམ་པ་དེ་རྩ་ལྟུང་དང་པོར་འགྱུར་བས་འཕགས་པ་མ་ཡིན་ཞིང་བཞིར་མ་ལོངས་པའོ། །རྫས་ནི་དེ་དག་གི་ལོངས་སྤྱོད་གང་ཡང་རུང་བའོ། །བསམ་པ་ནི་དེ་དག་ལ་སྡང་བའི་བསམ་པའོ། །སྦྱོར་བ་ནི། དེ་དག་གི་རྫས་མ་བྱིན་པར་བླངས་ནས་ཁ་ཏོན་པ་ལ་སྦྱིན་པའོ། །མདོ་ལས་དེ་གཉིས་ཀ་ལ་རྩ་ལྟུང་དུ་གསུངས་པའི་གཉིས་ནི་རྒྱལ་རིགས་དང་དེ་ལ་སྤོང་བ་བའི་མི་སྙན་པ་བརྗོད་པའི་དགེ་སྦྱོང་ངོ༌། །འདི་ཁ་ཏོན་པ་ལ་རྩ་ལྟུང་དུ་སྨྲ་བ་ནི་མདོ་དང་འགལ་ལོ། །དེ་དག་ཅེས་པ་ནི་རྩ་ལྟུང་ཚན་པ་ཕྱི་མ་བརྒྱད་ཀྱི་མཐར་སྦྱར་ཏེ་བརྒྱད་པོ་དེ་ལ་མདོ་ལས་ལས་དང་པོ་པའི་ལྟུང་བ་ཞེས་གསུངས་སོ། །སེམས་ཅན་ཞེས་པ་ནི་དེ་དག་གི་ཉེས་དམིགས་སོ། །རྨི་ལམ་ཞེས་པ་ནི་ལྟུང་བ་ལས་ལྡང་བའི་ཐབས་ཏེ་བསླབ་བཏུས་སུ་བལྟའོ། །གལ་ཏེ་རྩ་ལྟུང་བྱུང་ན་སྡོམ་པ་སླར་ཡང་བླང་བར་བྱ་ཞེས་གསུངས་པ་ལྟར་བྱ་དགོས་པ་མ་


JLD001_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ་བཤགས་པ་འདིས་ཇི་ལྟར་ལྡང་བར་ནུས་ཤེ་ན། བཤགས་པ་དེས་མདོ་ནས་འབྱུང་བ་ལྟར་ངན་སོང་དུ་འགྲོ་བ་བཟློག་ནུས་ཀྱང་སོར་ཆུད་པ་ལ་ནི་སྡོམ་པ་བཟུང་དགོས་སོ། །དེ་ཡང་བསླབ་བཏུས་སུ་ཐབས་ལ་མཁས་པའི་མདོ་དྲངས་པའི་སྐབས་སུ་རྩ་ལྟུང་བྱུང་ཡང་སླར་གསོར་རུང་བ་བཤད་པའི་སྐབས་ལས་ཤེས་པས་སྐབས་འདིར་མ་སྨོས་སོ། །རྣམ་གྲངས་གཞན་ཡང་ལྟུང་བ་འདི་དག་གི་ཐུན་མོང་གི་ཡན་ལག་ཀུན་དཀྲིས་ཆེན་པོའི་ཆོས་རྣམས་མ་ཚང་ན་ཕམ་པའི་སྡེ་ཚན་དུ་གཏོགས་པའི་ཟག་པ་ཆུང་འབྲིང་གི་ལྟུང་བ་བཤགས་བྱ་ཡིན་པའི་ཕྱིར་ཡང་བཤགས་པས་དེ་ལས་ལྡང་བར་བསྟན་ཏེ་འཆད་པར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་འདོར་བ་ནི། སྨོན་སེམས་དོར་བའོ། །དེ་ལ་རྩ་ལྟུང་དུ་ཐབས་ལ་མཁས་པའི་མདོ་ནས་གསུངས་ལ་རྩ་ལྟུང་འདི་སྐྱེད་པའི་རྟེན་ལ་བྱང་སེམས་ཀྱི་སྡོམ་ལྡན་དགོས་པས་སེམས་དོར་བའི་སྐད་ཅིག་དང་པོ་ལ་སྡོམ་པ་ཡོད་ལ་གཉིས་པ་ནས་སྡོམ་པ་གཏོང་བ་ཡིན་གྱི་དོར་བ་ཙམ་ནས་བྱང་སེམས་མ་ཡིན་པར་མི་འགྱུར་རོ། །ལོག་ལྟ་སྐྱེས་པ་ལ་ཡང་དེ་བཞིན་ཤེས་པར་བྱའོ། །དེའི་ཕྱིར་དེ་གཉིས་ལ་ནི་བྱུང་བ་ཙམ་གྱིས་རྩ་ལྟུང་དུ་འགྱུར་བས་ཐུན་མོང་གི་ཡན་ལག་ཀུན་དཀྲིས་ཆེན་པོ་ལ་ལྟོས་མི་དགོས་ལ་གཞན་ལ་ནི་དགོས་ཏེ་འཆད་པར་འགྱུར་རོ། །ཆགས་དང་སེར་སྣ་ཞེས་པའི་རྐང་པ་གཉིས་ཀྱིས་ནི་ཆོས་དང་ནོར་སློང་བ་ལ་མི་སྦྱིན་པ་གཉིས་བསྟན་ལ་བསྒྲིགས་ཏེ་ཞེས་སོགས་རྐང་པ་གསུམ་ཡང་འགྱུར་གྱི་ཁྱད་པར་དང་བཅས་ཏེ་བརྗོད་ཟིན་ཏོ། །ཉོན་མོངས་པ་ཞེས་པའི་རྐང་པ་དང་པོ་ནི་ཐུབ་པ་དགོངས་རྒྱན་དུ་དྲངས་པའི་འགྱུར་འགའ་ཞིག་


JLD001_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཉོན་མོངས་པས་གཞན་རྗེས་ཞུགས་པས། ཞེས་འབྱུང་བ་ལེགས་ཏེ་བྱང་སར་བདག་ཉིད་དམ་གཞན་དག་གི་གཡམ་ལ་དམ་པའི་ཆོས་ལྟར་བཅོས་པ་ལ་མོས་ནས་ཞེས་འབྱུང་བས། ཉོན་མོངས་པས་ཆོས་ལྟར་བཅོས་པ་བརྗོད་པ་ཞེས་སྦྱར་བ་ནི་བདག་གི་ཚུལ་མིན་ཡིད་བྱེད་ཀྱི་ཡིན་ལ་གཞན་གྱི་རྗེས་སུ་ཞུགས་པས་ཆོས་ལྟར་བཅོས་པ་བརྗོད་པ་ཞེས་སྦྱར་བ་ནི་གཞན་གྱི་གཡམ་རྒྱུགས་བྱེད་པ་ཡིན་པའི་ཕྱིར་རོ། །ཕམ་པའི་བྱེད་པའམ་ཉེས་དམིགས་ནི། ཕམ་པའི་གནས་ལྟ་བུའི་ཆོས་དེ་དག་ལས་གང་རུང་ཞིག་བྱས་ན་ཡང་ཚེ་འདི་ལ་བྱང་ཆུབ་ཀྱི་ཚོགས་རྒྱ་ཆེན་པོ་གསོགས་པ་དང་ཡོངས་སུ་འཛིན་པའི་སྐལ་བ་མེད་པར་འགྱུར་ན་ཐམས་ཅད་བྱས་ན་ལྟ་ཅི་སྨོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པར་འགྱུར་བའི་སྐལ་བ་ཡང་མེད་དེ་བྱང་སེམས་ལྟར་བཅོས་པ་ཡིན་གྱི་ཡང་དག་པའི་བྱང་སེམས་མིན་ནོ། །དེ་ལ་གསོགས་པ་ནི་འཕེལ་བར་འགྱུར་བ་དང་ཡོངས་སུ་འཛིན་པ་ནི་སྐྱེད་པར་བྱེད་པ་ལ་སློབ་དཔོན་ཡོན་ཏན་འོད་ཀྱིས་བཤད་དོ། །འགྲེལ་པ་གཞན་རྣམས་ནི་སའི་རྟོགས་པ་དང་ཉེ་བའི་ཚོགས་བསག་པའི་མཐུ་མེད་པ་ལ་འཆད་དོ། །བསམ་པ་རྣམ་པར་དག་པ་ནི་འགྲེལ་པ་ཐམས་ཅད་ཀྱིས་ས་ཐོབ་པ་ལ་བཤད་དེ་ས་དང་པོའོ། །མདོར་ན་ཕམ་པ་གཅིག་བྱུང་ན་ཡང་ཚེ་དེ་ལ་ས་དང་པོ་ཐོབ་པ་མི་སྲིད་ཅིང་དེ་དང་ཉེ་བའི་རྒྱུ་ཚོགས་རྒྱ་ཆེན་པོ་སྔར་ཡོད་འཕེལ་བ་དང་སྔར་མེད་སྐྱེད་པའི་སྐལ་བ་མེད་ན་ཕམ་པ་ཡང་དང་ཡང་དུ་བྱུང་ན་ལྟ་ཅི་སྨོས། དེའི་པྱིར་ཕམ་པ་བྱུང་ཡང་བྱང་སེམས་ཀྱི་སྡོམ་པ་བླང་དུ་ཡོད་པས་སྙམ་དུ་མི་


JLD001_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་རྩ་ལྟུང་གིས་གཏན་མ་གོས་པ་ལ་སྲོག་བསྡོས་བྱའོ། །སྤྱོད་འཇུག་ལས་ཀྱང༌། དེ་ལྟར་ལྟུང་བ་སྟོབས་ལྡན་དང༌། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། ཞེས་གསུངས་སོ། །ཕམ་པ་བཞི་ནི་གཞུང་འདིར་འབྱུང་བ་ཙམ་ཡིན་པས་བསླབ་བཏུས་ནས་གསུངས་པའི་ཕམ་པ་རྣམས་ཀྱང་བྱེད་ལས་འདི་དང་འདྲའོ། །ནམ་མཁའི་སྙིང་པོའི་མདོ་ལས་ཀྱང་ཉེས་དམིགས་གསུངས་ཏེ་ཇི་སྐད་དུ། རྩ་བའི་ལྟུང་བ་དེ་དག་གིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་དང་པོ་པ་འཁྲུལ་པ་རྣམས་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ་ཕམ་པར་གྱུར་ཅིང་ལྷ་དང་མི་དང་ཐེག་པ་ཆེན་པོའི་བདེ་བའི་གནས་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར། ཡུན་རིང་པོར་འཁོར་བ་ན་འཁོར་བར་འགྱུར་དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་རོ་ཞེས་གསུངས་སོ། །ཀུན་དཀྲིས་ཀྱི་དབྱེ་བ་ལ་ཀུན་དཀྲིས་ཇི་ལྟ་བུས་མི་གཏོང་ལ་ཇི་ལྟ་བུས་གཏོང་བའི་ཚུལ་ནི། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་གི་ཀུན་ནས་དཀྲིས་པ་ཆུང་ངུ་དང་འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བཏང་པར་མ་འགྱུར་ལ་ཀུན་དཀྲིས་ཆེན་པོས་ནི་གཏོང་ངོ༌། །དེ་ལ་ཕམ་པའི་གནས་ལྟ་བུ་ནི་སྔར་བཤད་པའི་བསམ་པའི་སྒོ་ནས་བཞི་དང་སྦྱོར་བའི་སྒོ་ནས་བརྒྱད་དུ་བྱས་པ་རྙེད་བཀུར་ལ་ཆགས་པ་སོགས་སོ། །འདི་བརྒྱད་མཚོན་བྱེད་ཡིན་ཏེ་བསླབ་བཏུས་སུ་གསུངས་པ་རྣམས་ལ་ཡང་ཀུན་དཀྲིས་ཆེན་པོ་མ་ཚང་ན་ཕམ་པར་མ་འགྱུར་ཏེ་དེར་གསུངས་པའི་མཚམས་མེད་ལས་ཀྱང་ཁ་ན་མ་ཐོ་བ་ཆེ་བའི་ཐེག་ཆེན་


JLD001_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་དང་སྙེད་བཀུར་ལ་ཆགས་ནས་བདག་བསྟོད་གཞན་སྨོད་ལ་འདིར་ཀུན་དཀྲིས་ཆེན་པོ་མ་ཚང་ན་ཕམ་པར་མི་འགྱུར་བར་གསུངས་པའི་ཕྱིར་གཞན་ལ་ཡང་དེ་དགོས་པར་གསལ་ལོ། །འོན་ཀྱང་ལོག་ལྟ་སྐྱེས་པ་དང་བྱང་ཆུབ་ཀྱི་སེམས་དོར་བ་ལ་དེ་དག་སྐྱེས་པ་ཙམ་གྱིས་ཆོག་གི་ཀུན་དཀྲིས་ཆེན་པོ་ཚང་མི་དགོས་ཏེ་བཤད་ཟིན་ཏོ། །དེས་ན་ནམ་སྙིང་གི་མདོར་གསུངས་པ་ཀུན་དཀྲིས་ཆེན་པོ་མ་ཚང་བ་རྣམས་ཟག་པ་ཆུང་འབྲིང་གང་རུང་དུ་ཤེས་པར་བྱ་སྟེ་ཕམ་པའི་སྡེ་ཚན་ལ་ཕམ་པར་མ་སོང་བ་རྣམས་ཟག་པ་ཆུང་འབྲིང་དུ་གཞུང་འདིར་གསུངས་པའི་ཕྱིར་རོ། །ཀུན་དཀྲིས་ཆེན་པོ་ངོས་གཟུང་བ་ནི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང་དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང་དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །འདི་ལ་ཡན་ལག་བཞི་ཡོད་པ་ལས་དང་པོ་ནི། ཕམ་པ་ཞེས་པ་ནས་སྤྱོད་པ་དང་ཞེས་པའི་བར་ཏེ་ཆོས་བཞི་ཞེས་པ་ནི་འགྲེལ་པ་ཁ་ཅིག་འཆད་པ་ལྟར་བཞི་ཀ་ཚང་བ་མི་དགོས་ཀྱང་གང་རུང་གཅིག་གོ། །རྒྱུན་མ་ཆད་ཅེས་པ་ལ་བོད་ཁ་ཅིག་ལན་གཉིས་ཡན་ཆད་བྱས་པ་ལ་འདོད་པ་དང་ཁ་ཅིག་སྦྱོར་དངོས་མཇུག་གསུམ་ཚང་བ་ལ་འདོད་པ་ཡོད་ཀྱང་འགྲེལ་པ་གང་ནས་ཀྱང་མ་བཤད་ཅིང་དོན་ལ་ཡང་མི་ཐོབ་པས་དོར་བར་བྱའོ། །དེས་ན་ཕམ་པར་འགྲོ་རྒྱུ་དེ་རྣམས་གང་རུང་ཞིག་སྤྱད་ཅིང་ད་དུང་དེ་ལ་ཕྱི་ཕྱིར་རམ་སླར་ཡང་སྤྱོད་འདོད་ཡོད་པ་ནི་སྔ་མ་དེ་རྒྱུན་


JLD001_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆད་པའི་དོན་ཏེ་འགྲེལ་པ་གསར་མ་ལས། ཉོན་མོངས་དྲག་པོ་ནི་ཟག་པ་རྣམས་ཕྱིར་ཞིང་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་ཀྱང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང༌། ཞེས་གསུངས་ལས་མུ་དྲའི་འགྲེལ་པ་ལས་ཀྱང༌། དེ་བཞི་འམ་བཞི་ལས་གང་ཡང་རུང་བ་ལ་ཕྱི་ཕྱིར་ཞིང་སྤྱོད་པར་བྱེད་འདོད་དེ་ཞེས་འབྱུང་བ་ལྟར་རོ། །རྒྱ་མཚོ་སྤྲིན་དང་ཛི་ན་སུ་ཏྲས་ཕམ་པའི་གནས་ལྟ་བུའི་ཆོས་རྣམས་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པས་ནི་དེ་ལྟར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམས་པ་ཐམས་ཅད་དུ་ཉམས་པར་བྱས་པར་འགྱུར་ཏེ་དེའི་ཕྱིར་ཆུང་ངུ་ཙམ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་རྒྱུན་མི་ཆད་དུ་སྤྱོད་པ་ངོ་ཚ་ཁྲེལ་ཡོད་ཉམས་པའི་རྒྱུར་བསྟན་ཏེ་དོན་ནི་སྔ་མ་གཉིས་དང་འདྲའོ། །འགྲེལ་པ་ཁ་ཅིག་གིས་ཐུན་ཚོད་ལས་མ་འདས་པ་ལ་འདོད་པ་ནི་འོག་ཏུ་བཤད་དོ། །ཡན་ལག་གཉིས་པ་ནི། ངོ་ཚ་ཤེས་པ་ཞེས་པ་ནས་མི་སྐྱེད་པ་དང་ཞེས་པའི་བར་རོ། །དེ་ལ་ངོ་ཚ་དང་ཁྲེལ་ཡོད་ནི་བྱང་ས་ལས། བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པ་ན་བདག་གི་ཆ་མ་ཡིན་པར་ཤེས་ནས་འཛེམ་པ་ནི་ངོ་ཚ་ཤེས་པའོ། །དེ་ཉིད་ལ་གཞན་དག་ལ་འཇིགས་ཤིང་གུས་པས་འཛིན་པ་ནི་ཁྲེལ་ཡོད་པའོ་ཞེས་གསུངས་པའོ། །འདི་གཉིས་ཀྱི་དམིགས་པ་ནི་ཉེས་པར་སྤྱད་པའོ། །རྣམ་པ་ནི་འཛེམ་པར་བྱེད་པའོ། །ཁྱད་པར་ནི་འདི་ནི་བདག་གི་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས་རང་རྒྱུ་མཚན་དུ་བྱས་ཏེ་འཛེམ་ན་ངོ་ཚ་ཤེས་པ་དང་གཞན་གྱིས་སྨོད་ན་མི་རུང་ངོ་ཞེས་གཞན་རྒྱུ་མཚན་དུ་བྱས་ཏེ་འཛེམ་ན་ཁྲེལ་ཡོད་དོ། །འདི་གཉིས་ཆེན་པོ་དང་འབྲིང་ལྟ་ཞོག་ཆུང་ངུ་ཙམ་ཡང་མ་སྐྱེས་པ་སྟེ་གང་ལ་


JLD001_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པའི་གཞི་ནི་ཕམ་པར་འགྲོ་རྒྱུའི་ཉེས་སྤྱོད་ལ་ཞུགས་པ་ལའོ། །ཕམ་པར་འགྲོ་བ་ལ་དེ་གཉིས་ཀ་མི་སྐྱེད་པ་ཞེས་གསུངས་པས་ངོ་ཚ་དང་ཁྲེལ་ཡོད་གང་རུང་ཞིག་ཆུང་ངུ་ཙམ་ཞིག་སྐྱེས་ཀྱང་ཕམ་པར་མི་འགྱུར་རོ། །འོ་ན་དེ་གཉིས་སྐྱེས་པ་དང་མ་སྐྱེས་པའི་དུས་གང་ཡིན་ཞེ་ན། ཕམ་པར་འགྲོ་རྒྱུའི་ཉེས་སྤྱོད་ལ་ཞུགས་པའི་དེ་མ་ཐག་ཡིན་གྱི་ཐུན་ཚོད་ཀྱི་ནང་ཚུན་ཆད་དུ་འདོད་པ་མི་འཐད་དེ་འཆད་པར་འགྱུར་རོ། །ཡན་ལག་གསུམ་པ་ནི། དེས་མགུ་ཞེས་པ་ནས་དགའ་བ་ཞེས་པའི་བར་རོ། །འདི་ལ་རྒྱ་མཚོ་སྤྲིན་དང་ཛི་ན་སུ་ཏྲས་ངོ་ཚ་མེད་པ་དེས་ཀྱང་མགུ་བར་བྱེད་ཅེས་གསུངས་ཏེ་གཞི་གང་ལ་ངོ་ཚ་མི་སྐྱེ་བའི་ཉེས་སྤྱོད་དེས་མགུ་བའམ་ཡང་ན་ངོ་ཚ་དང་ཁྲེལ་མེད་པ་དེས་བྱ་བ་དེ་ལ་མགུ་བ་སྐྱེད་པར་བྱེད་པ་ལ་བྱ་སྟེ་ས་མུ་དྲས། ངོ་ཚ་དང་ཁྲེལ་མེད་པ་ཉིད་ཀྱིས་རངས་ཏེ་དགའ་བར་བྱེད། ཅེས་འཆད་པ་ལྟར་རོ། །ཉེས་སྤྱོད་ལ་ཞུགས་པ་ལ་འཛེམ་པ་མི་སྐྱེས་པ་ཙམ་གྱིས་མི་ཆོག་བྱ་བ་དེས་རང་གི་ཡིད་མགུ་བ་ཞིག་དགོས་ཞེས་པའོ། །དེ་ལ་དགའ་བ་ནི་ཉེས་སྤྱོད་དེ་ཀུན་ཏུ་སྤྱོད་པ་མི་སྤོང་པ་ལ་རྒྱ་མཚོ་སྤྲིན་དང་ཛི་ན་སུ་ཏྲ་གཉིས་ཀས་བཤད་དོ། །འདི་རྣམས་སྔ་མ་རྣམས་གཞིར་བཞག་ནས་ཕྱི་མ་མ་ཚང་ན་ཀུན་དཀྲིས་ཆེན་པོའི་ཡན་ལག་མི་ཚང་བས་སྣོན་པ་བྱེད་པ་ཡིན་པ་ལ། མི་སྤོང་བ་མེད་ན་སྤོང་བར་འགྱུར་ལ་སྤོང་ན་ནི་འཛེམ་པའི་བློ་སྐྱེ་བས་ཡན་ལག་གཉིས་པ་ཡང་མ་ཚང་བར་འགྱུར་རོ་ཞེ་ན། མི་སྤོང་བ་ནི་ཉེས་དམིགས་སུ་བལྟས་ནས་མི་སྤོང་བ་ལ་མི་བྱེད་དོ། །འོ་ན་གང་ཞེ་ན་འདི་ལ་སློབ་དཔོན་ཡོན་ཏན་འོད་ཀྱིས།


JLD001_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་བ་ནི་བསམ་པ་ཐག་པ་ནས་དགའ་བ་སྐྱེད་པ་དང་དགའ་བ་སྦྱོར་བའི་སྒོ་ནས་གནས་པ་ལ་འཆད་པ་ལྟར་མགུ་བ་ནི་ཉེས་སྤྱོད་དེ་ལ་དགའ་བ་ཡིན་ལ་དགའ་བ་ནི་ཉེས་སྤྱོད་དེ་སྒྲུབ་པའི་སྦྱོར་བ་ལ་དགའ་བ་ཙམ་ལ་བྱས་ན་དགོངས་པ་མཐུན་ནམ་སྙམ་མོ། །འོ་ན་རྒྱུན་མི་ཆད་དུ་སྤྱོད་པའི་ཕྱི་མ་ལ་སྤྱོད་འདོད་ཡོད་པ་དང་ཟློས་སོ་ཞེ་ན། མི་ཟློས་ཏེ་དེ་ལ་འདོད་པ་དང་དེ་ལ་དགའ་བ་གཉིས་སེམས་བྱུང་སོ་སོ་བ་ཡིནཔའི་ཕྱིར་རོ། །ཡན་ལག་བཞི་པ་ནི། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་སྟེ་འདི་ཡི་དོན་བྱ་བ་དེ་ལ་ཉེས་དམིགས་སུ་མི་ལྟ་བ་ལ་རྒྱ་མཚོ་སྤྲིན་དང་ཛི་ན་སུ་དྲས་བཤད་དོ། །གལ་ཏེ་ཉེས་དམིགས་སུ་ལྟ་ན་འཛེམ་པའི་བློ་མི་སྐྱེ་བ་དང་དེ་ལ་དགའ་བ་ལ་སོགས་པ་རྣམས་ཇི་ལྟར་འོང་སྙམ་ན། མི་འགལ་ཏེ་ཉེས་དམིགས་སུ་ལྟ་བ་ངོ་ཚ་ཁྲེལ་ཡོད་ཀྱི་རྒྱུ་ཡིན་གྱི་ངོ་བོ་མ་ཡིན་པའི་ཕྱིར་དང་ཉེས་དམིགས་སུ་མཐོང་ཡང་དགའ་བས་འཇུག་པ་ནི་ཁྲིམས་ལྡན་ལོག་གཡེམ་ལ་འཇུག་པ་བཞིན་ནོ། །དགའ་མགུ་གཉིས་ཀྱི་བཤད་པ་བརྗེས་པ་མ་གཏོགས་པ་ས་མུ་དྲ་ཡང་སྔ་མ་དང་མཐུན་ནོ། །སློབ་དཔོན་ཡོན་ཏན་འོད་ཀྱིས་ཕམ་པའི་གནས་ལྟ་བུའི་ཆོས་དེ་དག་ཉིད་ལ་འདི་དག་ནི་ཡོན་ཏན་ཡིན་ནོ་སྙམ་པའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ནི་ཡོན་ཏན་དུ་ལྟ་བ་ཅན་ནོ། །ཞེས་གསུངས་པ་ནི་ཕམ་པའི་གནས་ཀྱི་ཆོས་ལ་སྐྱོན་མེད་དུ་འཛིན་པ་མ་ཡིན་གྱི་འདོད་པའི་ཡོན་ཏན་ཞེས་གསུངས་པ་ལྟར་འདོད་པར་བྱ་བའི་ཕྱོགས་སུ་ལྟ་ཞིང་མི་འདོད་པའི་ཕྱོགས་སུ་མི་ལྟ་བ་ལ་དགོངས་པས་འགྲེལ་པ་རྣམས་དགོངས་པ་གཅིག་གོ །མདོ་བཏུས་ཀྱི་འགྲེལ་པར་རྒྱུན་མ་


JLD001_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་ནི་ཐུན་ཚོད་ལས་འདས་པའི་བར་དུ་མ་ཆད་པ་ལ་འཆད་ཅིང༌། དེའི་དོན་ནི་སྔ་མ་མང་པོས་དེའི་བར་ལ་ངོ་ཚ་ཁྲེལ་ཡོད་མ་སྐྱེས་པས་དེ་གཉིས་ཀྱིས་བར་མ་བཅད་པ་ལ་འདོད་དེ་བདག་བསྟོད་སོགས་ཀྱི་རིགས་འདྲ་མ་ཆད་པ་དགོས་ན་ཧ་ཅང་ཐལ་སྙམ་དུ་བསམས་པའོ། །ཐུན་ཚོད་ཀྱང་ཉེ་བར་འཁོར་གྱིས་ཞུས་པ་ལས། བྱང་སེམས་ལ་སྔ་དྲོ་ལྟུང་བ་བྱུང་ན་ཕྱེད་ལ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་གནས་ན་དེའི་ཚུལ་ཁྲིམས་མཐའ་མེད་དོ། །དེ་བཞིན་དུ་ཕྱེད་ལ་བྱུང་ན་ཕྱི་དྲོ་དང་ཕྱི་དྲོ་བྱུང་ན་སྲོད་ལ་དང་སྲོད་ལ་བྱུང་ན་ནམ་གུང་དང་ནམ་གུང་ལ་བྱུང་ན་ཐོ་རངས་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན་ཚུལ་ཁྲིམས་མཐའ་མེད་དོ། །ཞེས་གསུངས་པས་ཐོ་རངས་བྱུང་ན་སྔ་དྲོ་ལ་ཞེས་པ་དོན་གྱི་འཐོབ་པས་ཉིན་ལ་ཆ་གསུམ་མཚན་ལ་ཆ་གསུམ་བྱས་པའི་ཉིན་ཞག་གི་དྲུག་ཆའོ་ཞེས་འདོད་དོ། །འདི་ལ་སྔ་མ་མི་འཐད་དེ། རྒྱུན་མ་ཆད་པའི་དོན་དང་ངོ་ཚ་དང་ཁྲེལ་ཡོད་མི་སྐྱེ་བ་གཉིས་གཅིག་ཏུ་སོང་བས་གཞུང་ནས་ཡན་ལག་སོ་སོར་བགྲངས་པ་དང་འགལ་ལོ། །འདིར་བསྟན་པའི་ཡན་ལག་རྣམས་ཀྱིས་མ་བསྟན་ཀྱང་ཁ་བསྐངས་ནས་ཐུན་ཚོད་བྱེད་ན། བྱང་སར་ཀུན་དཀྲིས་ཆེན་པོའི་ཡན་ལག་ཚང་བར་མ་བསྟན་པར་འགྱུར་ལ། གཞན་གྱིས་བསྣན་ཡིན་བྱེད་ན་དེར་ཡང་མ་ངེས་པའི་ཡན་ལག་དུ་མ་འཇུག་པར་རིགས་པས་ཐུག་པ་མེད་པར་འགྱུར་རོ། །ཕྱི་མ་ཐུན་ཚོད་ཀྱི་རྣམ་གཞག་ཀྱང་མདོ་ཡི་དོན་མིན་ཏེ་མདོ་དེ་ལས། ཉེ་བར་འཁོར་


JLD001_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་བཅོས་སུ་ཡོད་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་བཅོས་སུ་མེད་པ་ཡིན་ཞེ་ན། ཉེ་བར་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གལ་ཏེ་སྔ་དྲོའི་དུས་ཀྱི་ཚེ་ཉེས་པ་བྱུང་ལ་གུང་ཚིགས་ཀྱི་དུས་ཀྱི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་གནས་པར་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །གལ་ཏེ་ཞེས་པ་མན་ཆད་དེ་བཞིན་དུ་སྦྱར་ཏེ་གུང་ཚིགས་དང་ཕྱི་དྲོ་གཉིས་དང་ཕྱི་དྲོ་དང་མཚན་མོའི་ཐུན་དང་པོ་གཉིས་དང་ཐུན་དང་པོ་དང་མཚན་མོའི་གུང་ཐུན་གཉིས་དང་གུང་ཐུན་དང་ཐུན་ཐ་མ་གཉིས་ལ་གསུངས་ནས། ཉེ་བར་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་ཡོད་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔའ་འགྱོད་པའི་ཀུན་ནས་ལྡང་བ་ཧ་ཅང་བསྐྱེད་པར་མི་བྱ་ཞིང་ཧ་ཅང་ཡིད་ལ་གཅགས་པར་ཡང་མི་བྱའོ། །ཉེ་བར་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་ལ་ཡང་དང་ཡང་དུ་ཉེས་པ་བྱུང་ན་ནི་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པ་དང་རབ་ཏུ་ཉམས་པ་དང་ཡོངས་སུ་གཏུགས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པས་ནི་ཉོན་མོངས་པ་ཐམས་ཅད་སྤང་བའི་ཕྱིར་མགོ་དང་གོས་


JLD001_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེ་འབར་བ་ལྟ་བུར་བྱ་དགོས་པའི་ཕྱིར་ཏེ་དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ་པ་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་མེད་པ་ཡིན་ནོ། །ཞེས་གསུངས་པའི་སྔ་དྲོ་ལྟུང་བ་བྱུང་ན་ཞེས་པའི་ལྟུང་བ་དེ་ནི་རྩ་ལྟུང་ཡིན་པའི་ཕྱིར་རོ། །རྩ་ལྟུང་ཡིན་པར་ཅིས་ཤེས་ན་ཐེག་ཆེན་དང་ཉན་ཐོས་ཀྱི་བསླབ་པ་གཉིས་ཕྱིར་བཅོས་སུ་ཡོད་མེད་ཀྱི་ལན་དུ་གསུངས་ལ་དེའི་དོན་བསྡུར་ཡང་དེ་ལྟར་ན་བྱང་སེམས་ཀྱི་བསླབ་པ་བཅོས་སུ་ཡོད་པ་ཞེས་དང༌། ཉན་ཐོས་ཀྱི་ཐེག་པ་པ་ལ་ཉེས་པ་བྱུང་ན་སླར་བཅོས་སུ་མེད་པར་གསུངས་པས་ཤེས་ཏེ་རྩ་ལྟུང་ལས་གཞན་ཕྱིར་བཅོས་སུ་རུང་བ་ནི་ཉན་ཐོས་ལ་ཡང་ཡོད་པའི་ཕྱིར་བྱང་སེམས་ཀྱི་ཁྱད་ཆོས་མིན་ནོ། །གལ་ཏེ་དེ་ནི་མི་རིགས་ཏེ་རྩ་ལྟུང་ཡིན་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་ཏེ་ཚུལ་ཁྲིམས་ཡོངས་སུ་གཏུགས་པའི་དོན་ནི་ཉམས་པ་ཡིན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ་བསླབ་བཏུས་སུ་དྲངས་པའི་འགྱུར་ལས་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ་ཞེས་འབྱུང་བ་འདི་བདེ་སྟེ་དེའི་དོན་ནི་བྱང་སེམས་ཀྱི་རྒྱུད་ཀྱི་ཚུལ་ཁྲིམས་དེ་རྩ་ལྟུང་བྱུང་བས་ཕྱིར་བླང་དུ་མེད་ན་དེའི་མཐའ་དེ་ཙམ་དུ་ཟད་པར་མཐའ་ཡོད་ན་ཡང་བླང་དུ་ཡོད་པས་མཐའ་མེད་ཅེས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་མདོ་དེས་ཐུན་ཚོད་བསྟན་དུ་ཆུག་ན་ཡང་མི་འགྲིག་སྟེ་ཐུན་ཚོད་འདོད་པ་ལྟར་ན་ཐུན་དེའི་ནང་དུ་གཉེན་པོས་སླེབ་དགོས་ལ། སྔ་དྲོ་ལྟུང་བ་བྱུང་ན་གུང་ཚིགས་ལ་ཞེས་གསུངས་


JLD001_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དེ་གཉིས་ཀྱང་ཐུན་ཚོད་སོ་སོ་བར་འདོད་པའི་ཕྱིར་དང་གཞུང་ནས་ངོ་ཚ་ཁྲེལ་ཡོད་དང་ཉེས་དམིགས་སུ་ལྟ་བ་ཡོད་མེད་ལ་བཤད་ལ། མདོ་ལས་སྨོན་སེམས་དང་མ་བྲལ་བ་ལ་གསུངས་པའི་ཕྱིར་རོ། །འོ་ན་ལམ་སྒྲོན་འགྲེལ་པར། ཐུན་ཚིགས་དྲུག་པོ་དུམ་བུ་བཅོ་བརྒྱད་འགྱུར། །སྔ་དྲོའི་ཐུན་ལ་དུམ་བུ་གསུམ་ཡོད་པའི། །དུམ་བུ་དང་པོ་དུམ་བུ་བར་མ་ལ། །ཉེས་པ་བྱུང་བ་དུམ་བུ་ཐ་མ་དེར། །བྱང་ཆུབ་སེམས་བརྗེད་བྱང་ཆུབ་སེམས་དཔའ་ཉམས། །ཕྱི་མ་ལྔ་ཡང་དེ་བཞིན་བསྒྲེ་བར་བྱ། ཞེས་གསུངས་པ་ཅི་ཞེ་ན། འདི་ནི་ལུང་དེའི་གོང་དུ། སྡིག་པའི་གྲོགས་སྤངས་ཐུན་ཚིགས་སྦྱོར་དང་ལྡན། ཞེས་སོགས་ཀྱིས་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་ལམ་ལ་འཇུག་པའི་སློབ་མའི་མཚན་ཉིད་བཤད་པ་ཡིན་ཏེ། ཐུན་ཚིགས་སྦྱོར་དང་ལྡན་ཞེས་པ་ནི་ཐུན་དྲུག་རེ་རེའི་དུམ་བུ་དང་པོ་གཉིས་སུ་ཉེས་པ་བྱས་པ་དེ་དུམ་བུ་ཐ་མ་ཚུན་ལ་བྱང་ཆུབ་ཀྱི་སེམས་དྲན་ནས་སླར་གསོ་བའི་སྦྱོར་བ་དང་ལྡན་པ་དགོས་ཀྱི་དེ་ལྟ་མ་ཡིན་ན་བྱང་སེམས་ཐ་མའི་ཕྱིར་བཅོས་ཀྱི་ཚུལ་ལས་ཀྱང་ཉམས་སོ་ཞེས་སྟོན་པའི་ཕྱིར་རོ། །དེ་ལྟར་ཡང་ལུང་དེའི་འཕྲོས་ཉིད་ནས། དུམ་བུ་དང་པོར་ལེགས་པར་གསོ་བྱེད་པ། །སྐྱེས་བུ་རབ་ཡིན་འབྲིང་ནི་གཉིས་ལས་སོ། །དུམ་བུ་ཐ་མར་གསོ་བ་ཐ་མ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེར་མ་ཟད་སྐྱེས་བུ་རབ་ཀྱི་རབ་ནི་སྐད་ཅིག་དང་པོ་དང་རབ་ཀྱི་འབྲིང་ནི་གཉིས་པ་དང་རབ་ཀྱི་ཐ་མ་ནི་སྐད་ཅིག་གསུམ་པར་གསོ་བས་དགུ་དྲུག་ལྔ་བཅུ་ང་


JLD001_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་ཡང་གསུངས་ཏེ་ཕྱིར་འཆོས་པའི་ཚུལ་ཡིན་གྱི་ཕམ་པར་འགྱུར་བའི་ཐུན་ཚིགས་མིན་ནོ། །འོ་ན་རྩ་ལྟུང་བྱུང་ཡང་ཚུལ་ཁྲིམས་སླར་གསོ་རུང་བ་དེ་བྱང་སེམས་ཀྱི་སྡོམ་པ་ལ་བྱེད་དམ་བྱང་སེམས་ཀྱི་རྒྱུད་ཀྱི་སོ་ཐར་ལ་བྱེད། དང་པོ་ལྟར་ན་སླར་གསོར་རུང་བ་ལ་སྨོན་སེམས་མ་བྲལ་ན་ཞེས་པའི་ཁྱད་པར་བརྗོད་པ་མི་རིགས་ཏེ་སྨོན་པ་བཏང་བ་སླར་ཡང་སེམས་བསྐྱེད་ནས་བྱང་སེམས་ཀྱི་སྡོམ་པ་ལེན་ན་སྐྱེ་བའི་ཕྱིར་རོ། །གཉིས་པ་ལྟར་ན་སོ་སོར་ཐར་པའི་སྡོམ་ལྡན་ལ་ཕམ་པ་བྱུང་ནས་སླར་བླངས་ཀྱང་སྔོན་གྱི་སྡོམ་པ་འདྲ་བ་ཕྱིར་བླང་དུ་མེད་པར་ཐེག་པ་ཆེ་ཆུང་གི་གཞུང་མང་པོ་ལས་གསུངས་པའི་ཕྱིར་དང་སྨོན་སེམས་དང་བྲལ་མ་བྲལ་གྱི་ཁྱད་པར་ཡང་མི་འཐད་པའི་ཕྱིར་རོ་ཞེ་ན། མདོ་འདི་སློབ་དཔོན་ཞི་བ་ལྷས་བྱང་ཆུབ་ཀྱི་སེམས་ཀྱི་མཐུས་སྡིག་ལྟུང་འདག་པའི་ཤེས་བྱེད་དུ་དྲངས་ལ་མདོའི་དོན་ནི་རྩ་ལྟུང་བྱུང་ཡང་སྨོན་སེམས་དང་མ་བྲལ་ན་སླར་སྡོམ་པ་གསོར་ཡོད་པར་བསྟན་པས་ན། རྩ་ལྟུང་གིས་སྡོམ་པ་སླར་སྐྱེ་བའི་གེགས་བྱེད་པའི་སྒྲིབ་པ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བའི་སྟོབས་ཀྱིས་བཀག་ཅེས་བཤད་དགོས་སོ། །དེའི་ཕྱིར་སོ་ཐར་གྱི་སྡོམ་པར་མངོན་ཏེ་བྱང་སེམས་ཀྱི་སྡོམ་པ་ནི་སྨོན་སེམས་བཏང་བ་ལ་ཡང་སླར་སྐྱེ་བའི་ཕྱིར་ཏེ་སྔར་དྲངས་པ་ལྟར་སྤྱོད་འཇུག་ཏུ་ལྟུང་བ་སྟོབས་ལྡན་དང་བྱང་ཆུབ་ཀྱི་སེམས་སྟོབས་ལྡན་འདྲེས་མར་སྤྱོད་ན་ས་ཐོབ་པ་ལ་རིང་དུ་ཐོགས་ཞེས་སྨོན་སེམས་བཏང་བའི་ཉེས་དམིགས་ཀྱི་སྐབས་སུ་གསུངས་


JLD001_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟུང་བ་སྟོབས་ལྡན་ནི། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ན་ལྕི་བ་སྟེ། ཞེས་ལུང་དེའི་གོང་དུ་གསུངས་པའི་སྨོན་སེམས་བཏང་བའོ། །དེ་དང་སྨོན་སེམས་སྟོབས་ལྡན་རེས་ཀྱིས་འདྲེ་བར་བྱེད་པ་ནི་ལྟུང་བ་དེ་བྱུང་ནས་སླར་ཡང་སྨོན་སེམས་སྟོབས་ལྡན་བསྐྱེད་པ་ཡིན་པས་སེམས་བསྐྱེད་སོར་ཆུད་ན་སྡོམ་པ་མི་སྐྱེ་བའི་དོན་མེད་པའི་ཕྱིར་རོ། །ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང༌། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། ཞེས་བྱང་སེམས་ཀྱི་སོ་ཐར་ཞུས་ཀྱི་བྱང་སེམས་ཀྱི་སྡོམ་པ་མ་ཞུས་པས་གང་ཟག་ཐེག་དམན་པ་དང་ཐེག་ཆེན་པ་གཉིས་ཀྱི་སོ་ཐར་གྱི་ཞུ་བ་མཛད་པའི་ལན་དུ་བྱང་སེམས་ཀྱི་བསླབ་པ་བཅོས་སུ་ཡོད་པ་དང་ཉན་ཐོས་ཀྱི་བསླབ་པ་བཅོས་སུ་མེད་པར་སྨྲོས་ཤིག་ཅེས་གསུངས་པ་དེ་སྔར་གྱི་མདོ་དེས་འཆད་པ་ཡིན་པའི་ཕྱིར་རོ། །འོ་ན་སྨོན་སེམས་དང་མ་བྲལ་ན་བཅོས་སུ་ཡོད་པ་དང་བྲལ་ན་བཅོས་སུ་མེད་པའི་ཁྱད་པར་འོང་བ་ཅི་ཞེ་ན་སོ་ཐར་གྱི་སྡོམ་ལྡན་གང་ཡང་རུང་བ་ལ་རྩ་ལྟུང་བྱུང་བ་ཕྱིར་བླང་དུ་ཡོད་ན་ཁྱད་པར་དེ་དོན་མེད་ཀྱང་དེ་ནི་མ་ཡིན་ཏེ་འདི་ལྟར་བྱང་སེམས་སོ་ཐར་གྱི་སྡོམ་ལྡན་དེ་ལ་སོ་ཐར་གྱི་རྩ་ལྟུང་བྱུང་ན་རྩ་ལྟུང་བྱུང་བའི་འོག་དེ་མ་ཐག་ཡན་ཆད་དུ་སྔར་བསྐྱེད་པའི་སེམས་བསྐྱེད་དང་མ་བྲལ་ན་ཕྱིར་བླང་དུ་ཡོད་ལ།


