Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
དགེ་ཚུལ་གྱི་བསླབ་བྱ་གནམ་རྩེད་ལྡེང་མ།
   


 
previousདགེ་ཚུལ་གྱི་བསླབ་བྱ་གནམ་རྩེད་ལྡེང་མ། next

དགེ་ཚུལ་གྱི་བསླབ་བྱ་གནམ་རྩེད་ལྡེང་མ།


JLD001_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་ཚུལ་གྱི་བསླབ་བྱ་གནམ་རྩེད་ལྡེང་མ་བཞུགས།


JLD001_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་སློང་གི་ལྟུང་བ་སྡེ་ལྔ་པོ་ཐམས་ཅད། དགེ་ཚུལ་ལ་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ཡང་འགའ་ཞིག་བླངས་པ་ལས་འདས་པའི་ཉེས་པ། འགའ་ཞིག་ཕྱོགས་མཐུན་གྱི་ཉེས་པ། འགའ་ཞིག་ལྟུང་མེད་དུ་འགྱུར་རོ། །བླངས་པ་ལས་འདས་པའི་ཉེས་པ་ལ་གྲངས་སུམ་ཅུ་རྩ་དྲུག་ཏུ་བྱས་པའི། དང་པོ་སྲོག་གཅོད་བཞི་དང་ཞེས་པའི། མི་གསོད་པ་ཕམ་པ་དང་འདྲ་བའི་ཉེས་བྱས་ལ། གཞི། བསམ་པ། སྦྱོར་བ་མཐར་ཐུག་གི་ཡན་ལག་གོ །དང་པོ་ལ་རྟེན་དང་ཡུལ་གཉིས། རྟེན་དགེ་ཚུལ་གྱི་བསླབ་པ་རྣམ་དག་དང་ལྡན་པའམ། གསོར་རུང་ཡན་ཆད། ཤེས་པ་རང་བཞིན་དུ་གནས་པ། བསླབ་པ་མ་བཅས་པའི་གོང་གི་དགེ་ཚུལ་མ་ཡིན་པའོ། །ཡུལ་མིའམ་མིར་ཆགས་པའོ། །བསམ་


JLD001_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འདུ་ཤེས་དང༌། ཀུན་སློང་གཉིས། འདུ་ཤེས་ནི། མིའམ་མིར་ཆགས་པ་ཡིན་པ་ལ། ཡིན་པར་འདུ་ཤེས་པའམ། ཐེ་ཚོམ་ཟ་བའོ། །ཀུན་སློང་དེ་གསོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་དུག་དང་མཚོན་ལ་སོགས་པ་གང་ཡང་རུང་བས་གསོད་པར་རྩོམ་པའོ། །མཐར་ཐུག་སྲོག་གི་དབང་པོ་འགགས་པའི་ཚེ་ན། མི་གསོད་པ་ཕམ་པ་དང་འདྲ་བའི་ཉེས་བྱས་སོ། །མདོར་ན་སྲོག་གཅོད་ཀྱི་ཕམ་འདྲའི་ཉེས་བྱས་མ་གཏོགས་པ་མི་གསོད་འདོད་དང༌། དུད་འགྲོ་ལས་གཞན་པའི་མི་མ་ཡིན་གསོད་འདོད་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ཉེས་པ་ཐམས་ཅད་དེར་གཏོགས་ཀྱི་བཤགས་བྱའི་ཉེས་བྱས་སོ། །གཉིས་པ་དུད་འགྲོ་དང་བཅས་པ་བརྡེག་པ་བཤགས་པར་བྱ་བའི་ཉེས་བྱས་ལ། གཞི་ཡན་ལག་གཉིས།


JLD001_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གོང་དང་འདྲ། ཡུལ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཡིན་པ་ཐ་མལ་པའི་མིག་ལ་སྣང་དུ་རུང་བ་གཞི་དང་བཅས་པའོ། །བསམ་པ་ལ་གཉིས།འདུཤེས་སྲོག་ཆགས་དང་བཅས་པ་ལ་བཅས་པར་འདུ་ཤེས་པའམ། ཐེ་ཚོམ་ཟ་བའོ། །ཀུན་སློང་སྲོག་ཆགས་དང་བཅས་པ་གཞན་དོན་དུ་འདུ་ཤེས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་སྲོག་ཆགས་དང་བཅས་པ་ལ་གཞན་དོན་དུ་འདེབས་པར་རྩོམ་པའོ། །མཐར་ཐུག་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱིས་བཤགས་པར་བྱ་བའི་ཉེས་བྱས་སོ། །གསུམ་པ་དུད་འགྲོ་དང་བཅས་པ་ལ་སྤྱོད་པ་བཤགས་པར་བྱ་བའི་ཉེས་བྱས་ལ་གཞི་ཡན་ལག་སོགས་གོང་དང་འདྲ། ཀུན་སློང་རང་འབའ་ཞིག་གི་དོན་དུ་སྤྱོད་འདོད་དང༌། སྦྱོར་བ་རང་ངམ་བསྐོས་པས་རང་འབའ་ཞིག་གི་དོན་དུ་སྤྱོད་པར་རྩོམ་པའོ། །བཞི་པ་དུད་འགྲོ་གསོད་པ་བཤགས་བྱའི་ཉེས་བྱས་ལ་བཞི་ལས། རྟེན་སྔར་བཞིན། ཡུལ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཡིན་པ་གཞི་མེད་པའོ། །བསམ་པ་ལ་འདུ་ཤེས་ནི། དུད་འགྲོ་ཡིན་པ་ལ་ཡིན་པར་འདུ་ཤེས་པའམ་ཐེ་ཚོམ་ཟ་བའོ། །ཀུན་སློང་དེ་གསོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་མཚོན་ལ་སོགས་པ་གང་ཡང་རུང་བས་གསོད་པར་རྩོམ་པའོ། །མཐར་ཐུག་སྲོག་གི་དབང་པོ་འགགས་པའི་ཚེ་ནའོ། ། ༈ མ་བྱིན་ལེན་ཞེས་པ་ལ་བཞི། གཞི་ཡན་ལག་གི་རྟེན་སྔར་བཞིན། ཡུལ་གང་ལ་བརྐུ་བའི་ཡུལ་ནི། མི་ཡིན་པ་རང་ལས་ནོར་ཐ་དད་པའོ། །གང་བརྐུ་བའི་དངོས་པོ་ནི། ཡུལ་དུས་དེར་སྦྱོར་བ་


