Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

4 occurrences of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
དགེ་སློང་གི་བསླབ་བྱ་གནམ་རྩེད་ལྡེང་མར་གྲགས་པ།
  
  


4 occurrences of གཡར་ཁང་
[Clear Hits]

 
previousདགེ་སློང་གི་བསླབ་བྱ་གནམ་རྩེད་ལྡེང་མར་གྲགས་པ།next

དགེ་སློང་གི་བསླབ་བྱ་གནམ་རྩེད་ལྡེང་མར་གྲགས་པ།


JLD001_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་གི་བསླབ་བྱ་གནམ་རྩེད་ལྡེང་མར་གྲགས་པ་བཞུགས་སོ། །


JLD001_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེངྒེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །སངས་རྒྱས་ལ་ནི་མགོས་གཏུགས་བཤད་པར་བྱ། །འདི་


JLD001_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱི་མའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པ་དང༌། རྒུད་པ་ཐམས་ཅད་སེལ་བའི་འབྱུང་གནས་ནི་བདེ་བར་གཤེགས་པའི་བསྟན་པ་ཁོ་ན་ཡིན་ལ། དེ་ལ་འཇུག་པའི་ཚུལ་ནི་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་ཐོས་བསམ་སྒོམ་གསུམ་གང་བྱེད་ཀྱང་ཐོག་མར་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་ནས་བྱ་བར་གསུངས་པས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་རྟེན་གྱིས་ནི་ཐོག་མར་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་དག་པ་ལ་འབད་པར་བྱའོ། །དེ་སྐད་དུ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། དང་པོར་བསླབ་ལ་རབ་གུས་བྱ། །སོ་སོར་ཐར་པ་འདུལ་བཅས་པ། །མང་ཐོས་དོན་གཏན་


JLD001_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་ལ་བསྒྲིམ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསླབ་པར་བྱ་བའི་གནས་སྟོན་པའི་འདུལ་བ་ནི། ཆོས་ཀྱི་རྗེ་མྱ་ངན་ལས་འདས་ནས་སྟོན་པའི་དོད་དུ་བཟུང་སྟེ་གུས་པས་ཉན་པ་དང༌། ཐོས་ནས་ཀྱང་ཉེས་སྤྱོད་རགས་པ་ལྟ་ཅི་སྨོས། ཕྲ་བ་རྣམས་ལ་ཡང་འབད་པ་ཆེན་པོས་བསྲུང་དགོས་པ་ལ་སོགས་པ་ནི། རྒྱལ་བའི་ལུང་རྣམ་པར་འབྱེད་པ་ལས། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པས། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །འདུལ་འདི་སོ་སོ་ཐར་པ་དེའི། །རྣམ་འབྱེད་ཡིན་པར་དགོངས་པས་ན། །ཐར་འདོད་རྣམས་ཀྱིས་གུས་བྱས་ཏེ། །འདི་ནི་ནན་ཏན་མཉན་པར་བྱ། ཞེས་དང༌། ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་པར་བྱ། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱབ་པ་ཡི། །སྲབ་ནི་འདུལ་བ་འདི་ཡིན་ནོ། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང༌། །ནམ་དུའང་འདོད་པར་མི་འགྱུར་པ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། ཞེས་གང་གསུངས་པ་བཞིན་ནོ། །དེའི་ཕྱིར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པས་བསླབ་པ་བསྲུང་


JLD001_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ་ལ། མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བསྲུང་བ་དང༌། ཉམས་ན་ཕྱིར་བཅོས་པའི་བཅས་པ་ལས་མི་འགལ་བར་བྱ་བ་གསུམ། དང་པོ་ལ་སྡོམ་ལྡན་གྱི་རྟེན་སྒྲུབ་པ་དང༌། གྲུབ་ནས་ཇི་ལྟར་བསྲུང་བའི་ཚུལ་གཉིས། དང་པོ་ལ་གང་གིས་སྒྲུབ་པའི་རྟེན། གང་ལ་བསྒྲུབ་པའི་ཡུལ། ཇི་ལྟར་སྒྲུབ་པའི་ཆོ་ག་གསུམ། དང་པོ་ལ་དགེ་ཚུལ་དང་བསྙེན་རྫོགས་སུ་སྒྲུབ་པའི་རྟེན་གཉིས། དང་པོ་ལ། མཁན་པོ། སློབ་དཔོན། ཞུ་བའི་གང་ཟག །ཞུ་སའི་ཡུལ་དང་བཞི། དང་པོ་མཁན་པོ་ནི། བཙུན་པའི་ཡན་ལག་ཏུ་རྩ་བའི་ལྟུང་བས་མ་གོས་ཤིང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ། བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་བར་མ་ཆད་དུ་ལོ་བཅུ་ལོན་པ། མཁས་པའི་ཡན་ལག་ཏུ་འདུལ་བ་ཤེས་པ། ཕན་འདོགས་ཀྱི་ཡན་ལག་ལ་ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། སྙིང་རྗེ་དང་ལྡན་པ། བཟོད་པ་དང་ལྡན་པ། ནང་འཁོར་པ་དག་པ། ཆོས་དང་ཟང་ཟིང་གི་ཕནའདོགས་ལ་བརྩོན་པ། དུས་སུ་འདོམས་པ་སྟེ་ཆོས་བཅུའོ། །དུས་སུ་འདོམས་པ་དེ་ཡང་མཁན་པོ་བྱས་ནས་མཁན་བུ་ལ་བསླབ་བྱ་རྣམས་ཚུལ་བཞིན་དུ་སྟོན་པ་ལ་བྱ་སྟེ། དེ་ལྟར་ཡང་ལུང་ལས། བཞིན་བཟང༌། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ཤན་པ་བྱེད་དུ་བཅུག་པ་ནི་བླའི་རབ་ཏུ་ཕྱུང་ཞིང་བསྙེན་


JLD001_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་ངོ་ཞེས་བཀའ་སྩལ་པ། འདི་ཡང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ལ་ཁོ་བོ་ཡང་ལྟུང་བ་དང་བཅས་པར་འགྱུར་བས་ཁོ་བོ་འདི་རབ་ཏུ་མི་འབྱིན་ཏོ། ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་མཁན་པོ་བྱས་ནས་དེའི་ལས་སུ་བྱ་བ་མཁན་བུ་ལ་བསླབ་བྱ་མི་སྟོན་པར་ཡལ་བར་འདོར་བ་ནི་ཆེས་མི་རིགས་སོ། །གལ་ཏེ་དགེ་སློང་འགའ་ཞིག་གིས་འདི་རབ་ཏུ་ཕྱུངས་ཤིག་དང་ཁོ་བོས་བསླབ་བྱ་རྣམས་བསྟན་པར་བྱའོ་ཞེས་ཁས་ལེན་ན་རང་གིས་མི་སྟོན་ཀྱང་ཉེས་པ་མེད་པར་སྤྲུལ་པ་རབ་ཏུ་ཕྱུང་བ་དང༌། སྤངས་པ་ལ་སྟོབས་པའི་བྱུང་བའི་མཐའ་ལས་ཤེས་སོ། །གཉིས་པ་སློབ་དཔོན་ནི། བསྙེན་པར་རྫོགས་པའི་སྡོམ་པ་དག་པ། ལྟ་བ་མཐུན། མཚན་མཐུན། ཐ་སྙད་གསུམ་དང་ལྡན། ལུས་ཐ་མལ་དུ་གནས། ས་རང་བཞིན་དུ་གནས། མཁན་པོ་ལས་གཞན་ཡིན་པ། དགེ་ཚུལ་གྱི་སྡོམ་པ་འབོགས་པར་ནུས་པ་སྟེ་ཆོས་བརྒྱད་ལྡན་ནོ། །གསུམ་པ་ཞུ་བའི་གང་ཟག་ནི་མཁན་པོ་ལས་གཞན་ཡིན་པ་ཡན་ཆད་སློབ་དཔོན་དང་འདྲ་ལ་དེའི་སྟེང་དུ་མཚམས་ནང་ན་གནས་པ། ཞུ་བའི་ཆོ་ག་ལ་མཁས་པ་སྟེ་ཆོས་དགུ་དང་ལྡན་པའོ། །བཞི་པ་ཞུ་སའི་ཡུལ་ནི། གྲངས་ཚང༌། ས་རང་བཞིན་དུ་གནས། ཐོས་པའི་ཉེ་འཁོར་དུ་གནས་པ་སྟེ་ཆོས་གསུམ་ལྡན་ནོ། །གཉིས་པ་བསྙེན་རྫོགས་སུ་སྒྲུབ་པའི་རྟེན་ལ། མཁན་པོ། སློབ་དཔོན། དགེ་འདུན། དུས་གོ་བ་དང་བཞི། དང་པོ་ནི་སྔར་དང་འདྲ་ལ། གཉིས་པ་སློབ་དཔོན་ལ་གཉིས་ལས་


JLD001_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པ་ནི་ཁ་སྐོང་དུ་འོས་ཤིང་ལས་ཀྱི་ཆོ་ག་ཤེས་པའོ། །ཁ་སྐོང་དུ་འོས་པའི་ལས་མཁན་མེད་པའི་ཚེ་དགེ་འདུན་མཚན་ཉིད་དང་ལྡན་པ་ཚང་ན་རྩ་བའི་ལྟུང་བས་མ་གོས་པ་ཙམ་གྱིས་ཀྱང་ལས་འཆགས་ལ། ལྟུང་བ་ཉེས་བྱས་སུ་འགྱུར་རོ། །གསང་སྟེ་སྟོན་པ་ནི་བསྙེན་རྫོགས་ཀྱི་སྡོམ་པ་དག་པ་ནས་ས་རང་བཞིན་དུ་གནས་པའི་བར་དྲུག་དགེ་ཚུལ་གྱི་སློབ་དཔོན་དང་འདྲ་ལ། དེའི་སྟེང་དུ་བར་ཆད58་དྲི་བའི་ཆོ་ག་ལ་མཁས་པ་སྟེ་རང་གི་ངོ་བོ་ཆོས་བདུན་དང་ལྡན་ཞིང༌། བསྐོ་བའི་དུས་སུ། འདུན་པ། ཞེ་སྡང༌། འཇིགས་པ། རྨོངས་པས་མི་འགྲོ་བ། ཚོགས་སུ་མ་ལོངས་པ། སྤྲོ་བ་དྲིས་ནས་སྤྲོ་བ། སྔར་མ་བསྐོས་པ་སྟེ་ཆོས་བཅུ་བཞི་དང་ལྡན་པའོ། །གསུམ་པ་དགེ་འདུན་ལ། ཡུལ་དབུས་སུ་བཅུ་དང་མཐའ་འཁོབ་ཏུ་མེད་ན་ལྔའི་སྒོ་ནས་གྲངས་ཚང་བ། ཁ་སྐོང་དུ་འོས་པ། མི་མཐུན་པ་གཉིས་དང་བྲལ་བ་སྟེ་ཆོས་གསུམ་དང་ལྡན་པའོ། །བཞི་པ་དུས་གོ་བ་ནི། ལས་མཁན་ལས་གཞན་པའི་དགེ་སློང་དུས་བརྗོད་པའི་ཆོ་ག་ལ་མཁས་པའོ། །དེ་ལྟར་གོང་དུ་སྨོས་པའི་མཚན་ཉིད་དེ་རྣམས་ལས་གང་ཡང་རུང་བ་གཅིག་མི་ལྡན་པར་ཡང་རབ་ཏུ་བྱུང་བ་དང་བསྙེན་རྫོགས་སྒྲུབ་པར་བྱེད་ན་བྱེད་པ་པོ་མཚན་ཉིད་དང་མི་ལྡན་པའི་ཆ་ནས་གཞིས་བསྡུས་པའི་ཉེས་བྱས་སུ་འགྱུར་རོ། །བསྒྲུབ་བྱ་ཡུལ་ལ་མཐུན་རྐྱེན་ཚང་བ་དང༌། འགའ་རྐྱེན་སྤངས་པ་གཉིས། དང་པོ་ལ་ལུས་དང༌། བསམ་པ་དང༌། རྟགས་ཕུན་སུམ་ཚོགས་པ་དང་གསུམ། དང་པོ་ལུས་


JLD001_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་ནི་དགེ་ཚུལ་ལ་ལོ་བདུན་ལོན་ཞིང་བྱ་རོག་སྐྲོད་ནུས་པ་དང༌། བསྙེན་རྫོགས་ལ་སྐྱེས་ནས་ལོ་ཉི་ཤུ་ལོན་པའོ། །དེ་ཡང་མངལ་བཤོས་དང་བཅས་ཏེ་ལོ་ཉི་ཤུ་ལོན་པ་ཙམ་གྱིས་ནི་མི་རུང་སྟེ། འགྲེལ་ཆེན་ལས། བསྙེན་པར་རྫོགས་པར་འདོད་པའི་གནས་སྐབས་སུ་ནི་བརྩི་བར་མི་བྱ་སྟེ། གལ་ཏེ་རྩི་བར་བྱེད་ན་རྫོགས་པར་བསྙེན་པ་ནི་འཆགས་ལ་རྫོགས་པར་བསྙེན་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བསམ་པ་ཕུན་སུམ་ཚོགས་པ་ནི་ཡན་ལག་རིས་སུ་མ་ཆད་པའི་སྒོ་ནས་སྡོམ་པ་ལེན་པར་འདོད་པ་དང༌། ཐོབ་པར་ཤེས་པ། མྱ་ངན་ལས་འདས་པའི་བསམ་པ་དང་ལྡན་པའོ། །གསུམ་པ་རྟགས་ཕུན་སུམ་ཚོགས་པ་ལ་གོས་དང༌། སྣོད་སྤྱད་དང༌། ལུས་ཀྱི་བྱི་བྱད་ཀྱི་རྟགས་གསུམ་མོ། །དང་པོ་གོས་ཀྱི་རྟགས་ནི་དགེ་ཚུལ་ལ་བླ་གོས་མཐང་གོས་གདིང་བ་ཆུ་ཚགས། བསྙེན་པར་རྫོགས་པ་ལ་དེའི་སྟེང་དུ་སྣམ་སྦྱར་རྣམས་རུང་ཞིང་ཚད་དང་ལྡན་པ་བརྙན་པོ་ཡན་ཆད་ཀྱི་སྒོ་ནས་ཚང་བའོ། །གཉིས་པ་སྣོད་སྤྱད་ནི་ལྷུང་བཟེད་རུང་ཞིང་ཚད་དང་ལྡན་པ་བརྙན་པོ་ཡན་ཆད་ཀྱི་སྒོ་ནས་ཚང་བའོ། །གསུམ་པ་ལུས་ཀྱི་བྱི་བྱད་ཀྱི་རྟགས་ནི་སྐྲ་དང་ཁ་སྤུ་ཚད་ལས་ལྷག་པ་རྣམས་ཚུལ་དང་མཐུན་པར་བྲེགས་ཤིང་ཡན་ལག་ལྔ་ཡན་ཆད་ཀྱི་ཁྲུས་བྱས་པའོ། །གཉིས་པ་འགལ་རྐྱེན་སྤངས་པ་ནི་མཚམས་མེད་སོགས་སྐྱེ་བའི་བར་ཆད་དང༌། ཕ་མས་མ་གནང་བ་སོགས་གནས་པའི་བར་ཆད་དང༌། ནད་པ་


JLD001_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཁྱད་པར་དུ་འགྱུར་བའི་བར་ཆད་དང༌། ལག་རྡུམ་སོགས་མཛེས་པའི་བར་ཆད་དང་བྲལ་བའོ། །དེ་ལྟར་བཤད་པའི་མཐུན་རྐྱེན་གང་རུང་མ་ཚང་བ་དང་འགལ་རྐྱེན་གང་རུང་མ་སྤངས་པར་རབ་བྱུང་བསྙེན་རྫོགས་བྱེད་ན་བསྒྲུབ་བྱ་ཡུལ་མཚན་ཉིད་དང་མི་ལྡན་པའི་ཆ་ནས་སྒྲུབ་པར་བྱེད་པ་པོ་ལ་ཉེས་པར་འགྱུར་ཞིང༌། ལྷུང་བཟེད་བརྙན་པོ་ཡང་མ་འབྱོར་ན་རབ་ཏུ་བྱུང་བ་ཙམ་བྱེད་པ་ལ་ཉེས་པ་མེད་ལ། བསྙེན་རྫོགས་བྱེད་དུ་མི་རུང་ངོ༌། །གསུམ་པ་ཇི་ལྟར་སྒྲུབ་པའི་ཆོ་ག་ལ་དགེ་ཚུལ་དང༌། བསྙེན་རྫོགས་སུ་སྒྲུབ་པའི་ཆོ་ག་གཉིས། དང་པོ་ལ་སྦྱོར་བ། དངོས་གཞི། མཇུག་གི་ཆོ་ག་གསུམ། དང་པོ་ནི་ཐོག་མར་དགེ་ཚུལ་གྱི་མཁན་པོར་ཕྱོགས་པ་དེས་རབ་ཏུ་འབྱུང་འདོད་དེ་ལ་བར་ཆད་དྲི་ཞིང་ཡོངས་སུ་དག་པར་ཤེས་ནས་རབ་ཏུ་དབྱུང་བར་ཁས་བླང་ངོ༌། །དེའི་འོག་ཏུ་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་དགེ་བསྙེན་དུ་ཁས་བླང་པ་དངོས་གཞིའི་ཆོ་ག་ལན་གསུམ་དང་མཇུག་བསླབ་པ་རྗོད་པ་ལན་ཅིག་བྱའོ། །དགེ་བསྙེན་ཙམ་ལ་གནས་པར་འདོད་ན་དུས་གོ་བར་བྱ་ཞིང་སྔོན་དུ་བར་ཆད་འདྲི་མི་དགོས་ལ། སྔར་ནས་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པ་ཅིག་རབ་ཏུ་བྱུང་བ་བྱེད་ན་བར་ཆད་རྣམས་དྲིས་ནས་ཞུ་བ་བྱེད་པ་ལ་གཏད་པར་བྱའོ། །དེ་ཡང་འདིར་སྐྱབས་འགྲོའི་བརྡ་འཕྲོད་པའི་སྒོ་ནས་བསྒྲུབ་བྱ་ལ་མྱ་ངན་ལས་འདས་པའི་བསམ་པ་སྐྱེས་པ་ཅིག་དགོས་ཏེ། དེ་མེད་པར་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་ལ་འདི་དང་དགེ་ཚུལ་གྱི་སྐབས་སུ་སྐྱབས་སུ་འགྲོ་བས་མྱང་འདས་ཀྱི་


JLD001_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་སྒྲུབ་དགོས་པའི་ཕྱིར་རོ། །ད་ལྟ་ན་བསྙེན་རྫོགས་ཀྱི་སྐབས་སུ་མྱང་འདས་ཀྱི་བསམ་པ་གང་གིས་སྒྲུབ་སྙམ་ན། གསོལ་འདེབས་ཀྱི་ཆོ་ག་ལས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་བྱ་བ་ལས་ཏེ། རྫོགས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། བསྙེན་པ་ནི་དེ་ལ་ཉེ་བ་སྟེ། དེ་ཐོབ་པར་མཛད་དུ་གསོལ་ཞེས་པས་ཆོས་ལ་སྐྱབས་སུ་འགྲོ་བའི་དོན་ཚང་ཞིང་སྐྱབས་འགྲོའི་གཙོ་བོ་ཡང་དེ་ཉིད་ཡིན་པའི་ཕྱིར་རོ། །མྱང་འདས་ཀྱི་བསམ་པ་མེད་པར་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་ན་འཁོར་བ་མཐའ་དག་གི་ཉེས་དམིགས་ཤེས་ནས་འདོར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་མ་སྐྱེས་ཀྱི་བར་དུ་སྡོམ་པ་མི་སྦྱིན་པར་འགྱུར་རོ་སྙམ་ན། འདིར་མྱང་འདས་ཀྱི་བསམ་པ་ནི་སྲིད་པའི་སྐྱོན་དང་ཞི་བའི་ཕན་ཡོན་བསམས་པས་ཡིད་འགྱུར་བའི་མྱོང་བ་ཤུགས་དྲག་ལ་མི་བྱེད་ཀྱི། སྐྱབས་འགྲོའི་བརྡ་འབྱོར་བའི་གོ་བ་བརྟན་པོ་ལ་བྱེད་དོ་ཞེས་གསུང་ངོ༌། །དེ་ལྟར་རང་གིས་དགེ་བསྙེན་དུ་བསྒྲུབས་ནས་རབ་བྱུང་གི་ཞུ་བ་བྱེད་པའི་དགེ་སློང་ལ་ཚིག་གིས་གཏད་ཅིང་དེས་ཀྱང་ཡོངས་སུ་དག་གམ་ཞེས་དྲིས་ལ་དག་གོ་ཞེས་ཟེར་ན་ཞུ་བར་བྱའོ། །ཞུ་བའི་ཚུལ་ཡང་མཚམས་ནང་དེར་གཏོགས་པའི་དགེ་འདུན་ཐམས་ཅད་གནས་གཅིག་ཏུ་འདུས་པའམ། སོ་སོ་ན་འཁོད་ཀྱང་ཕན་ཚུན་གཅིག་གིས་གཅིག་གི་ཁ་བསྐང་སྟེ་དགེ་འདུན་དུ་ལོངས་པ་བྱས་ནས་ཐམས་ཅད་ལ་ཞུ་བར་བྱ་ཞིང༌། མཚམས་ནང་དེ་ན་དགེ་འདུན་དུ་ལོངས་པ་མེད་ན་སྔགས་ཀྱིས་ཞུ་


JLD001_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་སོ། །མཁན་པོ་ལས་གཞན་པའི་ཡུལ་གྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་མཁན་པོར་གསོལ་བ་ལན་གསུམ་བཏབ་ལ་གཙུག་ཕུད་མ་གཏོགས་པ་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱས་ནས་གཙུག་ཕུད་བྲེག །སྐབས་གང་ཡང་རུང་བར་མཚན་བརྟག་གོ །མཁན་པོའི་རྐང་པ་གཉིས་ལ་གཏུགས་པའི་ཕྱག་བྱེད་དུ་བཅུག་ནས་མཁན་པོས་བླ་གོས་མཐང་གོས་ལྷུང་བཟེད་གདིང་བ་ཆུ་ཚགས་རྣམས་སྦྱིན་ཞིང་བསྐོན་ལ་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་རབ་བྱུང་བར་མ་སྦྱིན་ནོ། །དེ་ནས་མཁན་པོས་དགེ་ཚུལ་དུ་སྒྲུབ་པའི་སློབ་དཔོན་ལ་གཏད་ལ་དེས་ཀྱང་བར་ཆད་ཀྱི་ཆོས་ཀྱིས་དག་གམ་ཞེས་དྲི་ཞིང་མཁན་པོས་ལན་གདབ་བོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་ལན་གསུམ་བརྗོད་དོ། །གསུམ་པ་མཇུག་གི་ཆོ་ག་ནི། བསླབ་པ་རྗོད་པའི་ཆོ་ག་ལན་ཅིག་དང༌། དེ་མ་ཐུག་ཏུ་བསྙེན་རྫོགས་མི་བྱེད་ན་སློབ་དཔོན་ལས་གཞན་པའི་དགེ་སློང་གཅིག་གིས་དུས་གོ་བར་བྱའོ། །གཉིས་པ་བསྙེན་རྫོགས་སུ་སྒྲུབ་པའི་ཆོ་ག་ལ་སྦྱོར་བ། དངོས་གཞི། མཇུག་གི་ཆོ་ག་གསུམ། དང་པོ་ནི་མཁན་པོར་ཕྱོགས་པ་དེས་ལས་གྲལ་ལ་མ་འདུས་པའི་སྔ་རོལ་དུ་སློབ་དཔོན་གཉིས་དང་དགེ་འདུན་ལ་ཚིག་ཙམ་གྱིས་ཞུ་བ་དབུལ། དགེ་འདུན་ཡང་འདིར་མཐའ་འཁོབ་ཀྱི་ཆོ་གའི་དབང་དུ་བྱས་པ་ཡིན་པས་མཚན་ཉིད་དང་ལྡན་པ་ལྔའི་གྲངས་ཚད་ངེས་པར་དགོས་ཤིང་དེ་ལས་


JLD001_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་བསག་ས་ཡོད་བཞིན་དུ་མི་གསོག་ན་ཉེས་བྱས་སུ་འགྱུར་རོ། །མཚམས་ནང་གི་དགེ་སློང་འདུ་བར་འོས་པ་མ་འདུས་པ་རྣམས་ལ་འདུན་པ་བླང་ཞིང་དངོས་སུ་འདུས་པ་རྣམས་ཀྱིས་སྔ་རོལ་ཏུ་ཉེས་པ་བསྡམ་པར་འོས་པ་རྣམས་བསྡམས། བཤགས་པར་འོས་པ་རྣམས་བཤགས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ནས་འདུས་ལ། དེའི་འོག་ཏུ་མཁན་པོར་གསོལ་བ་ལན་གསུམ་གདབ་མཁན་པོས་ཆོས་གོས་གསུམ་བྱིན་གྱིས་བརླབས་ཏེ་བྱིན་ལ་གདིང་བ་ཆུ་ཚགས་ཚིག་གིས་སྦྱིན་ནོ། །དེ་ནས་མཁན་པོས་ལྷུང་བཟེད་བརྟགས་ཏེ་ཚིག་གིས་བསྐོས་པའི་དགེ་སློང་གཅིག་གིས་དགེ་སློང་རེ་རེ་ལ་ལྷུང་བཟེད་བསྟན་ལ་མཁན་པོས་བྱིན་གྱིས་བརླབས་ཏེ་སྦྱིན། དེའི་འོག་ཏུ་བསྒྲུབ་བྱ་དེ་ལས་མི་ཐོས་ཤིང་བལྟར་སྣང་བའི་ཉེ་འཁོར་དུ་བཞག་སྟེ། དགེ་འདུན་རྣམས་ཀྱིས་གནས་ཀྱི་བློ་མཐུན་དགོས་པ་ཡོད་ན་བྱས་ལ་ལས་བྱེད་པས་གསང་སྟེ་སྟོན་པ་བཙལ། སྤྲོ་བ་དྲིས་ནས་གསོལ་བའི་ལས་ཀྱིས་བསྐོ། དེ་ནས་གསང་སྟོན་གྱིས་ལྐོག་ཏུ་བར་ཆད་དྲི། དག་པར་ཤེས་ནས་ནང་དུ་འོང་བ་ཞུ། དགེ་འདུན་གྱིས་ལན་གདབ། དེའི་འོག་ཏུ་ལས་བྱེད་པས་བསྙེན་པར་རྫོགས་པར་གསོལ་བ་ལན་གསུམ་འདེབས་སུ་བཅུག་ལ། གསོལ་བའི་ལས་ཀྱིས་ཐུགས་བསྟུན་ནས་བར་ཆད་དྲི་བར་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ནི་ལས་བྱེད་པས་གསོལ་བ་ཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ། །གསུམ་པ་མཇུག་


JLD001_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆོ་ག་ནི་སྡོམ་པ་ཐོབ་པའི་དུས་གོ་བར་བྱ་བ་དང་གདམས་ངག་བཅུ་གཅིག་བརྗོད་པའོ། །འདི་དག་ནི་ཆོ་ག་ལ་མཁས་པའི་ཡན་ལག་ཏུ་མདོ་ཙམ་སྨོས་པར་ཟད་ཀྱི་རྒྱས་པར་ནི་ལས་ཀྱི་ཆོ་ག་ཁུངས་མ་ནས་འབྱུང་བ་རྣམས་དང༌། གཞན་ཡང་ལོ་ཚིགས་མི་ཤེས་ན་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་སྒྱུ་ཐབས་ཀྱིས་བརྟག་པ་དང༌། བསྙེན་པར་རྫོགས་འདོད་ཤིང་ལ་སོགས་པ་ལ་འཛེག་ཏུ་མི་གཞུག་པ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་མི་གཏང་བ་དང༌། བསྙེན་པར་རྫོགས་མ་ཐག་པ་ལ་གནས་རྣམས་ངེས་པར་རྗོད་དགོས་པ་ལ་སོགས་པ་རྣམས་ལེགས་པར་ཤེས་པར་བྱས་ནས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བསྒྲུབ་པར་བྱའོ། །དེ་ལྟར་ཆོ་ག་དེ་དག་ལས་གང་ཡང་རུང་བ་རེ་རེ་དང་འགལ་བར་བྱས་ན་ཡང་ཆོ་ག་ཚུལ་བཞིན་དུ་མ་བསྒྲུབས་པའི་ཆ་ནས་ཉེས་བྱས་སུ་འགྱུར་རོ། །གཉིས་པ་བསྒྲུབས་ནས་ཇི་ལྟར་བསྲུང་བའི་ཚུལ་ལ་གནས་ལ་བརྟེན་པའི་ཚུལ། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ལ་ཇི་ལྟར་བསྒྲུབ་པ། རང་གི་བྱ་བ་ལ་ཇི་ལྟར་བསྒྲུབ་པ། ནད་པ་དང་ནད་གཡོག་གིས་ཇི་ལྟར་བསྒྲུབ་པ། གཉུག་མར་གནས་པ་དང་གསར་བུའི་ཀུན་སྤྱོད། གནས་དང་གཡོག་འཁོར་བསྐྱང་བའི་ཚུལ་དང་དྲུག །དང་པོ་ལ་གནས་ལ་བརྟེན་པའི་ཚུལ་དངོས་དང༌། དེ་དང་རྗེས་སུ་མཐུན་པའི་བསླབ་བྱ་གཉིས། དང་པོ་ལ་གནས་བཅའ་བ་དང༌། བཅས་ནས་ཇི་ལྟར་བསྒྲུབ་པའི་ཚུལ་གཉིས། དང་པོ་ལ་གང་ལ་གནས་པའི་ཡུལ། གང་གིས་


JLD001_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་རྟེན། ཇི་ལྟར་གནས་པའི་ཆོ་ག །བླ་མར་གྱུར་ནས་མཚན་ནས་སྨོས་པའི་ཚུལ། གནས་བཅས་པ་འཇིག་པའི་རྒྱུ། གནས་ལ་བརྟེན་པ་དང་བྱ་བ་གཞན་འདོམས་པའི་ཚེ་ཇི་ལྟར་བྱ་བ། གནས་ལ་བརྟེན་པའི་དམིགས་བསལ་དང་བདུན། དང་པོ་ནི་མཁན་པོའི་སྐབས་སུ་བཤད་པའི་ཆོས་བཅུ་གསུམ་དང་ལྡན་པའོ། །གཉིས་པ་ནི་བླ་མ་ལ་གུས་པ། སྡེ་ལྔའི་སྡོམ་པ་གསོ་རུང་དང་ལྡན་པ། དགེ་བ་ལ་བརྩོན་པ། བླ་མའི་བྱ་བ་ལ་གྲིམས་པ། དུལ་བ་དང་ལྡན་པ། བཟོད་པ་དང་ལྡན་པ་སྟེ་དྲུག་དང༌། དགེ་སློང་ཡིན་ན་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པའམ་ལོན་ཡང་ལྔ་ཚན་གང་རུང་དང་མི་ལྡན་པའོ། །གསུམ་པ་ཆོ་ག་ལ་གསུམ་ལས་སྦྱོར་བ་ནི་གཞན་ལ་དྲི་བ་དང་རང་གིས་ཀུན་སྤྱོད་ལྟ་བ་སོགས་ཀྱིས་བླ་མའི་མཚན་ཉིད་བརྟགས་ཏེ་ཚིག་གིས་ཞུ་བ་དང༌། དེས་ཀྱང་གནས་པའི་མཚན་ཉིད་བརྟགས་ནས་སྐབས་དབྱེ་བ་དང༌། གནས་ཀྱི་རྐང་མཐིལ་གཉིས་ལ་ལག་པ་གཉིས་ཀྱིས་བཅངས་ནས་སོ། །དངོས་གཞི་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་གནས་བཅའ་བར་གསོལ་ན། བཙུན་པས་བདག་ལ་གནས་བཅའ་བ་སྩོལ་ཅིག །བདག་བཙུན་པ་ལ་གནས་འཆའ་ཞིང་མཆིའོ། ཞེས་ལན་གསུམ་བརྗོད། མཇུག་ཐབས་ཡིན་ནོའི་ལན་དུ། ལེགས་སོ་བརྗོད། གནས་དེ་ན་རང་ལས་བསླབ་པ་རྒན་པ་མེད་ན་གཞོན་པ་བརྟན་མཁས་དང་ལྡན་པ་ལ་གནས་བཅའ་བར་བྱ་ལ་དེ་ལ་ཕྱག་མི་དགོས་ཤིང་མཁན་


JLD001_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་གནས་ན་ཆོ་གའི་སྒོ་ནས་འཆའ་མི་དགོས་སོ། །མཁན་པོ་དང་གནས་ཀྱི་བླ་མ་གཞན་ཚོགས་ན་མཁན་པོ་ཁོ་ན་ལ་གནས་པར་བྱ་ཞིང་མཁན་པོ་ལས་གཞན་པའི་གནས་ཀྱི་བླ་མ་དུ་མ་ཚོགས་ན་གང་འདོད་པ་ལ་གནས་པར་བྱའོ། །བཞི་པ་མཚན་ནས་སྨོས་པའི་རིམ་པ་ནི། མཁན་པོ་དང་སློབ་དཔོན་མིན་པ་ལ་མཁན་པོ་དང་སློབ་དཔོན་ཞེས་མི་བརྗོད་ལ། མཁན་པོ་དང་སློབ་དཔོན་ཞེས་མ་སྦྱར་བར་མཁན་སློབ་ཀྱི་མིང་མི་གཟུང་ཞིང་། ཁྱད་པར་དུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་མ་སྦྱར་བར་མཁན་པོའི་མིང་ནས་མི་བརྗོད། བསླབ་པ་རྒན་པ་ལ་ཡང་གནས་བརྟན་དང་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པའི་ཉེ་ཚིག་མེད་པར་མིང་མི་བརྗོད་དོ། །ལྔ་པ་འཇིག་པའི་རྒྱུ་ལ་གསོལ་བ་བཏབ་པ་དང༌། བྱ་བ་བྱེད་པའི་འཇིག་རྒྱུ་གཉིས། དང་པོ་ནི་མ་དད་པ་སོགས་ཆད་པའི་རྒྱུ་ལྔ་དང༌། སྦྱོ་བ་དང༌། སོང་བ་དང༌། ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་དང༌། མཁན་པོ་མཐོང་མ་ཐག་ཏུ་གནས་བཅས་པ་བཏང་བར་གྱུར་པ་དང༌། གཉིས་ཀ་ལ་མི་ལྟོས་པ་བྱུང་བ་དང༌། ཤི་བ་དང༌། དགེ་སློང་མིན་པར་གྱུར་པ་དང༌། མཚན་གྱུར་པའོ། །གཉིས་པ་ནི་སྔ་མ་རྣམས་ཀྱི་སྟེང་དུ་མཚམས་ཐ་དད་དུ་གྱུར་པའོ། །འཇིག་རྒྱུ་དེ་གཉིས་ཀྱི་ཁྱད་པར་ནི་གསོལ་བ་བཏབ་པའི་འཇིག་རྒྱུས་ནི་གནས་བཅས་པའི་ཆོ་ག་ཡང་འཇིག་ལ། བྱ་བ་བྱེད་པའི་འཇིག་རྒྱུས་ནི་གནས་མེད་ཀྱི་ཉེས་པ་འགེགས་པ་ཙམ་འཇིག་པར་བྱེད་དོ། །དྲུག་པ་གནས་དང་བྱ་བ་གཞན་འདོམས་པའི་


JLD001_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཇི་ལྟར་བྱ་བ་ནི། གནས་གང་ན་གསོ་སྦྱོང་ཡོད་ཅིང་གནས་ཀྱི་བླ་མ་མེད་པ་དེར་ལས་སུ་མི་བསྐོ་བ་དང༌། གནས་ཁང་དང་འཁོར་འབུལ་བ་ལ་སོགས་པའི་བསྙེན་བཀུར་བསྟབས་པའི་སྒོ་ནས་གནས་ཀྱི་བླ་མ་གནས་གཞན་ནས་བཙལ་བར་བྱ་ཞིང༌། མ་རྙེད་ན་གསོ་སྦྱོང་ཡལ་བར་དོར་ནས་གནས་ཀྱི་བླ་མ་ཡོད་སར་འགྲོ་བར་བྱའོ། །དེ་བཞིན་དུ་དབྱར་སྔ་མ་ཁས་ལེན་པ་དང༌། བླངས་ཟིན་ནས་ཟླ་བ་དང་པོ་བསྲུང་བ་དང༌། དབྱར་ཕྱི་མའི་ཟླ་བ་དང་པོ་གཉིས་ལས་ལྷག་པ་བསྲུང་བ་དང་གནས་ཀྱི་བླ་མ་མེད་པ་འདོམས་པའི་ཚེ་ཡང་གནས་ཀྱི་བླ་མ་བཙལ་ཞིང་མ་རྙེད་ན་གཞན་དུ་འགྲོ་བར་བྱའོ། །དབྱར་སྔ་མའི་ཟླ་བ་ཕྱི་མ་གཉིས་བསྲུང་བ་དང༌། དབྱར་ཕྱི་མའི་ཁས་ལེན་དང༌། བླངས་ནས་ཟླ་བ་ཕྱི་མ་གཉིས་བསྲུང་བ་དང་གནས་ཀྱི་བླ་མ་མེད་པ་འདོམས་ན་སྔར་བཞིན་དུ་ལས་སུ་མི་བསྐོ་བ་ལ་སོགས་པས་གནས་ཀྱི་བླ་མ་བཙལ་ཞིང་མ་རྙེད་ན་གནས་ལ་བརྟེན་པ་ཡལ་བར་དོར་ནས་དབྱར་གྱི་དམ་ཚིག་བསྲུང་བར་བྱའོ། །དེའི་ཚེ་ཡང་དེ་རྣམས་ཀྱི་ནང་ནས་ཆེས་རྒན་པ་ལ་གཞན་རྣམས་ཀྱིས་བྱ་བ་ཞུ་དགོས་ཤིང་དགག་དབྱེ་ལ་གཞན་དུ་འགྲོ་བར་བྱའོ། །གནས་ཀྱི་བླ་མ་སྤོ་མགུ་སྤྱོད་པ་ལ་སོགས་པའི་ཚེ་ཡང་གནས་སུ་འོས་པ་གཞན་མེད་ན་ཆེས་རྒན་པ་ལ་བྱ་བ་ཞུ་བར་བྱའོ། །གློ་བུར་དུ་འོངས་པས་ཉི་མ་གཉིས་པའམ་གསུམ་པ་ལ་གནས་བཅའ་བར་བྱ་ཞིང་ཞག་གཅིག་གི་ཆེད་དུ་གནས་མི་བཅའ་ལ་གནས་ཉེ་བར་མི་གནས་ན་གཞན་ལ་བྱ་བ་ཞུ་བར་བྱའོ། །བདུན་པ་དམིགས་བསལ་ནི། ལོ་ལྔ་ལོན་ཞིང་ལྔ་ཚན་ཐ་མ་དང་ལྡན་པ་ལྗོངས་


JLD001_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བའི་དུས་དང༌། དབྱར་སྔ་མའི་ཟླ་བ་ཕྱི་མ་གཉིས་དང་ཕྱི་མའི་ཟླ་བ་དང་པོ་གཉིས་ཀྱི་དུས་དང༌། གནས་པ་གཞན་ན་གནས་པའི་དུས་དང༌། གནས་ཚོལ་བ་ལ་ཞུགས་པ་མ་རྙེད་པའི་དུས་དང༌། གློ་བུར་བས་ངལ་བསོ་བའི་དུས་དང༌། ཞག་གཅིག་གཞན་དུ་ཕྱིན་པའི་དུས་དང༌། གནས་ནས་ཕྱུང་བའི་དུས་དང༌། གནས་བཀག་པ་དང༌། དེ་རྣམས་ཀྱི་དོད་ཐུབ་པ་སྟེ་དགུའོ། །གཉིས་པ་བཅས་ནས་ཇི་ལྟར་བསྒྲུབ་པ་ལ། གནས་པས་ཇི་ལྟར་བསྒྲུབ་པ་དང༌། གནས་ཀྱིས་ཇི་ལྟར་བསྒྲུབ་པ་གཉིས། དང་པོ་ལ་བསམ་པས་བསྟེན་པ་དང༌། སྦྱོར་བས་བསྟེན་པའི་ཚུལ་གཉིས། དང་པོ་ནི་གནས་ཀྱི་བླ་མ་ལ་ཕའི་འདུ་ཤེས་སྐྱེད་པ་དང༌། ཁྲེལ་ཡོད་པ་དང༌། བག་སྐྱོང་པ་ལ་ཞུམ་པའི་ངོ་ཚ་དང་ལྡན་པ་དང༌། དེའི་དབང་གིས་དམ་པ་མ་ཡིན་པའི་ལས་ལ་མི་འཇུག་པའི་གུས་པ་དང་བཅས་པ་དང༌། རྗེ་ས་དང་བཅས་པ་དང༌། ང་རྒྱལ་དང་རྒྱགས་པ་བཅོམ་པས་སེམས་དམའ་བར་བྱའོ། །གཉིས་པ་སྦྱོར་བས་བསྟེན་པ་ལ་སྙུན་གསོལ་ཞིང་བྱ་བ་ཞུ་བ་དང༌། ཞུས་ནས་ཇི་ལྟར་བསྒྲུབ་པའི་ཚུལ་གཉིས། དང་པོ་ལ་དེའི་སྔོན་འགྲོ་དང༌། སྙུན་གསོལ་དང་བྱ་བ་ཞུ་བ་དངོས་གཉིས། དང་པོ་ནི། ནང་བར་ལངས་མ་ཐག་ཏུ་ཆུ་མཁུར་བ་དོའམ་གསུམ་གྱིས་ཁ་ལེགས་པར་བཀྲུ། དཀོན་མཆོག་དང་བླ་མའི་དྲུང་ལ་སོགས་པ་མ་ཡིན་པར་སོ་ཤིང་དང་ལྕེ་བཞར་མི་རྣོ་བས་སོ་དང་ལྕེའི་ཤ་ལ་མི་གནོད་པར་དལ་བུས་བྱི་དོར་བྱ། རྣ་བ་བྲུ་དགོས་པ་ཡང་དེ་བཞིན་དུ་བྱས་ལ། སོ་ཤིང་དང་ལྕེ་