JLD001_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བྱང་སེམས་ཡིན་ཡང་རྩ་ལྟུང་གི་སྦྱོར་དངོས་མཇུག་དེ་མ་ཐག་ཡན་དུ་སེམས་བསྐྱེད་བཏང་ནས་མི་ལྡན་པར་བྲལ་ན་ཕྱིར་བསྐྱར་དུ་མི་རུང་སྟེ་དེ་རུང་ན་ཐེག་པ་དམན་པའི་རྟེན་ལ་ཡང་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་སྔ་དྲོ་ཞེས་པ་ནི་སྐྱ་རེངས་ཤར་ནས་གུང་ཚིགས་ལ་མ་སླེབ་པའི་བར་སྤྱི་ལ་བྱེད་པས་གུང་ཚིགས་ལ་ཞེས་པ་ནི་ལྟུང་བ་བྱུང་བའི་། དེ་མ་ཐག་གི་མཚོན་བྱེད་དོ། །མདོར་ན་རྩ་ལྟུང་བྱུང་བའི་དེ་མ་ཐག་ཡན་ཆད་དུ་སྨོན་སེམས་དང་མ་བྲལ་ན་སེམས་དེའི་མཐུས་རྩ་ལྟུང་བྱུང་ཡང་ལྟུང་བ་དེ་སྡོམ་པ་སླར་སྐྱེ་བ་ལ་གེགས་བྱེད་དུ་སྐྱེ་མི་ནུས་ལ་བྲལ་ན་དེའི་ནུས་པ་འགོག་བྱེད་མེད་པས་སླར་གསོར་མི་རུང་ཞེས་པའི། །དེས་ན་རྩ་ལྟུང་མ་བྱུང་བའི་གོང་ནས་སེམས་དེ་བཏང་ཞིང་བྲལ་ན་བཅོས་སུ་མི་རུང་བས་ལྟུང་བ་དེ་བྱུང་མ་ཐག་གི་མཇུག་ཚུན་ཆད་དུ་སེམས་དེ་དང་མ་བྲལ་བ་ཞིག་དགོས་སོ་དེ་ལ་དགོངས་ནས་མ་བྲལ་ན་ཞེས་སྔར་བསྐྱེད་པ་དེ་དང་མ་བྲལ་ཞིང་མ་བཏང་བ་ལ་གསུངས་ཀྱི་དུས་དེར་སེམས་དེ་མ་བསྐྱེད་ན་ཞེས་མ་གསུངས་སོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་ཅི་སྟེ་བརྒྱ་ལ་ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གིས་ཉེས་པ་བྱུང་ན་དེ་འདི་ལྟར་སློབ་བོ། །གལ་ཏེ་བདག་གིས་ཕུང་པོ་འདི་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་ན་ནི་བདག་གི་སེམས་ཡོངས་སུ་གདུང་བ་དང་ལྡན་པར་ཡང་འགྱུར་གྱིས་འདི་ལྟར་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་


JLD001_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མཐའི་མུར་འཁོར་བ་ན་གནས་པ་དེ་ལྟ་བུའི་གོ་ཆ་བགོས་ལ། བདག་གིས་སེམས་ལ་གདུང་བར་ནི་མི་བྱའི་ཇི་ལྟ་ཇི་ལྟར་འཁོར་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །ལྟུང་བ་འདི་ཡང་ཆོས་བཞིན་དུ་གསོ་བར་བྱའོ། །ཕྱིས་ཉེས་པ་མི་བྱའོ་སྙམ་དུ་སེམས་སོ། །རིགས་ཀྱི་བུ་ཡོངས་སུ་བརྟག་པ་བཟུང་ན་གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྩ་བའི་ལྟུང་བ་བཞི་པོ་ཐམས་ཅད་ཞིག་པར་གྱུར་ཀྱང་ཐབས་ལ་མཁས་པ་འདིས་སེལ་བར་བྱེད་པ་ལྟ་ན་བྱང་ཆུབ་སེམས་དཔའ་ལ་ལྟུང་བར་མི་འགྱུར་བར་ང་སྨྲའོ། །ཞེས་གསུངས་པས་ལྟུང་བའི་རྟེན་ལ་བྱང་སེམས་དགོས་ཀྱི་དང་པོར་རྟེན་གཞན་ལ་རྩ་ལྟུང་བྱུང་ནས་ཕྱིས་བྱང་ཆུབ་སེམས་དཔར་སོང་བས་སོ་ཐར་སྐྱོར་དུ་མི་རུང་སྟེ་མདོ་གཉིས་ཀ་ནས་བྱང་སེམས་ཀྱི་རྒྱུད་ཀྱི་སོ་ཐར་ཁོ་ན་ལ་གསུགས་པའི་ཕྱིར་རོ། །འདི་ལ་འཁྲུལ་ནས་ཐེག་ཆེན་པའི་ལུགས་ཀྱི་སོ་ཐར་ལ་ཕམ་པ་བྱུང་ཡང་ཕྱིར་བསྐྱར་བས་སྔོན་བཞིན་སྡོམ་པ་འཐོབ་པོ་ཞེས་སྨྲ་བ་ནི་ཐེག་ཆེན་པའི་གྲུབ་མཐའ་དང་ཐེག་ཆེན་པའི་གང་ཟག་གཉིས་གཅིག་ཏུ་བཟུང་བའི་ནོར་བ་ཆེན་པོ་ཡིན་ནོ། །ཉེ་བར་འཁོར་གྱིས་ཞུས་པ་ལས་ཐེག་པ་ཆེ་ཆུང་གི་སོ་ཐར་གྱི་ཁྱད་པར་ལ་གཞན་གྱི་སེམས་ཀྱི་རྗེས་སུ་འཇུག་པའི་རྗེས་སུ་སྲུང་བ་དང་བཅས་མ་བཅས་དང་ཕྱིར་བཅོས་སུ་ཡོད་མེད་དང་རིང་དུ་རྗེས་སུ་ཞུགས་པ་དང་མཐར་ཆགས་པའི་ཁྱད་པར་གསུམ་གསུངས་པའི་ཐ་མའི་དོན་བྱང་སེམས་ཀྱི་རྒྱུད་ཀྱི་སོ་ཐར་ཤི་འཕོས་ཀྱང་མི་གཏོང་བ་རིང་དུ་ཞུགས་པ་ལ་འདོད་པ་ནི་མི་རིགས་ཏེ་མདོ་དེ་ལས། བྱང་


JLD001_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དགེ་རྩ་སྨིན་པས་ཉོན་མོངས་ཐམས་ཅད་ཚེ་གཅིག་ལ་ཟད་པར་མི་བྱ་བར་རིམ་གྱིས་ཟད་པར་འགྱུར་བ་དང་ཉན་ཐོས་དགེ་རྩ་སྨིན་པས་ནི་མགོ་ལ་མེ་འབར་བ་ལྟར་བྱེད་པས་སྲིད་པར་སྐྱེ་བ་སྐད་ཅིག་ཙམ་ཡང་བསྐྱེད་པར་མི་བྱ་བ་གཉིས་རིང་དུ་ཞུགས་པ་དང་མཐར་ཆགས་པའི་རྒྱུ་མཚན་དུ་གསུངས་པས། སྲིད་པར་འཁོར་བ་ཆེད་དུ་འཛིན་མི་འཛིན་ལ་མཛད་པའི་ཕྱིར་རོ། །སྤྲོས་པས་ཆོག་གོ །ད་ནི་དཀྱུས་ཀྱི་དོན་ལ་འཇུག་པར་བྱ་སྟེ། གལ་ཏེ་ཀུན་དཀྲིས་ཆེན་པོར་འགྱུར་བ་ལ་དགག་པའི་སྒོ་ནས་ངོ་ཚ་ཁྲེལ་ཡོད་མ་སྐྱེས་པ་དང་ཉེས་དམིགས་སུ་མི་ལྟ་བ་གཉིས། སྒྲུབ་པའི་སྒོ་ནས་ཕྱི་མ་ལ་སྤྱོད་འདོད་དང་མགུ་ཞིང་དགའ་བ་གཉིས་ཚང་བ་དགོས་ན་མེད་པ་གཉིས་གང་ནས་བཟུང་སྟེ་གང་གི་བར་དུ་མེད་པ་དང་ཡོད་པ་གཉིས་ཀྱང་གང་ནས་གཟུང་སྟེ་གང་བར་དུ་ཡོད་པ་དགོས་ཤེ་ན། འདི་ལ་མེད་པ་གཉིས་ནི་ཀུན་སློང་བྱུང་བ་ནས་བརྩམས་ཏེ་དངོས་གཞི་རྫོགས་པའི་དེ་མ་ཐག་ཡན་ཆད་དུ་མེད་པ་རྒྱུན་ཆགས་པ་དགོས་ཀྱི་བར་དེ་དག་ཏུ་ངོ་ཚ་ཤེས་པའམ་ཁྲེལ་ཡོད་པའམ་ཉེས་དམིགས་སུ་ལྟ་བ་གང་རུང་ཞིག་བྱུང་ན་ཀུན་དཀྲིས་ཆེན་པོའི་ཡན་ལག་མི་ཚང་ངོ༌། །དེ་བཞིན་དུ་ཡོད་པ་གཉིས་ཀྱང་དུས་དེ་དག་གང་རུང་དུ་བྱུང་ནས་དངོས་གཞི་རྫོགས་པའི་དེ་མ་ཐག་ཡན་ཆད་དུ་ཡིད་དེ་དག་ལས་མ་ལོག་པ་དགོས་ཀྱི་རིགས་འདྲ་བར་མ་ཆད་དགོས་ན་ཧ་ཅང་ཐལ་ལོ། །འོ་ན་ཀུན་དཀྲིས་ཆུང་འབྲིང་གི་ཁྱད་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལ་རྒྱ་མཚོ་སྤྲིན་དང་ཡོན་ཏན་འོད་དང་ཛི་ན་སུ་ཏྲ་དང་


JLD001_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྙིང་མ་རྣམས་ཀྱིས་མ་བཤད་ལ། ས་མུ་དྲས་ཉོན་མོངས་ལ་འབབ་པ་དང་གཞོལ་བ་དང་བབ་པ་གསུམ་སྟེ་དང་པོར་སྐྱེས་པ་ཙམ་དང་སྐྱེས་ནས་དེའི་རྗེས་སུ་དེ་ལ་སེམས་གཞོལ་བ་དང་ཉོན་མོངས་པ་དེའི་དབང་དུ་གྱུར་པ་ལ་ཀུན་དཀྲིས་ཆུང་འབྲིང་ཆེ་གསུམ་དུ་འཇོག་པའི་རང་ལུགས་དང༌། དཀོན་མཆོག་སྤྲིན་ནས་དུག་གསུམ་ལ་ཆེ་འབྲིང་ཆུང་གསུམ་གསུངས་པ་དང་སྦྱོར་བའི་གཞན་ལུགས་གཉིས་བཤད་ཀྱང་སྔ་མ་གཞུང་ལས་ཡེ་མི་གསལ་ཞིང་ཕྱི་མ་ཡང་འདི་དང་མི་མཐུན་པར་སྣང་ངོ༌། །སྡོམ་པ་ཉི་ཤུ་པའི་འགྲེལ་པ་གསར་མ་ལས། སྔར་གྱི་ཡན་ལག་བཞིའི་སྟེང་དུ་གཞན་གྱིས་གསོལ་བ་བཏབ་པས་མི་ལྡོག་པ་བསྣན་པས་ལྔ་ཚང་ན་ཀུན་དཀྲིས་ཆེན་པོ་དང་གསོལ་བ་བཏབ་པས་ལྡོག་ན་འབྲིང་དང་གསོལ་བ་བཏབ་པ་ལ་མི་ལྟོས་པར་རང་སྟོབས་ཀྱིས་མྱུར་བར་ལྡོག་ན་ཆུང་ངུ་བཤད་མོད། འཐད་སྙམ་པ་མི་སྣང་སྟེ་འགྲེལ་བྱེད་རེས་ཡན་ལག་བསྣན་ཡིན་བྱེད་ན་ཡན་ལག་གི་མཚམས་གཟུང་ས་མེད་པར་འགྱུར་བའི་ཕྱིར་རོ། །འོ་ན་གང་ཞེ་ན། འདིར་སློབ་དཔོན་གྱིས་ཀུན་དཀྲིས་གསུམ་གྱི་རྣམ་དབྱེ་མཛད་ཅིང་གསུམ་གའི་ལྟུང་བ་ངོས་ཀྱང་གཟུང་དགོས་ཏེ། མ་ཟིན་ན་གསུམ་དང་གཅིག་ལ་བཤགས་དགོས་པའི་ཁྱད་པར་མི་ཤེས་པའི་ཕྱིར་དང་སྐབས་གཞན་དུ་ཡང་མ་གསུངས་པས་ཀུན་དཀྲིས་ཆེན་པོ་ངོས་བཟུང་བའི་སྒོ་ནས་ཤེས་ནུས་པར་གསལ་ལོ། །དེ་ལ་བྱ་བ་དེས་མགུ་ཞིང་དགའ་བ་དང་ཕྱི་མ་ལ་སྤྱོད་འདོད་ཡོད་པ་དང༌། ཉེས་དམིགས་སུ་མི་ལྟ་བ་བཉིས་ནི་ཕྱི་མ་ཉོན་མོངས་ཆེ་བར་གསལ་ཏེ་སྔ་མ་ཡོད་ཀྱང་ཉེས་དམིགས་སུ་ལྟ་ན་འཛེམ་པ་སྐྱེ་ས་ཡོད་ལ་


JLD001_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་དམིགས་སུ་ཡེ་མི་ལྟ་ན་འཛེམ་པ་སྐྱེ་ས་མེད་པའི་ཕྱིར་རོ། །དེ་ལ་ཉེས་དམིགས་སུ་ལྟ་བ་ལ་ངོ་ཚ་ཁྲེལ་ཡོད་དང་ལྡན་པས་མ་ཁྱབ་ཀྱང་ཉེས་དམིགས་སུ་ལྟ་བ་མེད་ན་དེ་གཉིས་མི་སྐྱེ་བས་ཁྱབ་བོ། །དེས་ན་ཀུན་དཀྲིས་ཆེན་པོའི་ཡན་ལག་མ་ཚང་བའི་ཚེ་ཉེས་དམིགས་སུ་ལྟ་བ་འདུག་ན་ལྷག་མ་ཐམས་ཅད་ཚང་ཡང་ཆུང་ངུར་ཤེས་པར་བྱ་ལ་ཉེས་དམིགས་སུ་ལྟ་བ་མི་འདུག་ན་འབྲིང་དུ་ཤེས་པར་བྱའོ། །ཉེས་དམིགས་སུ་ལྟ་བ་མེད་པ་ན་ངོ་ཚ་ཁྲེལ་ཡོད་མེད་ལ་ངོ་ཚ་ཁྲེལ་ཡོད་བྱུང་ན་ཉེས་དམིགས་སུ་ལྟ་བ་འབྱུང་བར་ངེས་པས་དེ་གཉིས་ཟུར་དུ་མ་བརྩིས་སོ། །བཞི་པ་སླར་གསོར་རུང་བའི་ཁྱད་པར་ནི། བྱང་སེམས་ཀྱི་ཕམ་པའི་ཆོས་ལན་ཅིག་ཙམ་ཀུན་ཏུ་སྤྱད་པས་ནི་བྱང་སེམས་ཀྱི་སྡོམ་པ་བླངས་པ་མི་གཏོང་ངོ༌། །དེའི་དོན་ནི་ཕམ་པ་སྤྱད་པས་དགེ་སློང་གིས་སོ་ཐར་གྱི་སྡོམ་པ་བཏང་བ་བཞིན་དུ་ཞེས་སྔ་མ་དེའི་གོང་དུ་གསུངས་པས་སོ་ཐར་བཏང་བ་དང་འདྲ་བར་མི་གཏོང་ཞེས་པའི་དོན་ཏེ་སོ་ཐར་ཕམ་པ་བྱུང་ནས་བཏང་ན་སླར་བླངས་པས་སྔོན་བཞིན་མི་སྐྱེ་བར་གཏོང་བ་དང་མི་འདྲ་ཞེས་བྱའི། ཕམ་པ་ལན་ཅིག་གིས་མི་ཆོག་པར་ལན་ཁ་ཡར་སྤྱད་པས་གཏོང་ཞེས་པའི་དོན་དུ་མི་གཟུང་ངོ༌། །དེའི་ཕྱིར་གཞུང་སྔ་མའི་དེ་མ་ཐག་ཏུ། བྱང་སེམས་ཀྱིས་ནི་བླངས་པ་བཏང་དུ་ཟིན་ཀྱང་ཚེ་འདི་ལ་ཕྱིར་ནོད་པའི་སྐལ་བ་ཡོད་དེ་དགེ་སློང་ཕམ་པ་བྱུང་བ་བཞིན་དུ་སྐལ་པ་མེད་པ་ཁོ་ནར་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་ཕམ་པ་འཆབ་མེད་བྱུང་ན་སོ་ཐར་ཡང་སྔ་མ་ཕུལ་ནས་བླངས་ན་བསྙེན་པར་རྫོགས་པར་གསུངས་


JLD001_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནམ་ཅིའི་ཕྱིར་སླར་བླང་དུ་མེད་ཅེས་གསུངས་ཤེ་ན། འདི་ལ་སྡེ་པ་ཁ་ཅིག་འཆབ་པ་མེད་ན་ཕམ་པར་མི་འགྱུར་བས་ཕམ་པ་ཐམས་ཅད་འཆབ་བཅས་སུ་འདོད་པ་ལྟར་ན་ཕྱིར་བླང་དུ་མེད་པ་སྒྲ་སོར་བཞག་གིས་ཆོག་གོ །དེ་ཡང་ཐེག་པ་དམན་པའི་རྟེན་ལ་དགོངས་ཏེ་སྔར་བཤད་ཟིན་ཏོ། །ཕམ་པ་འཆབ་མེད་འདོད་པ་ལྟར་ན་ཡང་བྱང་སེམས་ཀྱི་སྡོམ་པ་བླང་དུ་ཡོད་པ་དང་མི་འདྲ་སྟེ་བྱང་སེམས་ལ་ནི་སླར་བླངས་པས་སྡོམ་པ་རྣམ་དག་སྐྱེ་ལ། ཐེག་པ་དམན་པའི་རྟེན་ལ་ནི་སླར་བླངས་ཀྱང་དགེ་སློང་གི་སྡོམ་པ་རྣམ་དག་མི་སྐྱེ་བའི་ཕྱིར་ཏེ་ཡུལ་རྟེན་ལ་ལྟོས་ནས་བསྙེན་པར་མ་རྫོགས་པ་དང་རྫོགས་པ་གཉིས་ཀར་གསུངས་པའི་ཕྱིར་རོ། །འོ་ན་སོ་ཐར་ལ་སླར་བཅོས་སུ་མེད་པ་དང་བྱང་སེམས་ཀྱི་སྡོམ་པ་ལ་ཕམ་པ་བྱུང་བ་སླར་བཅོས་སུ་རུང་བའི་རྒྱུ་མཚན་ཅི་ཞེ་ན་འདི་ལ་རྒྱ་མཚོ་སྤྲིན་ནི། །ཉན་ཐོས་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་རྩ་བའི་སྡོམ་པ་ཞེས་བྱ་སྟེ་དེ་ཆད་པར་གྱུར་ན་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དྲག་པོ་ཀུན་ཏུ་སྤྱོད་པས། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཉམས་པར་བྱས་པས་ཚེ་འདི་ཉིད་ལ་སྡོམ་པ་ཡང་དག་པར་བླང་བའི་སྐལ་བ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་བཏང་དུ་ཟིན་ཀྱང་ཚེ་འདི་ལ་ཕྱིར་ནོད་པའི་སྐལ་བ་ཡོད་དེ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཉམས་པ་མེད་པའི་ཕྱིར་རོ། །ཞེས་སོ་ཐར་གྱི་ཕམ་པ་བྱུང་ན་ངོ་ཚ་ཁྲེལ་ཡོད་ཉམས་པར་བྱེད་ལ་བྱང་སེམས་ཀྱི་སྡོམ་པའི་ཕམ་པས་


JLD001_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་མི་བྱེད་པ་རྒྱུ་མཚན་དུ་མཛད་ཅིང༌། དེའི་རྒྱུ་མཚན་ཡང་སོ་ཐར་དགེ་བའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་ཞེས་འཆད་དེ་ཛི་ན་སུ་ཏྲ་དང་ས་མུ་དྲས་ཀྱང་དེ་ལྟར་བཤད་དོ། །ཕྱོགས་འདི་ལ་ནི་སོ་ཐར་གྱི་ཕམ་པ་བྱུང་བ་ལ་བྱང་སེམས་ཀྱི་སྡོམ་པ་སྐྱེ་མི་སྐྱེ་དྲིས་ན་ལན་དཀའ་བར་མཐོང་ངོ༌། །རང་གི་ལུགས་ནི་སྔར་དྲངས་པའི་ཉེ་བར་འཁོར་གྱིས་ཞུས་པ་ལས་ཉན་ཐོས་ཀྱི་ཐེག་པ་པ་ལ་ཕམ་པ་བྱུང་ན་དེའི་ཚུལ་ཁྲིམས་ཡོངས་སུ་གཏུགས་པའི་རྒྱུ་མཚན་དུ་ཉན་ཐོས་ཀྱི་ཐེག་པ་པས་ཉོན་མོངས་པ་ཐམས་ཅད་སྤོང་བའི་ཕྱིར་མགོ་དང་གོས་ལ་མེ་འབར་བ་ལྟར་བྱ་དགོས་པའི་ཕྱིར་ཞེས་གསུངས་ཤིང༌། དེ་ལྟ་ན་ཉན་ཐོས་ཀྱི་བསླབ་པ་བཅོས་སུ་མེད་པའོ་ཞེས་གསུངས་པ་དང༌། ཐབས་ལ་མཁས་པའི་མདོ་ལས་ཀྱང༌། ཕུང་པོ་འདིས་མྱ་ངན་ལས་འདའ་བར་བྱ་ན་ནི་བདག་གི་སེམས་ཡོངས་སུ་གདུང་བ་དང་ལྡན་པར་འགྱུར་གྱིས་ཞེས་སྔར་དྲངས་པ་ལྟར་འཆད་དགོས་པར་མཐོང་ངོ༌། །དེ་ཡང་སྤྱིར་སོ་ཐར་ཐེག་པ་ཆེ་ཆུང་གཉིས་ཀའི་རྟེན་ལ་ཡོད་པས་སོ་ཐར་ལ་ཐེག་པ་ཆེ་ཆུང་གཉིས་སུ་ཡོད་ཀྱང་སོ་ཐར་གྱི་བཅས་པ་གང་ལ་མཛད་པའི་གདུལ་བྱའི་གཙོ་བོ་ནི་ཐེག་དམན་གྱི་གང་ཟག་གོ །ཐེག་དམན་གྱིས་ནི་ཚེ་དེ་ལ་དགྲ་བཅོམ་ཐོབ་པར་ནུས་མི་ནུས་གང་ཡིན་ཡང་ཚེ་དེ་ལ་ཟག་པ་ཟད་པར་བྱ་བའི་ཕྱིར་དུ་བསམ་པའི་གོ་ཆ་ཆེན་པོ་བགོས་ནས་མགོའམ་གོས་ལ་མེ་ཤོར་བ་གསོད་པ་ལ་བརྩོན་པ་ལྟ་བུའི་ཉོན་མོངས་སྤོང་བའི་བརྩོན་འགྲུས་རྩོམ་དགོས་སོ། །དེས་ན་སྡོམ་པ་ལེན་པ་ཡང་ཚེ་དེ་ལ་ཟག་པ་ཟད་པ་ཐོབ་པའི་ཕྱིར་དུ་


JLD001_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ། གལ་ཏེ་ཕམ་པ་འཆབ་བཅས་བྱུང་ན་དེས་སྐྱེ་བ་དེ་ལ་ཟག་པ་ཟད་པ་འཐོབ་མི་སྲིད་པར་བྱེད་པས་སྡོམ་པ་བླངས་པའི་དགོས་པའི་གཙོ་བོ་གཏན་ལྡོག་ལ། བྱང་སེམས་ལ་བྱང་སེམས་ཀྱི་སྡོམ་པའི་དབང་དུ་བྱས་པའི་རྩ་ལྟུང་བྱུང་ཡང་སྡོམ་པ་མནོས་པའི་དགོས་པའི་གཙོ་བོ་མི་ལྡོག་པ་ནི་ཕྱིར་བཅོས་སུ་རུང་མི་རུང་གི་རྒྱུ་མཚན་དུ་གཟུང་སྟེ། སྔར་དྲངས་པ་ལྟར་མདོ་གཉིས་དཔང་དུ་གྱུར་པའི་ཕྱིར་དང༌། །འདུལ་བ་མདོ་ཡི་རྒྱ་ཆེར་འགྲེལ་ལས་ཀྱང༌། སྡོམ་པ་བླངས་པ་རྣམ་པར་གྲོལ་བའི་ཕྱིར་ཡིན་ན་ཕམ་པ་བྱུང་བ་དེས་རྣམ་གྲོལ་ཐག་རིང་དུ་བསྲིངས་པས་ཡོད་ཀྱང་མེད་པ་དང་འདྲ་བར་གསུངས་སོ། །ལྔ་པ་གཏོང་བའི་རྒྱུ་ནི། མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་སེམས་ཀྱི་སྡོམ་པ་བླངས་པ་གཏོང་སྟེ་རྫོགས་བྱང་དུ་སྨོན་པ་བཏང་བ་དང་ཕམ་པའི་གནས་ལྟ་བུའི་ཆོས་ཀུན་དཀྲིས་ཆེན་པོས་སྤྱད་པའོ། །འོ་ན་བསྡུ་བ་ལས་དེ་གཏོང་བ་ནི་མདོར་ན་རྒྱུ་བཞིས་འགྱུར་ཏེ་ཡང་དག་པར་ལེན་པའི་སེམས་ཀྱིས་མི་འདྲ་པར་ངེས་པའི་སེམས་སྐྱེད་པར་བྱེད་པ་དང་མི་བརྡ་ཕྲད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་རྗོད་པར་བྱེད་པ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་དེ་དག་ལས་ཐམས་ཅད་དམ་རེ་རེའི་ཉེས་པ་འབྱིན་པ་དང་ཕམ་པའི་གནས་ལྟ་བུའི་ཆོས་བཞི་བོ་ཐམས་ཅད་དམ་རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོའི་ཉེས་པ་འབྱིན་པར་བྱེད་ན་བྱང་ཆུབ་སེམས་དཔས་སྡོམ་པ་བཏང་པར་བརྗོད་པར་བྱའོ། །ཞེས་བཞིར་གསུངས་པ་ཇི་ལྟར་ཡིན་གཞན་ཡང་གཏོང་རྒྱུ་ཕྱི་མ་གཉིས་སོ་སོར་བགྲང་ཚུལ་ཡང་ཇི་ལྟ་བུ་


JLD001_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེ་ལ་བྱང་སར་གཉིས་བཤད་པ་དང་དེའི་རྣམ་པར་གཏན་ལ་དབབ་པར་གྲངས་དེ་ལས་མང་བར་བཤད་པ་གཉིས་མི་འགལ་ཏེ་རྩ་བ་དང་འགྲེལ་པ་ལྟ་བུ་ཡིན་པའི་ཕྱིར་རོ། །གཏོང་རྒྱུ་དང་པོ་ནི་སེམས་སྐྱེད་པར་བྱེད་པ་ཞེས་པ་སྟེ་ཐེག་དམན་དུ་སེམས་བསྐྱེད་པའོ། །དེ་ཡང་སྔར་སྡོམ་པ་ལེན་པ་ན་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སེམས་ཀྱིས་བླངས་པའི་སེམས་དེ་དང་མི་འདྲ་བར་ངེས་པ་སྟེ་མི་མཐུན་པའི་སེམས་བསྐྱེད་པ་དེ་སྨོན་སེམས་བཏང་བའོ། །གཏོང་རྒྱུ་གཉིས་པ་ནི་མི་དོན་གོ་བའི་དྲུང་དུ་བསླབ་པ་འབུལ་བའི་ཚིག་བརྗོད་ནས་ཕ་རོལ་པོས་གོ་བའོ། །འདི་སོ་ཐར་གྱིས་སྡོམ་པ་འབུལ་བ་དང་མི་འདྲ་སྟེ་དེ་ལ་ནི་སྲུང་བར་མ་ནུས་པ་ན་ཕུལ་བས་སྡོམ་པ་རྗེས་སུ་འཇུག་པའི་བསོད་ནམས་ཆད་པ་ཡིན་གྱི་ཕུལ་བ་རང་གི་ངོ་བོ་ནས་སྡིག་ཆེན་པོ་མི་སྐྱེད་ལ། འདི་ལ་བྱང་སེམས་ཀྱི་སྡོམ་པ་ཕུལ་ན་ནི་སེམས་ཅན་མཐའ་ཡས་པའི་ཕན་བདེ་སྒྲུབ་པར་ཁས་བླངས་ནས་སྡོམ་པ་གཟུང་བ་བཅད་པས་ངན་འགྲོར་ལྷུང་ནས་ཡུན་རིང་དུ་འཁྱམ་དགོས་ཏེ། སེམས་ཅན་གཅིག་གི་བདེ་བ་བཤིག་པ་ལ་ཡང་ངན་འགྲོར་འགྲོ་དགོས་ན་ལུས་ཅན་མཐའ་དག་གི་བདེ་བ་བཤིག་ན་སྨོས་སུ་མེད་པའི་ཕྱིར་རོ་ཞེས་རྒྱུ་མཚན་དུ་མས་བསྒྲུབས་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་སྒྲུབ་པ་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་ནས། །བདག་གི་འགྲོ་བ་ཇི་འདྲར་འགྱུར། །དངོས་པོ་ཕལ་པ་


JLD001_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ལ། །ཡིད་ཀྱིས་སྦྱིན་པར་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་འགྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ག་འགྲོ་འགྱུར་རམ། ཞེས་དང༌། གང་གཞན་སྐད་ཅིག་འདི་ཡི་ནི། །བསོད་ནམས་བར་ཆད་གེགས་བྱེད་པ། །སེམས་ཅན་དོན་ལ་དམན་གྱུར་པས། །དེ་ཡི་ངན་འགྲོ་མུ་མཐའ་མེད། །སེམས་ཅན་གཅིག་གི་བདེ་བ་ཡང༌། །བཤིག་ན་བདག་ཉིད་ཉམས་འགྱུར་ན། །ནམ་མཁའ་མ་ལུས་མཐའ་ཀླས་པའི། །ལུས་ཅན་བདེ་བཤིག་སྨོས་ཅི་དགོས། ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེ་རྣམས་ནི་སྨོན་སེམས་བཏང་བ་དང་དེ་མ་བཏང་ཡང་བྱང་ཆུབ་ཀྱི་སྤྱོད་པའི་ཁུར་ཁྱེར་བའི་ཡི་དམ་བཏང་བ་གཉིས་འདྲ་བ་ཡིན་པས་རྣམ་པ་ཐམས་ཅད་དུ་དབུལ་དུ་མི་རུང་ངོ༌། །དེའི་ཕྱིར་ལེགས་པར་བརྟགས་ནས་བླང་དགོས་ཏེ་གཞན་དུ་ན་ཉེས་དམིགས་ཤིན་ཏུ་ཆེ་པར་བསླབ་བཏུས་སུ་མདོ་གསུམ་གྱིས་བསྒྲུབས་ཏེ་སྔར་བཤད་ཟིན་ཏོ། །གཏོང་རྒྱུ་གསུམ་པ་ནི་ཉེས་པ་བཞི་ག་ཚོགས་པ་འམ་རེ་རེའི་ཉེས་པ་གང་རུང་ལ་བཤད་ཅིང་གཏོང་རྒྱུ་བཞི་པ་དེ་གཉིས་ཀུན་དཀྲིས་ཆེན་པོས་སྤྱད་པ་ལ་གསུངས་ཀྱང་ཀུན་དཀྲིས་ཆེན་པོ་མ་ཚང་ན་ཕམ་པའི་སྡེ་ཚན་དུ་གཏོགས་པའི་ཉེས་པར་འགྱུར་གྱི་ཕམ་པར་དངོས་སུ་མི་འགྱུར་བས་སྡོམ་པ་གཏོང་བའི་ལྟུང་བ་མིན་ལ་གཏོང་རྒྱུ་བཞི་པ་བྱུང་ན་གསུམ་པར་གསུངས་པ་ཡང་འབྱུང་བར་སྣང་ངོ༌། །དེས་ན་ཀུན་དཀྲིས་ཆེན་པོས་སྤྱད་


JLD001_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེས་པ་རེ་རེ་དང་གཉིས་མན་ཆད་ཚོགས་པ་གཉིས་ནི་གཏོང་རྒྱུ་ཕྱི་མ་གཉིས་ཏེ། གཞུང་འདིར་གསུངས་པའི་གཏོང་རྒྱུ་གཉིས་པ་ལ་གཉིས་སུ་ཕྱེ་བའོ། །བཞི་པོ་ཐམས་ཅད་ཅེས་གསུངས་པ་ནི་གཉིས་མན་ཆད་ཚོགས་པའི་ཕྱོགས་ཙམ་མཚོན་བྱེད་དོ། །བྱང་སེམས་སྡོམ་ལྡན་གྱི་སྨོན་སེམས་ཀྱང་མ་བཏང་ཞིང་བསླབ་བ་མ་ཕུལ་ལ་ཕམ་པའི་གནས་ཀྱི་ཀུན་དཀྲིས་ཆེན་པོ་མ་སྤྱད་ན་ཚེ་འཕོས་ཀྱང་འོག་དང་སྟེང་དང་ཐད་ཀ་རྣམས་སུ་སྐྱེས་པ་ན་བྱང་སེམས་ཀྱི་སྡོམ་པ་མི་གཏོང་ངོ༌། །ཚེ་འཕོས་པའི་ཚེ་བརྗོད་ན་ཡང་དགེ་བའི་བཤེས་གཉེན་ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ནོད་པར་ཟད་ཀྱི་གསར་དུ་ལེན་པ་ནི་མིན་ནོ། །དེ་ལ་སྟེང་ནི་ལྷ་དང་ཐད་ཀ་ནི་མི་དང་འོག་ནི་ངན་སོང་སྟེ་དེར་སྨོན་ལམ་མམ་སེམས་ཅན་གྱི་དོན་ནམ་ལས་ཀྱི་དབང་གིས་སྐྱེས་པ་ལ་འགྲེལ་པ་རྣམས་ཀྱིས་བཤད་དོ། །སྐྱེ་བ་གཞན་དུ་ཡང་བྱང་སེམས་དང་མི་འཚམ་པའི་ལས་ལ་མི་འཇུག་པར་ཛི་ན་སུ་ཏྲ་དང་ས་མུ་དྲས་འཆད་དེ་སྡོམ་པ་གནས་པའི་མཐུའོ། །གཉིས་པ་ཉེས་བྱས་ཀྱི་སྡེ་ཚན་ལ་གཉིས་ལས། སྤྱིར་བསྟན་པ་ནི། བྱང་སེམས་ཀྱི་སྡོམ་པ་ལ་གནས་པ་ལ་ཉེས་པ་དང་བཅས་མ་བཅས་དང་ཉེས་པ་དང་བཅས་པ་ལ་ཡང་ཉོན་མོངས་ཅན་ཡིན་མིན་དང་ཉེས་པ་རྣམས་ཀྱི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པར་དབྱེ་བ་ཡང་རིག་པར་བྱའོ། །དེ་ལ་ལྟུང་བར་འགྱུར་མི་འགྱུར་དང་ལྟུང་བ་ལ་ཡང་ཉོན་མོངས་ཅན་ཡིན་མིན་ནི་ཉེས་བྱས་རྣམས་ཀྱི་སྐབས་སུ་སྟོན་ལ་ཆུང་འབྲིང་ཆེན་པོ་ནི་


JLD001_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འོག་མར་འཆད་པར་འགྱུར་རོ། །ཉེས་བྱས་སོ་སོར་བཤད་པ་ལ་གཉིས། དགེ་བའི་ཆོས་སྡུད་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་ཉེས་པ་དག་སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པའོ། །དང་པོ་ལ་དྲུག །སྦྱིན་པ་དང་། ཚུལ་ཁྲིམས་དང༌། བཟོད་པ་དང་། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པའོ། །དང་པོ་ལ་ལྔ་ལས། ཟང་ཟིང་གི་སྦྱིན་པའི་གཙོ་བོ་ཉམས་པ་ནི། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། ཅེས་པ་སྟེ་སྐྱབས་སུ་སོང་བ་དང་ཁྱད་པར་དུ་ཡང་བྱང་ཆུབ་སེམས་བསྐྱེད་པས་ཉིན་རེ་བཞིན་དུ་དཀོན་མཆོག་གསུམ་ལ་མཆོད་པ་དང་རིམ་གྲོ་མི་བྱར་མི་རུང་བས་དེ་མི་བྱེད་པའི་ཉེས་པའོ། །འདི་ལ་གསུམ་ལས་མཆོད་པའི་ཡུལ་སངས་རྒྱས་ནི། དེ་བཞིན་གཤེགས་པའམ་དེའི་མཆོད་རྟེན་ནོ། །ཆོས་ནི་ཆོས་སམ་ཆོས་ཀྱི་གླེགས་བམ་དུ་བྱས་པ་བྱང་སེམས་ཀྱི་མདོ་སྡེའི་སྡེ་སྣོད་དམ་སྡེ་སྣོད་དེའི་མ་མོའོ། །དགེ་འདུན་ནི་དགེ་འདུན་ལ་ཡང་རུང་སྟེ་ཕྱོགས་བཅུ་དག་ན་ས་ཆེན་པོར་ཆུད་པའི་བྱང་སེམས་ཀྱི་དགེ་འདུན་ནོ། །དེ་ལ་དེ་བཞིན་གཤེགས་པ་ནི་དངོས་ཡིན་ལ་མཆོད་རྟེན་ནི་སྐུའི་གཟུགས་བརྙན་ནོ། །ཆོས་ནི་རྟོགས་པའི་ཆོས་འགོག་ལམ་དང་གླེགས་བམ་དུ་བྱས་པ་ནི་ལུང་གི་ཆོས་ཏེ་དེ་ཡང་བཀའ་དང་དགོངས་འགྲེལ་གཉིས་སོ། །བྱང་སེམས་ཀྱི་སྡེ་སྣོད་ཅེས་གསུངས་པས་ཐེག་པ་ཆེན་པོའི་ཆོས་དགོས་སོ། །དགེ་འདུན་ནི་དགེ་འདུན་ཞེས་པས་བསྟན་པའི་དོན་ས་ཆེན་པོར་ཆུད་པར་བཤད་པས་ན་བྱང་སེམས་འཕགས་


JLD001_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་བཞིན་གཤེགས་པའམ་ཞེས་པས་ནི་དེ་དང་མཆོད་རྟེན་གཉིས་གང་རུང་གིས་ཆོག་པར་སྟོན་ལ། ཆོས་སམ་ཞེས་པས་ནི་ལུང་རྟོགས་གཉིས་གང་རུང་དང་། སྡེ་སྣོད་དམ་ཞེས་པས་ནི་བཀའ་དང་དགོངས་འགྲེལ་གཉིས་གང་རུང་གིས་ཆོག་པར་སྟོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ནམ་ཞེས་པ་དང་སྡེ་སྣོད་ཀྱི་མ་མོའམ་དགེ་འདུན་ལ་ཡང་རུང་སྟེ་ཞེས་པ་རྣམས་ཀྱིས་ནི་མཆོད་ཡུལ་གསུམ་གང་རུང་ལ་མཆོད་པ་གྲུབ་ན་ཡང་མཆོད་པའི་མ་མཐའ་བྱས་པས་ཉེས་བྱས་ཁེགས་པར་སྟོན་པའོ། །མཆོད་པའི་དངོས་པོ་ནི། ཡུལ་དེ་དག་ལ་མཆོད་པའི་བྱ་བ་ཆུང་ངུའམ་ཆེན་པོ་ཅི་ཡང་རུང་སྟེ་ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང་ཐ་ན་ངག་གིས་ཡུལ་གསུམ་གྱི་ཡོན་ཏན་ལས་བརྩམས་ཏེ་ཚིག་བཞི་པ་གཅིག་ཙམ་བརྗོད་པ་དང་ཐ་ན་སེམས་ཀྱིས་ཡུལ་གསུམ་གྱི་ཡོན་ཏན་དྲན་པ་སྔོན་དུ་འགྲོ་བའི་དད་པ་གཅིག་ཙམ་བྱེད་པའོ། །འདི་གསུམ་ལ་ཡུལ་ལ་གསུངས་པ་ལྟར་གདམ་ང་ཅན་གྱི་སྒྲ་མེད་པས་དཀོན་མཆོག་གསུམ་གང་རུང་གཅིག་ལ་ཡང་གསུམ་ག་བྱ་དགོས་སོ། །འགྲེལ་པ་གསར་མ་ལས། ཅི་འབྱོར་བའི་མེ་ཏོག་ལ་སོགས་པས་མཆོད་པར་བྱ་སྟེ་ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང༌། ཞེས་བཤད་པ་དང་ས་མུ་དྲས་ཀྱང༌། ཉིན་ཀྱང་རུང་མཚན་ཀྱང་རུང་དགེ་བ་སྤྱད་པ་དང་མཆོད་པ་ལ་སོགས་པ་གཞན་མ་ནུས་ན་ཆུང་ངུ་ན་ལུས་ཀྱིས་ཕྱག་བྱ་ཞིང༌། ཞེས་གསུངས་པས་མེ་ཏོག་སོགས་ཀྱིས་