JLD001_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས། བརྐུ་བྱ་རྐུ་བྱེད་གཉིས་ཀ་ལ་བལྟོས་པའི་རིན་ཐང་ཚང་བ། མི་ཡིས་བདག་གིར་བྱས་ཤིང་དབང་བ་གཡོས་སུ་བྱས་པའི་ཁ་ཟས་དང༌། གཤེད་མ་སོགས་པས་གློ་བུར་དུ་བདག་གིར་བྱས་པའི་དུར་ཁྲོད་པའི་རྫས་མ་ཡིན་པས་མི་དམན་པའོ། །བསམ་པ་ལ་འདུ་ཤེས་སྤྱི་དང་བྱེ་བྲག་མ་འཁྲུལ་བའོ། །ཀུན་སློང་གཞན་གྱི་ཡིན་ཏེ་མ་གནང་ཡང་རང་འཚོ་བའི་ཆེད་དུ་གཏན་དུ་འབྲལ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་རྐུ་བར་རྩོམ་པའོ། །མཐར་ཐུག་ཐོབ་བློ་སྐྱེས་པའི་ཚེ་ནའོ། །མ་བྱིན་པར་ལེན་པའི་ཕམ་འདྲའི་ཉེས་བྱས་མ་གཏོགས་པ་རྐུ་སེམས་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ཉེས་པ་ཐམས་ཅད་དེར་གཏོགས་ཀྱི་བཤགས་བྱའོ། ། ༈ མི་ཚངས་སྤྱོད་དང་ཞེས་པ་ལ། གཞི་ཡན་ལག་གཉིས། གང་གིས་རྩོལ་བའི་རྟེན་ནི། ནོར་བུ་ཡིན་པ། རང་གི་རྒྱུད་དང་འབྲེལ་བ། ལས་སུ་རུང་བ། ནད་དང་བྲལ་བའོ། །གང་ལ་བརྩལ་བའི་ཡུལ་ནི། ལམ་གསུམ་དང༌། དེ་གང་ལ་གནས་པའི་ལུས་གཉིས། ལམ་གསུམ་ནི། ཁ་དང༌། བཤང་ལམ་དང༌། མོའི་ཟག་བྱེད་གསུམ་གྱི་ཕྱོགས་ཀྱི་དང་པོའི་མཚམས་ཡན་ཆད། ནད་ལ་སོགས་པས་མ་ཉམས་པའོ། །དེ་གང་ལ་གནས་པའི་ལུས་ནི་ལུས་ཚང་བའམ་ལུས་ཀྱི་སྟོད་སྨད་གང་རུང་ཚང་བ། རྟེན་དུ་རུང་བ་སྟེ། དེ་ཡང་ཤི་བ་དང་གསོན་པོའི་ལུས་མི་དང་མི་མ་ཡིན་པ་དང༌། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་དང་རང་དང་གཞན་གྱི་ལུས་ཀྱི་རྨའི་སྒོ་གང་ཡིན་པ་ཡིན་ཡང་ཕམ་འདྲར་འགྱུར་བ་ལ་འདྲའོ། །བསམ་པ་ལ་


JLD001_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། འདུ་ཤེས་འཁྲུལ་མ་འཁྲུལ་འདྲ་ཞིང༌། ཀུན་སློང་ལམ་དང༌། ཡན་ལག་གི་རྣམ་པ་འཕྲད་པའི་རེག་པ་བདག་གིར་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་བསམ་པའི་དོན་ལ་དེ་ལྟར་རྩོམ་པའོ། །མཐར་ཐུག་བཅུག་པའི་རེག་པ་ལུས་ཤེས་ཀྱིས་མྱོང་ཞིང་ཡིད་ཀྱིས་བདག་གིར་བྱས་པ་ན་མི་ཚངས་པར་སྤྱོད་པ་ཕམ་པ་དང་འདྲ་བའི་ཉེས་བྱས་སོ། །མི་ཚངས་སྤྱོད་ཀྱི་ཕམ་འདྲའི་ཉེས་བྱས་མ་གཏོགས་པ་མི་ཚངས་པར་སྤྱོད་པ་སྨྲ་འདོད་དང༌། གཞན་གྱིས་སྨྲས་པ་དང་དུ་ལེན་འདོད་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ཉེས་པ་ཐམས་ཅད་དེར་གཏོགས་ཀྱི་བཤགས་བྱའོ། ། ༈ རྫུན་དུ་སྨྲ་ཞེས་པ་ལ་བཞི། གཞི་ཡན་ལག་ལ་གསུམ། གང་གིས་སྨྲ་བའི་རྟེན་སྔར་བཞིན། གང་ལ་སྨྲ་བའི་ཡུལ་མི་ཡིན་པ་སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པ། ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རང་ལས་རྒྱུད་ཐ་དད་པ་སྟེ། ཆོས་བདུན་ལྡན་ནོ། །དངོས་པོ་གང་སྨྲ་བའི་མི་ཆོས་བླ་མ་ཡིན་ཏེ། འདོད་ཁམས་ལས་འདས་པ་བསམ་གཏན་དང་པོ་ཡན་ཆད་ནས་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གང་ཡང་རུང་བའོ། །བསམ་པ་ལ་གཉིས། འདུ་ཤེས་སྤྱི་དང་བྱེ་བྲག་མ་འཁྲུལ་བའོ། །ཀུན་སློང་ནི་འདུ་ཤེས་བསྒྱུར་ཏེ་མི་ཆོས་བླ་མ་སྨྲ་འདོད་དང་གཞན་གྱིས་སྨྲས་པའི་ཚིག་དང་དུ་ལེན་པར་འདོད་པ་རྒྱུན་མ་ཆད་པའི། །སྦྱོར་བ་ངག་ཡན་ལག་ལྔ་ལྡན་ཏེ། ངག་ཡིན་པ། རང་གི་ཡིན་པ། བདག་ཉིད་དང་འབྲེལ་བ། མ་ནོར་