JLD001_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

བཞར་ཁའི་དྲི་མས་གོས་པ་ཆུའམ་སས་བཀྲུས་ནས་སེ་གོལ་ལ་སོགས་པའི་སྒྲ་བྱས་ཏེ་དབེན་པར་དོར། བླ་མ་དང་དཀོན་མཆོག་གི་དྲུང་དང་གཙུག་ལག་ཁང་གི་ཕྱག་བདར་བྱེད་པའི་གནས་དང་བཤང་གཅི་བྱ་བའི་གནས་དང་སྐྱེ་བོ་ཕལ་མོ་ཆེ་རྟག་ཏུ་གནས་པའི་ཤིང་ངམ་རྩིག་པའི་དྲུང་དུ་མི་དོར། བཤང་གཅི་དང་མཆིལ་མ་ལ་སོགས་པའི་མི་གཙང་བ་འདོར་བ་ཡང་དེ་བཞིན་དུ་བྱའོ། །གནས་ཁང་དུ་ཆོལ་ཟངས་དང་ཝ་ཁར་ཡང་སོ་ཤིང་དང་ལྕེ་བཞར་འདོར་དུ་རུང་ལ་ལྕེ་བཞར་ནི་ལྕགས་ལ་སོགས་པ་ལས་བྱས་པའམ་སོ་ཤིང་གི་ཚལ་པས་ཀྱང་རུང་ངོ༌། །སོ་ཤིང་གི་ཚད་ནི་སོར་བཅུ་གཉིས་མན་ཆད་བརྒྱད་ཡན་ཆད་ཧ་ཅང་མི་སྦོམ་པ་དང་མི་ཕྲ་བ་བྱ་ཞིང༌། བད་ཀན་མང་བས་ནི་མ་རྙེད་ན་སོར་ཕྱེད་དང་ལྔ་ཡན་ཆད་ཀྱང་རུང་ངོ༌། །སོ་ཤིང་མེད་ན་འདག་རྫས་ལ་སོགས་པས་ཀྱང་ཁ་སྦྱང་བར་བྱའོ། །དེ་ལྟར་ལུས་ཀྱི་བྱ་བ་བསྒྲུབས་ནས་རང་གི་གཙུག་ལག་ཁང་དུ་དཀོན་མཆོག་ལ་ཕྱག་བྱས་ཏེ། དལ་བུ་དང་ཡུན་མི་རིང་བས་བླ་མ་གནས་པའི་སྒོ་གླེགས་ལ་བརྡབ་པས་ནང་དུ་འོང་བ་གོ་བར་བྱས་ལ་སྒོ་གླེགས་དྲག་ཏུ་མི་འཕུལ་ཞིང༌། སྒོ་སྐྱེས་ལ་ཆོས་གོས་མི་དྲུད་པར་དལ་བུས་ཤེས་བཞིན་དུ་ནང་དུ་འཇུག་པ་དང༌། ཕྱིར་འབྱུང་བར་བྱའོ། དེ་ལྟར་ཁའི་གནས་པ་བཀྲུ་བ་ནས་ཤེས་བཞིན་དུ་ཕྱིར་འབྱུང་བའི་བར་ནི་གནས་པ་འབའ་ཞིག་ཏུ་མ་ཟད་ཀྱི་དགེ་སློང་ཐམས་ཅད་ཀྱིས་བསྒྲུབ་པར་བྱའོ། །གཉིས་པ་སྙུན་གསོལ་བ་དང་བྱ་བ་ཞུ་བ་དངོས་ལ་སྙུན་གསོལ་ནི་གནས་ཀྱི་བླ་མ་ལ་ཕྱག་བྱས་ཏེ་སྐུ་ཁམས་དྲིའོ། །འདི་ནི་འབགས་པ་


JLD001_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་མི་བྱ་བའི་དམིགས་བསལ་ཏེ་སྐབས་གཞན་དུ་གནས་ཀྱི་བླ་མ་ལ་ཡང་མི་རུང་ངོ༌། །བྱ་བ་ཞུ་བ་ལ་གཞི་གང་ལ་ཞུ་བ། ཚུལ་ཇི་ལྟ་ཞུ་བ། དེའི་དམིགས་ཀྱིས་བསལ་བའོ། །དང་པོ་ནི། མི་རུང་བར་ངེས་པ་རྣམས་མི་ཞུ་ཞིང༌། རུང་བར་ངེས་པ་དང་ཐེ་ཚོམ་ཟ་བ་རྣམས་ཞུའོ། །རུང་བར་ངེས་ཀྱང་ཞུ་བ་ནི་གནང་བ་ཐོབ་དགོས་པའི་ཕྱིར་རོ། །གཉིས་པ་ཞུ་བའི་ཚུལ་ནི་ལུང་དང་མདོ་རྩ་འགྲེལ་ལྟར་ན་བྱ་བ་རེ་རེ་ལ་ཞུ་དགོས་པར་མངོན་ལ། མ་གྲུབ་ན་འོད་ལྡན་ལས་བཤད་པ་བཞིན་དུ་བྱ་སྟེ། ཆོ་ག་ནི་མཁན་པོའམ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དེང་གི་གདུགས་དང་མཚན་གྱི་རིམ་པའི་ཀུན་ཏུ་སྤྱད་པར་རུང་བ་དག་བགྱིད་པར་ཞུ་འཚལ་ཞེས་བརྗོད་པའོ། །གསུམ་པ་དམིགས་བསལ་ལ་བྱ་བའི་དང༌། ཞུ་བའི་དམིགས་བསལ་གཉིས། དང་པོ་ནི་བཤང་གཅི་དང་སོ་ཤིང་འདོར་བ་དང༌། ཉེ་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཕྱག་བྱ་བ་དང༌། འཆག་པའི་བསམ་པས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འགྲོ་བ་དང༌། ཆུ་བཏུང་བ་དང༌། ཞུ་རིན་མེད་པའི་བྱ་བ་ཕྲན་ཚེགས་དང༌། ཞུས་ཏེ་ཕྱིན་པ་ན་བྱ་བ་ཆོས་ལྡན་གཞན་བྱུང་བ་དང༌། དེ་རྣམས་ཀྱི་དོད་ཐུབ་སྟེ་བརྒྱད་དོ། །གཉིས་པ་ཞུ་བའི་དམིགས་བསལ་ལ་ཞུ་བ་པོའི་དམིགས་བསལ་དང༌། ཞུས་ཡུལ་གྱི་དམིགས་བསལ་གཉིས། དང་པོ་ནི་ལོ་ལྔ་ལོན་ཞིང་ལྔ་ཚན་ཐ་མ་དང་ལྡན་པ་ལྗོངས་རྒྱུ་བའི་དུས་དང༌། དབྱར་སྔ་མའི་ཟླ་བ་ཕྱི་མ་


JLD001_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང༌། ཕྱི་མའི་ཟླ་བ་དང་པོ་གཉིས་ལ་བབ་པ་ན་གཞོན་ནུའི་ནང་ནས་རྒན་པ་དང༌། འཚོལ་བ་ལ་ཞུགས་པའི་ཚེ་ཞག་ལྔ་དང༌། གློ་བུར་བས་ངལ་བསོ་བའི་ཉི་མ་དང་པོའམ་གཉིས་པ་དང༌། ཞག་གཅིག་གནས་གཞན་དུ་ཕྱིན་པ་དང༌། གནས་བཀག་པ་དང༌། གནས་ནས་ཕྱུང་བ་དང༌། དོད་ཐུབ་སྟེ་བརྒྱད་དོ། །གཉིས་པ་ཡུལ་གྱི་དམིགས་བསལ་ནི་གནས་པ་གཞན་ན་གནས་པ་དང༌། ཉེ་བར་མི་གནས་པ་དང༌། དབྱར་སྔ་མའི་ཟླ་བ་ཕྱི་མ་གཉིས་དང༌། ཕྱི་མའི་ཟླ་བ་དང་པོ་གཉིས་དང༌། དོད་ཐུབ་སྟེ་བཞིའོ། །གཉིས་པ་ཞུས་ནས་ཇི་ལྟར་བསྒྲུབ་པ་ལ། བྱ་བ་གཉུག་མ་ལ་ཇི་ལྟར་བསྒྲུབ་པ་དང༌། གློ་བུར་བ་ལ་ཇི་ལྟར་བསྒྲུབ་པ་གཉིས། དང་པོ་ནི་བསྙུན་གསོལ་བའི་འོག་ཏུ་གནས་ཀྱི་བླ་མ་ལ་འདག་རྫས་དང་སོ་ཤིང་དང་ཁྲུས་བྱེད་པའི་ཆུ་སོགས་ཕུལ་ལ། ཚང་མང་དུ་གནས་པས་བཟའ་བཏུང་སྟ་གོན་བྱ་བར་འདོད་ན་ཇི་ལྟ་བུ་ཞིག་སྟ་གོན་བྱ་ཞེས་བརྗོད་ལ་བླ་མ་ཟས་གང་ལ་དགའ་བ་དེ་བསྟབ་སྙན་དུ་ཡིད་ལ་བྱ་ཞིང་གདུགས་ཚོད་ལ་བབ་པའི་དུས་བརྗོད་པར་བྱའོ། །དེའི་འོག་ཏུ་གནས་ཀྱི་ལྷུང་བཟེད་བཀྲུ་ཞིང༌། གནས་བསོད་སྙོམས་པ་ཡིན་ན་སིལ་བྱེད་དང་དགོས་ན་ཆུ་ཚགས་ཀྱང་བྱི་དོར་བྱ་ལ། རང་ཡང་བསོད་སྙོམས་པ་ཡིན་ན་གནས་ལ་ཞུས་ཏེ་གནང་ན་ལྷན་ཅིག་ཏུ་འཇུག་ཅིང་ཉམ་ང་བ་ལ་སོགས་པར་ནི་བླ་མའི་མདུན་དུ་འགྲོ་བ་དང༌། རང་ལ་ཟས་བསོད་པ་འབུལ་བ་ན་བླ་མ་ལ་འབུལ་དུ་གཞུག་གོ །གལ་ཏེ་སོ་སོར་བསོད་སྙོམས་ལ་ཕྱིན་ན་ཟས་དེ་ཁྱེར་ཏེ་བླ་མ་ལ་བསྟན་ནས་ཆེས་


JLD001_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གྱུར་པ་དབུལ་བར་བྱའོ། །ཟས་ཟོས་ནས་བླ་མའི་ལྷུང་བཟེད་ལ་སོགས་པ་བཀྲུས་ཏེ་རང་རང་གི་གནས་སུ་བཞག་པ་དང༌། བླ་མའི་རིལ་པ་སྤྱི་བླུགས་ལ་སོགས་པའི་ཆུ་སྣོད་དགང་བ་དང༌། བླ་མ་མཆོད་རྟེན་ལ་ཕྱག་དང་བྱི་དོར་བྱེད་པ་ན་དེ་ལ་དགོས་པའི་འདག་རྫས་དང་ཆུ་དང་ཕྱགས་མ་སོགས་དབུལ་བ་དང༌། བླ་མའི་རྐང་པ་བཀྲུ་བ་དང༌། སྐུ་མཉེ་སོགས་ལ་ནན་ཏན་བྱའོ། །དགོང་མོའི་དུས་སུ་བླ་མའི་མལ་དང་སྟན་བཤམ་པ་དང༌། མཚན་མོ་བགོ་བའི་ཤམ་ཐབས་ཀྱི་གཟན་དབུལ་ཞིང་ཤམ་ཐབས་བླང་བ་དང༌། རྐང་པ་བཀྲུ་བའི་ཆུ་དང་རྐང་རྟེན་དང༌། ཆོལ་ཟངས་དབུལ་ཞིང༌། མཆིལ་ལྷམ་གཉིས་ཕྱིའོ། །དེ་ལྟར་འདག་རྫས་དང་སོ་ཤིང་དབུལ་བ་སོགས་བླ་མའི་བྱ་བ་སྒྲུབ་དགོས་རྣམས་གནས་པ་མང་ན་རེ་མོས་ཀྱིས་བྱ་བའམ་གཅིག་གིས་ཐམས་ཅད་སྒྲུབ་པར་སྤྲོ་ན་གཞན་གྱིས་མ་བྱས་ཀྱང་རུང་བ་ནི་ལུང་ཕྲན་ཚེགས་ལས་གསུངས་པ་ལྟར་རོ། །གཞན་ཡང་གནས་དང་གནས་པ་གཉི་ག་གཙུག་ལག་ཁང་གཅིག་ན་འདུག་ན་བླ་མའི་དྲུང་དུ་ཉིན་མོ་རེ་ལ་ལན་གསུམ་དང༌། གནས་ཀྱི་བླ་མ་དགོན་པ་ན་འདུག་ལ་རྒྱང་གྲགས་གཅིག་གིས་བར་དུ་ཆོད་ན་ཉིན་རེ་ལ་ལན་རེ་དང༌། རྒྱང་གྲགས་ལྔས་པར་དུ་ཆོད་ན་ཞག་ལྔའམ་དྲུག་ན་ལན་རེ་དང༌། དཔག་ཚད་ཕྱེད་དང་གསུམ་གྱིས་བར་དུ་ཆོད་ན་གསོ་སྦྱོང་གི་ཚེ་ལན་རེ་མཇལ་དུ་འགྲོ་བར་བྱའོ། །འདི་བྱ་བ་ཞུ་བ་ལ་སྦྱོར་བ་ནི་ནོར་བ་སྟེ། རྒྱ་ཆེར་འགྲེལ་གྱིས་ཀྱང་བལྟ་


JLD001_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་འགྲོ་བ་ལ་བཤད་ཅིང་ཕྲན་ཚེགས་སུ་ཉེ་དགས་རབ་ཏུ་ཕྱུང་ཞིང་བསྙེན་རྫོགས་བྱས་པ་རྣམས་དེ་གནས་ངན་ལེན་སྤྱོད་པར་མ་ཤེས་བར་དུ་དེ་ལ་བརྟེན་ནས་སྡོད་ལ། ཤེས་པ་ན་གནས་གཞན་ལ་བརྟེན་ཅིང་འོན་ཀྱང་སྟོན་པའི་བཀས་ཉིན་རེ་ལ་ལན་གསུམ་གསུམ་བལྟ་བ་ལ་འགྲོ་བར་གསུངས་པའི་ཕྱིར་རོ། །མཁན་པོ་དང་གནས་ཀྱི་བླ་མ་ལངས་པ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བ་དང་བཀུར་སྟི་བྱ་བ་དང༌། ཐག་ཉེ་བར་འདུག་པར་བྱ་ཞིང༌། བླ་མ་དང་ཞེ་འགྲས་པ་དང་ཉེ་བར་འདུག་པར་མི་བྱའོ། །བླ་མའི་བྱ་བ་ལ་གྲིམས་པར་བྱ་བ་དང༌། གུས་པར་བྱ་བ་དང་སྤྱོད་ལམ་མཛེས་པས་འཇུག་པར་བྱའོ། །གཉིས་པ་བྱ་བ་གློ་བུར་བ་ལ་ཇི་ལྟར་སྒྲུབ་པའི་ཚུལ་ནི། གནས་ཀྱི་བླ་མའི་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་ནད་གཡོག་དང༌། དེ་ལ་འགྱོད་པ་དང་སྡིག་ལྟ་སྐྱེས་པ་སེལ་བ་རྣམས་རང་གིས་བྱེད་པའམ་གཞན་བྱེད་དུ་འཇུག་པ་དང༌། གནས་ཀྱི་བླ་མ་ལ་དགེ་འདུན་གྱིས་ནན་ཏུར་བྱེད་ན་དགེ་འདུན་ལ། ནན་ཏུར་མི་མཛད་དུ་གསོལ་ཞེས་བརྗོད་ནས་བླ་མ་ནན་ཏུར་གྱི་རྒྱུ་ལས་ལྡོག་པའི་དོན་དུ་བརྩོན་པར་བྱ་ཞིང༌། ནན་ཏུར་བྱས་ན་བཟོད་པ་གསོལ་དུ་གཞུག་པ་དང༌། གནས་ཀྱི་བླ་མ་དེ་སྤོ་མགུ་དང་དབྱུང་བ་སོགས་ནོད་དགོས་ན་དགེ་འདུན་ལ་གསོལ་བ་གདབ་པར་བྱའོ། །བླ་མ་ཉེས་པ་ལ་འཇུག་ན་ཟློག་པ་དང༌། དེའི་དྲུང་དུ་རང་གི་དགེ་བ་མི་འཕེལ་ན་གནས་གཞན་ལ་གཏད་པར་གསོལ་བར་བྱའོ། །དགེ་འདུན་གྱིས་བསྐོས་པ་མ་ཡིན་པར་བླ་མ་གོས་འཚེམ་


JLD001_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཙུག་ལག་ཁང་གི་བྱི་དོར་བྱེད་པ་ན་ཡང་རང་གིས་བསྒྲུབ་པ་དང༌། བླ་མ་དང་དགེ་འདུན་གྱི་ཆེད་དུ་ཤིང་ཐོག་ལ་སོགས་པའི་རུང་བ་བྱ་བ་དང༌། མཆོད་རྟེན་ལ་སོགས་པའི་སྔོ་ཆུང་ངུ་རྔ་བ་དང་མེ་ཏོག་དང་འབྲས་བུ་བཏོག་པ་དང་སོ་ཤིང་སྒྲུབ་པ་ལ་སོགས་པ་ལ་དགེ་ཚུལ་བསྐོ་བར་བྱའོ། །གཉིས་པ་གནས་ཀྱིས་ཇི་ལྟར་བསྒྲུབ་པ་ལ་རྗེས་སུ་བཟུང་བའི་ཚུལ་གྱིས་བསྒྲུབ་པ་དང༌། ཆད་པས་བཅད་པའི་ཚུལ་གྱིས་བསྒྲུབ་པ་གཉིས། དང་པོ་ནི་གནས་ཀྱི་བླ་མས་རང་གི་འཁོར་དུ་རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་བྱུང་བསྙེན་རྫོགས་བསྒྲུབས་ཟིན་པ་མི་གཞག་ལ། གནས་པ་དགེ་ཚུལ་གཅིག་ལས་ལྷག་པ་ཉེ་བར་མི་གཞག་གོ །གལ་ཏེ་རབ་ཏུ་འབྱུང་འདོད་གཉིས་བྱུང་ལ་སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན་ལྷན་ཅིག་རབ་ཏུ་ཕྱུང་སྟེ་རྒན་པ་བསྙེན་པར་རྫོགས་པར་བྱ་ཞིང་དེས་ཀྱང་ལོ་ཉི་ཤུ་མ་ལོན་ན་དགེ་སློང་གཞན་ལ་རེ་ཞི་ག་གནས་པའི་དོན་དུ་གཏད་ལ་དགེ་སློང་དེས་ཀྱང་ལོ་ལོན་པའི་ཚེ་མཁན་པོ་ལ་གཏད་པར་བྱའོ། །གལ་ཏེ་མི་གཏོད་ན་མཁན་པོ་དེས་མཐུས་བཀུག་སྟེ་བསྙེན་རྫོགས་བྱ་ཞིང་རང་གི་འཁོར་དུ་གྱུར་པའི་གནས་པ་ལ་བསམ་པས་བུའི་འདུ་ཤེས་བཞག་པ་དང༌། བསྙེན་བཀུར་བསྟབས་པ་ཐམས་ཅད་ལ་ཚོད་རིག་པའི་སྒོ་ནས་གནས་པ་ལ་མི་གནོད་པར་བྱ་བ་དང༌། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་གནས་པ་རང་གིས་མ་ལྕོགས་པ་བྱེད་པ་དང༌། ནད་གཡོག་དང་


JLD001_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་མགུ་དང་འབྱུང་བའི་བར་བླ་མ་ལ་ཇི་ལྟར་བྱེད་པ་བཞིན་འདིར་ཡང་བྱ་དགོས་ལ་གནས་པ་དགེ་བ་འཕེལ་བའི་དོན་དུ་གཞན་ལ་གཏད་པར་གསོལ་ན་གནས་ཀྱི་འོས་ངེས་པར་ཤེས་པར་བྱས་ནས་གཏད་པ་དང༌། གནས་པ་དེ་སྡིག་གྲོགས་ལ་བརྟེན་ན་བཟློག་པ་དང་དགེ་བ་ལ་སྦྱར་བ་དང༌། ཆོས་དང་ཟང་ཟིང་གིས་དགེ་བ་དེ་སྒྲུབ་པ་དང༌། ལྟུང་བ་ཕྱིར་བཅོས་སུ་འཇུག་པ་དང༌། རྐྱེན་དུ་འབབ་ཅིང་ཁ་ན་མ་ཐོ་བ་མེད་པའི་འཚོ་བའི་ཡོ་བྱད་སྒྲུབ་པ་ལ་བརྩོན་པར་བྱའོ། །གཉིས་པ་ཆད་པས་བཅད་པའི་ཚུལ་གྱིས་བསྒྲུབ་པ་ལ་ཡུལ་གང་ལ་དང༌། རྟེན་གང་གིས་དང༌། དུས་ནམ་གྱི་ཚེ་དང༌། ཆད་པ་གང་གིས་བཅད་པ་དང༌། ཆད་པས་བཅད་པ་ལ་ཇི་ལྟར་བསྒྲུབ་པ་དང་ལྔའོ། །དང་པོ་ནི་མ་དད་པ་དང༌། ལེ་ལོ་ཅན་དང༌། ཚིག་མི་བཟོད་པའི་བཀའ་བློ་མི་བདེ་བ་དང༌། མ་གུས་པ་དང༌། སྡིག་པའི་གྲོགས་བྱེད་པ་སྟེ་ལྔ་པོ་གང་རུང་དང་ལྡན་པ་ལ་ཆད་པས་བཅད་ཅིང་མི་འོས་པ་ལ་གཅད་པར་མི་བྱའོ། །གཉིས་པ་རྟེན་ནི་རང་ཆད་པའི་རྒྱུ་དང་མི་ལྡན་པའི་གནས་ཀྱི་བླ་མའོ། །གསུམ་པ་ནི་དབྱར་ནང་ལས་གཞན་པའི་དུས་སོ། །བཞི་པ་ནི་གནས་པ་དེ་དང་གཏམ་འདྲེ་བར་མི་བྱ་བ་དང༌། གདམས་ངག་མི་སྦྱིན་པ་དང༌། བསྙེན་བཀུར་བདག་གིར་མི་བྱ་ཞིང་ཆོས་དང་ཟང་ཟིང་གི་བགོ་བཤའ་གསར་དུ་མི་བྱ་བ་དང༌། དགེ་བའི་ཕྱོགས་སྔར་བརྩམས་པ་རྣམས་རྒྱུན་བཅད་པ་དང༌། བྱ་བ་ཞུ་བའི་གནས་དགག་པ་ནི་ཆད་པ་སྟེ་དེ་དག་ཐམས་ཅད་ཀྱིས་གཅད་པར་བྱའོ། །ལྔ་པ་ནི་ཆད་པའི་རྒྱུ་བཏང་སྟེ་


JLD001_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་གསོལ་བར་བྱེད་པ་ལ་བཟོད་པ་བླང་བར་བྱ་ཞིང་མི་འོས་པ་ལ་བཟོད་པ་བླང་བར་མི་བྱའོ། །གལ་ཏེ་བཟོད་པ་གསོལ་བར་མི་བྱེད་ན་ཡལ་བར་མི་འདོར་བར་དགེ་སློང་མཁས་པ་ཞིག་གྲོས་གདབ་ཏུ་གཞུག་གོ །དེ་ལྟར་བྱས་ཀྱང་རྣམ་པ་ཐམས་ཅད་དུ་བཟོད་པ་གསོལ་བར་མི་བྱེད་ན་དགེ་ཚུལ་ལ་བླ་གོས་མཐང་གོས་ལྷུང་བཟེད་ཆུ་ཚགས་རིལ་བ་སྤྱི་བླུགས་ཏེ་ལྔ། བསྙེན་པར་རྫོགས་འདོད་དང་རྫོགས་པ་ལ་ནི་དེ་དག་གི་སྟེང་དུ་སྣམ་སྦྱར་དང་གདིང་བ་བྱིན་ཏེ་གནས་ནས་བསྐྲད་པར་བྱ་ཞིང༌། བསྐྲད་ནས་ཀྱང་བཟོད་པ་གསོལ་བར་བྱེད་ན་གྱ་ཚོམ་མི་བྱ་བར་བཟོད་པ་བླང་བར་བྱའོ། །ཆད་པས་བཅད་པ་དེ་དགེ་སློང་གཞན་གྱིས་འཁོར་དུ་སྡུད་པར་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ། །གཉིས་པ་དེ་དང་རྗེས་སུ་མཐུན་པའི་བསླབ་བྱ་ལ་གནས་བརྟན་གྱི་བྱ་བ། འཁོར་གྱི་བྱ་བ། ཐུན་མོང་གི་བྱ་བ་དང་གསུམ། དང་པོ་ལ་གནས་བརྟན་སྤྱིའི་བྱ་བ་དང༌། སོ་སོའི་བྱ་བ་གཉིས། དང་པོ་ནི་གནས་བརྟན་གྱིས་རང་གི་འཁོར་དུ་གཏོགས་པ་ཆོས་ཀྱི་གཏམ་འདོད་པ་དག་ལ་བློ་དང་འཚམ་པའི་ཆོས་བསྟན་པར་བྱ་ཞིང༌། མི་སྨྲ་བར་ཚུལ་བཞིན་ཡིད་ལ་བྱེད་པ་ལ་དགའ་བ་བཏང་སྙོམས་སུ་གཞག་པར་བྱའོ། །བསོད་སྙོམས་ལ་སོགས་པའི་སྤྱོད་ཡུལ་གྱི་གནས་དང་གནས་མ་ཡིན་པ་དང༌། འཆག་པ་ལ་སོགས་པའི་སྤྱོད་ལམ་འདི་ལྟར་བྱའོ་ཞེས་བསྟན་པ་དང༌། ལུང་ནོད་པ་སོགས་སྦྱིན་པ་དང༌། ཟས་ཀྱི་རྙེད་པ་དང༌། ནད་པ་ལ་


JLD001_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དང་ནད་གཡོག་ལ་སོགས་པའི་བགོ་བཤའ་བྱ་བས་ཕན་གདགས་པར་བྱའོ། །གནས་བརྟན་ཁོ་ནར་མ་ཟད་འཁོར་དང་ལྡན་པ་ཐམས་ཅད་ཀྱིས་རང་རང་གི་འཁོར་ལ་བརྟགས་ཏེ་དོན་མེད་པས་དུས་ཡོལ་བར་བྱེད་ན་ཚར་བཅད་པ་དང༌། གསར་བུ་དག་ལ་འདུ་འཛིའི་གཏམ་ཀུན་དུ་སྨྲ་བར་མི་བྱ་བ་དང༌། འཁོར་ལ་རྣམ་པར་འཕྲོས་པའི་གཏམ་དང༌། འདུལ་བ་དང་འགལ་བའི་གཏམ་མི་བྱ་ཞིང༌། སྤྱོད་ལམ་ལ་སོགས་པ་འཁོར་ལ་ཇི་ལྟར་བསྟན་པ་བཞིན་དུ་རང་གིས་ཀྱང་བྱའོ། །གཉིས་པ་ལ་གྲོང་དུ་འགྲོ་བ་དང༌། གཉུག་མར་གནས་པ་དང༌། གློ་བུར་དུ་འོངས་པ་དང༌། འགྲོ་བར་ཆས་པ་དང༌། དབྱར་གནས་པའི་གནས་བརྟན་གྱི་བྱ་བ་དང་ལྔའོ། །དང་པོ་ནི་དགེ་འདུན་རྣམས་གྲོང་ལ་སོགས་པར་འགྲོ་བ་ན་གནས་བརྟན་དེ་མདུན་དུ་འགྲོ་བར་བྱ་ཞིང༌། འཁོར་འགའ་ཞིག་ཐོགས་ན་སྒུག་པ་དང་ཁྱིམ་དང་ཕྱི་རོལ་ཏུ་ཡང་འཁོར་ལོ་བརྟགས་ཏེ་སྟོད་གཡོགས་དང་སྨད་གཡོགས་ཚུལ་བཞིན་དུ་མ་བགོས་ན་མཛེས་པར་བྱ་བའི་ཕྱིར་བརྡ་བྱ་ཞིང་མ་གོ་ན་དྲུང་ན་འདུག་པའི་དགེ་སློང་བརྡ་བྱེད་དུ་གཞུག་ལ། དེས་ཀྱང་མཛེས་པར་མ་གྱུར་ན་རང་གིས་བཅོས་པར་བྱའོ། །ཁྱིམ་དང་ཉེ་བ་ན་འཁོར་ཐམས་ཅད་མི་རྒོད་པ་དང་མ་ཁེངས་པ་ལ་དགོད་པར་བྱའོ། །གཉིས་པ་ནི་གཙུག་ལག་ཁང་དང་དགོན་པ་དེའི་ཁྲིམས་སུ་བྱ་བ་རྣམས་གསར་བུ་ལ་གོ་བར་བྱ་ཞིང་ནན་ཏན་བྱེད་པ་ལ་སྦྱར་བ་དང༌། གནས་དེར་ཁྱིམ་པ་འོངས་པ་ལ་རང་གི་འཁོར་དག་ཟས་སྦྱོར་དུ་གཞུག་ཅིང་སྦྱོར་


JLD001_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱེད་དམ་ཁྱིམ་པ་ཟས་མི་འདོད་ན་ཁྱིམ་པ་དེ་ལ་ཆོས་ཀྱི་གཏམ་བྱའོ། །གསུམ་པ་ནི་གང་དུ་ཕྱིན་པའི་གནས་དེར་རང་གི་འཁོར་མང་ཉུང་བརྟགས་ལ་གནས་མལ་གྱི་ཕྱིར་གཉུག་མར་གནས་པའི་དགེ་སློང་རྣམས་ལ་བརྗོད་པར་བྱའོ། །བཞི་པ་ནི་གང་དུ་འགྲོ་བའི་ཕྱོགས་དང་འགྲོན་ཟླ་དང་གནས་ཁང་དང་གནས་མལ་དང་འགའ་ཞིག་ན་བར་གྱུར་ན་གྲོགས་ཀྱིས་མི་འདོར་བ་རྣམས་བརྟགས་ནས་འགྲོ་བར་བྱ་ཞིང༌། གནས་དེ་ནས་རིང་པོར་མ་སོན་པར། ལ་ལའི་ཅུང་ཟད་མ་ལུས་སམ་ཞེས་འཕྲལ་དུ་དྲན་པར་བྱ་བ་དང༌། གསར་བུ་རྣམས་མི་རྒོད་པ་དང་མ་ཁེངས་པ་ལ་དགོད་པ་དང༌། མིང་ལ་སོགས་པའི་མཚན་མས་འཁོར་ཀུན་ཤེས་པར་བྱའོ། །ལྔ་པ་དབྱར་གནས་པའི་གནས་བརྟན་གྱི་བྱ་བ་ནི་དབྱར་ནང་དུ་གཙུག་ལག་ཁང་དང་མཆོད་རྟེན་གྱི་བྱི་དོར་མི་བྱེད་པ་རྣམས་བྱི་དོར་བྱེད་དུ་གཞུག་ཅིང་བྱི་དོར་བྱེད་པ་ལ་སྤྲོ་བ་བསྐྱེད་པར་བྱའོ། །གཉིས་པ་འཁོར་གྱི་བྱ་བ་ནི་གྲོང་ལ་སོགས་པར་ལྷན་ཅིག་ཏུ་འགྲོ་བ་ན་གནས་བརྟན་གྱི་མདུན་དུ་འགྲོ་བར་མི་བྱ་ཞིང༌། དེའི་ཚེ་གནས་བརྟན་ལམ་དུ་ཐོགས་ན་བསྒུག་པ་དང༌། གནས་ཁང་ནས་མ་བྱུང་ན་མི་རིང་བར་སོང་སྟེ་བསྒུག་པ་དང༌། གྲོང་གི་ཉེ་འཁོར་དུ་ཐོགས་པ་དང་འཁོར་རྣམས་གྲོང་དུ་འཇུག་པའི་ཚེ་གནས་བརྟན་འོང་བ་མཐོང་ན་བསྒུག་པར་བྱའོ། །དེའི་ཚེ་སྦྱིན་བདག་གིས་སྦྲོན་པ་འོངས་ན། གནས་བརྟན་འོངས་ཀྱི་བར་དུ་སྡོད་ཅིག་ཅེས་བསྒོ་བ་དང༌། ཁྱིམ་དུ་ཕྱིན་


JLD001_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལག་ཆུ་དྲངས་པའི་ཚེ་ཡང་དུས་ཡོལ་བར་མི་འགྱུར་ན་གནས་བརྟན་བསྒུག་པར་བྱ་ཞིང༌། སྒུག་པའི་ལོང་མེད་ན་གྲལ་དེར་གནས་བརྟན་གྱི་སྟན་གཞག་གོ །གནས་བརྟན་གྱི་གོང་དུ་འདུག་པ་དང་འགྲེང་པར་མི་བྱ་བ་དང༌། གནས་བརྟན་གྱིས་མ་སྨྲས་ཀྱི་བར་དུ་མི་སྨྲ་བ་དང༌། སྨྲས་པ་བཞིན་བསྒྲུབ་པ་དང༌། གནས་བརྟན་གཏམ་སྨྲ་བའི་བར་དུ་བཅད་མི་སྨྲ་བ་དང༌། ཆོས་མ་ཡིན་པར་སྨྲ་ན་བཟློག་པ་དང༌། ཆོས་སྨྲ་བའི་རྗེས་སུ་ཡི་རང་བར་བྱ་བ་དང༌། དེ་ལ་ཆོས་ལྡན་གྱི་རྙེད་པ་བྱུང་ན་བླང་བར་བྱ་ཞིང་དེས་ཇི་ལྟར་བསྟན་པ་བཞིན་བསྒྲུབ་པར་བྱའོ། །གསུམ་པ་ཐུན་མོང་གི་བྱ་བ་ནི་གནས་བརྟན་དང་བར་མ་དང་གསར་བུ་ཐམས་ཅད་ཀྱིས་ཁྱིམ་དུ་དབང་པོ་མ་རྒོད་པ་དང༌། མ་ཁེངས་པ་དང༌། ཡུན་རིང་དུ་མི་གནས་པ་དང༌། མིག་སྨད་པར་བྱ་བ་དང༌། ཁྱིམ་པ་རྣམས་ལ་སྦྱིན་པ་དང༌། དབང་པོ་དུལ་བ་དང༌། ལུས་ངག་ཡང་དག་པར་སྡོམ་པ་དང་གྲོང་བའི་ཆོས་ལས་བཟློག་པའི་སྒོ་ནས་ཚངས་སྤྱོད་ལ་གནས་པ་དང༌། ཡན་ལག་བརྒྱད་པའི་གསོ་སྦྱོང་དང༌། སྐྱབས་སུ་འགྲོ་བ་དང༌། དགེ་བསྙེན་ལ་སོགས་པའི་བསླབ་པའི་གཞི་གཟུང་བ་ལ་སྦྱར་བ་ལ་སོགས་པ་ཆོས་ལྡན་གྱི་གཏམ་བྱ་ཞིང་ཁྱིམ་པ་དེ་དག་ལ་ཚངས་སྤྱོད་འཕེལ་བའི་གནས་བཞི་ལ་སོགས་པ་མི་བརྗོད་དོ། །དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་མ་བྱས་ཀྱང་ཉེས་པ་མེད་ཅིང་གཞན་ལ་གནོད་པར་འགྱུར་བའི་ཁྲིམས་སུ་བྱ་བ་མི་བཅའོ། །གཉིས་པ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ལ་ཇི་ལྟར་


JLD001_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ནི་རང་ལས་བསླབ་པའི་སྒོ་ནས་རྒན་པ་ལ་གྲལ་དང་ཕྱག་ལ་སོགས་པའི་བསྙེན་བཀུར་བསྟབ་པར་བྱ་ཞིང་དེས་བསྟབས་པ་དང་དུ་མི་བླང་བ་དང༌། གཞོན་པ་ལ་ཕྱག་དང་གྲལ་གྱི་བསྙེན་བཀུར་མི་བྱེད་པ་དང༌། བསླབ་པ་རྒན་གཞོན་མཉམ་པ་རྣམས་གཅིག་ལ་གཅིག་ཕྱག་མི་བྱ་ལ། སྔར་འོངས་པ་གྲལ་གོང་དུ་འཁོད་ཅིང་རྙེད་པ་དང་པོར་བྲིམ་པ་དང༌། ལས་སུ་ཕྱིས་འོངས་པ་བསྐོ་བར་བྱ་བ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྒན་གཞོན་བར་མ་རྣམས་ལ་གུས་པ་ལ་སོགས་པས་གནས་པ་དང༌། མཁན་པོ་དང་སློབ་དཔོན་ལས་གཞན་པའི་ཚུལ་ཁྲིམས་འཆལ་པ་ལ་བསྙེན་བཀུར་མི་བྱ་ལ། མཁན་པོ་དང་སློབ་དཔོན་ཚུལ་ཁྲིམས་འཆལ་པ་ལ་ཡང་བསྙེན་བཀུར་ངེས་པར་སྒྲུབ་དགོས་ཤིང༌། དེ་ཡང་གནས་ཀྱི་བླ་མ་ལ་མ་ཞུས་པར་མི་བྱའོ། །ཕ་མ་དང་ནད་པ་ཁྱིམ་པ་ཡིན་ན་ཡང་བསྙེན་བཀུར་བྱའོ། །གསུམ་པ་རང་གི་བྱ་བ་ལ་ཇི་ལྟར་བསྒྲུབ་པ་ལ་དགེ་བའི་བྱ་བ་ལ་ཇི་ལྟར་བསྒྲུབ་པ་དང༌། བྱ་བ་ཕལ་པ་ལ་ཇི་ལྟར་བསྒྲུབ་པ་གཉིས། དང་པོ་ནི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་རྣམས་ཀྱིས་མི་འཚོ་བཞིན་དུ་བསྟེན་པ་མུ་སྟེགས་ཅན་གྱི་དཀའ་ཐུབ་ལྟ་བུ་དང༌། ལྷག་པར་རྙེད་པའི་ཚེ་ཚོད་མི་ཟིན་པར་སྤྱོད་པ་སྤངས་ཏེ་གོས་ཕྱག་དར་ཁྲོད་པ་དང༌། ཟས་བསོད་སྙོམས་དང༌། གནས་མལ་ཤིང་དྲུང་དང༌། སྨན་བཀུས་ཏེ་བོར་བ་སྟེ་ཚངས་སྤྱོད་འཕེལ་བའི་གནས་བཞི་ལ་བརྟེན་པར་བྱ་ཞིང༌། སྦྱངས་


JLD001_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་དམ་བླངས་པ་ལས་གཞན་པ་རྣམས་ལ་གནས་བཞི་ལ་མ་བརྟེན་པའི་ཉེས་པ་མི་འབྱུང་ངོ༌། །དེ་ལྟར་མཐའ་གཉིས་སྤངས་པ་ལ་གནས་ནས་གཞན་གྱིས་གཤེ་བ་དང་ཁྲོ་བ་དང་རྡེག་པ་དང་མཚང་འབྲུ་བ་ལ་སླར་གཤེ་བ་སོགས་མི་བྱེད་པ་དང༌། ཀློག་པ་དང་ཁ་ཏོན་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པའི་དགོས་པ་རྗེས་སུ་བསྒྲུབ་པ་དང༌། བསླབ་པ་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་བསམས་པའི་སྒོ་ནས་བསླབ་པ་ལ་གུས་ཤིང་བག་ཡོད་པས་བསྒྲུབ་པ་དང༌། ཁྱིམ་དུ་འཇུག་པ་ལ་སོགས་པའི་བྱ་བ་གང་ལ་བརྟེན་ནས་ལྟུང་བ་འབྱུང་བའི་སྐབས་ཡོད་པ་དེ་ལ་དང་པོ་ཉིད་ནས་དྲན་པ་ཉེ་བར་བཞག་སྟེ་ཅི་ནས་ཀྱང་ལྟུང་བ་མི་འབྱུང་བར་བསྒྲུབ་པ་དང༌། བླ་མའི་བྱ་བ་ལ་སོགས་པ་བྱེད་པའི་ཚེ་ཡང་ཤེས་བཞིན་གྱིས་རང་གི་དོན་བསམ་གཏན་དང་ཀློག་པ་ལ་སོགས་པ་མི་ཉམས་པར་བྱ་བ་དང༌། བྱ་བའི་གཞི་འདི་དག་ལས་དགེ་བར་གང་འགྱུར་རམ་ཞེས་དགེ་བ་ཚོལ་བ་ལ་བརྩོན་པར་བྱའོ། །གཉིས་པ་བྱ་བ་ཕལ་པ་ལ་ཇི་ལྟར་བསྒྲུབ་པ་ལ་ལུས་ཀྱི་བྱི་བྱད་དང༌། ཡོ་བྱད་ཇི་ལྟར་བསྒྲུབ་པ་གཉིས། དང་པོ་ལ་སྐྲ་སྤུ་སེན་མོ་བྲེག་པ། ཁྲུས་བྱ་བ། ལུས་ཀྱི་བྱ་བ་གཞན་བསྒྲུབ་པ་དང་གསུམ། དང་པོ་ལ་བྲེག་པའི་ཚུལ། གོས་གང་གིས་བྲེག །གནས་གང་དུ་བྲེག །བྲེགས་ནས་ཇི་ལྟར་བྱ་བ་དང་བཞི། དང་པོ་ནི་དགོན་པ་པ་རྣམས་ཀྱིས་སྐྲ་སོར་གཉིས་དང༌། གྲོང་མཐའ་པས་ཕྱེད་དང་གཉིས་ལས་ལྷག་པ་མི་གཞག་ཅིང༌། གཙུག་ཕུད་ཀྱང་མི་གཞག་གོ། །