JLD001_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ན་ཡང་ཉེས་བྱས་འགེགས་ནུས་སོ། །དུས་ནི་དེ་ལྟ་བུའི་མཆོད་པ་དེ་མ་བྱས་པར་ཉིན་ཞག་གཅིག་འདས་ན་ཁ་ན་མ་ཐོ་བ་སྐྱེད་བས་ཉེས་པ་དང་བཅས་པ་བྱང་སེམས་ཀྱི་ཆོས་ཉིད་དང་འགལ་བས་འགལ་བ་དང་བཅས་པར་འགྱུར་རོ། །འདིར་བསམ་པ་དག་པའི་སར་ཆུད་པ་ལ་ཉེས་པ་མེད་དེ་དཔེར་ན་དགེ་སློང་གིས་ཤེས་ནས་དད་པ་ཐོབ་པ་ནི་དུས་ཐམས་ཅད་དུ་ཡང་ཆོས་ཉིད་ཀྱིས་སྟོན་པ་དང་ཆོས་དང་དགེ་འདུན་ལ་བསྙེན་བཀུར་བྱེད་ཅིང་མཆོད་པ་དམ་པས་མཆོད་པ་བྱེད་པ་ལྟ་བུའོ་ཞེས་གསུངས་པ་ནི། བསམ་པ་དག་པའི་ས་རབ་ཏུ་དགའ་བ་ཐོབ་པས་མཆོད་པ་མ་བྱས་ཀྱང་ཉེས་པ་མེད་པར་སྟོན་པ་མིན་གྱི། ས་དེ་ཐོབ་པ་རྟག་ཏུ་དཀོན་མཆོག་མཆོད་པ་དང་མི་འབྲལ་བས་ཉེས་བྱས་འདི་དེ་ལ་མི་འབྱུང་བར་སྟོན་པའོ། །ལྟུང་བ་དེ་ཡང་བསླབ་པ་ལ་མི་གུས་པ་དང་དད་པ་མེད་པའི་སྙོམ་ལས་དང་ཉེས་པ་ལ་སྤྲོ་བའི་ལེ་ལོས་བྱས་ན་ཉོན་མོངས་ཅན་ཡིན་ལ་བརྗེད་པས་བྱས་ན་ནི་ཉན་མོངས་ཅན་མིན་པའོ། །འགྲེལ་པ་གསར་མར། ཆགས་པ་ཁོང་ཁྲོ་ང་རྒྱལ་སོགས། །ཉོན་མོངས་ལྟུང་བར་འདི་བསྟན་ཏེ། །ལེ་ལོ་བརྗེད་ངས་ལ་སོགས་པ། མཆོད་ལས་གཞན་དུ་ཉོན་མོངས་མིན། ཞེས་གསུངས་པ་ལྟར་ཞེ་སྡང་སོགས་ལྕི་བ་ལས་ཉོན་མོངས་ཅན་དང་ལེ་ལོ་སོགས་ཅུང་ཟད་ཡང་བ་ལས་དམན་པ་ལ་དགག་སྒྲས་ཉོན་མོངས་ཅན་མ་ཡིན་པ་ཞེས་ཉེས་བྱས་ཀྱི་སྐབས་རྣམས་སུ་གསུངས་ཏེ་འོན་ཀྱང༌། སྐབས་འདིར་སྙོམ་ལས་དང་ལེ་ལོ་ལ་ཡང་ཉོན་མོངས་ཅན་དུ་གསུངས་པ་ནི་


JLD001_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཆེན་པོ་ལ་ངེས་པར་བྱ་བ་ལས་འདས་པའོ་ཞེས་གྲོ་ལུང་པ་གསུང་ངོ༌། །ཉེས་བྱས་འདི་སྔར་བཤད་པའི་དགེ་བ་ཆོས་སྡུད་ཀྱི་རྒྱ་ཆེ་བའི་མཆོད་པ་ལས་ཉམས་པར་འགྲེལ་པ་གསར་མར་འཆད་དོ། །གཉིས་པ་སེར་སྣའི་གཉེན་པོ་ཉམས་པ་ནི། འདོད་པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་པ་སྟེ་འདོད་པ་ཆེ་བ་དང་ཆོག་མི་ཤེས་པ་དང་རྙེད་བཀུར་ལ་ཆགས་པ་གསུམ་མམ་བཞི་གང་རུང་བྱུང་བའི་རྗེས་སུ་འཇུག་པ་སྟེ་དང་དུ་ལེན་པར་བྱེད་ཅིང་འགོག་པར་མི་བྱེད་ན་ཉོན་མོངས་ཅན་གྱི་ཉེས་བྱས་ཏེ་འདི་ལ་ལྟུང་བ་བྱུང་ན་ཉོན་མོངས་ཅན་མ་ཡིན་པ་མེད་དོ། །སེམས་དེ་དག་དགག་པའི་ཕྱིར་དུ་འདུན་པ་བསྐྱེད་ཅིང་འབད་པས་བརྩོན་འགྲུས་རྩོམ་ལ་དེའི་གཉེན་པོ་ཡོངས་སུ་འཛིན་པས་དེའི་གེགས་ལ་གནས་ཏེ་བཟློག་ཀྱང་རང་བཞིན་གྱིས་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ངེས་ཟིལ་གྱིས་མནན་ནས་ཡང་དང་ཡང་དུ་སྤྱོད་པ་ལ་བཅས་པ་དང་འགལ་བའི་ཉེས་པ་མེད་ཀྱི་སྐྱོན་ཡེ་མེད་པ་ནི་མིན་ནོ། །འདི་སྡོམ་པའི་ཚུལ་ཁྲིམས་ཀྱི་སྐབས་ཀྱི་རྙེད་བཀུར་ལ་ཆགས་པ་དང་དུ་མི་ལེན་ཞིང་འདོད་ཆུང་ཆོག་ཤེས་ལས་ཉམས་པ་ཡིན་པར་འགྲེལ་པ་གསར་མས་བཤད་དོ། །གསུམ་པ་མི་འཇིགས་པའི་སྦྱིན་པའི་རྗེས་སུ་མི་མཐུན་པ་ལ་གཉིས་ལས། ཡུལ་གྱི་ཁྱད་པར་དང་འབྲེལ་བ་ནི། རྒན་པ་རྣམས་ལ་གུས་མི་བྱེད། ཅེས་པ་སྟེ་བྱང་ཆུབ་སེམས་དཔའ་རང་ལས་སྡོམ་པའི་སྒོ་ནས་ཆེས་རྒན་ཞིང་ཡིད་ཆེས་པར་བྱ་བའི་ཡོན་ཏན་དང་ལྡན་ལ་དེ་གཉིས་ཀྱི་སྒོ་ནས་གསོང་པོར་སྨྲ་བ་ལ་


JLD001_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་འོས་སུ་གྱུར་པའི་ཕྱིར་བཀུར་སྟི་བྱ་བར་འོས་པ་རང་དང་ཆོས་མཐུན་པ་མཐོང་ན་ལངས་ཤིང་སྟན་མི་སྟོབ་ན་ཉེས་བྱས་སོ། །ཡུལ་གྱི་སྤྱི་དང་འབྲེལ་བ་ནི། དྲིས་པ་ལ་ནི་ལན་མི་འདེབས། ཞེས་པ་སྟེ་ཕ་རོལ་པོས་དགའ་བར་བྱ་བའི་ཕྱིར་རང་ལ་གསོང་པོར་སྨྲ་ཞིང་ནད་འདྲི་བ་ལ་སོགས་པའི་ཚིག་ཀུན་ཏུ་སྨྲ་ལ་ཡང་དག་པར་དགའ་བར་བྱེད་ཅིང་སྔ་མ་ལས་དོན་གཞན་པའི་བྱེ་བྲག་འདྲི་བ་ལ་རིགས་པའི་ཚུལ་གྱིས་ལན་མི་བརྗོད་ན་ཉེས་བྱས་སོ། །རིགས་པའི་ཚུལ་ནི་འགྲེལ་པ་ཁ་ཅིག་ལས་ལན་བཏབ་པ་ལས་རྙེད་པ་འདོད་པ་སོགས་མེད་པར་འཆད་མོད་ཀྱང་འགྲེལ་པ་གསར་མས་རྗེས་སུ་མཐུན་པའི་ལན་ལ་བཤད་པ་ལགས་སོ། །ཡུལ་དེ་གཉིས་ལ་དེ་ལྟར་མ་བྱས་ཀྱང་ཉེས་པ་མེད་པ་ལ་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། རང་ཉིད་ནད་ཚབས་ཆེ་བ་དང་གཉིད་ལོག་པ་ན་གཞན་གྱིས་སང་པའི་འདུ་ཤེས་ཀྱིས་སྨྲ་བ་སོགས་བྱེད་པ་ལ་ལན་མ་བྱས་ཀྱང་ཉེས་པ་མེད་པ་སྟེ་གཉིས་སོ། །གནས་སྐབས་ཀྱི་སྒོ་ནས་ལྟུང་བ་མེད་པ་ནི། རང་གིས་གཞན་ལ་ཆོས་སྟོན་པའམ་གཞན་དང་ཆོས་ཀྱི་འབེལ་གཏམ་བྱེད་པ་དང༌། ཡུལ་གཉིས་པོ་དེ་ལས་གཞན་པའི་གང་ཟག་སྨྲ་བ་སོགས་ཀྱིས་དགའ་བར་བྱེད་པའི་དུས་དང༌། གཞན་གྱིས་རང་ལ་ཆོས་སྟོན་པ་ཉན་པའམ་གཞན་འབེལ་གཏམ་བྱེད་པ་ལ་རྣ་བླགས་ཏེ་ཉན་པའི་དུས་ཏེ་གསུམ་མོ། །དགོས་པའི་སྒོ་ནས་ཉེས་པ་མེད་པ་ནི། ལངས་པ་སོགས་བྱས་ན་གཞན་ཆོས་ཉན་པའི་བར་ཆད་དུ་སོང་ནས་གཞན་མི་དགའ་བར་འགྱུར་བ་བསྲུང་བ་དང༌། ཆོས་སྨྲ་བར་མི་དགའ་བར་


JLD001_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་དོགས་ནས་དེའི་སེམས་སྲུང་བ་དང༌། མི་ལངས་པ་ལ་སོགས་པའི་ཐབས་དེས་དེ་དག་མི་དགེ་བ་ལས་བསླང་སྟེ་དགེ་བའི་གནས་ལ་འགོད་པ་དང༌། ཕྱག་མི་བྱ་བ་དང་མི་སྨྲ་᪠་སོགས་ཀྱི་ནང་ཁྲིམས་དགེ་འདུན་གྱིས་བྱས་པ་བསྲུང་བ་དང༌། གུས་པ་དང་སྨྲ་བ་སོགས་བྱས་ན་རང་ལ་སྐྱེ་བོ་མང་པོ་ཀུན་ནས་མནར་སེམས་སྐྱེ་བ་བསྲུང་བ་སྟེ་ལྔའོ། །དེ་དག་ལས་གཞན་དུ་ལྟུང་བར་འགྱུར་བ་ལ་ཉོན་མོᩏས་ཅན་ནི། ང་རྒྱལ་དང་གནོད་པ་བྱ་བར་འདོད་པའི་ཀུན་ནས་མནར་སེམས་དང་སེམས་འཁྲུག་པའི་ཁོང་ཁྲོ་བས་ལྡང་བ་སོགས་མི་བྱེད་པའོ། །ཉོན་མོངས་ཅན་མ་ཡིན་པ་ནི་སྙོམ་ལས་᩶ᩏ་ལེ་ལོ་དང་ལུང་མ་བསྟན་དང་བརྗེད་ངས་ཀྱིས་ཀུན་ནས་བསླང་བའོ། །ཉེས་བྱས་དེ་གཉིས་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་གཞན་གྱི་སེམས་བསྲུང་བ་ལས་ཉམས་པར་འགྲེལ་པ་གསར་མས་བཤད་དོ། །བཞི་པ་གཞན་གྱི་སྦྱིན་པའི་རྐྱེན་མི་བྱེད་པ་ལ་གཉིས་ལས། མགྲོན་དུ་བོས་པ་ཁས་མི་ལེན་པ་ནི། མགྲོན་པོས་བདག་གིར་མི་བྱེད་ཅིང༌། ཞེས་པ་སྟེ་གཞན་དག་རབ་བྱུང་གི་གང་ཟག་གི་ཁྱིམ་མམ་དགེ་འདུན་གྱི་གཙུག་ལག་ཁང་ངམ་ཁྱིམ་པའི་ཁྱིམ་དུ་ཟས་སྐོམ་དང་གོས་ལ་སོགས་པའི་ཡོ་བྱད་ལ་མགྲོན་དུ་བོས་པ་ལས་ང་རྒྱལ་ཀུན་ནས་མནར་སེམས་ཁོང་ཁྲོས་བོས་པ་བདག་གིར་མི་བྱེད་ཅིང་མི་འགྲོ་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །སྙོམ་ལས་དང་ལེ་ལོའི་དབང་གིས་མི་འགྲོ་ན་ཉོན་མོངས་ཅན་མ་ཡིན་པའི་ཉེས་པའོ། །མ་སོང་ཡང་ཉེས་


JLD001_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ལ་རྟེན་གྱི་སྒོ་ནས་ནི། ན་སྟེ་མི་ནུས་པ་དང་སྔར་གཞན་ལ་ཁས་བླངས་པ་སྟེ་གཉིས་སོ། །ལམ་གྱི་སྒོ་ནས་ནི། ལམ་ཐག་རིང་ཞིང་བདེ་བླག་ཏུ་བགྲོད་མི་ནུས་པའི་ཡུལ་འཛད་མ་རིང་དང་ལམ་ན་དགྲ་དང་གདུག་པ་དང་གནོད་པ་མང་བའི་འཇིགས་པ་དང་བཅས་པ་སྟེ་གཉིས་སོ། །སྦྱིན་བདག་གི་སྒོ་ནས་ནི་མཐོ་འཚམ་པའི་བསམ་པས་བོས་པའོ། །དགོས་པའི་སྒོ་ནས་ནི། མ་སོང་བའི་ཐབས་དེས་སྔར་བསྟན་པ་ལྟར་འདུལ་འདོད་པ་དང་རྒྱུན་དུ་དགེ་ཕྱོགས་ལ་བརྩོན་ཏེ་དེའི་བར་ཆད་བསྲུང་བ་དང༌། སྔོན་མ་ཐོས་པའི་དོན་ལྡན་གྱི་ཆོས་མཉན་པ་ལས་ཉམས་སུ་དོགས་པ་དང༌། སྔོན་མ་ཐོས་པའི་འབེལ་བའི་གཏམ་དེ་ལྟ་བུ་དང༌། གཞན་ཆེས་མང་པོའི་མནར་སེམས་སྲུང་བ་དང་ལྷུང་བཟེད་ཁས་ཕུབ་པ་སོགས་ཀྱི་དགེ་འདུན་གྱི་ནང་ཁྲིམས་སྲུང་བ་སྟེ་དྲུག་གོ །ཡོ་བྱད་བསྟབས་པ་མི་ལེན་པ་ནི། གསེར་ལ་སོགས་པ་ལེན་མི་བྱེད། ཅེས་པ་སྟེ་སྦྱིན་བདག་གཞན་གང་ཡང་རུང་བ་ལས་གསེར་དངུལ་མུ་ཏིག་བཻཌཱུརྱ་ལ་སོགས་པ་ནོར་གྱི་རྣམ་གྲངས་སྣ་ཚོགས་པ་རྣམས་འཐོབ་ཅིང་ནན་གྱིས་སྦྱིན་པའི་དུས་ཀྱིས་བསྟབས་པ་ལས་མནར་སེམས་དང་ཁོང་ཁྲོས་མི་ལེན་ཞིང་སྤོང་ན་སེམས་ཅན་ཡལ་བར་འདོར་བའི་ཕྱིར་ཉོན་མོངས་ཅན་དང༌། སྙོམ་ལས་དང་ལེ་ལོས་མི་ལེན་ན་ཉོན་མོངས་ཅན་མ་ཡིན་པའི་ཉེས་པའོ། །འོག་མ་རྣམས་སུ་དམིགས་བསལ་མེད་པའི་སེམས་གཉིས་ཞེས་འབྱུང་བ་རྣམས་སེམས་ཆེན་པོ་གཉིས་པོ་འདི་ལ་གོ་བར་བྱའོ། །མ་བླངས་ཀྱང་ཉེས་པ་མེད་པ་ལ་རང་གི་ངོས་ནས་


JLD001_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དངོས་པོ་དེ་བླངས་པས་རང་གི་སེམས་ཆགས་པར་འགྱུར་བར་མཐོང་བའོ། །སྦྱིན་བདག་གི་ངོས་ནས་ནི་བྱིན་པའི་རྗེས་སུ་འགྱོད་དོགས་པ་དང༌། རང་དང་གཞན་ནོར་དུ་དོགས་པ་དང༌། ཡོ་བྱད་བཟུང་བ་ཐམས་ཅད་བཏང་བས་སྦྱིན་བདག་དབུལ་བོར་སོང་དོགས་པ་སྟེ་གསུམ་མོ། །རྫས་ཀྱི་སྒོ་ནས་ནི་དགེ་འདུན་ནམ་མཆོད་རྟེན་ལ་བསྔོས་པ་ཡིན་པར་དོགས་པ་དང༌། གཞན་ལས་མི་རིགས་པས་ཕྲོགས་པ་དང༌། དེ་ལས་ཉེས་དམིགས་འབྱུང་བར་དོགས་པ་སྟེ་གཉིས་སོ། །ཉེས་དམིགས་ནི་དེ་གསོད་པའམ་འཆིང་པའམ་ཆད་པས་བཅད་པའམ་མིག་འབྱིན་པ་སོགས་ཀྱི་གནོད་པར་འགྱུར་བའམ་སྤྱུགས་པའི་སྨད་པར་འགྱུར་བའོ། །དེ་དག་ནི་ཛི་ན་སུ་ཏྲས་བླངས་པའི་ཉེས་དམིགས་སུ་བཤད་ལ་ས་མུ་དྲས་འཕྲོག་མཁན་ལ་ཉེས་དམིགས་དེ་དག་འབྱུང་བར་མཐོང་ནས་མི་ལེན་པ་ལ་འཆད་དོ། །ཉེས་བྱས་དེ་གཉིས་ནི་སེམས་ཅན་དོན་བྱེད་ཀྱི་བསོད་ནམས་ཀྱི་ལས་ཀྱི་གྲོགས་སུ་འགྲོ་བ་ལས་ཉམས་པར་འགྲེལ་པ་གསར་མས་བཤད་དོ། །ལྔ་པ་ཆོས་ཀྱི་སྦྱིན་པ་དང་འགལ་བ་ནི། ཆོས་འདོད་པ་ལ་སྦྱིན་མི་བྱེད་ཅེས་པ་སྟེ་གཞན་ཆོས་འདོད་པ་རྣམས་ལ་སེམས་གཉིས་སམ་རང་བཞིན་གྱིས་ཕྲག་དོག་ཅན་ཡིན་ཡང་རུང་སྟེ་དེ་དག་གི་དབང་གིས་ཆོས་མི་སྦྱིན་ན་ཉོན་མོངས་ཅན་ནོ། །སེམས་གཞན་གྱིས་ནི་ཉོན་མོགས་ཅན་མིན་པའོ། །མ་བྱིན་ཀྱང་ལྟུང་བ་མེད་པ་ལ་རྟེན་གྱི་སྒོ་ནས་ནི། ནད་ཚབས་ཆེ་བ་དང་ཆོས་མི་ཤེས་པ་སྟེ་གཉིས་སོ། །དགོས་པའི་སྒོ་ནས་ནི་ཆོས་མི་སྦྱིན་པའི་ཐབས་དེས་སྔར་


JLD001_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལྟར་འདུལ་འདོད་པ་སྟེ་གཅིག་གོ །གདུལ་བྱའི་སྒོ་ནས་ནི་སྣོད་དང་མི་ལྡན་པ་སྟེ་མུ་སྟེགས་ཅན་གླགས་ཚོལ་བ་དང་སེམས་མ་གུས་ཤིང་ངག་གིས་ཞེ་ས་མེད་ལ་ལུས་ཀྱི་སྤྱོད་ལམ་ངན་པས་ནོད་པ་དང་དབང་པོ་མ་སྨིན་པའི་དབང་པོ་རྟུལ་པོ་ཆོས་རྒྱ་ཆེན་པོ་བསྟན་པ་ཐོས་པ་ན་དཀའ་བར་འཛིན་པས་སྐྲག་ཅིང་ཡིད་མི་ཆེས་པས་ལོག་པར་ལྟ་བ་དང་ལེགས་པར་བརྡ་སྤྲད་ཀྱང་མི་ཉན་པས་ལོག་པར་མངོན་པར་ཞེན་པ་དང༌། གཞི་དེ་ལས་བསོད་ནམས་མིན་པ་མང་དུ་སྐྱེ་བས་གནོད་པ་དང་དེ་ལས་ངན་སོང་དུ་འགྲོ་བའི་ཉམས་པར་འགྱུར་དུ་དོགས་པ་དང་གང་ཟག་དེའི་ལག་ཏུ་སོང་ན་གཞན་སྣོད་མིན་ལ་འཕེལ་དུ་དོགས་པ་སྟེ་བཞིའོ། །དེ་ལ་དང་པོས་ནི་ཀླན་ཀ་ཚོལ་བ་གཞན་ཡང་མཚོན་ལ་གཉིས་པ་ལ་ནི་མ་གུས་པ་སོགས་རེ་རེས་ཀྱང་ཆོག་ཅིང་གསུམ་པ་ལ་ཡང་ཆོས་ཐམས་ཅད་ཚང་མི་དགོས་སོ། །དེ་ལྟར་ན་ཉེས་བྱས་གཉིས་པ་ནི་མི་བྱ་རྒྱུ་བྱས་པའི་ཉེས་པ་དང་གཞན་དྲུག་བྱ་རྒྱུ་མ་བྱས་པའི་ཉེས་པ་ཡིན་ལ་ཉེས་བྱས་གཉིས་པ་ལྟ་བུ་ཡུལ་དང་དུས་དང་གྲོགས་ལ་སོགས་པའི་དབང་གིས་གང་འབྱུང་ཉེ་བ་རྣམས་ཟུར་དུ་བཀར་ཏེ་སྡོམ་སེམས་མང་དུ་བཏང་དགོས་པ་ནི་ཐམས་ཅད་དུ་ཤེས་པར་བྱའོ། །ཉེས་བྱས་འདི་དགེ་བ་སྡུད་པ་དང་སེམས་ཅན་དོན་བྱེད་ཀྱི་སྦྱིན་པ་ལས་ཉམས་པར་འགྲེལ་པ་གསར་མས་བཤད་དོ། །ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ལ་གསུམ་གཞན་གཙོ་བོར་གྱུར་པ་དང་འགལ་བ། རང་གཙོ་བོར་གྱུར་པ་དང་འགལ་བ། གཉིས་ཀ་ཆ་མཉམ་པ་དང་འགལ་བའོ། །དང་པོ་ལ་གཉིས། གཞན་གཙོ་


JLD001_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བོར་གྱུར་པའི་ཚུལ་ཁྲིམས་དང་འགལ་བ་དངོས་དང༌། སོ་ཐར་གྱི་རང་བཞིན་གྱི་བཅས་པ་ལ་སློབ་པའི་ཁྱད་པར་བསྟན་པའོ། །དང་པོ་ལ་གསུམ་ལས། ལྷག་པར་བརྩེ་བའི་ཡུལ་འདོར་བ་ནི། ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར་ཞེས་པ་སྟེ། སེམས་ཅན་མ་རུངས་པ་དང་ཚུལ་ཁྲིམས་འཆལ་པ་རྣམས་དེ་གཉིས་ཡིན་པ་རྒྱུ་མཚན་དུ་བྱས་ནས་སེམས་གཉིས་ཀྱིས་ཡལ་བར་འདོར་རམ་ཁྱད་དུ་གསོད་ན་ཉོན་མོངས་ཅན་ནོ། །སེམས་གཞན་གཉིས་ཀྱིས་ཡལ་བར་བོར་བ་དང་བརྗེད་པས་ཁྱད་དུ་གསོད་ན་ཉོན་མོངས་ཅན་མིན་པའོ། །དེའི་རྒྱུ་མཚན་ནི་བྱང་སེམས་ནི་མ་རུངས་པ་དང་ཚུལ་ཁྲིམས་འཆལ་པ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་རྣམས་ལ་སྙིང་བརྩེ་ཞིང་བྱེད་འདོད་པས་གནས་པ་ལྟར་ཚུལ་ཁྲིམས་དང་ལྡན་ཞིང་སྒོ་གསུམ་གྱི་སྤྱོད་པ་ཞི་བ་ལ་ནི་དེ་ལྟ་མིན་པའི་ཕྱིར་རོ། །དེ་ལ་མ་རུངས་པ་ནི་མཚམས་མེད་བྱེད་པ་སོགས་སོ། །ཚུལ་ཁྲིམས་འཆལ་བ་ནི་རྩ་ལྟུང་བྱུང་བའོ། །ས་མུ་དྲས་ཞེ་སྡང་ཅན་དང་བསླབ་པ་ལ་གཡེལ་བ་ལ་འཆད་དོ། །ཡལ་བར་བོར་ཡང་ལྟུང་བ་མེད་པ་ལ་དགོས་པའི་སྒོ་ནས། ཐབས་དེས་འདུལ་བ་དང་གཞན་མང་པོའི་སེམས་སྲུང་བ་དང་དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་སྟེ་གསུམ་མོ། །བཅས་པ་ཐུན་མོང་བ་ལ་མི་སློབ་པ་ནི། ཕ་རོལ་དང་ཕྱིར་སློབ་མི་བྱེད། ཅེས་པ་སྟེ། བྱང་སེམས་ཀྱིས་གཞན་གྱི་སེམས་བསྲུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྩ་བའི་ལུང་སོ་སོར་ཐར་པ་དང་དེ་རྣམ་པར་འགྲེལ་


JLD001_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་འབྱེད་ལ་སོགས་པའི་འདུལ་བར་བསླབ་པ་བཅས་པའི་བཅས་པའི་ཁ་ན་མ་ཐོ་བ་རང་བཞིན་ལས་གཞན་པ་རྣམས་ལ་ཉན་ཐོས་རྣམས་དང་འདྲ་བར་སློབ་ཀྱི་དེ་དག་དང་ཐ་དད་པའི་མི་མཐུན་པར་མི་བྱེད་དེ། ཇི་ལྟར་ཉན་ཐོས་རྣམས་ཀྱིས་སྤོང་བ་དེ་ལྟར་བྱང་སེམས་ཀྱིས་ཀྱང་སྤོང་བ་ཡིན་ནོ། །གཞན་གྱི་སེམས་བསྲུང་བ་ནི་ཁྱིམ་པ་ལ་སོགས་པ་སྔར་མ་དད་པ་རྣམས་དད་པར་བྱ་བ་དང་སྔ་ནས་དད་པ་རྣམས་དད་པ་ཕྱིར་ཡང་འཕེལ་བར་བྱ་བའི་ཕྱིར་དུ་བཅས་པ་ཆང་མི་འཐུང་བ་དང་དུས་མིན་པའི་ཁ་ཟས་སྤོང་བ་སོགས་དང་ས་རྐོ་བ་དང་མེ་ལ་རེག་པ་སོགས་སོ། །དེ་དག་ལ་ཉན་ཐོས་ལྟར་བསླབ་དགོས་པ་ལས་མ་བསླབས་ན་སོ་ཐར་དང་འགལ་བའི་ཉེས་པ་འབྱུང་བར་མ་ཟད་བྱང་སེམས་ཀྱི་སྡོམ་པ་དང་འགལ་བའི་ཉེས་བྱས་ཤིག་ཀྱང་འབྱུང་ངོ། །དེའི་རྒྱུ་མཚན་ནི་ཉན་ཐོས་རང་གི་དོན་ཙམ་ལྷུར་ལེན་པ་ཡང་གཞན་གྱི་ཡིད་སྲུང་བའི་བསླབ་པ་ལ་སློབ་ན་བྱང་སེམས་གཞན་དོན་ལྷུར་ལེན་པ་རྣམས་ལྟ་ཅི་སྨོས་པའི་ཕྱིར་རོ། །དེ་ལ་ཡང་མ་དད་ཅིང་མ་གུས་པས་མི་སློབ་ན་ཉོན་མོངས་ཅན་དང་ལེ་ལོ་ལ་སོགས་པས་མི་སློབ་ན་ཉོན་མོངས་ཅན་མིན་པའོ། །ཞེས་འགྲེལ་པ་གསར་མས་བཤད་དོ། །ཉེས་བྱས་འདི་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་བྱུང་ཐམས་ཅད་ཀྱི་ཡིན་ནམ་ཞེ་ན་འགྲེལ་པ་གསར་མར་རབ་བྱུང་གི་བྱང་ཆུབ་སེམས་དཔའ་ལ་བཤད་པ་ལྟར་བཟུང་སྟེ་འོན་ཀྱང་བྱང་སེམས་ཁྱིམ་པ་ལ་ཡང་སོ་ཐར་དང་ཐུན་མོང་བའི་བཅས་རྐྱང་མང་པོ་སྣང་ངོ༌། །ཐུན་མོང་མ་ཡིན་པ་ལ་སློབ་པ་ནི། སེམས་ཅན་དོན་ལ་བྱ་བ་ཆུང་ཞེས་པ་སྟེ།


JLD001_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་ཉན་ཐོས་རྣམས་ཀྱི་དོན་དང་བྱ་བ་ཉུང་བ་དང་སྙིང་ལས་ཆུང་ངུར་གནས་པའི་དབང་དུ་བྱས་ནས་བཅས་པ་གོས་ཞག་བཅུ་དང་སུམ་ཅུ་ལས་ལྷག་པར་འཆང་བ་སོགས་ཀྱི་བཅས་རྐྱང་ལ་ནི་ཉན་ཐོས་དང་མཚུངས་པར་མི་སློབ་དགོས་པ་ལས་མཚུངས་པར་སློབ་ན་ཉེས་བྱས་ཏེ་དེ་ཡང་སེམས་གཉིས་ཀྱིས་དོན་ཉུང་བ་སོགས་བྱེད་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་ཀྱིས་བྱེད་ན་ཉོན་མོངས་ཅན་མིན་པའོ། །དེའི་རྒྱུ་མཚན་ནི་ཉན་ཐོས་བདག་དོན་ལྷུར་ལེན་པ་སྟེ་བདག་འདུལ་བ་ལ་ཞུགས་ཤིང་གཞན་དོན་ལ་མི་ལྟ་བས་གཞན་དོན་ལས་བརྩམས་ཏེ་དོན་ཉུང་བ་སོགས་ཀྱིས་གནས་པ་མཛེས་ཀྱི་བྱང་སེམས་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཕན་བདེའི་ཕྱིར་ཞུགས་པའི་གཞན་དོན་ལྷུར་ལེན་པ་ལ་གཞན་དོན་ལས་བརྩམས་ཏེ་དོན་ཉུང་བ་སོགས་མི་མཛེས་པའི་ཕྱིར་རོ། །དེ་ལ་དོན་ཉུང་བ་ནི་འདོད་པ་ཆུང་བའོ། །བྱ་བ་ཉུང་བ་ནི་ཡོ་བྱད་མང་པོ་མི་འཛིན་པའོ། །སྙིང་ལས་ཆུང་བ་ནི་འཕགས་པའི་རིགས་ལ་གནས་པ་སྟེ་དེ་ཡང་ཆོས་གོས་དང་བསོད་སྙོམས་དང་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཏེ་བཞིའོ། །བྱང་སེམས་ཀྱིས་ནི་གཞན་དོན་དུ་གོས་བརྒྱ་དང་སྟོང་ཡང་ཉེ་དུར་མི་འོང་བའི་བྲམ་ཟེ་དང་ཁྱིམ་པ་ལས་བཙལ་བར་བྱ་སྟེ་སྦྱིན་པ་པོ་སྐབས་འབྱེད་པ་ཞིག་ཡོད་ན་ཡང་སེམས་ཅན་དེ་དག་གི་ཆོག་མི་ཆོག་དང་པོར་བརྟགས་ནས་མི་ཆོག་ན་ཇི་ཙམ་དགོས་པ་བླང་བར་བྱའོ། །ས་མུ་དྲས་བཟོད་དམ་མི་བཟོད་བརྟག་ཅེས་བཏོན་


JLD001_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེའི་དོན་བདག་གིས་བླངས་པས་སྦྱིན་བདག་དབུལ་བར་འགྱུར་མི་འགྱུར་དང་གཞན་འཕྱ་མི་འཕྱ་བརྟག་ཅེས་འཆད་པ་མི་འཐད་དེ། འདི་ནི་སློང་བར་རིགས་པ་ཚད་ལས་ལྷག་པ་ལེན་པ་ལ་ཉེས་པ་མེད་པར་སྟོན་པ་ཡིན་པའི་ཕྱིར་རོ། །གོས་བཞིན་དུ་ལྷུང་བཟེད་ཀྱང་དེ་དང་འདྲའོ། །གོས་ཀྱི་རྒྱུ་སྐུད་པ་བླངས་པ་ཉེ་དུར་མི་འོང་བའི་ཐ་ག་བ་ལ་འཐག་ཏུ་འཇུག་པ་ལ་ཡང་གོས་བླངས་པ་དང་འདྲ་སྟེ་ལྟུང་བ་མེད་དོ། །གཞུང་འདི་ལྟར་ན་ཐ་ག་པ་ཉེ་དུ་མིན་པ་ལ་འཐག་ཏུ་བཅུག་ན་ཐགས་གླ་བྱིན་ཀྱང་ལྟུང་བ་ཡོད་པར་གསལ་ལ་འདུལ་བ་ལས་ནི་ལྟུང་བ་དེ་གླ་མ་བྱིན་པའི་ཉེས་པར་གསུངས་སོ། །གཞན་དོན་དུ་མོན་དར་གྱི་མལ་སྟན་བརྒྱ་དང་སྟན་དུ་གདིང་བ་བརྒྱ་ཡང་བསྟབ་པར་བྱའོ། །གསེར་དངུལ་སྲང་བྱེ་བ་ཕྲག་འབུམ་ལས་ལྷག་པ་ཡང་བདག་གིར་བྱའོ། །ཛི་ན་སུ་ཏྲས་མལ་སྟན་སྲིན་བལ་ཅན་དང་གདིང་བ་དང་སྟན་ནང་ཚངས་ཅན་ཞེས་འཆད་དོ། །མོན་དར་གྱི་སྟན་གཞན་དོན་དུ་གནང་བས་སྲིན་བལ་དང་བལ་ནག་དང་ཆ་གཉིས་བསྲེས་པ་ཡང་གནང་ངོ༌། །སྟན་དུ་གདིང་བ་ཞེས་པ་ནི། ལོ་དྲུག་གི་སྤང་བ་གནང་བའོ། །དེ་དག་ལ་སོགས་པ་དོན་དང་བྱ་བ་ཉུང་ཞིང་སྙིང་ལས་ཆུང་ངུར་གནས་པ་ལས་བརྩམས་པའི་བཅས་པ་རྣམས་ལ་ཉན་ཐོས་དང་འདྲ་བར་མི་སློབ་བོ། །བཅས་པ་དེ་གཉིས་དང་འོག་མ་ནི་བྱང་སེམས་ཀྱི་སྡོམ་ལྡན་གྱི་དགེ་སློང་སོགས་ཀྱི་རབ་བྱུང་རྣམས་ཀྱིས་སོ་ཐར་གྱི་བཅས་པ་ལ་ཇི་ལྟར་སློང་པའི་ཚུལ་སྟོན་པའི་གདམས་པ་ཆེན་པོ་སྟེ་འདི་ལྟར་སོ་ཐར་ལ་རང་བཞིན་གྱི་བཅས་པ་དང་བཅས་རྐྱང་


JLD001_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཅས་པ་གཉིས་ལས་དང་པོ་ལ་ཇི་ལྟར་སློབ་ཚུལ་ནི་འོག་མས་སྟོན་ལ། བཅས་རྐྱང་ལ་གཉིས་ལས་གཞན་གྱི་སེམས་སྲུང་བའི་ཕྱིར་དུ་བཅས་པ་ལ་ནི་འགྲེལ་པ་གསར་མ་ལས། བྱང་ཆུབ་སེམས་དཔའ་ནི་གཞན་རྣམས་ཀྱིས་ཆེས་ལྷག་པར་བསླབ་པར་བྱ་བ་ཡིན་པ་དང༌། རབ་ཏུ་བྱུང་བར་གྱུར་པས་ནི་རང་གི་བསླབ་པ་རྣམས་ངེས་པར་བསྲུང་དགོས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཉན་ཐོས་ལས་ཀྱང་ལྷག་པར་སྲུང་སེམས་དམ་དགོས་ལ། དོན་ཉུང་བ་སོགས་ཀྱི་ཕྱིར་དུ་བཅས་པ་ནི་གཞན་དོན་དུ་དེ་ལས་འདའ་དགོས་པས་ཉན་ཐོས་ལྟར་མི་སྲུང་བའི་ཕྱིར་དང་བཅས་རིགས་དེ་གསུམ་གྱིས་སོ་ཐར་གྱི་བཅས་པ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་དབྱེ་མི་ཤེས་པར་སོ་ཐར་གྱི་བཅས་པ་ཐུན་མོང་བ་རྣམས་ལ་ཁོ་བོ་ཅག་བྱང་ཆུབ་སེམས་དཔའ་འོ་གསང་སྔགས་པའོ་དེའི་ཕྱིར་དེ་དག་ལས་འདས་ཀྱང་གོང་མས་འདག་གོ་ཞེས་སྨྲ་ཞིང་བག་ཡོངས་སུ་འཇུག་པ་ནི། སྡོམ་པ་གོང་མ་གཉིས་དང་ལྡན་ན་བྱང་སེམས་ཀྱི་བཅས་པ་དང་འགལ་བའི་ཉེས་པ་ལྷག་པོ་ཞིག་བྱུང་བར་འདིར་བསྟན་ལ་སྔགས་ཀྱི་སྡོམ་པ་དང་འགལ་བའི་སྤོམ་པོ་སྐྱེད་པར། སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་རྣམས། །ཁ་ན་མ་ཐོ་སྦོམ་འགྱུར་ཏེ། ཞེས་གསུངས་ན། སྡོམ་པ་གཉིས་གང་ཡང་མི་སྲུང་བའི་ཐེག་ཆེན་པར་ཁས་འཆེ་བ་རྣམས་ལ་ནི་དེ་ལྟར་སྨ་བའི་གཞི་ཙམ་ཡང་ག་ལ་ཡོད། དེའི་ཕྱིར་དེ་དག་ནི་སྟོན་པའི་བསྟན་


JLD001_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངན་རྟོག་གི་བཙོག་ཆུས་སློད་པ་ཡིན་པས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་དུག་ལྟར་སྤང་བར་བྱའོ། །འགྲེལ་པ་རྙིང་མ་ལས། དགེ་སློང་གང་ཉེ་དུར་མི་འོང་བའི་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མའི་དྲུང་དུ་སོང་སྟེ། གོས་སློང་ན་སྤང་བའི་ལྟུང་བའོ། །ཞེས་བྱ་བ་དེ་ལ་སོགས་པའི་བསླབ་པའི་གཞི་རྣམས་སྡོམ་པ་གཉིས་ལ་གནས་པས་གཞན་གྱི་དོན་བཏང་སྟེ་བདག་གི་དོན་ལྷུར་ལེན་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས་གནང་བ་དེ་རྣམས་ཀྱང་གཞན་གྱི་དོན་མིན་པར་རང་གི་དོན་ལྷུར་ལེན་པའི་དབང་དུ་བྱས་ན་ནི་འདུལ་བ་ནས་བཤད་པའི་ཉེས་པ་ཇི་ལྟ་བ་བཞིན་འབྱུང་ངོ༌། །དེ་ལྟར་ཉེས་བྱས་གསུམ་པོ་དེ་རིམ་པ་ལྟར་སྡོམ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་དང་དགེ་བ་སྡུད་པ་དང་སེམས་ཅན་དོན་བྱེད་ལས་ཉམས་པར་འགྲེལ་པ་གསར་མས་བཤད་དོ། །གཉིས་པ་ནི། སྙིང་བརྩེར་བཅས་ན་མི་དགེ་མེད། །ཅེས་པ་སྟེ་འདིར་གཞུང་དང་སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྙིང་མ་དང་ཚུལ་ཁྲིམས་ལེའུའི་འགྲེལ་པ་གཉིས་ལས་སྲོག་གཅོད་སོགས་ལུས་ངག་གི་བདུན་ལ་གནང་བའི་སྐབས་ཡོད་པར་སྟོན་པ་མ་གཏོགས་པ་གཞན་དོན་དུ་དེ་དག་ལ་མ་ཞུགས་ན་ཉེས་བྱས་སུ་གསུངས་པ་མེད་ལ། འགྲེལ་པ་གསར་མ་ལས་ཉེས་བྱས་ཞེ་དྲུག་ཏུ་བཤད་པ་ལྟར་ན་འདི་ཡང་ཉེས་བྱས་གཅིག་ལ་བགྲང་དགོས་ཤིང༌། ཡང་འགྲེལ་པ་དེ་ལས་ཕ་རོལ་དད་ཕྱིར་སློབ་མི་བྱེད་ཀྱི་དམིགས་བསལ་དུ་ཡང་འཆད་པར་སྣང་ངོ༌། །དེ་ལྟ་ན་ཡང་ཛི་ན་སུ་ཏྲ་དང་ས་མུ་དྲས་བྱང་སེམས་དང་ཉན་ཐོས་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བའི་བཅས་པ་ལ་ཁྱད་


JLD001_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡོད་པར་སྟོན་པ་ཡིན་པར་འཆད་པ་ལྟར་བཤད་དོ། །སོ་ཐར་ལ་རང་བཞིན་གྱི་ཁ་ན་མ་ཐོ་བའི་བཅས་པར་བསྟན་པ་ལ་བྱང་སེམས་ཀྱིས་ཐབས་ལ་མཁས་པས་སྤྱད་ན་ཉེས་པ་ཡང་མེད་ལ་བསོད་ནམས་མང་པོ་འཕེལ་བ་ཡོད་དོ། །དེ་ཡང་གང་ཞེ་ན་སྲོག་གཅོད་སོགས་ལུས་ངག་གི་བདུན་ལའོ། །དེ་ལ་རྟེན་ནི། གཞུང་ལས་ལོག་གཡེམ་ལ་བྱང་སེམས་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་བསྟན་པ་མི་འཇིག་པར་རྗེས་སུ་སྲུང་བས་ནི་མི་ཚངས་པར་སྤྱོད་པ་བསྟེན་པ་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་རབ་བྱུང་ལ་བཀག་ཅིང་བྱང་སེམས་ཁྱིམ་པ་རྟེན་དུ་བཞག་ལ་མ་བྱིན་ལེན་ལ་སོགས་པ་གཞན་དྲུག་ལ་བྱང་སེམས་སྤྱི་རྟེན་དུ་གསུངས་སོ། །འོ་ན་སྲོག་གཅོད་སོགས་ཀྱི་ཕམ་པ་འབྱུང་བའི་གཞི་ལ་འཇུག་པའི་བྱང་སེམས་དེ་རབ་བྱུང་ངམ་ཁྱིམ་པ་ཡིན། དང་པོ་ལྟར་ན་ལོག་གཡེམ་ལ་མི་རུང་ལ་མི་གསོད་སོགས་ལ་རུང་བའི་ཁྱད་པར་མེད་དེ་དེ་གཉིས་ཀ་ཕམ་པར་འགྱུར་མི་འགྱུར་མཚུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་གཞུང་ནས་ལོག་གཡེམ་ལ་ཁྱད་པར་ཕྱེ་ནས་གཞན་ལ་མ་མཛད་པ་དང་འགལ་ལོ། །གཞན་ཡང་བསླབ་བཏུས་སུ། ཇི་སྟེ་དེ་ལས་སེམས་ཅན་གྱི་དོན་དུ་འགྱུར་བ་ལྷག་པ་མཐོང་ན་བསླབ་པ་དབུལ་ལོ། །བསྐལ་པ་མང་པོར་གོམས་པས་བདག་ཉིད་དུ་གྱུར་པའི་སྙིང་རྗེ་ཆེན་པོ་དང་ཐབས་མཁས་པ་ལ་སོགས་པ་ཡོངས་སུ་རྫོགས་པའི་དགེ་བའི་རྩ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་ཆགས་ཀྱིས་བར་ཆོད་བྱེད་པར་འགྱུར་རམ་ཅི་འདི་ནི་མི་སྲིད་པ་ཉིད་དོ། །ཐབས་ལ་མཁས་པའི་མདོ་