JLD001_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྨྲས་པ། གསལ་པོར་སྨྲས་པའོ། །དེས་མི་ཡི་ཆོས་བླ་མ་ཐོབ་པ་སྨྲ་བར་རྩོམ་པའོ། །གཞན་གྱིས་སྨྲས་པའི་ཚིག་དང་དུ་ལེན་པར་རྩོམ་པའོ། མཐར་ཐུག་དོན་གོ་བའི་ཚེ་ན་རྫུན་དུ་སྨྲས་པ་ཕམ་པ་དང་འདྲ་བའི་ཉེས་བྱས་སོ། །རྫུན་དུ་སྨྲ་བའི་ཕམ་འདྲའི་ཉེས་བྱས་མ་གཏོགས་པ་འདུ་ཤེས་བསྒྱུར་ནས་མི་ཆོས་བླ་མ་སྨྲ་འདོད་དང༌། གཞན་གྱིས་སྨྲས་པ་དང་དུ་ལེན་འདོད་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ཉེས་པ་ཐམས་ཅད་དེར་གཏོགས་ཀྱི་བཤགས་བྱའོ། །ཕམ་འདྲའི་ཉེས་བྱས་ཞེས་པའི་དོན་ཉེས་བྱས་ཡིན་ཡང༌། དགེ་སློང་གི་ཕམ་པ་བཞི་དང་བྱེད་ལས་འདྲ་བས་བཞི་པོ་ལ་ཕམ་འདྲ་ཞེས་བཏགས་པ་ཡིན་ནོ། །བྱེད་ལས་འདྲ་ཚུལ་ནི། དགེ་སློང་ལ་ཕམ་པ་བཞི་གང་ཡང་རུང་བ་འཆབ་བཅས་བྱུང་ན་སླར་གསོར་མི་རུང་དུ་བྱས་པས། ཚེ་དེ་ལ་སོ་ཐར་གྱི་སྡོམ་པ་གང་ཡང་རྒྱུད་ལ་མི་སྐྱེ་ལ། འཆབ་མེད་བྱུང་ན། དགེ་འདུན་ལ་ཕམ་པའི་དག་བྱེད་དུ་ཆད་ལས་ཀྱི་བསླབ་པ་བླངས་ནས་དགྲ་བཅོམ་མ་ཐོབ་ན། ཚེ་ཇི་སྲིད་འཚོའི་བར་དུ་ཆད་ལས་ཀྱི་བསླབ་པ་ཚུལ་བཞིན་སྤྱད་པས། དག་པར་གསུངས་པ་བཞིན་དུ་དགེ་ཚུལ་ལ་ཡང༌། ཕམ་འདྲ་བཞི་པོ་འཆབ་བཅས་བྱུང་ན་སླར་གསོར་མི་རུང་དུ་བྱེད་ལ། འཆབ་མེད་བྱུང་ན་ཆད་ལས་ཀྱི་བསླབ་པ་བླངས་ནས་ཚུལ་བཞིན་དུ་ཆད་ལས་ཉམས་སུ་ལེན་དགོས་པའི་བསླབ་སྦྱིན་དགེ་ཚུལ་ཙམ་དུ་རུང་བ་ཡིན་པས། དེ་ལྟར་ཡང་སུམ་བརྒྱ་བ་ལས། དགེ་སློང་བཞིན་དུ་དགེ་ཚུལ་ཡང༌། ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད་ཅེས་སོ། ། ༈