JLD001_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

རྨའི་མཐའ་སྐོར་མ་གཏོགས་པའི་སྐྲ་བ་ལང་གི་སྤུ་ལྟར་མི་བྲེག་པ་དང༌། གསང་གནས་དང་བྱིན་པ་དང་མགྲིན་པ་མན་ཆད་ལུས་གཞན་གྱི་ཡང་སྤུ་བྲེག་པར་མི་བྱ་ཞིང༌། རྨའི་ཆེད་དུ་བྲེག་དགོས་པའི་ཚེ་ཡང་གནས་བརྟན་མཁས་པ་དག་ལ་དྲིས་ཏེ་བྲེག་པར་བྱའོ། །སེན་མོ་ཡང་དབུས་མཐོ་ཞིང་མཐའ་དམའ་བའམ་མཉམ་པར་བྲེག་ཅིང༌། དྲི་མ་བསལ་བའི་ཕྱིར་དྲུད་པར་བྱ་ལ། ཚོན་གྱིས་བྱུག་པར་མི་བྱའོ། །གཉིས་པ་གོས་གང་གིས་བྲེག་པ་ནི་བླ་གོས་གྱོན་བཞིན་པ་ལ་སོགས་པས་མི་བྲེག་ཅིང༌། རྒྱར་ནི་ཕྱེད་དང་གཉིས་ཁྲུ་ལ། །སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། ཞེས་པའི་ཚད་དང་ལྡན་པའི་སྐྲ་བཟེད་དམ། མེད་ན་རྡུལ་གཟན་གྱིས་སྟོད་བཀབ་སྟེ་བྲེག་པར་བྱའོ། །གསུམ་པ་གནས་གང་དུ་བྲེག་པ་ནི་སྟན་ལ་སོགས་པ་བཏིང་བ་དང༌། དགེ་འདུན་གྱི་ཕྱག་དར་འཕྱག་པའི་གནས་སུ་སྐྲ་སེན་སོགས་མི་བྲེག་ཅིང༌། རླུང་དང་ཉི་མ་དང་ཆར་པའི་དུས་དང༌། རྒན་པོ་དང་ནད་པ་མ་གཏོགས་པས་ཁྱམས་དང་གནས་ཁང་སྒོ་ཁང་སོགས་སུ་བྲེག་པར་མི་བྱའོ། །བཞི་པ་བྲེགས་ནས་ཇི་ལྟར་བསྒྲུབ་པ་ནི་སྐྲ་ལ་སོགས་པ་བྲེགས་པའི་ས་ཕྱོགས་དེ་བྱི་དོར་བྱ་བ་དང༌། སྐྲ་ལ་སོགས་པ་ཕྱག་དང་ཁྲོད་དུ་དོར་རོ། །གཉིས་པ་ཁྲུས་བྱ་བའི་ཚུལ་ནི། སྐྲ་དང་ཁ་སྤུ་བྲེགས་ནས་ཡན་ལག་ལྔ་ཡན་ཆད་ཀྱི་ཁྲུས་བྱ་ཞིང༌། སྒྲེན་མོར་ཁྲུས་མི་བྱ་བར་ཁྲུས་རས་སམ་མེད་ན་དབེན་པའི་ཕྱོགས་སུ་ལོ་མ་ལ་སོགས་པས་གསང་གནས་བཀག་སྟེ་ཁྲུས་བྱ་


JLD001_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁྲུས་རས་ཉིས་རིམ་པས་ནི་མི་རུང་ངོ༌། །གཙུག་ལག་ཁང་དུ་ཁྲུས་བྱེད་པ་དང༌། བཙོག་ཆུ་དབོ་བ་ནི་སྟེར་ཁུང་དུ་བྱ་བ་དང༌། ཁྲུས་བྱས་ནས་ལུས་ལ་ཆགས་པའི་ཆུ་མ་བསྐམས་ཀྱི་བར་དུ་ཆོས་གོས་མི་བགོ་བ་དང༌། དེའི་ཆེད་དུ་ལུས་ཕྱིས་བཅང་བ་དང༌། མེད་ན་ཡུད་ཙམ་ཞིག་ཙོག་པུར་འདུག་ལ་ཁྲུས་རས་ཀྱིས་དབྱི་བར་བྱའོ། །འཁྲུས་བྱ་ནས་རྐང་པ་བཀྲུ་བར་བྱ་ཞིང༌། གཙུག་ལག་ཁང་དུ་ཝ་ཁར་བཀྲུའོ། །ལེགས་སྦྱར་གྱི་ཁྲུས་དང་རྐང་ཁྲུས་ཀྱི་གཞི་ལ་སོགས་པ་ནི་གནང་བའི་བསླབ་བྱའོ། །གསུམ་པ་ལུས་ཀྱི་བྱ་བ་གཞན་བསྒྲུབ་པ་ནི། རྐང་མཐིལ་གཉིས་ལས་གཞན་པའི་ལུས་ལ་སོ་ཕག་གི་དུམ་བུ་ལ་སོགས་པ་རྣོན་པོས་དྲུད་པར་མི་བྱ་བ་དང༌། ཤམ་ཐབས་ཀྱི་མཐའ་མ་མདུད་པར་སྐས་ལ་སོགས་པ་ལ་མི་འཛེག་པ་དང༌། གཞན་གྱི་དུས་སུ་དེ་ལྟར་མི་བྱ་བ་དང༌། གླལ་བ་ལ་སོགས་པའི་ཚེ་ཁ་མ་བཀབ་པར་གདང་པར་མི་བྱའོ། །བསྲོ་ཁང་བསྟེན་པ་ནི་གནང་བའི་བསླབ་བྱ་ཡིན་ལ། གལ་ཏེ་བསྟེན་པ་རྣམས་ཀྱིས་ནི་བསྲོ་ཁང་བྱེད་ཚུལ་དང༌། ཇི་ལྟར་སྒྲུབ་པའི་ཚུལ་རྣམས་བསྒྲུབ་པའི་བསླབ་བྱ་ཡིན་ཞིང༌། དེའི་ཞར་ལ་བྱུང་བ་ཡོ་བྱད་ཐམས་ཅད་དབེན་པར་བཞག་པའི་སྒོ་ནས་སྦ་བ་དང༌། བཀྲུ་བ་ལ་སོགས་པའི་བྱི་དོར་གྱི་ལས་བྱ་བ་དང༌། སྟོད་གཡོགས་རྡུལ་གཟན་ཙམ་མེད་པར་བྱི་དོར་གྱི་ལས་ཐམས་ཅད་མི་བྱ་བ་དང༌། ལུས་ཀྱི་བྱི་དོར་དད་པ་མི་བརྟན་པ་བྱེད་དུ་མི་གཞུག་པ་རྣམས་བསྲོ་ཁང་འབའ་ཞིག་ཏུ་བྱ་བར་མ་ཟད་ཀྱི་རབ་ཏུ་བྱུང་བ་ཐམས་


JLD001_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་གནས་ཐམས་ཅད་དུ་བསྒྲུབ་པར་བྱའོ། །གཉིས་པ་ཡོ་བྱད་ལ་ཇི་ལྟར་བསྒྲུབ་པ་ལ། ལྷུང་བཟེད་དང་ཆོས་གོས་ཀྱི་བྱ་བ་གཉིས། དང་པོ་ལ་ལྷུང་བཟེད་མེད་དུ་མི་རུང་བ་དམིགས་བསལ་དང་བཅས་པ། ལོངས་སྤྱོད་པའི་ཚུལ། གཞག་པའི་གནས། བཀུར་བའི་ཚུལ། གུས་པ་བསྐྱེད་པ། བཅོས་ལེགས་ཇི་ལྟར་བྱ་བ་དང་དྲུག །དང་པོ་ནི་དབྱར་ནང་དུ་ལྷུང་བཟེད་ངེས་པར་བཅང་བར་བྱ་ཞིང༌། དུས་གཞན་དུ་ཡང་དགོས་མོད་ཀྱི་དབྱར་ཁོ་ན་སྨོས་པ་ནི་དབྱར་ཕལ་ཆེར་སྦྱིན་བདག་ལ་བརྟེན་པའི་ཕྱིར་བསོད་སྙོམས་ཀྱི་བྲེལ་བ་ཆུང་བས་ལྷུང་བཟེད་མེད་ཀྱང་རུང་ངམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་རོ། །ལྷུང་བཟེད་མེད་པར་ལྗོངས་རྒྱུ་བར་མི་བྱ་ཞིང༌། འཇིགས་པ་དང་བཅས་པར་ལྗོངས་རྒྱུ་བའི་ཚེ་ལྷུང་བཟེད་ཆུང་ངུ་ཁྱེར་ཏེ་འགྲོ་བར་བྱའོ། །གཉིས་པ་ལོངས་སྤྱོད་པའི་ཚུལ་ནི་ལྷུང་བཟེད་དུ་སྣོད་གཞན་གྱིས་དོར་བའི་ཆུ་ལ་སོགས་པ་དང༌། ལག་པ་དང་ཁ་བཀྲུས་པའི་ཆུ་མི་བླུགས་པ་དང༌། དེས་ཕྱག་དར་དང༌། ཤིང་ཐོག་ཟོས་པའི་ཤུན་པ་ལ་སོགས་པའི་ངན་པ་ཡང་མི་དོར་བའི་སྒོ་ནས་འོས་པར་སྤྱད་པ་དང༌། འགྲེང་བཞིན་དུ་ལྷུང་བཟེད་སྣོད་དུ་གཞུག་པ་དང་དབྱུང་བ་དང་བསྐམ་པར་མི་བྱ་བ་དང༌། དགེ་ཚུལ་བག་མེད་པ་བྱི་དོར་བྱེད་དུ་མི་གཞུག་པ་དང༌། ས་བྱེ་མ་ཅན་དང་ལྕི་བས་བྱི་དོར་མི་བྱ་བ་དང༌། གཤེར་བཞིན་དུ་སྣོད་དུ་མི་གཞུག་པ་དང༌། ཧ་ཅང་བསྐམ་པར་མི་


JLD001_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གསུམ་པ་གཞག་པའི་གནས་ནི་རྡོའི་སྟེང་དང་མི་གཙང་བའི་ཕྱོགས་དང་གར་བབ་བབ་རྣམས་སུ་གཏན་དུ་དང་རེ་ཞིག་ཀྱང་མི་གཞག་གོ །གྲོང་མཐའ་པ་རྣམས་ཀྱིས་ལྷུང་བཟེད་གཞག་པའི་ཆེད་དུ་དོས་ཁུང་གཙུག་ལག་ཁང་ལ་སོགས་པ་རྩིག་པའི་ཚེ་བྱ་ཞིང་གསར་དུ་བསྐོ་བར་མི་བྱ་བ་དང༌། དགོན་པ་པ་རྣམས་ཀྱིས་ལྕུག་མའམ་སྲད་བུ་ལས་བྱས་ཤིང་ལྕི་བའམ་སས་བྱུགས་པའི་སྐོན་བུ་ཁ་སྦྱར་ཁ་དག་བ་དང་བཅས་པ་བྱ་བ་དང༌། དེ་ས་ལ་མི་གཞག་པར་ཤིང་ལྗོན་པ་ལ་གདགས་སོ། །བཞི་པ་བཀུར་བའི་ཚུལ་ནི་སྐོན་བུ་ཁ་སྦྱར་དེ་ཡུལ་གཞན་དུ་འགྲོ་བའི་ཚེ་མི་བསྐུར་བ་དང༌། དེའི་ཚེ་ཕྱིང་པ་ལ་སོགས་པའི་སྣོད་དུ་བཅུག་སྟེ་བསྐུར་ཞིང་སྣོད་དང་བཅས་པ་དེ་ཡང་ལག་པས་མི་བསྐུར་བར་ལུང་ཐག་གིས་མཆན་ཁུང་གཡོན་དུ་བསྐུར་བ་དང༌། ལྷུང་བཟེད་དང་སྨན་དང་ལྷན་པ་ལ་སོགས་པ་བར་བུར་དག་སྣོད་སོ་སོར་གཞུག་ཅིང་སྣོད་དེ་དག་བཅང་བ་དང། དེ་དག་གི་ལུང་ཐག་རིང་ཐུང་མཉམ་པར་མི་གདགས་པ་དང༌། ལུང་ཐག་དེ་ཞེང་ཆུང་ངུ་མི་བྱ་བ་དང༌། ཞུམ་པར་མི་འགྱུར་བར་བྱ་བའི་ཕྱིར་དབུས་སུ་ཕྱིང་བུ་སྦྱར་ཞིང་དེ་གནས་པའི་ཕྱིར་གཟུངས་གདབ་པར་བྱའོ། །ལྔ་པ་གུས་པ་བསྐྱེད་པའི་ཚུལ་ནི། ལྷུང་བཟེད་མིག་བཞིན་དུ་བསྐྱང་པར་བྱའོ། །དྲུག་པ་བཅོས་ལེགས་བྱ་བའི་ཚུལ་ལ། གླན་པ་དང་བསྲེག་པར་བྱ་བའི་ཚུལ་གཉིས། དང་པོ་ནི། དབེན་པའི་ཕྱོགས་སུ་ལྷུང་བཟེད་གླན་ཞིང༌། དེའི་ཕྱིར་དུ་དགེ་འདུན་གྱིས་མགར་


JLD001_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་བཅང་བ་དང༌། ལྕགས་ཀྱི་ལྷུང་བཟེད་ཀྱི་བུ་གུའི་ལྷན་པར་བུ་རམ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་དང་སྤྲ་ཚིལ་དང་ཞ་ཉེ་དཀར་ནག་གིས་མི་གླན་པར་ལྷན་རིངས་ལ་སོགས་པ་བྱའོ། །ས་ལས་བྱས་པའི་ལྷུང་བཟེད་ལ་འཇིམ་པ་སོགས་ཀྱིས་གླན་ནོ། །གཉིས་པ་བསྲེག་པའི་ཚུལ་ནི། ལྷུང་བཟེད་ཟས་ལ་ནར་མར་སྤྱོད་པ་ཡིན་ན་ལྕགས་ལས་བྱས་པ་ཟླ་བ་དྲུག་ན་བསྲེག་པར་བྱ་ཞིང་ས་ལས་བྱས་པ་ནི་ཟླ་བ་ཕྱེད་ན་བསྲེག་པར་བྱའོ། །ལྷུང་བཟེད་བསྲེག་པ་དང་དབྱར་འདོམ་ན་ཉིན་རེ་ཞིང་ཟས་ཟོས་ནས་འབྲུ་མར་ལ་སོགས་པས་བསྐུས་ཏེ་གཞག་ཅིང༌། ཕྱི་དེ་ཉིན་ཟས་ལ་སྤྱོད་པའི་གོང་དུ་ལྕི་སྐམ་ལ་སོགས་པས་རྩུབ་བཀྲུས་བྱ་བ་དང༌། བསྲེག་པའི་སྔོན་དུ་སྲོག་ཆགས་ལ་གནོད་པ་སྤང་པའི་ཕྱིར་ཉེ་འཁོར་དང་བཅས་པ་ཆག་ཆག་དང་ཕྱག་བདར་བྱའོ། །གླན་པ་དང་བསྲེག་པའི་ཚུལ་རྒྱས་པ་རྣམས་འདིར་མ་སྤྲོས་སོ། །གཉིས་པ་གོས་ཀྱི་བྱ་བ་ནི་སྣམ་སྦྱར་ལ་སོགས་པའི་ཆོས་གོས་རང་གི་པགས་པ་དང་འདྲ་བར་བསྐྱང་པ་དང༌། བཀྲུ་བ་དང་ཁ་སྒྱུར་བ་དང་དྲུབ་པ་ལ་སོགས་པའི་བཅོས་ལེགས་ཚུལ་བཞིན་དུ་བྱའོ། །བཞི་པ་ནད་པ་དང་ནད་གཡོག་གི་བྱ་བ་ལ་ནད་གཡོག་ཇི་ལྟར་བྱ་བ་དང༌། སྨན་དཔྱད་དང་རིམ་གྲོ་བྱ་བའི་ཚུལ། ནད་པའི་བྱ་བ་དང་གསུམ། དང་པོ་ནི་ལྷན་ཅིག་གནས་པ་དང་ཉེ་གནས་དང༌། མཁན་པོ་དང་སློབ་དཔོན་དང༌། མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང༌། གཏམ་འདྲེས་པ་དང་


JLD001_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པར་སྨྲ་བ་དང་སྨོན་འདྲིན་དང་འགྲོགས་བཤེས་རྣམས་ཀྱིས་རབ་ཏུ་བྱུང་བ་ཆོས་འདི་པའི་རྟགས་ཙམ་པ་ཡན་ཆད་ཀྱི་ནད་གཡོག་བྱ་ལ། དེ་དག་ཀྱང་སྔ་མ་སྔ་མས་བྱ་ཞིང་སྔ་མ་མེད་ན་ཕྱི་མ་རྣམས་ཀྱིས་སོ། །ནད་གཡོག་བྱེད་དགོས་དུ་མ་ཡོད་ན་གནས་ཀྱི་ནད་གཡོག་བྱ་ཞིང༌། གནས་ཀྱང་དུ་མ་ན་བའི་ཚེ་གང་ལ་གནས་ཤིང་བྱ་བ་ཞུ་བ་དེའི་ནད་གཡོག་བྱ་བ་དང༌། གནས་ཀྱི་བླ་མ་ནད་ཚབས་ཆུང་ཞིང་ནད་པ་གཞན་ཉམ་ཐག་པ་ཡོད་ན་དེའི་ནད་གཡོག་བྱའོ། །གོང་དུ་སྨོས་པའི་ནད་གཡོག་དེ་རྣམས་མེད་ན་དགེ་འདུན་གྱིས་ནད་གཡོག་ཅི་ཙམ་དགོས་པ་གཞག་པར་བྱའོ། །ནད་གཡོག་དེས་ནད་བ་ལ་བསྙེན་བཀུར་ལེགས་པར་བྱ་བ་དང༌། ནད་པ་དེའི་ཚིག་དོན་དང་ལྡན་པ་དང་ཆོས་དང་ལྡན་པ་མི་བཅག་པ་དང༌། ནད་པ་དེས་ལྷག་པར་ཆགས་པའི་དངོས་པོ་འགུགས་ན་བསྟན་ཅིང་ནད་པ་དེ་ལ་གདམས་ངག་སྦྱིན་པ་དང༌། གལ་ཏེ་དེ་འཆིར་དོགས་ན་སྐུ་མཉེ་དང་ཁྲུས་བྱ་བ་ལ་སོགས་པའི་སྒྱུ་ཐབས་ཀྱིས་དགེ་འདུན་གྱི་མལ་སྟན་ལས་བླངས་ཏེ་གང་ཟག་གི་ལ་གཞག་པ་དང༌། དེའི་ལུས་ལ་འཆི་ལྟས་ལ་སོགས་པ་བྱུང་མ་བྱུང་བརྟག་པ་དང༌། ནད་པ་དེ་ཤི་བའི་འོག་ཏུ་དེའི་གོས་བཀྲུ་བར་བྱའོ། །གཉིས་པ་སྨན་དཔྱད་དང་རིམ་གྲོ་བྱ་བའི་ཚུལ་ནི་རང་ལ་སྨན་མེད་ན་དགེ་འདུན་གྱི་སྨན་ནས་སྤྱད་དུ་རུང་ལ། དགེ་འདུན་ལ་ཡང་མེད་ན་ནད་གཡོག་གིས་སྦྱིན་བདག་ཚོལ་དུ་གཞུག་ཅིང༌། དེས་ཀྱང་མ་རྙེད་ན་དགེ་འདུན་གྱིས་སྨན་གྱི་རིན་སྦྱིན་པ་དང་


JLD001_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ་མེད་ན་སྐུ་གཟུགས་དང་མཆོད་རྟེན་གྱི་རྒྱན་དང་ན་བཟའ་ཡན་ཆད་ཀྱིས་སྨན་ཉོས་ཏེ་ནད་པ་བསྐྱང་བ་དང༌། རིམ་གྲོའི་རྫས་ཀྱང་རང་ལ་མེད་ན་དགེ་འདུན་གྱི་རྫས་ལས་དཀོན་མཆོག་མཆོད་པ་སོགས་བྱ་ཞིང་དགེ་འདུན་ལ་མེད་ན་སངས་རྒྱས་ཀྱི་རྫས་ལས་ཀྱང་ནད་པའི་རིམ་གྲོ་བྱའོ། །གསུམ་པ་ནད་པས་ཇི་ལྟར་བྱ་བ་ནི། ནད་གཡོག་གིས་གདམས་པ་ལས་མི་འདའ་བ་དང༌། ནད་སོས་པའི་ཚེ་དཀོན་མཆོག་གི་དཀོར་ལས་རྫས་བླངས་པ་དེ་འབྱོར་པ་ཡོད་ན་བསབ་པར་བྱའོ། །ལྔ་པ་གཉུག་མར་གནས་པ་དང་གསར་བུའི་ཀུན་སྤྱོད་ལ་གཉིས་ལས་གཉུག་མར་གནས་པའི་བྱ་བ་ནི་གནས་དེར་ཁྱིམ་པའམ་རབ་ཏུ་བྱུང་བ་འགའ་ཞིག་འོངས་པ་ལ་འོངས་པ་ལེགས་སོ་ཞེས་སྔར་བརྗོད་པ་དང༌། བཞིན་གྱི་མདངས་གསལ་ཞིང༌། ཁྲོ་གཉེར་མེད་པ་དང༌། ཡིད་ཙམ་འཛུམ་པར་བྱ་ཞིང༌། ཁྱིམ་པ་ཡིན་ན་ཆོས་ཀྱི་གཏམ་བྱ་བ་དང༌། གྲོང་མཐའ་པས་གནས་དེར་ཁྱིམ་པ་འོངས་ན་ཟས་སྐོམ་ལ་སོགས་པ་ཅི་ནུས་པ་བསྟབ་པ་དང༌། དགོན་པ་པས་དེར་འོངས་པ་རྣམས་ལ་ཆུ་དང་སྟན་བསྟབ་པར་བྱའོ། །གཉིས་པ་གསར་བུའི་བྱ་བ་ནི་གནས་ཁང་ལ་སོགས་པའི་ཕྱག་བདར་དང༌། དགེ་འདུན་གྱི་ཁང་པར་མལ་དང་སྟན་བཤམ་པ་དང་ཆུ་གཞག་པ་དང༌། ཤིང་ཐོག་སོགས་བྲིམ་པ་དང་ཟན་དྲང་བ་ལ་སོགས་པ་བྱའོ། །དྲུག་པ་གཡོག་འཁོར་དང་གནས་བསྐྱང་བའི་ཚུལ་ལ་གཉིས་ལས་གཡོག་འཁོར་བསྐྱང་བའི་ཚུལ་


JLD001_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྷ་འབངས་ལ་སོགས་པ་འཁོར་འགའ་ཞིག་ལྷ་རྟེན་གཟུགས་པ་སོགས་བྱ་བ་མི་མཐུན་པ་བྱེད་པ་ན། དེས་དགེ་སློང་རང་དང་གཞན་ཡུལ་མི་སོགས་ལ་མི་གནད་ན་བཏང་སྙོམས་སུ་གཞག་པ་དང༌། གནད་པར་འགྱུར་ན་བྱ་བ་ངན་པ་རྒྱུན་བཅད་ལ་ཆོས་ལྡན་གྱི་གྲོས་གདབ་པ་དང༌། དེའི་ཚེ་གཡོག་འཁོར་མི་དགའ་བའམ་གཞན་དུ་འགྲོ་ན་སྦྱིན་པ་ལ་སོགས་པས་བསྡུ་བ་དང༌། བྱ་བ་ངན་པ་རྒྱུན་བཅད་པར་མི་ནུས་ན་རང་ཉིད་གནས་གཞན་དུ་འགྲོ་བ་དང༌། དེ་དག་གི་རྐྱེན་གྱིས་གཡོག་འཁོར་དང་ལྷན་ཅིག་རྩོད་པར་མི་བྱའོ། །གཉིས་པ་གནས་བསྐྱང་བའི་ཚུལ་ནི་དགེ་འདུན་གྱི་ཀུན་དགའ་ར་བར་རྐུན་པོ་ལ་སོགས་པས་གནོད་པ་བྱེད་ན་དེ་དག་འཛིན་དུ་གཞུག་པའི་ཕྱིར་གཡོག་འཁོར་གཏང་བ་དང༌། མི་འགྲོ་ན་བབ་ཅོལ་དུ་སུ་ལ་ཡང་མི་བརྗོད་པར་རྒྱལ་བུ་གཞོན་ནུ་ལ་སོགས་པ་ལ་སྐད་སྦྱར་ཏེ་ཆོས་དང་མཐུན་པས་ཚར་གཅད་པར་བྱའོ། ། ༈ མི་ཉམས་པར་བསྲུང་བའི་ཚུལ་ལ་རྣམ་འབྱེད་ནས་འབྱུང་བའི་ཉེས་པ་ལས་བསྲུང་བའི་ཚུལ་དང༌། གཞི་ལྷག་མ་ནས་འབྱུང་བའི་ཉེས་པ་ལས་བསྲུང་བའི་ཚུལ་གཉིས། དང་པོ་ལ་ལྟུང་བ་སྡེ་ལྔའི་དང་པོ་ཕམ་པའི་སྡེ་ལ་བཞི་ལས་དང་པོ་མི་ཚངས་སྤྱོད་ལ་ལྟུང་བ་ངོས་གཟུང་བ་དང༌། དེ་ལས་སེམས་བསྲུང་བའི་ཚུལ་གཉིས། དང་པོ་ལ་ལྟུང་བ་རྣམ་གཞག་དང༌། བསླབ་བྱའོ། །དང་པོ་ལ་བཞི་ལས་དང་པོ་གཞིའི་ཡན་ལག་ལ་གང་ལ་བརྩལ་བའི་ཡུལ་དང༌། གང་གིས་


JLD001_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བའི་རྟེན་གཉིས། དང་པོ་ལ་ལམ་གསུམ་དང༌། དེ་གང་ལ་གནས་པའི་ལུས་གཉིས། དང་པོ་ནི་ཁ་དང་བཤང་ལམ་དང་མོའི་ཟག་བྱེད་གསུམ་གྱི་ཕྱོགས་ཀྱི་དང་པོ་ཡན་ཆད་ནད་ལ་སོགས་པས་མ་ཉམས་པའོ། །དེ་གང་ལ་གནས་པའི་ལུས་ནི་ལུས་ཚང་བའམ་ལུས་ཀྱི་སྟོད་སྨད་གང་རུང་ཚང་བ་བསྟེན་དུ་རུང་བ་སྟེ། དེ་ཡང་ཤི་བ་དང་གསོན་པོའི་ལུས་དང༌། མི་དང་མི་མ་ཡིན་པ་དང༌། སྐྱེས་པ་དང་བུད་མེད་དང་མ་ནིང་དང༌། རང་དང་གཞན་གྱི་ལུས་ཀྱི་རྨའི་སྒོ་གང་ཡིན་ཡང་ཕམ་པར་འགྱུར་པ་ལ་འདྲའོ། །རྩོལ་བྱེད་ཀྱི་རྟེན་ནི་ནོར་བུ་ཡིན་པ། རང་གི་རྒྱུད་དང་འབྲེལ་བ། ལས་སུ་རུང་བ། ནད་དང་བྲལ་བའོ། །བསམ་པ་ལ་གཉིས་ལས་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ་ཞིང༌། ཀུན་སློང་ནི་ལམ་དང་ཡན་ལག་གི་རྣམ་པ་སྤྲད་པའི་རེག་པ་བདག་གིར་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་བསམས་པའི་དོན་ལ་དེ་ལྟར་རྩོལ་པའོ། །མཐར་ཐུག་གི་ཡན་ལག་ནི་བཅུག་པའི་རེག་བྱ་ལུས་ཤེས་ཀྱིས་མྱོང་ཞིང་ཡིད་ཤེས་ཀྱིས་བདག་གིར་བྱས་པའོ། །འདི་ལ་དགེ་སློང་དང་དགེ་སློང་མ་དང༌། དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མས་ཡུལ་བྱས་ན་དེ་དག་གིས་ཕོའི་དབང་རྟེན་གྱི་རེག་པ་བདག་གིར་བྱས་ན་དེ་དག་ལ་ཕམ་པ་དང་ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་རོ། །ལྟུང་བ་སྐྱེད་པའི་རིམ་པ་ནི། ཀུན་སློང་དེ་སྐྱེས་ནས་ལུས་ངག་ཏུ་མ་ཐོན་ན་བསྡམ་བྱ་ཡིན་ལ་ཐོན་པ་ནས་ཕམ་པ་མ་


JLD001_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་ནི་བཤགས་བྱའོ། །དེ་ཡང་འཁྲིག་པའི་ཕྱིར་དུ་འགྲོ་བར་རྩོམ་པ་ནས་ལམ་དང་ཡན་ལག་མ་ཕྲད་ཀྱི་བར་དུ་ཉེས་བྱས་དང༌། ཕྲད་ནས་དང་པོའི་མཚམས་མ་འདས་ཚུན་ཆད་དུ་སྦོམ་པའོ། །འོན་ཀྱང་རང་གིས་འཁྲིག་པ་བསྟེན་པར་གཞན་ལ་ཁས་སླངས་པ་དང༌། གཞན་ལ་བསྒོས་པ་ནི་དེ་ཙམ་ནས་སྦོམ་པོའོ། །འཁྲིག་པའི་བསམ་པས་བརྩལ་དུ་ཟིན་ཀྱང་ལམ་གསུམ་གྱི་རྣམ་པ་ལས་གཞན་པའི་ལུས་ཀྱི་བུ་ག་དང༌། འཛག་སྣོད་ལ་སོགས་པའི་སྣོད་དང༌། ལམ་དུ་འདུ་ཤེས་པའི་སྒོ་ནས་ལམ་མ་ཡིན་པར་བརྩལ་བ་རྣམས་ལ་སྦོམ་པོའོ། །ལམ་གསུམ་གྱི་རྣམ་པ་ཡིན་ཡང་ནད་ལ་སོགས་པས་ཉམས་པ་དང༌། བསྟེན་བྱ་དབུས་བྱེ་བའི་མཚམས་འབྱོར་པར་མངོན་པ་དང༌། ལུས་ཀྱི་ཕྱེད་མ་ཚང་པའི་ལམ་གསུམ་དང༌། ཚང་ཡང་ལག་པ་ལ་སོགས་པ་སྤྲད་དུ་མི་རུང་བ་དང༌། ཕག་ལ་སོགས་པའི་ལུས་བཙོས་པའི་ལམ་གསུམ་དང༌། ཁའི་སོ་དྲུང་ཚུན་ཆད་དང༌། ཤིང་ལ་སོགས་པའི་སེམས་ཅན་གྱི་གཟུགས་ལ་མི་མ་ཡིན་གྱི་མཐུས་ལམ་གྱི་རྣམ་པ་ཙམ་དོད་པ་དང༌། གཞན་གྱི་མཐུས་བརྩལ་བ་ན་འཁྲིག་པའི་རོ་རྫོགས་པར་མ་མྱོང་ཞིང་ཡིད་གཡོ་བ་ཙམ་དང༌། མ་ནིང་མོ་སྦུབས་མེད་པའི་ཟག་བྱེད་རྣམས་སུ་རྩོལ་བ་དང༌། ལམ་དང་ཡན་ལག་མ་འཚམ་བས་མ་ཆུད་པ་དང༌། ཆུད་པའི་ཕྱིར་དུ་རྨ་ཉེད་པ་དང༌། སྤྲད་ཀྱང་སྐྲག་པ་དང༌། ངོ་ཚ་བས་འཁྲིག་པའི་རོ་མ་མྱོང་བ་དང༌། རྨའི་སྒོ་གསུམ་གྱི་ཕྱི་རོལ་ཏུ་ཡན་


JLD001_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་རྣམ་པས་རེག་པ་ཙམ་ལ་ཡང་སྦོམ་པོའོ། །ལམ་གསུམ་དུ་བརྩལ་ཀྱང་ཡན་ལག་གི་རྣམ་པ་མ་ཡིན་པ་རྐང་པའི་མཐེ་བོ་སོགས་འཛུད་པ་དང༌། ཡན་ལག་གི་རྣམ་པ་ཡིན་ཡང་ནད་ལ་སོགས་པས་ཉམས་པས་རོ་མ་མྱོང་བ་དང༌། ལས་སུ་མི་རུང་བ་དང་བལྟབ་པ་དང༌། གོས་ལ་སོགས་པས་གཡོགས་ཏེ་མི་རེག་པར་འཛུད་པ་རྣམས་ལ་ཡང་སྦོམ་པའོ། །ལམ་དང་ཡན་ལག་གི་རྣམ་པ་སྤྲད་ཀྱང་བསྟེན་བྱ་སྟེན་བྱེད་གང་རུང་ལུས་ལས་ཐ་དད་དུ་བྱས་པ་དང༌། གཉི་ག་ཐ་དད་དུ་བྱས་པ་དང༌། གཞན་གྱི་བསྟེན་བྱ་སྟེན་བྱེད་གཉི་ག་ལུས་ལས་ཐ་དད་དུ་མ་བྱས་པ་རྣམས་སྤྲད་པ་ལ་ཡང་སྦོམ་པོའོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི། སྒོ་བཅད་ཅིང་བསྐོར་བ་དང་གྲོགས་དགེ་སློང་གིས་བསྲུངས་པ་དང་ཤམ་ཐབས་ཀྱི་མཐའ་བཅིངས་པ་སྟེ་སྲུང་མ་གསུམ་གང་རུང་གིས་མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པ་དང༌། བུད་མེད་ཀྱིས་བརྔོད་པའི་ཁྱིམ་དུ་འགྲོ་བ་དང༌། མི་མ་ཡིན་གྱིས་འཁྲིག་པ་སྟེན་དུ་འཇུག་པ་ལ་སོགས་པའི་སྒོ་ནས་ཚུལ་ཁྲིམས་དང་སྲོག་ལ་གནོད་པའི་གནས་སུ་གནས་པ་དང༌། ཁྱིའི་བདུན་དུ་ཟག་བྱེད་ཕྱུང་སྟེ་གཅི་པ་བྱེད་པ་དང༌། ཡན་ལག་གི་རྣམ་པ་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་ལ་སྒྲེན་མོར་རྒོལ་བ་དང༌། གྲུ་རྒོལ་བ་དང་བ་ལང་གི་ནང་དུ་འགྲོ་བ་དང་ཁྲོན་པ་བརྟག་པ་དང་གྲོང་དུ་འགྲོ་བ་སྟེ་བཞི་པོ་དེའི་ཚེ་ཤེས་བཞིན་མ་བཞག་པ་དང༌། སྐྱེས་


JLD001_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བུད་མེད་གང་ཡིན་ལེགས་པར་མ་བརྟགས་པར་རབ་བྱུང་བྱས་པ་དང༌། གཅིག་པུ་བླ་གབ་མེད་པར་གློས་ཕབ་པའི་ཉེས་བྱས་ཏེ་བཅུ་གཉིས་སོ། །འཛག་སྣོད་དང་འབྲེལ་བའི་བསླབ་བྱ་ནི་འབྲེལ་ཆུང་བའི་ཕྱིར་མ་སྨོས་སོ། །གཉིས་པ་དེ་ལས་སེམས་སྲུང་བའི་ཚུལ་ལ་ལྟུང་བ་རྣམ་གཞག་ལས་སེམས་སྲུང་ཚུལ་ནི། ལམ་གསུམ་དངོས་སམ་དེ་དང་འདྲ་བའི་ཕྱིནང་གང་རུང་དུ་ཡན་ལག་གི་རྣམ་པ་དངོས་སམ་དེ་དང་འདྲ་བ་སྤྲད་པར་འདོད་པ་ཙམ་ནས་དགག་པའི་ཆེད་དུ་དྲན་ཤེས་བསྟེན་པའོ། །བསླབ་བྱའི་ཉེས་པ་ལས་སེམས་སྲུང་ཚུལ་ནི་དེ་རྣམས་ཀྱི་མཚན་ཉིད་ཤེས་པར་བྱས་ནས་སོ་སོར་དྲནཤེས་བསྟེན་ཅིང་ཁྱད་པར་ཡུལ་དུས་ལ་སོགས་པའི་སྟོབས་ཀྱིས་འབྱུང་ཉེ་བ་རྣམས་ལ་འབད་པ་ཆེར་བྱའོ། །གཉིས་པ་མ་བྱིན་ལེན་ལ་ལྟུང་བ་ངོས་གཟུང༌། དེ་ལས་སེམས་སྲུང་བའི་ཚུལ་གཉིས། དང་པོ་ལ་ལྟུང་བ་རྣམ་གཞག་དང་བསླབ་བྱ་གཉིས། དང་པོ་ལ་བཞི་ལས། གཞིའི་ཡན་ལག་ལ་གང་ལས་བརྐུ་བའི་ཡུལ་ནི་མི་ཡིན་པ། རང་ལས་ནོར་ཐ་དད་པའོ། །གང་བརྐུ་བའི་དངོས་པོ་ནི་ཡུལ་དུས་དེར་སྦྱོར་བ་གཅིག་གིས་བརྐུ་བྱ་རྐུ་བྱེད་གཉི་ག་ལ་ལྟོས་པའི་རིན་ཐང་ཚང་བ། མིའི་རྒྱུད་ཀྱིས་བདག་གིར་བྱས་ཤིང་དབང་བ། གཡོས་སུ་བྱས་པའི་ཁ་ཟས་དང་གཤེད་མ་ལ་སོགས་པས་གློ་བུར་དུ་བདག་གིར་བྱས་པའི་དུར་ཁྲོད་པའི་རྫས་མ་ཡིན་པས་མི་དམན་པའོ། །བསམ་པ་ལ་གཉིས་ལས་འདུ་ཤེས་ནི་མིའི་


JLD001_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལ་ཡིད་གཉིས་ཡན་ཆད་ཀྱིས་དེར་འདུ་ཤེས་པ། ཀུན་སློང་ནི་གཞན་གྱི་ཡིན་པ་སྟེ་མ་གནང་ཡང་རང་ཉིད་འཚོ་བའི་ཆེད་དུ་གཏན་དུ་དབྲལ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མཐུས་འཕྲོག་པའི་ནན་འགུགས་དང༌། གཞན་གྱི་རྫས་ཁྱེར་བ་ཕྱིར་མི་སྟེར་བའི་དངན་མཐེན་དང༌། སྤྲིང་ཡིག་ལ་སོགས་པའི་སྒོ་ནས་རྐུ་བའམ་རྐུར་བཅུག་པའོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པའོ། །ལྟུང་བ་སྐྱེད་པའི་གོ་རིམ་ནི། བརྐུ་སེམས་སྐྱེས་ནས་ལུས་ངག་ཏུ་མ་ཐོན་པའི་པར་ནི་བསྡམ་བྱ་ཡིན་ལ། ལུས་ངག་ཏུ་ཐོན་ནས་ཀུན་སློང་དང་སྦྱོར་བ་རྒྱུན་གཅིག་པ་རྣམས་ལ་བརྐུ་བའི་ཆེད་དུ་འགྲོ་བ་དང༌། གྲོས་བྱེད་པ་ལ་སོགས་པ་རྫས་ལ་ནོམ་ཉུག་མི་བྱེད་པའི་བར་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་གཅིག་དང༌། ཀུན་སློང་ལོག་ན་ལོག་མཚམས་རེ་རེ་ལ་ལྟེས་པའི་ཉེས་བྱས་ཐ་དད་པ་རེ་རེར་འགྱུར་རོ། །ནོམ་ཉུག་བྱེད་པ་ནས་མཐར་ཐུག་མ་གྲུབ་ཀྱི་བར་སྦྱོར་བའི་སྦོམ་པོ་ཡིན་ལ། གང་རྐུ་བར་ངེས་པ་དེ་ལ་ནོམ་ཉུག་བྱེད་པའི་སྔར་ཡང་འདམས་ཏེ་རྐུ་བ་ཡིན་ན། བདམ་པའི་ཆེད་དུ་ནོམ་ཉུག་བྱེད་པ་དང་ཆས་ཀྱིས་བརྔོད་པས་རྟ་ལ་སོགས་པ་འཁྲིད་པའམ་ཞོན་པའམ་གྲུར་ཞུགས་ཏེ་འདི་བརྐུ་བར་བྱའོ་སྙམ་པ་དང༌། རྟ་དང་འགྲུ་འདི་ལས་འདིའི་རྫས་འདི་ལྟར་བརྐུ་བར་བྱའོ་སྙམ་ནས་འཐོབ་ངེས་པའི་སྤྲོ་བས་ལུས་འགྱུར་བ་ལ་ཡང་སྦོམ་པོའོ། །ལམ་དུ་འགྲོ་བའི་ཚེ་ཕྱིར་བརྣུར་བ་སོགས་ཀྱིས་ཆོས་གོས་ལ་སོགས་པ་རྐུ་བར་བྱེད་ན་གོམ་པ་རེ་རེ་ལ་ཉེས་བྱས་ཐ་