JLD001_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་བསྟན་ཏེ། བྲམ་ཟེའི་ཁྱེའུ་སྐར་མ་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱད་པའི་དབང་དུ་བྱས་ནས་དེ་གོམ་པ་བདུན་པ་ལ་གནས་ཏེ་སྙིང་རྗེ་སྐྱེས་ནས་བདག་གི་བརྟུལ་ཞུགས་འདི་བཤིག་སྟེ་སེམས་ཅན་དམྱལ་བར་སོང་བར་གྱུར་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་མྱོང་བར་བཟོད་ཀྱིས་བུད་མེད་འདི་ཤིར་འོང་གིས་བདེ་བར་གྱུར་ཅིག་ཅེས་རིགས་ཀྱི་བུ་བྲམ་ཟེའི་ཁྱེའུ་སྐར་མ་དེ་སླར་ལོག་སྟེ་བུད་མེད་དེ་ལ་ལག་པ་གཡས་པས་བཟུང་ནས་སྲུ་མོ་ཁྱོད་ཅི་འདོད་པ་བྱ་ལོངས་ཞེས་དེ་སྐད་སྨྲས་སོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ་མ་བྱིན་ལེན་གྱི་ཕམ་པ་སྐྱེད་པ་ལ་རང་དོན་དུ་བླངས་པ་ཡན་ལག་ཏུ་དགོས་ལ་བྱང་སེམས་ལ་དེ་གནང་བའི་སྐབས་སུ་གཞན་ཁོ་ནའི་དོན་དུ་ལེན་པས་མ་བྱིན་ལེན་གྱི་ཕམ་པ་གནང་བ་མེད་དོ། །དེའི་ཕྱིར་སྲོག་གཅོད་དང་བརྫུན་གྱི་ཕམ་པ་འབྱུང་བའི་གཞི་ལ་འཇུག་ན་ནི་རབ་བྱུང་གིས་བྱར་མི་རུང་བ་མི་ཚངས་སྤྱོད་དང་འདྲའོ། །འོ་ན་མི་ཚངས་སྤྱོད་ཁོ་ན་ལ་ཁྱིམ་པ་དང་རབ་བྱུང་གི་ཁྱད་པར་འབྱེད་པ་ཅི་ཞེ་ན། སྐྱོན་མེད་དེ་སྲོག་གཅོད་དང་མ་བྱིན་ལེན་དང་བརྫུན་ལ་ལས་ལམ་བྱུང་ཡང་ཕམ་པར་འགྱུར་བར་མ་ངེས་ལ་བཅས་པའི་རྟེན་ཅན་ལ་མི་ཚངས་སྤྱོད་ཀྱི་ལས་ལམ་བྱུང་ན་རྩ་ལྟུང་དུ་འགྲོ་བར་ངེས་པས་དེ་ལ་དགོངས་ནས་ཁྱད་པར་མཛད་དོ། །བསླབ་བཏུས་དང་ཡང་མི་འགལ་ཏེ་སྤྱིར་ཚངས་སྤྱོད་ཉིད་གཞན་དོན་སྒྲུབ་པའི་མཆོག་ཡིན་པས་དེ་བཏང་བ་ལ་གཞན་གྱི་དོན་ལྷག་པོ་མེད་ལ་བྱེ་བྲག་ཏུ་སོ་ཐར་གྱི་རྩ་ལྟུང་གི་གཞི་ལ་ཞུགས་ན་སེམས་ཅན་གྱི་དོན་ལྷག་པོ་མཐོང་བའི་ཚེ་བསླབ་པ་ཕུལ་ནས་


JLD001_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་ཁྱིམ་པ་ལ་གནང་བ་ཡིན་གྱི་རབ་བྱུང་ལ་གནང་བ་མིན་ནོ། །དེ་ལྟ་མིན་པར་རབ་བྱུང་ལ་གནང་ན་བསླབ་པ་འབུལ་བའི་དོན་མེད་དོ། །དེ་ལྟར་ན་སྲོག་གཅོད་པ་སོགས་ཀྱི་ལས་ལ་གཞན་དོན་དུ་འཇུག་པའི་རྟེན་ནི་བསླབ་བཏུས་སུ། ས་མ་ཐོབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་འདི་བསམ་པར་བྱའི་གཞན་ལ་ནི་མ་ཡིན་ནོ། །ཞེས་འགྱུར་རྙིང་ལས་འབྱུང་ལ་འགྱུར་གསར་ལས་ས་ཐོབ་པ་ཞེས་འབྱུང་བ་ལ་ཁ་ཅིག་ས་ཐོབ་པ་ཡིན་ན་ཕྱིན་དྲུག་ལ་སྤྱོད་པ་དགོས་པར་སྟོན་པའི་ཚིག་དོན་མེད་པས་འགྱུར་རྙིང་པ་ལྟར་ལེགས་པར་འདོད་པ་འཐད་དམ་སྙམ་མོ། །འོན་ཀྱང་སྔར་བསླབ་བཏུས་སུ་ལུང་དྲངས་པ་ལྟར་ས་མ་ཐོབ་པའི་ཕྱིར་དྲུག་ལ་སྤྱོད་པ་ཙམ་གྱིས་མི་ཆོག་གི་བསྐལ་པ་དུ་མར་ལམ་ལ་གོམས་པ་ཐབས་ལ་མཁས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་སེམས་དགོས་སོ། །དེ་ཡང་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་བྱང་སེམས་ཀྱི་བསླབ་པ་ལ་ཚུལ་བཞིན་དུ་སློབ་པ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་སྲོག་གཅོད་པ་སོགས་ལས་གཞན་པའི་ཐབས་མ་རྙེད་པའི་བྱང་སེམས་གཞན་དོན་དུ་འགྱུར་ན་གནང་བ་ཡིན་གྱི་ཐེག་ཆེན་པ་ཐམས་ཅད་ལ་གནང་བ་མིན་པས། བྱང་སེམས་ཀྱི་སྡོམ་པ་ལ་ཚུལ་བཞིན་དུ་སློབ་པ་ཙམ་ལ་ཡང་མ་གནང་ན་སྡོམ་པ་མི་སྲུང་བའི་ཐེག་ཆེན་པར་ཁས་འཆེ་བ་རྣམས་ལ་ནི་སྙིང་རྗེ་དང་སེམས་བསྐྱེད་ལྟར་སྣང་རེ་ཡོད་ཀྱང་གཏན་བྱར་མི་རུང་སྟེ། དཔེར་ན་སོ་ཐར་ལས་ཕྱི་དྲོའི་ཁ་ཟས་དགེ་སློང་ནད་པས་མ་ཟོས་ན་ནད་ལ་གནོད་


JLD001_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཟོས་ན་ནད་ཕན་པའི་གྲོགས་སུ་འགྱུར་བ་ལ་གནང་ཡང་དགེ་སློང་གཞན་ཐམས་ཅད་ཀྱིས་སྲུང་དགོས་པ་དང་འདྲའོ། །བསླབ་བཏུས་ཀྱི་ལུང་དེ་མི་ཚངས་སྤྱོད་ལ་གསུངས་པ་ཡིན་ཡང་སྲོག་གཅོད་པ་སོགས་ཀྱི་རྩ་ལྟུང་གི་གནས་ལ་ཡང་འདྲ་བ་ཡིན་ལ་དེ་ལས་གཞན་པའི་རྫུན་ལ་སོགས་པ་བཞི་དང་མ་བྱིན་ལེན་འོག་ནས་འཆད་པ་ལྟ་བུ་ལ་སེམས་ཅན་དེའི་དོན་དུ་འགྱུར་པའི་དགོས་པ་ཆེན་པོ་དང་ལྡན་ཞིང་དེ་དག་ལས་ཐབས་གཞན་མ་རྙེད་པའི་ཚེ་བྱང་སེམས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་ཞིང་སྐབས་དེ་དག་གི་ཀུན་སློང་གི་སེམས་དང་ལྡན་པ་ལ་ཉེས་མེད་དུ་འགྱུར་མི་འགྱུར་ནི་ཞིབ་པའི་བློས་དཔྱད་པར་བྱ་སྟེ། གནས་འདི་ནི་ཐུབ་པ་ཉག་ཅིག་གི་ཡུལ་ཡིན་པས་ཤིན་ཏུ་ཕྲ་ལ་ཉེན་ཆེན་པོ་དང་བཅས་པ་ཡིན་པའི་ཕྱིར་རོ། །རྒྱ་མཚོ་སྤྲིན་དང་ཛི་ན་སུ་ཏྲ་དང་མུ་དྲས་ནི་ཉོན་མོངས་ཅན་མིན་པའི་བསམ་པ་ཅན་དབང་ཐོབ་ཅིང་བསམ་པ་དག་པའི་བྱང་སེམས་ཀྱི་ཀུན་སྤྱོད་ཡིན་པས་དགེ་རྩ་ཆུང་བ་དང་ཤེས་རབ་རྟུལ་བ་དང་རང་གི་ཕྱོགས་ལ་ཞེན་པ་དང་མདོ་སྡེ་ལ་སྒྲ་ཇི་བཞིན་དུ་འཛིན་པ་རྣམས་ཀྱི་ཡུལ་མིན་གྱི་སངས་རྒྱས་ཉག་ཅིག་དེ་ལ་མངོན་སུམ་ཡིན་པས་གཞན་གྱིས་ཡེ་མི་བྱ་སྟེ། བསོད་ནམས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་ཞེས་སྲོག་གཅོད་ཀྱི་སྐབས་སུ་བཤད་དོ། །སྲོག་གཅོད་གནང་བ་ལ་ཡུལ་ནི། ཉན་རང་དང་བྱང་སེམས་བརྒྱ་ཕྲག་མང་པོ་དག་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་གསོད་པར་ཆད་དེ་མཚམས་མེད་པའི་ལས་ལ་ཞུགས་པའི་ཆོམ་རྐུན་སོགས་སོ། །བསམ་པ་ནི། དེ་ལྟ་བུ་མཐོང་བ་ན་འདི་བསད་ན་བདག་དམྱལ་བར་སྐྱེ་མོད་ཀྱི་དེ་ནི་བླའི་


JLD001_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་འདིས་མཚམས་མེད་བྱས་ནས་དམྱལ་བར་འགྲོ་ན་མི་རུང་ངོ་སྙམ་དུ་ཕྱི་མ་ལ་སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་བཞག་པ་སྟེ་བདག་གཞན་བརྗེ་ཕོད་པའོ། །གསོད་པའི་དུས་ན་རང་གི་སེམས་དགེ་བ་དང་ལུང་མ་བསྟན་གང་རུང་གི་སེམས་སུ་གནས་ཀྱི་ཉོན་མོངས་སོགས་ཡེ་མི་འདྲེ་བར་རིག་པ་དགོས་སོ། །འདི་ལ་ཁ་ཅིག་གསད་བྱ་དེའི་སེམས་ལ་འཆད་པ་ནི་དོན་མིན་ནོ། །འཛེམ་བཞིན་དུ་ཞེས་པ་ནི་ཐབས་དེ་ལས་གཞན་མ་རྙེད་པས་ཕོངས་ཆོས་སོ། །དེ་ལྟར་སྲོག་དང་ཕྲལ་ན་ཉེས་པ་མེད་ལ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །མ་བྱིན་ལེན་གནང་བ་ལ་ཡུལ་ནི་གསུམ་ལས། དང་པོ་ནི། རྒྱལ་བློན་ཆེནཔོ་ཤས་ཆེར་གཏུམ་ལ་སེམས་ཅན་ལ་སྙིང་རྗེ་མེད་ཅིང་གཅིག་ཏུ་གཞན་ལ་གནོད་པ་བྱེད་པ་ལ་ཞུགས་པ་གོ་འཕང་དེ་ལ་གནས་ན་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བའོ། །བསམ་པ་ནི། སྙིང་བརྩེའི་སེམས་སམ་ཕན་པ་ལ་བསམ་པས་རྒྱལ་སྲིད་དེ་ལས་འབྱིན་ཞིང་དེ་འཕྲོག་པའོ། །གཉིས་པ་ནི། དགེ་འདུན་དང་མཆོད་རྟེན་གྱི་ནོར་མང་པོ་ཕྲོགས་ནས་བདག་གིར་བྱས་ཏེ་སྤྱོད་འདོད་པའི་ཆོམ་རྐུན་ནོ། །བསམ་པ་ནི། གཞི་དེས་དེ་དག་ལ་ཡུན་རིང་པོར་གནོད་པ་དང་མི་ཕན་པར་གྱུར་ན་མི་རུང་ངོ་སྙམ་པ་ཁོ་ནས་སླར་ཕྲོགས་ཏེ་དགེ་འདུན་དང་མཆོད་རྟེན་གང་གི་ཡིན་པ་དེ་ལ་འབུལ་བའོ། །གསུམ་པ་ནི། ཞལ་ཏ་བྱེད་པའམ་སྐྱེད་མོས་ཚལ་བསྲུང་བ་གང་གིས་དགེ་འདུན་ནམ་མཆོད་རྟེན་གྱི་ནོར་མི་རིགས་པས་ཆུད་གཟོན་པ་དང་རང་གིས་


JLD001_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་པར་བྱེད་པའོ། །བསམ་པ་ནི། བཤད་མ་ཐག་པ་ལྟ་བུས་དེ་དག་དེ་ལས་འབྱིན་པའོ། །དེ་ལྟ་བུའི་མ་བྱིན་ལེན་བྱེད་ཀྱང་ཉེས་པར་མི་འགྱུར་ལ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །ལོག་གཡེམ་གནང་བ་ལ་ཡུལ་ནི། བྱང་སེམས་ཀྱིས་འདོད་པ་མ་བསྟེན་ན་འཆི་བར་འགྱུར་ལ་དེ་ལ་ཁོན་གྱི་བསམ་པ་འཛིན་པས་མི་ཚངས་པར་སྤྱོད་པས་གཟིར་བ་བྱང་སེམས་དེ་དང་འབྲེལ་བའི་སེམས་དང་ལྡན་པའི་བུད་མེད་མགོ་གཙང་ངོ༌། །ཚིག་ཕྱི་མས་ནི་ལོག་གཡེམ་སྤོང་བའོ་ཞེས་འགྲེལ་པ་རྣམས་ནས་འཆད་ཀྱང་ལོག་གཡེམ་གནང་བའི་སྐབས་ཡིན་པས་མི་འཐད་དོ། །བསླབ་བཏུས་ལས་ཀྱང༌། དབེན་པ་ཞིག་ཏུ་བྱས་ན་ཁྱོ་ཡོད་པའམ་མགོ་525གཙང་ངམ་རིགས་དང་ཆོས་དང་རྒྱལ་མཚན་གྱིས་བསྲུངས་བ་ལ་ཡང་རུང་སྟེ་འདོད་པ་ལ་ལོག་པར་གཡེམ་པར་མི་འགྱུར་རོ་ཞེས་ཁྱོ་ཡོད་མེད་གཉིས་ཀ་ལ་ལོག་གཡེམ་གྱི་ཉེས་པ་མེད་པར་གསུངས་པའི་ཕྱིར་རོ། །འདིའི་སྐབས་སུ་བསླབ་བཏུས་ལས་ཀྱང༌། ཡང་དག་པར་ཚངས་པར་སྤྱོད་པ་རྣམས་ནི་དོན་བྱས་པའི་ཕྱིར་དེ་དག་ལ་མ་སྲིང་ལ་སོགས་པ་བཞིན་དུ་རིང་དུ་སྤང་ཞིང་མཆོད་དོ། །ཞེས་གསུངས་པས་ཕལ་ཆེར་ཁྱིམ་པའི་རྟེན་གྱིས་འདུག་པ་དང་དེ་དང་དགེ་སློང་མི་མཚུངས་པ་དང་གལ་ཏེ་དོན་ལྷག་པ་མཐོང་ན་བསླབ་པ་འབུལ་བར་གསུངས་པས་བྱང་ས་དང་དོན་འདྲ་བ་ཡིན་ནོ། །འགྲེལ་པ་གསར་མ་ལས་ཀྱང༌། འཁྲིག་པ་ཀུན་ཏུ་སྤྱོད་པ་ནི་ལྟུང་བར་འགྱུར་ཞིང་བར་མ་ཆོད་པར་དམྱལ་བར་འགྲོ་བར་འགྱུར་བ་དང༌། འདུལ་བར་འོས་པ་


JLD001_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཡང་བསྟན་པ་ལ་མི་དད་པར་འགྱུར་བ་དང་འཇིག་རྟེན་པ་རྣམས་དེའི་གནས་སྐབས་ཁོ་ན་ལ་གནས་པར་འགྱུར་བའི་ཕྱིར་རྗེས་སུ་འཇུག་པར་གཟིགས་ནས་བདག་ཉིད་ཆེན་པོ་ཡང་འཁྲིག་པ་ལ་བསྟེན་པ་སྦྱོར་བར་མི་མཛད་དོ། །དེ་བཞིན་དུ་མིའི་སྲོག་གཅོད་པ་ལ་སོགས་པ་ལ་ཡང་དེ་རྣམས་བྱེད་པ་མ་ཡིན་ཏེ་ཞེས་གསུངས་སོ། །བསམ་པ་ནི། འདི་ཀུན་ནས་མནར་སེམས་ལ་བརྟེན་ནས་སྡིག་མང་དུ་འཕེལ་ན་མི་རུང་ངོ་སྙམ་ཞིང་འདོད་པ་བསྟེན་ན་རང་འདོད་པ་བཞིན་དུ་དགེ་བ་ལ་གཟུང་བ་དང་མི་དགེ་བ་འདོར་བ་ལ་དབང་དུ་འགྱུར་སྙམ་ནས་སྙིང་བརྩེ་བའི་སེམས་ཁོ་ནས་འཁྲིག་པ་བསྟེན་ན་ཉེས་པར་ཡང་མི་འགྱུར་ལ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །རྫུན་གནང་བ་ལ་ཡུལ་ནི་སྲོག་འཆད་པ་དང་ལག་པ་རྐང་པ་སྣ་རྣ་བ་གཅོད་པ་དང༌། མིག་འབྱིན་པའི་དགག་བྱ་དང་ལྡན་པའི་སེམས་ཅན་མང་པོའོ། །བསམ་པ་ནི། ཉེས་དམིགས་དེ་དག་ལས་བསྐྱབ་པའི་ཕྱིར་དུ་ཞུགས་པའོ། །རྟེན་ནི་བྱང་སེམས་རང་གི་དོན་ཡིན་ན་སྲོག་གི་ཕྱིར་ཡང་ཤེས་བཞིན་རྫུན་མི་སྨྲ་བས་སོ་སོར་བརྟགས་ནས་སེམས་ཅན་གྱི་ཕྱིར་དུ་རྫུན་སྨྲ་བའོ། །མདོར་ན་ཅི་དང་ཅིས་ཀྱང་སེམས་ཅན་གྱི་དོན་ཁོ་ན་མཐོང་གི་དོན་མ་ཡིན་པ་ནི་མ་ཡིན་ཏེ་རང་ཡང་ཟང་ཟིང་མེད་པའི་སེམས་དང་ལྡན་ལ་ཕན་འདོད་འབའ་ཞིག་གིས་ཤེས་བཞིན་དུ་འདུ་ཤེས་བསྒྱུར་ཏེ་རྫུན་སྨྲས་ན་ཉེས་པར་ཡང་མི་འགྱུར་ལ་བསོད་ནམས་ཀྱང་མང་པོ་འཕེལ་ལོ། །


JLD001_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མ་གནང་བ་ལ་ཡུལ་ནི་མི་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་སེམས་ཅན་ནོ། །བསམ་པ་ནི། འདི་དག་སྡིག་གྲོགས་བསྟེན་པས་ཡུན་རིང་པོར་གནོད་པ་དང་མི་ཕན་པར་གྱུར་ན་མི་རུང་ངོ་སྙམ་ནས་མི་དགེ་བའི་བཤེས་གཉེན་དང་དབྲལ་བའི“ཚིག་སྨྲའོ། །དེ་ལྟ་བུའི་དབྱེན་བྱས་ཀྱང་ཉེས་པར་མི་འགྱུར་ལ་བསོད་ནམས་མང་པོ་འཕེལ་ལོ། །ཚིག་རྩུབ་གནང་བ་ལ་ཡུལ་ནི། ལམ་ལོག་པར་ཞུགས་ཤིང་མི་རིགས་པ་བྱེད་པའི་སེམས་ཅན་ནོ། །བསམ་པ་ནི། ངག་རྩུབ་སྨྲ་བའི་ཐབས་དེས་མིདགེ་བ་ལས་སླངས་ཏེ་དགེ་བ་ལ་འགོད་པའི་ཕྱིར་དུའོ། །དེ་ལྟ་བུས་ཚིག་རྩུབ་སྨྲས་ཀྱང་ཉེས་པ་མེད་ལ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །ས་མུ་དྲས་མི་དགེ་བ་བཅུ་ལ་ཞུགས་པའམ། ཐེག་ཆེན་གྱི་ལམ་ཤེས་ཀྱང་ཉི་ཚེ་བའི་ཐེག་པ་ལ་ཞུགས་པ་དང༌། ཐེག་ཆུང་ཤེས་ཀྱང་ཕྱི་རོལ་པའི་ལམ་ལ་ཞུགས་པ་ནི་ལམ་ལོག་པར་ཞུགས་པ་དང༌། རིགས་པར་བྱ་བ་ཤེས་ཀྱང་བསླབ་ཚིག་ལ་མ་གུས་ཤིང་གཡེལ་བ་ནི་མི་རིགས་པ་བྱེད་པར་འཆད་དོ། །ངག་བཀྱལ་གནང་བ་ལ་ཡུལ་ནི། གར་གླུ་རོལ་མོའི་སྒྲ་ལ་མོས་པ་དང་རྒྱལ་པོ་ཆོམ་རྐུན་ཟས་སྐོམ་སྨད་འཚོང་མ་ལམ་སྲང་གི་གཏམ་ལ་སོགས་པ་ལ་མོས་པའི་སེམས་ཅན་ནོ། །རྟེན་དང་བསམ་པ་ནི། གར་ལ་སོགས་པ་ལ་མཁས་ཏེ་སྙིང་བརྩེ་བའི་བསམ་པས་གར་ལ་སོགས་པ་སྣ་ཚོགས་ཀྱིས་མགུ་ཞིང་འདུན་པར་བྱས་ཏེ་དབང་དུ་བྱེད་ཅིང་ངག་ཉན་དུ་བཅུག་ནས་མི་དགེ་བ་ལས་བསླང་སྟེ་དགེ་བ་ལ་འགོད་དོ། །དེ་ལྟ་བུའི་ཚིག་བཀྱལ་པ་སྨྲ་ཡང་ཉེས་པ་མེད་ལ་བསོད་ནམས་མང་དུ་འཕེལ་ལོ། །


JLD001_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་འདི་དང་རྣམ་སྣང་མངོན་བྱང་དུ་ལུས་ངག་གི་བདུན་མ་གཏོགས་པ་ཡིད་ཀྱི་གསུམ་ལ་གནང་བའི་སྐབས་མ་བཤད་ལ་ཆོས་ལྡན་རབ་འབྱོར་གྱིས། གང་བདག་གི་དོན་ལ་རྗེས་སུ་ལྟ་བཅུང་ཟད་ཙམ་ཡང་མེད་ལ་བྱེད་པ་གཞན་གྱི་དོན་འབའ་ཞིག་འདོད་ཅིང་ཐམས་ཅད་དུ་སྙིང་རྗེ་དང་ལྡན་པ་དག་ལ་ནི་ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་མ་གཏོགས་པའམ་ལོག་པར་ལྟ་བ་མ་གཏོགས་པ་དག་རྗེས་སུ་གནང་བ་སྟེ་དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གཏན་ལ་དབབ་པའི་གཙུག་ལག་དག་ལས་བལྟ་བར་བྱའོ། །ཞེས་འཆད་པར་སྣང་སྟེ་གསུང་རབ་ཀྱི་ཁུངས་ཤིག་དགོས་པར་སྣང་ངོ༌། །སོ་ཐར་གྱི་རང་བཞིན་གྱི་བཅས་པ་ལས་འདས་ཀྱང་ཉེས་པར་མི་འགྱུར་ཞིང་བསོད་ནམས་འཕེལ་ན་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལ་ལྟ་ཅི་སྨོས་ཞེས་སློབ་དཔོན་བྱང་ཆུབ་བཟང་པོ་འཆད། གཞན་དོན་དང་འབྲེལ་བའི་དགོས་པ་ཆེན་པོ་མཐོང་ན་བཅས་རྐྱང་ཐུན་མོང་བ་རྣམས་ལ་འདས་ཀྱང་ཉེས་པ་མེད་པར་སྔ་མས་དཔག་པར་ནུས་པའོ། །གཉིས་པ་ལ་རང་གཙོ་བོར་གྱུར་པའི་ཚུལ་ཁྲིམས་དང་འགལ་བ་ལ་གསུམ་ལས། དང་པོ་འཚོ་བ་ཉམས་པ་ནི། འཚོ་བ་ལོག་པ་དང་དུ་ལེན། ཞེས་པ་སྟེ་ཚུལ་འཆོས་ལ་སོགས་པའི་ལོག་འཚོ་ལྔ། གང་རུང་བྱུང་བ་རྣམས་དང་དུ་ལེན་ཞིང་དེ་དག་གིས་ངོ་ཚ་ཞིང་འཛེམ་པར་མི་བྱེད་ལ་གཉེན་པོས་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པ་སྟེ་ཉོན་མོངས་ཅན་མིན་པ་མེད་དོ། །དེ་བསལ་བའི་ཕྱིར་འདུན་པ་བསྐྱེད་ཀྱང་ཉོན་མོངས་བ་ཤས་ཆེ་བ་ལ་


JLD001_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མེད་པ་ནི་འདོད་པའི་སེམས་ཀྱི་རྗེས་སུ་འཇུག་པ་ལ་བཤད་པ་ལྟར་རོ། །ལོག་འཚོ་ལྔའི་མཚན་ཉིད་ནི་རིན་ཆེན་ཕྲེང་བ་ལས། འཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློངས་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །འགྲེལ་པ་རྣམས་ནས་ལོག་འཚོའི་སེམས་སྐྱེས་མ་ཐག་མ་ཚོར་ན་ཉེས་བྱས་སུ་འཆད་ཀྱང་གཞུང་དང་འགྲིག་པར་མི་སྣང་ངོ༌། །ཆོ་ག་ཉམས་པ་ནི། འཕྱར་ནས་རབ་ཏུ་རྒོད་ལ་སོགས། ཞེས་པ་སྟེ། འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་ནི་རྒོད་པ་སྟེ་དེས་ཡོངས་སུ་ཟིན་པས་མ་ཞི་ཞིང་དེ་ལ་དགའ་བ་དང་རྟ་བགད་དུ་རྒོད་པ་དང་རྩེ་ཞིང་ཅ་ཅོ་འདོན་ལ་གཡེང་བ་དང༌། གཞན་ལ་ཡང་རྒོད་དུ་གཞུག་པར་འདོད་ན་ཉོན་མོངས་ཅན་གྱི་ཉེས་པའོ། །བརྗེད་པས་དེ་དག་བྱེད་ན་ཉོན་མོངས་ཅན་མིན་པའོ། །རྟ་བགད་དུ་རྒོད་པ་མན་ཆད་བྱས་ཀྱང་ཉེས་པ་མེད་པ་ལ་རྟེན་གྱི་སྒོ་ནས་ནི། དེ་བསལ་བའི་ཕྱིར་འདུན་པ་བསྐྱེད་པ་སྟེ་སྔར་བཞིན་ནོ། །དགོས་པའི་སྒོ་ནས་ནི་གཞན་ཀུན་ནས་མནར་སེམས་སྐྱེས་པ་ཐབས་དེས་སེལ་བར་འདོད་པ་དང་གཞན་གྱི་མྱ་ངན་བསལ་བར་འདོད་པ་དང་གཞན་


JLD001_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གད་མོ་དང་རྩེད་མོ་ལ་དགའ་བ་རྣམས་དགེ་བ་ལ་བསྡུ་ཞིང་གཞག་པ་དང༌། རང་དང་སྔོན་མཛའ་བའི་གཅུགས་པ་སྲུང་བའམ་དེ་དང་མཐུན་པར་བྱ་བ་དང་གཞན་རང་ལ་མི་དགའ་བ་དང་མནར་སེམས་དང་རྒྱབ་ཀྱིས་ཕྱོགས་པར་འགྱུར་དུ་དོགས་པ་ལ་དགའ་བའི་བཞིན་བསྟན་པས་ནང་གི་བསམ་པ་དག་པར་བསྟན་པའི་ཕྱིར་ཏེ་ལྔའོ། །སྲིད་པའི་རོ་ལ་བརྐམ་པ་ནི། འཁོར་བ་གཅིག་པུ་བགྲོད་པར་སེམས། ཞེས་པ་སྟེ་མདོ་མང་པོ་ལས་བྱང་སེམས་འཁོར་བ་ལ་དགའ་བ་ལྟར་མྱ་ངན་ལས་འདས་པ་ལ་དེ་ལྟ་མ་ཡིན་ནོ། །ཞེས་སོགས་གསུངས་པ་ལ་འཁྲུལ་ནས་བྱང་ཆུབ་སེམས་དཔས་ནི་མྱང་འདས་ལ་དགའ་བར་མི་བྱའི་དེ་ལ་རྒྱབ་ཀྱིས་ཕྱོགས་པར་བྱའོ། །ཉོན་མོངས་དང་ཉེ་ཉོན་ལ་ཡང་འཇིགས་པར་མི་བྱའོ། །དེ་དག་ལས་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ་འདི་ལྟར་བྱང་སེམས་ཀྱིས་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་འཁོར་བ་ན་འཁོར་ཞིང་བྱང་ཆུབ་བསྒྲུབ་པར་བྱ་དགོས་སོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉོན་མོངས་ཅན་གྱི་ཉེས་པའོ། །དེ་ལྟར་ལྟ་བ་ལ་ཉེས་པར་འགྱུར་བ་ཅིའི་ཕྱིར་ཞེ་ན། བྱང་སེམས་ཀྱིས་ནི་ཇི་ལྟར་ཉན་ཐོས་མྱང་འདས་ལ་མངོན་པར་དགའ་ཞིང་ཉོན་མོངས་པ་ལས་སེམས་སྐྱོ་བར་བྱེད་པ་དེ་ལྟ་བུ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་བྱ་དགོས་པའི་ཕྱིར་ཏེ། འདི་ལྟར་ཉན་ཐོས་བདག་གཅིག་པུ་སྲིད་པ་ལས་ཐར་བར་བྱེད་པ་ལ་ཡང་དེ་ལྟར་བྱ་དགོས་ན་བྱང་སེམས་སེམས་ཅན་ཐམས་ཅད་སྲིད་པ་ལས་ཐར་བར་བྱ་


JLD001_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་བརྩོན་པ་ལ་སྨོས་ཅི་དགོས་པའི་ཕྱིར་རོ། །བྱང་སེམས་དེས་སྔར་བཤད་པ་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ལ་གོམས་པར་བྱ་བ་སྒྲུབ་དགོས་ཏེ། རང་ཉོན་མོངས་དེ་དག་ལས་མ་གྲོལ་བས་གཞན་དེ་དག་ལས་སྒྲོལ་བར་མི་ནུས་པའི་ཕྱིར་རོ། །མདོ་སྡེའི་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་བྱང་སེམས་དེ་ནི་དགྲ་བཅོམ་པ་མ་ཡིན་ཀྱང་དེ་ལས་ཁྱད་པར་དུ་འཕགས་པར་ཀུན་ནས་ཉོན་མོངས་པ་མེད་པས་ཟག་བཅས་ཀྱི་དངོས་པོ་ལ་སྤྱོད་པའི་ཕྱིར་ཐབས་ལ་མཁས་པའོ། །ས་མུ་དྲས་ཉན་ཐོས་དབང་པོ་རྟུལ་བས་ཀྱང་འཁོར་བའི་སྐྱོན་རིག་ནས་སྐྱོན་བྱང་སེམས་དབང་པོ་རྣོ་ཞིང་བློ་ཚད་མེད་པས་ལྟ་ཅི་སྨོས་ཞེས་འཆད་དོ། །དེ་ལྟར་ན་མདོ་སྡེར་མྱང་འདས་ལ་དགའ་བར་མི་བྱ་བ་དང་འཁོར་བ་ལ་དགའ་བར་བྱ་བར་གསུངས་པ་ནི་སྲིད་པར་སྐྱེ་བ་འཛིན་པ་ལ་གཏན་རྒྱབ་ཀྱིས་ཕྱོགས་པའི་མྱང་འདས་ལ་དགའ་བ་འགོག་ཅིང་ལས་དང་ཉོན་མོངས་པའི་འཆིང་བས་མ་གོས་པའི་སྲིད་པར་འཁོར་བ་ལ་བསྔགས་ཀྱི། ལས་ཉོན་དང་དེའི་དབང་གིས་འཁོར་བ་ལ་མི་སྐྱོ་བ་དང་དེ་ཆད་པའི་མྱང་འདས་ལ་དགའ་བ་འགོག་པ་མིན་ནོ། །ཉེས་བྱས་དེ་གསུམ་ནི། རིམ་པ་ལྟར་སྡོམ་པའི་ཚུལ་ཁྲིམས་ཀྱི་འཚོ་བ་དག་པ་དང་མི་རྒོད་པ་དང་གཅིག་ཏུ་དབེན་པར་གནས་པ་ལས་ཉམས་པ་དང༌། ཉེས་བྱས་དང་པོ་ལ་


JLD001_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་དང་མཚོན་ཆ་དང་དུག་དང་སྲོག་ཆགས་དང་རྒྱ་སྐྱེགས་ལ་སོགས་པ་འཚོང་བ་དང་མ་བརྟགས་པའི་ཏིལ་དང་ཡུངས་ཀར་འཚིར་བའོ། །ཞིང་ལ་སོགས་པ་ནི། སྨོས་ཀྱང་ཅི་དགོས་ཏེ་ཞེས་དེ་དག་ཀྱང་ལོག་འཚོར་སློབ་དཔོན་བྱང་ཆུབ་བཟང་པོས་བཤད་དོ། །གསུམ་པ་རང་གཞན་གཉིས་ཆ་མཉམ་པའི་ཚུལ་ཁྲིམས་དང་འགལ་བ་ལ་གཉིས་ལས། དང་པོ་རང་གི་བསྔགས་པ་མི་སྲུང་བ་ནི། གྲགས་པ་མ་ཡིན་མི་སྤོང་བ། ཞེས་པ་སྟེ་རང་གི་ཚིག་མི་བཙན་པའམ་མི་བཙུན་པར་གྱུར་པའི་དྲི་ངས་དང་མི་སྙན་པ་དང་གཏམ་ངན་འབྱུང་བའི་གཞི་རང་ལ་ཡོད་པའི་བདེན་པའི་དངོས་པོ་མི་བསྲུང་ཞིང་མི་སེལ་ན་ཉོན་མོངས་ཅན་དང་གཞི་མེད་པ་མི་བདེན་པའི་དངོས་པོ་མི་བསྲུང་ཞིང་མི་སེལ་ན་ཉོན་མོངས་ཅན་མིན་པའི་ཉེས་པའོ། །དྲི་ངས་སོགས་གསུམ་ནི་སྐྱོན་བརྗོད་ཆེ་འབྲིང་ཆུང་གསུམ་མོ་ཞེས་གྲོ་ལུང་བ་གསུང་ངོ༌། །མི་སྲུང་བ་ནི་དང་པོ་ནས་འབྱུང་འགྱུར་མི་འགོག་པའོ། །མི་སེལ་བ་ནི་བྱུང་ཟིན་འཕྲོ་མི་གཅོད་པའོ། མི་སྙན་པ་སྨྲ་བ་ལ་སེལ་ཐབས་མ་བྱས་ཀྱང་ལྟུང་བ་མེད་པ་ལ་བརྗོད་མཁན་གྱི་སྒོ་ནས་ནི། མུ་སྟེགས་ཅན་དང་བརྡ་སྤྲད་ཀྱང་ཡིད་མི་ཆེས་པ་མངོན་པར་ཞེན་པའི་གང་ཟག་དང་ཁྲོ་བས་ཟིལ་གྱིས་ནོན་ནས་ནན་གྱིས་བརྗོད་པ་སྟེ་གསུམ་མོ། །འགྲེལ་པ་གསར་མར་གཞན་མུ་སྟེགས་ཅན་མངོན་པར་ཞེན་པ་ཞེས་དང་པོ་གཉིས་མུ་སྟེགས་ཅན་དུ་བྱས་པ་ནི་གཞུང་དང་མི་མཐུན་ནོ། །བརྗོད་བྱའི་


JLD001_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་ནི། རབ་ཏུ་བྱུང་བ་དང་སློང་མོ་སྤྱོད་པ་དང་དགེ་བ་སྤྱོད་པའི་གཞིས་མི་སྙན་པ་བརྗོད་པ་སྟེ་གསུམ་མོ། །གཞན་དོན་གྱི་སྦྱོར་བ་རྩུབ་མོས་སྐྲག་པ་ནི། ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། ཅེས་པ་སྟེ་ཕ་རོལ་མི་དགའ་བའི་གནོད་པའི་ཐབས་དང་ལུས་ངག་གི་སྤྱོད་པ་མི་སྡུག་པའི་ཆད་པས་འདུལ་བའི་ཐབས་དྲག་པོ་གང་གིས་སེམས་ཅན་གྱི་དོན་དུ་འགྱུར་བ་མཐོང་བཞིན་དུ་གཞན་མི་དགའ་བ་བསྲུང་བ་ཙམ་གྱི་ཕྱིར་ཐབས་དེ་མི་བྱེད་ན་ཉོན་མོངས་ཅན་ནོ། །མ་བྱས་ཀྱང་ཉེས་པ་མེད་པ་ནི་དེ་བྱས་པས་ཕ་རོལ་ལ་ཚེ་འདིའི་དོན་ཆུང་ངུ་ཞིག་ཏུ་འགྱུར་ལ་གཞི་དེས་དེ་ལ་ཡིད་མི་བདེ་བ་ཆེན་པོར་འགྱུར་བའོ། །གཞན་གྱི་དོན་ཆུང་ལ་རང་ཉིད་ཀྱི་ཚེགས་ཆེན་པོར་འགྱུར་བ་ལ་འགྲེལ་པ་རྣམས་ཀྱིས་བཤད་པ་ཡང་ཡོད་དོ། །འགྲེལ་པ་གསར་མས། ཉོན་མོངས་དང་བཅས་པ་ནི་དྲག་པོའི་སྦྱོར་བའོ། །དེ་འགའ་ཞིག་གིས་མ་ཡིན་གྱི་འཇམ་པོའི་སྦྱོར་བས་ཀྱང་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དོན་ཏོ། །ཞེས་དྲག་པོ་ཁོ་ནར་མ་ཟད་འཇམ་པོས་ཀྱང་མ་བཅོས་ན་ཞེས་གསུངས་ཏེ་འདི་ལ་དོགས་པ་གོ་ལོག་པ་ལྟ་བུར་སྣང་ངོ༌། །དེས་ན་ཕ་རོལ་ཉོན་མོངས་པའམ་ཉེས་པ་ཆེན་པོ་དང་བཅས་པ་འཆོས་ནུས་ཀྱང་མི་འཆོས་ན་ཞེས་བཤད་དགོས་པ་འདྲའོ། །ཉེས་བྱས་དེ་གཉིས་ནི་རིམ་པ་ལྟར་དགེ་བ་སྡུད་པའི་དྲན་ཤེས་བཞིན་དུ་སྤྱོད་ཅིང་རང་གི་འཁྲུལ་པ་ཤེས་ལ་ཤེས་ནས་ཀྱང་སྤོང་བ་དང་སེམས་ཅན་དོན་བྱེད་ཀྱི་སྨྲ་དབབ་པས་དྲན་པར་བྱེད་


JLD001_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཉམས་པར་འགྲེལ་པ་གསར་མར་བཤད་དོ། །བཟོད་པ་དང་འགལ་བ་ལ་གསུམ་ལས། དང་པོ་བཟོད་པའི་རྒྱུ་ལ་མི་གནས་པ་ནི། གཤེ་ལ་ལན་དུ་གཤེ་ལ་སོགས། ཞེས་པ་སྟེ་དགེ་སྦྱོང་གི་ཆོས་བཞི་དང་བྲལ་བའི་ཉེས་པ་སྟེ་ཉོན་མོངས་ཅན་ནོ། །དེ་ལ་གཤེ་བ་ནི་ཁྲོས་ནས་སྤྱོ་བའི་ཚིག་གོ །སོགས་ཀྱིས་བསྡུས་པ་ཁྲོ་བ་ལ་ཕྱིར་ཁྲོ་བ་ནི་ཁྲོར་གཞུག་པའི་བསམ་པ་ཅན་གྱི་ངག་མི་སྡུག་པའོ། །རྡེག་པ་ལ་ཕྱིར་བརྡེག་པ་ནི་སྡུག་བསྔལ་བསྐྱེད་པའི་བསམ་པས་བསྣུན་པའོ། །མཚང་འབྲུ་བ་ལ་ཕྱིར་མཚང་འབྲུ་བ་ནི་གཅིག་ལ་གཅིག་ཉེས་པ་གླེང་བའོ། །གཉིས་པ་ཁྲོ་བའི་རྒྱུན་མི་འགོག་པ་ལ་གཉིས་ལས། རང་གིས་མི་འགོག་པ་ནི། ཁྲོས་པ་རྣམས་ནི་ཡལ་བར་འདོར། ཞེས་པ་སྟེ། རང་གིས་གཞན་ལ་ཉེས་པ་བྱས་པའམ་མ་བྱས་ཀྱང་གཞན་བྱས་པར་དོགས་པ་གཉིས་གང་རུང་ལ་ཕྲག་དོག་ཤས་ཆེ་བའི་ཀུན་ནས་མནར་སེམས་སམ་དམན་པར་སོང་ན་ངོ་ཚ་བའི་ང་རྒྱལ་གྱིས་ཚུལ་དང་མཐུན་པར་ཤད་སྦྱང་མི་བྱེད་ན་ཉོན་མོངས་ཅན་ནོ། །སེམས་གཞན་གཉིས་དང་བག་མེད་ཀྱིས་མི་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་པའོ། །མ་བྱས་ཀྱང་ལྟུང་བ་མེད་པ་ལ་དགོས་པའི་སྒོ་ནས་ནི་ཐབས་དེས་འདུལ་འདོད་པའོ། །ཤད་སྦྱང་བྱ་བའི་ཡུལ་གྱི་སྒོ་ནས་ནི། མུ་སྟེགས་ཅན་དང་རུང་བ་མ་ཡིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པས་ཤད་སྦྱང་བྱེད་དུ་འཇུག་འདོད་པ་དང༌།