JLD001_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མེད་ཅེས་པ་ནི། ཉམས་པར་འདུན་པས་མཐོང་ཐོས་དོགས་གསུམ་གྱི་གཞི་མེད་པར་ཤེས་པའམ། ཐེ་ཚོམ་ཟ་བཞིན་དུ་འདུ་ཤེས་བསྒྱུར་ནས། དགེ་སློང་འདིས་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱས་སོ། ཞེས་བྱེད་པ་པོ་དང་བྱ་བ་སྦྱར་ནས་སྐུར་པ་འདེབས་པའི་ཚིག་གསལ་པོར་སྨྲ་འདོད་སྨྲས་པ་ན་བཤགས་པར་བྱ་བའི་ཉེས་བྱས་སོ། །༈ བག་ཙམ་ཞེས་པ་ནི། ཉམས་པར་འདུན་པས་མཐོང་ཐོས་དོགས་གསུམ་གྱི་གཞི་མེད་པར་ཤེས་པའམ་ཐེ་ཚོམ་ཟ་བཞིན་དུ་འདུ་ཤེས་བསྒྱུར་ནས། དགེ་སློང་ལ་སོགས་པ་ཆེ་གེ་མོ་མཐོང་ངོ༌། །མི་ཚངས་པར་སྤྱོད་པ་ལ་སོགས་པ་མཐོང་ངོ༌། ཞེས་བྱེད་པ་པོ་དང་བྱ་བ་མ་སྦྱར་བར་སྐུར་པ་འདེབས་པའི་ཚིག་མི་གསལ་བར་སྨྲ་བར་འདོད་པའམ། དེས་ཀུན་ནས་བསླངས་ནས་སྨྲས་པ་ནའོ། ། ༈ དགེ་འདུན་དབྱེན་ཞེས་པ་ནི། དགེ་འདུན་ནམ་གང་ཟག །སྟོན་པ་གཞན་དང༌། ལམ་བསླབ་པ་གསུམ་འཁོར་བཅས་ལས་གཞན་དུ། དེར་ཤེས་བཞིན་དུ་འདུ་ཤེས་བསྒྱུར་ནས་དབྱེ་བར་འདོད་པའམ་དབྱེ་ནའོ། ། ༈ དེར་རྗེས་ཕྱོགས་དང་ཞེས་པ་ནི། འདུ་ཤེས་བསྒྱུར་ནས། དབྱེན་དེའི་གྲོགས་བྱེད་པར་འདོད་པ་དང༌། གྲོགས་བྱེད་པ་ནའོ། ། ༈ ཁྱིམ་སུན་འབྱིན་ཞེས་པ་ནི། ཁྱིམ་པ་གནས་པའི་གྲོང་དུ་མྱོས་འགྱུར་འཐུང་བ་ལ་སོགས་པའི་ཉེས་པ་བྱས་པའམ། དེའི་མདུན་དུ་གྲོགས་ཀྱི་ཉེས་པ་གླེང་པའི་སྒོ་ནས་ཁྱིམ་པ་ཡིད་སུན་བར་འགྱུར་བའི་བྱ་བ་བྱས་པ་ལ། དགེ་འདུན་གྱིས་སྐྲད་པ་ནན་ཏུར་ཆོས་ལྡན་དུ་བྱས་པའི་ཚེ། དེར་ཤེས་བཞིན་དུ་འདུ་ཤེས་བསྒྱུར་ནས། བདག་ལ་བསྐྲད་པ་ནན་ཏུར་མི་རིགས་པར་བྱས་པའི་


JLD001_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་འདི་རྣམས་འདུན་པ་ལ་སོགས་པས་འགྲོའོ། ཞེས་སྨྲ་བར་འདོད་པ་དང༌། སྨྲས་པ་ནའོ། ། ༈ ཤེས་བཞིན་ཞེས་པ་ནི། མིའི་ཆོས་བླ་མས་སྨྲ་འདོད་དང༌། སྐུར་པ་འདེབས་འདོད་དང༌། དབྱེན་དུ་གཏོགས་པ་བྱེད་འདོད་དང༌། ཞལ་ཏ་པ་སོགས་ལ་འཕྱ་འདོད་དང༌། རང་གི་བསླབ་པ་ལ་ཚུལ་བཞིན་འཇོག་པ་སྤོང་འདོད་དང༌། བཟའ་བཏུང་སྔར་ཐོབ་ཀྱང་དེ་ཉིད་ལྷག་པོ་ལེན་པའི་ཕྱིར་དེ་འགེབས་འདོད་རྣམས་ལས་གཞན་པའི་འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པའམ་སྨྲས་པ་ནའོ། ། ༈ ཤེས་ངོར་ཞེས་པ་ནི། གོས་ལ་སོགས་པའི་རྙེད་པ་དགེ་འདུན་ལ་སོགས་པ་གང་ཟག་ལ་རིགས་པར་བསྔོས་པ་ལ། དེར་ཤེས་བཞིན་དུ་འདུ་ཤེས་བསྒྱུར་ནས་མི་རིགས་པར་བསྔོས་སོ་ཞེས་སྨྲ་བར་འདོད་པ་དང༌། སྨྲས་པ་ནའོ། ། ༈ འཕྱ་བ་དང་ཞེས་པ་ནི། ཞལ་ཏ་པ་ལ་སོགས་པས་བཟའ་བཏུང་མལ་སྟན་གནས་ཁང་ལ་སོགས་པ་རང་ལ་འོས་ཞིང་འཚམ་པ་རིགས་པར་བསྟབས་པ་ལ། དེར་ཤེས་བཞིན་དུ་འདུ་ཤེས་བསྒྱུར་ནས། འདིས་བདག་ལ་གནས་ཁང་ལ་སོགས་པ་མི་རིགས་པ་ངན་པ་བསྟབས་སོ། ཞེས་ཞལ་ཏ་པ་སོགས་ལ་འཕྱ་བའི་ངག་སྨྲ་བར་འདོད་པ་དང༌། སྨྲས་པ་ནའོ། ། ༈ ཟས་ཅུང་ཞེས་པ་ནི། ཕ་རོལ་ཆོས་སྟོན་པ་པོ་བཟའ་བཏུང་སོགས་ཟང་ཟིང་ཅུང་ཟང་ཙམ་གྱི་ཕྱིར་ཆོས་མི་སྟོན་པར་ཤེས་པའམ། ཐེ་ཚོམ་ཟ་བཞིན་དུ་འདུ་ཤེས་བསྒྱུར་ནས། འདི་བཟའ་བཏུང་སོགས་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས། སྐུར་པ་འདེབས་པའི་ངག་སྨྲ་བར་འདོད་པ་དང༌། སྨྲས་པ་