JLD001_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་རེ་སྐྱེད་ཅིང་རྫས་བདག་ལ་མི་སྣང་བའི་སར་འཇུག་པའི་ཚེ་སྦོམ་པོ་དང༌། མི་སྣང་བའི་ཚེ་ཕམ་པར་འགྱུར་རོ། །བརྙས་པ་དང་བསྐྱིས་པ་དང་རྫས་བདག་གིས་བཞག་པའི་གནས་མི་ཤེས་པའི་གཏམས་པ་རྣམས་ལ་ནི་བརྐུ་སེམས་ཀྱིས་བསྙོན་པའི་ཚེ་སྦོམ་པོ་དང༌། མི་སྦྱིན་པར་ཐག་བཅད་པའི་ཚེ་ཕམ་པའོ། །རྫས་བདག་གིས་བཞག་པའི་གནས་ཤེས་པའི་གཏམས་པ་རྐུ་བ་ལ་རྫས་དེ་གནས་ནས་སྤོ་བའི་སྔ་རོལ་ཏུ་བརྣོག་པའི་བསམ་པ་བསྐྱེས་པའི་ཚེ་སྦོམ་པོ་དང༌། རྫས་དེ་སྤོ་བ་དང་ལྷན་ཅིག་དང༌། སྤོས་པའི་འོག་ཏུ་བརྣོག་པའི་བསམ་པ་སྐྱེས་ན་དེ་ཉིད་ནས་ཕམ་པར་འགྱུར་རོ། །གཤགས་ཀྱིས་བརྩད་དེ་རྐུ་བ་ལ་ནི་རྒྱལ་པོའི་གྲར་གཤགས་རྒྱལ་ཙམ་གྱིས་ཕམ་པ་དང༌། བློན་པོ་སོགས་ཀྱི་གྲར་ནི་རྒྱལ་བའི་ཚེ་སྦོམ་པོ་དང༌། ཕ་རོལ་པོས་གཤགས་ཀྱི་སྦྱོར་བ་བཏང་བའི་ཚེ་ཕམ་པའོ། །རྒྱན་ལ་དོར་བྱས་ཏེ་རྐུ་བ་ལ་ནི་རྒྱལ་བར་མ་གྱུར་པའི་ཚེ་སྦོམ་པ་དང༌། རྒྱལ་བའི་ཚེ་ཕམ་པར་འགྱུར་ལ། གྲངས་ལ་དོར་བྱེད་པ་དང༌། མཚན་མ་ཕྱིས་པ་ལ་སོགས་པ་དང༌། སྔར་ཚོམས་གཞན་དུ་བགྲངས་ནས་ཡང་ཕྱི་མར་བགྲང་བར་བྱེད་པ་དང༌། ཚོམས་སྔ་ཕྱི་གང་རུང་དུ་བགྲངས་པ་དེ་མ་བགྲངས་པའི་ཚོམས་སུ་བགྲངས་སོ་ཞེས་བསྙོན་པ་དང༌། རྙེད་པ་མི་དབང་བ་ལ་དབང་ངོ་ཞེས་སྒྲོག་པ་དང༌། གཞན་གྱིས་ལོང་ཞིག་ཅེས་མ་སྒོ་བར་དེའི་ཚིག་གིས་ལེན་པར་བྱེད་པ་རྣམས་ཀྱི་ཚེ་ཉེས་བྱས་དང༌། དེ་རྣམས་ཀྱི་མཐུས་རྫས་ཐོབ་པར་ཕྱོགས་པའི་ཚེ་སྦོམ་པོ་དང༌། ཐོབ་པ་ན་ཕམ་པའོ། །


JLD001_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་རྐུ་བའི་བྱ་བ་དངོས་སུ་མི་བྱེད་ཀྱང་རྐུན་པོ་ལ་ལམ་རྒྱུས་གོ་བར་བྱེད་པ་དང༌། བརྐུ་བའི་དོན་དུ་གྲོས་བྱེད་པ་དང༌། ལམ་སྲུང་བ་ལ་སོགས་པ་དང༌། བརྐུས་ཤས་བདག་གིར་བྱེད་འདོད་པ་རྣམས་ལ་ཡང་ཕམ་པར་འགྱུར་བར་འདྲའོ། །དེ་ལྟར་སྔར་བཤད་པའི་ཡན་ལག་དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་བདག་ཏུ་མ་བཟུང་བའི་གཏེར་ལ་སོགས་པ་དང༌། རང་གི་རྫས་དང༌། རང་དང་ནོར་གཅིག་པའི་ཉེ་དུ་དང་དགེ་འདུན་ལ་སོགས་པའི་ནོར་དང༌། མི་མ་ཡིན་གྱི་རྫས་དང༌། གཞན་ལ་བསྐུར་བའི་རྫས་བསྐུར་ས་དེས་བདག་གིར་མ་བྱས་པ་དང༌། སངས་རྒྱས་ལྷག་མེད་དུ་མྱ་ངན་འདས་པའི་དཀོར་དང༌། གཤེད་མ་ལ་སོགས་པས་གློ་བུར་དུ་བདག་གིར་བྱས་པའི་དུར་ཁྲོད་པའི་རྫས་དང༌། གཡོས་སུ་བྱས་པའི་ཁ་ཟས་རྣམས་རིན་ཐང་ཚང་བ་དང༌། མིའི་རྫས་རིན་ཐང་མ་ཚང་བ་རྐུ་བ་ལ་སྦོམ་པོར་འགྱུར་ལ། དེ་ཡང་ཡན་ལག་གཞན་ཚང་ན་ཏིལ་གྱི་ཕུབ་མ་ཙམ་གྱིས་ཀྱང་སྦོམ་པོ་སྐྱེད་པ་ལ་འདྲའོ། ཡན་ལག་གཞན་ཚང་ཡང་ཀུན་སློང་མ་ཚང་བ་རང་དང་ནོར་མི་གཅིག་པའི་དོན་དུ་རྐུ་བ་དང༌། རང་མི་དབང་བ་ལ་དབང་བ་དང༌། བདག་པོ་ཡོད་ཀྱང་མེད་པའི་འདུ་ཤེས་ཀྱིས་རྐུ་བ་དང༌། གསང་སྔགས་ལ་སོགས་པས་ཡིད་བསྒུལ་ཏེ་འབུལ་དུ་འཇུག་པ་དང༌། གཞན་གྱི་རྫས་བརྙས་པ་དང་བསྐྱིས་པ་མི་སྦྱིན་པར་སེམས་པ་ཙམ་དང༌། བརྙས་པ་སོགས་ལ་བསྲི་བ་མེད་པར་ལོངས་སྤྱོད་པ་རྣམས་ལ་ཡང་སྦོམ་


JLD001_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། བདག་གིར་བྱེད་འདོད་མེད་པར་གཞན་གྱི་རྫས་ཆུ་ལ་སོགས་པར་སྦ་བ་དང༌། སྲེག་པ་ལ་སོགས་པས་ཆུད་གཟན་པ་དང་མེ་ཏོག་དང་འབྲུ་ལ་སོགས་པ་གསང་སྔགས་ཀྱིས་སྐེམ་པར་བྱེད་པ་དང་རི་དྭགས་ལ་སོགས་པ་གཞན་གྱིས་ཟིན་པ་གཏོང་བ་རྣམས་ལ་རྫས་ཆུད་གཟན་གྱི་སྦོམ་པོར་འགྱུར་ཞིང་དེ་ཡང་སྙིང་རྗེས་གཏོང་ན་ཉེས་བྱས་སོ། །དེ་བཞིན་དུ་སྐུ་གཟུགས་ལ་སོགས་པ་མཆོད་པའི་དོན་ཙམ་དུ་རྐུ་བ་ལ་ཡང་ཉེས་བྱས་སོ། །རི་དྭགས་ཟིན་པ་ལ་སོགས་པ་བསྒོམས་བྱུང་གི་རྫུ་འཕྲུལ་གྱིས་གཏོང་བ་ལ་ཉེས་པ་མེད་དོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི། འདམ་པ་པོ་ལ་སོགས་པས་གཞན་གྱི་འཚོ་བའི་ཐབས་གཏོལ་བ་དང༌། ཡིད་གཅུགས་ཀྱི་གནས་མ་ཡིན་པ་ལ་ཡིད་གཅུགས་བྱེད་པ་དང༌། ཆོས་གོས་ཀྱི་ལས་ལ་སོགས་པ་ལག་པོད་དང་བསོད་ནམས་ཀྱི་བློས་མ་ཡིན་པར་གླ་རྔན་འདོད་པའི་བསམ་པས་བྱས་པ་དང༌། གཞན་གྱི་རྫས་ལྷུང་བ་བླངས་པ་ཡུན་རིང་དུ་བསྲེལ་བ་དང༌། བདག་པོ་གང་ཡིན་མི་ཤེས་པའི་ཚེ་དགེ་སྐོས་ལ་མ་གཏད་པ་དང༌། དགེ་སྐོས་ཀྱིས་ཀྱང་རྫས་དེ་རབ་བྱུང་གི་ཡིན་པར་དོགས་ན་དགེ་འདུན་ལམ་བསྟན་པ་དང༌། བསྟན་ཀྱང་བདག་པོ་མ་བྱུང་ན་ཐམས་ཅད་ཀྱིས་མཐོང་སར་མ་གཞག་པ་དང༌། ནང་པས་མ་གནང་བ་ལ་སྨན་བླངས་པ་དང༌། དང་པོ་རང་དབང་ཡང་གཞན་གྱིས་གློ་བུར་དུ་བདག་ཏུ་བཟུང་བའི་ནོར་མ་གནང་བར་བདག་གིར་བྱས་པ་དང༌། རྐུན་པོས་ཁྱེར་བའི་རྫས་རང་གི་བློས་མ་བཏང་ཡང་ཆོས་བཤད་པའམ་རིན་སྦྱིན་པར་མི་


JLD001_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་ནན་གྱིས་དགུག་པ་དང༌། རོ་མ་རྨས་པ་ལས་གོས་བླངས་པ་དང༌། རོའི་རྫས་བླང་བའི་ཕྱིར་རོ་རྨས་པར་བྱེད་པ་དང༌། རབ་ཏུ་བྱུང་བ་མི་འདོད་བཞིན་དུ་ཉེ་དུས་ཁྲིད་པ་མ་བཟུང་བ་དང༌། མགྲོན་དུ་མ་བོས་པའི་ཁྱིམ་དུ་ཟས་ཟ་བ་དང༌། གཞན་གྱིས་ལྟོས་མེད་དུ་བོར་བའི་རྫས་ལེན་པའི་ཚེ་གཞན་གྱིས་བདག་ཏུ་བཟུང་མ་བཟུང་མ་བརྟགས་པར་བླངས་པ་དང༌། མ་བཟུང་བར་ངེས་ཀྱང་སྐྱེ་བོ་མང་པོའི་མངོན་དུ་མ་བབ་པར་བླངས་པ་དང༌། ལུས་བསྙལ་བ་དང༌། གནང་ལ་བསྒྲེ་བ་དང༌། དགེ་སློང་གི་གནས་སུ་སྒོ་ང་མེད་པ་མ་གཏོགས་པ་བྱ་ལ་སོགས་པའི་ཚང་གཞིག་པ་དང༌། གནས་དེར་མ་གནས་པར་དེའི་རྙེད་པ་བླངས་པ་དང༌། ཆོམ་རྐུམ་པར་མ་གྲགས་པའི་རྐུན་པོ་ལས་རྫས་བླངས་པ་དང༌། ཆོམ་རྐུན་པར་གྲགས་པ་ལས་བླངས་པ་ཡང་ཁ་སྒྱུར་བ་སོགས་མ་བྱས་པར་བཅངས་པ་དང༌། དེ་ལྟར་བྱས་ཀྱང་དང་པོའི་རྫས་བདག་གིས་སློང་བའི་ཚེ་མི་སྦྱིན་པ་དང༌། རྔོན་པས་གཙེས་པའི་རི་དྭགས་གནས་ཁང་དུ་ཞུགས་པ་ཤི་བའི་ཚེ་རྔོན་པ་ལ་མི་སྟེར་བ་རྣམས་སོ། །ཤོ་གམ་རྐུ་བ་ལ་ནི་ཤོ་གམ་གཞལ་དགོས་ཀྱི་རྫས་ཁྱེར་ནས་ཤོ་གམ་གྱི་ས་ལས་འདས་ན་ཕམ་པར་འགྱུར་ལ། མཚམས་སུ་ཕྱིན་ནས་ནམ་མཁའ་ལ་འཁྱེར་བར་བྱེད་ན་སྦོམ་པོ་དང༌། གཞན་ལ་ཤོ་གམ་དྲོལ་ཅིག་ཅེས་བསྒོ་བ་དང༌། ཤོ་གམ་གཞལ་མི་དགོས་པའི་ལམ་གཞན་སྟོན་པ་ལ་ཉེས་བྱས་སུ་འགྱུར་རོ། །དེ་དང་འབྲེལ་བའི་


JLD001_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་ནི། ཤོ་གམ་གཞལ་དགོས་ཀྱི་རྫས་ཁྱེར་ཏེ་འགྲོ་བ་དང༌། གཞན་ལ་རྔན་པ་བྱིན་པ་ལ་སོགས་པའི་ཐབས་ཀྱིས་ཤོ་གམ་མི་འཇལ་བ་སོགས་ཡིན་ལ། འབྲེལ་ཆུང་བའི་ཕྱིར་རྒྱས་པར་ནི་མ་སྨོས་སོ། །ཤོ་གམ་གྱིས་མཚོན་གྲུ་བཙས་ལ་སོགས་པ་གཞལ་དགོས་པ་མི་འཇལ་བ་ལ་ཡང་མ་བྱིན་ལེན་གྱི་ཉེས་པ་དང་བསླབ་བྱ་ལས་འགལ་བའི་ཉེས་པར་འགྱུར་རོ། །གཉིས་པ་དེ་ལས་སེམས་སྲུང་ཚུལ་ལ་ལྟུང་བ་རྣམ་གཞག་ལས་སེམས་སྲུང་ཚུལ་ནི། གཞན་གྱིས་མ་གནང་བའི་རྫས་དབྲལ་འདོད་དང༌། གཡར་པོ་བསྲི་བ་མེད་པར་སྤྱད་འདོད་དང༌། བརྐུས་ཤས་བདག་གིར་བྱེད་འདོད་དང༌། མི་དབང་བ་ལ་དབང་བ་དང༌། བདག་པོ་ཡོད་པ་ལ་མེད་པའི་འདུ་ཤེས་འཁྲུལ་པ་གཉིས་རྣམས་འགོག་པའོ། །འདུ་ཤེས་འཁྲུལ་པ་འགོག་པ་ནི་གཞན་གྱིས་བོར་བའི་རྫས་ལེན་པའི་ཚེ་བདག་པོ་ཡོད་མེད་སོགས་ལེགས་པར་བརྟག་པའོ། །བསླབ་བྱའི་ཉེས་བྱས་ལས་སེམས་སྲུང་ཚུལ་སྔར་བཤད་པ་ལྟར་ཤེས་པར་བྱའོ། །གསུམ་པ་སྲོག་གཅོད་ལ་ལྟུང་བ་ངོས་གཟུང༌། དེ་ལས་སེམས་སྲུང་བའི་ཚུལ་གཉིས། དང་པོ་ལ་ལྟུང་བ་རྣམ་གཞག །བསླབ་བྱའི་ཉེས་བྱས་གཉིས། དང་པོ་ལ་བཞི་ལས། གཞིའི་ཡན་ལག་ནི་མི་ཡིན་པ་རང་ལས་རྒྱུད་ཐ་དད་པའོ། །བསམ་པ་ལ་གཉིས་ལས་འདུ་ཤེས་ནི་སྤྱི་དང་བྱེ་བྲག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཕན་པའི་བསམ་པས་ཀྱང་རུང་སྟེ་གསོད་པར་འདོད་པ་རྒྱུན་མ་ཆད་


JLD001_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སྦྱོར་བ་ནི་མཚོན་དང་དུག་དང་མཐུ་དང་སྒྱུ་ཐབས་ཀྱིས་འཆི་བའི་སར་གཏོང་བ་དང༌། གསོད་སེམས་ཀྱིས་གསད་བྱ་སྟོན་པ་དང༌། གཞན་གྱིས་གསོད་པའི་གནང་བ་གསོལ་བ་སྟེར་བ་ལ་སོགས་པ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་མ་འཁྱོགས་པས་གསོད་པར་རྩོམ་པའོ། །མཐར་ཐུག་སྦྱོར་བ་དེའི་རྐྱེན་གྱིས་དུས་དེའི་ཚེའམ་གཞན་གྱི་ཚེ་ཤི་བའོ། །ལྟུང་བ་སྐྱེད་པའི་གོ་རིམ་ནི་གསོད་སེམས་སྐྱེས་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ་ཡིན་ལ། ལུས་ངག་ཏུ་ཐོན་ནས་གསོད་པའི་སྦྱོར་བ་ལ་དངོས་སུ་མ་ཞུགས་པའི་བར་སྦྱོར་བའི་སྦྱོར་བའི་ཉེས་བྱས་དང༌། དངོས་སུ་ཞུགས་པའི་ཚེ་སྦོམ་པོ་དང༌། སྲོག་འགགས་པའི་ཚེ་ཕམ་པར་འགྱུར་ལ། དེ་ཡང་ཤི་བའི་སྔ་རོལ་ཏུ་འདུན་པ་ལོག་པ་དང༌། གསད་བྱའི་སྔ་རོལ་དང་དུས་མཉམ་དུ་རང་ཉིད་ཤི་བ་ལ་མཐར་ཐུག་མི་འབྱུང་ངོ་། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་དུད་འགྲོ་ལས་གཞན་པའི་མི་མ་ཡིན་གཟུགས་གཞན་དུ་བསྒྱུར་མ་བསྒྱུར་གང་ཡང་རུང་བ་བསད་པ་དང༌། བདག་ཉིད་གསོད་པའི་དོན་དུ་གཡང་ས་ནས་མཆོང་བ་སོགས་སྒྲུབ་པ་རྣམས་ལ་སྦོམ་པོའོ། །ཀུན་སློང་གི་ཡན་ལག་མ་ཚང་པ་མ་དང་མངལ་ན་གནས་པ་གང་རུང་གཅིག་གསོད་པར་བསམས་པ་ལས་མ་བསམས་པ་ཤི་བ་དང༌། དེས་མཚོན་པ་གསད་བྱ་དུ་མའི་ནང་ནས་གང་རུང་གཅིག་གསོད་པར་བསམས་ཏེ་གསོད་བྱེད་ལ་བསྟན་པ་ལས་མ་བསམས་པ་བསད་པ་དང༌།


JLD001_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་སེམས་མེད་པར་མིའི་ཡན་ལག་གཅོད་པ་དང༌། སྲོག་ཆགས་མང་པོ་ཡོད་པར་ཤེས་པའམ་དོགས་པའི་ནགས་མེས་གཏོང་བ་དང༌། མིའི་འགྲོ་བ་པ་འཚོང་བ་དང༌། ཆོམ་རྐུན་པ་ལ་སོགས་པ་རྒྱལ་བའི་གྲལ་འབུལ་པ་དང༌། ནད་པ་སྐྱོད་པ་སོགས་བྱས་ན་འཆིར་འོང་ངོ་ཞེས་ཟེར་བ་ལ་ཡིད་མི་ཆེས་པས་སྐྱོད་པ་སོགས་བྱེད་པ་དང༌། ནད་པ་ཤི་བླའོ་ཞེས་གཡོག་མི་བྱེད་པ་དང༌། མི་འཕྲོད་པའི་ཟས་སྦྱིན་པ་དང༌།འབྲས་ལ་སོགས་པ་མ་སྨིན་པ་བརྟོལ་བ་དང༌། དོང་དུ་འཇུག་པ་དང་སྒོ་གླེགས་ཀྱིས་འཚིར་བ་ལ་སོགས་པས་ཉོན་མོངས་པར་བྱེད་པ་རྣམས་ལ་སྦོམ་པོར་འགྱུར་ལ། སྲོག་ཆགས་ཉུང་ངུ་ཡོད་པར་ཤེས་པའམ་དོགས་པའི་ནགས་མེས་གཏོང་བ་དང༌། གནོད་སེམས་མེད་ཀྱང་གསད་བྱ་སྟོན་པ་སོགས་བྱེད་པ་ལ་ནི་ཉེས་བྱས་སོ། སྦྱོར་བའི་ཡན་ལག་མ་ཚང་བ་རང་ཉིད་ལ་རག་མ་ལས་པར་གཞན་གྱིས་རང་དགར་གསོད་པ་ལ་འཇུག་པ་དང་དུ་ལེན་པར་བྱེད་ན་སྦོམ་པོའོ། །གཉིས་པ་བསླབ་བྱ་ལ་ལྔ་ལས་ནད་པ་དང་འབྲེལ་བའི་བསླབ་བྱ་ནི། ནད་པ་དང་མིན་པ་ཡང་རུང་སྟེ་འཆི་བ་དང་མཐུན་པའི་གཏམ་སྨྲས་པ་དང༌། ནད་གཡོག་མཁས་པ་ཡོད་བཞིན་དུ་མི་མཁས་པ་བཞག་པ་དང༌། མེད་པའི་ཚེ་མི་མཁས་པ་ལ་མི་འཆི་བའི་ཐབས་མ་སྨྲས་པར་ནད་གཡོག་ཏུ་བཞག་པ་དང༌། ནད་གཡོག་གིས་ནད་པའི་ཉེ་འཁོར་དུ་མཚོན་ཆ་སོགས་བཞག་པ་དང༌། ནད་པ་འཆི་བའི་ཐབས་སྒྲུབ་པ་ནད་གཡོག་གིས་མ་བཟློག་པ་དང༌། ནད་པ་ལ་


JLD001_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་སོགས་མ་བརྟགས་པར་སྦྱིན་པ་དང༌། སྨན་པ་སོགས་ལ་མ་དྲིས་པར་ནད་པ་ལ་གྱ་ཚོམ་དུ་སྨན་སྦྱིན་པ་དང༌། ལེགས་པར་མ་བསླབས་པར་མཚོན་གྱི་དཔྱད་ལ་སོགས་པ་བྱེད་པ་དང༌། ནད་པ་འགྲོ་མི་ནུས་པ་ལམ་དུ་འཁྲིད་པ་རྣམས་སོ། །ལག་གི་བླ་དང་འབྲེལ་བའི་བསླབ་བྱ་ནི་ཤེས་བཞིན་མེད་པར་ལག་དཔོན་གྱིས་ལས་བྱས་པ་དང༌། སྲོག་ཆགས་ལ་གནོད་མི་གནོད་མ་བརྟགས་པར་ཤིང་ལ་སོགས་པ་སྒྲིལ་པ་དང༌། འདེགས་བྱེད་ཉུང་བའི་ཕྱོགས་ཀྱིས་ཁུར་ལྕི་བ་འདེགས་པ་དང༌། ལས་བྱེད་པའི་ཚེ་སོ་ཕག་མི་འབྲིམ་པར་འཕང་བ་དང༌། འབྲིམ་པའི་ཚེ་བྱེ་བ་དང་གས་པ་མ་བརྗོད་པར་སྦྱིན་པ་དང༌། ཁུར་འདེབས་པར་མི་ནུས་པའི་གྲོགས་བྱེད་པ་དང༌། འདེགས་པ་དང་གཞག་དགོས་པའི་ཚེ་ཡང་ཁྱིམ་པ་དག་ལ་སྐད་སྦྱར་ཏེ་ཅིག་ཅར་མ་བྱས་པ་རྣམས་སོ། །ལམ་དུ་འགྲོ་བ་དང་འབྲེལ་བ་ནི། ལམ་དུ་འགྲོ་བའི་ཚེ་ངལ་བ་དང་ངལ་བ་མ་ཡིན་པའི་དགེ་སློང་ལ་སོགས་པ་འཕུལ་བ་དང༌། དེ་ངལ་སོར་མ་གཅུག་པ་དང༌། སྣོད་སྤྱད་མ་བླངས་པ་དང༌། སྔར་ཕྱིན་ཏེ་ལྷུང་བཟེད་བཀྲུ་བ་དང་བྱུག་རིས་དང་བྱིན་ལེན་དང་འོངས་མ་འོངས་བརྟག་པ་རྣམས་མ་བྱས་པ་དང༌། ཟས་ཀྱི་དུས་སུ་མི་སླེབ་ན་ཟས་ཁྱེར་ཏེ་བསུ་བ་ལ་སོགས་པའི་གྲོགས་མི་བྱེད་པ་རྣམས་སོ། །བཞི་པ་བསམ་ངན་བཟློག་པ་དང་འབྲེལ་བ་ནི། རྫས་ཀྱི་ཕྱིར་གཞན་འཆི་བར་འདོད་པ་དང༌། བྱ་བ་མ་ཡིན་པ་བྱེད་པ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བར་བྱེད་པའོ། །ལྔ་པ་


JLD001_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

བག་མེད་དང་འབྲེལ་བའི་ཉེས་པ་ནི། ཤེས་བཞིན་མེད་པར་གསང་སྔགས་ཀྱི་ཐལ་ལྕག་བྱེད་པ་དང༌། ཤེས་བཞིན་མེད་པར་མགུལ་པར་ཟས་ཐོགས་པ་བསལ་བའི་ཕྱིར་བསྣུན་པ་དང༌། སྤྱིའུ་ཚུགས་སུ་འགྲོ་བ་དང༌། མཚོན་ལ་སོགས་པ་འཕོངས་ཤིག་ཅེས་བསྒོ་བ་རྣམས་སོ། །གཉིས་པ་དེ་ལས་སེམས་སྲུང་ཚུལ་ལ་ལྟུང་བ་རྣམ་གཞག་ལས་སེམས་སྲུང་ཚུལ་ནི། རང་གཞན་གྱི་ལུས་སྲོག་ལ་གནོད་པ་བྱེད་འདོད་དང༌། གཞན་གྱིས་དེའི་གནང་བ་གསོལ་བ་དང་དུ་ལེན་འདོད་དང༌། གནོད་པར་མཐོང་ཡང་ལྟོས་པ་མེད་པར་འཇུག་འདོད་དང༌། གནོད་པའི་དགག་བྱ་ཉེ་བར་གནས་པ་ན་ཤེས་བཞིན་མ་བསྟེན་པ་དང༌། མིའི་འགྲོ་བ་པ་འཚོང་འདོད་རྣམས་འགོག་པའོ། །བསླབ་བྱའི་ཉེས་བྱས་ལས་སེམས་སྲུང་བ་ནི་སྔར་དང་འདྲའོ། །བཞི་པ་སྨྲ་བའི་ཕམ་པ་ལ་ལྟུང་བ་ངོས་གཟུང་བ། དེ་ལས་སེམས་སྲུང་བའི་ཚུལ་གཉིས། དང་པོ་ལ་ལྟུང་བ་རྣམ་གཞག །བསླབ་བྱའི་ཉེས་བྱས་གཉིས། དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་སྨྲ་བའི་ཡུལ་ནི་མི་ཡིན་པ་སྨྲ་ཤེས་པ་དོན་གོ་བ་བསམ་པ་རང་བཞིན་དུ་གནས་པ། མ་ནིང་མཚན་གཉིས་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རང་ལས་རྒྱུད་ཐ་དད་པའོ། །གང་སྨྲ་བའི་དངོས་པོ་ནི་འདོད་པ་ལས་འདས་པའི་ཡོན་ཏན་མི་རྟག་པ་ལ་སོགས་པའི་འདུ་ཤེས་ཉི་ཤུ་དང༌། བསམ་གཏན་གཟུགས་མེད་དང༌། ཚད་མེད་པ་དང༌། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་དང༌། མངོན་ཤེས་ལ་སོགས་པ་


JLD001_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། བསམ་པ་ལ་གཉིས་ལས་འདུ་ཤེས་ནི་སྤྱི་དང་བྱེད་བྲག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མི་ཆོས་བླ་མ་དང་ལྡན་པར་སྨྲ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་ཏུ་གྲུབ་པ། རང་གི་ཡིན་པ། མ་ནོར་བ། བདག་གི་རྒྱུད་དང་སྦྱར་བ། གསལ་པོར་སྨྲས་པ་སྟེང་ངག་མཚན་ཉིད་ལྔ་དང་ལྡན་པས་མི་ཆོས་བླ་མ་དེ་དག་ཐོབ་པའམ་ཐོབ་པ་ལས་ཉམས་པར་སྨྲས་པ་དང༌། མི་ཆོས་བླ་མ་ཐོབ་པའི་ཡོན་ཏན་མི་མ་ཡིན་གྱིས་གནོད་པ་མི་བྱེད་པ་ལ་སོགས་པ་དེ་དག་ཁོ་བོ་ལ་ཡང་བྱུང་ངོ་ཞེས་པ་དང༌། མངོན་ཤེས་མ་ཐོབ་པའི་ཡུལ་དུ་མི་རུང་བའི་ལྷ་ལ་སོགས་པ་རྣམས་དང་ཕན་ཚུན་མཐོང་བ་དང་ཐོས་པ་དང་གཏན་”འདྲི་བ་སོགས་བྱེད་དོ་ཞེས་སྨྲས་པ་དང༌། གཞན་གྱིས་དེ་ལྟར་སྨྲ་པ་ན་ངག་གིས་དང་དུ་ལེན་པའོ། །མཐར་ཐུག་ནི་ཡུལ་གྱིས་དོན་གོ་བའོ། །ལྟུང་བ་སྐྱེད་པའི་གོ་རིམ་ནི་སྨྲ་བར་འདོད་པ་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ་དང༌། ལུས་ངག་ཏུ་ཐོན་ནས་སྦྱོར་བའི་སྦྱོར་བའི་ཉེས་བྱས་དང༌། སྦྱོར་བའི་སྦོམ་པོ་དང༌། མཐར་ཐུག་ཕམ་པ་རྣམས་ནི་རིམ་པ་བཞིན་ནོ། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་རྡུལ་ཁྲོད་ཀྱི་ཤ་ཟ་སོགས་མཐོང་ངོ་ཞེས་སྨྲ་བ་དང༌། འདོད་པའི་སས་བསྡུས་པའི་མི་སྡུག་པ་ལ་སོགས་པའི་སེམས་རྩེ་གཅིག་པ་ཐོབ་བོ་ཞེས་སྨྲ་བ་དང༌། མི་ཆོས་བླ་མ་གོ་བར་འདོད་ནས་སོ་སོར་ཐར་པ་ལ་སློབ་པར་བསམས་ཏེ། སློབ་པའོ་ཞེས་སོགས་རྗོད་པ་ལ་སྦོམ་པོའོ། །སྦྱོར་བའི་ཡན་ལག་མ་


JLD001_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་རྒྱུན་ཞུགས་ཐོབ་བོ་ཞེས་སྨྲ་བར་འདོད་པ་ལས་ཕྱིར་འོང་ཐོབ་བོ་ཞེས་སྨྲས་པ་ལྟ་བུ་ནོར་བ་དང༌། ཁྱོད་ཁོ་བོ་དང་འདྲ་ན་དགྲ་བཅོམ་པ་ལ་སོགས་པར་འགྱུར་རོ། །ཁོ་བོ་ནི་དགྲ་བཅོམ་པ་སོགས་མ་ཡིན་ནོ་ཞེས་པ་དང༌། རང་ཉིད་མི་ཆོས་བླ་མ་དང་ལྡན་པར་གོ་བར་འདོད་ནས་འདི་ན་མི་ཆོས་བླ་མ་ཐོབ་པ་དག་ཡོད་དོ་ཞེས་གཞན་ལ་སྦྱར་ནས་སྨྲ་བ་དང༌། གཞན་གྱིས་ཁྱོད་དགྲ་བཅོམ་པ་ལ་སོགས་པ་ཡིན་ནོ་ཟེར་བ་ལ་ཅང་མི་སྨྲ་བས་དང་དུ་ལེན་པ་དང༌། དགྲ་བཅོམ་པ་ལ་སོགས་པ་ཡིན་ན་ཁྱིམ་དུ་ཞུགས་ཤིག །བསོད་སྙོམས་ལོང་ཞིག་ཅེས་ཟེར་བ་ལ་ཅང་མི་སྨྲ་བས་ཁྱིམ་དུ་འཇུག་པ་སོགས་བྱེད་ན་སྦོམ་པོར་འགྱུར་རོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི། མ་བསམ་པར་འདས་མ་འོངས་སོགས་ལུང་བསྟན་པའོ། །ལྟུང་བ་རྣམ་གཞག་ལས་སེམས་སྲུང་ཚུལ་ནི། འདུ་ཤེས་བསྒྱུར་ཏེ་སྨྲ་འདོད་དང༌། གཞན་གྱིས་སྨྲས་པ་འདུ་ཤེས་བསྒྱུར་ཏེ་དང་དུ་ལེན་འདོད་འགོག་པའོ། ། ༈ གཉིས་པ་ལྷག་མའི་སྡེ་ལ་འདོད་པས་ཀུན་ནས་བསླང་བ། གནོད་པས་ཀུན་ནས་བསླང་བ། བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་གསུམ་མོ། །དང་པོ་ལ་ནང་སེམས་ཅན་ལ་ཆགས་པ་དང༌། ཕྱི་ལོངས་སྤྱོད་ལ་ཆགས་པའི་ལྷག་མ་གཉིས། དང་པོ་ལ་རང་འདོད་པ་བསྟེན་པ་དང་། གཞན་འདོད་པ་བསྟེན་དུ་འཇུག་པ་གཉིས། དང་པོ་ལ་རེག་པའི་བདེ་བ་ལ་ཆགས་པ་དང་། སྨྲ་བའི་བདེ་བ་ལ་ཆགས་པ་གཉིས། དང་པོ་ལ་རང་གི་ས་བོན་གྱི་རེག་བྱ་ལ་ཆགས་པ་འབྱིན་པ་དང༌། གཞན་གྱི་ལུས་


JLD001_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རེག་བྱ་ལ་ཆགས་པ་རེག་པའི་དགེ་འདུན་ལྷག་མ་གཉིས། དང་པོ་ལ་ལྟུང་བ་ངོས་གཟུང༌། དེ་ལས་སེམས་སྲུང་ཚུལ་གཉིས། དང་པོ་ལ་བཞི་ལས། གཞིའི་ཡན་ལག་ལ་གང་དབྱུང་བའི་དངོས་པོ་ནི་རང་གི་ཁུ་བ་ཡིན་པ། དང་པོའི་གནས་ནས་མ་འཕོས་པའོ། །གང་ལས་དབྱུང་བ་ནི་རང་གི་ཡན་ལག་གི་རྣམ་པ་ལས་སོ། །གང་གིས་དབྱུང་བ་ནི་སེམས་ཅན་གསོན་པོའམ་ཤི་བའི་ལུས་སམ་དེའི་དུམ་བུ་ཀེང་རུས་དང་མགོ་དང་རྣ་བ་ལ་སོགས་པ་རང་རང་གི་ཡན་ལག་གི་རྣམ་པར་གནས་པས་སོ། །བསམ་པ་ལ་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ་ཞིང་ཀུན་སློང་ནི་བདེ་བ་མྱོང་བའི་ཕྱིར་རམ། ས་བོན་དང་སྨན་ལ་སོགས་པའི་ཕྱིར་ཡང་རུང་སྟེ་འབྱིན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རེག་ཅིང་རྩོལ་བའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དང་པོའི་གནས་ནས་འཕོས་པའོ། །ལྟུང་བ་སྐྱེད་པའི་གོ་རིམ་ནི་ཀུན་སློང་སྐྱེས་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ་ཡིན་པ་སོགས་དམིགས་བསལ་དངོས་སུ་བཤད་པ་མ་གཏོགས་པ་ལྷག་མའི་སྐབས་ཀུན་ལ་སྔར་བཞིན་ཤེས་པར་བྱའོ། །གང་དབྱུང་བའི་གཞིའི་ཡན་ལག་མ་ཚང་བ་སྦུབས་སུ་འོངས་པ་དང༌། གཞན་གྱི་ཁུ་བ་འབྱིན་པ་དང༌། གང་ལས་དབྱུང་བའི་གཞིའི་ཡན་ལག་མ་ཚང་བ་ཡན་ལག་གི་རྣམ་པ་ལས་གཞན་པའི་ལུས་ལ་རེག་སྟེ་འབྱིན་པ་དང༌། གང་གིས་དབྱུང་བའི་གཞི་མ་ཚང་བ་ཆུའི་རྒྱུན་ལས་བཟློག་ཕྱོགས་དང་རླུང་གི་རྫི་ཕྱོགས་མ་ཡིན་པར་གཏད་


JLD001_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འབྱིན་པ་དང༌། སེམས་ཅན་དུ་བགྲང་བ་མ་ཡིན་པ་སྟན་དང་ཁྲི་ལ་སོགས་པ་དང༌། སེམས་ཅན་དུ་བགྲང་བ་ཡིན་ཡང་ཡན་ལག་གི་རྣམ་པར་གནས་པ་མ་ཡིན་པ་ཤའི་དུམ་བུ་ལ་སོགས་པས་རེག་སྟེ་འབྱིན་པ་དང༌། ཀུན་སློང་གི་ཡན་ལག་མ་ཚང་བ་ཆགས་སེམས་ཀྱིས་གཞལ་བའི་ཆེད་དུ་ཡན་ལག་གི་རྣམ་པ་ལ་རེག་པ་དང༌། ཉེད་པ་དང༌། འཚིར་བ་དང༌། ལས་སུ་རུང་བ་ལ་ནོམ་པ་དང༌། ཡན་ལག་གི་རྣམ་པའི་བུ་ག་འཚིར་བ་དང༌། སྦྱོར་བའི་ཡན་ལག་མ་ཚང་བ་གར་བྱེད་པ་དང༌། ནམ་མཁའ་ལ་རྐེད་པ་སྐྱོད་པ་དང༌། སྐྱེས་པ་དང་བུད་མེད་སྤྲོད་པའི་སྦྱོར་བའི་བདེ་བ་དང༌། ཁུ་བ་འབྱུང་ཁའི་བདེ་བ་དང༌། གདུང་བ་དང་བྲལ་བའི་བདེ་བ་རྣམས་ཡིད་ལ་བྱས་ཏེ་འབྱིན་པ་དང༌། དབྱུང་འདོད་མེད་བར་རྨི་ལམ་སོགས་སུ་ཁུ་བ་དབྱུང་བའི་རོ་མྱོང་བ་དང༌། སྨན་ཟོས་ནས་འབྱིན་པ་དང༌། དབྱུང་བའི་ཕྱིར་འགྲོ་བའི་ལམ་དུ་ཁུ་བ་ཕྱུང་བ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཙམ་དང༌། རྩོལ་བ་མེད་པར་ཡན་ལག་གི་རྣམ་པ་ལ་རེག་པ་རྣམས་ཀྱིས་ཁུ་བ་འབྱིན་ན་སྦོམ་པོའོ། །མཐར་ཐུག་གི་ཡན་ལག་མ་ཚང་བ་འབྱིན་པར་བརྩམས་པ་ཙམ་ན་སྦྱོར་བ་བཏང་བ་དང༌། དང་པོའི་གནས་ནས་འཕོ་བར་འགྱུར་བའི་གནས་སྐབས་སུ་དབྱུང་བའི་བྱ་བ་བཏང་ན་སྦོམ་པོའོ། །ཆགས་སེམས་ཀྱིས་ཆུའི་རྒྱུན་དང་རླུང་གི་རྫི་ཕྱོགས་སུ་གཏོད་པ་དང༌། ཆགས་སེམས་ཀྱིས་དེ་ལ་བལྟ་བ་དང༌། ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་སེམས་ཅན་དུ་བགྲང་བ་མ་ཡིན་པས་རེག་པ་དང༌། གཞན་གྱི་ཡན་ལག་གི་རྣམ་པའི་བུ་ག་འཚིར་བ་དང༌།


JLD001_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་མེད་པར་ཡན་ལག་གི་རྣམ་པ་འགུལ་བ་ཙམ་གྱིས་འབྱིན་པ་རྣམས་ལ་ཉེས་བྱས་སོ། །དེ་ལས་སེམས་སྲུང་ཚུལ་ནི། རང་ངམ་གཞན་གྱི་ས་བོན་ལ་དམིགས་ནས་དབྱུང་འདོད་དང༌། ཆགས་སེམས་ཀྱིས་ཡན་ལག་གི་རྣམ་པ་ལ་རེག་པ་དང་བལྟ་བར་འདོད་པ་དང༌། དབྱུང་འདོད་མེད་པ་ལས་བྱུང་བའི་རོ་མྱང་འདོད་འགོག་པའོ། །གཞན་གྱི་རེག་བྱ་ལ་ཆགས་པ་རེག་པའི་དགེ་འདུན་ལྷག་མ་ལ་ལྟུང་བ་ངོས་གཟུང་བ། དེ་ལས་སེམས་སྲུང་ཚུལ་གཉིས། དང་པོ་ལ་ལྟུང་བ་རྣམ་གཞག་དང༌། བསླབ་བྱའི་ཉེས་བྱས་གཉིས། དང་པོ་ལ་བཞི་ལས། གཞིའི་ཡན་ལག་ལ་གང་ལ་རེག་པའི་ཡུལ་ནི་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་དང་ལྡན་པ། ལུས་བསྟེན་དུ་རུང་བ། མ་ཉམས་པ། ལུས་དངོས་སམ་སྐྲའམ་དེ་དང་འབྲེལ་བའི་གོས་ལ་སོགས་པ་ཡིན་པ། མི་ཡིན་པ། ཤེས་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། རྨའི་སྒོ་གསུམ་ལས་གཞན་ཡིན་པ་རྣམས་སོ། །རེག་བྱེད་ནི་ཡན་ལག་གི་རྣམ་པ་ལས་གཞན་པའི་རང་གི་ལུས་དངོས་མ་ཉམས་པའོ། །བསམ་པ་ལ་གཉིས་ལས་འདུ་ཤེས་ནི་སྤྱི་དང་བྱེ་བྲག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རེག་པའི་བདེ་བ་མྱོང་བར་འདོད་པའི་འདུན་པ་འདོད་ཆགས་དང་ལྡན་པའོ། །སྦྱོར་བ་ནི་རང་གིས་ནོམ་པ་དང་ཉུག་པ་སོགས་ཀྱིས་རེག་པའམ་གཞན་གྱིས་རེག་པ་དང་དུ་ལེན་པའོ། །མཐར་ཐུག་ནི་རེག་པའི་བདེ་བ་ཉམས་སུ་མྱོང་བའོ། །ཡན་ལག་དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་བསྟེན་