JLD001_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཤད་སྦྱང་བྱས་ན་སླར་འཁྲུག་པ་སྐྱེ་བའི་འཐབ་ཀྲོལ་ཅན་རྩོད་པ་བྱེད་པ་དང་ཤད་སྦྱང་བྱས་མ་བྱས་གང་ལ་ཡང་སེམས་འགྱུར་བ་མེད་པའི་བཟོད་པའི་ངང་ཚུལ་ཅན་དང༌། ཤད་སྦྱང་མི་འདོད་པའམ་དེས་ངོ་ཚ་བར་བྱེད་པ་སྟེ་ལྔའོ། །ཕྱི་མ་འདི་གཉིས་གཞུང་ནས་གཅིག་ལྟར་གསུངས་ཀྱང་འགྲེལ་པ་རྣམས་ཀྱིས་སོ་སོར་ཕྲལ་བ་ལྟར་བྱས་པའོ། །གཞན་གྱི་མི་འགོག་པ་ནི།ཕ་རོལ་ཤད་ཀྱིས་འཆགས་པ་སྤོང༌། ཞེས་པ་སྟེ། རྩོད་པ་གང་ལ་གཞན་ལ་ཉེས་པ་བྱུང་བ་དག་ཆོས་བཞིན་དུ་མཐུན་པར་ཤད་སྦྱང་བྱེད་ཀྱང་ཀུན་ནས་མནར་སེམས་དང་ལྡན་ཞིང་གཞན་ལ་འཚེ་བའི་མཐོ་འཚམ་པའི་བསམ་པས་ཤད་སྦྱང་མི་ཉན་པ་སྟེ་མི་ལེན་ན་ཉོན་མོངས་ཅན་དང༌། སྡང་བ་མེད་ཀྱང་མི་བཟོད་པའི་ངང་ཚུལ་ཅན་ཏེ་ལེན་མི་འདོད་པ་ཙམ་གྱིས་མི་ལེན་ན་ཉོན་མོངས་ཅན་མིན་པའི་ཉེས་པའོ། །མ་བླངས་ཀྱང་ཉེས་པ་མེད་པ་ལ་དགོས་པའི་སྒོ་ནས་ནི། ཐབས་དེས་འདུལ་འདོད་པའོ། །ཡུལ་གྱི་སྒོ་ནས་ནི། ཆོས་བཞིན་མ་ཡིན་པ་དང་མཐུན་པ་མ་ཡིན་པར་ཤད་སྦྱང་བྱེད་པའོ། །དེ་ལ་སྔ་མ་ནི་མི་རིགས་པ་དང་ཕྱི་མ་ནི་ཚིག་ཙམ་གྱིས་བྱེད་པའོ། །ཕྱི་མ་ལ་སྡོམ་པ་ཉི་ཤུ་པའི་འགྲེལ་པ་གསར་རྙིང་གཉིས་སུ། དུས་མ་ཡིན་པར་ཞེས་གསུངས་པ་ལྟར་ན་དེ་མ་ཐག་ཤད་སྦྱང་མི་བྱེད་པར་གསུངས་པའི་དུས་ལ་བྱའོ། །འགྲེལ་པ་གསར་མར་མུ་སྟེགས་ཅན་དང་འཐབ་ཀྲོལ་ཅན་ལ་ཡང་ཉེས་མེད་དུ་འཆད་དོ། །གསུམ་པ་གཉེན་པོ་ལ་མི་གནས་པ་ནི། ཁྲོས་


JLD001_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་པ་སྟེ། གཞན་ལ་ཁྲོ་བའི་བསམ་པ་དང་པོར་བྱུང་ཞིང་རྒྱུན་མི་གཏོང་བས་འཛིན་ལ། ཉེས་པར་མི་ལྟ་ཞིང་གཉེན་པོ་མི་བསྟེན་པས་བྱུང་བ་དང་དུ་ལེན་ན་ཉོན་མོངས་ཅན་གྱི་ཉེས་པའོ། །སྤང་པའི་ཕྱིར་འབད་ཀྱང་མ་ལོག་པ་ལ་ཉེས་པ་མེད་པ་ནི་སྔར་བཤད་པ་ལྟར་རོ། །འདི་ཁྲོ་བ་བྱུང་བ་འཛིན་པའི་ཉེས་པར་སློབ་དཔོན་བྱང་ཆུབ་བཟང་པོ་བཞེད་དོ། །ཉེས་བྱས་བཞི་ཡི་དང་པོ་གཉིས་རིམ་པ་ལྟར་སྡོམ་པ་དང་དགེ་བ་སྡུད་པ་གཉིས་ཀྱིས་གཞན་ལ་ཕན་པ་དོན་དུ་གཉེར་བ་དང་དགེ་བ་སྡུད་པའི་ཚུལ་འཆལ་གྱི་གཞིར་གྱུར་པའི་ཉོན་མོངས་པ་དང་ཉེ་ཉོན་དང་དུ་མི་ལེན་པ་ལས་ཉམས་པར་འགྲེལ་པ་གསར་མས་བཤད་ཅིང་ཕྱི་མ་གཉིས་ལ་གསལ་ཁ་མི་སྣང་ངོ༌། །བརྩོན་འགྲུས་དང་འགལ་བ་ལ་གསུམ་ལས། དང་པོ་སྦྱོར་བ་དམན་པ་ནི། བསྙེན་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། ཅེས་པ་སྟེ། ཁྲུས་ལ་སོགས་པའི་རིམ་གྲོ་དང་སྟན་འདིངས་པ་དང་ལས་སུ་མི་བསྐོ་བ་སོགས་ཀྱི་བསྙེན་བཀུར་ལ་ཞེན་ཏེ་རྫས་འབུལ་དུ་རེ་བ་ལ་སོགས་པའི་ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་ན་ཉོན་མོངས་ཅན་ནོ། །ཟང་ཟིང་མེད་པའི་བསམ་པས་བསྡུས་པ་ན་རིམ་གྲོ་སོགས་བྱེད་པ་བདག་གིར་བྱས་པ་ལ་ཉེས་པ་མེད་དོ། །སྦྱོར་བ་མེད་པ་ནི། ལེ་ལོ་ལ་སོགས་སེལ་མི་བྱེད། ཅེས་པ་སྟེ། སྙོམ་ལས་དང་ལེ་ལོ་སྐྱེས་ཏེ་སོགས་ཀྱིས་བསྡུས་པ་གཉིད་ཀྱི་བདེ་བ་དང་མལ་དུ་ཉལ་བའི་བདེ་བ་དང་གློས་འབེབས་པ་སྟེ་སྙེས་པའི་བདེ་བ་དུས་མིན་པ་ཉིན་


JLD001_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་མཚན་མོའི་དུས་ལ་ཡང་ཚོད་མི་ཟིན་པ་སྟེ། ནམ་གྱི་གུང་ཐུན་མ་གཏོགས་པ་ཆ་སྟོད་སྨད་ལ་བདག་གིར་བྱེད་ཅིང་སེལ་བར་མི་བྱེད་ན་ཉོན་མོངས་ཅན་གྱི་ཉེས་པའོ། །བདག་གིར་བྱས་ཀྱང་ཉེས་པ་མེད་པ་ལ་རྟེན་གྱི་སྒོ་ནས་ནི། ན་སྟེ་མི་ནུས་པ་དང་ལམ་བགྲོད་པས་དུབ་པ་དང་དེ་སྤང་བའི་ཕྱིར་འདུན་པ་བསྐྱེད་པ་སྔར་ལྟར་བྱས་པ་སྟེ་གསུམ་མོ། །བྱ་བ་ངན་པ་ལ་ཆགས་པ་ནི། ཆགས་པས་བྲེ་མོའི་གཏམ་ལ་སྟེན། ཞེས་པ་སྟེ། རྒྱལ་བློན་ཆོམ་རྐུན་བུད་མེད་དང་འདོད་པ་ལ་སོགས་པའི་འདུ་འཛིའི་གཏམ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱིས་དུས་ཡོལ་བར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་པའོ། །བརྗེད་པས་བྱས་ན་ཉོན་མོངས་ཅན་མིན་པའི་ཉེས་པའོ། །འདི་གཞན་ལ་ཉན་པ་ཙམ་བྱས་པས་དུས་ཡོལ་བ་དང་དུས་ཡོལ་བ་ཡང་སྔ་དྲོ་ལས་ཕྱི་དྲོ་དང་དེ་ལས་སྲོད་དུ་ཐལ་བ་སོགས་ལ་ས་མུ་དྲས་འཆད་དོ། །ཉན་པ་དང་སྨྲས་ཀྱང་ཉེས་པ་མེད་པ་ལ་ཉན་མཁན་གྱི་སྒོ་ནས་ནི། ཕ་རོལ་སྨྲ་ཞིང་འདུག་པ་ལ་ཉན་པ་དེ་ཡང་དྲན་པ་ལ་གནས་བཞིན་དུ་ཕ་རོལ་གྱི་ངོར་སྐད་ཅིག་ཙམ་ཉན་པའོ། །གཏམ་གྱི་སྒོ་ནས་ནི། ཡ་མཚན་པའམ་མཚར་གཏམ་ལ་ཕར་ལ་འདྲི་བ་ཙམ་དང་ཚུར་ལ་འདྲི་བའི་ལན་འདེབས་པ་ཙམ་བྱེད་པའོ། །སློབ་པ་ལ་བརྩོན་པ་ལ་ནི་དེ་ཡང་ཉེས་པ་ཡིན་པར་ཛི་ན་སུ་ཏྲ་སོགས་འཆད་དོ། །ཉེས་བྱས་དེ་གསུམ་ནི། སེམས་ཅན་དོན་བྱེད་ཀྱི་ཆོས་བཞིན་དུ་ཚོགས་པ་སྡུད་པ་དང་དགེ་བ་སྡུད་པའི་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་སྡོམ་པའི་ཚུལ་ཁྲིམས་ཀྱི་འདུ་འཛིའི་ནང་དུ་ལོང་གཏམ་ངན་པ་དང་དུ་མི་ལེན་པ་


JLD001_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉམས་པར་འགྲེལ་པ་གསར་མས་བཤད་དོ། །བསམ་གཏན་དང་འགལ་བ་ལ་གསུམ་ལས། སྦྱོར་བའི་ཉེས་པ་ནི། ཏིང་ངེ་འཛིན་གྱི་དོན་མི་ཚོལ། ཞེས་པ་སྟེ། སེམས་མཉམ་པར་འཇོག་པར་འདོད་པ་ལ་མནར་སེམས་དང་ང་རྒྱལ་གྱིས་སེམས་གནས་པ་ལས་བརྩམས་པའི་གདམས་ངག་གཞན་ལ་ནོད་དུ་མི་འགྲོ་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་ཀྱིས་ནི་ཉོན་མོངས་ཅན་མིན་པའི་ཉེས་པའོ། །མི་གནོད་ཀྱང་ཉེས་པ་མེད་པ་ལ་རྟེན་གྱི་སྒོ་ནས་ནི། ན་སྟེ་མི་ནུས་པ་དང་གདམས་ངག་ལོག་པ་བྱུང་དོགས་པ་དང༌། བདག་མང་དུ་ཐོས་པ་ཡིན་ཏེ་སེམས་མཉམ་པར་འཇོག་ནུས་སམ་གདམས་ངག་གིས་གདམས་ངག་གི་བྱ་པ་བྱས་ཟིན་པ་སྟེ་གསུམ་མོ། །དངོས་གཞིའི་ཉེས་པ་ནི། བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །ཅེས་པ་སྟེ། བསམ་གཏན་ལ་གེགས་བྱེད་པའི་སྒྲིབ་པ་ལྔ་པོ་གང་ཡང་རུང་བ་བྱུང་བ་དང་དུ་ལེན་ཞིང་སེལ་པར་མི་བྱེད་ན་ཉོན་མོངས་ཅན་ནོ། །དེ་སྤང་པའི་ཕྱིར་འདུན་པ་སྐྱེད་པ་སོགས་ལ་ཉེས་པ་མེད་པ་ནི་སྔར་བཞིན་ནོ། །སྒྲིབ་པ་ལྔ་ནི། བཤེས་སྤྲིངས་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད། ཅེས་གསུངས་པ་ལྟར་ཏེ་རྒོད་འགྱོད་གཉིས་སྒྲིབ་པ་གཅིག་དང་གཉིད་རྨུགས་གཉིས་སྒྲིབ་པ་གཅིག་ཏུ་བྱའོ། །འདི་ལ་གཉིས་སྦྱང་བྱ་སྒྲིབ་པ་དང་དེ་འདྲེན་པའི་


JLD001_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ངོས་གཟུང་བ་དང༌། ཇི་ལྟར་སྦྱོང་བའི་ཚུལ་ལོ། །དང་པོ་ལ་འདོད་པ་ལ་འདུན་པ་ནི། གཟུགས་སྒྲ་སོགས་ཡུལ་ལྔ་ལ་སྲེད་ཅིང་འདུན་པས་སེམས་ཡུལ་ལྔའི་རྗེས་སུ་འབྲང་བ་སྟེ་དེ་འདྲེན་པ་ནི་ཡུལ་ལ་སྡུག་ཅིང་ཡིད་དུ་འོང་བའི་མཚན་མ་སྒྲོ་འདོགས་པའི་ཚུལ་མིན་ཡིད་བྱེད་དོ། །གནོད་སེམས་ནི། གཞན་ལ་གནོད་པ་བྱ་བ་དང་འཚེ་བའི་བསམ་པ་སྟེ་དེ་འདྲེན་པ་ནི་ཁོང་ཁྲོའི་རྒྱུ་མི་སྡུག་ཅིང་ཡིད་དུ་མི་འོང་བའི་མཚན་མ་སྒྲོ་འདོགས་པའོ། །རྨུགས་པ་ནི། གཏི་མུག་གི་ཆར་གཏོགས་པ་སེམས་ལས་སུ་མི་རུང་ཞིང་བློང་བློང་པོར་གྱུར་པའོ། །གཉིད་ནི་འདིར་གཏི་མུག་གི་ཆར་གཏོགས་པ་སེམས་ཡུལ་ལས་མངོན་པར་སྡུད་པ་སྟེ་དེ་གཉིས་འདྲེན་པ་ནི་སེམས་ལ་མུན་པའི་མཚན་ལ་ཡིད་ལ་བྱས་པས་མི་གསལ་བའོ། །རྒོད་པ་ནི། ཆགས་པའི་ཆར་གཏོགས་པའི་རྣམ་པར་མ་ཞི་བའོ། །འགྱོད་པ་ནི། སེམས་ཀྱི་ཡིད་ལ་གཅགས་པ་སྟེ་དེ་གཉིས་འདྲེན་པ་ནི་ཉེ་དུ་དང་ལྗོངས་དང་ཡུལ་དང་མི་འཆི་བའི་རྣམ་པར་རྟོག་པ་དང་སྔོན་བརྒད་པ་དང་བརྩེས་པ་དང་དགའ་བ་དང་དགའ་མགུར་སྤྱད་པ་རྣམས་དྲན་པའོ། །ཐེ་ཚོམ་ནི་བདག་དུས་གསུམ་དུ་བྱུང་ངམ་མ་བྱུང་ཞེས་པ་དང་དཀོན་མཆོག་དང་ལས་འབྲས་དང་བདེན་པ་བཞི་ལ་ཐེ་ཚོམ་ཟ་བ་སྟེ་དེ་འདྲེན་པ་ནི་དུས་གསུམ་པའི་ཆོས་དང་དེ་ལ་དམིགས་པའི་ཚུལ་མིན་ཡིད་བྱེད་དོ། །ཇི་ལྟར་སྦྱོང་བའི་ཚུལ་ལ་གཉེན་པོ་གང་གིས་སྦྱོང་བ་དང༌། སྤྱོད་ལམ་ཇི་ལྟ་བུས་སྦྱོང་བ་གཉིས་སོ། །དང་པོ་ལ་གསུམ་ལས་ཆོས་ཀྱི་དབང་དུ་བྱས་པའི་སྦྱོང་ཚུལ་ནི། འདོད་པ་ལ་འདུན་པའི་


JLD001_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་ནི། རྣམ་པར་སྔོས་པ་དང་རྣགས་པ་ལ་སོགས་པའི་མི་སྡུག་པ་བསྒོམ་མོ། །གནོད་སེམས་ཀྱི་གཉེན་པོར་ནི་བྱམས་པ་བསྒོམ་མོ། །རྨུགས་གཉིད་ཀྱི་གཉེན་པོར་ནི་ཉི་ཟླ་ལ་སོགས་པའི་སྣང་བའི་མཚན་མ་ལེགས་པར་བཟུང་ནས་སེམས་གསལ་བའི་རྣམ་པ་ཅན་དུ་བྱས་ཏེ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཚུལ་ཁྲིམས་དང་གཏོང་བའི་ཡོན་ཏན་དང་ལྷ་རྗེས་སུ་དྲན་པ་དང༌། གཞན་ཡང་དང་བར་འགྱུར་བའི་དམིགས་པ་ལ་གཏད་ནས་སེམས་གཟེངས་བསྟོད་པ་དང་ཕྱོགས་སུ་དང་ཟླ་བ་དང་སྐར་མ་ལ་ལྟ་བ་དང་གདོང་ཆུས་འཁྲུ་བའོ། །རྒོད་འགྱོད་ཀྱི་གཉེན་པོར་ནི་སེམས་ནང་ཁོ་ནར་ཡང་དག་པར་འཇོག་ཅིང་རྒྱུད་ཅིག་ཏུ་ཏིང་ངེ་འཛིན་དུ་བྱེད་པའོ། །ཐེ་ཚོམ་གྱི་གཉེན་པོར་ནི་འདས་པའི་དུས་སུ་བྱུང་བ་དང་མ་འོངས་པ་ན་འབྱུང་བ་སོགས་ཀྱི་བདག་ནི་མེད་ཀྱི་ཆོས་ཙམ་གྱི་རྒྱུ་འབྲས་སུ་མཐོང་ནས་ཡོད་པ་ཡང་ཡོད་པ་དང་མེད་པ་ཡང་མེད་པར་སྒྲོ་སྐུར་དང་བྲལ་བར་ཚུལ་བཞིན་ཡིད་ལ་བྱེད་པའོ། །གཞན་ཡང་དེ་དག་ཐམས་ཅད་ལ་གསུང་རབ་ལས་སྒྲིབ་པ་ལྔ་དང་དེ་དག་འདྲེན་པའི་ཆོས་རྣམས་ལ་ཉེས་དམིགས་ཀྱིས་སྨད་པ་དང་དེ་དག་དང་བྲལ་བ་ལ་ཕན་ཡོན་གྱིས་བསྟོད་པའི་ཚིག་རྣམས་འདོན་ཞིང་དོན་སེམས་པ་སོགས་བྱས་ན་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པའང་ལྡོག་པར་འགྱུར་རོ། །བདག་གི་དབང་དུ་བྱས་ནས་སྦྱོར་བ་ནི། སྒྲིབ་པ་ལྔ་པོ་གང་རུང་སྐྱེས་མ་ཐག་ཏུ་སྒྲིབ་པ་དེས་སེམས་ཉེ་བར་ཉོན་མོངས་པ་དང་ཤེས་


JLD001_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཆུང་བ་དང་དགེ་བ་ལ་གནོད་པ་བྱེད་པས་བདག་གི་ཚུལ་དང་མི་མཐུན་པར་རིག་ནས་ངོ་ཚ་བར་བྱེད་ཅིང་དང་དུ་མི་ལེན་པར་སེལ་བར་བྱེད་པའོ། །འཇིག་རྟེན་གྱི་དབང་དུ་བྱས་ནས་སྦྱོང་བ་ནི། སྒྲིབ་པ་ལྔ་པོ་གང་རུང་སྐྱེས་པའམ་སྐྱེ་བའི་དུས་ཉེ་བར་གནས་པ་ན། བདག་གིས་འདི་དག་བསྐྱེད་ན་ནི་བདག་སྟོན་པ་དང་བསམ་པ་ཤེས་པའི་ལྷ་དང་གྲོགས་མཁས་པ་རྣམས་ཀྱིས་སྨོད་པར་འགྱུར་རོ་སྙམ་ནས་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་སྤོང་བའོ། ། སྤྱོད་ལམ་ཇི་ལྟ་བུས་སྦྱོང་བ་ནི། གཉིད་རྨུགས་ལ་ནི་ལངས་ཏེ་ཕན་ཚུན་དུ་འཆག་ཅིང་སྦྱོང་བ་ཡིན་ལ་གཞན་བཞི་ལ་སྐྱིལ་མོ་ཀྲུང་ལེགས་པར་བཅས་དྲན་པ་ཕྱོགས་པར་བྱས་ཏེ་སྦྱོང་བ་ཡིན་ནོ། །འདི་དག་དང་དུ་མི་ལེན་ཅིང་སེལ་བ་ནི་ཏིང་ངེ་འཛིན་གྱི་དུས་ཁོ་ནར་མི་གཟུང་གི་ཐམས་ཅད་དུའོ། །རྗེས་ཀྱི་ཉེས་པ་ནི། བསམ་གཏན་རོ་ལ་ཡོན་ཏན་ལྟ།ཞེས་པ་སྟེ། གསམ་གཏན་རྒྱུད་ལ་སྐྱེས་པའི་ཚེ་དེའི་རོ་མྱང་བ་སྟེ་དགའ་བདེ་སོགས་ལ་སྲེད་ཅིང་རོ་མྱང་བ་ལ་ཡོན་ཏན་དུ་ལྟ་ན་ཉོན་མོངས་ཅན་ནོ། །དེ་སྤང་བའི་ཕྱིར་འདུན་པ་སྐྱེད་པ་སོགས་ལ་ཉེས་པ་མེད་པ་ནི་སྔར་བཞིན་ནོ། །འགྲེལ་པ་དག་ནས་ཏིང་ངེ་འཛིན་གྱི་ཆོག་ཤེས་བྱས་པའི་ཉེས་པར་འཆད་དེ་འགྲིག་པར་མི་སྣང་ངོ༌། །ཏིང་ངེ་འཛིན་ནི་སྐྱེས་ཀྱང་དེའི་རྒྱུན་གནས་པ་དང་ཁྱད་པར་དུ་འགྲོ་བ་ལ་བར་ཆད་ནི་ཉོན་མོངས་ཅན་བཞི་སྟེ་རོ་མྱང་ཅན་དང་ང་རྒྱལ་ཤས་ཆེ་བ་དང་མ་རིག་པ་ཤས་ཆེ་བ་དང་ལྟ་བ་ཤས་ཆེ་བ་སྟེ་བཞིའོ། །ཉེས་བྱས་དེ་གསུམ་ནི་རིམ་པ་ལྟར་སྡོམ་པའི་ཚུལ་ཁྲིམས་ཀྱི་ཏིང་ངེ་འཛིན་


JLD001_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དང་རྟོག་པ་ངན་པ་མི་སེམས་ཤིང་དགེ་བ་སྡུད་པའི་སྙོམས་འཇུག་གིས་ཉོན་མོངས་པ་དང་དུ་མི་ལེན་པ་དང་དགེ་བ་སྡུད་པའི་སྙོམས་འཇུག་གིས་རོ་མྱང་བ་དང་དུ་མི་ལེན་པ་ལས་ཉམས་པར་འགྲེལ་པ་གསར་མས་བཤད་དོ། །ཤེས་རབ་དང་འགལ་བ་ལ་གཉིས། ཡུལ་དམན་པ་དང་འབྲེལ་བ་དང༌། མཆོག་དང་འབྲེལ་བའོ། །དང་པོ་ལ་བཞི་ལས། ཐེག་དམན་སྤོང་བ་ནི། ཉན་ཐོས་ཐེག་པ་སྤོང་བར་བྱེད། ཅེས་པ་སྟེ། བྱང་སེམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་ཉན་པར་མི་བྱེད་ཚིག་དང་དོན་བསྲུང་བར་མི་བྱ་ནན་ཏན་དུ་བསླབ་པར་མི་བྱ་སྟེ་དེ་དག་བྱས་པ་ལ་དགོས་པ་མེད་དོ་ཞེས་རང་དེ་ལྟར་ལྟ་ཞིང་གཞན་ལ་དེ་སྐད་སྨྲ་ན་ཉོན་མོངས་ཅན་གྱི་ཉེས་པའོ། །འདི་ནི་ཉན་ཐོས་ཀྱི་ཐེག་པ་ཉན་ས་སོགས་ཐེག་དམན་ལ་དགོས་ཀྱང་བྱང་སེམས་ལ་མི་དགོས་སྙམ་དུ་འཛིན་པས་ཉན་ཐོས་ཀྱི་ཐེག་པ་གཏན་སྤོང་བ་མིན་ལ་སོ་ཐར་སྤོང་དུ་འཇུག་པའི་རྩ་ལྟུང་དང་ཡང་ཁྱད་པར་ཆེའོ། །དེ་ལྟ་བུ་ལ་ཉེས་པར་འགྱུར་བའི་རྒྱུ་མཚན་ནི། བྱང་སེམས་ཀྱིས་ནི་མུ་སྟེགས་ཀྱི་བསྟན་བཅོས་ལ་ཡང་བརྩོན་པར་བྱ་དགོས་ན་སངས་རྒྱས་ཀྱི་གསུང་རབ་ལ་སྨོས་ཅི་དགོས་པའི་ཕྱིར་རོ། །བཅས་པ་འདི་ནི་ཆོས་རྒྱུས་ཆུང་བ་རྣམས་ཐེག་ཆེན་པ་ལ་སོ་ཐར་གྱི་བཅས་པ་ལ་སློབ་པ་སོགས་མི་དགོས་སོ་ཞེས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གསོག་པའི་གཡང་ས་ཆེན་པོ་འགེགས་པའི་གདམས་པ་མཆོག་གོ །ཐེག་ཆེན་པ་གང་མཐའ་གཅིག་ཏུ་ཉན་ཐོས་ཀྱི་ཐེག་པ་ལྷུར་


JLD001_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའི་འདུན་པ་བཟློག་ནས་ཐེག་ཆེན་ལ་འདུན་པར་བྱ་བའི་ཕྱིར་ཡིན་ན་རྟེན་གྱི་སྒོ་ནས་ལྟུང་བ་མེད་དོ། །མཐའ་གཅིག་ཏུ་དེ་ལ་བརྩོན་པའི་ཉེས་པ་ནི། རང་ཚུལ་ཡོད་བཞིན་དེ་ལ་བརྩོན། ཞེས་པ་སྟེ། བྱང་སེམས་ཀྱི་སྡེ་སྣོད་ལ་བརྩོན་པ་བྱར་ཡོད་བཞིན་དུ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡལ་བར་བོར་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱེད་ན་ཉོན་མོངས་ཅན་ནོ། །དེས་ན་ཐེག་ཆེན་ལ་བརྩོན་པ་མ་བཏང་བའི་ངང་ནས་ཐེག་དམན་གྱི་སྡེ་སྣོད་ལ་སློབ་དགོས་སོ། །མུ་སྟེགས་ཀྱི་གཞུང་ལ་མཐའ་གཅིག་ཏུ་བརྩོན་པར་བྱེད་པ་ནི། བརྩོན་མིན་ཕྱི་རོལ་བསྟན་བཅོས་པ་རྩོན། ཞེས་པ་སྟེ། སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པ་བྱར་ཡོད་ན་དེ་མ་བྱས་པར་མུ་སྟེགས་ཀྱི་བསྟན་བཅོས་ཕྱི་རོལ་གྱི་བསྟན་བཅོས་ལ་བརྩོན་པར་བྱ་བ་མིན་པ་ལ་རང་གི་གཞུང་ལ་བརྩོན་པར་མ་བྱས་པར་དེ་ལ་བརྩོན་པར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་པའོ། །ཕྱི་རོལ་གྱི་བསྟན་བཅོས་ནི་ཕྱི་རོལ་པའི་རྟོག་གེ་དང་སྒྲའི་བསྟན་བཅོས་ལ་ས་མུ་དྲས་འཆད་དོ། །སྔ་མ་ལ་བརྩོན་པའི་གཞི་ལ་བྱང་སེམས་ཀྱི་སྡེ་སྣོད་དགོས་ལ་འདི་ལ་ནི་སངས་རྒྱས་ཀྱི་བཀའ་ཙམ་གྱིས་ཆོག་གོ །རྟེན་གྱི་སྒོ་ནས་ནི། ཤིན་ཏུ་ཡིད་གཞུངས་པ་དང་ལྡོབ་རྐྱེན་པ་དང་ཡུན་རིང་དུ་མི་བརྗེད་པར་ནུས་པ་དང་དོན་སེམས་པ་དང་རྟོགས་པར་བྱེད་ནུས་པ་དང་སངས་རྒྱས་ཀྱི་གསུང་རབ་ལ་རིགས་པས་རྟོགས་པ་དང་ལྡན་པས་བློ་མི་འགྱུར་བ་དང་ལྡན་ཏེ་ཕྱི་རོལ་གྱི་བསྟན་བཅོས་ལས་ཉིས་འགྱུར་གྱིས་ཉིན་གཅིག་བཞིན་དུ་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱེད་ན་ཕྱི་རོལ་གྱི་གཞུང་ལ་བརྩོན་པ་ལ་ཉེས་པ་


JLD001_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །དེ་ལ་ཡིད་གཞུངས་པ་ནི། ཡུན་ཐུང་དུས་ཀྱང་དྲན་ནུས་པ་དང་དོན་སེམས་པ་ནི་བློ་རྣོ་བ་དང་དོན་རྟོགས་པར་ནུས་པ་ནི་ཤེས་རབ་གསལ་བ་དང་གསུང་རབ་རིགས་པས་རྟོགས་པ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་ཆེ་བ་ལ་ཛི་ན་སུ་ཏྲས་བཤད་དོ། །ལྡོབ་སྐྱེན་པ་ནི། མྱུར་བར་ལོབས་པའོ། །དགའ་བཞིན་དུ་མུ་སྟེགས་ཀྱི་གཞུང་ལ་བརྩོན་པའི་ཉེས་པ་ནི། བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཞེས་པ་སྟེ། སྔར་བཤད་པ་ལྟ་བུའི་ཚུལ་དང་མི་འགལ་བར་མུ་སྟེགས་ཀྱི་བསྟན་བཅོས་ཕྱི་རོལ་གྱི་བསྟན་བཅོས་ལ་མཁས་པར་བྱེད་ཀྱང་དེ་ལྟར་བྱེད་པ་ན་སྨན་ཚ་བ་ལ་བསྟེན་པ་བཞིན་དུ་བྱེད་དགོས་པ་ལ། དེ་མི་བྱེད་པར་དང་པོར་མངོན་པར་དགའ་བའི་ཚུལ་གྱིས་བྱེད་ཅིང་བར་དུ་དེས་དགའ་བར་འཛིན་ལ་ཐ་མར་རངས་པར་བྱེད་ན་ཉོན་མོགས་ཅན་གྱི་ཉེས་པའོ། །དེས་ན་མི་འདོད་བཞིན་དུ་དགོས་པའི་དབང་གིས་འཇུག་པ་དགོས་སོ། །དེ་ལྟར་ཉེས་བྱས་བཞི་ལས། དང་པོ་ནི། དགེ་བ་སྡུད་པའི་སྐབས་ཀྱི་ལོག་ལྟ་སྤོང་བ་ལས་ཉམས་པ་དང་གཉིས་པ་དང་གསུམ་པ་ནི་དགེ་བ་སྡུད་པའི་ཐོས་བསམ་ལ་སྦྱོར་བ་ལས་ཉམས་པར་འགྲེལ་པ་གསར་མས་བཤད་ཅིང་བཞི་པ་ལ་གསལ་ཁ་མི་སྣང་ངོ༌། །ཡུལ་མཆོག་དང་འབྲེལ་བ་ལ་གསུམ་ལས། དང་པོ་ཤེས་རབ་ཀྱི་ཡུལ་སྤོང་བ་ནི། ཐེག་པ་ཆེན་པོ་སྤོང་བར་བྱེད། ཅེས་པ་སྟེ། བྱང་སེམས་ཀྱི་སྡེ་སྣོད་ལ་སྐུར་པ་འདེབས་ན་ཉོན་མོངས་ཅན་གྱི་ཉེས་བྱས་སོ། །དེ་ལ་ཅི་ཞིག་ཐོས་ནས་སྐུར་པ་འདེབས་ཤེ་ན། སྡེ་སྣོད་དེ་ལས་དེ་ཁོ་ནའི་དོན་ཟབ་མོའམ་


JLD001_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་སེམས་ཀྱི་རྨད་དུ་བྱུང་བའི་མཐུ་རྒྱ་ཆེན་པོ་ལས་བརྩམས་ཏེ་སོ་སྐྱེའི་ཡུལ་མིན་པས་ཟབ་པ་ཉན་རང་གི་ཡུལ་མིན་པས་མཆོག་ཏུ་ཟབ་པ་བསྟན་པ་དག་ཐོས་ནས་དེ་ལ་ཡིད་མ་ཆེས་ཤིང་མ་མོས་ནས་སྐུར་པ་འདེབས་སོ། །དེ་ཁོ་ནའི་དོན་ནམ་མཐུ་ལས་བརྩམས་ཏེ་ཞེས་གསུངས་པས་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་གང་རུང་གཅིག་ལ་སྐུར་པ་བཏབ་ན་ཉེས་བྱས་སུ་སྟོན་ནོ། །སྐུར་པ་འདེབས་པའི་ཚུལ་ནི་བཞི་སྟེ་འདི་དག་བརྗོད་བྱ་དམན་པའམ་ཡེ་ཤེས་ཀྱི་རྟེན་མིན་པས་དོན་དང་ལྡན་པ་མ་ཡིན་རྗོད་བྱེད་དམན་པའམ་བསོད་ནམས་ཀྱི་རྟེན་མིན་པས་ཆོས་དང་ལྡན་པ་མ་ཡིན་བྱེད་པ་པོ་དམན་པས་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། དེ་ཉིད་ཀྱི་ཕྱིར་ན་སེམས་ཅན་ལ་ཕན་བདེར་འགྱུར་བ་མ་ཡིན་ནོ་ཞེས་ཐམས་ཅད་དམ་རེ་རེས་སྨྲ་བའོ། །སྐུར་པ་འདེབས་པའི་རྒྱུ་ནི། རང་གི་ཚུལ་མིན་ཡིད་བྱེད་དམ་གཞན་གྱི་ཁ་ཕྱིར་རྗེས་སུ་ཞུགས་པའོ། །ཆོས་སྤོང་བ་ལས་སེམས་བསྲུང་བའི་ཚུལ་ནི་ཟབ་ཅིང་མཆོག་ཏུ་ཟབ་པའི་གནས་དག་ཐོས་ནས་སེམས་མ་མོས་ན་བྱང་ཆུབ་སེམས་དཔས་དད་པ་དང་གཡོ་མེད་པས་འདི་ལྟར་བདག་ནི་ལོང་བར་གྱུར་ཏེ་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་མེད་ལ་དེ་བཞིན་གཤེགས་པའི་སྤྱན་གྱིས་རྗེས་སུ་སྤྱོད་པར་ཟད་པས་དེ་བཞིན་གཤེགས་པས་དོན་གཞན་ལ་དགོངས་ཏེ་གསུངས་པ་སྤང་བ་ནི་བདག་གི་བྱ་བའི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བསླབ་པར་བྱའོ། །བྱང་སེམས་ཀྱིས་དེ་ལྟར་བདག་ནི་མི་ཤེས་པར་བརྩིས་ལ་དེ་བཞིན་གཤེགས་པ་ཉིད་ཆོས་དེ་དག་ལ་ལྐོག་


JLD001_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མ་གྱུར་པར་ཡང་དག་པར་ལྟ་ན་དེ་ལྟ་ན་ཡང་དག་པར་ཞུགས་པ་ཡིན་ནོ། །མོས་པ་མ་སྐྱེས་སུ་ཟིན་ཀྱང་སྐུར་པ་མི་འདེབས་ན་ཉེས་པ་མེད་དོ། །མདོ་སྡེའི་རྒྱན་ལས་ཀྱང༌། ཡིད་ཀྱི་ཉེས་པའི་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། ཅེས་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། དེ་བཞིན་གཤེགས་དགོངས་གསུངས་པ་རྣམས། །ཤེས་པར་སླ་མིན་དེ་ཡི་ཕྱིར། །ཐེག་གཅིག་ཐེག་པ་གསུམ་གསུངས་པ། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་བས་སྡིག་འགྱུར་དགེ་མི་འགྱུར། ཞེས་གསུངས་པས་ལས་དང་པོ་པས་ཐམས་ཅད་ལ་བློ་དང་མཐུན་པའི་མོས་པ་ཐོབ་པར་དཀའ་བས་མོས་པར་མ་ནུས་ཀྱང་བཏང་སྙོམས་སུ་བཞག་ན་ཉེས་པ་མེད་དོ། །འབྲས་བུ་ལ་ལོག་པར་སྒྲུབ་པ་ནི། བདག་ལ་བསྟོད་ཅིང་གཞན་ལ་སྨོད། ཅེས་པ་སྟེ། ཟང་ཟིང་དང་བཅས་པ་དང་ཁོང་ཁྲོ་བའི་སེམས་ཀྱིས་གཞན་དག་ལ་བདག་བསྟོད་ཅིང་གཞན་སྨོད་ན་ཉོན་མོངས་ཅན་གྱི་ཉེས་པའོ། །ཟང་ཟིང་དང་བཅས་པའི་སེམས་ནི་འགྲེལ་པ་གསར་མ་དང་ས་མུ་དྲས་རློམ་སེམས་སམ་སྙེམས་པའི་སེམས་ལ་འཆད་དེ་ང་རྒྱལ་ལོ། །ཛི་ན་སུ་ཏྲས་བདག་ལ་གཅེས་པར་འཛིན་པའི་སེམས་ལ་བཤད་དེ་དོན་འདྲའོ། །དེས་ན་ཕམ་པའི་སྐབས་དང་ཁྱད་པར་ཆེའོ། །བདག་བསྟོད་གཞན་སྨོད་བྱས་ཀྱང་དགོས་པའི་སྒོ་


JLD001_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉེས་པ་མེད་པ་ནི། བསྟན་པ་གནས་པར་བྱ་བའི་ཕྱིར་མུ་སྟེགས་ཅན་ཟིལ་གྱིས་གནོན་འདོད་པའི་དུས་དང་ཐབས་དེས་གཞན་འདུལ་བར་འདོད་པ་དང་གཞན་མ་དད་པ་རྣམས་དད་པར་བྱ་བ་དང་དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་བྱེད་པ་སྟེ་གསུམ་མོ། །ཤེས་རབ་ཀྱི་རྒྱུ་ལས་ཉམས་པ་ལ་གཉིས་ལས། ཐོས་པ་ལ་མི་འཇུག་པ་ནི། ཆོས་ཀྱི་དོན་དུ་འགྲོ་མི་བྱེད། ཅེས་པ་སྟེ། གཞན་ལ་ཆོས་སྒྲོགས་ཤིང་འཆད་པ་དང་ཆོས་ཀྱི་འབེལ་བའི་གཏམ་གཏན་ལ་འབེབས་ན་ང་རྒྱལ་དང་སེམས་གཞན་གཉིས་དང་ལྡན་པས་མི་འགྲོ་ན་ཉོན་མོངས་ཅན་གྱི་ཉེས་པའོ། །སེམས་གཞན་གཉིས་ཀྱིས་མི་འགྲོ་ན་ཉོན་མོངས་ཅན་མིན་པའི་ཉེས་པའོ། །མ་སོང་ཡང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། ཆོས་སྒྲོགས་པ་སོགས་མ་ཚོར་བ་དང་ན་སྟེ་མི་ནུས་པ་དང་ལོག་པར་སྟོན་དུ་དོགས་པ་དང་ཆོས་ཀྱི་གཏམ་དེ་ཡང་ཡང་ཐོས་ཤིང་བཟུང་ལ་ཤེས་ཟིན་པར་ཤེས་པ་དང་མང་དུ་ཐོས་པ་ཐོས་པ་འཛིན་པ་ཐོས་པ་བསགས་པ་ཡིན་པ་དང་རྟག་ཏུ་དམིགས་པ་ལ་གནས་ཏེ་ཏིང་ངེ་འཛིན་སྒྲུབ་པ་དང་ཤེས་རབ་ཤིན་ཏུ་རྟུལ་ཏེ་ཆོས་ལེན་པ་དང་འཛིན་པ་དང་དམིགས་པ་ལ་མཉམ་པར་འཇོག་པ་ལ་ཞེན་པ་སྟེ་བདུན་ནོ། །མང་དུ་ཐོས་པ་སོགས་གསུམ་ནི་ཐོས་པ་དང་ཤེས་པ་དང་རྫོགས་པའི་རྣམ་གྲངས་སོ། །ལེན་པ་སོགས་གསུམ་ནི་ཐོས་བསམ་སྒོམ་གསུམ་མོ། །དགོས་པའི་སྒོ་ནས་ནི། རང་ལ་ཆོས་སྨྲ་བའི་བླ་མའི་སེམས་མི་དགའ་བ་བསྲུང་བ་སྟེ་གཅིག་གོ །ཐོས་པའི་ཡུལ་ལོག་པར་སྒྲུབ་པ་ནི།