JLD001_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

ནའོ། ། ༈ ལྷག་མའི་སྐུར་འདེབས་དང་ཞེས་པ་ནི། ཉམས་པར་འདུན་པས་མཐོང་ཐོས་དོགས་གསུམ་གྱི་གཞི་མེད་པར་ཤེས་པའམ། ཐེ་ཚོམ་ཟ་བ་ལ་འདུ་ཤེས་བསྒྱུར་ནས། དགེ་སློང་ལ་སོགས་པ་འདི། དགེ་འདུན་ལྷག་མའི་སྡེ་ཚན་མན་ཆད་དུ་གཏོགས་པའི་ལྟུང་བ་གང་ཡང་རུང་བ་ལ། བྱེད་པ་པོ་དང་བྱ་བ་སྦྱར་བའམ། མ་སྦྱར་བའི་སྒོ་ནས་སྐུར་པ་འདེབས་པའི་ཚིག་གསལ་བ་དང༌། མི་གསལ་བ་གང་ཡང་རུང་བ་སྨྲ་བར་འདོད་པའམ། སྨྲས་པ་ནའོ། ། ༈ བསླབ་པ་སྤོང་དང་ཞེས་པ་ནི། དགེ་སློང་ལ་སོགས་པས། དུས་མ་ཡིན་པའི་ཁ་ཟས་སྤོང་བ་ལ་སོགས་པའི་བསླབ་པ་ལ་སློབས་ཤིག་ཅེས་བསྒོ་བ་ན། དེའི་ཚིག་ལ་ཡིད་ཆེས་བཞིན་དུ་འདུ་ཤེས་བསྒྱུར་ནས་ཁྱོད་མི་མཁས་པ་སོགས་ཡིན་པའི་ཕྱིར་ཁྱོད་ཀྱི་ཚིག་ལ་ཡིད་མི་ཆེས་པས་རེ་ཤིག་མཁས་པ་ལ་འདྲིའི་བར་དུ་མི་སློབ་བོ། ཞེས་རང་གི་བསླབ་པ་ལ་ཚུལ་བཞིན་དུ་འཇོག་པའི་གང་ཟག་སྤོང་བར་འདོད་པ་དང༌། དེས་ཀུན་ནས་བསླངས་པའི་ངག་སྨྲས་པ་ནའོ། ། ༈ འབྲས་ཆན་འགེབས་ཞེས་པ་ནི། བཟའ་བཏུང་སྔར་ཐོབ་ཀྱང་དེ་ཉིད་ལྷག་པོ་ལེན་པའི་ཕྱིར། ཕ་རོལ་པོས་མ་ཐོབ་པར་གོ་བའི་ཕྱིར་དུ། སྔར་ཐོབ་པ་དེ། ཟས་ལ་སོགས་པ་གཞན་གྱིས་འགེགས་པར་འདོད་པ་དང༌། འགེབས་པ་ནའོ། ། ༈ ཆང་དང་ཞེས་པ་ནི། ཕབས་བཏབ་པ་འབྲུའི་ཆང་དང༌། མ་བཏབ་པ་རྒུན་ཆང་ལ་སོགས་པ་བཅས་པའི་ཆང་སྟེ། མྱོས་པར་འགྱུར་བ་འཐུང་འདོད་ཀྱིས་མྱོས་འགྱུར་ལོངས་སྤྱོད་མིད་ཐེབས་རེ་རེ་ལ་རེ་རེའོ། ། ༈ གླུ་ཞེས་པ་ནི། རྒོད་བག་དང༌། ཆགས་པ་ལ་སོགས་པའི་བསམ་པས་གླུ་དབྱངས་