JLD001_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རུང་བའི་བུད་མེད་དང༌། སྐྱེས་པ་དང༌། མཚན་གང་ཡང་མེད་པའི་མ་ནིང་ཕོ་མོ་དང༌། སྤྲུལ་པ་མོ་རྣམས་ལ་རེག་པ་དང༌། བུད་མེད་ཀྱི་ལུས་ལ་གོས་ཀྱིས་བར་དུ་བཅད་དེ་རེག་པ་དང༌། ཟས་དང་ས་ལ་སོགས་པ་མོའི་དབང་པོར་འཛུད་པ་དང༌། ཀུན་སློང་གི་ཡན་ལག་མ་ཚང་བ་འཇམ་པ་དང་དྲོ་བ་དང་སྙི་བའི་བསམ་པས་རེག་པ་རྣམས་ལ་སྦོམ་པོའོ། །རྐང་པ་ལ་སོགས་པས་བུད་མེད་ལ་འཕུལ་བ་དང༌། བུད་མེད་ཀྱང་དེའི་སྟན་འཕུལ་བ་དང༌། བུད་མེད་འགྱེལ་བ་ལྡང་ནུས་བཞིན་དུ་སློང་བ་རྣམས་ལ་ཉེས་བྱས་སོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི། ཆགས་སོགས་མེད་ཀྱང་དགེ་སློང་མ་དང་བུད་མེད་ལ་རེག་པ་དང༌། ཆུ་ལ་སོགས་པར་ཉམ་ཐག་པ་བསྒྲལ་པའི་ཕྱིར་མ་རེག་པ་དང༌། རེག་དགོས་པའི་ཚེ་ཡང་མ་ལ་སོགས་པའི་འདུ་ཤེས་ཀྱིས་ལག་པའམ་སྐྲ་སོགས་ལས་མ་རེག་པ་དང༌། དྲན་པ་རྙེད་པའི་ཐབས་ལ་མ་འབད་པ་དང༌། དེ་མ་བསྲུངས་པ་དང༌། ཟས་ལ་འགྲོ་བ་ལ་སོགས་པའི་ཚེ་གཞན་ལ་མ་བཅོལ་བ་དང༌། སྲོག་འཚོ་མི་འཚོ་མ་བརྟགས་པ་རྣམས་སོ། །སེམས་སྲུང་ཚུལ་ལ་ལྟུང་བ་རྣམ་གཞག་ལས་སེམས་སྲུང་ཚུལ་ནི། མཚན་མི་མཐུན་གྱི་ལུས་དངོས་སམ་དེ་དང་འབྲེལ་བའམ་དེའི་སྟན་སོགས་ལ་དགོས་པ་མེད་པར་རེག་འདོད་དང༌། མཚན་མཐུན་གྱི་ལུས་དངོས་སམ་དེ་དང་འབྲེལ་བའམ་དེའི་སྟན་སོགས་ལ་ཆགས་སེམས་ཀྱིས་རེག་འདོད་འགོག་པའོ། །གཉིས་པ་སྨྲ་བའི་བདེ་བ་ལ་ཆགས་པའི་ལྷག་མ་ལ་ལྟུང་བ་ངོས་གཟུང་བ་དང༌། དེ་ལས་སེམས་སྲུང་ཚུལ་གཉིས། དང་པོ་ལ་གཉིས་ལས་འཁྲིག་ཚིག་སྨྲ་བའི་ལྷག་མ་ལ་བཞི་ལས།


JLD001_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ཡན་ལག་ལ་གང་ལ་བརྗོད་པའི་ཡུལ་ནི་མི་ཡིན་སྨྲ་ཤེས་ལེགས་སྨྲས་ཉེས་སྨྲས་ཀྱི་དོན་གོ །བསམ་པ་རང་བཞིན་དུ་གནས་པ་སྟེ་ཐ་སྙད་བཞི་ལྡན་དང༌། བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་དང༌། ལུས་ཐ་མལ་དུ་གནས་པ། བསྟེན་དུ་རུང་བ། རྫུ་འཕྲུལ་ཅན་མ་ཡིན་པའོ། །གང་བརྗོད་པའི་དངོས་པོ་ནི། ཡུལ་དུས་དེར་འཁྲིག་པར་གསལ་པོར་གྲགས་པའོ། །བསམ་པ་ལ་འདུ་ཤེས་སྤྱི་དང་བྱེ་བྲག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་འཁྲིག་པ་སྨྲས་པའི་བདེ་བ་མྱོང་བར་འདོད་པའི་འདུན་པ་འདོད་ཆགས་དང་ལྡན་པས་སྨྲ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མི་ཆོས་བླ་མའི་སྐབས་སུ་བཤད་པའི་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་རྩོམ་པའོ། །མཐར་ཐུག་ནི་ཡུལ་གྱིས་དོན་གོ་བའོ། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་བུད་མེད་རྫུ་འཕྲུལ་ཅན་ལ་སྨྲས་པ་དང༌། སྐྱེས་པ་ལ་སྨྲས་པ་དང༌། ལེགས་སྨྲས་ཉེས་སྨྲས་ཀྱི་དོན་མི་གོ་བ་ལ་སྨྲས་པ་དང༌། འཁྲིག་བ་དང་འབྲེལ་བའི་དོན་ཁྱོད་ཀྱི་རྨའི་སྒོ་ལེགས་པར་དོད་དོ་ཞེས་སོགས་དང༌། ཚུར་ཤོག་དེ་དང་དེ་བྱའོ་ཞེས་སོགས་དང༌། ཁོ་བོ་ནི་ཁྱོད་ལ་དགའ་བ་དང་ཡིད་དུ་འོང་ངོ་ཞེས་སོགས་དང༌། ཁོ་བོ་དང་ལྷན་ཅིག་ཉོལ་ཅིག་ཅེས་སོགས་བརྗོད་པ་དང༌། ཀུན་སློང་གི་ཡན་ལག་མ་ཚང་བ་ཆགས་སེམས་མེད་པར་གོམས་པའི་དབང་གིས་གནས་ངན་ལེན་བརྗོད་པ་རྣམས་ལ་སྦོམ་པོའོ། །གཉིས་པ་བསྙེན་བཀུར་བསྔགས་པའི་ལྷག་མ་ལ་བཞི་ལས། གཞིའི་ཡན་ལག་ལ་གང་བརྗོད་པའི་དངོས་པོ་ནི་འཁྲིག་པའི་


JLD001_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་དང༌། ཀུན་སློང་ནི་འཁྲིག་པས་བསྙེན་བཀུར་བསྔགས་པ་སྨྲས་པའི་བདེ་བ་མྱོང་འདོད་ཀྱི་ཡིད་ཀུན་དུ་འདོད་ཆགས་དང་ལྡན་པའོ། །སྦྱོར་བ་ནི་བདག་ལྟ་བུའི་དགེ་སློང་ལ་འཁྲིག་པས་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་སོགས་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བའམ་གཞན་གྱིས་དེ་ལྟར་སྨྲས་པ་ན་ངག་གིས་དང་དུ་ལེན་པར་རྩོམ་པ་སྟེ་ཡན་ལག་ལྷག་མ་རྣམས་སྔར་དང་འདྲའོ། །ཡན་ལག་དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་སྐྱེས་པ་ལ་སྨྲས་པ་དང༌། ལེགས་སྨྲས་ཉེས་སྨྲས་ཀྱི་དོན་མི་གོ་བ་ལ་སྨྲས་པ་དང༌། བདག་ཉིད་དང་འཁྲིག་པ་གང་རུང་གཅིག་དང་སྦྱར་ཏེ་སྨྲ་ན་སྦོམ་པོ་དང༌། གཉིས་དང་མ་སྦྱར་བར་འཁྲིག་པ་ལ་བསམས་ཏེ་དགེ་སློང་རྣམས་ལ་བསྙེན་བཀུར་བྱས་ན་ཞེས་སོགས་སྨྲ་བ་ནི་ཉེས་བྱས་སོ། །གཉིས་པ་སེམས་སྲུང་ཚུལ་ནི་འཁྲིག་ཚིག་དང་འཁྲིག་པས་བསྙེན་བཀུར་བསྔགས་པ་སྨྲ་བར་འདོད་པའམ། གཞན་གྱིས་སྨྲས་པ་དང་དུ་ལེན་འདོད་འགོག་པའོ། །གཉིས་པ་གཞན་འདོད་པ་བསྟེན་དུ་འཇུག་པ་སྨྱན་བྱེད་པའི་ལྷག་མ་ལ་བཞི་ལས། གཞིའི་ཡན་ལག་ལ་གང་སྤྲད་བར་བྱ་བ་ནི་མི་ཡིན་སྨྲ་ཤེས་དོན་གོ་བ་བསམ་པ་རང་བཞིན་དུ་གནས་པ། བསྟེན་དུ་རུང་བ། སྐྱེས་པ་དང་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་དང་ལྡན་པ། རང་ལས་རྒྱུད་ཐ་དད་ཅིང་སྤྲད་བྱ་ཡང་རྒྱུད་ཐ་དད་པ། ཕ་མ་སོགས་ཀྱིས་འདི་ཁྱོད་ཀྱི་ཆུང་མ་གྱིས་ཤིག་ཅེས་ཆུ་ཚིགས་ཀྱིས་བྱིན་པ་དང༌། ཕ་མ་སོགས་ལ་རིན་བཅལ་ཏེ་འདི་བདག་གི་ཆུང་མ་བྱའོ་ཞེས་བསྲུངས་པ་རིན་


JLD001_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་ཉོས་པ་དང༌། གཞན་ལས་ཕྲོགས་ཏེ་འདི་བདག་གི་ཆུང་མ་བྱའོ་ཞེས་བསྲུངས་པ་བཙན་ཕྲོགས་སུ་ཐོབ་བ་སྟེ་ཆུང་མ་བཟང་པོ་གསུམ་དང༌། བུད་མེད་ཀྱིས་ཡིད་གཅུགས་པའི་སྒོ་ནས་སྐྱེས་པ་ལ་བདག་གི་ཁྱིམ་ཐབ་མཛོད་ཅིག་ཅེས་པ་དང་དུ་བླངས་ཏེ་བསྲུངས་པ་དང་སེམས་འདུས་པ་དང༌། བུད་མེད་ཀྱིས་སྐྱེས་པ་ལ་བདག་གི་གོས་ཟས་སྩོལ་ཅིག་དང་བདག་གིས་ཁྱེད་ཀྱི་ཆུང་མ་བྱའོ། །ཞེས་སྨྲས་པ་དང་དུ་བླངས་ཏེ་བསྲུངས་པ་གོས་ཟས་ཀྱིས་འཚོས་པ་དང༌། བུད་མེད་ཀྱིས་སྐྱེས་པ་ལ་བདག་ཅག་གཉིས་ཀྱི་ནོར་གཅིག་ཏུ་བསྡུས་ཏེ་མཉམ་དུ་འཚོ་བར་བྱའོ་ཞེས་པ་དང་དུ་བླངས་ཏེ་བསྲུངས་པ་ཁ་དུམ་པ་དང༌། སྐྱེས་པས་བུད་མེད་འདི་དང་དགའ་མགུར་སྤྱད་པར་བྱའོ་སྙམ་ནས་གླགས་ཤིང་ཡུད་ཙམ་པར་གྱུར་ཏེ་བསྲུངས་པ་ཐང་འགའ་ཕྲད་པ་སྟེ་ཆུང་མ་ངན་མ་བཞི་དང༌། ཆུང་མ་མ་ཡིན་ཡང་གླ་རྔན་མེད་པར་ལེན་བཞི་ཡན་ཆད་ཞུགས་པ་གང་རུང་གི་སྒོ་ནས་མཐུན་པ་མ་ཐོབ་པའམ་སྔར་མཐུན་པ་ཐོབ་ཀྱང་ཉམས་པ་སྟེ། དེ་ཡང་ཆུང་མ་ངན་མ་བཞི་དང་ལན་གྲངས་ཀྱིས་མཐུན་པ་ནི་འཐབ་པ་ཙམ་དང་ཕྲ་མ་སོགས་གང་རུང་གིས་ཉམས་ལ། ཆུང་མ་དམ་པ་གསུམ་ནི་ཆུང་མ་ཡིན་པར་བསྒྲགས་པ་དང་དྲིལ་བསྒྲགས་པའི་འཐབ་མོ་གང་རུང་གིས་མཐུན་པ་ཉམས་སོ། །འཕྲིན་བྱ་བའི་ཡུལ་ནི་སྤྲད་བྱ་དེ་གཉིས་སམ་དེ་གཉིས་ཀྱི་བདག་པོ་ཕ་མ་ལ་སོགས་པ་དེ་གཉིས་ལ་དབང་བྱེད་ཅིང་ཐ་སྙད་ལྔ་དང་ལྡན་པའོ། །སྦྱོར་བ་ནི་དང་པོར་སྐྱེས་པ་ལྟ་བུ་ལས་


JLD001_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ནོད་པ་དང༌། དེ་བུད་མེད་ལྟ་བུ་ལ་སྐྱེལ་བ་དང༌། དེའི་འཕྲིན་ལན་ཕྱིར་སྐྱེལ་བ་རྣམས་རང་ངམ་རང་གིས་མངགས་པའམ་སྤྲིང་ཡིག་ལ་སོགས་པས་བྱེད་པར་རྩོམ་པའོ། །འཕྲིན་ལས་སྐྱེལ་བ་ནི་རང་གིས་བརྡ་ལ་སོགས་པས་གོ་བར་བྱས་པའམ་རང་ལ་མ་ལྟོས་པར་གཞན་ལ་ཐོས་པས་ཀྱང་འགྲུབ་བོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ནི་སྤྲད་པའི་དོན་དུ་མཐུན་པ་སྒྲུབ་འདོད་རྒྱུན་མ་ཆད་པའོ། །མཐར་ཐུག་དེའི་དབང་གིས་ལམ་དང་ཡན་ལག་ཕྲད་པའོ། །ལྟུང་བ་སྐྱེད་པའི་གོ་རིམ་ནི་སྦྱོར་བའི་སྦྱོར་བའི་བར་གོང་དང་འདྲ་ལ། སྦྱོར་བ་ལ་འཕྲིན་གསུམ་པོ་རེ་རེ་ལ་ལྟོས་པའི་སྦོམ་པོ་ཐ་དད་པ་གསུམ་འབྱུང་ངོ༌། །མཐར་ཐུག་ལ་སྤྲད་བྱ་ཟུང་གཅིག་དགེ་སློང་དུ་མས་སྤྲོད་པ་ལ་དགེ་སློང་རེ་རེ་ལ་ལྷག་མར་འགྱུར་ལ། སྤྲད་བྱ་དུ་མ་དགེ་སློང་གཅིག་གིས་སྤྲོད་པ་ལ་སྤྲད་བྱ་ཟུང་དེ་སྙེད་ལ་ལྟོས་པའི་ལྷག་མར་འགྱུར་རོ། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་ཆུང་མ་དམ་པ་གསུམ་རྡེའུ་གསུམ་གཏོར་བ་དང་ཆོ་ག་བཏང་བ་གང་རུང་གིས་འཐབ་མོ་བྱས་པ་དང༌། མངལ་དུ་མ་ཞུགས་པ་དང༌། ཞུགས་པ་ཙམ་དང༌། བརྟུལ་ཞུགས་ལ་གནས་པས་འཁྲིག་པ་མི་བསྟེན་པར་ངེས་པ་དང༌། མོའི་དབང་པོ་མེད་པས་བསྟེན་མི་རུང་དང༌། རིན་གྱིས་ཉོས་ཟིན་པ་དང༌། མཐུན་པ་ཐོབ་ཟིན་པ་དང༌། སྔར་ཆུང་མར་བྱིན་པ་ལས་ཕྱིས་མི་སྟེར་པ་སྤྲད་པ་དང༌། རང་གི་ཆེད་དུ་སྨྱན་བྱེད་པ་དང༌། ཀུན་སློང་གི་ཡན་ལག་མ་ཚང་བ་དགེ་འདུན་གྱི་ཆོས་སྟོན་དང༌། ཁྱིམ་དང་ནོར་གྱི་བདག་པོ་ལ་སོགས་པའི་ཕྱིར་དུ་འཕྲིན་བྱ་ཏེ་བོས་པའི་དབང་གིས་ཕྲད་པ་དང༌། སྦྱོར་བའི་ཡན་


JLD001_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མ་ཚང་བ་འཁྲིག་པ་སྤྲད་པའི་ཕྱིར་དུས་བྱས་པ་སྟོན་པ་དང༌། འཐབ་ཀྲོལ་གྱིས་བུད་མེད་འཕྲོག་པའི་འཕྲིན་བྱེད་པ་དང༌། ཆུང་མའམ་བུད་མེད་ཆེ་གེ་མོ་་ཉོས་ཤིག་ཅེས་ཟེར་བ་རྣམས་ལ་སྦོམ་པོའོ། །སྤྲད་བྱ་དང་དེ་གཉིས་ཀྱི་བདག་པོ་ལས་གཞན་ལ་འཕྲིན་ནོད་པ་དང་སྐྱེལ་བ་སོགས་བྱེད་པ་དང༌། ཆུང་མ་དམ་པ་གསུམ་ཚིག་རྩུབ་པོ་སྨྲ་བ་སོགས་ཀྱིས་འཐབ་མོ་བྱས་པའི་གནས་སྐབས་དང༌། འཐབ་མོ་བྱས་མ་ཐག་དང༌། དུམ་པ་བཅད་པའི་འཐབ་མོ་བྱས་པ་སྤྲོད་པ་དང༌། ཅིའི་ཕྱིར་ཁྱིའུ་འདི་དང་བུ་མོ་འདི་མི་སྤྲད་ཅེས་སོགས་ཟེར་བ་དང༌། མིང་མ་སྨོས་པར་བུད་མེད་ཉོས་ཤིག་ཅེས་ཟེར་བ་ཙམ་དང༌། སྐྱེས་པ་དང་བུད་མེད་བརྡ་བྱས་པ་དྲིས་པ་ན་རྙེད་མོད་ཅེས་ཟེར་བ་རྣམས་ཉེས་བྱས་སོ། །དེ་ལས་སེམས་སྲུང་ཚུལ་ནི་མི་ཚངས་སྤྱོད་སྲུང་ཚུལ་དུ་འདུས་སོ། །གཉིས་པ་ཕྱི་ལོངས་སྤྱོད་ལ་ཆགས་པའི་ལྷག་མ་ལ་ལྟུང་བ་ངོས་གཟུང༌། དེ་ལས་སེམས་སྲུང་ཚུལ་གཉིས། དང་པོ་ལ་ལྟུང་བ་རྣམ་གཞག་དང༌། བསླབ་བྱའི་ཉེས་བྱས་གཉིས་དང་པོ་ལ་ཁང་པ་དང་ཁང་ཆེན་གཉིས་ལས་ཁང་པའི་ལྷག་མ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དུ་བརྩིག་པའི་གནས་ནི་རང་ངམ་བསྐོས་པས་ངག་མཚན་ཉིད་ལྔ་ལྡན་གྱིས་གཞན་ལས་བཙལ་བ་དང༌། གྲོག་སྦུར་སོགས་ལ་གནོད་པའི་གཞི་མི་རུང་བ་དང༌། གཞན་དང་རྩོད་པ་དང་བཅས་པའི་གནས་དང༌། རྩིག་པའི་ཕྱི་རོལ་འདོམ་གང་ཚུན་ཆད་དུ་ཆུ་ཀླུང་ངམ་ངམ་གྲོག་གམ། ཁྲོན་


JLD001_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཡོད་པས་བརྩམ་དུ་མི་རུང་བ་སྟེ་དེ་གསུམ་ཚང་བའི་གཞི་མ་དག་པ་དགེ་འདུན་ལ་མ་བསྟན་པའོ། །གང་གིས་བརྩིག་པའི་ཡོ་བྱད་ནི་རང་ངམ་རང་གིས་འཚོལ་བར་རྗེས་སུ་གནང་བའི་གང་ཟག་གིས་གཞན་ལ་བསླངས་པའོ། །གང་བརྩིག་པའི་གནས་ནི་གནས་ཀྱི་ངོ་བོར་གྲུབ་པ། སྤྱོད་ལམ་བཞི་ཤོང་བ། ནང་གི་སྲིད་དུ་ཁྲུ་བཅོ་བརྒྱད་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་ལས་ཁྲུ་ཕྱེད་ཡན་ཆད་ཀྱིས་ལྷག་པ། སྔར་ཚད་ལ་གནོད་པའི་བཟོའི་རྩོམ་པ་མ་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ནི་དཀོན་མཆོག་གི་དོན་མ་ཡིན་ཞིང་བདག་པོ་གཅིག་གི་དོན་དུ་རྩིག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་དགའ་འམ་གཞན་གྱིས་བསྐོས་པ་གང་རུང་གིས་རང་གིས་རྩིག་པའམ་གཞན་རྩིག་ཏུ་འཇུག་པར་རྩོམ་པའོ། །བསྐོས་པ་དེས་བརྩིག་པའི་གནས་ལ་སོགས་པ་ཇི་སྐད་བསྒོ་བ་བཞིན་མི་བྱེད་པ་ལ་ལུས་ངག་གིས་དང་དུ་ལེན་པ་དེས་ཀྱང་ལྷག་མར་འགྱུར་རོ། །མཐར་ཐུག་དེའི་རྐྱེན་གྱིས་ཐོག་བཀབ་ཅིང་བསྐོར་བ་ཡོངས་སུ་རྫོགས་པའོ། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་གང་ཟག་གཉིས་སམ་གསུམ་གྱི་དོན་དུ་རྩིག་པ་དང༌། གཞན་དབང་བའི་སར་དེ་ཉིད་ཀྱི་དོན་དུ་དེ་ལ་མ་དྲིས་པར་རྩིག་པ་དང༌། གཞན་གྱིས་ཁང་པ་བྱས་པའི་འཕྲོ་ཟིན་པར་བྱེད་པ་དང༌། ཡོ་བྱད་མ་བཙལ་བར་རྩིག་པ་དང༌། གཞི་མ་དག་པ་གསུམ་གའམ་གང་རུང་མ་ཚང་བ་དང༌། དགེ་འདུན་ལས་གནང་བ་མ་ཐོབ་པར་རྩིག་པ་དང༌། མཐར་ཐུག་གི་ཡན་ལག་མ་ཚང་བ་ཐོག་མེད་པའི་གནས་རྩིག་པ་རྣམས་ལ་དཀོན་


JLD001_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་བདག་པོ་བཞིར་ལོངས་ཀྱི་དོན་མ་ཡིན་ཞིང་བཙལ་བ་དང་ཚད་ལྷག་པ་གཉི་གའམ་གང་རུང་ཚང་ན་སྦོམ་པོ་དང༌། ཡན་ལག་གཞན་ཐམས་ཅད་མེད་ཀྱང་བཙལ་བ་དང་ཚད་ལྷག་གང་རུང་གཅིག་ཚང་བ་ལ་ཡང་སྦོམ་པོའོ། །བཙལ་བ་དང་ཚད་ལྷག་གང་ཡང་མེད་ན་ཡན་ལག་གཞན་ཐམས་ཅད་ཚང་ཡང་ཉེས་བྱས་སོ། །གཉིས་པ་ཁང་ཆེན་གྱི་ལྷག་མ་ལ་བཞི་ལས། གཞིའི་ཡན་ལག་ལ་གང་དུ་བརྩིག་པའི་གཞི་ནི་གཞི་མ་དག་པ་གསུམ་དང་ལྡན་པའོ། །གང་བརྩིག་པའི་གནས་ནི་ཚད་ལྷག་མ་གཏོགས་པ་ཁང་པ་དང་འདྲའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ནི་དཀོན་མཆོག་དང་བདག་པོ་བཞིར་ལོངས་ཀྱི་དོན་དུ་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་དང་མཐར་ཐུག་ཁང་པའི་སྐབས་བཞིན་ནོ། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་དཀོན་མཆོག་དང་བདག་པོ་བཞིར་ལོངས་གང་རུང་གི་དོན་དུ་གཞན་གྱིས་གཙུག་ལག་ཁང་བྱས་པའི་འཕྲོ་ཟིན་པར་བྱེད་པ་དང༌། ཀུན་སློང་གི་ཡན་ལག་མ་ཚང་བ་དཀོན་མཆོག་དང་བདག་པོ་གཉིས་སམ་གསུམ་གྱི་དོན་དུ་རྩིག་པ་དང༌། དཀོན་མཆོག་གི་དོན་མ་ཡིན་པར་བདག་པོ་བཞིར་ལོངས་ཀྱི་དོན་དུ་བདག་པོ་དེ་ཉིད་དབང་བའི་སར་དེ་ལ་མ་དྲིས་པར་རྩིག་པ་དང༌། མཐར་ཐུག་གི་ཡན་ལག་མ་ཚང་བ་དཀོན་མཆོག་དང་བདག་པོ་བཞིར་ལོངས་གཉི་གའམ་གང་རུང་གི་དོན་དུ་ཐོག་མེད་པའི་གནས་རྩིག་པ་རྣམས་ལ་གཞི་མ་དག་པ་གསུམ་གའམ་གང་རུང་ཚང་ན་སྦོམ་པོར་འགྱུར་ལ་གཞི་མ་དག་པ་གསུམ་


JLD001_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་མ་ཚང་ན་ཡན་ལག་གཞན་ཐམས་ཅད་ཚང་ཡང་ཉེས་བྱས་སོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི། གཞི་དག་པར་ཁང་པ་དང་ཁང་ཆེན་གྱི་གནང་བ་གསོལ་བའི་འོག་ཏུ་སྒྲུབ་པར་ནུས་བཞིན་དུ་མི་བྱེད་པའོ། །གཉིས་པ་དེ་ལས་སེམས་སྲུང་ཚུལ་ནི། ས་གཞི་དང་ཡོ་བྱད་བཙལ་བ་དང༌། གཞི་མ་དག་པ་དང༌། དག་ཀྱང་གནང་བ་མ་ཐོབ་པ་དང༌། གནང་བ་ཐོབ་ཀྱང་ཚད་ལས་ལྷག་པ་བྱེད་འདོད་དང༌། གནང་བ་ཐོབ་པའི་འོག་ཏུ་མི་བྱེད་པ་རྣམས་འགོག་པའོ། །གཉིས་པ་གནོད་པས་ཀུན་ནས་བསླང་བའི་ལྷག་མ་ལ་དངོས་གཞི་དང་ན་སྨད་གཉིས། དང་པོ་ལ་གཞི་མེད་བག་ཙམ་གཉིས། དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་སྐུར་པ་གདབ་པའི་ཡུལ་ནི་མཚན་དང་ལྟ་བ་མཐུན་པ་ཡིན་ན་བསྙེན་རྫོགས་སྡོམ་པ་གསོར་རུང་ཡན་ཆད་དང༌། མི་མཐུན་པ་ཡིན་ན་རྣམ་པར་དག་པ་དང༌། སྨྲ་ཤེས་དོན་གོ་བསམ་པ་རང་བཞིན་དུ་གནས་པ་སྟེ་ཐ་སྙད་གསུམ་ལྡན་དང༌། ལུས་ཐ་མལ་དུ་གནས་པ་དང༌། རང་ལས་རྒྱུད་ཐ་དད་པའོ། །གང་ལ་གོ་བར་བྱ་བའི་ཡུལ་ནི་སྐུར་པ་གདབ་པ་དེ་ཉིད་དམ་གཞན་གང་ཡང་རུང་བ་ཐ་སྙད་ལྔ་དང་ལྡན་པ་ལུས་ཐ་མལ་དུ་གནས་པ་རང་ལས་རྒྱུད་ཐ་དད་པའོ། །གང་གིས་སྐུར་བ་གདབ་པའི་དངོས་པོ་ནི་ཕམ་པ་ཡིན་ནོ། །བསམ་པ་ལ་འདུ་ཤེས་ནི་ཕམ་པ་བྱུང་བ་དང་མ་བྱུང་བ་གཉི་ག་དེ་ལྟར་འདུ་ཤེས་པ་ཡོད་མེད་འདྲ་ཞིང༌། ཀུན་སློང་ཉམས་པར་འདུན་པས་སྐུར་པ་འདེབས་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་དགེ་སློང་ཆེ་གེ་མོས་མི་ཚངས་པར་སྤྱོད་པའི་ཕམ་པ་བྱས་སོ་


JLD001_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་སྐུར་པ་གདབ་པའི་མིང་ནས་སྨོས་ཏེ་བྱེད་པ་པོ་དང་བྱ་བ་སྦྱར་ནས་སྐུར་པ་འདེབས་པར་རྩོམ་པའོ། །མཐར་ཐུག་ནི་སྨྲ་བའི་ཡུལ་གྱིས་དོན་གོ་བའོ། །གཉིས་པ་བག་ཙམ་གྱི་ལྷག་མ་ལ་གཞི་དང་བསམ་པ་མཐར་ཐུག་གི་ཡན་ལག་རྣམས་གོང་དང་འདྲ་ཞིང་སྦྱོང་བ་ནི་དགེ་སློང་འདི་དང་བུད་མེད་འདི་མཐོང་ངོ༌། །མི་ཚངས་པར་སྤྱོད་པ་མཐོང་ངོ༌། ཞེས་སོགས་བྱེད་པ་པོ་དང་བྱ་བ་མ་སྦྱར་བར་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་བ་འདེབས་པར་རྩོམ་པའོ། །གཞི་མེད་བག་ཙམ་གཉི་ག་ལ་མཐོང་ཐོས་དོགས་གསུམ་གྱི་གཞི་ཡོད་ཀྱང་གང་གིས་གླེངས་པ་དེའི་གཞི་མེད་བཞིན་དུ་གླེང་བ་དང༌། སྔར་མཐོང་ཐོས་དོགས་གསུམ་གྱི་གཞི་ཡོད་ཀྱང་བརྗེད་ནས་དེ་གསུམ་གྱིས་སྐུར་བ་འདེབས་པ་རྣམས་ལ་ཡང་ལྷག་མར་འགྱུར་ཏེ་ལུང་ལས་མཐོང་ཐོས་དོགས་པ་གསུམ་མེད་པ་ལ་འདུ་ཤེས་བསྒྱུར་ཏེ་མཐོང་ཐོས་དོགས་གསུམ་གྱིས་སྐུར་པ་འདེབས་པ་གསུམ་དང༌། སྔར་མཐོང་ཐོས་དོགས་པ་གསུམ་ཡོད་ཀྱང་བརྗེད་ནས་མཐོང་ཐོས་དོགས་གསུམ་གྱིས་སྐུར་བ་བཏབ་པ་གསུམ་དང༌། ཐོས་པ་ལ་ཡིད་ཆེས་ནས་དང་མ་ཆེས་པར་མཐོང་ངོ་ཞེས་པ་གཉིས་དང༌། ཐོས་པ་ལ་དོགས་པ་དང་མི་དོགས་པར་མཐོང་ངོ་ཞེས་པ་གཉིས་དང༌། དོགས་པ་དོགས་པ་ན་མཐོང་ངོ་ཞེས་སྐུར་བ་འདེབས་པ་སྟེ་མ་དག་པ་ལ་སྐུར་བ་འདེབས་པའི་གཞི་བཅུ་གཅིག་གསུངས་པའི་ཕྱིར་རོ། །གཉིས་པ་ན་སྨད་ནི། ཟག་བྱེད་ལ་བསམས་ནས་མ་ནིང་མོ་སྦུབས་མེད་པ་ལ་


JLD001_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚངས་པར་སྤྱོད་དོ་ཞེས་དགེ་སློང་ལ་སྐུར་པ་འདེབས་པ་དང༌། མ་ནིང་ཕོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་དོ་ཞེས་དགེ་སློང་མ་ལ་སྐུར་བ་འདེབས་པ་དང༌། སྐུར་པ་གདབ་བྱའི་མིང་མ་སྨོས་པར་སྐུར་པ་འདེབས་པ་རྣམས་ལ་སྦོམ་པོ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དགེ་འདུན་གྱི་དབྱེན་བྱེད་པའི་མཚམས་མེད་ཀྱིས་སྐུར་བ་འདེབས་པ་དང༌། བདག་གིས་བསམས་ཏེ་སྨྲས་སོ་ཞེས་སོགས་གཞོགས་སྨོས་ཀྱིས་སྐུར་པ་འདེབས་པ་རྣམས་ལ་ཉེས་བྱས་སོ། །གསུམ་པ་བསྒོ་བ་ལས་གྱུར་བ་ལ་ལྟུང་བ་ངོས་གཟུང༌། དེ་ལས་སེམས་སྲུང་ཚུལ་གཉིས། དང་པོ་ལ་དངོས་གཞི་དང༌། ན་སྨད་གཉིས། དང་པོ་ལ་བཞིའི་དང་པོ་དགེ་འདུན་དབྱེན་གྱི་ལྷག་མ་ལ་བཞི་ལས་གཞིའི་ཡན་ལག་ལ་གནས་ནི་མཚམས་ཀྱི་ནང་ཡིན་པ། དུས་ནི་བསྟན་པ་ལ་སྐྱོན་བྱུང་བ། ཡུལ་ཁ་སྐོང་དུ་འོས་པ་བརྒྱད་ཡན་ཆད་དུ་ཚང་བ། དངོས་པོ་ནི་ཆོས་མ་ཡིན་པའི་ལྟ་བས་འབྱེད་པའོ། །རྟེན་ཁ་སྐོང་དུ་འོས་པའོ། །བསམ་པ་ལ་གཉིས་ལས་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ནི་དབྱེན་ལ་ཞུགས་པ་དགེ་འདུན་གྱིས་བཟློག་པ་ན་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བཞམས་བསྒོ་བ་དང་ལས་ཆོས་ལྡན་གྱིས་བཟློག་ཀྱང་མི་གཏོང་བར་རྩོམ་པའོ། །མཐར་ཐུག་ནི་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་བའོ། །གཉིས་པ་རྗེས་སུ་ཕྱོགས་པའི་ལྷག་མ་ལ་བཞི་ལས་གཞིའི་ཡན་ལག་ལ་རྟེན་ནི་བསྙེན་རྫོགས་ཀྱི་སྡོམ་པ་དག་པ། འབྱེད་པ་པོ་དང་ལྟ་བ་དང་མཚན་མཐུན། ཐ་སྙད་གསུམ་དང་ལྡན།


JLD001_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐ་མལ་དུ་གནས་པའོ། །བསམ་པ་འདུ་ཤེས་མ་འཁྲུལ་ཞིག་ཀུན་སློང་དབྱེན་གྱི་གྲོགས་བྱེད་པ་ལ་ཞུགས་པ་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ལྷག་མ་སྐྱེད་ནུས་ཀྱི་དབྱེན་གྱི་གྲོགས་ལ་ཞུགས་པ་བཞམས་བསྒོ་སོགས་ཀྱིས་བཟློག་ཀྱང་མི་གཏོང་བར་རྩོམ་པའོ། །མཐར་ཐུག་ནི་སྔར་བཞིན་ནོ། །གསུམ་པ་ཁྱིམ་སུན་འབྱིན་པའི་ལྷག་མ་ལ་བཞི་ལས་གཞིའི་ཡན་ལག་གང་སུན་འབྱིན་པའི་ཡུལ་ནི་རབ་བྱུང་གི་རྟགས་སྡོམ་གང་དང་ཡང་མི་ལྡན་པའི་ཁྱིམ་པའོ། །གང་གིས་སུན་འབྱིན་པའི་དངོས་པོ་ནི་རང་གི་ཚུལ་ཁྲིམས་དང་འགལ་བ་དང་གཞན་གྱི་ཉེས་པ་བསྒྲགས་པའོ། །གང་ལ་སྐུར་བ་གདབ་པའི་ཡུལ་ནི་བསྙེན་པར་རྫོགས་པའི་སྡོམ་པ་དག་པ་ལྟ་བ་དང་མཚན་མཐུན་ཐ་སྙད་གསུམ་ལྡན་ལུས་ཐ་མལ་དུ་གནས་པ། རང་ལས་ཐ་དད་པ་སྟེ་དགེ་སློང་ཆོས་དྲུག་ལྡན་ཚོགས་སུ་ལོངས་པ། རང་སྐྲོད་པ་ལ་ཆོས་དང་ལྡན་པར་ཞུགས་པའོ། །གང་ལ་གོ་བར་བྱ་བའི་ཡུལ་ནི་ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བདག་ལས་ཐ་དད་པའོ། །རྟེན་ནི་བསྐྲད་པ་ནན་ཏུར་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་སྐྲོད་པ་པོའི་དགེ་འདུན་ལ་སྐུར་བ་འདེབས་པ་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཁྱིམ་སུན་འབྱིན་པ་ལ་དགེ་འདུན་གྱིས་བསྐྲད་ལས་བྱས་པའི་ཚེ་སྐུར་པ་འདེབས་པར་ཞུགས་པ་ལ་བཟློག་ཀྱང་མི་གཏོང་པར་རྩོམ་པའོ། །མཐར་ཐུག་ནི་སྔར་


JLD001_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །བཞི་པ་བཀའ་བློ་མི་བདེ་བའི་ལྷག་མ་ལ་བཞི་ལས་གཞིའི་ཡན་ལག་ལ་གླེང་བ་དང་དུ་མི་ལེན་པའི་ཡུལ་ནི་དགེ་སློང་མཐའ་དག་གོ །གང་ལ་གོ་བར་བྱ་བའི་ཡུལ་ནི་རང་ལ་གླེང་བ་པོ་ཡིན་ནོ། །རྟེན་ནི་གླེང་དྲན་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བཀའ་བློ་མི་བདེ་བའི་ཚིག་སྨྲ་བ་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བཀའ་བློ་མི་བདེ་བ་ལ་ཞུགས་པ་བཟློག་ཀྱང་མི་གཏོང་བར་རྩོམ་པའོ། །མཐར་ཐུག་གོང་དང་འདྲའོ། །ན་སྨད་ནི་ལྷག་མ་བཞི་པོ་དེའི་སྦྱོར་བ་ལ་ཞུགས་པ་ན་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བརྗོད་པ་དང་པོ་དང་གཉིས་པ་རྣམས་ཀྱི་མཐའ་དང༌། བརྗོད་པ་གསུམ་པའི་མཐའ་ལ་མ་བཏང་བའི་ལྷག་མའི་སྔ་རོལ་རྣམས་སུ་སྦོམ་པོ་རེ་རེར་འགྱུར་རོ། །གཞན་གྱི་འཁོར་ཁ་འདྲེན་པ་དང༌། གནས་པ་ཆད་པས་བཅད་པ་དགེ་སློང་གཞན་གྱིས་སྡུད་པ་དང༌། དགེ་འདུན་འདུས་པ་ན་ཆོས་མ་ཡིན་པ་ཆོས་སུ་དང་ཆོས་ཆོས་མ་ཡིན་པར་སྟོན་པ་དང༌། མཚམས་ནང་དུ་ལས་ལ་དབང་པའི་དགེ་སློང་ཡོད་པར་ཤེས་པའམ་དོགས་བཞིན་དུ་ཐ་དད་དུ་འདོད་པས་ལས་བྱེད་པ་དང༌། འདིས་དག་པ་དང་གྲོལ་བ་འཐོབ་སྙམ་པའི་བསམ་པས་མི་སྨྲ་བའི་ཡི་དམ་བྱེད་པ་དང༌། གཅེར་བུ་དང་སྐྲ་ལས་བྱས་པ་དང་འུག་པའི་རྒྱལ་མཚན་འཆང་བ་དང༌། མི་འཆགས་པར་ཤེས་བཞིན་དུ་དབྱེན་དང་གནས་དབྱུང་བྱེད་པ་དང༌། ཀུན་གྱིས་ཤེས་པ་དང་བསོད་ནམས་ཆེན་པོ་དང་སྡེ་སྣོད་འཛིན་པ་དང་ཐོས་པ་དང་ཕྱོགས་དང་འཁོར་


JLD001_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

མང་བ་རྣམས་ལ་ནན་ཏུར་བྱེད་པ་དང༌། རིག་སྡགས་སྒྲུབ་པ་ལ་སོགས་པའི་དོན་ཤ་རློན་པ་ཟ་བ་རྣམས་ལ་དབྱེན་དུ་གཏོགས་པའི་སྦོམ་པོ་དང༌། དབྱེན་བྱེད་པ་སོགས་བཞི་ལ་ཞུགས་པ་ཙམ་དང༌། ཁྱིམ་སུན་འབྱིན་པ་དང་བཀའ་བློ་མི་བདེ་བ་ལ་བསྐྲད་པ་དང་གླེང་དྲན་མ་བྱས་པའི་སྔ་རོལ་ཏུ་དགེ་འདུན་ལ་སྐུར་བ་འདེབས་པ་དང་བཀའ་བློ་མི་བདེ་བའི་ཚིག་བརྗོད་པ་རྣམས་ལ་ཉེས་བྱས་སོ། །བསླབ་བྱའི་ཉེས་བྱས་ནི། དགེ་འདུན་གྱི་དབྱེན་བྱེད་པ་དང་དེའི་གྲོགས་བྱེད་པ་དང་བསྐྲད་པ་དང་གླེང་དྲན་བྱས་ནས་སྐུར་པ་འདེབས་པ་དང་བཀའ་བློ་མི་བདེ་བའི་ཚིག་བརྗོད་པ་རྣམས་ལ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་མ་བཟློག་པ་དང༌། བསྐྲད་པ་དང་གླེང་དྲན་མ་བྱས་པར་སྐུར་པ་འདེབས་པ་དང༌། བཀའ་བློ་མི་བདེ་བའི་ཚིག་བརྗོད་པ་ལ་བཞམས་བསྒོ་སོགས་བྱེད་པ་རྣམས་སོ། །དེ་རྣམས་ལས་སེམས་སྲུང་ཚུལ་ནི། གཞི་མེད་བག་ཙམ་གཉིས་བསྒོ་གྱུར་དང་པོ་གསུམ་རྣམས་ནི་མི་ཆོས་བླ་མའི་སྲུང་ཚུལ་དུ་འདུས་སོ། །བཀའ་བློ་མི་བདེ་བ་ལས་སེམས་སྲུང་ཚུལ་ནི། ལྟུང་བ་གླེང་དྲན་བྱས་པ་དང་དུ་མི་ལེན་པར་འདོད་པ་འགོག་པའོ། ། ༈ ལྟུང་བྱེད་ལ་ཞག་གི་ཆད་ལས་དང་འབྲེལ་བ་སྤང་བའི་ལྟུང་བྱེད་དང༌། བཤགས་པ་ཙམ་དང་འབྲེལ་པ་ལྟུང་བྱེད་འབའ་ཞིག་པ་གཉིས། དང་པོ་ལ་གོས་ལ་བརྟེན་པ། ནོར་ལ་བརྟེན་པ། སྣོད་སྤྱད་ལ་བརྟེན་པ། ཟས་ལ་བརྟེན་པ་དང་བཞི། དང་པོ་ལ་གོས་དངོས་ལ་བརྟེན་པ། སྟན་ལ་བརྟེན་པ། བལ་ལ་བརྟེན་པ་