JLD001_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྨོད་དང་མི་དགེ་རྟེན་ཞེས་པ་སྟེ། ཆོས་སྨྲ་བའི་གང་ཟག་ལ་བསམས་བཞིན་དུ་ཁྱད་དུ་གསོད་པ་སྟེ་སྙིང་ནས་དགེ་བའི་བཤེས་གཉེན་དང་སྟོན་པའི་འདུ་ཤེས་མི་སྐྱེད་པ་དང་ལུས་ཀྱིས་བཀུར་སྟི་མི་བྱེད་ལ་སྨ་འབེབས་པས་འཕྱ་ཞིང་ཚིག་རྩུབ་པོ་སྨྲ་བས་བསྟེང་བར་བྱེད་པ་དང་ཚིག་འབྲུ་ལེགས་པ་ལ་ཆེད་ཆེར་བྱེད་པས་དེ་ལ་རྟོན་གྱི་དོན་ལ་ཆེད་ཆེར་མི་བྱེད་པས་དེ་ལ་མི་རྟོན་ན་ཉོན་མོངས་ཅན་གྱི་ཉེས་པ་སྟེ། མདོར་ན་ཚིག་མི་ལེགས་ན་དོན་ལེགས་ཀྱང་དེ་ལ་མི་གནས་ལ་ཚིག་ལེགས་ན་དོན་མི་ལེགས་ཀྱང་དེ་ལ་གནས་པའོ། །ཁ་ཅིག་ཆོས་སྨྲ་བ་ལ་ཚིག་འབྲུ་ཙམ་འཆད་པར་ཟད་ཀྱི་དོན་མི་འཆད་པའམ་མི་ཤེས་སོ་ཞེས་སྨོད་པ་ལ་འཆད་པ་ནི་ཡི་གེའི་དོན་ལ་ཡང་མ་ཞུགས་སོ། །དེས་ན་བྱང་སར་རྟོན་པ་བཞིའི་སྐབས་སུ་སྔར་ལྟར་གསུངས་པས་དེ་བཞིན་དུ་བྱའོ། །ཛི་ན་སུ་ཏྲ་དང་ས་མུ་དྲས་ཀྱང་ཆོས་ལ་མ་གུས་པའི་ཉེས་པར་བཤད་དོ། །ཉེས་བྱས་དེ་གསུམ་ནི་རིམ་པ་ལྟར་ལྟ་བ་ངན་པ་སྤོང་བ་དང་ཐོས་པ་ལ་སྦྱོར་བ་དང་དགེ་བ་སྡུད་པའི་བླ་མའི་རིམ་གྲོ་བྱ་བ་ལས་ཉམས་པ་དང་ཡི་གེ་རྟོན་གྱི་དོན་ནི་ཆོས་སྨྲ་བ་ལ་ཁྱད་དུ་གསོད་པའི་དོན་དུ་ཚིག་འབྲུ་ལ་བརྟེན་པར་འགྲེལ་པ་གསར་མས་བཤད་དོ། །སེམས་ཅན་དོན་བྱེད་དང་འགལ་བ་ལ་གཉིས། དོན་བྱ་བའི་ཡུལ་སྤྱི་དང་འབྲེལ་བ་དང༌། བྱེ་བྲག་དང་འབྲེལ་པའོ། །དང་པོ་ལ་གཉིས་ལས། དོན་མི་སྒྲུབ་པ་ནི། དགོས་པའི་གྲོགས་སུ་འགྲོ་མི་བྱེད། ཅེས་པ་སྟེ། བྱ་བ་གཏན་ལ་འབེབས་པ་ནས་བསོད་ནམས་བྱེད་པའི་བར་


JLD001_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་སེམས་གཉིས་ཀྱིས་གྲོགས་སུ་མི་འགྲོ་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་ཀྱིས་ནི་ཉོན་མོངས་ཅན་མིན་པའོ། །དེ་ལས་གཞན་རྣམས་ནི་སྔར་བཤད་པ་ལྟར་ཡིན་ལ་ཡང་དག་པའི་ཐ་སྙད་ནི་ཡུལ་སོ་སོའི་སྐད་ཀྱི་ཐ་སྙད་མི་ཤེས་པ་ལ་དེ་སློབ་པར་གྲོ་ལུང་བས་བཤད་དོ། །མ་བྱས་ཀྱང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། ན་སྟེ་མི་ནུས་པ་དང་སྔར་གཞན་ལ་ཁས་བླངས་པ་དང་ནུས་པ་གཞན་ལ་བཅོལ་བ་དང་དེ་བས་ཆེས་ལྷག་པའི་དགེ་ཕྱོགས་ལ་བརྩོན་པ་དང་རང་བཞིན་གྱིས་ཡིད་རྟུལ་ཞིང་ལུང་འབོགས་མི་མཁས་པ་སྟེ་ལྔའོ། །བྱ་བའི་སྒོ་ནས་ནི། གནོད་པ་དང་ལྡན་པ་དང་ཆོས་དང་མི་ལྡན་པ་མི་རིགས་པའི་བྱ་བ་སྟེ་གཅིག་གོ །ཡུལ་གྱི་སྒོ་ནས་ནི། གྲོགས་འཚོལ་བ་རང་གིས་བྱེད་ནུས་པའམ་བྱེད་པའི་མགོན་དང་རྟེན་ཡོད་པའོ། །དགོས་པའི་སྒོ་ནས་ནི་ཐབས་དེས་འདུལ་བར་འདོད་པ་དང་གཞན་ཆེས་མང་བའི་མནར་སེམས་བསྲུང་བ་དང་དགེ་འདུན་གྱི་ནང་ཁྲིམས་སྲུང་བ་སྟེ་གསུམ་མོ། །གནོད་པ་མི་སེལ་བ་ལ་གཉིས། སྡུག་བསྔལ་མི་སེལ་བ་དང༌། དེའི་རྒྱུ་མི་སེལ་པའོ། །དང་པོ་ལ་གཉིས་ལས། སྡུག་བསྔལ་གྱི་བྱེ་བྲག་མི་སེལ་བ་ནི། ནད་པའི་རིམ་གྲོ་བྱ་བ་སྤང༌། ཞེས་པ་སྟེ། ནད་ཀྱིས་ཐེབས་པ་དང་འཕྲད་པ་ན་སེམས་གཉིས་ཀྱིས་དེ་ལ་ནད་གཡོག་ལ་སོགས་པའི་རིམ་གྲོ་དང་བསྙེན་བཀུར་མི་བྱེད་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་ཀྱིས་ནི་ཉོན་མོངས་ཅན་མིན་པའོ། །མ་བྱས་ཀྱང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། ན་སྟེ་


JLD001_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་པ་དང་ནུས་ཤིང་ནད་པའི་ཡིད་དང་མཐུན་པ་ལ་བཅོལ་བ་དང་ཤེས་རབ་ཤིན་ཏུ་རྟུལ་ལ་ལེགས་པར་ཆོས་སྟོན་མི་ནུས་ལ་ལེགས་པར་འཛིན་མི་ནུས་ཤིང་དམིགས་པ་ལ་སེམས་མཉམ་པར་འཇོག་མི་ནུས་པ་དང་སྔར་གཞན་ལ་ཁས་བླངས་པ་སྟེ་བཞིའོ། །ཡུལ་གྱི་སྒོ་ནས་ནི། ནད་པ་མགོན་དང་རྟེན་ཡོད་པ་དང་རང་གིས་རང་གི་གཡོག་ནུས་པ་དང་ནད་རྒྱུན་རིངས་ཀྱིས་ཐེབས་ཏེ་སོས་ཙམ་དུ་འདུག་པ་སྟེ་གསུམ་མོ། །དགོས་པའི་སྒོ་ནས་ནི། དགེ་ཕྱོགས་རྒྱ་ཆེན་པོ་ལ་བརྩོན་པ་དེའི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར་ཏེ་གཅིག་གོ །སྡུག་བསྔལ་སྤྱི་མི་སེལ་བ་ནི། སྡུག་བསྔལ་སེལ་བར་མི་བྱེད་པ། ཞེས་པ་སྟེ། ཉོན་མོངས་ཅན་ཡིན་མིན་གྱི་ལྟུང་བ་དང་ལྟུང་མེད་ཀྱི་ཚུལ་ནི་ནད་པ་དང་འདྲ་ལ་བསལ་བྱའི་སྡུག་བསྔལ་བསལ་ཚུལ་ནི་སྔར་བཤད་པ་བཞིན་ནོ། །སྡུག་བསྔལ་གྱི་རྒྱུ་མི་སེལ་བ་ནི། བག་མེད་རྣམས་ལ་རིགས་མི་སྟོན། །ཞེས་པ་སྟེ། ཚེ་འདི་དང་ཕྱི་མའི་དོན་ལ་ཚུལ་བཞིན་མ་ཡིན་པར་ཞུགས་པའི་སེམས་ཅན་མཐོང་ན་སེམས་གཉིས་ཀྱིས་སྐྱོན་མེད་པའི་རིགས་པ་དང་ཇི་ལྟར་འཚམ་པའི་ཚུལ་བཞིན་མི་སྟོན་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་ཀྱིས་ནི་ཉོན་མོངས་ཅན་མིན་པའོ། །མ་བསྟན་ཀྱང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། རང་གིས་སྟོན་ཚུལ་མི་ཤེས་ཏེ་མི་ནུས་པ་དང་གཞན་བསྟན་ནུས་པ་ལ་བཅོལ་བ་སྟེ་གཉིས་སོ། །ཡུལ་གྱི་སྒོ་ནས་ནི། དེ་ཉིད་ཀྱིས་འཆོས་ནུས་པ་དང་དགེ་བཤེས་ཀྱིས་ཟིན་པ་


JLD001_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་ལ་ཀུན་ནས་མནར་སེམས་དང་ལྡན་ཞིང་བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང་རིགས་པ་བསྟན་པ་ལ་དགའ་ཞིང་གུས་པ་མེད་པས་དམུ་རྒོད་དུ་གྱུར་པ་སྟེ་བཞིའོ། །དགོས་པའི་སྒོ་ནས་ནི། མ་བསྟན་པའི་ཐབས་དེས་འདུལ་བར་འདོད་པ་སྟེ་གཅིག་གོ །འདི་ཡང་རྒྱས་པར་སྔར་བཤད་པ་ལྟར་ཤེས་པར་བྱའོ། །དོན་བྱ་བའི་ཡུལ་བྱེ་བྲག་པ་དང་འབྲེལ་བ་ལ་གཉིས། ཕན་མི་འདོགས་པ་དང༌། ཚར་མི་གཅོད་པའོ། །དང་པོ་ལ་དྲུག་ལས། །དང་པོ་ཕན་བཏགས་པ་ལ་ལོག་པར་སྒྲུབ་པ་ནི། བྱས་ལ་ལན་དུ་ཕན་མི་འདོགས། ཞེས་པ་སྟེ་སེམས་ཅན་ཕན་འདོགས་པ་རྣམས་ལ་ཕན་ལན་བྱེད་མི་འདོད་པས་བྱས་པ་མི་གཟོ་ཞིང་ཕན་བཏགས་པ་མི་དྲན་པའམ་མི་སེམས་པས་བྱས་པ་མི་ཚོར་ཏེ་མནར་སེམས་ཀྱིས་དེ་བས་ཆེ་བའམ་མ་ནུས་ན་མཉམ་པའམ་ཐ་ན་ཆུང་ངུའི་མཐུནཔའི་ཕན་ལན་མི་བྱེད་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་ཀྱིས་ནི་ཉོན་མོངས་ཅན་མིན་པའི་ཉེས་པའོ། །མ་བྱས་ཀྱང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། ཕན་ལན་བྱ་བར་བསྒྲིམས་བཞིན་དུ་མ་ནུས་ཤིང་མ་ལྕོགས་པ་སྟེ་གཅིག་གོ། །དགོས་པའི་སྒོ་ནས་ནི། ཕན་ལན་མ་བྱས་པའི་ཐབས་དེས་འདུལ་བ་སྟེ་གཅིག་གོ། །ཡུལ་གྱི་སྒོ་ནས་ནི། དེ་ཉིད་ཕན་ལན་བྱེད་པ་དེ་མི་འདོད་པ་སྟེ་གཅིག་གོ །ཡིད་མི་བདེ་བ་ལ་ལོག་པར་སྒྲུབ་པ་ནི། གཞན་གྱི་མྱ་ངན་སེལ་མི་བྱེད། ཅེས་པ་སྟེ། གཞན་ཉེ་དུ་དང་ལོངས་སྤྱོད་དང་བྲལ་བ་ལས་གྱུར་པའི་མྱ་ངན་བྱུང་བ་


JLD001_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མནར་སེམས་ཀྱིས་མི་སེལ་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་ཀྱིས་ནི་ཉོན་མོངས་ཅན་མིན་པའི་ཉེས་པའོ། །ལྟུང་མེད་ནི་དགོས་པའི་གྲོགས་སུ་འགྲོ་མ་བྱེད་དང་འདྲ་ལ་མྱ་ངན་གྱི་རྣམ་དབྱེ་དང་དེ་བསལ་ཚུལ་ནི་སྔར་རྒྱས་པར་བཤད་ཟིན་ཏོ། །བཀྲེན་པ་ལ་ལོག་པར་སྒྲུབ་པ་ནི། ནོར་འདོད་པ་ལ་སྦྱིན་མི་བྱེད། ཅེས་པ་སྟེ། ཟས་སྐོམ་སོགས་འདོད་པ་ཡང་དག་པ་སྟེ་རིགས་པ་དང་ལྡན་པའི་སློང་བ་པོས་སློང་བ་ལ་ཡོ་བྱད་དེ་དག་སེམས་གཉིས་ཀྱིས་མ་བྱིན་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་དང་བག་མེད་པས་མ་བྱིན་ན་ཉོན་མོངས་ཅན་མིན་པའི་ཉེས་པའོ། །མ་བྱིན་ཡང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། རང་ལ་ལོངས་སྤྱོད་དེ་དག་མེད་པ་སྟེ་གཅིག་གོ། །དངོས་པོའི་སྒོ་ནས་ནི། ཚེ་འདིའམ་ཕྱི་མར་སྐྱོན་སྐྱེད་པའི་རུང་བ་མ་ཡིན་པ་དང༌། སློང་བ་པོ་དེ་ལ་མི་འཕྲོད་པའི་རྫས་ཏེ་གཉིས་སོ། །དགོས་པའི་སྒོ་ནས་ནི། མ་བྱིན་པའི་ཐབས་ཀྱིས་འདུལ་འདོད་པ་དང་དེ་ལ་བྱིན་ན་རྒྱལ་པོ་ལ་གནོད་པར་འགྱུར་བ་བསྲུང་བ་དང་དགེ་འདུན་གྱི་ནང་ཁྲིམས་སྲུང་བ་སྟེ་གསུམ་མོ། །རང་གི་འཁོར་ལ་ལོག་པར་སྒྲུབ་པ་ནི། འཁོར་རྣམས་ཀྱི་ནི་དོན་མི་བྱེད། ཅེས་པ་སྟེ། འཁོར་བསྡུས་པ་ལ་མནར་སེམས་ཀྱིས་གདམས་ངག་མི་འདོམས་ཤིང་རྗེས་སུ་མི་སྟོན་པ་དང་ཕོངས་པ་དེ་དག་གི་ཕྱིར་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་ལས་གོས་ཟས་དང་མལ་ཆ་དང་སྟན་དང་ན་བའི་གསོས་སྨན་དང་དེ་ལས་གཞན་པའི་ཡོ་བྱད་


JLD001_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཆོས་བཞིན་དུ་མི་ཚོལ་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་དང་བག་མེད་ཀྱིས་མི་འདོམས་ཤིང་རྗེས་སུ་མི་སྟོན་ལ་ཚོལ་བར་མི་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་པའོ། །དེ་དག་མ་བྱས་ཀྱང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། ན་སྟེ་སྦྱོར་མི་བཟོད་པ་དང་ནུས་པ་གཞན་ལ་བཅོལ་བ་སྟེ་གཉིས་སོ། །དགོས་པའི་སྒོ་ནས་ནི། མི་སྟོན་པ་དང་མི་ཚོལ་བའི་ཐབས་དེས་འདུལ་བར་འདོད་པ་དང་དགེ་འདུན་གྱི་ནང་ཁྲིམས་སྲུང་བ་སྟེ་གཉིས་སོ། །ཡུལ་གྱི་སྒོ་ནས་ནི། འཁོར་བསོད་ནམས་ཆེན་པོ་དང་ལྡན་པའམ་རང་ཉིད་ཆོས་གོས་སོགས་ཚོལ་ནུས་པར་ཤེས་པ་དང༌། གདམས་ངག་དང་རྗེས་བསྟན་གྱིས་དེ་དག་གི་བྱ་བ་བྱས་ཟིན་པ་དང་སྔོན་མུ་སྟེགས་ཅན་ཡིན་པ་ལས་ཆོས་རྐུར་འོངས་ལ་དེ་ཡང་འདུལ་བའི་སྐལ་བ་མེད་པ་སྟེ་གསུམ་མོ། །ཆོས་དང་ཟང་ཟིང་གིས་བསྡུ་ཚུལ་རྒྱས་པར་བཤད་ཟིན་ཏོ། །མཐུན་པར་བྱ་བ་ལ་ལོག་པར་སྒྲུབ་པ་ནི། གཞན་གྱི་བློ་དང་མཐུན་མི་འཇུག །ཅེས་པ་སྟེ། གཞན་གྱི་སེམས་དང་མཐུན་པར་མི་བྱེད་ན་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འགྱུར་བ་ནི་དེ་མ་ཐག་ཏུ་བཤད་པ་ལྟར་རོ། །མཐུན་པར་མ་བྱས་ཀྱང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། ན་སྟེ་སྦྱོར་མི་བཟོད་པ་སྟེ་གཅིག་གོ །དགོས་པའི་སྒོ་ནས་ནི། གཞན་གྱི་འདོད་པ་དེ་མི་འཕྲོད་པ་སྟེ་དེ་ལ་སླར་གནོད་པར་འགྱུར་བའམ་ཡང་ན་དེས་རང་ལ་གནོད་པ་དང་འདོད་པ་དེ་འཕྲོད་པ་ཡིན་ཡང་གཞན་ཆོས་མང་པོ་ལ་མི་འཕྲོད་ཅིང་མི་འདོད་པ་སྟེ་དེ་ལ་མི་དགའ་བའི་སེམས་བསྲུང་བ་དང་དགེ་འདུན་གྱི་ནང་ཁྲིམས་སྲུང་བ་དང་མུ་


JLD001_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ཅན་ཚར་གཅོད་པ་དང་ཐབས་དེས་འདུལ་བར་འདོད་པ་སྟེ་ལྔའོ། །འདི་ཡང་རྒྱས་པར་བཤད་ཟིན་ཏོ། །ཡོན་ཏན་ཅན་ལ་ལོག་པར་སྒྲུབ་པ་ནི། ཡོན་ཏན་བསྔགས་པ་བརྗོད་མི་བྱེད། ཅེས་པ་སྟེ། གཞན་དག་གི་ཡང་དག་པའི་ཡོན་ཏན་སྔར་བཤད་པ་ལྟར་དད་པ་ལ་སོགས་པའི་བསྔགས་པ་མི་བརྗོད་པ་དང་ལེགས་པར་སྨྲས་པ་ལ་ལེགས་སོ་མི་སྟེར་ན་སེམས་གཅིག་དང་གསུམ་གྱིས་ཉོན་མོངས་ཅན་ཡིན་མིན་དུ་འགྱུར་བ་ནི་སྔ་མ་ལྟར་རོ། །མ་བརྗོད་ཀྱང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། ན་སྟེ་བརྗོད་པར་མི་ནུས་པ་དང་ཕ་རོལ་པོའི་གཏམ་རྫོགས་རྫོགས་སུ་སྡོད་པ་སྟེ་གཉིས་སོ། །ཡུལ་གྱི་སྒོ་ནས་ནི། རང་བཞིན་གྱིས་འདོད་པ་ཆུང་བས་ཡོན་ཏན་བརྗོད་ན་མི་དགའ་བ་ལ་དེར་ཤེས་པ་སྟེ་གཅིག་གོ །བརྗོད་བྱའི་སྒོ་ནས་ནི། ཡོན་ཏན་དང་ལེགས་སྨྲས་ལྟར་སྣང་དུ་སོང་བ་སྟེ་གཅིག་གོ །དགོས་པའི་སྒོ་ནས་ནི། མ་བརྗོད་པའི་ཐབས་དེས་འདུལ་འདོད་པ་དང་དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་དང་བརྗོད་ན་ཀུན་ནས་ཉོན་མོངས་དང་རྒྱགས་པ་དང་ཁེངས་པ་དང་གནོད་པར་འགྱུར་དུ་དོགས་ནས་དེ་བསལ་བའི་ཕྱིར་དང་མུ་སྟེགས་ཅན་ཚར་བཅད་པ་སྟེ་བཞིའོ། །ཚར་མི་གཅོད་པ་ལ་གཉིས་ལས། ཆོས་མིན་སྤྱད་པ་དབང་དུ་མི་བྱེད་པ་ནི། རྐྱེན་དུ་འཚམ་པར་ཚར་མི་གཅོད། ཅེས་པ་སྟེ། སེམས་ཅན་སྨ་དབབ་པ་དང་ཆད་པས་བཅད་པ་དང་བསྐྲད་པར་རིགས་པ་རྣམས་ཉོན་མོངས་ཅན་གྱི་སྒོ་ནས་སྨ་མི་འབེབས་སམ་འབེབས་ཀྱང་ཆད་པས་མི་གཅོད་པའམ་


JLD001_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱང་མི་སྐྲོད་ན་ཉོན་མོངས་ཅན་དང་སེམས་གཞན་གཉིས་དང་བག་མེད་པས་ནི་ཉོན་མོངས་ཅན་མིན་པའི་ཉེས་པའོ། །མ་བྱས་ཀྱང་རྟེན་གྱི་སྒོ་ནས་ཉེས་པ་མེད་པ་ནི། དུས་ལ་སྡོད་པ་སྟེ་གཅིག་གོ །ཡུལ་གྱི་སྒོ་ནས་ནི། གཏམ་བྱར་མི་རུང་བ་བཀའ་བློ་མི་བདེ་ཞིང་ཀུན་ནས་མནར་སེམས་ཤས་ཆེ་བ་སྟེ་བཅོས་སུ་མི་རུང་བ་དང་ཤས་ཆེར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་དང་ལྡན་པས་མྱུར་བ་མྱུར་བར་མཐུན་པར་བྱེད་པ་སྟེ་གཉིས་སོ། །དགོས་པའི་སྒོ་ནས་ནི། སྨ་འབེབས་པ་སོགས་བྱས་ན་འཐབ་པ་དང་མཚང་འབྲུ་བ་དང་འགྱེད་པ་དང་རྩོད་པར་འགྱུར་བར་མཐོང་ནས་དེ་མི་འབྱུང་བར་བྱ་བའི་ཕྱིར་དང་དགེ་འདུན་འཁྲུག་ཅིང་འབྱེ་བར་མཐོང་ནས་དེ་འགོག་པ་སྟེ་གཉིས་སོ། །འཐབ་པ་སོགས་བཞི་ནི་དང་པོ་སྤྱི་ཡིན་ལ་ལྷག་མ་གསུམ་ནི་ཤགས་ངན་དང་ལག་གིས་འགྱེད་པ་དང་བླའི་གྲར་འགྱེད་པ་ལ་གྲོ་ལུང་བས་བཤད་དོ། །བསྟན་པ་ལ་འགྲས་པ་སོགས་དབང་དུ་མི་བྱེད་པ་ནི། རྫུ་འཕྲུལ་སྡིག་ལ་སོགས་མི་བྱེད། ཅེས་པ་སྟེ། རྫུ་འཕྲུལ་དང་མཐུ་སྣ་ཚོགས་དང་ལྡན་ན་སྐྲག་པར་བྱ་རིགས་པ་སྐྲག་པ་དང་འདུན་པར་བྱ་རིགས་པ་རྣམས་འདུན་པར་བྱ་བ་དང་བསྟན་པ་ལ་གནས་ཀྱང་སྡོམ་པ་དང་མི་ལྡན་ན་དད་པས་བྱིན་པ་མི་འཇུ་བས་དད་པས་བྱིན་པ་སྤོང་དུ་གཞུག་པའི་ཕྱིར་རྫུ་འཕྲུལ་གྱིས་སྐྲག་པ་དང་འདུན་པར་མི་བྱེད་ན་ཉོན་མོངས་ཅན་མིན་པའི་ཉེས་པའོ། །སྡོམ་པ་ཉི་ཤུ་པའི་འགྲེལ་པ་གཉིས་ཁ་ཅིག་ལས་ཉེས་བྱས་ཐ་མ་འདི་ཉོན་མོངས་ཅན་དུ་བཤད་པ་ནི་ཡི་གེ་མ་དག་


JLD001_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདྲའོ། །སྔགས་སམ་རྫས་སྦྱོར་རོ་ཞེས་རྫུ་འཕྲུལ་ལ་སྐུར་པའི་ཤས་ཆེར་ཞེན་པའི་མུ་སྟེགས་ཡིན་ན་མ་བསྟན་ཀྱང་ཉེས་པ་མེད་དོ། །ཉེས་བྱས་བཅུ་གཉིས་པོ་དེ་རྣམས་ནི་སེམས་ཅན་དོན་བྱེད་ཀྱི་རང་རང་གི་སྐབས་ལས་ཉམས་པར་འགྲེལ་བ་གསར་མས་བཤད་དོ། །སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། ཅེས་པའི་རྐང་པ་གཉིས་ནི། སྔར་བསྟན་པའི་སྒྲུབ་པ་དང་དགག་པའི་སྒོ་ནས་བཅས་པ་དེ་རྣམས་ལས་སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང་ལྡན་ཞིང་སེམས་ཅན་ལ་བྱམས་པ་སྟེ་ཕན་པར་འདོད་པ་དང་གདུལ་བར་འདོད་པས་བྱས་ཀྱང་ཉེས་པ་མེད་པའོ། །དང་གི་སྒྲས་ནི། སེམས་ནི་ཤིན་ཏུ་ཉོན་མོངས་དང༌། །སྡུག་བསྔལ་ཚོར་བས་ཉེན་པ་དང༌། །གཉིད་དང་མྱོས་པ་དག་ལ་ནི། །བྱུང་བ་ལ་ཡང་ཉེས་པ་མེད། ཅེས་པ་རྣམས་བསྡུས་པ་ཡིན་ནོ། །ཞེས་སློབ་དཔོན་བྱང་ཆུབ་བཟང་པོས་བཤད་དེ་སྐབས་འདིར་གཞུང་ལས་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་ལ་ཉེས་མེད་དུ་གསུངས་པ་དེ་རྐང་པ་གཉིས་ཀྱིས་བསྡུས་པར་བཞེད་དོ། །སློབ་དཔོན་ཆེན་པོ་ཞི་བ་འཚོ་ནི། འོག་ནས་འབྱུང་བའི་ཆགས་པ་ཉེས་པ་ཆུང་བར་གསུངས་པའི་སྐབས་ཀྱི་ཉེས་མེད་དེ་གཞུང་འདིས་བསྡུས་པར་བཞེད་དེ་འདི་ལེགས་སོ། །གཉིས་པ་དེ་ལས་སེམས་བསྲུང་བའི་ཚུལ་ནི། བྱང་སེམས་རྣམས་ཀྱི་བསླབ་པའི་གཞི་སྔར་བཤད་པ་འདི་དག་ནི་མདོ་སྡེ་ལས་དངོས་སུ་བྱུང་བ་ཤ་སྟག་སྟེ་ཚུལ་ཁྲིམས་གསུམ་ལ་བརྩམས་ནས་སྟོན་པས་མདོ་


JLD001_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་གཞན་དང་གཞན་དུ་ཐོར་བུ་ཐོར་བུར་གསུངས་པའི་ཐོར་བུ་དེ་དག་བྱང་སེམས་ཀྱི་སྡེ་སྣོད་ཀྱི་མ་མོ་འདིར་ཕྱོགས་གཅིག་དང་རྒྱུན་གཅིག་ཏུ་ཚང་བར་འཕགས་པ་ཐོགས་མེད་ཀྱིས་བཤད་པའོ། །དེ་ལྟར་ན་རང་བཟོ་དང་བྲལ་བའི་བསླབ་པའི་གནས་ལ་བསླབ་པར་བྱ་བའི་ཕྱིར་དུ་བྱང་སེམས་གུས་པ་སྐྱེས་པས་བསམ་པ་ཕུན་སུམ་ཚོགས་པ་གསུམ་གྱིས་གཞན་ལས་སྡོམ་པ་ཡང་དག་པར་བླངས་ནས་བསླབ་པ་ལ་སྙིང་ཐག་པ་ནས་མཆོག་ཏུ་གུས་པར་བྱས་ཏེ་ཇི་ལྟར་བཅས་པ་ལས་མི་འགལ་བར་བསླབ་པར་བྱའོ། །བསམ་པ་གསུམ་ནི། དེ་དག་ལ་སློབ་པར་འདོད་པའི་བསམ་པ་རྣམ་པར་དག་པ་དང་བྱང་ཆུབ་འདོད་པའི་བསམ་པ་དང་སེམས་ཅན་གྱི་དོན་བྱ་བའི་བསམ་པའོ། །འདི་གསུམ་ཚུལ་ཁྲིམས་གསུམ་ལ་བསླབ་པ་ལ་འགྲེལ་པ་རྣམས་ཀྱིས་འཆད་ཀྱང་དང་པོ་བསླབ་པའི་རང་བཞིན་ནི་ཚུལ་ཁྲིམས་གསུམ་ལ་སློབ་འདོད་དང་ཕྱི་མ་གཉིས་ཆེད་དུ་བྱ་བ་བྱང་ཆུབ་དང་གཞན་དོན་གྱི་ཕྱིར་དུ་སློབ་པ་ལ་བཤད་ན་ལེགས་པར་མཐོང་ངོ༌། །དང་པོར་སྡོམ་པ་བླངས་པའི་ཐོག་མ་ཉིད་ནས་ཀྱང་ཉེས་པ་མི་འབྱུང་བར་གུས་པ་ཆེན་པོ་བསྐྱེད་པར་བྱའོ། །བྱང་སའི་ལེའུ་བཅོ་བརྒྱད་པ་ལས་ཀྱང༌། དེ་ལ་བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ་སེམས་དཔའོ་ཞེས་ཁས་འཆེ་བར་གནས་ལ་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་ལེགས་པར་མི་སྒྲུབ་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་པར་རིག་པར་བྱ་སྟེ་བྱང་ཆུབ་སེམས་དཔའ་ཡང་དག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་


JLD001_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཡིན་ནོ་ཞེས་ཁས་འཆེ་བར་གནས་ལ་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་ཡང་ལེགས་པར་སློབ་པ་དེ་དག་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་འདི་དག་ནི་གྲུབ་ནའང་ལེགས་ཀྱི་མ་གྲུབ་ནའང་དེ་ལྟ་བས་མོད་སྙམ་དུ་མི་བསམ་པར་གནད་ཀྱི་གདམས་པར་བལྟས་ཏེ་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་ཕར་ཕྱིན་དང་བསྡུ་བ་བཞི་སྤྱོད་པ་ལ་མ་མཐར་བྱས་ཏེ་སྤྲོ་ཤུགས་ཆེན་པོས་རྒྱལ་བའི་བསྟན་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་རྣམས་མཐའ་དག་པར་ཤེས་ནས་ཤིང་རྟ་ཆེན་པོའི་ལམ་དུ་གཤེགས་པའི་དམ་པ་རྣམས་ཀྱི་རྗེས་སུ་འབྲང་བར་བྱའི། བསྟན་པའི་གནད་མཐའ་དག་པར་མི་ཤེས་པའི་སྤོང་བ་པ་འགའ་ཞིག་ལ་བལྟ་བར་མི་བྱའོ། །གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཐབས་ནི། མ་གོས་པར་བྱ་བ་ལ་འབད་ཀྱང་མི་ཤེས་པ་དང་བག་མེད་པ་དང་ཉོན་མོངས་མང་བ་དང་མ་གུས་པ་སྟེ་ལྟུང་བ་འབྱུང་བའི་རྒྱུ་བཞིས་ཉེས་པ་བྱུང་ན་ཡང་ཆོས་བཞིན་སླར་གསོ་བས་ཉེས་པ་ལས་གསོ་བར་བྱའོ། །ཕམ་པ་ལས་གཞན་པའི་བྱང་སེམས་ཀྱི་བསླབ་པ་ལས་འགལ་བའི་ཉེས་པ་ཐམས་ཅད་ནི་ཉེས་བྱས་སུ་འདུས་ཀྱི་སོ་ཐར་ལྟར་ཉེས་པའི་རིས་མང་པོ་མེད་དོ། །དེ་དག་བྱུང་ན་ཉན་ཐོས་ཀྱི་ཐེག་པ་བའམ་ཐེག་པ་ཆེན་པོ་བ་གང་རུང་བཤགས་པའི་ངག་གི་རིག་བྱེད་ཀྱི་ཚིག་དོན་ཁོང་དུ་ཆུད་ཅིང་འཛིན་ནུས་པ་ལ་བཤགས་པར་བྱའོ། །དེ་ཡང་བྱང་སེམས་ཀྱི་


JLD001_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་དང་མི་ལྡན་པའི་སོ་ཐར་གྱི་སྡོམ་ལྡན་ནི་དགེ་སློང་ཕ་མ་དགོས་ཏེ། དགེ་ཚུལ་སོགས་ནི་སོ་ཐར་གྱི་ཡང་ལྟུང་བ་བཤགས་པའི་ཡུལ་དུ་མི་རུང་བས་སོ། །འཆགས་པའི་རྟེན་རབ་བྱུང་ཡིན་ན་བཤགས་ཡུལ་རབ་བྱུང་ཡོད་ན་བྱང་སེམས་ཁྱིམ་པ་ལ་ཡང་མི་རུང་ངམ་སྙམ་མོ། །གལ་ཏེ་ཀུན་དཀྲིས་ཆེན་པོས་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་ན་དེས་སྡོམ་པ་བཏང་བ་ལན་གཉིས་སུ་སླར་ཡང་ནོད་པར་བྱ་བར་གཞུང་འདིར་གསུངས་སོ། །བསྡུ་བར་ཡང་གལ་ཏེ་ཕྱིར་བླང་བའི་སེམས་ཡོངས་སུ་དག་པ་ཐོབ་པར་གྱུར་ན་ཡང་ཕྱིར་བླང་བར་བྱའོ། །ཞེས་གསུངས་སོ། །འདི་ལ་བོད་ཁ་ཅིག་ལན་གཉིས་ལས་བསྐྱར་དུ་མི་རུང་ཞེས་པ་དང༌། ཁ་ཅིག་དང་པོ་བླངས་པ་དང་ཕྱིས་ལན་གཉིས་ཏེ་ལན་གསུམ་བསྐྱར་དུ་གནང་གི་དེ་ལས་ལྷག་པ་ནི་ངོ་ཚ་མེད་པ་ཆེན་པོར་འགྱུར་བས་མ་གནང་ངོ༌། །ཞེས་བཞེད་པ་ནི། གཞུང་འདིར་ལན་གཉིས་ཞེས་པའི་དོན་ཡིན་པར་སེམས་ཀྱང་མི་འཐད་དེ། ལན་གཉིས་ཞེས་པ་ནི། དང་པོར་སྔར་བླངས་པ་ལ་ལྟོས་པའི་གཉིས་པ་ཡིན་གྱི་དེ་ཕན་ཆད་མི་རུང་བའི་ཚིག་མེད་པའི་ཕྱིར་དང་ཁུངས་ཐུབ་པའི་རྒྱ་གཞུང་ལས་ཀྱང་ཚད་དེ་ལྟར་བཟུང་བ་མི་སྣང་བའི་ཕྱིར་རོ། །ས་མུ་དྲའི་འགྲེལ་པ་ལས། ཉོན་མོངས་པའི་དབང་གིས་བརྒྱ་ལ་ཉེས་པ་ཆེན་པོ་བྱུང་ན་ཡང་དགེ་འདུན་ལ་བཤགས་ནས་འགྲོ་བ་ཀུན་ལ་ཕན་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བསམ་པ་དག་པས་སླར་ཡང་བླང་བར་བྱའོ། །ལན་གཉིས་སུ་ཞེས་བྱ་བ་ནི་གཉིས་ཁོ་ནར་ཆད་པར་མི་གཟུང་སྟེ་ཐོག་མར་བླང་བ་ལ་ལྟོས་ནས། ཕྱི་ནས་ཡང་ལེན་པར་


JLD001_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དེ་ལ་གཉིས་ཞེས་བྱའོ། །ཞེས་བཤད་དོ། །གལ་ཏེ་ཟག་པ་འབྲིང་གི་ཉེས་པ་བྱུང་ན་ནི་དེས་གསུམ་མམ་དེ་ཡན་ཆད་ལ་ཉེས་བྱས་བཤགས་པར་བྱ་སྟེ་མདུན་དུ་འདུག་ནས་ཐོག་མར་ལྟུང་བ་གང་བྱུང་བའི་དངོས་པོ་བརྗོད་དེ་དེ་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ། ཞེས་བརྗོད་ལ་ལྷག་མ་ནི་དགེ་སློང་ཉེས་བྱས་འཆགས་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་ཉེས་བྱས་ཀྱི་ནོངས་པ་ཞེས་པའི་འོག་ཏུ་ལྟུང་བ་གང་བྱུང་བའི་མིང་བརྗོད་དེ། དཔེར་ན་བདག་བསྟོད་དམ་གཞན་ལ་སྨོད་པ་བྱུང་སྟེ་ཞེས་པ་ལྟ་བུའོ། །ལྷག་མའི་ཚིག་ནི་འགྲེལ་པ་རྙིང་མ་ལས། དེ་དག་ཚེ་དང་ལྡན་པ་རྣམས་ལ་བདག་འཆགས་ཤིང་མཐོལ་ཏེ་མི་འཆབ་བོ། །བཤགས་ཤིང་མཐོལ་བས་བདག་བདེ་བར་གནས་པར་འགྱུར་གྱི་མ་མཐོལ་ཞིང་མ་བཤགས་ན་བདེ་བར་གནས་པར་མི་འགྱུར་རོ། །ཁྱོད་ཀྱིས་འདི་རྣམས་ཉེས་པར་མཐོང་ངམ་ཞེས་སྨྲས་ན་མཐོང་ངོ་ཞེས་སྨྲ་བར་བྱའོ། །ཕྱིས་ཀྱང་སྡོམ་པར་བྱེད་དམ་ཞེས་སྨྲས་ན་ཆོས་བཞིན་འདུལ་བ་བཞིན་དུ་ཤིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །ཞེས་གསུངས་སོ། །འགྲེལ་པ་གསར་མ་ལས་ནི། ཤེས་ཤིང་མཐོང་ལ་དྲན་ན་ཆོས་བཞིན་འདུལ་བ་བཞིན་དུ་ཤིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ་ཞེས་བཤད་ལ། དེའི་ཚེ་ལུས་


JLD001_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱོད་ལམ་ཇི་ལྟར་བྱ་བ་ཡང་དེ་ཉིད་ལས། དེ་རྣམས་ལ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ལ་དམའ་བའི་ཕྱོགས་སུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་ཞེས་གསུངས་སོ། །འགྲེལ་པ་གཞན་རྣམས་སུ་སྡོམ་མམ་ཞེས་དྲིས་པའི་ལན་དུ་ལེགས་པར་བསྡམ་པར་བགྱིའོ་ཞེས་པ་ཙམ་ཞིག་བཤད་དོ། །ཀུན་དཀྲིས་ཆུང་ངུས་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་བ་དང་དེ་ལས་གཞན་པའི་ཉེས་པ་རྣམས་ནི་གཅིག་གི་མདུན་དུ་བཤགས་པར་བྱ་སྟེ་ཆོ་ག་ནི་སྔར་ལྟར་རོ། །གང་གི་མདུན་དུ་བཤགས་པར་བྱ་བའི་གང་ཟག་མཐུན་པའམ་བཤགས་ཡུལ་འོས་པ་མེད་ན་ཕྱིན་ཆད་མི་བྱ་བར་སེམས་བསྐྱེད་པར་བྱ་ཞིང་ཕྱིན་ཆད་ཀྱང་བསྡམ་པར་བྱའོ། །དེ་ལྟར་བྱས་ན་ཉེས་པ་དེ་ལས་བྱུང་བ་ཞེས་བྱའོ། །འདི་ལ་ཛི་ན་སུ་ཏྲ་སོགས་ཀྱིས་བྱིན་གྱིས་བརླབས་པས་ཉེས་པ་མེད་པར་སྟོན་པ་ནི་དོན་མིན་ནོ། །དེ་དག་ཀྱང་སྡོམ་པ་ཉི་ཤུ་པར། སྡོམ་པ་སླར་ཡང་བླང་པར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། ཞེས་པས་བསྡུས་ནས་གསུངས་སོ། །དེ་ལ་རྐང་པ་ཐ་མའི་དོན་ནི། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་ཉེས་བྱས་རྣམས་ནི་མཐུན་པའི་གང་ཟག་མེད་ན་རང་གི་སེམས་གཅིག་ཏུ་ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་དང་དུལ་བ་དང་ཞི་བ་དང་ཕྱིས་མི་བྱ་བའི་བསམ་པ་ཅན་དབང་དུ་བྱས་ལ་བཤགས་པར་བྱ་བ་དེ་བཞིན་དུ་གང་ཟག་གཅིག་གི་མདུན་དུ་ཡང་བཤགས་པར་བྱའོ། །རང་གི་སེམས་བཞིན་དུ་ཞེས་པའི་དཔེ་བསྟན་པས་ཀྱང་ཉེས་པ་གསོ་བའི་ཐབས་


JLD001_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བསྟན་ནོ། །ཞེས་སློབ་དཔོན་ཞི་བ་འཚོས་བཤད་ཅིང་དེའི་ཤེས་བྱེད་དུ་མཐུན་པའི་གང་ཟག་མེད་ན་ཞེས་སོགས་དྲངས་ནས་ཚུལ་དེ་ཟག་པ་ཆུང་འབྲིང་ལ་ཡང་སྦྱོར་བར་བཞེད་དོ། །དེ་ལ་སློབ་དཔོན་བྱང་ཆུབ་བཟང་པོས་ཟག་པ་ཆུང་འབྲིང་གི་ལྟུང་བ་དང་ཉེས་བྱས་གཞན་རྣམས་ནི་ཕྱིར་བཅོས་པའི་ཚུལ་གཏན་མི་མཚུངས་ཏེ་འདི་ལྟར་ཆུང་འབྲིང་གཉིས་ནི་གནས་དེར་གསུམ་དང་གཅིག་མ་རྙེད་ཀྱང་གཞན་དུ་འཚོལ་དགོས་ལ་ཉེས་བྱས་ལ་ནི་གནས་དེར་གང་ཟག་གཅིག་མ་རྙེད་ཀྱང་གཞན་དུ་འཚོལ་མི་དགོས་ཏེ་རང་སེམས་ལ་བསྡམས་པའི་སྒོ་ནས་ལྡང་བའི་ཕྱིར་མ་ངེས་ལ་སྔ་མ་གཉིས་ནི་ངེས་པའོ། །དེ་ལྟ་མ་ཡིན་ན་གསུམ་ལ་ཞེས་པ་དང་གཅིག་གི་མདུན་དུ་ཞེས་ཡུལ་སོ་སོར་ངེས་པར་བཤད་པ་མི་རིགས་པས་གསུམ་ལས་ཉུང་བ་ལ་བཤགས་ཀྱང་མི་འདག་ན་བསྡམས་པས་འདག་པའི་གོ་སྐབས་ག་ལ་ཡོད། བདག་སེམས་བཞིན་ཞེས་བྱང་ས་ལས་མ་གསུངས་པས་སོ། །དེ་ལྟར་འདོན་པ་ནི་ལོག་པའོ། །དེའི་ཕྱིར་ཉོན་མོངས་མི་མོངས་བདག་སེམས་ལའོ། །ཞེས་བྱའོ། །བྱང་ས་ལས་ཀྱང་འབྲིང་དང་ཆུང་ངུའི་ལྟུང་བ་ལ་གསུམ་དང་གཅིག་གི་མདུན་དུ་ཞེས་པ་དང་ལྟུང་བ་གཞན་རྣམས་ལ་མཐུན་པའི་གང་ཟག་མེད་ན་སེམས་ཀྱིས་སྡོམ་པར་གསུངས་སོ། །ཞེས་འགྲེལ་པ་རྙིང་མའི་ལུགས་སུན་འབྱིན་པར་སྣང་ངོ༌། །འདི་ནི་འཐད་པར་མ་མཐོང་སྟེ་བྱང་སེམས་ལས། ཀུན་ནས་དཀྲིས་པ་ཆུང་ངུས་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་བ་དང་དེ་ལས་གཞན་པའི་ཉེས་པ་རྣམས་ནི་