JLD001_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་འདོད་ཀྱིས་མགྲིན་པ་བསྒྱུར་བ་ཙམ་བྱ་ནའོ། ། ༈ གར་ཞེས་པ་ནི། རྒོད་བག་དང་ཆགས་པ་ལ་སོགས་པའི་བསམ་པས་བྲོ་གར་བྱེད་འདོད་ཀྱིས་སྨྲིན་མ་སྐྱོད་པ་ཙམ་བྱེད་ནའོ། ། ༈ རོལ་མོ་བྱེད་ཅེས་པ་ནི། རྒོད་བག་དང་ཡོ་ལང་ལ་སོགས་པའི་བློས་དགོས་མེད་དུ་རྔ་ལ་སོགས་པའི་རོལ་མོའི་སྒྲ་འབྱིན་པར་བྱེད་ནའོ། །སངས་རྒྱས་ལ་མཆོད་པ་བྱ་བའི་ཕྱིར་ནི། ཀྱེ་མི་དག་སྟོན་པ་ལ་མཆོད་པ་བྱོས་ཤིག །ཅེས་བརྗོད་ན་ཉེས་མེད་མཆོད་པའི་ཕྱིར་ཡིན་ཡང༌། རོལ་མོ་དང་གླུ་དབྱངས་བྱོས་ཤིག་ཅེས་བརྗོད་ན་ཉེས་བྱས་སོ། ། ༈ རྒྱན་དང་ཞེས་པ་ནི། དགོས་མེད་དུ་རང་དགར་རྣ་རྒྱན་དང༌། སོར་གདུབ་ལ་སོགས་པའི་རྒྱན་འདོགས་པར་བྱེད་ནའོ། ། ༈ ཁ་དོག་ཅེས་པ་ནི། དགོས་མེད་རང་དགར་ལི་ཁྲི་ལ་སོགས་པའི་ཚོན་གྱི་ཁ་དོག་གིས་མཆུ་དང་བྱད་བཞིན་ལ་སྐུད་ཅིང་འཆང་བར་བྱེད་ནའོ། ། ༈ སྤོས་ཉུག་ཅེས་པ་ནི། དགོས་མེད་རང་དགར་ཙནྡན་ལ་སོགས་པའི་སྤོས་ལུས་ལ་བྱུག་ཅིང་རེག་བྱ་ཉུག་པར་བྱེད་ནའོ།། །། ༈ ཕྲེང་ཞེས་པ་ནི། དགོས་མེད་རང་དགར་མེ་ཏོག་ལ་སོགས་པའི་མཛེས་བྱེད་ཀྱི་ཕྲེང་བ་མགོ་ལ་སོགས་པ་ལ་འཆིང་བར་བྱེད་ནའོ། ། ༈ ཁྲི་དང་སྟན་ནི་ཆེ་མཐོ་དང༌། ཞེས་པའི་ཁྲི་སྟན་ཆེན་པོ་ལ་གཉིས། དགོས་མེད་རང་དགར་བ་སོ་དང་གསེར་དངུལ་ལ་སོགས་པའི་རིནཔོ་ཆེས་སྤྲས་པའི་ཁྲི་རིན་ཐང་ཆེན་པོ་མཐོ་དམན་གང་ཡང་རུང་བ་ཁྲུ་གང་ལས་ལྷག་པ་ལ་འདུག་གམ་ཉལ་ནའོ། །དེ་བཞིན་དུ་སྟན་དེ་ལྟ་བུ་ལ་འདུག་གམ་ཉལ་ནའོ། །ཁྲི་སྟན་མཐོན་པོ་ལ་གཉིས། དགོས་མེད་


JLD001_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རང་དགར་ཤིང་ལ་སོགས་པའི་ཁྲི་ཁྲུ་གང་ལས་ལྷག་པ་ལ་འདུག་གམ་ཉལ་ནའོ། །དགོས་མེད་དུ་རང་དགར་སྟན་གང་ཡང་རུང་བ་ཁྲུ་གང་ལས་ལྷག་པ་ལ་འདུག་གམ་ཉལ་ནའོ། ། ༈ ཕྱི་དྲོའི་ཁ་ཟས་ཞེས་པ་ནི། རང་གནས་པའི་གླིང་གི་ཉེ་མ་ཕྱེད་ཡོལ་ནས་སང་ནང་པར་སྐྱ་རེངས་དང་པོའི་སྐད་ཅིག་དང་པོ་མ་ཤར་གྱི་བར་དུས་མ་ཡིན་པ་ལ་མ་ཡིན་པར་འདུ་ཤེས་པའམ། ཐེ་ཚོམ་ཟ་བཞིན་དུ་ཁམ་བུ་སྟར་ཀ་ལ་སོགས་པའི་དུས་རུང་གི་བཟའ་བཏུང་ལོངས་སྤྱོད་འདོད་ཀྱིས་ནད་ལ་སོགས་པ་གནང་བའི་རྐྱེན་དང་མི་ལྡན་པར་སྤྱོད་ན། ཁམ་རེ་རེ་ལ་རེ་རེའོ། །དུས་ཡིན་པ་ལ་མ་ཡིན་པར་འདུ་ཤེས་པའམ་ཐེ་ཚོམ་ཟ་བཞིན་དུ་ལོངས་སྤྱོད་ན་ཡང་དེ་ལྟར་འགྱུར་རོ། །དུས་ལ་དུས་སུ་འདུ་ཤེས་པ་དང༌། དུས་མ་ཡིན་པ་ལ་དུས་སུ་འདུ་ཤེས་ནས་ལོངས་སྤྱོད་ཀྱང་ཉེས་པ་མེད། དེ་ལྟར་ཉེས་པར་འགྱུར་བའི་མུ་བཞི། ཉེས་མེད་ཀྱི་མུ་གཉིས་ཏེ། འདུ་ཤེས་མུ་དྲུག་པོ་འདི་མི་ཚངས་སྤྱོད་མ་གཏོགས་པ་འདུ་ཤེས་གཙོ་བོས་སྐྱེད་པའི་ལྟུང་བ་རྣམས་ལ་ཡང་ཅི་ལྟ་རིགས་པར་སྦྱར་བར་བྱའོ། ། ༈ གསེར་དངུལ་ལེན་ཞེས་པ་ནི། རང་དབང་བའི་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་ལ་རང་གི་ངོ་བོའི་ཆ་ནས་མི་རུང་བའི་བློ་མ་བཞག་པར་རང་གི་ངོ་བོ་ལ་ནོར་གྱི་བློས་བདག་གིར་བྱེད་ནའོ། ། ༈ ཉམས་པ་རྣམ་པ་གསུམ་དག་དང༌། ཞེས་པའི་དང་པོ། ཁ་ཚར་དག་ཕུན་ཚར་མ་བཅད་པ་དང༌། གོས་ཁ་དོག་དཀར་པོ་ལ་སོགས་པ་ཁྱིམ་པའི་རྟགས་མཚན་ཉིད་པ་དགོས་མེད་དུ་བགོ་ཞིང༌། འཆང་བ་ལ་སོགས་པ་བྱེད་ན་ཁྱིམ་པའི་རྟགས་སྤོང་བ་ཉམས་པའོ། །རང་དགོན་པ་པར་