JLD001_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། དང་པོ་ལ་གོས་ཡོད་པ་ལ་ལོག་སྒྲུབ་དང༌། མེད་པ་ཚོལ་བ་གཉིས། དང་པོ་ལ་འཆང་བ་འཇོག་པ་འབྲལ་བ་གཉིས་འཁྲུར་འཇུག་མཐོ་གང་གི་སྤང་བ་སྟེ་དྲུག་ལས་དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་འཆང་བའི་དངོས་པོ་ནི་གོས་ཡིན་པ། རྒྱུའི་སྒོ་ནས་རུང་བ། ཚད་ལྡན༌། རང་དབང་ཞིང་གནས་སྐབས་དབང་བྱར་ཡོད་པ། ཁ་སྐོང་གི་གོས་ལ་རེ་བ་བྱེད་དུ་མི་རུང་བའམ་རུང་ཡང་རེ་བ་མེད་པ། བྱིན་གྱིས་མ་བརླབས་པའམ་བརླབས་ཀྱང་ཤན་རྗེས་སུ་ཞུགས་པ་དང་བཅས་པ་ཡིན་པའོ། །རྟེན་ནི་སྲ་བརྐྱང་མ་བཏིང་བའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་འཆང་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་སྟོབས་སམ་ཤན་སྟོབས་གང་རུང་གིས་ཞག་བཅུ་བར་མ་ཆད་དུ་འཆང་བར་རྩོམ་པའོ། །མཐར་ཐུག་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པའོ། །ལྟུང་བར་འགྱུར་ཚུལ་ནི་འཆང་འབྲལ་ཇོག་པ་གསུམ་དང་ལྷུང་བཟེད་འཆང་བ་དགོན་པ་པའི་འབྲལ་བ་རས་ཆེན་དང་དབྱར་རྙེད་བཞག་འཕྱིས་གསོག་འཇོག་གི་སྤང་བ་སྟེ་བརྒྱད་པོ་རྣམས་གནང་ལ་ཚད་བཟུང་ཡིན་པས་སྦྱོར་ལྟུང་མེད་ལ། གོས་དང་ལྷུང་བཟེད་ཞག་བཅུ་འཆང་བ་ཞག་བདུན་པའི་གསོག་འཇོག་གི་སྤང་བ་རྣམས་ལ་ཤན་སྟོབས་ཀྱིས་ལྟུང་བར་འགྱུར་ཚུལ་ནི། འཆང་བ་ལ་རང་སྟོབས་ཀྱིས་སྤང་བ་སྐྱེད་པའི་དངོས་པོ་དེ་རྙེད་ནས་ཞག་བཅུའི་ནང་རོལ་ཏུ་གོས་སམ་ལྷུང་བཟེད་དུ་རིགས་མཐུན་པ་གཞན་ཞིག་རྙེད་པ་ལས་བྱིན་གྱིས་མ་བརླབས་པའམ་འཚོ་བའི་ཡོ་བྱད་དང་མཁོ་བའི་ཡོ་བྱད་ཀྱི་བྱིན་རླབས་


JLD001_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་གཞན་ལ་བསྔོ་བ་དང༌། རྣམ་བརྟག་མ་བྱས་པར་འཆང་ན་སྔ་མས་ཞག་བཅུ་འདས་པ་ན་ཕྱི་མ་ལ་ཡང་ཤན་སྟོབས་ཀྱིས་སྤང་བར་འགྱུར་ལ། དེ་ཡང་བྱིན་གྱིས་མ་བརླབས་པ་ལ་ཤན་འབྱུང་བ་ལ་ནི་ཤན་རྡེག་བྱེད་ལས་ཞག་གཅིག་གི་འོག་ཏུ་རྙེད་པ་དགོས་ལ། བྱིན་རླབས་ཅན་ནི་རྡེག་བྱེད་དང་མཉམ་དུ་རྙེད་པ་ལ་ཡང་ཤན་འབྱུང་ངོ༌། །ཟླ་བར་འཇོག་པ་ལ་ནི་བྱིན་གྱིས་མ་བརླབས་པས་བྱིན་གྱིས་མ་བརླབས་པ་ཉིད་ལ་རྡེག་པའི་ཚུལ་སྦྱར་ཏེ་ཤེས་པར་བྱའོ། །ཞག་བདུན་པའི་གསོག་འཇོག་གི་སྤང་བ་ལ་ནི་བརྡེག་བྱ་རྡེག་བྱེད་གཉི་ག་ཞག་བདུན་པའི་བྱིན་རླབས་ཅན་དང་བརྡེག་བྱ་ཞག་གཅིག་གིས་ཕྱིས་རྙེད་པ་དགོས་ཤིང་རྡེག་བྱེད་བུ་རམ་ཡིན་ན་བརྡེག་བྱ་ཡང་བུ་རམ་ལྟ་བུ་ནང་ཚན་གྱི་རིགས་མཐུན་པ་དགོས་སོ། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་ཁྲུ་གང་དུ་མ་ལོངས་པ་རེ་བ་མེད་པར་འཆང་བ་དང༌། འཁོར་གསུམ་གྱི་ཕྱེད་མི་ཁེབས་པ་དང་རྒྱུ་མི་རུང་བ་རྔ་བ་ལས་བྱས་པ་སོགས་ལ་རེ་བ་མི་འཆགས་པས་རེ་བ་དང་བཅས་ཏེ་འཆང་བ་ལ་ཡང་ཞག་བཅུ་འཆང་བའི་ཉེས་བྱས་སོ། །དྲེའུ་རྔོག་ལ་སོགས་པ་ལ་ཡང་རེ་བ་མི་འཆགས་པས་ཞག་བཅུ་འཆང་བའི་ལྟུང་བར་འགྱུར་རོ། །གཉིས་པ་ཟླ་བར་འཇོག་པའི་སྤང་བ་ལ་ལྟུང་བ་རྣམ་གཞག་དང་བསླབ་བྱའི་ཉེས་བྱས་གཉིས། དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་འཇོག་པའི་དངོས་པོ་ནི་གོས་ཡིན་པ། རྒྱུའི་སྒོ་ནས་རུང་བ། ཁྲུ་གང་དུ་ལོངས་ཤིང་འཁོར་གསུམ་ཁེབས་པ་ལས་


JLD001_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བ། རང་དབང་ཞིང་གནས་སྐབས་དབང་བྱར་ཡོད་པ། ཁ་བསྐང་གི་གོས་ལ་རེ་བ་དང་བཅས་པ། བྱིན་གྱིས་མ་བརླབས་པའོ། །རྟེན་ནི་སྲ་བརྐྱང་མ་བཏིང་བ་ཆོས་གོས་མ་ཚང་བའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་རང་དོན་དུ་འཆང་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་ཤན་སྟོབས་ཀྱིས་ཞག་སུམ་ཅུ་བར་མ་ཆད་དུ་འཇོག་པར་རྩོམ་པའོ། །མཐར་ཐུག་དེའི་དབང་གིས་རང་ངམ་ཤན་སྟོབས་ཀྱིས་ཞག་སུམ་ཅུ་འདས་པའོ། །ཁྲུ་གང་ལས་ཆུང་ཞིང་རེ་བ་འཆགས་རུང་ཞིག་རེ་བ་དང་བཅས་ཏེ་འཆང་ན་ཟླ་བ་འདས་པའི་ཚེ་ཉེས་བྱས་སོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི། སྣམ་སྦྱར་དང་གདིང་བ་”གསར་་པ་ལ་ཉིས་རིམ་དང་བླ་གོས་དང་མཐང་གོས་ཆིག་རྐྱང་དུ་མ་བྱས་པ་དང༌། དུས་ཚིགས་སུ་སྤྱད་པ་ལ་རིམ་པ་དེ་རྣམས་ལས་ཉིས་འགྱུར་དུ་མ་བྱས་པ་དང༌། རིམ་པ་དེ་དག་ལས་ལྷག་པར་བྱས་པ་དང༌། རིམ་པ་དེ་དག་ལ་བྱི་དོར་སོགས་བྱེད་པའི་ཚེ་འདི་ཉིད་དུ་སྦྱར་བར་བྱའོ་སྙམ་པའི་བློ་མ་བསྐྱེད་པར་ཕོག་པ་དང༌། སྣམ་སྦྱར་གྱི་སྣམ་ཕྲན་དགུ་མ་ལོངས་པ་དང༌། ཉི་ཤུ་རྩ་ལྔ་ལས་ལྷག་པ་དང༌། སྣམ་ཕྲན་བཅུ་པ་སོགས་སུ་བྱས་པ་དང༌། སྣམ་ཕྲན་དགུ་པ་བཅུ་གཅིག་པ་བཅུ་གསུམ་པ་རྣམས་ལ་གླེགས་བུ་ཕྱེད་དང་གསུམ་པ་དང༌། སྣམ་ཕྲན་བཅོ་ལྔ་པ་བཅུ་བདུན་པ་བཅུ་དགུ་པ་རྣམས་ལ་གླེགས་བུ་ཕྱེད་དང་བཞི་པ་དང༌། སྣམ་ཕྲན་ཉེར་གཅིག་པ་ཉེར་གསུམ་པ་ཉེར་ལྔ་པ་རྣམས་ལ་གླེགས་བུ་ཕྱེད་དང་ལྔ་པ་རྣམས་མ་བྱས་པ་དང༌། སྣམ་ཕྲན་གླེགས་བུ་དང་བཅས་པའི་ཆོས་གོས་


JLD001_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སྲིད་དུ་ཁྲུ་ལྔ་ཞེང་དུ་ཁྲུ་གསུམ་ལས་ལྷག་པར་བྱས་པ་དང༌། ཕྱེད་དང་ལྔ་དང་ཕྱེད་དང་གསུམ་ལས་ཆུང་བ་བྱས་པ་དང༌། སྣམ་ཕྲན་གླེགས་བུ་མེད་པའི་བླ་གོས་ལ་སྲིད་དུ་ཁྲུ་བཅུ་གཉིས་དང་ཞེང་དུ་ཁྲུ་གསུམ་ལས་ལྷག་པ་དང༌། ཕྱེད་དང་གསུམ་ལས་ཆུང་བ་དང༌། སྣམ་ཕྲན་མེད་པའི་མཐང་གོས་ལ་སྲིད་དུ་ཁྲུ་བདུན་ཞེང་དུ་ཁྲུ་དོ་ལས་ལྷག་པ་དང་འཁོར་གསུམ་ཁེབས་པའི་ཚད་ལས་ཆུང་བ་བྱེད་པ་རྣམས་ལ་ཉེས་བྱས་སོ། བླ་གོས་དང་མཐང་གོས་ལ་མ་དྲས་པ་བྱས་ཀྱང་ཉེས་པ་མེད་ལ་བྱེད་ན་བླ་གོས་ལ་སྣམ་ཕྲན་བདུན་པ་གླེགས་པུ་ཕྱེད་དང་གསུམ་པ་དང༌། མཐང་གོས་ལ་སྣམ་ཕྲན་ལྔ་པ་དང་གླེགས་བུ་ཕྱེད་དང་གཉིས་པ་བྱའོ། །གསུམ་པ་འབྲལ་བའི་སྤང་བ་ལ་ལྟུང་བ་རྣམ་གཞག་དང་བསླབ་བྱའི་ཉེས་བྱས་གཉིས། དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དང་འབྲལ་བའི་དངོས་པོ་ནི་ཆོས་གོས་གསུམ་གང་རུང་ཚད་ལྡན་དངོས་ཀྱི་བྱིན་རླབས་དང་ལྡན་པ། དགོན་པ་པས་འཇིགས་པ་དང་བཅས་པའི་ཚེ་གནས་གཞན་དུ་བཞག་པའི་སྣམ་སྦྱར་མ་ཡིན་པའོ། །གནས་ནི་ཆོས་གོས་ཀྱི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པའོ། །གང་གིས་འབྲལ་བའི་རྟེན་ནི་སྲ་བརྐྱང་མ་བཏིང་བ་སྣམ་སྦྱར་གྱི་ཆ་ནས་མི་འབྲལ་བའི་གནང་བ་མ་ཐོབ་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་འབྲལ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་འབྲལ་བར་རྩོམ་པ། མཐར་ཐུག་ཞག་གཅིག་གི་མཚན་མོ་འདས་པའོ། །གཉིས་པ་བསླབ་བྱ་ནི་ཉི་མ་དེ་ཉིད་ལ་


JLD001_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འོང་པའི་བསམ་པ་མེད་པར་གདིང་བ་བཞག་སྟེ་འགྲོ་བ་དང༌། ཕྱིར་འོང་བར་བསམས་ཏེ་སོང་བ་ལས་མ་ནུས་ན་གདིང་པ་མ་གཡར་བར་གནས་པ་དང༌། མ་རྙེད་ན་བླ་གོས་ཀྱིས་གནས་མལ་ལ་མ་བསྐྱབས་པ་དང༌། དེར་ཡུན་རིང་དུ་ཉལ་བ་དང༌། དགེ་སློང་དང་སྒོ་གླེགས་མེད་པའི་གནས་སུ་རས་ཆེན་འཇོག་པ་དང༌། ཆར་བབ་པ་དང་ཆུ་ཀླུང་གིས་ཆོད་པ་དང་དེ་གཉིས་འབྱུང་བར་དོགས་པ་རྣམས་སུ་འགྲོ་བའི་ཚེ་རས་ཆེན་མ་ཁྱེར་བ་དང༌། གཞག་པའི་གནས་སུ་དགེ་སློང་དང་སྒོ་གླེགས་ཡོད་པས་རླག་པའི་ཉེས་དམིགས་མེད་ཅིང་ཁྱེར་བའི་ཚེ་ཆར་འབབ་པ་སོགས་ཀྱིས་ཆུད་ཟ་བའི་ཉེས་དམིགས་ཡོད་པའི་ཚེ་སྣམ་སྦྱར་ཁྱེར་བ་དང༌། གཞག་པའི་གནས་སུ་ཉེས་དམིགས་ཡོད་ཅིང་ཁྱེར་བའི་གནས་སུ་ཉེས་དམིགས་མེད་པའི་ཚེ་མ་ཁྱེར་བ་དང༌། གཉི་གར་ཉེས་དམིགས་ཡོད་པའི་ཚེ་མ་ཁྱེར་བ་དང༌། གཉི་གར་ཉེས་དམིགས་མེད་པའི་ཚེ་གནང་བ་མ་ཐོབ་པ་དང་སྲ་བརྐྱང་མ་བཏིང་བ་རྣམས་ཀྱིས་སྣམ་སྦྱར་མ་ཁྱེར་བ་དང༌། སྣམ་སྦྱར་བཞག་སྟེ་ཉི་མ་དེ་ཉིད་ལ་ཕྱིར་མི་སླེབ་པའི་གནས་སུ་འགྲོ་བ་དང༌། གནས་གཞན་དུ་སོང་ནས་སྣམ་སྦྱར་ཡོད་པའི་གནས་སུ་ལྡོག་མ་ནུས་པའི་ཚེ་སྣམ་སྦྱར་གྱི་བྱིན་རླབས་མ་ཕྱུང་པ་དང༌། རྒན་པོ་དང་ནད་པས་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་གསོལ་བའི་ཚེ་མ་བྱིན་པ་རྣམས་ལ་ཉེས་བྱས་སོ། །བཞི་པ་དགོན་པ་པའི་འབྲལ་སྤང་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དང་འབྲལ་བའི་དངོས་པོ་ནི་དགོན་པ་པའི་གནས་འཇིགས་པ་དང་བཅས་པའི་དུས་ཀྱི་


JLD001_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་སྦྱར་བྱིན་རླབས་ཅན་ནོ། །གང་གིས་འབྲལ་བའི་རྟེན་ནི་དགོན་པ་པའི་ཡི་དམ་དང་ལྡན་ཞིང་སྲ་བརྐྱང་མ་བཏིང་བ་དང༌། མི་འབྲལ་བའི་གནང་བ་མ་ཐོབ་པ་དང༌། དགོན་པ་པ་དང་ཆོས་གོས་ཀྱི་གནས་སུ་འོང་བའི་བར་ཆད་དང་མི་ལྡན་པའོ། །གང་དུ་འབྲལ་བའི་གནས་ནི་ཆོས་གོས་ཡོད་པའི་གནས་དང་དགོན་པ་ལས་གཞན་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་འབྲལ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་འབྲལ་བར་རྩོམ་པ། མཐར་ཐུག་ཞག་དྲུག་པའི་མཚན་མོ་འདས་པའོ། །ལྔ་པ་འཁྲུར་འཇུག་པའི་སྤང་བ་ལ་ལྟུང་བ་རྣམ་གཞག་དང་བསླབ་བྱའི་ཉེས་བྱས་གཉིས། དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་འཁྲུར་འཇུག་པའི་ཡུལ་ནི་དགེ་སློང་མའི་སྡོམ་པ་དག་པ། ལྟ་བ་མཐུན་པ། མཚན་མི་མཐུན་པ། ལུས་བསྟེན་དུ་རུང་བ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། ཉེ་དུ་དང་རྫུ་འཕྲུལ་ཅན་མ་ཡིན་པའོ། །གང་འཁྲུར་འཇུག་པའི་དངོས་པོ་ནི་ཆོས་གོས་གསུམ་དང་གདིང་བ་རྣམས་གང་རུང་རུང་བ་ཚད་ལྡན་དངོས་ཀྱི་བྱིན་རླབས་ཅན་ཡིན་པ། རྙིང་པའམ་མི་གཙང་བ་སོགས་ཀྱིས་གོས་པས་འཁྲུར་འཇུག་པར་འོས་པ། སྔར་འཁྲུ་བའི་རྩོམ་པ་མ་བྱས་པ། རྣམ་བརྟགས་མ་བྱས་པ། དགེ་འདུན་གྱི་མ་ཡིན་པ། རང་དབང་བའོ། །བསམ་པ་ལ་འདུ་ཤེས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་མ་ཡིན་པར་འདུ་ཤེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་རང་དོན་དུ་འཁྲུ་བ་སོགས་བྱེད་དུ་འཇུག་


JLD001_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་འཁྲུ་བ་དང་འཚེད་པ་དང་འཆག་པ་གང་རུང་བྱེད་དུ་འཇུག་པའི་ཚིག་སྨྲ་བར་རྩོམ་པའི། །མཐར་ཐུག་དེའི་རྐྱེན་གྱིས་ཕྱོགས་གཅིག་ཡན་ཆད་ལ་འཁྲུ་བ་སོགས་བྱས་པའོ། །ལྟུང་བ་སྐྱེད་པའི་ཚུལ་ནི། སྦྱོར་བ་གཅིག་གིས་འཁྲུ་བ་དང་འཚེད་པ་དང་འཆག་པ་རྣམས་ཐམས་ཅད་བྱེད་དུ་བཅུག་ན་ཡང་ལྟུང་བྱེད་གཅིག་ཁོ་ནའོ། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་མ་ཡིན་པར་འདུ་ཤེས་པའམ་ཡིད་གཉིས་ཟ་བས་འཁྲུར་བཅུག་པ་དང༌། དྲེའུ་རྔོག །ཁྱིམ་པའི་གོས། སྔས་ནང་ཚངས་ཅན། སྤང་ལྟུང་བྱུང་བའི་གོས་རྣམ་བརྟགས་བྱས་པ། དགེ་འདུན་གྱི་གོས་འཁྲུར་བཅུག་པ་རྣམས་དང༌། སྦྱོར་བའི་ཡན་ལག་མ་ཚང་པ་མངགས་པས་འཁྲུར་བཅུག་པ་སོགས་ལ་ཉེས་བྱས་སོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི། སངས་རྒྱས་ཀྱི་གསུང་དང་མི་འགལ་བའི་དགེ་འདུན་གྱི་ཁྲིམས་སུ་བྱ་བ་མ་བསྲུངས་པ་དང༌། གློ་བུར་དུ་འོངས་པས་ངལ་བསོ་བ་སོགས་བྱས་མ་ཐག་ཏུ་ཁྲིམས་སུ་བྱ་བ་མ་དྲིས་པ་དང༌། དེ་ལས་འགལ་བ་དང༌། ཆོས་གོས་སོགས་ལྷག་པ་འབུལ་བ་དགེ་འདུན་གྱི་དོན་དུ་གཞག་པའི་ཕྱིར་མ་བླངས་པ་རྣམས་ལ་ཉེས་བྱས་སོ། །དྲུག་པ་མཐོ་གང་གི་སྤང་བ་ལ་བཞི་ལས་གཞིའི་དངོས་པོ་གདིང་བ་རུང་ཞིང་ཚད་དང་ལྡན་པ། རང་གི་ཡིན་པ། དུས་ཚིགས་སུ་མ་སྤྱད་པའི་གསར་པ་ཡིན་པ། རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའོ། །རྟེན་ནི་གདིང་བ་རྙིང་


JLD001_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཐུད་ཅིང་སྦྱར་བ་ཡན་ཆད་ཀྱིས་བདེ་བར་གཤེགས་པའི་མཐོ་གང་དུ་ལོངས་པ་ཡོད་པའམ། རང་དགར་བཏང་བའི་སྒོ་ནས་མེད་པ་གང་ཡང་རུང་བའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྙིང་པ་མཐོ་གང་གིས་མ་གླན་པར་སྤྱད་པར་འདོད་པའོ། །སྦྱོར་བ་ལུས་ཀྱིས་སྤྱོད་པར་རྩམ་པའོ། །མཐར་ཐུག་ལོངས་སྤྱད་པ་སྟེ་དེ་ཡང་རྙིང་པར་མ་གྱུར་བར་དུ་ལོངས་སྤྱད་པ་རེ་རེ་ལ་ལྟུང་པ་རེ་རེར་འགྱུར་རོ། །གཉིས་པ་མེད་པ་ཚོལ་པ་ལས་གྱུར་པ་ལ་ཁྱིམ་པའི་ཡུལ་ལས་གྱུར་པ་དང༌། རབ་བྱུང་གི་ཡུལ་ལས་གྱུར་པ་གཉིས། དང་པོ་ལ་གོས་སྒྲུབ་པའི་ཚུལ་ལ་བརྟེན་པ་དང༌། དུས་ལ་བརྟེན་པ་གཉིས། དང་པོ་ལ་བདུན་ལས་གོས་སློང་པའི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་བསླང་བའི་ཡུལ་ནི་རབ་ཏུ་བྱུང་བའི་རྟགས་སྡོམ་དང་མི་ལྡན་པའི་ཁྱིམ་པ་ཡིན་པ། ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རང་ལས་ནོར་ཐ་དད་པ། ཉེ་དུ་མ་ཡིན་པ། མ་བསླངས་པར་དངོས་སུ་འབུལ་པ་མ་ཡིན་པ་སྟེ་ཆོས་དྲུག་ལྡན་ནོ། །གང་བསླང་བའི་དངོས་པོ་ནི་གོས་རུང་ཞིང་ཁྲུ་གང་དུ་ལོངས་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པའོ། །གང་གིས་སློང་བའི་རྟེན་ནི་སྲ་བརྐྱང་མ་བཏིང་ཞིང་གང་སློང་བའི་གོས་དེ་རང་ལ་ཡོད་པ། སྦྱིན་བདག་གིས་རང་ལ་བསྔོས་པར་མ་ཤེས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སློང་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་རྩམ་པའོ། །མཐར་ཐུག་ནི་རིན་ཐང་དང་ཁ་དོག་དང་ཁྲུ་ཚད་གང་བསླངས་


JLD001_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཐོབ་པའོ། །གཞིའི་ཡན་ལག་མ་ཚང་པ་རས་མ་དང་ཁ་ཚར་སློང་བ་ལ་ལྟུང་བ་མེད། རྒྱུ་སྤུན་དང་བལ་སློང་བ་རྣམས་ལ་ཉེས་བྱས་སོ། །གཉིས་པ་སློང་བར་རིགས་པའི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་སློང་བའི་ཡུལ་ནི་ཁྱིམ་པ་ཆོས་དྲུག་ལྡན། གང་བསླང་བའི་དངོས་པ་ནི་གོས་ཡིན་པ། རུང་བ། ཁྱིམ་པ་དེ་ཉིད་ཀྱི་ཡིན་པ། ཟུང་གཅིག་ལས་ཁྲུ་གང་ཡན་ཆད་ཀྱིས་ལྷག་པའོ། །རྟེན་ནི་སྲ་བརྐྱང་མ་བཏིང་བ། རང་ལ་དགོས་པའི་འཚོ་བའི་ཡོ་བྱད་གསུམ་ཡན་ཆད་མ་ཚང་བའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་ཟུང་གཅིག་ལས་ལྷག་པ་སློང་བར་འདོད་པའམ་མ་བསླངས་ཀྱང་ལྷག་མའི་ཆ་མི་སྟེར་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྦྱིན་བདག་གཅིག་ལ་སློང་བར་རྩོམ་པའམ་ལྷག་མ་མི་སྦྱིན་པར་རྩོམ་པའོ། །མཐར་ཐུག་ལྷག་པ་ཐོབ་པའམ་མི་སྦྱིན་པར་ཐག་བཅད་པའོ། །ལྷག་པར་བསླངས་པས་ལྟུང་བར་འགྱུར་ཚུལ་ནི། དང་པོ་ཉིད་ནས་སྦྱིན་བདག་གཅིག་ལས་གོས་ཟུང་གཅིག་ལས་ཁྲུ་གང་གིས་ལྷག་པར་བསླངས་པ། ཁྱིམ་པའི་གོས་ལ་འབྲིང་ཚད་མ་བཤད་པས་སྟོད་གཡོགས་ཁྲུ་ཕྱེད་དང་ལྔ་པ་དང་ཕྱེད་དང་གསུམ་པ་ནས་ཆེ་ཚད་ལ་མ་སླེབ་པའི་བར་དང༌། སྨད་གཡོགས་འཁོར་གསུམ་ཁེབས་པ་ནས་ཆེ་ཚད་ལ་མ་སླེབ་པའི་བར་ནི་ཆུང་ངུ་ཡིན་ལ། དེ་དག་ལས་འཁོར་གསུམ་ཁེབས་པ་ཡན་ཆད་གང་རུང་ཐོབ་པ་ལས་ཁྲུ་གང་ཡན་ཆད་དུ་ཁ་བསྐངས་ཏེ་བསླངས་པ་ལ་སྤང་བར་འགྱུར་རོ། །ལྷག་པ་མ་བྱིན་པས་ལྟུང་བར་


JLD001_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཚུལ་ནི། ཁྱིམ་པའི་གོས་ཆུང་ངུ་བསླངས་པས་ཆེན་པོ་ཐོབ་པ་ན་ལྷག་པ་མི་སྦྱིན་པ་ལ་སྤང་བར་འགྱུར་ཞིང༌། ཆུང་ངུ་གང་བསླངས་པ་དེ་ལས་ལྷག་པ་ཐོབ་ཀྱང་ཆེ་ཚད་དུ་མ་ལོངས་ན་ལྷག་པ་མི་སྦྱིན་དགོས་ཏེ། ཆུང་ངུ་ལས་ལྷག་པ་མ་ཐོབ་པའི་ཕྱིར་རོ། །རབ་བྱུང་གི་ཚད་གསུམ་ལས་སྔ་མ་བསླངས་པས་ཕྱི་མ་ཐོབ་པ་ན་ལྷག་པ་མི་སྦྱིན་ན་ཡང་སྤང་བར་འགྱུར་རོ། །གཞིའི་ཡན་ལག་མ་ཚང་བ་རྔ་བལ་ལ་སོགས་པ་རབ་བྱུང་ལ་མི་རུང་བ་བསླངས་ན་སྦྱོར་བ་དང་དངོས་གཞི་གཉི་ག་ལ་ཉེས་བྱས་སོ། །གསུམ་པ་དང་བཞི་པ་སྤགས་པ་སློང་པ་དང་སོ་སོ་ནས་སྤགས་པ་སློང་པའི་སྤང་བ་གཉིས་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་སློང་བའི་ཡུལ་ནི་ཁྱིམ་པ་ཆོས་དྲུག་ལྡན་ཐུན་མོང་དུ་དགོས་ཤིང༌། སོ་སོ་ནས་སྤགས་པ་སློང་བ་ལ་སྦྱིན་བདག་ཕོ་མོ་སོ་སོ་ནས་གོས་རེ་རེ་བསྔོས་པ་དང༌། སྤགས་པ་སློང་བ་ལ་གོས་གཅིག་བསྔོས་པའོ། །གང་བསླང་བའི་དངོས་པོ་ནི་གོས་དགོས་སུ་གྲུབ་པ། རུང་ཞིང་ཚད་དང་ལྡན་པ། སྦྱིན་བདག་དེ་ཉིད་དབང་ཞིང་རང་ལ་བསྔོས་པའོ། །རྟེན་ནི་སྲ་བརྐྱང་མ་བཏིང་བ། སྦྱིན་བདག་གིས་བསྔོས་པར་ཤེས་པའོ། །བསམ་པའི་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སློང་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྦྱིན་བདག་གིས་མ་ཕུལ་པའི་སྔ་རོལ་དུ་སློང་བར་རྩོམ་པའོ། །མཐར་ཐུག་ལག་ཏུ་གྲུབ་པའོ། །ལྔ་པ་འཐག་ཏུ་འཇུག་པའི་སྤང་པ་ལ་བཞི་ལས། གཞིའི་ཡན་ལག་ལ་ཐ་ག་པ་ནི་ཐགས་གླ་ཅི་བདེར་སྟོབས་པ་


JLD001_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་ཡིན་པ་སྦྱར་བའི་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གང་འཐག་ཏུ་འཇུག་པའི་དངོས་པོ་ནི་རུང་ཞིང་ཚད་དུ་ལོངས་པ། རང་གི་ཡིན་པ། སྔར་གཞན་གྱིས་ཚད་ལ་གནོད་པའི་འཐག་པའི་རྩོམ་པ་མ་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྔན་པ་མ་བྱིན་པར་འཐག་ཏུ་འཇུག་པར་འདོད་པའོ། །སྦྱོར་བ་རྔན་པ་མ་བྱིན་པར་རང་ངམ་ཕོ་ཉ་བ། ཁྱིམ་པ་ཉེ་དུ་མ་ཡིན་པ་ཐ་སྙད་ལྔ་ལྡན་གྱིས་ངག་མཚན་ཉིད་ལྔ་ལྡན་གྱིས་འཐག་ཏུ་འཇུག་པར་རྩོམ་པའོ། །མཐར་ཐུག་གོས་བཏགས་ཟིན་པའོ། །དྲུག་པ་འཐག་པ་སྐྱེད་པའི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ལ་འཐག་པ་སྐྱེད་པའི་སྦྱིན་བདག་དང་ཐ་ག་པ་གཉི་ག་ཁྱིམ་པའི་ཆོས་དང་པོ་ལྔ་དང་ལྡན་པའོ། །དངོས་པོ་ནི་རང་ལ་བསྔོས་པའི་དོག་པ་ཡིན་པ། རུང་ཞིང་ཚད་དུ་ལོངས་པ། ཁྱིམ་པ་དེ་ཉིད་ཀྱི་ཡིན་པ། སྔར་གཞན་གྱིས་ཚད་ལ་གནོད་པའི་འཐག་པའི་རྩོམ་པ་མ་བྱས་པའོ། །རྟེན་ནི་སྦྱིན་བདག་གིས་འཐག་པ་སྐྱེད་པའི་གནང་བ་མ་བྱིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འཐག་པ་སྐྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ངག་མཚན་ཉིད་ལྔ་ལྡན་གྱིས་ཁོ་ལག་ཆེ་བའམ་འབྲས་བཟང་བ་གྱིས་ཤིག །ཅེས་སོགས་ཀྱིས་བསྒོ་བས་འཐག་པ་སྐྱེད་པར་རྩོམ་པའོ། །མཐར་ཐུག་རྔན་པ་བྱིན་ཀྱང་སྦྱིན་བདག་གིས་བསྔོས་པ་ལས་ལྷག་པའི་དོག་པ་གོས་ཁྲུ་གང་གི་རྒྱུའི་ཚད་དུ་ལོངས་པ་ཟད་པའམ། མ་ཟད་ཀྱང་རྔན་པ་མ་བྱིན་པར་འཐག་པ་ཟིན་པའོ། །སྦྱོར་བའི་ཡན་ལག་མ་ཚང་བ་ཚིག་གིས་མི་བསྒོ་བར་འཐག་པ་བསྐྱེད་པའི་དོན་དུ་འགྲོ་བ་ཙམ་


JLD001_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེས་བྱས་སོ། །བདུན་པ་བསྔོས་སྒྱུར་གྱི་སྤང་པ་ལ་ལྟུང་བ་རྣམ་གཞག་དང་བསླབ་བྱ་གཉིས། དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་སྦྱིན་བདག་ནི་ཁྱིམ་པ་ཡིན་པ། ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རང་དང་བསྔོས་པའི་ཡུལ་གཉིས་ལས་ནོར་ཐ་དད་པའོ། །གང་བསྒྱུར་བའི་དངོས་པོ་ནི་ཟས་ལས་གཞན་པའི་རྙེད་པ་ཡིན་པ། རུང་ཞིང་ཚད་དུ་ལོངས་པ། སྦྱིན་བདག་གིས་གཞན་ལ་བསྔོས་པ་ཡིན་པའོ། །གང་བསྒྱུར་བའི་ཡུལ་ནི་བདག་ལས་ནོར་ཐ་དད་པ་སྟེ་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བརྐུ་སེམས་ལས་གཞན་པས་བདག་ཉིད་ལ་སྒྱུར་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་བསྔོས་སྒྱུར་གྱི་ཚིག་སྨྲ་བར་རྩོམ་པའོ། །མཐར་ཐུག་དེའི་རྐྱེན་གྱིས་ཐོབ་པའོ། །གཞིའི་ཡན་ལག་མ་ཚང་བ་གཞན་ལ་བསྔོས་པ་གཞན་ལ་སྒྱུར་བ་དང༌། ཟས་ཀྱི་རྙེད་པ་སྒྱུར་པ་དང༌། གནས་ཁང་ལ་བསྔོས་པ་གཞན་ལ་སྒྱུར་བ་སོགས་དབྲལ་བ་དང་སྦྱར་བའི་ཡུལ་གཉི་གའམ་གང་རུང་སེམས་ཅན་མ་ཡིན་པ་ལ་སྒྱུར་བ་དང༌། གཙུག་ལག་ཁང་དེ་དེ་ཉིད་ཀྱི་ཤར་ཕྱོགས་ལ་བསྔོས་པ་ནུབ་ཕྱོགས་ལ་སྒྱུར་བ་དང༌། ཤར་ཕྱོགས་ཉིད་ཀྱི་ཡང་གཞན་ལ་བསྔོས་པ་གཞན་ལ་སྒྱུར་བ་སོགས་ལ་ཉེས་བྱས་སོ། །དེ་བཞིན་དུཡིད་ཀྱིས་གཞན་ལ་བསྔོས་པ་མི་སྦྱིན་པ་དང༌། ཤི་བའི་ཡོ་བྱད་ལ་སོགས་པའི་རྙེད་པ་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་བྱིན་གྱིས་རློབ་པ་དང་བྱིན་གྱིས་མ་བརླབས་པར་བགོ་བ་དང༌། རྙེད་པ་དེ་ལ་གཏོགས་པའི་གང་ཟག་


JLD001_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མ་ཚོགས་པར་བགོ་བ་དང༌། དབྱར་རྙེད་སོགས་ཀུན་དབང་བའི་རྙེད་པ་དགེ་སློང་གཉིས་སམ་གསུམ་གྱིས་ལེན་པ་རྣམས་ལ་ཉེས་བྱས་སོ། །བྱང་ཆུབ་ཆེན་པོ་དང་ཆོས་ཀྱི་འཁོར་ལོ་དང་ཆོ་འཕྲུལ་ཆེན་པོ་དང་ལྷ་ལས་བབས་པའི་མཆོད་རྟེན་བཞི་པོ་གཅིག་ལ་བསྔོས་པ་མ་གྲུབ་པའི་ཚེ་ཕན་ཚུན་བསྒྱུར་དུ་རུང་ཞིང༌། དེ་དག་ལ་བསྔོས་པ་མ་གྲུབ་ནའང་མཆོད་རྟེན་གཞན་ལ་བསྒྱུར་དུ་མི་རུང་ལ། གཞན་ལ་བསྔོས་པ་མ་གྲུབ་པའི་ཚེ་བཞི་པོ་དེ་དག་ལ་བསྒྱུར་དུ་རུང་ངོ༌། །བཞི་པོ་དེ་དག་ལས་གཞན་པའི་དཀོན་མཆོག་ལ་བསྔོས་པ་ནང་ཕན་ཚུན་མ་གྲུབ་ན་བསྒྱུར་དུ་རུང་ལ། གཞན་དུ་རྣམ་པ་ཐམས་ཅད་དུ་བསྒྱུར་བར་མི་བྱའོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི་སྲུང་མ་མ་བཞག་པར་གཙུག་ལག་ཁང་རང་དགར་དོར་བ་དང༌། སྲུང་མ་དེས་གནས་དེར་དགེ་སློང་གཞན་མ་བྱུང་ན་ལོ་བཅུ་མ་བསྡད་པ་དང༌། དེའི་ཚེ་ཉེ་འཁོར་གྱི་གཙུག་ལག་ཁང་དང་གསོ་སྦྱོང་ཐ་དད་ཅིང་རྙེད་པ་ཐུན་མོང་བའི་ལས་མ་བྱས་པ་དང༌། འགྲོ་བའི་ཚེ་རྫས་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་དུ་མ་བཅོལ་བ་དང༌། གནས་དེར་སྡོད་པ་འགའ་ཞིག་བྱུང་ན་བཅོལ་ས་དེས་རྫས་རྣམས་མ་བྱིན་པ་དང༌། བཅོལ་ས་དེས་མ་བྱིན་ན་འཆོལ་བ་པོས་བླངས་ཏེ་མ་བྱིན་པ་དང༌། གཙུག་ལག་ཁང་དུ་ཕུལ་བའི་རྫས་གཙུག་ལག་ཁང་གཞན་དུ་སྦྱིན་པ་དང་སྦྱིན་བདག་གིས་གཙུག་ལག་ཁང་གི་རྫས་གཙུག་ལག་ཁང་གཞན་དུ་བསྒྱུར་བའི་ཚེ་མཐུས་མ་བཟུང་བ་དང༌། གཙུག་ལག་ཁང་གི་རྫས་གཙུག་ལག་ ཁང་གཞན་དུ་གཡར next hit་པོར་མི་སྦྱིན་པ་རྣམས་སོ། །གཉིས་པ་གོས་


JLD001_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་དུས་ལ་བརྟེན་པ་ལ་གཉིས་ལས་དང་པོ་རས་ཆེན་གྱི་སྤང་བ་ལ་གཉིས་ལས་དང་པོ་ལྟུང་བ་རྣམ་གཞག་ལ་བཞིའི་དང་པོ་ལ་གཞིའི་ཡན་ལག་ལ་གང་ལ་བཙལ་བའི་ཡུལ་ནི་ཁྱིམ་པ་ཆོས་ལྔ་ལྡན་གྱི་སྟེང་དུ་ཅི་བདེར་སྟོབས་པ་པ་མ་ཡིན་པའོ། །གང་བཙལ་བའི་དངོས་པོ་ནི་རས་ཆེན་ནམ་རས་ཆེན་གྱི་རྒྱུ་རུང་ཞིང་ཚད་དང་ལྡན་པ། དུས་ཚིགས་སུ་མ་སྤྱད་པ། ཆར་ཆུ་སྐྱོབ་པའི་བྱ་བ་བྱེད་ནུས་པ་སྦྱིན་བདག་དེ་ཉིད་ཀྱི་ཡིན་པའོ། །ཚོལ་བའི་དུས་ནི་རང་གི་ཁས་ལེན་ལ་ལྟོས་ནས་ཟླ་བ་གཅིག་ལས་སྔ་བའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་སློང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པའོ། །མཐར་ཐུག་དེའི་རྐྱེན་གྱིས་ཁས་ལེན་གྱི་ཟླ་བ་གཅིག་གི་སྔ་རོལ་དུ་ཐོབ་པའོ། །དེ་ནི་བཙལ་བའི་སྤང་བ་ཡིན་ལ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་ཞེས་པའི་གནས་སུ་རང་གི་ཡིན་པ་ཞེས་སྦྱར་ནས་ལྷག་མ་གང་བསླང་བའི་དངོས་པོའི་ཆོས་ཚང་བའི་རས་ཆེན་དེ་རང་གི་ཁས་བླངས་ལ་ལྟོས་པའི་དགག་དབྱེ་བྱས་ནས་སྦེད་པ་པོ་ལ་མ་གཏད་པར་ཟླ་བ་ཕྱེད་བཅང་སྟེ། ཞག་ཕྱི་མའི་སྐྱ་རེངས་ཤར་ནས་རས་ཆེན་བཞག་པ་འཕྱིས་པའི་སྤང་བར་འགྱུར་རོ། །དུས་ཚིགས་སུ་སྤྱད་པ་བཞག་པ་འཕྱིས་པ་དང༌། བཙལ་བ་སྔས་པ་དང༌། དུས་མ་ཡིན་པར་བཙལ་བ་ལས་དུས་སུ་གྲུབ་པ་རྣམས་ལ་ཉེས་བྱས་སོ། །བསླབ་བྱའི་ཉེས་བྱས་ནི་རང་གི་ཁས་ལེན་ལ་ལྟོས་པའི་ཟླ་བ་གཅིག་ནས་བརྩམས་ཏེ་མ་བཙལ་བ་དང༌། དགག་དབྱེ་ཟིན་པའི་འོག་