JLD001_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་མདུན་དུ་བཤགས་པར་རིག་པར་བྱའོ། །གང་གི་མདུན་དུ་བཤགས་པར་བྱ་བའི་གང་ཟག་མཐུན་པ་མེད་ན་བྱང་ཆུབ་སེམས་དཔས་བསམ་པ་ཐག་པ་ནས་ཕྱིན་ཆད་མི་བྱ་བར་སེམས་བསྐྱེད་པར་བྱ་ཞིང་ཕྱིན་ཆད་ཀྱང་བསྡམ་པར་བྱའོ། །དེ་ལྟར་བྱས་ན་ཉེས་པ་དེ་ལས་བྱུང་ཞེས་བྱའོ། །ཞེས་ཟག་པ་ཆུང་ངུའི་ཕྱིར་བཅོས་ཉེས་བྱས་གཞན་རྣམས་དང་འདྲ་བར་ཤིན་ཏུ་གསལ་བར་གསུངས་ལ་དེ་རུང་ན་ཟག་པ་འབྲིང་གི་ལྟུང་བ་ལ་ཡང་རིགས་པ་ཤིན་ཏུ་མཚུངས་ཏེ། བསམ་པས་ལྟུང་བ་ལས་ལྡང་གི་ཆད་ལས་ལ་ངེས་པར་མི་ལྟོས་པ་ལྟུང་བ་ཕྱིར་བཅོས་ཀྱི་སྤྱི་གཞུང་ཡིན་པའི་ཕྱིར་དང་བྱང་ས་ལས། བདག་སེམས་བཞིན་གྱི་སྒྲ་དངོས་སུ་མེད་ཀྱང་གཅིག་གི་མདུན་དུ་བཤགས་ན་འདག་པ་བཞིན་དུ་དེ་མེད་པ་ན་རང་གི་སེམས་ལ་བསྡམས་པས་འདག་པར་གསུངས་པས་དོན་ཡོད་པའི་ཕྱིར་རོ། །ཁ་ཅིག་ཉོན་མོངས་ཅན་ཉེས་བྱས་རྣམས་ཡུལ་ཡོད་ན་གཅིག་ལ་བཤགས་དགོས་ལ་ཉོན་མོངས་ཅན་མ་ཡིན་པ་རྣམས་ནི་ཡུལ་ཡོད་ཀྱང་སེམས་ལ་བསྡམས་པས་འདག་གོ་ཞེས་སྨྲ་བ་ནི་མི་འཐད་དེ། ཁྱད་པར་མེད་པར་བྱང་ས་ལས་གསུངས་པའི་ཕྱིར་རོ། །དེས་ན་ཟག་པ་ཆུང་འབྲིང་དང་ཉེས་བྱས་ཞེ་ལྔ་ནི་ཡུལ་ཡོད་ན་བསྡམས་པ་ཙམ་གྱིས་མི་འདག་པས་གཞུང་ནས་གསུངས་པ་བཞིན་བྱའོ། །དེ་དག་ལས་གཞན་པའི་ཉེས་པ་རྣམས་ནི་གང་ཟག་གཅིག་ལ་བཤགས་ན་ནི་ངོ་ཚ་དང་ཁྲེལ་ཡོད་སྐྱེ་སླ་བས་ཤིན་ཏུ་ལེགས་ལ་མ་གྲུབ་ན་ནི་སངས་རྒྱས་སྲས་བཅས་བསམས་ནས་


JLD001_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པར་བྱ་སྟེ་ཚུལ་ཁྲིམས་ཀྱི་ལེའུ་ལས། བདག་གི་འཁྲུལ་བ་རྣམས་ཀྱང་ཡོངས་སུ་ཤེས་ཤིང་ཉེས་པར་ལྟ་བ་ཡིན་ཏེ་ཤེས་ཤིང་ཉེས་པར་མཐོང་ནས་ཀྱང་གཏོང་བར་བྱེད་པ་ཡིན་ནོ། །འཁྲུལ་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་མཐུན་པ་པ་རྣམས་ལ་ཉེས་པ་འཆགས་པར་བྱེད་དེ། ཞེས་དང་བྱང་སའི་ལེའུ་བཅུ་བདུན་པ་ལས་ཀྱང༌། ཡང་འདས་པ་དང་ད་ལྟར་བྱུང་བའི་འཁྲུལ་པ་ཐམས་ཅད་དང་ཉེས་པ་ཐམས་ཅད་དགེ་བའི་བསླབ་པ་འདོད་པ་དང་ལྡན་པའི་སེམས་ཀྱིས་ཕྱོགས་བཅུ་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སོ་སོར་འཆགས་པར་བྱེད་ལ་གཞན་དག་ཀྱང་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་གོ། །དེ་ལྟར་རྒྱུན་མི་འཆད་པར་འཁྲུལ་བ་སོ་སོར་བཤད་ན་ཚེགས་ཆུང་ངུས་ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །བསླབ་བཏུས་ལས་ནི་ནམ་མཁའི་སྙིང་པོ་ལ་རྨི་ལམ་དུ་བཤགས་པའི་ཚུལ་དང་ཁྱད་པར་དུ་ན་བྱང་ཆུབ་སེམས་དཔའི་ལྟུང་བ་ལྕི་བ་དང་ཡང་བ་རྣམས་བཤགས་པར་བྱ་བ་ནི་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས་གསུངས་པའོ་ཞེས་དེ་ནས་གསུངས་པ་ལྟར་ཕྱིར་བཅོས་བྱ་བར་གསུངས་སོ། །དེ་ཡང་བསླབ་བཏུས། ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང་བཀའ་སྩལ་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ལྟུང་བ་གཉིས་ཏེ། གཉིས་གང་ཞེ་ན།


JLD001_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ་ཞེ་སྡང་དང་ལྡན་པ་དང་གཏི་མུག་དང་ལྡན་པའོ། །དེ་བཞིན་དུ་སྦྱར་ཏེ་ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་དྲང་པོས་ཐོག་མའི་ལྟུང་བ་སྡེ་བཅུ་ལས་ལྕི་བ་རྣམས་བཤགས་པར་བྱའོ། །ལྟུང་བ་ཡོད་པ་སྡེ་ལྔ་ལས་ལྕི་བ་རྣམས་བཤགས་པར་བྱའོ། །ཤཱ་རིའི་བུ་བུད་མེད་ཀྱི་ལག་པ་ནས་འཛིན་པ་དང་མིག་གིས་ལྟ་བ་དང་གནོད་སེམས་ཀྱང་ལྟུང་བ་སྟེ་གང་ཟག་གཅིག་གམ་གཉིས་ལ་ཡང་བཤགས་པར་བྱའོ། །བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་དང་ལྡན་པའི་ལྟུང་བ་དང་བུད་མེད་ལས་ལྟུང་བ་བྱུང་བ་དང་ལག་པ་ལས་ལྟུང་བ་བྱུང་བ་དང་ཁྱེའུ་ལས་ལྟུང་བ་བྱུང་བ་དང་མཆོད་རྟེན་ལས་ལྟུང་བ་བྱུང་བ་དང་དགེ་འདུན་ལས་ལྟུང་བ་བྱུང་བ་དང༌། དེ་ལས་གཞན་པའི་ལྟུང་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔ་ལ་གཅིག་པུས་ཉིན་མཚན་དུ་ལྕི་བ་བཤགས་པར་བྱའོ་ཞེས་འགྱུར་གསར་ལས་གསུངས་སོ། །དེ་ལ་མདོ་དེ་ཉིད་ཀྱི་འགྱུར་ལས་ནི། ཉེས་པ་དང་པོའི་ལྕི་བ་ནི་ཚོགས་བཅུ་ལ་དྲང་པོར་བཤགས་པར་བྱའོ་ཞེས་འབྱུང་བ་ལེགས་པས་ཉེས་པ་ལྕི་བ་གཉིས་བཤད་པའི་དང་པོ་ཞེ་སྡང་དང་ལྡན་པ་ནི་ཡུལ་བཅུ་ལ་བཤགས་སོ། །ལྟུང་བ་ཡོད་པ་ལྕི་བ་རྣམས་སྡེ་ལྔ་ལ་བཤགས་པར་བྱའོ་ཞེས་བཅོས་ཏེ་དེ་ནི་ལྕི་བ་གཉིས་པ་གཏི་མུག་དང་ལྡན་པ་ལ་བྱ་དགོས་སོ། །འདི་ལ་མདོ་ལས། བུད་མེད་ཀྱི་ལག་པ་ནས་འཛིན་པའི་ཉེས་པ་ལྕི་བ་ནི་ཚོགས་ལྔ་ལ་བཤགས་པར་བྱའོ་ཞེས་འབྱུང་སྟེ། བསླབ་བཏུས་སུ་ཉེས་པ་དེ་གང་ཟག་གཅིག་གམ་གཉིས་ལ་བཤགས་པར་གསུངས་པ་དང་མདོ་དེ་ཉིད་ཀྱི་མདོར་བསྟན་


JLD001_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆགས་པས་ཀུན་ནས་བསླང་བ་རྣམས་ཁ་ན་མ་ཐོ་བ་ཆུང་བར་གསུངས་པ་དང་མི་མཐུན་པས་འགྱུར་མ་དག་གོ །བུད་མེད་ཀྱི་ལག་པ་ནས་འཛིན་པ་སོགས་གསུམ་ནི་གཅིག་གམ་གཉིས་ལ་བཤགས་པར་བྱ་སྟེ། འདི་འགྱུར་རྙིང་ལས་ལྕི་བར་བཤད་ཀྱང་འགྱུར་གསར་ལས་ཡང་བར་བཤད་པ་ལེགས་སམ་སྙམ་མོ། །ད་ལྟའི་མདོ་ལས་ནི་གནོད་སེམས་མ་བྱུང་ཡང་བསླབ་བཏུས་སུ་གསུངས་པས་མདོ་ལ་ཆད་པར་གསལ་ལོ། །ཞེ་སྡང་དང་ལྡན་པའི་ཉེས་པ་རྣམས་ལྕི་བར་བཤད་པ་དང་གནོད་སེམས་ཡང་བར་བཤད་པ་མི་འགལ་བ་ནི་རྒྱུད་མ་འཁྲུགས་པའི་འཚེ་བའི་བསམ་པ་ཙམ་ལ་དགོངས་པ་དྲའོ། །མཚམས་མེད་སོགས་ཀྱི་ལྟུང་བ་ལྕི་བ་རྣམས་ལྟུང་བཤགས་ཀྱིས་ཉིན་དང་མཚན་དུ་སྦྱོང་བར་གསུངས་པ་ནི་གང་ཟག་ལ་ཕྱིར་བཅོས་ཀྱི་ཆོ་ག་ལན་གསུམ་བྱས་པ་ལྟ་བུས་རྣམ་སྨིན་མི་འདག་པ་ལ་དགོངས་པ་ཡིན་པ་འདྲའོ། །སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བསྟེན་པས། ལྟུང་བའི་ལྷག་མ་དེས་ཞི་བྱ། ཞེས་གསུངས་པའི་ཕྱིར་བཅོས་པའི་ཚུལ་ནི་རྩ་ལྟུང་གི་ལྷག་མའི་ལྟུང་བའམ་བསམས་བཞིན་དུ་བྱས་པའི་ལྟུང་བ་ལས་གཞན་པ་བརྗེད་ངས་དང་ཤེས་བཞིན་མ་ཡིན་པས་བྱས་པའི་ལྟུང་བ་རྣམས་ནི་ཕུང་པོ་གསུམ་པ་གདོན་པ་དང༌། རྒྱལ་བ་དང་བྱང་ཆུབ་ཀྱི་སེམས་བསྟེན་པས་ཞི་བར་བྱ་བ་དང་ཕུང་པོ་གསུམ་ནི་སྡིག་


JLD001_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཡི་རང་བསྔོ་བ་གསུམ་ལ་ཤེར་འབྱུང་བློ་གྲོས་ཀྱིས་བཤད་དེ་ལྟུང་བཤགས་ཀྱིས་འགྲུབ་བོ། །གཞན་གཉིས་དགེ་བ་ལྷས་རྟེན་གྱི་སྟོབས་ལ་བཤད་པས་སྐྱབས་འགྲོ་དང་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའི་བསླབ་པ་མཐའ་ཡས་པས་ཕྱིར་བཅོས་འདི་ཤིན་ཏུ་ཉེ་པར་མཁོ་བས་བསམས་བཞིན་དུ་བྱས་པ་ལས་གཞན་པའི་ལྟུང་བའི་དག་བྱེད་དོ། །དེ་ཡང་ཕྱིན་ཆད་མི་བྱ་བའི་སྡོམ་སེམས་མེད་ན་སྔར་བྱས་སྦྱངས་ཀྱང་འདག་དཀའ་བ་ནི་བྱམས་པ་སེང་གེ་སྒྲའི་མདོ་ལས། བྱམས་པ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ལ་བབ་པའི་ཚེ་ན་བྱང་ཆུབ་སེམས་དཔར་ཁས་འཆེ་བ་འགའ་ཞིག་འབྱུང་བར་འགྱུར་ཏེ་དེ་དག་ནི་ལྟུང་བ་ལྷག་པར་འབྱུང་བར་འགྱུར་ཞིང་ལུས་མ་བསྡམས་པ་དང་ངག་མ་བསྡམས་པ་དང་ཡིད་མ་བསྡམས་པས་སྡིག་པའི་ལས་ལྷག་པར་སྤྱད་ནས་ཀྱང་ཉེས་པ་བཤགས་པ་ཙམ་གྱིས་དག་པར་འགྱུར་བར་སེམས་ཀྱིས་ཕྱིན་ཆད་སྡོམ་པར་ཡང་མི་བྱེད་ལ། ཕྱིན་ཆད་ཡང་དག་པར་བསྡམས་པའི་ཕྱིར་སྡོམ་པར་ཡང་མི་བྱེད་དོ། །ངས་ནི་སྔོན་བྱས་པའི་སྡིག་པའི་ལས་ཟད་པར་བྱ་བའི་ཕྱིར་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཡིན་ན། དེ་ལ་མི་བླུན་པོ་དེ་དག་ནི་ལྷག་པར་ལྟུང་བ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་ནས་ཉེས་པ་བཤགས་ཤིང་སྦྱང་བ་ཙམ་གྱིས་དག་བར་འགྱུར་བར་སེམས་ཤིང་ཕྱིན་ཆད་སྡོམ་པར་ནི་མི་བྱེད་དོ། །ཞེས་གསུངས་སོ། །དེ་ལྟར་ཕྱིར་བཅོས་པའི་ཐབས་ནི་ཚུལ་ཁྲིམས་དག་པའི་


JLD001_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཏུ་ཤིན་ཏུ་གལ་ཆེ་བར་སྣང་བས་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་རྒྱ་ཆེར་བཤད་དོ། །བཞི་པ་ཆགས་པ་ཉེས་པ་ཆུང་བར་གསུངས་པའི་དགོངས་པ་ནི། སྟོན་པས་བྱང་སེམས་ཀྱི་ཉེས་པ་ནི་ཕལ་ཆེར་ཞེ་སྡང་ལས་འབྱུང་གི་འདོད་ཆགས་ལས་འབྱུང་བ་ནི་མ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་དགོངས་པ་ནི་འདི་ཡིན་ཏེ། སེམས་ཅན་ལ་རྗེས་སུ་ཆགས་ཤིང་དེ་ལ་བྱམས་པའི་དབང་དུ་བྱས་ནས་ཅི་སྤྱོད་ཀྱང་སེམས་ཀྱི་བྱ་བའི་ཆ་ཡིན་པས་བྱ་བར་རིགས་པ་བྱེད་པ་ནི་ཉེས་པར་མི་འགྱུར་རོ། །སེམས་ཅན་ལ་སྡང་བ་ནི་རང་གཞན་ལ་ཕན་པར་སྤྱོད་པ་མ་ཡིན་ལ་དེ་ཡང་བྱང་སེམས་ཀྱི་བྱ་བའི་འོས་མ་ཡིན་ཏེ་བྱ་བར་མི་རིགས་པ་བྱེད་པ་ནི་ཉེས་པའོ། །མདོ་སྡེའི་རྒྱན་ལས་ཀྱང༌། སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་སྐྱེས་ལྟུང་མི་འགྱུར། །འདི་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་དང་འགལ་བར་འགྱུར། ཞེས་གསུངས་སོ། །ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང༌། ཐེག་ཆེན་ལ་ཡང་དག་པར་ཞུགས་པའི་བྱང་སེམས་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་གངྒཱ་ཀླུང་གི་བྱེ་མ་སྙེད་བྱུང་བ་དང་ཞེ་སྡང་དང་ལྡན་པའི་ལྟུང་བ་གཅིག་བྱུང་ན་བྱང་སེམས་ཀྱི་ཐེག་པ་དབང་བཙན་པར་བྱས་ན་ཞེ་སྡང་གི་ལྟུང་བ་དེ་ཤིན་ཏུ་ལྕི་སྟེ། འདིས་སེམས་ཅན་གཏོང་ལ་སྔ་མས་སེམས་ཅན་སྡུད་པར་བྱེད་པའི་ཕྱིར་རོ། །ཉོན་མོངས་པས་སེམས་ཅན་སྡུད་པ་ལ་ནི་བྱང་སེམས་འཛེམ་པ་དང་


JLD001_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་མེད་དོ། །དེ་ལྟ་བས་ན་ཁྱོད་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་ཐམས་ཅད་ནི་ལྟུང་བ་མ་ཡིན་པར་བཤད་དོ། །ཞེས་པ་རྣམས་ནི་འཁྲུལ་པའི་གཞི་ཆེ་བས་རྒྱལ་སྲས་ཞི་བ་ལྷས་དེའི་དགོངས་པ་བཤད་དེ། བསླབ་བཏུས་ལས། འདིའི་དགོངས་པ་གང་ཞེ་ན། སེམས་ཅན་སྡུད་པ་ཉིད་དེ་སྔར་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ། །ཞེས་སོ། །དེའི་དོན་ནི་འདོད་ཆགས་དང་ལྡན་པ་རྣམས་ལྟུང་བ་མ་ཡིན་ཞེས་གསུངས་པ་ནི། བྲམ་ཟེའི་ཁྱེའུ་སྐར་མའི་བྱུང་བ་ལྟ་བུ་སེམས་ཅན་གྱི་དོན་དུ་འགྱུར་བའི་ཚེ་གནང་བའི་འདོད་ཆགས་ཡིན་གྱི་བྱང་སེམས་ཀྱི་འདོད་ཆགས་གང་རུང་རུང་ལ་མིན་ཏེ། མདོ་དེའི་གོང་དུ་སེམས་ཅན་སྡུད་པའི་འདོད་ཆགས་ལ་བྱེ་བྲག་ཏུ་བྱས་ཏེ་གསུངས་པའི་ཕྱིར་རོ། །འདོད་ཆགས་ལྟུང་བར་མི་འགྱུར་བ་རྟེན་གང་ལ་དགོངས་ཏེ་གསུངས་པ་ཡང༌། བསླབ་བཏུས་ལས། བསྟན་པ་འདི་ནི་ལྷག་པའི་བསམ་པ་དང་སྙིང་བརྩེ་བ་དང་ལྡན་པ་ལ་ཡིན་ཏེ་དེ་ཉིད་ལས་དེ་མ་ཐག་ཏུ། ཉེ་བར་འཁོར་དེ་ལ་གང་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འདོད་ཆགས་དང་ལྡན་པས་འཇིགས་ཀྱི་ཞེ་སྡང་དང་ལྡན་པས་ནི་མ་ཡིན་ནོ། །ཉེ་བར་འཁོར་བྱང་ཆུབ་སེམས་དཔའ་གང་དག་ཐབས་མཁས་པ་དེ་དག་ནི་ཞེ་སྡང་དང་ལྡན་པའི་ལྟུང་བས་འཇིགས་ཀྱི་འདོད་ཆགས་དང་ལྡན་པས་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཐབས་ལ་མཁས་པ་ཡང་གང་ཞེ་ན། གང་དག་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་སེམས་ཅན་གཏོང་བ་ལས་བཟློག་པའོ། །ཞེས་སྙིང་རྗེ་ཆེན་པོའི་རྩ་བ་ཅན་གྱི་བྱང་


JLD001_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་བརྟན་པ་དང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་པ་དང་ལྡན་པ་གསུངས་སོ། །དེས་ན་ཆགས་པ་དང་ཞེ་སྡང་གཉིས་ལ་ལྟུང་བ་མེད་པ་དང་ཡོད་པའི་ཁྱད་པར་མཛད་པ་ནི་འདོད་ཆགས་གཏན་མི་འདྲེ་བའི་བྱམས་པ་ལ་བྱེད་ན་ཞེ་སྡང་དང་གཉིས་ཉེས་པ་ཡོད་མེད་མཚུངས་པའི་དོགས་པ་རྟོགས་ལྡན་ལ་འོང་ས་མེད་པས་དེའི་དོགས་པ་གཅད་མི་དགོས་ལ། བྱང་སེམས་ཀྱི་རྒྱུད་ཀྱི་ཆགས་པ་གང་ཡིན་ཐམས་ཅད་ལ་ཉེས་པ་མེད་ན་ཧ་ཅང་ཐལ་བས་བསླབ་བཏུས་སུ་གསུངས་པ་ལྟར་སེམས་ཅན་གྱི་དོན་རླབས་པོ་ཆེ་དང་འབྲེལ་བ་སོགས་ཡོད་ན་སེམས་ཅན་ལ་བྱམས་པའི་སྒོ་ནས་ཆགས་པ་ཉེས་མེད་ཀྱི་སྐབས་མང་པོ་ཡོད་ལ། ཞེ་སྡང་ལ་ནི་གནོད་པ་ལས་བཟློག་པའི་ཕྱིར་ཁྲོས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། སྐབས་ཕྱེ་ན་དེའི་བག་ཆགས་གཡོས་པར་འགྱུར་བས་སྙིང་རྗེ་ཉམས་པའི་ཉེས་པར་འགྱུར་རོ། །དེ་བཅད་ན་རྩ་བ་བཅད་པར་འགྱུར་རོ་ཞེས་འོག་ནས་བསྟན་པར་བྱའོ། །གལ་ཏེ་སེམས་ཅན་དེ་ལ་ཕན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཉམས་པས་སེམས་ཅན་གྱི་དོན་ཆེན་པོའི་རྒྱུན་ཉམས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་གནང་བའི་སྐབས་མེད་ལ། བྱང་སེམས་ཡུལ་དུ་བྱས་པའི་ཚེ་ཡང་བུ་མོ་དཔལ་ཡོན་ཅན་བྱང་ཆུབ་སེམས་དཔའ་དགའ་བྱེད་ལ་ཆགས་པའི་དབང་གིས་ཤི་ཕོས་པ་ལྷར་སྐྱེས་ལ། བྱང་སེམས་ལ་སྡང་བ་ནི། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་བར་ནི། དམྱལ་


JLD001_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། ཞེས་པ་ལྟར་ཡིན་པས་རྣམ་པ་ཐམས་ཅད་དུ་མི་འདྲའོ། །དེ་ལྟར་བསླབ་བཏུས་སུ་ཆགས་པ་ལྟུང་བ་མིན་པར་གསུངས་པའི་དགོངས་པ་བླངས་པ་ལྟར་བྱང་སའི་དགོངས་པ་ཡང་ཤེས་པར་བྱའོ། །ལྔ་པ་ལྟུང་བ་ཆེ་ཆུང་གི་དབྱེ་བ་ནི། བྱང་སེམས་ཀྱི་ཉེས་པ་རྣམས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་རིག་པར་བྱ་སྟེ་གཞི་བསྡུ་བ་ལས་འབྱུང་བ་བཞིན་ནོ། །ཞེས་གསུངས་པ་ནི་འདུལ་བའི་མ་མོ་བསྡུས་པ་ལས། རྣམ་པ་ལྔས་ལྟུང་བ་རྣམས་ཀྱི་ཆུང་འབྲིང་ཆེན་པོ་བསྟན་པ་ལྟར་ཡིན་ཏེ་དང་པོ་ངོ་བོ་ཉིད་ལས་ཆུང་ངུ་སོགས་བཞག་པ་ནི། ཕམ་པ་ནི་ཆེན་པོ་ལྷག་མ་ནི་འབྲིང་དེ་ལས་གཞན་པ་ནི་ཆུང་ངུའོ། །རྣམ་གྲངས་གཞན་ཡང་ཕམ་ལྷག་རྣམས་ལྕི་ལ་ལྟུང་བྱེད་དང་སོར་བཤགས་གཉིས་འབྲིང་ཉེས་བྱས་ནི་ཡང་བའོ། །བྱེད་པ་ལས་ནི་མི་ཤེས་པ་དང་བག་མེད་ཀྱིས་བྱས་པ་ཆུང་ངུ་ཉོན་མོངས་མང་བས་བྱས་པ་འབྲིང་མ་གུས་པས་བྱས་པ་ཆེན་པོའོ། །བསམ་པ་ལས་ནི། དུག་གསུམ་ཆུང་འབྲིང་ཆེ་གསུམ་གྱིས་བྱས་པ་རྣམས་ཆུང་འབྲིང་ཆེན་པོའོ། །གཞི་ལས་ནི། བསམ་པ་མཚུངས་པས་གཞི་རང་བཞིན་གཅིག་ལ་བྱས་ཀྱང་ཆུང་འབྲིང་ཆེན་པོར་འགྱུར་བ་ཡོད་དེ་ཞེ་སྡང་གི་ཀུན་དཀྲིས་མཚུངས་པས་དུད་འགྲོ་དང་ཕ་མ་མ་ཡིན་པའི་མིའམ་མིར་ཆགས་པ་དང་མིར་གྱུར་པའི་ཕ་མ་བསད་ན་རིམ་པ་ལྟར་ལྟུང་བྱེད་དང་མཚམས་མེད་མིན་པའི་ཕམ་པ་དང་མཚམས་མེད་པའི་ཕམ་པར་འགྱུར་རོ། །སོགས་པ་ལས་ཆུང་


JLD001_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ངུ་སོགས་སུ་འགྱུར་བ་ནི། ལྟུང་བ་གཅིག་ནས་ལྔའི་བར་དུ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་པ་ནི་ཆུང་ངུ་དང་དྲུག་ནས་གྲངས་ཤེས་པར་བྱ་ནུས་པའི་བར་དུ་བྱུང་ལ་ཆོས་བཞིན་དུ་ཕྱིར་མི་བྱེད་པ་ནི་འབྲིང་དང་ལྟུང་བ་དཔག་ཏུ་མེད་པ་ལ་འདི་སྙེད་དོ་ཞེས་གྲངས་ཤེས་པར་མི་ནུས་པ་ནི་ཆེན་པོའོ། །དེ་ལྟར་གསུངས་པ་ལ་འདིར་ནི་ངོ་བོ་ཉིད་དང་གཞི་གཉིས་ཇི་བཞིན་མི་སྦྱར་བར་སྐབས་དང་བསྟུན་ལ་གཞན་གསུམ་འདྲའོ། །དེ་ལ་མི་ཤེས་པས་ལྟུང་བ་འབྱུང་བ་ནི། ལྟུང་བ་མ་ཐོས་ཤིང་མ་རྟོགས་པས་བློ་མ་བྱང་བའི་ཕྱིར་ལྟུང་བ་ལ་ལྟུང་བ་མ་ཡིན་པར་འདུ་ཤེས་ནས་ལྟུང་བ་འབྱུང་བའོ། །ཤེས་ཀྱང་ལྟུང་བ་འབྱུང་བ་ནི་ལྟུང་བ་ལ་བློ་བྱང་ཡང་བརྗེད་ངས་པ་དང་ཤེས་བཞིན་མ་ཡིན་པར་གནས་པས་དྲན་པ་ཉེ་བར་མི་གནས་པ་ལས་ལྟུང་བ་འབྱུང་བའོ། །ཉོན་མོངས་མང་བས་འབྱུང་བ་ནི། དུག་གསུམ་ཤས་ཆེ་བས་འདི་ནི་བྱ་བ་མ་ཡིན་ནོ་སྙམ་དུ་ཤེས་ཀྱང་རང་དབང་མེད་པར་འབྱུང་བའོ། །མ་གུས་པས་འབྱུང་བ་ནི། ལྟུང་བ་ལ་བློ་བྱང་ཡང་དམན་པ་ལ་མོས་ཤིང༌། སྔོན་རྒྱུ་མ་སྤྱད་པས་དག་སྦྱོང་གི་ཚུལ་ལ་མི་ལྟ་ཞིང་མྱང་འདས་དང་ཆོས་དང་དགེ་འདུན་ལ་མ་གུས་པ་དང་རྗེས་མེད་པ་དང་ངོ་ཚ་མེད་པ་དང་བསླབ་པ་མི་འདོད་པ་དང་མ་གུས་པས་ཅི་འདོད་དགུར་ལྟུང་བ་འབྱུང་བའོ། །དེའི་དང་པོ་གཉིས་ཀྱིས་ནི་ཉོན་མོངས་པ་ཅན་མ་ཡིན་ལ་ཕྱི་མ་གཉིས་ཀྱིས་ནི་ཉོན་མོངས་ཅན་གྱི་ལྟུང་བ་འབྱུང་ངོ༌། །ཞེས་འདུལ་བའི་མ་མོ་བསྡུ་བ་ལས་གསུངས་སོ། །


JLD001_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་འབྱུང་བའི་རྒྱུ་བཞི་པོ་དེ་དག་གི་གཉེན་པོར་ལྟུང་བ་ལ་མཁས་པ་དང་དྲན་པ་དང་ཤེས་བཞིན་བསྟེན་པ་དང་ཉོན་མོངས་གང་ཤས་ཆེ་བའི་གཉེན་པོ་ལ་འབད་པ་དང་ངོ་ཚ་ཁྲེལ་ཡོད་དང་སྟོན་པ་དང་བསླབ་པ་ལ་གུས་པར་བྱའོ། །དྲུག་པ་བདེ་བར་གནས་པའི་རྒྱུ་ནི། བྱང་སེམས་རང་གི་འདུལ་བ་ལ་བསླབ་པ་ལ་བརྩོན་པ་ནི་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པས་བདེ་བ་ལ་རེག་པར་གནས་སོ། །དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི། ཐོག་མར་ཚུལ་ཁྲིམས་དག་འབྲལ་བར་མི་བྱེད་ཅིང་སྒོ་གསུམ་གྱི་ཀུན་སྤྱོད་དག་པ་དང་བར་དུ་བསླབ་པ་ལ་གུས་པ་དང་བག་ཡོད་པ་ཤས་ཆེར་གནས་པས་ཉེས་པ་རྒྱུན་དུ་མི་བྱེད་པ་དང་ཐ་མར་བརྒྱ་ལ་བྱས་ན་ཡང་སྡིག་པ་འཆགས་པར་བྱེད་པའོ། །འདིས་ནི་ལྟུང་བས་དག་པར་མཐོང་ནས་ཉིན་དང་མཚན་དུ་དགའ་བ་ཤས་ཆེ་བས་བདེ་བ་ལ་རེག་པར་གནས་སོ། །བསམ་པ་ཕུན་སུམ་ཚོགས་པ་ནི། ཆོས་ནས་ཇི་ལྟར་འབྱུང་བ་བཞིན་དུ་བསྒྲུབ་པའི་བསམ་པས་རབ་ཏུ་བྱུང་བ་ཡིན་གྱི་འཚོ་བའི་བསམ་པས་མ་ཡིན་བྱང་ཆུབ་ཆེན་པོ་དོན་དུ་གཉེར་གྱི་མི་གཉེར་བ་མ་ཡིན་དགེ་སྦྱོང་གི་ཚུལ་དང་མྱང་འདས་དོན་དུ་གཉེར་གྱི། མི་གཉེར་བ་མ་ཡིན་པ་དང༌། དེ་ལྟར་དོན་དུ་གཉེར་བས་དགེ་བ་རྣམས་ལ་བརྩོན་འགྲུས་བརྩམས་པའི་ཕྱིར་ལེ་ལོས་གནས་པ་མ་ཡིན་ཞིང་བརྩོན་འགྲུས་མི་ཞན་པ་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པའོ། །མི་དགེ་བ་ཇི་འདྲ་བ་ཞེ་ན། ཚེ་འདི་ལ་ཀུན་ནས་ཉོན་མོངས་པ་དང་ཕྱི་མ་ལ་སྲིད་པ་ཡང་འབྱུང་བའོ། །དང་པོའི་ཉེས་དམིགས་ནི་ལུས་སེམས་གདུང་བས་རིམས་


JLD001_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་བཅས་པའོ། །གཉིས་པའི་ཉེས་དམིགས་ནི། ངན་འགྲོར་འགྲོ་བས་རྣམ་པར་སྨིན་པ་སྡུག་བསྔལ་པའོ། །དེའི་ཕྱིར་ན་ཡུན་རིང་པོར་སྐྱེ་བ་དང་རྒ་ཤི་གཉིས་འདྲེན་པའོ། །དགེ་སྦྱོང་གི་ཚུལ་ནི། ས་བཅུར་བསླབ་པ་གསུམ་ལ་སྦྱོར་བའི་ལམ་དང་མྱང་འདས་ནི་མི་གནས་པའི་མྱང་འདས་ཏེ་དེ་གཉིས་སྒྲུབ་པའི་སྦྱོར་བའི་འབྲས་བུར་ཛི་ན་སུ་ཏྲ་སོགས་འཆད་དོ། །འདིས་ནི་ཀུན་ནས་ཉོན་མོངས་པ་མེད་པས་བདེ་བ་ལ་རེག་པའོ། །སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་ནི། བྱང་སེམས་ཀྱིས་ཚེ་རབས་སྔ་མར་སྦྱིན་པའི་བསོད་ནམས་བྱས་ཤིང་ལོངས་སྤྱོད་ཆེན་པོའི་བར་ཆད་སྤངས་པའི་དགེ་བ་བྱས་པས་རང་ཉིད་གོས་ཟས་དང་མལ་སྟན་དང་ན་བའི་གསོས་དང༌། ཡོ་བྱད་གཞན་གྱིས་མི་ཕོངས་ལ་གཞན་ལ་ཡང་བགོ་བཤའ་བྱེད་ནུས་པའོ། །འདིས་ནི་ཕོངས་པ་སྤངས་པའི་ཕྱིར་བདེ་བ་ལ་རེག་པའོ། །ཕུན་ཚོགས་གསུམ་པོ་དེ་ལས་བཟློག་པའི་ཕོངས་པ་གསུམ་དང་ལྡན་པ་ནི་སྡུག་བསྔལ་ལ་རེག་པར་གནས་པའོ། །དེ་ལྟར་ན་བྱང་སེམས་ཁྱིམ་པ་དང་རབ་བྱུང་གི་ཕྱོགས་ཐམས་ཅད་ཀྱི་ཚུལ་ཁྲིམས་མདོར་བསྟན་པ་ནི་ངོ་བོ་ཉིད་ཡིན་ལ་རྒྱས་པར་བཤད་པ་ནི་ཐམས་ཅད་པ་ཡིན་པས་ལྷག་མ་དཀའ་བ་སོགས་བདུན་ནི་ཚུལ་ཁྲིམས་ཐམས་ཅད་པ་དེའི་རབ་ཏུ་དབྱེ་བའོ། །གསུམ་པ་བཤད་པ་དེའི་རབ་ཏུ་དབྱེ་བ་ལ་བདུན་ཏེ། དཀའ་བ་ནས་རྣམ་པར་དག་པའི་བར་རོ། །དང་པོ་དཀའ་བ་ལ་གསུམ་


JLD001_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་ནི། ལོངས་སྤྱོད་ཆེ་ལ་དབང་ཕྱུག་ལ་དབང་བྱེད་ཅིང་འདུག་པ་ལས་དེ་གཉིས་སྤངས་ནས་སྡོམ་པ་ཡང་དག་པར་ལེན་པའོ། །དེ་ལ་གང་གིས་ལོངས་སྤྱོད་པའི་ལུས་འབྱོར་པ་དང་གང་དང་ལྷན་ཅིག་ལོངས་སྤྱོད་པའི་གཉེན་འདབ་བྱམས་ཤིང་ཡིད་དུ་འོང་བ་མང་བ་དང་གང་གིས་བསྒྲུབས་པ་བྲན་ལ་སོགས་པ་མང་བ་དང་གང་ལ་སྤྱོད་པ་ཟས་ལ་སོགས་པ་མང་བ་སྟེ་བཞིས་ལོངས་སྤྱོད་ཆེ་བའོ། །གང་གི་ཕྱིར་སྤྱོད་པ་འཚོ་བ་ཆེ་བསྣན་པས་ལྔའོ། །བཀའ་བཙན་པས་དེ་དག་ལ་ཅི་འདོད་འདོད་དུ་དབང་བསྒྱུར་བས་དབང་ཕྱུག་ཆེ་བའོ། །འགྲེལ་པ་ཁ་ཅིག་དབང་དང་ཕྱུག་པ་སོ་སོར་འཆད་དོ། །དཀའ་བ་གཉིས་པ་ནི། ཉམ་ཐག་སྟེ་སྲོག་ལ་ཐུག་ཀྱང་སྡོམ་པ་བླངས་པ་དེ་བག་ཙམ་ཉམས་པར་ཡང་མི་བྱེད་ན་སྡོམ་པ་མེད་པར་ལྟ་ག་ལ་བྱེད་པའོ། །དཀའ་བ་གསུམ་པ་ནི། སྡོམ་པ་བླངས་ནས་ཇི་སྲིད་འཚོའི་བར་དུ་རྒྱུ་བ་དང་གནས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་ལ་བག་ཡོད་ལྔ་དང་དྲན་ཤེས་མཆོག་དང་ལྡན་པས་ཚུལ་ཁྲིམས་ལ་ཉེས་པ་ཕྲ་མོའི་འཁྲུལ་པ་ཡང་མི་འབྱུང་ན་ལྕི་བ་ལྟ་ག་ལ་འབྱུང་བའོ། །འགྲེལ་པ་གཞན་དག་དང་པོར་ལེན་དཀའ་བ་དང་བར་དུ་སྲུང་དཀའ་བ་དང་ཐ་མར་མཐར་ཕྱིན་དཀའ་བ་གསུམ་དུ་འཆད་ཀྱང་ཡོན་ཏན་འོད་ཀྱིས་ལེན་པ་དང་སྲུང་དཀའ་བ་གཉིས་སུ་བྱས་ནས་ཕྱི་མ་གཉིས་སྲུང་དཀའ་བར་འཆད་པ་ལྟར་ལེགས་ཏེ། འགལ་རྐྱེན་གྱི་སྒོ་ནས་བསྲུང་དཀའ་བ་ནི་སྲོག་འཆད་པ་ལ་ཐུག་ཀྱང་མི་ཉམས་པར་སྲུང་བ་ཡིན་ལ། བསླབ་གཞི་དང་དུས་ཀྱི་སྒོ་ནས་སྲུང་དཀའ་བ་ནི་མ་


JLD001_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བའི་བར་དུ་ཉེས་པ་ཕྲ་མོས་ཀྱང་མ་གོས་པར་སྲུང་བ་ཡིན་པའི་ཕྱིར་རོ། །འདི་གསུམ་ལ་ད་ལྟ་དངོས་སུ་སློབ་པར་མ་ནུས་ན་ཡང་སྨོན་པའི་ཡུལ་དུ་བྱས་ཏེ་བློ་སྦྱངས་པས་སྐྱེ་བ་གཞན་དུ་དེ་ལྟར་འགྱུར་བའོ། །གཉིས་པ་ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་ནི། གཞི་ལས་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི། ད་ལྟར་གྱི་སྦྱོར་བས་བསྒྲུབས་པ་སྟེ་ཚུལ་ཁྲིམས་གསུམ་ཡང་དག་པར་བླངས་པའོ། །རང་བཞིན་གྱི་ཚུལ་ཁྲིམས་ནི། སེམས་པ་དང་འདུ་བྱེད་པ་དང་སྨོན་པ་ལ་མི་ལྟོས་པ་སྟེ་ནུས་པ་སད་པ་ཕར་ཕྱིན་གྱི་རྟགས་དང་ལྡན་པའི་རིགས་ལ་གནས་པའི་སེམས་རྒྱུད་རང་བཞིན་གྱི་དགེ་བ་ཁོ་ན་ཡིན་པས་ལུས་ངག་གི་ལས་ཡོངས་སུ་དག་པར་འཇུག་པའོ། །གོམས་པའི་ཚུལ་ཁྲིམས་ནི། སྔོན་ཡུན་རིང་མོ་ནས་རྒྱུན་ཆགས་སུ་ཞུགས་པ་སྟེ་ཚུལ་ཁྲིམས་གསུམ་ལ་སྔོན་གྱི་ཚེ་རབས་གཞན་དུ་གོམས་པར་བྱས་པའི་རྒྱུའི་སྟོབས་བསྐྱེད་པ་ལ་བརྟེན་ནས་ཉེས་པ་ཀུན་ཏུ་སྤྱོད་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་དགའ་ཞིང་ཡིད་འབྱུང་ལ་དགེ་བ་ཀུན་ཏུ་སྤྱོད་པ་ལ་དགའ་ཞིང་འདོད་པའོ། །ཐབས་དང་ལྡན་པའི་ཚུལ་ཁྲིམས་ནི། གཞན་འདུལ་བའི་ཐབས་བསྡུ་བ་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ལ་ལུས་ངག་གི་ལས་དགེ་བ་འཇུག་པའོ། །བསྡུ་བ་བཞི་ནི་ཟང་ཟིང་གིས་སྡུད་པའི་སྦྱིན་པ་དང་བསྡུས་པ་ལ་བླང་དོར་གྱི་གནས་འདོམས་པའི་སྙན་པར་སྨྲ་བ་དང་སྨྲས་པའི་དོན་ལ་སྒྲུབ་ཏུ་འཇུག་པའི་དོན་སྤྱོད་པ་དང་