JLD001_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཚེ་སྐྲ་དང་ཁ་སྤུ་སོར་གཉིས་ཙམ་དང༌། གྲོང་འདབ་པར་གྱུར་པའི་ཚེ་སོར་ཕྱེད་གཉིས་ཀྱི་ཚད་ཙམ་འཇོག་པ་གནང་བ་ལས། ཚད་དེ་གཉིས་ལས་སོར་ཕྱེད་ཡན་གྱིས་ལྷག་པར་འཇོག་ན་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བཤགས་བྱར་འགྱུར་རོ། །གཉིས་པ་བླ་གོས་དང༌། མཐང་གོས་ལ་སོགས་པ་རབ་ཏུ་བྱུང་བའི་རྟགས་མེད་པ་ན་སྒྲུབ་དགོས་ཤིང༌། སྒྲུབ་ནུས་བཞིན་དུ་མི་སྒྲུབ་ཅིང་མི་བགོ་བ་ལ་སོགས་པ་དང༌། གཅེར་བུའི་ཡི་དམ་ལེན་པ་དང༌། སྐྲ་ལས་བྱས་པའི་གོས་དང༌། བྱ་འུག་པའི་སྒྲོ་ལ་སོགས་པ་ལས་བྱས་པའི་གོས་ལ་སོགས་པ་ཐུན་མོང་མ་ཡིན་པའི་མུ་སྟེགས་ཅན་གྱི་རྟགས་མཚན་ཉིད་པ་དགོས་མེད་དུ་འཆང་ཞིང༌། བགོ་བ་ལ་སོགས་པ་བྱེད་ན་རབ་ཏུ་བྱུང་བའི་རྟགས་བླངས་པ་ཉམས་པའོ། །གསུམ་པ་མཁན་པོ་ལ་མ་གུས་པ་དང༌། ཁྱད་གསོད་ལ་སོགས་པའི་བློས་མཁན་པོར་མི་འཛིན་ཞིང༌། ཆོས་ལྡན་གྱི་བཀའ་བསྒོ་བ་སྒྲུབ་ནུས་བཞིན་དུ་མི་སྒྲུབ་པ་ལ་སོགས་པ་བྱེད་ན་མཁན་པོར་གསོལ་བ་གདབ་པ་ཉམས་པ་བཤགས་པར་བྱ་བའི་ཉེས་བྱས་སོ། ། ༈ སྐྱབས་འགྲོ་སྤྱིའི་བསླབ་བྱ་དཀོན་མཆོག་མཆོད་པ་སོགས་དང༌། སོ་སོའི་བསླབ་བྱ་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་གཞན་དབང་ཕྱུག་སོགས་ལ་སྐྱབས་སུ་མི་འཛིན་པ་ལ་སོགས་པ་དང་འགལ་བར་བྱས་ན་ཡང་བཤགས་པར་བྱ་བའི་ཉེས་བྱས་སོ། །སྔར་ཕལ་ཆེ་བ་ལ་སྦྱར་བ་ལྟར་ཁ་ཅིག་ལུས་ངག་ཏུ་མ་ཐོན་ཡང་བླངས་འདས་རྣམས་ཀྱི་ཀུན་སློང་བྱུང་བ་དང་དུ་བླངས་པ་


JLD001_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་བཤགས་བྱར་བཞེད་དེ། མདོ་རྩ་བར་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཡང་ངོ༌། ཞེས་དང༌། རྒྱ་ཆེར་འགྲེལ་དུ། ཕམ་འདྲ་མ་གཏོགས་པ་དགེ་ཚུལ་ལ་བླངས་པ་ལས་འདས་པའི་ཉེས་པ་ཐམས་ཅད་བཤགས་བྱར་གསུངས་པའི་དགོངས་པར་བྱེད་པར་མངོན་ནོ། །གསུམ་བརྒྱ་པ་རྩ་འགྲེལ་དུ་ཀུན་སློང་བྱུང་བ་ནས་ལུས་ངག་ཏུ་མ་ཐོན་པ་ལ། བསྡམ་བྱར་བཞེད་པ་འདྲ་བ་ཅིག་ཀྱང་སྣང་ངོ༌། ། ༈ ལྟུང་མེད་ནི། འཆང་བ་དང་ནི་འབྲལ་བ་དང༌། །དེ་བཞིན་ས་ནི་བརྐོ་བ་དང༌། །རིན་ཆེན་རེག་དང་མེ་ལ་རེག །སྤངས་ནས་ཟ་བ་བྱེད་པ་དང༌། །བྱིན་ལེན་མ་བྱས་ཟ་བ་དང༌། །དེ་བཞིན་གསོག་འཇོག་ཟ་བ་དང༌། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང༌། །རྩྭ་སྔོན་མི་གཙང་འདོར་བ་དང༌། །ས་བོན་འཇོམས་དང་བསླབ་པའི་གཞི། ཟླ་འཇོག་དགོན་པའི་འབྲལ་བ་དང༌། །གསོག་འཇོག་བྱེད་དང་དགེ་ཚུལ་ཉལ། །མི་སྨྲ་འགྲོ་དང་བཅོ་བརྒྱད་དོ། ཞེས་གོས་ཞག་བཅུའི་འཆང་སྤང་ནས། ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བའི་བར་ཕྱེད་དང་བཅོ་བརྒྱད་ལྟུང་མེད་དུ་བསྟན་ཏོ། །ཕྱེད་ནི་ཁྱིམ་པ་དང༌། ནུབ་ལྷག་གི་ཉེས་པ་བསྲུང་དགོས་ཤིང༌། དགེ་ཚུལ་ནང་ཕན་ཚུན་བསྲུང་མི་དགོས་པས་དེ་ཕྱེད་དུ་བགྲང་ངོ༌། །འཆང་པ་དང་ནི་ཞེས་པས་གོས་དང་ལྷུང་བཟེད་ཞག་བཅུའི་འཆང་སྤང་གཉིས་ཀ་མེད་པར་སྟོན་ཏོ། །བསླབ་པའི་གཞི་ཞེས་པ་ནི། འཆང་བའི་བསླབ་པའི་གཞི། འབྲལ་བའི་བསླབ་པའི་གཞི་ཞེས། གཞན་རྣམས་ཀྱི་མཐའི་གསལ་བྱེད་ཡིན་གྱིས། དེ་རང་གིས་ལྟུང་མེད་གཅིག་སྟོན་པ་མིན་ནོ། །དེ་བཞིན་ས་ནི་