JLD001_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཟླ་བ་ཕྱེད་ཀྱི་བར་དུ་མ་བཅངས་པའོ། །གཉིས་པ་བརྟད་པ་ལས་བྱུང་བའི་སྤང་བ་ལ་བཞི་ལས། གཞིའི་ཡན་ལག་ལ་གང་ལས་བདག་གིར་བྱ་བའི་སྦྱིན་བདག་ནི་ཉེ་དུ་མ་ཡིན་པ་མ་གཏོགས་པའི་ཁྱིམ་པ་ཆོས་བཞི་ལྡན་ནོ། །གང་བདག་གིར་བྱ་བའི་དངོས་པོ་ནི་དབྱར་གནས་ལས་བྱུང་བའི་གོས་རྙེད་ཡིན་པ། ཕལ་ཆེར་རུང་ཞིང་ཚད་དང་ལྡན་པ། ནད་པ་ལ་སོགས་པའི་བརྟད་པ་ལས། བྱུང་བའི་རྙེད་པ་མ་ཡིན་པའོ། །རྟེན་ནི་སྔ་རོལ་ཏུ་རྙེད་པ་བདག་གིར་བྱས་ན་དགེ་འདུན་གྱི་རྙེད་པའི་བར་ཆད་སྤོང་བ་མ་ཡིན་པའོ། །བདག་གིར་བྱེད་པའི་དུས་ནི་དབྱར་གྱི་ནང་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བདག་གིར་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་བདག་གིར་བྱེད་པ་ལ་ཞུགས་པ། མཐར་ཐུག་བདག་གིར་བྱ་བར་ངེས་པའོ། །དེ་ནི་དབྱར་རྙེད་བདག་གིར་བྱ་བ་སྔས་པའི་སྤང་བ་ཡིན་ལ། བརྟད་པའི་དབང་གིས་དགག་དབྱེ་ལས་ཞག་བཅུའི་ནང་དུ་བདག་གིར་བྱེད་པ་ལ་ཉེས་པ་མེད་ཅིང་དེ་ཡང་དབྱར་ནང་དུ་བགོ་བར་བྱེད་ན་བགོ་བ་སྔས་པའི་སྤང་བར་འགྱུར་ལ། དེའི་ཚུལ་ནི་ཀུན་སློང་རང་གི་སྐལ་བ་ནོད་པར་འདོད་པ་དང༌། མཐར་ཐུག་རང་གི་སྐལ་བ་ཐོབ་པ་ཡིན་ལ་གཞན་རྣམས་གོང་དང་འདྲའོ། །དབྱར་རྙེད་བཞག་པ་འཕྱིས་པའི་སྤང་བ་ལ་དངོས་པོའི་ཁྱད་པར་རང་གི་ཡིན་པ་དང་བགོས་ན་བར་ཆད་དུ་འགྱུར་བའི་རྐྱེན་དང་མི་ལྡན་པ། རྟེན་ནི་སྦྱིན་བདག་གི་ཚེག་གིས་དབང་མེད་པ་མ་ཡིན་པ་དབྱར་རྙེད་སྦེད་པ་པོ་མ་བསྐོས་པ་དང། དུས་ནི་དགག་དབྱེའི་ཕྱི་དེ་ཉིན་ཡིན་པ། ཀུན་སློང་རང་དོན་དུ་འཆང་བར་


JLD001_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ། སྦྱོར་བ་འཇོག་པར་རྩོམ་པ། མཐར་ཐུག་ཚེས་བཅུ་དྲུག་གི་མཚན་མོ་འདས་པ་རྣམས་ནི་ཐུན་མོང་མ་ཡིན་པའི་ཡན་ལག་ཡིན་ལ་ལྷག་མ་སྔར་དང་འདྲའོ། །གཉིས་པ་རབ་བྱུང་གི་གཞི་ལས་གྱུར་པའི་སྤང་པ་ལ་གཉིས་ལས་དགེ་སློང་མ་ལ་གོས་ལེན་པའི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལེན་པའི་གཞི་ཡུལ་ནི་འཁྲུར་འཇུག་གི་སྐབས་སུ་བསྟན་པའི་དགེ་སློང་མ་ཆོས་བརྒྱད་ལྡན་གྱི་སྟེང་དུ་དད་པ་དང་སེམས་ཡངས་རྒྱ་ཆེ་བ་མ་ཡིན་པའོ། །གང་ལེན་པའི་དངོས་པོ་ནི་གོས་རུང་ཞིང་ཚད་དང་ལྡན་པ། དགེ་སློང་མ་དེ་ཉིད་ཀྱི་ཡིན་ཞིང་དེ་ཉིད་དང་འབྲེལ་བར་གནས་པ། གང་གིས་ལེན་པའི་རྟེན་ནི་དགེ་སློང་མས་དགེ་འདུན་ལ་གོས་འབུལ་བའི་ཚེ་དེའི་ཁོངས་སུ་མ་གཏོགས་པ། དགེ་སློང་མ་དེ་ལ་ཆོས་སྟོན་པ་དང་གཞན་བསྙེན་རྫོགས་བྱེད་པ་དང་ཉོ་ཚོང་སོགས་ཀྱི་དོན་མ་ཡིན་པ་དང་ཆོས་གོས་ཚང་བར་ཡོད་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་ལེན་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་ལེན་པ་ཞུགས་པ། མཐར་ཐུག་ཐོབ་པའོ། །གཉིས་པ་བྱིན་འཕྲོག་གི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་འཕྲོག་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གང་འཕྲོག་པའི་དངོས་པོ་ནི་གོས་སམ་ལྷུང་བཟེད་ཡིན་པ། རུང་ཞིང་ཚད་དང་ལྡན་པ། རང་ངམ་གཞན་གྱིས་བྱིན་པས་ཡུལ་དེ་དབང་བའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་གང་ཟག་དེ་གནོད་པ་ལས་བཟློག་པ་དང་རྫས་ཀྱི་ཆ་ནས་ཆུད་གཟན་པ་དང་རང་ངམ་


JLD001_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལོངས་སྤྱོད་པའི་ཆེད་མ་ཡིན་པ། ཁྲོ་བ་སོགས་ཀྱིས་གཏན་དུའམ་རེ་ཞིག་དབྲལ་བར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་གཉི་གའམ་གང་རུང་གིས་འཕྲོག་པར་ཞུགས་པའོ། །མཐར་ཐུག་ལུས་ལས་བྲལ་བའམ་ལུས་དང་མ་འབྲེལ་བ་འཕྲོག་ན་གནས་ནས་སྦགས་པའོ། །གཞིའི་ཡན་ལག་མ་ཚང་བ་བསྙེན་པར་མ་རྫོགས་པ་ལས་འཕྲོག་པ་དང༌། ཀུན་སློང་གི་ཡན་ལག་མ་ཚང་བ་མཐོ་འཚམ་པའི་བསམ་པས་རེ་ཞིག་ཙམ་འཕྲོག་པ་རྣམས་ལ་ཉེས་བྱས་སོ། །ལྟུང་བ་ཕྱིར་བཅོས་བྱེད་པའི་ཚེ་ཕྱིར་མ་བྱིན་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་ལ་ཕྱིར་བཅོས་ཀྱང་མི་འཆགས་སོ། །གཉིས་པ་སྟན་ལས་གྱུར་པ་ལ་བཞི་ལས་དང་པོ་སྲིན་བལ་གྱི་སྟན་བྱེད་པའི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ནི་སྲིན་བལ་ཡིན་པ་རུང་ཞིང་ཚད་དང་ལྡན་པ་རང་གི་ཡིན་པ་དཀོན་ཞིང་རིན་ཆེ་བ་མ་ཉམས་ཤིང་ཉམས་པ་དང་མ་འདྲེས་པ་སྔར་ཚད་ལ་གནོད་པའི་བཟོའི་རྩོམ་པ་མ་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་གི་དོན་དུ་གླིངས་པའམ་ནང་ཚངས་ཅན་གྱི་སྟན་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་བྱེད་པར་རྩོམ་པ། མཐར་ཐུག་དེའི་རྐྱེན་གྱིས་གླིངས་པའམ་ནང་ཚངས་ཅན་གང་རུང་གི་བཀྲམ་པ་རྫོགས་པའོ། །ཡན་ལག་མ་ཚང་བ་སྲིན་བལ་ཉམས་པ་ལ་སྟན་བྱེད་པ་དང༌། བལ་དཀར་པོ་སོགས་ཉུང་ངུ་དང་བསྲེས་ཏེ་སྟན་བྱེད་པ་རྣམས་ལ་ཉེས་བྱས་སོ། །གཉིས་པ་བལ་ནག་འབའ་ཞིག་གི་སྟན་བྱེད་པ་ལ་བཞི་ལས་གཞིའི་ཡན་ལག་ནི་སྲིན་བལ་ཡིན་པ་མ་གཏོགས་པའི་སྔར་


JLD001_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཞིའི་ཡན་ལག་རྣམས་ཀྱི་སྟེང་དུ་ཁ་བསྒྱུར་བས་ནག་པོར་བྱས་པ་མ་ཡིན་པའི་ལུག་ནག་གི་བལ་ནག་པོ་འབའ་ཞིག་ཡིན་པ་དང༌། བསམ་སྦྱོར་དང་མཐར་ཐུག་སྔར་དང་འདྲ་ཞིང༌། བལ་སྔོན་པོ་དང་ཁམ་པ་དང་འདམ་ཁ་འབའ་ཞིག་གི་སྟན་བྱེད་པའི་སྤང་བ་སྐྱེད་པའི་ཚུལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ནི་གླིངས་པའི་སྟན་གྱི་དབང་དུ་བྱས་སོ། །གསུམ་པ་ཆ་གཉིས་བསྲེ་བའི་སྤང་བ་ལ་གཞིའི་ཡན་ལག་ནི། ལུག་བལ་ནག་པོ་འབའ་ཞིག་གི་སྟན་གྱི་ཕྱེད་ལས་ལྷག་པར་བྱས་པ་ཐུན་མོང་མ་ཡིན་པའི་ཡན་ལག་ཡིན་ལ་ཡན་ལག་ལྷག་མ་སྔར་བཞིན་ནོ། །ཆ་གཉིས་བསྲེས་པའི་སྟན་བྱེད་པའི་ཕྱེད་ཀྱི་ཆ་དཀར་པོ་དང་”མཁོབ་བལ་ཆ་མཉམ་དུ་བྱ་དགོས་པ་ལ་དཀར་པོ་ལྷག་པ་བྱས་ན་བསླབ་བྱའི་ཉེས་བྱས་སོ། །དེ་ལྟར་སྲིན་བལ་དང་བལ་ནག་སོགས་ལས་ལྟུང་བ་སྐྱེད་པ་ཡང་ཡུལ་དུས་དེར་རིན་ཆེ་བའི་དབང་དུ་བྱས་ཀྱི་དཀར་པོ་སོགས་རིན་ཆེ་བ་ལ་ནི་དེ་དག་ལས་ལྟུང་བར་འགྱུར་རོ། །བཞི་པ་ལོ་དྲུག་གི་ནང་དུ་སྟན་གཉིས་པ་བྱེད་པའི་སྤང་བ་ལ་ལྟུང་བ་རྣམ་གཞག་དང་བསླབ་བྱའི་ཉེས་བྱས་གཉིས། དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་བསྒྲུབ་པའི་དངོས་པོ་ནི་སྟན་གྱི་རྒྱུ་ཡིན་པ། རུང་ཞིང་ཚད་དང་ལྡན་པ། མ་ཉམས་པ། རང་གི་ཡིན་པ། སྔར་ཚད་ལ་གནད་པའི་བཟོའི་རྩོམ་པ་མ་བྱས་པའོ། །གང་གིས་སྒྲུབ་པའི་རྟེན་ནི་སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པ། སྟན་སྔ་མ་ཡོད་པའམ་མེད་ཀྱང་རང་དགར་བཏང་བ་གནང་བ་མ་ཐོབ་


JLD001_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གླིངས་པའི་སྟན་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་བྱེད་པར་ཞུགས་པ། མཐར་ཐུག་བཀྲམ་པ་རྫོགས་པའོ། །ལོ་ངོ་མཐོང་དྲུག་ལོན་ན་ལྟུང་བ་མེད་དེ། རྣམ་འབྱེད་ལས། དྲུག་པ་ལ་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །ལྟུང་བ་འབྱུང་བའི་ཚུལ་ནི། གནང་བའི་སྟན་དང་ལྷན་ཅིག་གམ་རྗེས་སུ་མ་གནང་བའི་སྟན་བྱེད་པར་བརྩམས་པ་ཙམ་ན་ཉེས་བྱས་དང༌། ཕྱི་མ་སྔར་ཟིན་པར་བྱེད་ཙམ་ན་མཐར་ཐུག་གི་ལྟུང་བ་མེད་ཅིང་གཉི་ག་ཟིན་པའི་ཚེ་སྤང་ལྟུང་དུ་འགྱུར་རོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི་སྟན་བྱེད་པའི་གནང་བ་གསོལ་བར་མི་འོས་བཞིན་དུ་གསོལ་བ་དང༌། གང་ལ་གནང་བ་གསོལ་པའི་དགེ་འདུན་གྱིས་རང་ངམ་བསྐོས་པས་གནང་བ་སྦྱིན་པར་འོས་མི་འོས་མ་བརྟགས་པ་དང༌། རྟོག་པ་པོའམ་སྟན་ལོངས་སྤྱོད་པ་གཞན་གྱིས་ཀྱང་སྟན་གྱི་ཆུ་དང་ཞེང་དུ་ལྷག་ན་མ་བཅད་པ་དང༌། ཚད་ལས་ཆུང་ན་མ་བསྐྱེད་པ་དང༌། རལ་བ་མ་བཙེམས་པ་དང༌། རྡོལ་བ་དང་ཤ་ཟད་པ་ལ་མ་སྦྱར་པ་དང༌། བཅོས་དཀའ་བའི་ཚེ་གནང་བ་མ་བྱིན་པ་རྣམས་སོ། །གསུམ་པ་བལ་ལས་གྱུར་པ་ལ་གཉིས་ལས། བལ་འཁུར་བའི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་འཁུར་པའི་དངོས་པོ་ནི་བལ་ཡིན་པ། རུང་ཞིང་ཁུར་དུ་ལོངས་པ། རང་གི་ཡིན་པ། ངོ་མ་སྤོས་པའོ། །གང་དུ་འཁུར་བའི་ལམ་ནི་སའི་ལམ་དང་། རྒྱང་གྲགས་ཀྱི་མཐའ་ཡིན་པའོ། །དུས་ནི་ཉི་མ་གཅིག་ཡིན་པ། བསམ་པ་ལ་འདུ་ཤེས་


JLD001_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་འཁུར་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་འཁུར་བར་རྩོམ་པ། མཐར་ཐུག་རྒྱང་གྲགས་འདས་པའོ། །ལྟུང་བར་འགྱུར་ཚུལ་ནི་ཁུར་འཁྱེར་བ་གཞན་མེད་ན་དཔག་ཚད་གསུམ་འཁྱེར་དུ་གནང་བ་ལས་དེ་ལས་རྒྱང་གྲགས་གཅིག་འདས་པ་ན་སྤང་བ་དང༌། འཁྱེར་བ་ཡོད་ན་ཁུར་ཙམ་ནས་ཉེས་བྱས་གཅིག་དང༌། རྒྱང་གྲགས་གཅིག་འདས་པ་ན་སྤང་བར་འགྱུར་ཞིང་གཉི་ག་ལ་ཡང་རྒྱང་གྲགས་ཕྱེད་རེ་རེ་ལ་ཉེས་བྱས་དང༌། བསྒོམས་བྱུང་གི་རྫུ་འཕྲུལ་ལས་གཞན་པས་ནམ་མཁའ་ལ་འཁུར་བ་དང༌། སྤྲུལ་པས་ཁུར་བ་ལ་ཉེས་བྱས་སོ། །ལུས་ཕྲག་རྡང་གིས་ཁུར་འཁུར་བ་དང༌། གློ་དང་རྒྱབ་དང་རྐེད་པ་དང་མགོ་བོས་ཁུར་བ་དང་དེ་ལས་གཞན་དུ་ཡང་ཁུར་ཕྱེད་ལས་ལྷག་པ་ཁུར་བ་ལ་ཉེས་བྱས་སོ། །གཉིས་པ་བལ་རྨེལ་དུ་འཇུག་པའི་སྤང་བ་ལ་བཞི་ལས། གཞིའི་ཡན་ལག་ལ་གང་ལ་རྨེལ་དུ་འཇུག་པའི་ཡུལ་ནི་འཁྲུར་འཇུག་དང་འདྲ་ལ། གང་རྨེལ་དུ་འཇུག་པའི་དངོས་པོ་ནི་གོས་ཁྲུ་གང་ཡན་ཆད་ཀྱི་རྒྱུར་གྱུར་པའི་བལ་ཡིན་པ་རུང་བ། རྨེལ་བར་འོས་པ། ཚད་ལ་གནོད་པའི་རྨེལ་བའི་རྩོམ་པ་མ་བྱས་པ། རང་གི་ཡིན་པའོ། །ཡན་ལག་ལྷག་མ་འཁྲུར་འཇུག་དང་འདྲ་བ་ལས་བལ་འཁྲུ་བ་དང་འཚེད་པ་དང་རྨེལ་དུ་འཇུག་པ་གང་རུང་བྱས་པའོ་ཞེས་སྦྱར་རོ། །གཉིས་པ་ནོར་ལ་བརྟེན་པའི་སྤང་བ་ལ་བཞིའི་དང་པོ་བསྐུར་བའི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་བསླང་བའི་ཡུལ་


JLD001_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྦྱིན་བདག་དང་ཕོ་ཉ་བ་དང་ཞལ་ཏ་པ་གསུམ་ག་ཁྱིམ་པ་ཆོས་ལྔ་ལྡན་ཡིན་པའོ། །གང་སློང་བའི་དངོས་པོ་ནི་སྦྱིན་བདག་གིས་གོས་ཀྱི་རིན་དུ་ཕོ་ཉ་བ་ལ་རིན་པོ་ཆེ་བསྐུར་ཞིང་དེས་ཞལ་ཏ་པ་ལ་གཏད་པ་ལས་གྲུབ་པའི་གོས་ཁྲུ་གང་གི་ཚད་དུ་ལོངས་པ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐུལ་བསྡད་དྲུག་ལས་ལྷག་པའི་ཞལ་ཏ་པས་སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པ་ལས་རང་དོན་དུ་ལེན་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ལེན་པར་ཞུགས་པ། མཐར་ཐུག་གོས་ཐོབ་པའོ། །ལྟུང་བར་འགྱུར་ཚུལ་ནི་ཞལ་ཏ་པ་ལ་སྐུལ་བསྡད་དྲུག་ལས་ལྷག་པར་བྱས་ཏེ་གོས་ལེན་པའམ་མ་ལྷག་ཀྱང་སྐུལ་བསྡད་དྲུག་བྱས་པའི་འོག་ཏུ་མ་གྲུབ་པའི་ཚེ་སྦྱིན་བདག་ལ་སྤངས་པ་ལས་དེའི་ཚེ་ཞལ་ཏ་པས་གོས་འབུལ་པར་བྱེད་པ་ན་སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པ་ལས། བླངས་པ་གཉི་ག་ལ་སྤང་བར་འགྱུར་རོ། །ཕོ་ཉ་བས་དགེ་སློང་ལ་ཞལ་ཏ་པའི་ལག་ནས་གོས་ལོང་ཞིག་ཅེས་མ་སྨྲས་པར་བླངས་པ་དང༌། ཕོ་ཉ་བས་རིན་པོ་ཆེ་གཏད་པ་ན་མ་སྤངས་པ་དང༌། ཕོ་ཉ་བས་མ་དྲིས་པར་ཞལ་ཏ་བ་སྟོན་པ་དང༌། སྐུལ་བསྡད་དྲུག་བྱས་ཀྱང་མ་གྲུབ་པའི་ཚེ་སྦྱིན་བདག་ལ་མ་སྦྲན་པ་དང༌། སྐུལ་བསྡད་དྲུག་ལས་མ་ལྷག་ཀྱང་སྐུལ་བ་གསུམ་ལས་ལྷག་པ་རྣམས་ལ་ཉེས་བྱས་སོ། །གཉིས་པ་གསེར་དངུལ་ལ་རེག་པའི་སྤང་བ་ལ་གཉིས་ཀྱི་ལྟུང་བ་རྣམ་གཞག་ལ་བཞི་ལས་གཞིའི་ཡན་ལག་ནི་རིན་པོ་ཆེ་ཡིན་པ། ཉོ་ཚོང་ལ་སོགས་པའི་ཐ་སྙད་


JLD001_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་སུ་རུང་བ། རང་གི་ཡིན་པ་འཐོབ་པར་ལྕོགས་པ་ན་གནས་པ། བདག་གིར་བྱ་བ་རྫོགས་པ། སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་བ་དང་ཞལ་ཏ་པ་ཁྱིམ་པ་སོགས་བདག་པོར་ཁས་ལེན་དུ་གཞུག་པ་དང་བྱིན་གྱིས་བརླབ་པ་སྟེ་རུང་བ་གསུམ་པོ་གང་ཡང་མ་བྱས་པ་དང༌། ཆུད་འཛའ་བའི་རྐྱེན་དང་མི་ལྡན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རེག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་མངོན་སུམ་དུ་རེག་པར་ཞུགས་པ། མཐར་ཐུག་རེག་པ་རྫོགས་པའོ། །དེ་དག་ལས་གཞིའི་ཡན་ལག་མ་ཚང་བ་འཐོབ་པར་ལྕོགས་པ་ན་གནས་པ་མ་ཡིན་པ་བདག་གིར་བྱས་པ་དང༌། སྙད་གདགས་སུ་རུང་བའི་རིན་པོ་ཆེར་སྨོས་པ་ལྔ་དང༌། སོག་མའི་ཕྲེང་བ་གསེར་ཆུས་བྱུགས་པ་ལ་སོགས་པ་བཅོས་མ་དང༌། རིན་པོ་ཆེ་གས་པ་ལ་སོགས་པས་སྙད་གདགས་སུ་མི་རུང་བ་རྣམས་ལ་རེག་གམ་རེག་ཏུ་འཇུག་ན་ཉེས་བྱས་སོ། །བསླབ་བྱའི་ཉེས་བྱས་ནི་མེ་དང་ཆུའི་དོན་དུ་མེ་ཤེལ་དང་ཆུ་ཤེལ་བཞག་པའི་ཚེ་མ་སྦས་པ་དང༌། དེ་རྐུན་པོ་ལ་བསྟན་པ་དང༌། མེ་དང་ཆུ་ཕྱུང་ནས་རྐུན་པོ་ལ་མ་བྱིན་པ་དང༌། རྒྱ་ལ་སོགས་པ་གནང་བའི་ཡོ་བྱད་ལ་རིན་པོ་ཆེའི་ཤན་བསྲེས་པ་བདག་གིར་བྱས་པ་དང༌། ར་གན་ལ་སོགས་པ་མི་རུང་བ་ལས་བྱས་པའི་ལྷུང་བཟེད་རབ་ཏུ་བྱུང་ནས་བདག་གིར་བྱས་པ་དང༌། རབ་ཏུ་མ་བྱུང་བའི་ཚེ་བདག་གིར་བྱས་པའི་ལྷུང་བཟེད་མི་རུང་བ་དེ་དག་ཏུ་ལོངས་སྤྱད་དགོས་པའི་རྐྱེན་བྱུང་


JLD001_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་སྨན་ཕོར་གྱི་འདུ་ཤེས་ཀྱིས་མ་སྤྱད་པ་རྣམས་སོ། །གསུམ་པ་མངོན་ཚན་ཅན་གྱིས་སྤྱོད་པའི་སྤང་བ་ལ་གཉིས་ཀྱི་ལྟུང་བ་རྣམ་གཞག་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་མངོན་ཚན་བྱ་བའི་ཡུལ་ཁྱིམ་པ་ཆོས་ལྔ་ལྡན་ནོ། །གང་བྱ་བའི་དངོས་པོ་ནི་རིན་པོ་ཆེའམ་འབྲུ་ལ་སོགས་པའི་ནོར་ཡིན་པ། རང་དབང་བ། གོས་ཁྲུ་གང་ཡན་ཆད་ཀྱི་རིན་དུ་ཆོག་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་རང་ཁོ་ནའི་དོན་དུ་བསྐྱེད་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྐྱེད་པར་ཞུགས་པའོ། །མཐར་ཐུག་ཡུལ་དུས་དེའི་བསྐྱེད་གང་ཡིན་པ་ཐོབ་པའོ། །བསླབ་བྱའི་ཉེས་བྱས་ནི་དཀོན་མཆོག་གི་རྫས་ཀུན་དགའ་ར་བའམ་དགེ་བསྙེན་ལ་སོགས་པ་བསྐོས་ཏེ་བསྐྱེད་གཏོང་བའི་གཏའ་ཉིས་རི་བླང་བ་སོགས་དང༌། རྒྱུས་མི་ཤེས་པའི་དགེ་སློང་ལ་བརྗོད་པ་རྣམས་མ་བྱས་པའོ། །བཞི་པ་ཉོ་ཚོང་གི་སྤང་བ་ལ་གཉིས་ཀྱི་ལྟུང་བ་རྣམ་གཞག་ལ་བཞི་ལས་གཞིའི་ཡན་ལག་ལ་ཉོ་ཚོང་བྱ་བའི་ཡུལ་དང༌། གང་ཉོ་ཚོང་བྱ་བའི་དངོས་པོ་ནི་མངོན་ཚན་ཅན་གྱིས་སྤྱོད་པ་དང་འདྲ་ལ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁེ་འདོད་པས་ཉོ་ཚོང་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་ཉོ་ཚོང་བྱེད་པར་ཞུགས་པ། མཐར་ཐུག་དེའི་རྐྱེན་གྱིས་ཉོ་ཚོང་གི་བསྐྱེད་ཐོན་པའོ། །བསླབ་བྱའི་ཉེས་བྱས་ནི་ཁྱིམ་པའི་ཉོ་ཚོང་གི་བར་འཚངས་བྱས་པ་དང༌། རང་གི་ཆོས་གོས་སོགས་ཉོ་བའི་ཚེ་ཁྱིམ་པ་ཡོད་


JLD001_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དེ་ལ་མ་བཅོལ་བར་རང་གིས་རིན་ཐང་བཏབ་པ་དང༌། ཁྱིམ་པ་མེད་ན་འོས་པའི་རིན་འདི་ཙམ་ཞེས་ལན་གསུམ་གྱི་བར་དུ་མ་བྱས་པ་དང༌། དཀོན་མཆོག་ལས་གཞན་གྱི་དོན་དུ་ཟོང་ལ་རྩེག་པ་དང༌། འདི་ཁོ་ན་ལྟར་མ་ཡིན་ན་རྫས་འདི་སྦྱིན་ནོ་ཞེས་པ་ལྟ་བུ་གཏའ་གཞུག་པ་དང༌། དགེ་འདུན་གྱི་རྫས་བསྐྱེད་གཏོང་བའི་གང་ཟག་ལ་ལས་བྱེད་བསམ་གཏད་པ་དང༌། བསྐྱེད་གཏོང་བ་དེས་ཀྱང་རྒན་རབས་ལ་མ་ཞུས་པར་བསྐྱེད་གཏོང་བ་སོགས་ལ་བརྩོན་པ་དང༌། དགེ་འདུན་གྱི་རྫས་ལས་བསྐྱེད་ཅི་ཙམ་ཐོབ་པ་དང༌། ཇི་ཙམ་ལོངས་སྤྱད་པ་སོགས་ཡི་གེ་བྲི་བ་ལ་ནན་ཏན་མ་བྱས་པ་རྣམས་སོ། །གསུམ་པ་སྣོད་སྤྱད་ལས་གྱུར་པ་ལ་གཉིས་ལས་ལྷུང་བཟེད་འཆང་བའི་སྤང་བ་ལ་ཡན་ལག་རྣམས་གོས་ཞག་བཅུ་འཆང་སྤང་དང་འདྲ་བ་ལས་གོས་ཁྲུ་གང་དུ་ལོངས་པ་ཞེས་པའི་གནས་སུ་ལྷུང་བཟེད་ཚད་དུ་ལོངས་པ་ཞེས་སྦྱར་བར་བྱའོ། །ལྷུང་བཟེད་ཚད་ལས་ལྷག་པ་དང༌། སོ་མ་ཚོས་པ་དང༌། ཁ་དོག་སྐྱེ་བོ་རྣམས་འཆང་བ་དང༌། ཆུང་ངུ་ལྷུང་བཟེད་མེད་པའི་དུས་སུ་ལྷུང་བཟེད་ཀྱི་དོན་དུ་འཆང་བ་ལ་ཉེས་བྱས་སོ། །གཉིས་པ་ལྷུང་བཟེང་ཚོལ་བའི་སྤང་བ་ལ་གཉིས་ཀྱི་ལྟུང་བ་རྣམ་གཞག་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་སློང་བའི་ཡུལ་ནི་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གང་བསླང་བའི་དངོས་པོ་ནི་ལྷུང་བཟེད་རུང་ཞིང་ཚད་དང་ལྡན་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པའོ། །གང་གིས་སློང་བའི་རྟེན་ནི་འབྲེལ་མེད་མ་ཡིན་པའི་


JLD001_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བཟེད་ལོངས་སྤྱད་པར་བཟོད་པ་ཡོད་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་སློང་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པ། མཐར་ཐུག་ལག་ཏུ་ཐོབ་པའོ། །ལྷུང་བཟེད་མེད་ཀྱང་ཡོད་པའི་བསམ་པས་སློང་བ་དང༌། ཡོད་བཞིན་དུ་ཉོ་བ་དང༌། རིན་ཡོད་བཞིན་དུ་གཞན་ལ་སློང་བ་དང༌། བཟང་པོ་འདོད་པས་བརྗེ་བ་དང༌། ཉེ་དུ་ལས་སློང་བ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །བསླབ་བྱའི་ཉེས་བྱས་ནི་ལྷུང་བཟེད་ལ་སོགས་པའི་ཡོ་བྱད་དང་དངོས་པོ་ཀུན་ལ་ཧ་ཅང་ཆགས་པ་དང༌། ལྷག་པར་ཞེན་པའི་རྫས་དེ་བཅངས་པ་དང༌། ལྷུང་བཟེད་མེད་པའི་ཚེ་མ་བསླངས་པ་དང༌། སྤང་ལྟུང་དེ་ཕྱིར་བཅོས་བྱེད་པའི་ཚེ་ལྷུང་བཟེད་ལྷག་པ་དགེ་འདུན་ལ་མ་སྤངས་པ་དང༌། ལྷག་པ་དུ་མ་ཡོད་ན་བཟང་བ་དགེ་འདུན་དང། གཞན་རྣམས་ནང་པའི་རབ་བྱུང་ལ་གཏན་དུ་མ་སྤངས་པ་དང༌། ལྷུང་བཟེད་འབྲེལ་མེད་འབྲིམ་པ་མ་བསྐོས་པ་དང༌། བསྐོས་པ་དེས་དེའི་ཆེད་དུ་དགེ་འདུན་བསྡུ་བའི་དོན་དུ་ནན་ཏན་མ་བྱས་པ་དང༌། ལྷུང་བཟེད་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་བརྗོད་ནས་འབྲིམ་པར་མི་བྱེད་པ་དང༌། ལེན་པ་པོས་རང་གི་འོག་མ་དེ་ལ་བྲིམས་པའི་ཚེ་ལེན་པ་དང༌། དེའི་ཚེ་འབྲིམ་པར་བྱེད་པས་ཚིགས་གསུམ་པའི་སྔ་རོལ་ཏུ་སྦྱིན་པ་དང༌། གསུམ་པ་ལ་མ་བྱིན་པ་དང༌། ལྟུང་བ་བྱུང་བ་དེ་ལ་བྲིམས་པས་བསྙིགས་པའི་ལྷུང་བཟེད་ཐ་ཆད་མ་བྱིན་པ་དང༌། ལྷུང་བཟེད་སྤང་བ་དང་བྱིན་རླབས་མི་བྱའོ་ཞེས་གོ་བར་མ་བྱས་པ་དང༌། དལ་བུས་


JLD001_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་མ་བསྒོ་བ་དང༌། ལྟུང་བ་བྱུང་བ་དེས་ལྷུང་བཟེད་བྱིན་རླབས་ཅན་དང་འབྲེལ་མེད་གཉི་གས་མ་སྤྱད་པ་དང༌། འབྲེལ་མེད་དེ་ལ་སྣོད་ལ་སོགས་པ་ཆེས་བཟང་བ་དང༌། བྱི་དོར་དང་པོར་མ་བྱས་པ་དང༌། ཟས་ཡང་བ་ལས་གཞན་བླུགས་པ་དང༌། ཟས་བཟའ་བའི་སྣོད་བྱས་པ་རྣམས་སོ། །བཞི་པ་ཟས་ལ་བརྟེན་པ་གསོག་འཇོག་གི་སྤང་བ་ལ་བཞི་ལས་གཞིའི་ཡན་ལག་ནི་སྨན་རྣམ་པ་བཞི་ལས་གང་རུང་ཡིན་པ། མི་ཤ་སོགས་ངོ་བོ་དང་ལག་ཉར་སོང་བ་སོགས་ཆོ་གའི་སྒོ་ནས་མི་རུང་བ་མ་ཡིན་པ། མིད་པའི་ཚད་དུ་ལོངས་པ་རང་གི་ཡིན་པ་ཤམ་ཐང་མ་བྱེ་བ་སོགས་ངོ་བོ་མ་རྫོགས་པ་མ་ཡིན་པ། རང་ངམ་རང་དང་འདྲ་བས་བྱིན་ལེན་དང་བྱིན་རླབས་གང་རུང་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བཟའ་བའི་ཆེད་དུ་འཇོག་འདོད་རྒྱུ་ནམ་ཆད་པའོ། །སྦྱོར་བ་འཇོག་པར་རྩོམ་པ། མཐར་ཐུག་བྱིན་བརླབས་མེད་པའི་སྨན་བཞི་པོ་སྔ་དྲོ་བྱིན་ལེན་བྱས་པ་གུང་ཚིགས་འདས་པ་དང༌། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ལས་འདས་པ་དང༌། བྱིན་རླབས་ཅན་རང་རང་གི་བྱིན་བརླབས་ཀྱི་དུས་ལས་འདས་པའོ། །མི་རུང་བའི་མཚམས་ནང་དུ་ཞག་ལོན་པ་དང་བཙོས་པ་དང་ལག་ཉར་བླངས་པ་སོགས་མི་རུང་བའི་ཟས་ཉིན་མཚན་འདས་པར་འཆང་ན་གསོག་འཇོག་གི་ཆ་ལ་བརྟེན་པའི་ཉེས་བྱས་སོ། །སྣར་བླུགས་པ་དང་སྐུ་མཉེ་བྱ་བའི་སྨན་ལ་ནི་གསོག་འཇོག་བྱས་ཀྱང་ཉེས་པ་མེད་དོ། །ཞག་བདུན་པར་བྱིན་


JLD001_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་མ་ལ་བརྗོད་ན་བསླབ་བྱའི་ཉེས་བྱས་སོ། ། ༈ གཉིས་པ་བཤགས་པ་ཙམ་དང་འབྲེལ་བ་ལྟུང་བྱེད་འབའ་ཞིག་པ་ལ་གང་ཟག་དང་ཆོས་ལ་མ་གུས་པ་ངག་གིས་བསྐྱེད་པ་དང༌། གནས་སུ་གྱུར་པ་དགེ་འདུན་གྱི་གཞི་ལ་ལོག་པར་སྒྲུབ་པ་དང༌། ཕན་གདགས་པར་བྱ་བ་དགེ་སློང་མའི་ཡུལ་ལ་ལོག་པར་སྒྲུབ་པ་དང༌། འཚོ་བར་བྱེད་པ་ཟས་ཀྱི་གཞི་ལ་ལོག་པར་སྒྲུབ་པ་དང༌། བསླབ་བྱ་ཕུན་སུམ་ཚོགས་པ་བཞིའི་ཡུལ་ལ་ལོག་པར་སྒྲུབ་པ་དང་ལྔའོ། །དང་པོ་ལ་གང་ཟག་ལ་མ་གུས་པ་དང༌། ཆོས་ལ་མ་གུས་པ་གཉིས། དང་པོ་ལྔ་ལས་དང་པོ་ཤེས་བཞིན་དུ་རྫུན་དུ་སྨྲ་བའི་ལྟུང་བྱེད་ལ་གཉིས་ཀྱི་ལྟུང་བ་རྣམ་གཞག་ལ་བཞི་ལས། གཞིའི་ཡན་ལག་ལ་གང་ལ་གོ་བར་བྱ་བའི་ཡུལ་ནི་ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རང་ལས་རྒྱུད་ཐ་དད་པའོ། །གང་བརྗོད་པར་བྱ་བའི་དོན་ནི་ཕམ་པ་དང་ལྷག་མ་དང་འོག་གི་ལྟུང་བྱེད་དུ་འགྱུར་བའི་རྫུན་དང་འདི་ནས་བཤད་པའི་སྦོམ་པོ་དང་ཉེས་བྱས་སུ་འགྱུར་པ་གཉིས་དང་ཉེས་བྱས་ཀྱི་སྡེ་ཚན་གྱི་འབྲས་ཆན་གྱིས་ཚོད་མ་འགེབས་པ་སྟེ་དྲུག་པོ་ལས་གཞན་པའི་འདུ་ཤེས་བསྒྱུར་བའི་དོན་ཅན་ནོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་རྩོམ་པའོ། །མཐར་ཐུག་ཡུལ་གྱིས་དོན་གོ་བའོ། །ལྟུང་བར་འགྱུར་ཚུལ་ནི་ལྟུང་བ་བྱུང་བ་ལ་བྱུང་བར་ཤེས་བཞིན་དུ་མ་བྱུང་ཞེས་སྨྲ་བ་ལྟ་བུ་


JLD001_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་དང་འདུ་ཤེས་མཐུན་པ་དང༌། ལྟུང་བ་མ་བྱུང་བ་ལ་མ་བྱུང་བར་ཤེས་བཞིན་དུ་བྱུང་ངོ་ཞེས་སྨྲ་བ་ལྟ་བུ་དངོས་པོ་དག་འདུ་ཤེས་མི་མཐུན་པ་གཉི་ག་ལ་ལྟུང་བྱེད་དུ་འགྱུར་ཞིང་དང་པོར་འདུ་ཤེས་བསྒྱུར་འདོད་མེད་ཀྱང་སྨྲ་བའི་ཚེ་གསར་དུ་འདུ་ཤེས་བསྒྱུར་འདོད་བྱུང་ན་ཡང་དངོས་གཞིར་འགྱུར་རོ། །གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན་མ་དག་པར་ཤེས་པའམ་ཡིད་གཉིས་ཟ་བཞིན་དུ་ཅང་མི་སྨྲ་བས་འདའ་བ་ནི་ཉེས་བྱས་སུ་འགྱུར་རོ། །མནའ་འདོར་བ་ནི་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་སྐྱོན་ནས་སྨྲ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གི་སྐྱོན་ནས་སྨྲ་བའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གང་གོ་བར་བྱ་བའི་དངོས་པོ་ནི་ཡུལ་དུས་དེར་སྐྱོན་དུ་གྲགས་ཤིང་རུང་བ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐྱོན་གདགས་འདོད་ཀྱི་བསམ་པ་ཁོ་ནས་སྨྲ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་འཇམ་པོའམ་རྩུབ་པོ་གང་རུང་གིས་སྨྲ་བར་རྩོམ་པའོ། །མཐར་ཐུག་མི་དགའ་བར་མ་གྱུར་ན་ཡང་ཡུལ་གྱིས་དོན་གོ་བ་ན་ལྟུང་བྱེད་དུ་འགྱུར་ཞིང༌། འདུཤེས་བསྒྱུར་ཏེ་སྨྲ་ན་ནི་རྫུན་གྱི་ལྟུང་བར་འགྱུར་རོ། །རྒྱལ་རིགས་ལ་ཡུལ་དུས་དེ་ན་སྐྱོན་དུ་གྲགས་པ་སྐྱོན་གདགས་འདོད་ཀྱིས་སྨྲ་བ་དང་ཚིག་བཀྱལ་བ་དང་རྩུབ་མོ་སྨྲ་བ་ནི་ཉེས་བྱས་སོ། །གསུམ་པ་ཕྲ་མ་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དབྱེ་


JLD001_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡུལ་ནི་གཉི་ག་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་བྱེ་ཟིན་པ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དབྱེ་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་མིང་ནས་སྨོས་ཏེ་འབྱེད་པར་རྩོམ་པ། མཐར་ཐུག་དོན་གོ་བ་ནི་བྱེ་བར་མ་གྱུར་ཀྱང་ལྟུང་བྱེད་དོ། །མིང་ནས་མ་སྨོས་པ་དང༌། དགེ་སློང་ལས་གཞན་པའི་ཕྲ་མ་བྱེད་པ་སོགས་ཡན་ལག་མ་ཚང་བ་ལ་ཉེས་བྱས་སོ། །བཞི་པ་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་སྐྱོ་སྔོགས་བྱེད་པའི་རྩོད་པ་ནི་དགེ་སློང་མཚན་ཉིད་དང་ལྡན་པ་གཉིས་ཡན་ཆད་ཀྱི་རྩོད་པ་བཞི་པོ་གང་རུང་ཡིན་པ། དགེ་འདུན་མཚན་ཉིད་དང་ལྡན་པས་ཆོས་ཕྱོགས་སུ་ཞི་བར་བྱས་པའོ། །གང་ལ་གོ་བར་བྱའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་རྩོད་པ་ཞི་བར་བྱེད་པ་ལ་གཏོགས་པའོ། །རྟེན་ནི་རྩོད་པའི་རྒྱུ་ཤེས་ཤིང་འདུན་པ་ཕུལ་བ་ཡན་ཆད་ཀྱིས་རྩོད་པ་ཞི་བྱེད་ལ་གཏོགས་པའོ། །བསམ་པ་ལ་འདུ་ཤེས་ནི་རྩོད་པ་ཆོས་ཕྱོགས་སུ་ཞི་བ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བས་འདུ་ཤེས་པའོ། །དེ་ཡང་རྩོད་པ་སྤྱི་ལ་སྐྱོ་སྔོགས་བྱེད་འདོད་པའི་ཚེ་འཁྲུལ་མ་འཁྲུལ་འདྲ་ཞིང་བྱེ་བྲག་ལ་སྐྱོ་སྔོགས་བྱེད་འདོད་པའི་ཚེ་འདུ་ཤེས་མ་འཁྲུལ་བ་དང་ཀུན་སློང་བསམ་པ་ཐག་པ་ནས་སྐྱོ་སྔོགས་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྐྱོ་སྔོགས་བྱེད་པར་རྩོམ་པ། མཐར་ཐུག་དེའི་རྐྱེན་གྱིས་དོན་གོ་བའོ། །རྣལ་དུ་མ་ཕེབས་པ་དང་རྒྱུས་མི་ཤེས་