JLD001_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྒྲུབ་པ་ལ་སྦྱར་བ་ལྟར་རང་ཡང་དེ་ལྟར་གནས་པའི་དོན་མཐུན་པའོ། །དེ་བཞིན་ནི་ཚུལ་ཁྲིམས་ཐམས་ཅད་ལ་འཇུག་པའི་སྒོར་གྱུར་པས་ན་ཐམས་ཅད་ཀྱི་སྒོའོ། །གསུམ་པ་སྐྱེས་བུ་དམ་པའི་ཚུལ་ཁྲིམས་ནི། ལྔ་སྟེ་རང་ཡང་ཚུལ་ཁྲིམས་དང་ལྡན་པ་དང་གཞན་ཐ་མལ་པར་གནས་པ་དག་ཚུལ་ཁྲིམས་ལེན་དུ་འཇུག་པ་དང་ཚུལ་ཁྲིམས་ལ་ཞེ་སྡང་བ་རྣམས་ལ་དེའི་བསྔགས་པ་བརྗོད་པས་མནར་སེམས་ཞི་བར་བྱེད་པ་དང༌། གཞན་དག་ཡང་དག་པར་ཞུགས་པའི་ཆོས་མཐུན་པ་པ་མཐོང་ན་ཡིད་དགའ་ཞིང་ཕྲག་དོག་མེད་པ་དང་ཉེས་པ་བྱུང་ན་ཆོས་བཞིན་དུ་ཕྱིར་འཆོས་པའོ། །དེ་ལྔ་ནི་གཞན་ལ་གནོད་པ་སྤོང་ཞིང་དོན་མ་ལུས་པ་བསྒྲུབ་པའི་དམ་པའི་ལས་དང་ལྡན་པས་དམ་པའི་ཚུལ་ཁྲིམས་ཏེ་དང་པོ་དང་ཐ་མས་རང་གི་དོན་དང་ལྷག་མ་གསུམ་གྱིས་གཞན་གྱི་དོན་སྒྲུབ་པས་སོ། །བཞི་པ་རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། རྣམ་པ་བཅུ་གསུམ་སྟེ་རྣམ་པ་དྲུག་དང་རྣམ་པ་བདུན་ནོ། །རྣམ་པ་དྲུག་གི་དང་པོ་རྒྱ་ཆེ་བ་ནི། བསླབ་པའི་གཞི་རྒྱ་ཆེན་པོ་བཟུང་བས་གནས་རྫོགས་པ་དང༌། བྱང་ཆུབ་ཆེན་པོར་བསྔོས་པས་འབྲས་བུ་རྫོགས་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ནི། འདོད་པའི་བསོད་ཉམས་ཀྱི་མཐའ་སྤངས་པས་ཉོན་མོངས་ཅན་གྱི་བདེ་བ་དང་བྲལ་བའོ། །རབ་ཏུ་དགའ་བའི་གནས་དང་མཐུན་པ་ནི། ངལ་ཞིང་དུབ་པར་བྱེད་པའི་མཐའ་སྤངས་པས་དོན་མེད་པའི་སྡུག་བསྔལ་དང་བྲལ་བའོ། །རྟག་ཏུ་བྱེད་པ་ནི། བསླབ་པ་བླངས་པ་མི་འབུལ་


JLD001_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཇི་སྲིད་འཚོའི་བར་དུ་སྤྱོད་པས་བསླབ་པའི་བར་གཅོད་པ་སྤངས་པའོ། །བརྟན་པ་ནི། རྙེད་པ་བཀུར་ལ་མི་ལྟ་བས་དེ་གཉིས་དང་རང་གི་ལམ་ལ་ངེས་པ་བརྟན་པས་ཕས་ཀྱི་རྒོལ་བ་དང་སྤང་བྱ་འགོག་པ་ལ་སྲན་འཛུགས་པས་ཉོན་མོངས་དང་ཉེ་ཉོན་ཏེ་མི་མཐུན་ཕྱོགས་གསུམ་པོ་དེ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཞིང་མི་འཕྲོགས་པའོ། །འགྲེལ་པ་རྣམས་ནས་རང་གི་བསླབ་པ་ཕུལ་ཏེ་མུ་སྟེགས་ཀྱི་གནས་སུ་སྡོམ་པ་མི་ལེན་པས་ཕས་ཀྱི་རྒོལ་བས་ཟིལ་གྱིས་མི་གནོན་པར་འཆད་མོད་ཀྱང་བསླབ་པ་མི་འབུལ་བ་སྔར་བཤད་ཟིན་པས་འདིའི་དོན་མིན་ནོ། །ཚུལ་ཁྲིམས་ཀྱི་རྒྱན་ནི་ཉན་ས་ནས་འབྱུང་བའི་དགེ་སྦྱོང་གི་རྒྱན་བཅུ་བདུན་ནོ། །དེ་ཡང་ཉན་ས་ལས་སྡོམ་དུ་མཛད་པ་ནི། དད་ལྡན་གཡོ་མེད་ནད་ཉུང་དང༌། །བརྩོན་འགྲུས་ཤེས་རབ་འདོད་ཆུང་དང༌། །ཆོག་ཤེས་གསོ་སླ་དགང་སླ་དང༌། །སྦྱངས་དང་མཛེས་དང་དྲོད་རིག་དང༌། །སྐྱེས་བུ་དམ་ཆོས་མཁས་རྟགས་དང༌། །བཟོད་དང་ངེས་དང་གྱ་ནོམ་ཡིན། ཞེས་པའོ། །རྣམ་པ་བདུན་གྱི་དང་པོ་ལྡོག་པའི་ཚུལ་ཁྲིམས་ནི། གཏན་མི་བྱ་བ་ཁོ་ནས་སྲོག་གཅོད་སོགས་ཉེས་སྤྱོད་སྤོང་བ་ཡང་དག་པར་ལེན་པའོ། །འཇུག་པའི་ཚུལ་ཁྲིམས་ནི། གཅིག་ཏུ་ངེས་པར་བྱ་བ་ཁོ་ནས་དགེ་བ་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པ་ལ་སློབ་པའོ། །ཀུན་ནས་སྲུང་བའི་ཚུལ་ཁྲིམས་ནི། རྟག་ཏུ་བག་ཡོད་པས་འཇུག་ལྡོག་གཉིས་བསྲུང་བའོ། །དེ་གསུམ་ནི་ཚུལ་ཁྲིམས་ཀྱི་ངོ་བོའི་དབྱེ་བའོ། །སྐྱེས་བུ་ཆེན་པོའི་མཚན་རྣམ་པར་


JLD001_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་བྱེད་པའི་ཚུལ་ཁྲིམས་ནི། ས་རྣམས་ལ་ཇི་ལྟར་འཚམ་པའི་མཚན་འགྲུབ་པའི་སྒྲུབ་བྱེད་ལ་འཇུག་པའོ། །ལྷག་པའི་སེམས་སྨིན་པར་བྱེད་པ་ནི། བྱང་སེམས་ཀྱི་ཏིང་ངེ་འཛིན་མང་པོ་འགྲུབ་པར་བྱེད་པའོ། །སྡུག་པའི་འགྲོ་བ་སྨིན་པར་བྱེད་པ་ནི། ལྷ་མིའི་ལུས་འགྲུབ་པར་བྱེད་པའོ། །སེམས་ཅན་གྱི་དོན་སྨིན་པར་བྱེད་པའི་ཚུལ་ཁྲིམས་ནི། སེམས་ཅན་གྱི་དོན་གྱི་འབྲས་བུ་འགྲུབ་པར་བྱེད་པའོ། །དེ་བཞིན་ཚུལ་ཁྲིམས་ཀྱི་འབྲས་བུའི་སྒོ་ནས་དབྱེ་བའོ། །དེ་བཞིའི་དང་པོ་ནི་དགེ་བ་སྡུད་པ་དང་བར་པ་གཉིས་ནི་སྡོམ་པ་དང་ཐ་མ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སུ་སློབ་དཔོན་ཡོན་ཏན་འོད་ཀྱིས་བཤད་དོ། །དེ་ལ་རྣམ་པ་དྲུག་ནི་ཡོན་ཏན་གང་དང་ལྡན་པ་ཡིན་ལ་རྣམ་པ་བདུན་ནི་ངོ་བོ་དང་འབྲས་བུའི་རྣམ་པའི་དབྱེ་བའོ། །ཞེས་སློབ་དཔོན་ཡོན་ཏན་འོད་བཞེད་དོ། །ལྔ་པ་ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་ནི། བརྒྱད་དེ་གསོད་པ་སོགས་བརྒྱད་རང་ཉིད་མི་འདོད་ཅིང་དེ་ལས་བཟློག་པ་བརྒྱད་པོ་འདོད་པ་ལ་གཞན་གྱིས་མི་འདོད་པ་བསྒྲུབས་ནས་བསད་པ་སོགས་ཀྱིས་ཕོངས་པ་སྟེ་ཡིད་དུ་མི་འོང་བར་འགྱུར་ལ། བདག་ཇི་ལྟ་བ་བཞིན་དུ་སེམས་ཅན་གཞན་ཡང་དེ་ལྟར་ཡིན་པར་བདག་གི་ཉམས་ལ་དཔགས་ཏེ་སོ་སོར་བརྟགས་ནས་སྲོག་གི་ཕྱིར་ཡང་གཞན་ལ་མི་འདོད་པ་བརྒྱད་མི་སྤྱོད་པའོ། །མི་འདོད་པ་བརྒྱད་ནི། གསོད་པ་དང་མ་བྱིན་ལེན་དང་འདོད་པ་ལ་གཡེམ་པ་དང༌། རྫུན་དང་ཕྲ་མ་དང་ངག་རྩུབ་པོ་དང་ཚིག་བཀྱལ་བ་དང་ལག་པ་བོང་བ་ལྕག་གིས་བསྣུན་ཞིང་རྣམ་པར་འཚེ་བའི་


JLD001_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་སྟེ་ཕྱི་མ་གསུམ་མི་སྡུག་པའི་རེག་པའོ། །འདོད་པ་བརྒྱད་ནི་དེ་དག་ལས་བཟློག་པ་ཚེ་རིང་བ་དང་ལོངས་སྤྱོད་ཆེ་བ་དང་ཆུང་མ་བསྡམས་པ་དང་མི་སླུ་བ་དང་འཁོར་མི་ཕྱེད་པ་དང༌། སྙན་པ་ཐོས་པ་དང་དོན་དང་ལྡན་པའི་གཏམ་དང་ཡིད་དུ་འོང་བའི་རེག་པའོ། །དེ་ལྟར་ན་མི་འདོད་པའི་ཕོངས་པ་བརྒྱད་སེལ་བ་དང་འདོད་པའི་ཕྱོགས་བརྒྱད་སྒྲུབ་པར་བྱེད་པའི་ཚུལ་ཁྲིམས་ལ་ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་ཞེས་བྱའོ། །དྲུག་པ་ཚེ་འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་ནི། རྣམ་པ་བཞི་དང་རྣམ་པ་ལྔར་ཕྱེ་བས་དགུའོ། །དེ་ལ་ཚུལ་ཁྲིམས་རྣམ་པ་བཞི་ནི། སེམས་ཅན་སྡུག་བསྔལ་གྱི་རྒྱུ་ལ་འཇུག་པ་དགག་པར་བྱ་བའི་གནས་སུ་གྱུར་པ་ནི་དེ་ལས་འགོག་པར་བྱེད་པ་དང༌། གནང་བར་བྱ་བའི་གནས་སུ་གྱུར་བ་བདེ་བའི་རྒྱུ་ལ་མི་འཇུག་པ་རྣམས་ལ་ནི་གནང་བ་སྟེ་རྒྱུ་དེ་སྒྲུབ་པར་བྱེད་པ་དང༌། གནང་བཀག་གི་གནས་ལ་ཡང་དག་པར་ཞུགས་པའི་སེམས་ཅན་བསྡུ་བར་འོས་པ་རྣམས་ནི་སྡུད་པར་བྱེད་པ་དང་། གནང་བཀག་གི་གནས་ལ་ལོག་པར་ཞུགས་པའི་སེམས་ཅན་ཚར་གཅད་པར་འོས་པ་རྣམས་ནི་ཚར་གཅོད་པར་བྱེད་པ་སྟེ་དེ་བཞི་ལ་རང་གི་ལུས་ངག་གི་ལས་ཡོངས་སུ་དག་པར་འཇུག་པའོ། །རྣམ་པ་ལྔ་ནི། ཚུལ་ཁྲིམས་མ་གཏོགས་པ་ཕར་ཕྱིན་ལྷག་མ་ལྔ་དང་ལྡན་པའི་ཚུལ་ཁྲིམས་ལྔའོ། །དེ་དག་ནི་བྱང་སེམས་རང་དང་སེམས་ཅན་གཞན་ལ་འདི་ཕྱིར་བདེ་བར་འགྱུར་བས་ན་འདི་དང་


JLD001_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་བདེ་བར་འགྱུར་བ་ཞེས་བྱའོ། །དེ་ལ་སྦྱིན་པས་ནི་ཕྱི་མ་ལ་ལོངས་སྤྱོད་ཆེན་པོར་འགྱུར་བ་དང་བཟོད་པས་ནི་རང་གཞན་འདི་ཕྱིར་བདེ་བའི་རྒྱུར་འགྱུར་ཞིང་ཕྱི་མ་ལ་གཡོག་འཁོར་དང་ལྡན་པར་འགྱུར་བ་དང༌། བརྩོན་པས་ནི་འདིར་མི་དགེ་བ་དང་མི་འདྲེ་ཞིང་ཕྱི་མར་སྤྲོ་བ་ཆེན་པོར་འགྱུར་བ་དང་བསམ་གཏན་གྱིས་འདིར་བདེ་བ་ལ་རེག་ཅིང་ཕྱི་མར་རྣམ་པར་དག་པའི་ལྷར་སྐྱེ་བ་དང་ཤེས་རབ་ཀྱིས་འདིར་མཁས་པར་འགྱུར་ལ་ཕྱི་མ་ལ་ཤེས་རབ་ཁྱད་པར་དུ་འགྲོ་བའོ་ཞེས་ཛི་ན་སུ་ཏྲ་སོགས་འཆད་དོ། །བདུན་པ་རྣམ་པར་དག་པའི་ཚུལ་ཁྲིམས་ནི། རྣམ་པ་བཅུ་ལས་དང་པོ་ཉིད་ནས་ལེགས་པར་བླངས་པ་ནི། ལམ་གྱི་སྐབས་སུ་དགེ་སྦྱོང་གི་ཚུལ་འདོད་པ་དང་མཐར་ཐུག་པ་ན་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་དུ་ཚུལ་ཁྲིམས་བླངས་པ་ཡིན་གྱི་རྒྱལ་པོས་བཙས་པ་སོགས་ལས་ཐར་པ་དང་འཚོ་བ་འདོད་པའི་ཕྱིར་བླངས་པ་མིན་པའོ། །ཧ་ཅང་ཞུམ་པ་མིན་པ་ནི། བསླབ་པའི་གཞི་རྣམས་ཀྱི་བཅས་པ་ལས་འགལ་བར་བྱས་པ་ལ་ཆུང་དུ་འགྱོད་པའམ། འགྱོད་པ་ཆུང་བ་ནི་ཧ་ཅང་ཞུམ་པ་ཡིན་ལ་དེ་མེད་ཅིང་འགྱོད་པ་ཆེ་བའོ། །དེ་ལྟར་ཡང་ཉན་ས་ལས། ཇི་ལྟར་ན་ཧ་ཅང་ཞུམ་པ་ཡིན་ཞེ་ན་འདི་ལྟར་འདི་ན་ལ་ལ་བསླབ་པའི་གཞི་རྣམས་ལ་ངོ་ཚ་མེད་ཅིང་འགྱོད་པ་ཆུང་བ་དང་ལྷོད་ཅིང་གཡེལ་བར་བྱེད་པ་ཡིན་ཏེ། ཞེས་གསུངས་པས་འགྱོད་པ་ཆུང་བ་མེད་པ་ནི་འགྱོད་པ་ཆེ་བ་ལ་བྱའི་འགྱོད་པ་ཆུང་བ་ཙམ་ཡང་མེད་པ་ལ་བྱས་ན་དེ་མེད་པའི་ཕྱིར་ཧ་ཅང་ཞུམ་པ་མ་


JLD001_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཞེས་གསུངས་པ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཧ་ཅང་ཐལ་བ་མ་ཡིན་པ་ནི། འགྱོད་པའི་གནས་མ་ཡིན་པ་སྟོན་པས་མ་བཅས་པའི་མཚམས་ལས་འདས་པ་ལ་འགྱོད་པར་བྱེད་པ་ནི་ཧ་ཅང་ཐལ་བ་ཡིན་པས་དེ་མེད་པའོ། །ལེ་ལོ་མེད་པ་ནི། གཉིད་དང་གློས་འབེབས་པ་དང་ཉལ་བའི་བདེ་བ་རྣམས་ཉམས་སུ་མི་ལེན་ཞིང་ཉིན་དང་མཚན་དུ་དགེ་ཕྱོགས་ལ་བརྩོན་པའོ། །བག་ཡོད་པས་ཟིན་པ་ནི། སྔར་བཤད་པ་ལྟར་ཡན་ལག་ལྔའི་བག་ཡོད་པ་ལ་བརྟེན་པའོ། །སྨོན་ལམ་ལེགས་པར་བཏབ་པ་ནི། རྙེད་བཀུར་ལ་ཞེན་པ་མེད་པ་དང་ལྷ་ཉིད་དུ་སྨོན་ནས་ཚངས་སྤྱོད་ལ་གནས་པར་ཁས་བླངས་པ་མ་ཡིན་པའོ། །ཆོ་ག་ཕུན་སུམ་ཚོགས་པས་ཟིན་པ་ནི། འཆག་པ་དང་འགྲེང་བ་སོགས་ཀྱི་སྤྱོད་ལམ་དང་ཆོས་གོས་བགོ་བ་སོགས་ཀྱི་འཕྲལ་གྱི་བྱ་བ་དང་ཁ་ཏོན་བྱ་བ་སོགས་ཀྱི་དགེ་བའི་ཕྱོགས་ཀྱི་སྦྱོར་བ་རྣམས་ལ་འཇིག་རྟེན་དང༌། འདུལ་བ་དང་མི་འགལ་བས་ལུས་ངག་གི་ཀུན་སྤྱོད་ཕུན་སུམ་ཚོགས་ཤིང་འཚམ་པའོ། །འཚོ་བ་ཕུན་སུམ་ཚོགས་པས་ཟིན་པ་ནི། ཚུལ་འཆོས་ལ་སོགས་པའི་ལོག་འཚོ་ལྔའི་ཉེས་པ་ཐམས་ཅད་སྤངས་པའོ། །མཐའ་གཉིས་སྤངས་པ་ནི། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་སོགས་ཆོས་སམ་ཆོས་མ་ཡིན་པས་གཞན་ལས་བཙལ་བ་ལ་ལྷག་པར་ཆགས་པས་སྤྱོད་ཅིང་དེ་ལ་ཉེས་དམིགས་སུ་མི་ལྟ་བའི་འདོད་པའི་བསོད་སྙོམས་ཀྱི་མཐའ་དང༌། ཚེར་མ་


JLD001_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐལ་བའི་ནང་ན་ཉལ་བ་སོགས་དང་མེ་དང་ཆུར་ལན་གསུམ་དུ་འཇུག་པ་སོགས་ཀྱིས་བདག་ཉིད་གདུང་ཞིང་དཀའ་ཐུབ་དྲག་པོ་ལེན་པའི་བདག་ཉིད་དུབ་པར་བྱེད་པའི་རྗེས་སུ་སྦྱོར་བ་སྤངས་པའོ། །ངེས་པར་འབྱིན་པ་ནི། མུ་སྟེགས་ཅན་ཐམས་ཅད་ཀྱི་ལྟ་བ་རྣམ་པར་སྤངས་པའོ། །ཚུལ་ཁྲིམས་བླངས་པ་མ་ཉམས་པ་ནི། ཐམས་ཅད་ཀྱི་ཐམས་ཅད་དུ་ངོ་ཚ་མེད་ཅིང་བསླབ་པའི་ཚུལ་ལ་མི་ལྟ་བས་བཅས་པའི་མཚམས་ལས་འདའ་བའི་ཉམས་པ་དང་རྩ་བའི་ལྟུང་བ་ལ་སྤྱོད་པས་མེད་པར་མི་བྱེད་པའོ། །དེ་ལྟར་མདོར་བསྟན་དུ་བཅུར་གསུངས་པ་ལ་རྒྱས་བཤད་ནས་བཅུ་གཅིག་འབྱུང་ངོ༌། །འདི་ལ་ཛི་ན་སུ་ཏྲས། ཉེས་པ་དེ་གཉིས་ཀའི་གཉེན་པོར་ཇི་ལྟར་བཅས་པ་རྣམས་ལ་ཡང་དག་པར་སློབ་པས་ན་རྣམ་པར་དག་པའོ་ཞེས་བསླབ་པ་ལ་མི་སྦྱོར་བ་ཧ་ཅང་ཞུམ་པའི་ཉེས་པ་དང་བསླབ་པ་མ་བཅས་པའི་རྗེས་སུ་འཇུག་པ་ཧ་ཅང་ཐལ་བའི་ཉེས་པ་གཉིས་ཀྱི་གཉེན་པོ་གཅིག་ཏུ་བསྡུས་པས། ཧ་ཅང་ཐལ་བ་མིན་པ་དང་ཧ་ཅང་ཞུམ་པ་མིན་པ་གཉིས་གཅིག་ཏུ་བྱེད་པར་གསལ་ཞིང་ཡོན་ཏན་འོད་ཀྱིས་ཀྱང་བསམ་པའི་ཉེས་པ་ནི་རྣམ་པ་གཉིས་ཏེ་ལེན་པའི་དུས་ན་ཉེས་པར་བླངས་པ་དང༌། བསྲུང་བའི་དུས་ན་ཧ་ཅང་ཞུམ་པ་དང་ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་དེ་གཉིས་གཅིག་ཏུ་བསྡུས་ལ། སུ་མུ་དྲས་ནི། ཚུལ་ཁྲིམས་བླངས་པ་མ་ཉམས་པ་ནི་གོང་དུ་བསྟན་པ་བཅུའི་མཇུག་སྡུད་དུ་བྱེད་བར་སྣང་ངོ༌། །དེ་ཐམས་ཅད་ཀྱང་འཐད་པ་མ་ཡིན་ཏེ་སློབ་དཔོན་ཉིད་ཀྱིས་


JLD001_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ཀྱི་སར་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཞེས་རྣམ་དག་བཅུའི་ལོག་ཕྱོགས་ཀྱི་ཉེས་པ་བཅུའི་སྐབས་སུ་དེ་གཉིས་གཅིག་ཏུ་བསྡུས་པས་ན་བག་ཡོད་དང་ལེ་ལོ་མེད་པ་གཉིས་གཅིག་ཏུ་སྡུད་པ་གཞུང་གི་དགོངས་པ་ཡིན་ནོ། །དེ་ལྟར་ན་དང་པོ་ནས་ཉེས་པར་བླངས་པ་དང་ཧ་ཅང་ཞུམ་པ་དང་ཐལ་ཆེས་པ་དང་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་དང་ལོག་པར་སྨོན་པ་དང་ཆོ་ག་ཉམས་པས་ཟིན་པ་དང་འཚོ་བ་ཉམས་པས་ཟིན་པ་དང་མཐའ་གཉིས་སུ་ལྷུང་བ་དང་ངེས་པར་འབྱུང་བ་མ་ཡིན་པ་དང་ཡང་དག་པར་བླངས་པ་ཡོངས་སུ་ཉམས་པར་གྱུར་པ་སྟེ། ཉམས་པར་འགྱུར་བའི་རྒྱུ་བཅུ་དང་བྲལ་བས་ན་ཕུན་སུམ་ཚོགས་པའམ་རྣམ་པར་དག་པའི་ཚུལ་ཁྲིམས་ཞེས་བྱའོ། །བཞི་པ་ཚུལ་ཁྲིམས་ཀྱི་ཕན་ཡོན་ལ་གཉིས་ལས་མཐར་ཐུག་གི་ཕན་ཡོན་ནི། དེ་ལྟར་ན་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་སྐྱེད་པ་སྟེ་འདི་ལ་བརྟེན་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའོ། །དེ་ལ་ཕུང་པོ་ཆེན་པོ་ཞེས་པ་ནི་ཡངས་ཤིང་རྒྱ་ཆེ་བའི་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡིན་པའམ་ཡང་ན་ཚུལ་ཁྲིམས་རྒྱས་ཤིང་ཚད་མེད་པ་དང་རྫོགས་པའོ། །སངས་མ་རྒྱས་པའི་བར་དུ་ཡང་གནས་སྐབས་ཀྱི་ཕན་ཡོན་ལྔ་འཐོབ་སྟེ་འདི་ལྟར་སྔར་བཤད་པ་ལྟར་སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར་བ་དང་མཆོག་ཏུ་དགའ་བ་ཆེན་


JLD001_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང་ལུས་ཞིག་ནས་ཀྱང་གང་ན་རང་དང་ཚུལ་ཁྲིམས་མཚུངས་པའམ་ལྷག་པའི་བྱང་སེམས་སྐལ་བ་འདྲ་ཞིང་ཆོས་མཐུན་པ་པ་དགེ་བའི་བཤེས་གཉེན་དུ་གྱུར་པ་དག་གནས་པ་དེར་སྐྱེ་བར་འགྱུར་བ་དང༌། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང་ཚེ་ཕྱི་མ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་ཉིད་དེ་དེའི་བདག་ཉིད་ཐོབ་པར་འགྱུར་བའོ། །དེའི་གཉིས་པའི་དོན་ནི་ཕྱི་མར་སངས་རྒྱས་བྱང་སེམས་དང་ཕྲད་པ་ཡིད་ལ་བྱེད་པས་འཆི་བའི་འཇིགས་པ་ལས་འདས་པའི་ཕྱིར་མཆོག་ཏུ་དགའ་བ་ཆེན་པོ་འཐོབ་པ་ལ་ཛི་ན་སུ་ཏྲ་སོགས་འཆད་ལ། ས་མུ་དྲས་དེ་དང་དགེ་བའི་རྩ་བ་ཆད་མེད་པ་དང་ལྡན་པས་ངན་སོང་གི་འཇིགས་པ་མེད་པ་དང་གཉིས་ལ་བཤད་དོ། །ལྔ་པོ་དེ་དག་ཀྱང་རིམ་པ་ལྟར་བདག་འབྲས་དང་བྲལ་འབྲས་དང་རྣམ་སྨིན་གྱི་འབྲས་བུ་དང་སྐྱེས་བུ་བྱེད་འབྲས་དང་རྒྱུ་མཐུན་གྱི་འབྲས་བུ་ལ་ཡོན་ཏན་འོད་ཀྱི་འགྲེལ་པར་བཤད་དེ་བྲལ་འབྲས་སུ་བཤད་པ་ནི་ཉེས་སྤྱོད་རྩེ་བཅིལ་བ་དང་ལེགས་སུ་སྨོན་པས་ཡིད་མི་བདེ་བ་དང་བྲལ་བ་ལ་བཞེད་དོ། །དེ་ལ་ཕན་ཡོན་དང་པོ་ནི་འདི་ཕྱི་གཉིས་ཀར་འཐོབ་པའི་ཕན་ཡོན་ཏེ་སྡོམ་པ་ཇི་སྲིད་གནས་པ་དེ་སྲིད་དུ་རྒྱལ་བ་སྲས་བཅས་ཀྱིས་བུ་དང་སྤུན་དང་འདྲ་བར་དགོངས་པས་དགེ་བའི་ཆོས་མི་ཉམས་ཤིང་འཕེལ་བའོ། །གཉིས་པ་དང་བཞི་པ་ནི་ཚེ་འདིའི་ཕན་ཡོན་འཆི་


JLD001_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ངན་འགྲོའི་འཇིགས་པ་མེད་ཅིང་བདེ་འགྲོ་ཁྱད་པར་ཅན་དུ་འགྲོ་བར་མཐོང་ནས་དགའ་བ་དང་དེའི་གོང་དུ་ཡང་སྤྱོད་འཇུག་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། ཞེས་གསུངས་པ་ལྟར་སྐད་ཅིག་རེ་རེ་ལ་ཡང་ཚད་མེད་པའི་ཚོགས་འཕེལ་བའོ། །གསུམ་པ་དང་ལྔ་པ་ནི་སྐྱེ་བ་གཞན་གྱི་ཕན་ཡོན་ཏེ་བཤེས་གཉེན་དམ་པས་རྗེས་སུ་འཛིན་པ་དང་སྐྱེ་བ་དུ་མར་སྡོམ་པ་དང་མི་འབྲལ་བའོ། །ཕྱི་མ་འདིའི་རྒྱུ་གཞན་ནི་འོད་སྲུངས་ཀྱིས་ཞུས་པ་ལས། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུར་གསུངས་པ་ནག་པོའི་ཆོས་བཞི་སྤོང་བ་ལ་སོགས་པ་ལ་སློབ་པ་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། ། དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། ཞེས་ལན་མང་པོར་རྒྱུན་ལྡན་དུ་ཡིད་ལ་བྱེད་པ་དེའི་རྗེས་སུ་སེམས་གཞོལ་བར་གསུངས་པ་ལྟར་བྱེད་པ་ལ་སློབ་དཔོན་ཞི་བ་ལྷ་བཞེད་དོ། །ཕན་ཡོན་བླ་ན་མེད་པ་དེ་དག་མཐོང་བའི་མཁས་པས་ནི་རྒྱལ་སྲས་ཀྱི་སྡོམ་པ་གཟུང་བ་ལ་འབད་པ་དྲག་པོ་དང་ལྡན་པར་བྱའོ། །ལྔ་པ་ཚུལ་ཁྲིམས་ཀྱི་བསྡུ་བ་ནི། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ལ་སོགས་པ་


JLD001_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པོ་དེ་དག་ཐམས་ཅད་ནི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །དགུ་པོ་རེ་རེ་ཡང་ཚུལ་ཁྲིམས་གསུམ་གྱིས་བསྡུས་པར་ཛི་ན་སུ་ཏྲ་དང་ས་མུ་དྲས་བཤད་དོ། །དྲུག་པ་ཚུལ་ཁྲིམས་ཀྱི་བྱེད་ལས་ནི། ཅིའི་ཕྱིར་ཚུལ་ཁྲིམས་གསུམ་དུ་ངེས་ཤེ་ན། འདི་ལྟར་བྱང་སེམས་ཀྱི་བྱ་བ་ནི་མདོར་བསྡུ་ན་གསུམ་དུ་ཟད་དེ་ཀུན་ནས་ཉོན་མོངས་པ་མེད་པའི་བདེ་བ་ལ་སེམས་གནས་པ་དང་དེ་ལ་བརྟེན་ནས་རང་གི་ཆོས་སྨིན་པར་བྱེད་པ་དང་སེམས་ཅན་གྱི་རྒྱུད་སྨིན་པར་བྱེད་པ་གསུམ་ཡིན་ལ་དེ་རྣམས་ཀྱང་སྡོམ་པ་དང་དགེ་བ་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་གསུམ་གྱིས་སྒྲུབ་པའི་ཕྱིར་རོ། །དེ་ལྟར་ན་ཉེས་སྤྱོད་ལས་ལྡོག་པའི་སྡོམ་པའི་ཚུལ་ཁྲིམས་ལ་འབད་པའི་སྒོ་ནས་སེམས་དགེ་བའི་དམིགས་པ་ལ་བཀོལ་དུ་རུང་བའི་དགེ་བའི་དམིགས་པ་ལ་གནས་པ་མེད་ན་ཚུལ་ཁྲིམས་གཞན་གཉིས་ཀྱི་གཞི་སྟོར་བ་ཡིན་པས་སྔར་བསྡུ་བའི་ལུང་དྲངས་པ་ལྟར་སྡོམ་པའི་ཚུལ་ཁྲིམས་ལ་ཐོག་མར་གཅེས་སྤྲས་སུ་བྱ་སྟེ་དེ་ཡང་སོ་ཐར་རིས་བདུན་ལ་གསུངས་པས། བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་གང་ཁས་བླངས་པ་དེ་ལ་བྱང་ཆུབ་སེམས་དཔའ་འབད་པར་བྱའོ། །འདི་ནི་མགོནཔོ་ཀླུ་སྒྲུབ་ཀྱིས་ཀྱང་ནན་ཏན་དུ་གསུངས་ཏེ། ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། དེ་ནས་རབ་ཏུ་བྱུང་བ་ཡིས། །དང་པོར་བསླབ་ལ་རབ་གུས་བྱ། །སོ་སོར་ཐར་པ་འདུལ་བཅས་དང༌། །མང་ཐོས་དོན་གཏན་དབབ་ལ་བསྒྲིམ། ཞེས་གསུངས་པས་ཤིང་རྟ་ཆེན་པོ་གཉིས་


JLD001_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འདི་ལ་དགོངས་པ་གཅིག་ཏུ་སྣང་ངོ༌། །ཚུལ་ཁྲིམས་གཞན་གཉིས་ཀྱང་ཐོག་མར་རང་སྨིན་བྱེད་དགེ་བ་སྡུད་པའི་ཚུལ་ཁྲིམས་ལ་གཙོ་བོར་འབད་དགོས་ཏེ། རང་མ་སྨིན་པར་གཞན་སྨིན་པར་བྱེད་པ་ནི་གནས་མ་ཡིན་ཞིང་སྐབས་མེད་པར་གསུངས་པའི་ཕྱིར་རོ། །བྱང་སེམས་ཀྱི་ཚུལ་ཁྲིམས་ནི་དགུའམ་གསུམ་པོ་དེ་དག་ཏུ་ཟད་ཅིང་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དྲུག་པོ་དེ་དག་ཏུ་ཟད་ལ་ཚུལ་ཁྲིམས་ཀྱི་བྱ་བ་ཡང་ཚེ་འདི་ལ་བདེ་བར་གནས་པའི་ཕྱིར་ཞི་གནས་སུ་གནས་པ་དང་ལུས་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་དང་སེམས་ཅན་སྨིན་པར་བྱེད་པ་གསུམ་པོ་དེ་དག་ཏུ་ཟད་དོ། །རང་བཞིན་ཕན་ཡོན་བྱ་བ་གསུམ་པོ་དེ་ལས་གོང་ན་ཡང་མེད་ལ་གསུམ་པོ་དེ་ལས་ལྷག་པ་སྟེ་དེར་མ་འདུས་པ་ཡང་མེད་དོ། །དེ་ལ་ནི་འདས་པའི་བྱང་ཆུབ་སེམས་དཔའ་ཞེས་སོགས་སྔར་དྲངས་པ་ལྟར་གསུངས་པ་ནི་དུས་གསུམ་གྱི་བྱང་སེམས་ཐམས་ཅད་ཀྱིས་འདི་ཁོ་ན་ལྟར་སློབ་ཀྱི་ཁ་ཅིག་འདི་ལ་སློབ་ཀྱང་ཁ་ཅིག་གཞན་ལ་སློབ་པ་ལྟ་བུ་མིན་པས་བྱང་སེམས་སངས་རྒྱས་ཀྱི་ལམ་ལ་ཚུལ་བཞིན་དུ་སློབ་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་བསྟན་པས་ལམ་ལ་ཡིད་གཉིས་སེལ་བའོ། །འདི་ནི་ཚུལ་ཁྲིམས་ལ་བསླབ་པའི་ཚུལ་ཏེ་ཕར་ཕྱིན་ལྷག་མ་དང་བསྡུ་བཞི་ལ་སོགས་པ་ལ་སློབ་པའི་ཚུལ་ཡང་ཤེས་པར་བྱས་ལ་སྙིང་ཐག་པ་ནས་བསླབ་ན་དེའི་ཚེ་བསླབ་བྱ་གཞན་ལ་སློབ་པར་མ་ནུས་པ་ལ་ཉེས་མེད་དུ་གསུངས་ཏེ།


JLD001_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་བསླབ་བྱ་ལྷག་མ་ལ་སློབ་པའི་ཁུར་ནི་རྣམ་པ་ཐམས་ཅད་དུ་འདོར་དུ་མི་རུང་ངོ༌། །དེ་ལྟར་བྱང་སེམས་ལས་དང་པོ་པ་ལ་ཐོག་མར་གལ་ཆེ་བ་ཚུལ་ཁྲིམས་ཀྱི་ལེའུ་འདི་གཞུང་རྫོགས་པར་དྲངས་ནས་བཀྲལ་ན་ཚིག་ཧ་ཅང་མངས་པར་མཐོང་ནས་དོན་ཙམ་ཞིག་བྱང་སའི་འགྲེལ་པ་གཉིས་དང་ཚུལ་ཁྲིམས་ལེའུའི་འགྲེལ་པ་གཉིས་དང་གཞན་ཡང་བསླབ་བཏུས་དང༌། སྤྱོད་འཇུག་རྩ་འགྲེལ་སོགས་བརྗོད་བྱ་མཐུན་པའི་བསྟན་བཅོས་རྣམ་པར་དག་པ་མང་པོ་དང་མདོ་སྡེ་རྣམས་ལ་ཡང་བརྟེན་ནས་ལེན་པ་དང་བསྲུང་བ་དང་ཕྱིར་བཅོས་པའི་དཀའ་གནས་རྣམས་རྒྱས་པར་གཏན་ལ་ཕབ་པ་ཡིན་ནོ། །ས་མུ་དྲ་མེ་གྷས་བྱས་ཟེར་བའི་འགྲེལ་པ་ནི་བྱང་སའི་རྒྱས་འགྲེལ་རྩོམ་པ་པོ་རྒྱ་མཚོ་སྤྲིན་དང་མིང་མཐུན་པ་ཞིག་ཏུ་སྣང་གི་སློབ་དཔོན་དེ་མིན་ནོ། སངས་རྒྱས་སྒྲུབ་པའི་ཐེག་པ་ཆེན་པོ་ནི། །གང་དུ་འཇུག་ཀྱང་ངེས་པར་བྱ་དགོས་པ། །ཐེག་ཆེན་ལམ་གྱི་གཞུང་ཤིང་སྨོན་འཇུག་གཉིས། །ལེགས་པར་བཟུང་ནས་ཇི་ལྟར་ཁས་བླངས་བཞིན། །རྒྱལ་སྲས་སྤྱོད་ལ་སློབ་པ་འདི་མེད་པར། །ཐམས་ཅད་མཁྱེན་པར་འགྲོ་བའི་ལམ་ཡོད་པ། །རྒྱལ་དང་དེ་སྲས་མཁས་རྣམས་མི་བཞེད་ཀྱང༌། །རྡོ་རྗེ་ཐེག་དང་ཕ་རོལ་ཕྱིན་པ་ལ། །གནང་བཀག་མི་འདྲ་འགའ་རེ་གསུངས་པ་ལ། །ཆེས་ཆེར་འཁྲུལ་ཞིང་མངོན་རློམ་གྱིས་མཐོ་བའི། །སྐལ་དམན་རྣམས་ཀྱི་ཐེག་ཆེན་སྤྱི་ཡི་གཞུང༌། །དྲི་མ་མེད་པའི་ལམ་བཟང་ནུབ་པར་བྱས། །དེ་ཕྱིར་


JLD001_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པར་འཇུག་ན་ཡང༌། །དྲི་མ་མེད་པའི་མདོ་སྡེ་རྣམས་ཀྱི་དོན། །བྱམས་པ་ཀླུ་སྒྲུབ་ཐོགས་མེད་ཀྱིས་བཤད་པའི། །བྱང་ཆུབ་སེམས་བསྐྱེད་སྡོམ་པ་བཟུང་ནས་ནི། །ཕར་ཕྱིན་དྲུག་ལ་སློབ་པ་གཞིར་ཟུང་ལ། །རྡོ་རྗེ་ཐེག་པའི་ལམ་གྱི་སྣོན་པ་ཐོབ། །དེ་ནི་མ་ཚང་མེད་པའི་ཐེག་མཆོག་ལམ། །དེ་ལས་གཞན་རྣམས་བྱིས་པ་དགའ་སྐྱེད་ཡིན། །དེ་ལྟར་སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །རྒྱལ་སྲས་སྡོམ་པ་དག་པར་བྱེད་པའི་ཚུལ། །ཡིད་ཆེས་ལུང་དང་དྲི་མེད་རིགས་པ་ལས། །རྣམ་པར་བརྒལ་བའི་རང་བཟོའི་དྲི་མ་ཡིས། །མ་བསླད་རྒྱལ་བའི་དགོངས་པ་ཇི་བཞིན་དུ། །གོ་སླའི་ཚིག་གིས་རྣམ་པར་བཀྲལ་བ་འདིས། །གང་ལ་རྒྱུན་དུ་གུས་པའི་མཐུས་བྱུང་བ། །འཇམ་པའི་དབྱངས་ལ་རྟག་ཏུ་ཕྱག་འཚལ་ལོ། །ཐེག་མཆོག་ལམ་ཟབ་བདག་བློ་བྱིས་པའི་ཚུལ། །དེ་ཕྱིར་ཚིག་དང་དོན་ལ་སྐྱོན་ཆགས་ན། །འཕགས་དང་མཁས་པའི་སྤྱན་སྔར་བདག་འཆགས་ཀྱིས། །བརྩེ་ལྡན་རྣམས་ཀྱིས་ནོངས་དེ་བཟློག་ཏུ་གསོལ། །ཐུབ་བསྟན་སྤྱི་དང་ཁྱད་པར་ཐེག་མཆོག་གི །ལམ་གྱི་སྲོག་རྣམས་ཕལ་ཆེར་ནུབ་པ་ཡི། །ཚུལ་འདི་མཐོང་ནས་བསྟན་པ་གནས་བྱའི་ཕྱིར། །དེ་ལྟར་འབད་ལས་དགེ་བ་གང་བསགས་པ། །དེ་ཡིས་འགྲོ་ཀུན་ལམ་ལྟར་བཅོས་པ་ལ། །དགའ་བ་མེད་ཅིང་ཡང་དག་ལམ་གྱི་གནད། །རྫོགས་པར་མཐོང་ནས་སྒྲུབ་ལ་བརྩོན་པར་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་འཇམ་པའི་དབྱངས། །དམ་པའི་མགོན་གྱིས་བཟུང་ནས་ཐེག་པ་མཆོག །


JLD001_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་རྟོགས་ནས་འགྲོ་བ་སྒྲོལ་བའི་ཁུར། །ཁྱེར་ནས་རྒྱལ་བའི་བསྟན་པ་རྒྱས་བྱེད་ཤོག །བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱ་བའི་ཚུལ་རྣམ་པར་བཤད་པ་བྱང་ཆུབ་གཞུང་ལམ་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པ་ཅུང་ཟད་སྐྱེས་པ་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་རྒྱལ་སྲས་ཀྱི་སྡོམ་པ་བཟུང་ནས་བསླབ་པ་ལ་སློབ་པར་འདོད་པ་རྣམས་ཀྱི་དོན་དུ་བྱང་ར་སྒྲེང་རྒྱལ་བའི་དབེན་གནས་སུ་སྦྱར་བའོ།། །།སྭ་སྟི། རྒྱན་བསྟན་པད་ཚལ་སོགས།


previousབྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ། next