JLD001_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

བརྐོ་བ་དང༌། ཞེས་སོགས་རྣམས་རེ་རེས་ལྟུང་མེད་རེ་རེ་སྟོན་ཏོ། །བསླབ་པའི་གཞི་ཞེས་པ་ཡན་གྱི་ལྟུང་མེད་ཀྱི་སྡོམས་ནི། བྱེ་བྲག་ཏུ་བཤད་པ་ལས་གསུངས་པ་འོད་ལྡན་དུ་དྲངས་སོ། ། ལྷག་མ་གཉིས་བརྒྱ་བཅུ་གཉིས་ནི། བསྡམ་པར་བྱ་བའི་ཉེས་བྱས་སོ། ཞེས་པ་ནི། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་སྡོམས་ཀྱིས་དངོས་སུ་བསྡུས་པའི་ལྟུང་བ། དགེ་ཚུལ་ལ་བླངས་འདས་དང་ལྟུང་མེད་དུ་སོང་བ་རྣམས་ཀྱི་ལྷག་མ་འབྱིན་པ་ནས་ཆུའི་ནང་དུ་མཆིལ་མ་སོགས་མི་འདོར་བའི་བར་ཉིས་བརྒྱ་བཅུ་གཉིས་པོ་ཐམས་ཅད། སྣམ་སྦྱར་མེད་དང་མུ་སྟེགས་ཅན་དངོས་སུ་འཁོད་པའི་འདུག་གནས་སུ་ཕྱིན་པའི་ཉེས་པ་ལ་སོགས་པ་འགའ་ཞིག་མ་གཏོགས་པ་གཞི་བཅུ་བདུན་གྱིས་བསྡུས་པའི་དགེ་སློང་ལ་འབྱུང་བའི་ཉེས་པ་ཐམས་ཅད་དགེ་ཚུལ་ལ་བསྡམ་བྱའོ། །གླུ་གར་ནས་ཕྲེང་བའི་བར་བདུན་དུ་ལོངས་པ་གཞི་གཏོགས་ཀྱི་ལྟུང་བྱེད་དུ་གཏོགས་པའི་བསླབ་བྱའི་ཉེས་བྱས་ཡིན་ལ། ཁྲི་སྟན་ཆེ་མཐོ་ལ་འདུག་པ་སོགས་ཀྱི་ཉེས་པ་བཞི་ནི། ཁྲི་རྐང་འཆོས་པའི་ལྟུང་བྱེད་དུ་གཏོགས་ཤིང༌། གོས་དཀར་གྱོན་པའི་ཉེས་པའི་ལྷག་མ་ཁྱིམ་པའི་རྟགས་སྤངས་པ་ཉམས་པ་དང༌། ཉམས་པ་གཞན་གཉིས་ཀྱི་ཉེས་པ་རྣམས་གཞི་དུས་ཀྱི་ཉེས་པ་ཡིན་པས། འདི་རྣམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྡོམས་ཀྱིས་བསྡུས་པའི་ལྟུང་བ་གང་དུ་ཡང་མི་བགྲང་ངོ༌། །ལྟུང་མེད་ཀྱི་ཤིང་གཅོད་པ་དང༌། ས་བོན་འཇོམས་པ་གཉིས་དགེ་སློང་ལ་སྡོམས་ཀྱིས་དངོས་སུ་བསྡུས་པའི་ལྟུང་བ་གཅིག་ཏུ་བགྲང་ངོ༌། །དེ་ལྟར་བཀའ་སྩལ་ཡི་གེར་བཀོད་པའི་མཐུས། །འགྲོ་ཀུན་ལྷག་པའི་ཚུལ་ཁྲིམས་བསྲུང་བ་ལ། །བརྩོན་འགྲུས་ལྷོད་མེད་པའི་རྐང་པ་དེས། །ཐམས་ཅད་མཁྱེན་པའི་གནས་སུ་ཕྱིན་པར་ཤོག །ཅེས་པ་འདི་རྗེའི་བཀའ་བཞིན་ཟིན་བྲིས་སུ་བཀོད་པའོ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་སུ་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་བྲོས་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །བཀྲ་ཤིས།


previousདགེ་ཚུལ་གྱི་བསླབ་བྱ་གནམ་རྩེད་ལྡེང་མ། next