JLD001_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐྱོ་སྔོགས་བྱེད་པ་དང༌། བསླབ་པ་སྤྱོད་པ་སོགས་ལས་ཀྱི་འབྲས་བུ་ལ་གནས་པ་ལ་དེའི་རྒྱུ་ལ་མ་ཆགས་སོ་ཞེས་སྐྱོ་སྔོགས་བྱེད་པ་སོགས་ཡན་ལག་མ་ཚང་བ་ལ་ཉེས་བྱས་སོ། །ལྔ་པ་བཤེས་ངོར་བྱས་སོཞེས་སྐུར་པ་འདེབས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གིས་སྐུར་པ་འདེབས་པའི་དངོས་པོ་ནི་ཟས་ལས་གཞན་པའི་དགེ་འདུན་མཚན་ཉིད་དང་ལྡན་པའི་རྙེད་པ་ཡིན་པ། ཕལ་ཆེར་རུང་ཞིང་ཚད་དང་ལྡན་པ། ཡུལ་དེ་ལ་ལོག་པར་བྱིན་པ་མ་ཡིནཔའོ། །གང་ལ་སྐུར་པ་གདབ་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་རང་དང་བསྔོས་པ་གཉིས་ལས་ནོར་ཐ་དད་ཅིང༌། ལོག་པར་སྔོ་བ་པོ་མ་ཡིན་པའོ། །བསྔོ་སའི་ཡུལ་ནི་ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་དུ་གནས། རང་ལས་ནོར་ཐ་དད་པ། དགེ་འདུན་མ་ཡིན་པའོ། །གང་ལ་གོ་བར་བྱ་བའི་ཡུལ་ནི་ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་དུ་གནས། རང་ལས་རྒྱུད་ཐ་དད་པའོ། །རྟེན་ནི་གོས་སྦྱིན་པའི་ལས་དེ་ལ་འདུན་པ་ཕུལ་བ་ཡན་ཆད་ཀྱིས་མཐུན་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐུར་པ་འདེབས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་མིང་མ་སྨོས་ཀྱང་རུང་སྟེ་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་པ་འདེབས་པར་རྩོམ་པ། མཐར་ཐུག་དོན་གོ་བའོ། །མལ་ཆ་སྟོབས་པ་པོ་ལ་སོགས་པ་བསྐོ་བའི་ཚེ་ལས་ཀྱིས་མ་བསྐོས་ན་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་ཆོས་ལ་མ་གུས་པ་ལ་གཉིས་ལས་ལུང་གི་ཆོས་ལ་མ་


JLD001_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པ་ལ་གསུམ་གྱི་དང་པོ་ཁྱིམ་པ་མོ་ལ་སྟོན་པའི་ལྟུང་བྱེད་ལ་བཞི་ལས་བཞིའི་ཡན་ལག་ལ་གང་ལ་སྟོན་པའི་ཡུལ་ནི་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བསྟེན་དུ་རུང་བ། མ་ནིང་མཚན་གཉིས་མ་ཡིན་པ་ལས་གཞན་པའི་ཐ་སྙད་བཞི་དང་ལྡན་པ། རྫུ་འཕྲུལ་ཅན་མ་ཡིན་པ། ཁྱིམ་པ་ཡིན་པ། ཉེ་དུ་མ་ཡིན་པ། ངོ་མ་སྤོས་པ། མཁས་པའི་རང་བཞིན་མ་ཡིན་པ། རྟེན་ནི་མི་ཡིན་པ་སྨྲ་ཤེས་པ་དོན་གོ་བ། བསམ་པ་རང་བཞིན་དུ་གནས་པ། སྐྱེས་པའི་མཚན་དོན་བྱེད་ནུས་པ། ལོང་བ་མ་ཡིན་པ། ཐོས་པའི་ཉེ་འཁོར་ན་གནས་པ། སྤྱོད་པ་དང་མཚན་གྱི་སྒོ་ནས་འགྱུར་བ་མི་བསྟེན་པའི་ཁྲིམས་གྲོགས་དང་མི་ལྡན་པའོ། །གང་སྟོན་པའི་ཆོས་ནི་སངས་རྒྱས་ཀྱི་བཀའ་ཡིན་པ། དོན་གྱི་བདག་ཉིད་ཡིན་པ། ཚིག་ལྔའམ་དྲུག་ལས་ལྷག་པ། སྔར་ཤེས་པའི་དོན་ལས་གཞན་ཡིན་པའོ། །གང་དུ་སྟོན་པའི་གནས་ནི་གནས་གཅིག་ཡིན་པ། དུས་ཉི་མ་གཅིག་ཡིན་པའོ། །བསམ་པ་ལ་འདུ་ཤེས་ནི་ཚིག་ལྔའམ་དྲུག་ལས་ལྷག་པ་ལ་དེར་ངེས་པའམ་ཡིད་གཉིས་གང་རུང་གིས་ཤེས་ཤིང་ཀུན་སློང་ཆོས་སྟོན་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྟོན་པར་ཞུགས་པ། མཐར་ཐུག་དོན་གོ་བའོ། །ཚིག་ལྔའམ་དྲུག་ལས་ལྷག་པ་གནས་ཐ་དད་དུ་བསྟན་པ་དང༌། མོའི་མཚན་ཤས་ཆེ་བའི་མཚན་གཉིས་པའི་ཁྲིམས་གྲོགས་དང་བཅས་ཏེ་སྟོན་པ་དང༌། མ་ནིང་ཕོ་མོ་དང་སྤྲུལ་པ་མོ་ལ་ཆོས་སྟོན་པ་སོགས་ཡན་ལག་མ་


JLD001_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བ་དང༌། བུད་མེད་གཡེམ་ཞིང་རྒོད་བག་ཅན་ལ་ཁྲིམས་གྲོགས་མཚན་ཉིད་དང་ལྡན་པ་དང་བཅས་ཏེ་ཡང་ཆོས་སྟོན་པ་ཉེས་བྱས་སོ། །ཚིག་ལྔ་པ་ལ་ལྔ་སྟོན་པ་དང༌། གཞན་དྲུག་ཚུན་ཆད་སྟོན་པ་ལ་ཉེས་པ་མེད་ཅིང༌། དམིགས་ཀྱིས་འདྲི་བའི་ལན་བརྗོད་པ་དང༌། སྔར་བཟུང་ཟིན་པ་སྟོན་པ་དང༌། བསྙེན་གནས་འབོགས་པ་དང༌། ཡོན་བཤད་བྱེད་པ་སོགས་ལ་ཚིག་དྲུག་ལས་ལྷག་ཀྱང་ལྟུང་བ་མེད་དོ། །གཉིས་པ་འདོན་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དང་ལྷན་ཅིག་འདོན་པའི་ཡུལ་ནི་བསྙེན་པར་མ་རྫོགས་པ་ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བསམ་པ་ཐག་པ་ནས་དགེ་སློང་ལས་ཅིག་ཅར་རམ་སྔར་འདོན་པར་འདོད་པ། ངོ་མ་སྤོས་པའོ། །གང་འདོན་པའི་དངོས་པོ་ནི། སྟོན་བྱེད་དུ་གྱུར་པའི་ཆོས་སམ་ཡི་གེ་གང་ཡང་རུང་བ། ངག་གི་བདག་ཉིད་ཡིན་པ། སྔར་ཤེས་པ་ལས་གཞན་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསྙེན་པར་མ་རྫོགས་པའི་མཇུག་ཏུ་འམ་ཅིག་ཅར་འདོན་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་དེ་ལྟར་འདོན་པར་རྩོམ་པ། མཐར་ཐུག་འདོན་པ་རྫོགས་པའོ། །གསུམ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་ཁྱད་དུ་གསོད་པའི་གཞི་ནི་འདུལ་བའི་ཚིག་ཡིན་པ། བདག་ཉིད་ཀྱི་བསླབ་པ་ལས་བརྩམས་པ་ཡིན་པའོ། །གོ་བྱ་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་


JLD001_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཀུན་སློང་ཁྱད་དུ་གསོད་པའི་ཚིག་སྨྲ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་དགེ་སློང་རྣམས་འགྱོད་པ་དང་ཞུམ་པར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་འདི་ལྟ་བུ་ཟླ་བ་ཕྱེད་ཅིང་གདོན་ཅི་དགོས་ཞེས་པ་ལྟ་བུ་སྨྲ་བར་རྩོམ་པ། མཐར་ཐུག་དོན་གོ་བའོ། །མངོན་པ་ལ་ཁྱད་དུ་གསོད་ན་ཡང་ལྟུང་བྱེད་དུ་འགྱུར་བའི་ཚུལ་སྔར་བཞིན་ཡན་ལག་བརྩིས་ནས་ཤེས་པར་བྱའོ། །འདུལ་བ་དང་ཐུན་མོང་མ་ཡིནཔའི་མདོ་སྡེ་ལ་ཁྱད་དུ་གསོད་ན་ཉེས་བྱས་སོ། །གཉིས་པ་རྟོགས་པའི་ཆོས་ལ་མ་གུས་པ་ལ་གཉིས་ཀྱི་དང་པོ་གནས་ངན་ལེན་རྗོད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་བརྗོད་པའི་ཡུལ་ནི་བསྙེན་པར་མ་རྫོགས་པ། ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་དུ་གནས། ཕམ་ལྷག་གི་མཚན་ཉིད་མི་ཤེས་པའོ། །གང་བརྗོད་པའི་དངོས་པོ་ནི་དགེ་སློང་སྡོམ་པ་གསོར་རུང་ཡན་ཆད་ཀྱི་ཆོས་དྲུག་ལྡན་གྱི་རྒྱུད་ཀྱི་ཕམ་ལྷག་གི་ལྟུང་བ་ཡིན་པའོ། །གང་གིས་རྗོད་པའི་རྟེན་ནི་གནས་ངན་ལེན་རྗོད་པར་མ་བསྐོས་ཤིང་གནང་བ་མ་གསོལ་པ། དགེ་འདུན་ཐམས་ཅད་ཀྱིས་གླེང་བའི་ཚེ་དེའི་ཁོངས་སུ་མི་གཏོགས་པའོ། །བསམ་པ་ལ་འདུ་ཤེས་ནི་ཉན་པ་པོ་མི་ཤེས་པ་དང་བསྙེན་པར་མ་རྫོགས་པ་ལ་དེར་ཤེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་གནས་ངན་ལེན་རྗོད་པའི་ཚིག་སྨྲ་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་རྩོམ་པའོ། །མཐར་ཐུག་དོན་གོ་བའོ། །ཕམ་ལྷག་ལས་གཞན་པའི་གནས་ངན་ལེན་རྗོད་པ་དང༌། བསྙེན་པར་མ་རྫོགས་པའི་དང༌། ཉན་པ་པོ་མི་ཤེས་པ་དང༌། བསྙེན་


JLD001_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་རྫོགས་པ་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པ་དང་ཡིད་གཉིས་ཟ་བས་རྗོད་པ་རྣམས་ལ་ཉེས་བྱས་སོ། །བསླབ་བྱའི་ཉེས་བྱས་ནི་ཁྱིམ་པ་སུན་འབྱིན་པའི་དགེ་སློང་དང་དགེ་སློང་མ་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་བསྐོས་པ་དང༌། བསྐོས་པ་དེས་ཁྱིམ་རྣམས་སུ་གོ་བར་མ་བྱས་པ་དང༌། གནས་ངན་ལེན་རྗོད་པར་སྤྲོ་བའི་གང་ཟག་མ་བྱུང་ན་དགེ་སློང་ཐམས་ཅད་ཀྱིས་གླེང་བའི་ཕྱིར་གསོལ་བའི་ལས་མ་བྱས་པ་རྣམས་སོ། །གཉིས་བ་མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་བརྗོད་པའི་ཡུལ་ནི་བསྙེན་པར་མ་རྫོགས་པ་ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བདེན་པ་མ་མཐོང་བའོ། །གང་བརྗོད་པའི་དངོས་པོ་ནི་རང་རྒྱུད་ལ་ཡོད་པའི་མི་ཆོས་བླ་མའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མི་ཆོས་བླ་མ་བདེན་པར་སྨྲ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་དང་མཐར་ཐུག་སྔ་མ་དང་འདྲའོ། །ཁྱིམ་པའི་མདུན་དུ་དགོས་པ་མེད་པར་ཆོ་འཕྲུལ་སྟོན་པ་ལ་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་གནས་སུ་གྱུར་པའི་དགེ་འདུན་གྱི་གཞི་ལ་ལོག་པར་སྒྲུབ་པ་ལ་བྱ་བ་མང་བ་ལས་གྱུར་པ། གནོད་པ་ལས་གྱུར་པ། གནས་སྒྲུབ་པ་ལས་གྱུར་པ་གསུམ་མོ། །དང་པོ་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ལ་གཉིས་ཀྱི་དང་པོ་ལྟུང་བ་རྣམ་གཞག་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ཉམས་པར་བྱ་བའི་ས་བོན་དང་སྐྱེ་བ་རང་གི་ངོ་བོར་གྲུབ་པ། མ་ཉམས་པ། རུང་བ་མ་བྱས་པའོ། །རྟེན་ནི་ཆོམ་རྐུན་པས་རྩྭ་


JLD001_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་བཅིགས་པའི་ཚེ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་ནི་མ་ཉམས་པ་ལ་མ་ཉམས་པར་ཤེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་ཉམས་པར་བྱེད་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་འདམ་རྫབ་སོགས་ཀྱིས་གནོན་པ་དང་ཁུ་ཚན་སོགས་དཔོ་བ་དང༌། རླུང་དང་ཉི་མ་དང་ས་གཞི་སྐམ་པོར་འཇོག་པ་སོགས་ཀྱིས་ཉམས་པར་རྩོམ་པའོ། །མཐར་ཐུག་ཉམས་པར་གྱུར་བའོ། །དེ་ཡང་སྦྱོར་བ་གཅིག་གིས་དུ་མ་ཉམས་པར་བྱེད་ན་སྦྱོར་བའི་ཉེས་བྱས་གཅིག་དང༌། དངོས་གཞི་ལ་གྲངས་རེ་རེ་ལ་ལྟོས་པའི་ལྟུང་བྱེད་དུ་འགྱུར་ཞིང་སྡོང་པུ་ལྟ་བུ་རྩ་བ་ནས་གཅོད་ན་ཡལ་ག་དུ་མ་ཡོད་ཀྱང་ལྟུང་བྱེད་གཅིག་དང་སྦྱོར་བ་ལ་སྟ་རེ་སོགས་བསྣུན་པའི་གྲངས་དེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ། །གཞིའི་ཡན་ལག་མ་ཚང་བ། ཤིང་ཐོག་ལ་སོགས་པའི་ཚི་གུ་མ་བཅོམ་པར་མིད་པ་དང༌། སྙིང་པོ་ལ་མ་རེག་པའི་ཤིང་ཤུན་དང༌། ཤུན་པའི་བར་གྱི་ཕྲི་དང༌། འདབ་མ་སྐྱ་བོ་དང༌། མེ་ཏོག་ཁ་ཕྱེ་བ་དང༌། འབྲས་བུ་སྨིན་པ་རྣམས་དང༌། ཁྱིའུ་ཁ་མ་ཐོན་པ་དང༌། ས་འབུས་པ་དང་ཤ་མོ་དང་ཤ་བལ་དང་སྣོད་ལ་སོགས་པའི་རླམ་ཉམས་པར་བྱེད་པ་རྣམས་ལ་ཉེས་བྱས་སོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི། ལག་གི་བླས་དཀོན་མཆོག་གི་དོན་དུ་ཤིང་ལྗོན་པ་སོགས་གཅོད་པའི་ཚེ་མདུན་རོལ་ཉི་མ་བདུན་ནམ་བརྒྱད་ནས་ཤིང་ལ་གནས་པའི་མི་མ་ཡིན་སོགས་ལ་སྦྱིན་པའི་ཕན་ཡོན་ལ་སོགས་པ་བཤད་པས་སྤྲོ་བ་མ་བསྐྱེད་པ་དང། དེ་ལྟར་བྱས་ཀྱང་མི་གཏོང་བའི་ཚེ་གཅོད་པ་དང༌། ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་དང་འཚོ་བའི་བར་


JLD001_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅང་བ་རྣམས་ཕྱི་དྲོ་ལོངས་སྤྱོད་པའི་ཚེ་ཆུ་གྲང་མོས་མ་བཏབ་པ་རྣམས་སོ། །གཉིས་པ་གནོད་པ་ལས་གྱུར་པ་ལ་དྲུག་ལས་དང་པོ་ལས་བྱེད་པ་ལ་གནོད་པ་འཕྱ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་འཕྱ་བའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ཞལ་ཏ་བར་བསྐོས་པའམ་མ་བསྐོས་ཀྱང་བྱ་བ་བྱེད་བཞིན་པ་དང་སྔར་བསྐོས་པ་བག་ཡངས་སུ་བྱས་པ་གང་རུང་ཡིན་པ། རང་ལ་ཟས་གོས་དམན་པ་ཆེད་དུ་སྟོབས་པ་མ་ཡིན་པའོ། །རྟེན་ནི་ལས་ཀྱིས་དམན་པའི་གྲགས་སུ་བགྲངས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བདག་དང་འབྲེལ་བའི་དོན་གྱིས་འཕྱ་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་འཕྱ་བའི་ཡུལ་དེས་ཐོས་པར་མིང་ནས་གསལ་པོར་སྨོས་པའམ་གསལ་པོར་མིང་མ་སྨོས་པར་ཟུར་གྱིས་འཕྱ་བར་ཞུགས་པ། མཐར་ཐུག་དོན་གོ་བའོ། །ཚིག་ཅུང་ཟད་ཙམ་ཡང་མི་བཟོད་པ་ལ་དྲན་སྐུལ་བྱེད་པ་དང༌། དེ་ལྟ་བུ་རང་དག་ཞེ་འགྲས་པ་དེ་རང་གིས་དངོས་སུ་དགེ་འདུན་གྱི་ལས་སུ་བསྐོ་བ་ལ་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་བཀའ་བསྒོ་བ་ལ་གནོད་པ་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་བསྒོ་བ་རྣ་ལ་གཟོན་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་བདག་ལ་ཚུལ་ཁྲིམས་ཀྱི་སྒོ་ནས་ཆོས་མཐུན་དུ་གླེང་བར་ཞུགས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསྒོ་བ་རྣ་གཟོན་གྱི་ཚིག་སྨྲ་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་


JLD001_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལན་ལོག་པར་རྗོད་པ་སྟེ་མེ་རེག་གི་ལྟུང་བ་གླེངས་པ་ན་ས་རྐོ་བའི་ལྟུང་བ་མ་བྱུང་ངོ་ཞེས་པ་ལྟ་བུའོ། །མཐར་ཐུག་དོན་གོ་བའོ། །ལུང་ལྟར་ན་དྲི་བ་རྣ་གཟོན་ལ་ཡང་ལྟུང་བྱེད་དངོས་གཞི་སྐྱེད་པར་སེམས་སོ། །ཅང་མི་སྨྲ་བ་ངང་མི་དྲན་ནོ་ཞེས་པས་བསྒོ་བ་རྣ་ལ་གཟོན་པ་སོགས་ཡན་ལག་མ་ཚང་བ་ལ་ཉེས་བྱས་སོ། །གཞན་གྱི་སྲོག་གི་བར་ཆད་བསྲུང་བ་ལ་སོགས་པའི་དོན་དུ་བསྒོ་བ་རྣ་ལ་གཟོན་པ་ལ་ཉེས་པ་མེད་དོ། །གང་ཟག་བཅུ་གཉིས་པོ་ལ་འཕྱ་བ་དང་བསྒོ་བ་རྣ་ལ་གཟོན་པ་རྣམས་ལ་གསོལ་བའི་ལས་ཀྱིས་དམན་པའི་གྲངས་སུ་མི་བགྲང་བ་དང༌། ཆེ་བཞི་བྱ་དགོས་པའི་གནས་དེ་ལས་མ་བྱོལ་བ་དང༌། གནོད་པའི་སྒོ་མ་བཅད་པར་ཆེ་བཞི་བྱེད་པ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། །གསུམ་པ་མལ་ཆ་ལ་གནོད་པ་ལ་གཉིས་ཀྱི་དང་པོ་གནས་མལ་གྱི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་ལོག་པར་བསྒྲུབ་པའི་གནས་མལ་གྱི་དགེ་འདུན་ནི་གནས་མལ་རུང་ཞིང་ཚད་དང་ལྡན་པ། རང་ངམ་བསྐོས་པས་ལོངས་སྤྱད་པ། ཆུད་ཟ་བའི་ཉེན་དང་བཅས་པའོ། །གནས་ནི་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་ཡིན་པའོ། །རྟེན་ནི་ཉམ་ང་བ་དང་ཕྲད་བ་དང་བརྟུལ་བ་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གནས་མལ་བཞག་སྟེ་ལམ་དུ་འགྲོ་བའམ་ཕན་ཕུན་གྱི་ཉེན་ཅན་དུ་འཇོག་པར་འདོད་པའོ། །སྦྱོར་བ་བསམས་པའི་དོན་ལ་ལོག་པར་སྒྲུབ་པར་ཞུགས་པ། མཐར་ཐུག་ནི་རླུང་ངམ་ཆར་གྱིས་རིམ་པ་གཞན་སླེབ་


JLD001_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་སྲིལ་གྱིས་ཟོས་པ་སོགས་ཀྱིས་ཕན་ཕུན་དུ་གྱུར་པའམ་བསྐོར་བའི་གནས་ལ་ནི་སྒོ་ཁང་ནས་འདོམ་བཞི་བཅུ་རྩ་དགུ་ལས་འདས་པར་ཕྱིན་པའོ། །དེ་ཡང་གཉིས་ཀྱིས་ཐུན་མོང་དུ་ལོངས་སྤྱད་པ་ཡིན་ན་ཕྱིས་ལངས་པ་དང༌། ལངས་པ་མཉམ་ན་བསླབ་པ་གཞོན་པ་དང༌། ལངས་པ་དང་རྒན་གཞོན་གཉི་ག་མཉམ་ན་གཉི་ག་ལ་ལྟུང་བར་འགྱུར་ཞིང་བསྡུ་བ་བཅོལ་བས་ལྟུང་བ་ཁེགས་པ་ལ་ཡང་བསྙེན་པར་མ་རྫོགས་པ་དང་རྒས་པ་དང་ན་བ་དང་ཞེ་འགྲས་པ་དང་བསླབ་པ་ལས་གཡེལ་བ་རྣམས་མ་ཡིན་པ་ལ་བཅོལ་བ་དགོས་སོ། །གཉིས་པ་བསླབ་བྱའི་ཉེས་པ་ལ་འགྲོ་བར་ཆས་པ་དང་འབྲེལ་པ་ཁྱིམ་དང་འབྲེལ་བ་ནད་པ་དང་འབྲེལ་བ་དགེ་བའི་ཕྱོགས་བརྩམ་པ་དང་འབྲེལ་བ་གཙུག་ལག་ཁང་དང་འབྲེལ་བའི་བསླབ་བྱའི་ཉེས་པ་སྟེ་ལྔའོ། །དང་པོ་ནི་གནས་མལ་མ་བསྡུས་པར་བསོད་སྙོམས་ལ་སོང་བའི་ཚེ་རླུང་དང་ཆར་བྱུང་ན་གཙུག་ལག་ཁང་ན་གནས་པ་རྣམས་ཀྱིས་མ་བསྡུས་པ་དང༌། གནས་མལ་མ་བསྡུས་པར་ཕྱིན་ཏེ་ལམ་དུ་དྲན་ན་ཕྱིན་ཆད་འདི་ལྟར་མི་བྱ་ཞེས་མ་བརྗོད་ཅིང་སེམས་བསྐྱེད་པ་དང༌། དེའི་ཚེ་ལམ་དུ་དགེ་སློང་དང་ཕྲད་ན་བསྡུ་བ་མ་བཅོལ་བ་དང༌། གནས་ནས་འགྲོ་བའི་ཚེ་ཉམ་ང་བ་དང་ཕྲད་པར་མི་འགྱུར་ན་བདག་པོ་ལ་མ་གཏད་པ་དང༌། མ་བསྡུས་པར་འགྲོ་བ་དང༌། གནས་མལ་དྲི་མ་ཅན་མ་སྤྲུགས་པ་དང༌། རང་གིས་བསྡུ་བ་མི་ཁོམ་ན་དགེ་སློང་སོགས་ལ་མ་བཅོལ་བ་དང༌། འཆོལ་ས་མེད་ན་ལྡེ་མིག་མ་སྦས་པར་འགྲོ་བ་


JLD001_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལམ་དུ་དགེ་སློང་འོང་བ་མཐོང་ན་ལྡེ་མིག་སྦས་པའི་ཕྱོགས་དེ་མ་བསྟན་པའོ། །གཉིས་པ་ནི་དགེ་སློང་རྣམས་མགྲོན་དུ་འབོད་པའི་ཁྱིམ་དུ་སྟན་གཡར་པོ་མི་སྦྱིན་པ་དང༌། ཁྱིམ་ནས་ཕྱིར་འོང་བའི་ཚེ་ཁྱིམ་པ་དང་དགེ་ཚུལ་སོགས་ལ་མི་འཆོལ་བར་རང་གིས་བཀུར་བ་དང༌། དེ་དག་མེད་པ་དང་ཁྱིམ་པས་བསྐྱལ་ལོ་ཞེས་ཟེར་ན་མི་བཞག་པ་དང༌། ཁྱིམ་པས་མ་བསྐྱལ་ན་གནས་པ་ངག་གིས་མ་བླངས་པ་དང༌། གནས་པ་མེད་ན་རང་ངམ་དེས་ཀྱང་མི་ལྕོགས་ན་དགེ་འདུན་ཐམས་ཅད་ཀྱིས་ཀྱང་མ་བླངས་པ་དང༌། གཙུག་ལག་previous hit ཁང་དུ་སྦྱིན་བདག་གིས་རང་གི་དོན་དུ་སྟན་གཡར next hit་བའི་ཚེ་མི་སྦྱིན་པ་དང༌། དེའི་སྲུང་མ་མི་འཇོག་པ་དང༌། བཞག་པ་དེས་ཀྱང་ཕྱོགས་གཅིག་ཏུ་བསྡད་དེ་ཁ་ཏོན་སོགས་དང༌། སྟན་ལ་ལྟ་བར་མི་བྱེད་པ་དང༌། ཁྱིམ་པ་དོང་བའི་ཚེ་མ་བསྡུས་པ་དང༌། ཁྱིམ་པས་སྟན་མ་རུངས་པར་གྱུར་བ་བྱི་དོར་མ་བྱས་པ་དང༌། ཁྱིམ་པས་བཏིང་བའི་སྟན་མ་བསྡུས་པ་མཐོང་ན་མི་བསྡུ་བ་དང༌། མཐོང་བ་དེ་རྒས་པ་དང་ནད་པ་ཡིན་ན་གཞན་ལ་མ་སྦྲན་པའོ། །གསུམ་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་ན་བའི་ཚེ་ལྟར་མི་འགྲོ་བ་དང༌། དེར་སྟན་ཁྱེར་ཏེ་འགྲོ་བ་དང༌། མི་འདུག་པར་ལྟ་བ་དང༌། །ནད་གཡོག་གིས་སྟན་མི་གཤམ་པ་རྣམས་སོ། །བཞི་པ་ནི་མཁན་པོའམ་སློབ་དཔོན་ཉིན་མོ་སྤྱོད་པ་སོགས་ལ་འགྲོ་བའི་ཚེ་ཕྱི་བཞིན་དུ་མི་འགྲོ་བ་དང༌། འགྲོ་བའི་ཚེ་ཡང་དེའི་སྟན་མི་བཀུར་བ་དང༌། བླ་མ་ལ་མ་ཞུས་པར་སྟན་ཁུར་ཏེ་འགྲོ་བ་དང༌། བླ་གབ་མེད་པར་ཆོས་ཉན་པའི་ཚེ་རླུང་


JLD001_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆར་བྱུང་ན་གནས་མལ་མི་བསྡུ་བ་དང༌། དེའི་ཚེ་གཞོན་ནུ་རྣམས་ཀྱིས་རྒན་པོའི་གནས་མལ་ལྕི་བ་དང་མ་བརྗེས་པ་དང༌། ཁྲི་དང་ཁྲི་ལྟ་བུར་མཐུན་པར་མི་བཞག་པའོ། །ལྔ་པ་ནི་ཆར་འབབ་པ་ལ་སོགས་པའི་དོགས་པ་མེད་པའི་ཚེ་གཙུག་ལག་previous hit ཁང་གཞན་དུ་སྟན་གཡར next hit་པོ་མི་སྦྱིན་པ་དང༌། ལམ་ཁར་ཆར་ལ་སོགས་པ་བྱུང་ན་འོས་པར་བཅེར་ཏེ་རྫས་ངན་པ་ཞིག་གིས་མ་གཡོགས་པ་དང༌། གཙུག་ལག་ཁང་དུ་ཕྱིན་ནས་རྫས་རྣམས་མ་བསྐམས་པ་དང༌། མེ་ལ་སོགས་པའི་གནོད་པ་བྱུང་བའི་ཚེ་དང་པོར་རང་གི་ཡོ་བྱད་དང༌། རྗེས་སུ་དགེ་འདུན་གྱི་ཡོ་བྱད་མི་འདོན་པ་དང༌། བཏོན་ཟིན་པ་བསྲུང་བའི་ཕྱིར་དགེ་སློང་རྫས་འདོན་པ་ལ་སོགས་པའི་ལས་མི་ནུས་པ་མ་བཞག་པ་དང༌། ལུས་སྲོག་ལ་གནོད་པའི་མེ་ལ་སོགས་པའི་ནང་ནས་རྫས་འདོན་པ་རྣམས་སོ། །གཉིས་པ་གདིང་བའི་ལྟུང་བྱེད་ལ་ལྟུང་བ་རྣམ་གཞག་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དུ་ལོག་པར་སྒྲུབ་པའི་གནས་ནི་དགེ་འདུན་གྱི་གནས་ཡིན་པ། གནས་ཀྱི་མཚན་ཉིད་དུ་གྲུབ་པ། སྤྱོད་ལམ་བཞི་ཤོང་བ། ཕན་ཕུན་དུ་འགྱུར་བའི་ཉེན་ཡོད་པའོ། །གང་གིས་ལོག་པར་སྒྲུབ་པའི་དངོས་པོ་ནི་རྩྭ་དང་ལོ་མ་གང་རུང་གི་གདིང་བ་ཡིན་པ། འཇིག་རྟེན་ན་གྲགས་པའི་ཚད་དུ་ལོངས་པ། རང་ངམ་བསྐོས་པས་ལོངས་སྤྱོད་པའོ། །རྟེན་ནི་གནས་མལ་དང་འདྲའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསྡུ་བར་མི་འདོད་པ་ཙམ་མོ། །སྦྱོར་བ་དང་མཐར་ཐུག་སྔར་དང་འདྲ་བ་


JLD001_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆར་གྱིས་ཕན་ཕུན་དུ་གྱུར་པ་མ་གཏོགས་པའོ། །བསླབ་བྱའི་ཉེས་བྱས་ནི་ཁྱིམ་དུ་རྩྭ་ལོ་ལ་སོགས་པའི་གདིང་བ་བྱས་པ་མ་དོར་བ་དང༌། མ་དྲིས་པར་དོར་བ་དང༌། དགོན་པར་ནི་མགོ་འཇུག་བཟློག་པས་སློང་བའམ་དོར་བ་མ་བྱས་པ་དང༌། གོས་བསྐམ་པའི་ཕྱིར་ཙྭ་བཏིང་བ་མ་དོར་བ་དང༌། གཞན་སློང་བ་ལ་མ་བྱིན་པ་དང༌། འཆག་སར་རྩྭ་བཏིང་བའི་ཚེ་རླན་ཆེ་བའི་གནས་སུ་ཉི་མ་རེ་རེ་ལ་དང༌། དེ་ལས་གཞན་པའི་གནས་སུ་ཟླ་བ་ཕྱེད་ཕྱེད་ན་སྲོག་ཆགས་ཡོད་མེད་བརྟག་པ་དང་སྒྱུར་ཟློག་མ་བྱས་པ་དང༌། འཆག་པའི་བྱ་བ་གཏོང་བའི་ཚེ་དོར་བར་འོས་པ་མ་དོར་བ་དང༌། བསོད་སྙོམས་ལ་འགྲོ་བ་དང་འབྲེལ་བའི་བསླབ་བྱ་གཞི་གནས་མལ་གྱི་སྐབས་སུ་བསྟན་པ་རྣམས་སོ། །བཞི་པ་གང་ཟག་ལ་གནོད་པ་ལ་གཉིས་ཀྱི་དང་པོ་སྐྲོད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་བསྐྲད་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ཕན་པའི་རྐྱེན་དང་མི་ལྡན་པའོ། །གང་ནས་སྐྲོད་པའི་གནས་ནི་ཕན་ཕུན་གྱི་ཉེན་ཅན་མ་གཏོགས་པ་སྔ་མ་བཞིན་ནོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐྲོད་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་སྐྲོད་པར་རྩོམ་པ། མཐར་ཐུག་དེའི་རྐྱེན་གྱིས་གནས་ཉེ་འཁོར་དང་བཅས་པ་ལས་འདས་པའོ། །བཞད་གད་ཀྱིས་སྐྲོད་པ་དང༌། བསྙེན་པར་མ་རྫོགས་པ་སྐྲོད་པ་ལ་ཉེས་བྱས་སོ། །གཉིས་པ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་ཕྱིས་གནོན་བྱེད་པའི་ཡུལ་དང་གནས་སྔར་དག་འདྲ་བ་ལས་ཡུལ་ལ་རང་ལས་


JLD001_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གནས་པ་ཞེས་བསྣན་ནོ། །བསམ་པ་ལ་འདུ་ཤེས་ནི་རང་ལས་སྔར་གནས་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པར་འདོད་པའོ། །སྦྱོར་བ་གཞན་མི་འདོད་བཞིན་དུ་གནས་དེར་འདུག་པར་རྩོམ་པ། མཐར་ཐུག་འདུག་པ་རྫོགས་པའམ་དོན་གོ་བའོ། །དེས་མཚོན་ནས། ངན་དང་གསོད་དང་གྲང་དྲོ་དང༌། །ཆོལ་ཟངས་དང་ནི་བཀྲུ་སྨན་དང༌། །རྣལ་འབྱོ་མཐུན་དང་ཁ་ཏོན་མཐུན། །འཇིགས་དང་བཅས་དང་འཇིགས་མེད་པའོ། ཞེས་པས་མཐོ་འཚམ་པ་རྣམས་ལ་ཡང་ཡན་ལག་རྩིས་སྔར་བཞིན་དུ་སྦྱར་ཏེ་ལྟུང་བྱེད་དུ་འགྱུར་བར་ཤེས་པར་བྱའོ། །གནས་དེར་རང་གི་སྔ་རོལ་དུ་ཞུགས་པ་མ་ཡིན་པ་ཞུགས་པར་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ལྔ་པ་གནས་དངོས་ལ་གནོད་པ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གནས་ནི་དགེ་འདུན་གྱི་གནས་སྤྱོད་ལམ་བཞི་ཤོང་བ། གནས་ཀྱི་ངོ་བོར་གྲུབ་པ། རྡོལ་བའི་ཉེན་དང་བཅས་པའི་སྟེང་གི་ཐོག་ཡིན་པའོ། །དངོས་པོ་ནི་ཁྲིའམ་ཁྲིའུ་ཡིན་པ། རྒྱ་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ། རྩ་བ་ཕུར་བུ་ལྟ་བ་ཡིན་པ། བཀན་པའམ་རྐང་རྟེན་བཅུག་པ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་ནི་རྩ་བ་འབྱུང་བའི་སྐབས་དང་བཅས་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་གནོན་པར་འདོད་པའོ། །སྦྱོར་བ་གནོན་པར་ཞུགས་པ། མཐར་ཐུག་


JLD001_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་རྫོགས་པའོ། །ཐོག་རྡོལ་བའི་ཉེན་དང་བཅས་པ་མ་ཡིན་པ་ལ་ཡིན་པར་ཤེས་པ་དང་ཡིད་གཉིས་ཟ་བས་འདུག་པ་ལ་ཉེས་བྱས་སོ། །དྲུག་པ་གཞན་གྱི་སྲོག་ལ་གནོད་པ་དུད་འགྲོ་འདེབས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ནི་དུད་འགྲོ་ཡིན་པ། ཐ་མལ་བའི་མིག་ལ་སྣང་དུ་རུང་བ། གཞི་དང་བཅས་པ་ཡིན་པའོ། །བསམ་པ་ལ་འདུ་ཤེས་ནི་སྲོག་ཆགས་དང་བཅས་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་རང་གི་དོན་མ་ཡིན་པར་སྤྱོད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་སྤྱོད་པར་ཞུགས་པ། མཐར་ཐུག་དུད་འགྲོ་ཤི་བའོ། །སྲོག་ཆགས་དང་བཅས་པ་མ་ཡིན་པ་ལ་ཡིན་པར་ངེས་པའམ་ཡིད་གཉིས་ཟ་བས་སྤྱོད་ན་ཉེས་བྱས་སོ། །གསུམ་པ་གནས་སྒྲུབ་པ་ལས་གྱུར་པ་རིམ་པ་ལྷག་པར་རྩིག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་རྩིག་པའི་ནགས་ནི་གཙུག་ལག་ཁང་ཡིན་པ། སྤྱོད་ལམ་བཞི་ཤོང་བ། ཕལ་ཆེར་བསྐོར་བའི་གནས་སུ་གྲུབ་པ། སྔར་ཚད་ལ་གནོད་པའི་རྩོམ་པ་མ་བྱས་པའོ། །དུས་ནི་ཉི་མ་གཅིག་ཡིན་པའོ། །རྟེན་ཆར་ཆུ་སྐྱོབ་པའི་གཡོག་པ་མ་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རིམ་པ་གསུམ་ལས་ལྷག་པར་རྩིག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་རྡོའམ་སོ་ཕག་སོ་བཏང་བའམ་ཤིང་ལ་སོགས་པ་སྲ་བ་མ་ཡིན་པས་རྩིག་པར་རྩོམ་པ་མཐར་ཐུག་རིམ་པ་གསུམ་ལས་ལྷག་པར་བརྩིགས་པའོ། །དེ་ནི་ཉི་མ་གཅིག་ལ་རིམ་པ་ལྷག་པར་རྩིག་པའི་ལྟུང་བྱེད་ཀྱི་དབང་དུ་བྱས་ཀྱི། འཇིམ་


JLD001_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང༌། སྒོ་ཆ་གོང་མ་མ་བཅུག་པ་དང༌། ཆུ་ཁུང་མ་བཏོད་པ་དང༌། རྩིག་པའི་རྨང་མ་གཙུགས་པར་རྩིག་པ་རྣམས་ལ་ནི་ཉི་མ་གཞན་ལ་རིམ་པ་ལྷག་ན་ཡང་ལྟུང་བྱེད་དུ་འགྱུར་ཞིང་ཆུ་ཁུང་བཏོད་པ་སོགས་བྱས་ཀྱང་དེའི་སྟེང་ནས་རིམ་པ་ལྷག་པར་རྩིག་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །རིམ་པ་གསུམ་པ་རྩིག་པ་ལ་ཉེས་པ་མེད་ཅིང་བཞི་པ་རྩིག་པར་རྩོམ་པ་ན་ཉེས་བྱས་སོ། །གཙུག་ལག་ཁང་རྩིག་པའི་སྒོ་ཆ་དང་སྒོ་གླེགས་མ་བཅུག་པ་དང་སྐར་ཁུང་མ་བཏོད་པ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། །གསུམ་པ་ཕན་གདགས་པར་བྱ་བ་དགེ་སློང་མའི་གཞི་ལ་ལོག་པར་སྒྲུབ་པ་ལ་ལྔ་ལས་དང་པོ་ཆོས་ཀྱི་གཞི་ལས་གྱུར་པ་ལ་གསུམ་གྱི་དང་པོ་མ་བསྐོས་པར་ཆོས་སྟོན་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་ཆོས་སྟོན་པའི་ཡུལ་ནི་ཉེ་དུ་མ་ཡིན་པ་ལས་གཞན་པའི་དགེ་སློང་མ་ཆོས་བདུན་ལྡན་ནོ། །གང་སྟོན་པའི་ཆོས་ནི་སངས་རྒྱས་ཀྱི་བཀའ་འམ་གདམས་ངག་དང་རྗེས་སུ་བསྟན་པ་གང་ཡང་རུང་བའོ། །རྟེན་ནི་མི་ཆོས་བླ་མ་ཐོབ་པ་དང༌། འོས་པ་ལ་གསོལ་བ་བཏབ་པ་མ་ཡིན་ཞིང་སྟོན་པར་མ་བསྐོས་པའམ་བསྐོས་ཀྱང་མཚན་ཉིད་དང་མི་ལྡན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྟོན་པར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྟོན་པར་རྩོམ་པ། མཐར་ཐུག་དོན་གོ་བའོ། །སྟོན་པར་འོས་པའི་མཚན་ཉིད་ནི་བསྙེན་པར་རྫོགས་ནས་བར་མ་ཆད་དུ་ལོ་ཉི་ཤུ་ལོན་ཅིང་ལྟ་བ་མཐུན་པ། ཐ་སྙད་གསུམ་


JLD001_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། རིག་པ་དང་གྲོལ་བར་སྨྲ་བའི་དགེ་སློང་སྡེ་སྣོད་གསུམ་པ་དང༌། སོ་ཐར་རམ་ལྕི་བའི་ཆོས་བརྒྱད་དང་ཕམ་པ་བརྒྱད་གང་རུང་འདོན་ནུས་པ་དང་བག་ཡོད་པར་སྒྲུབས་ཤིག་ཅེས་བརྗོད་ནུས་པ་དག་ལས་གང་རུང་དང་ལྡན་པས་ཏེ་དེ་དག་ལས་བཙུན་པ་དང་བརྟན་པའི་ཡན་ལག་ལ་དམིགས་བསལ་མེད་ཅིང༌། མཁས་པའི་ཡན་ལག་དེ་དག་ལས་སྔ་མ་དང་ལྡན་པ་ཡོད་བཞིན་དུ་ཕྱི་མ་བསྐོར་མི་རུང་ཞིང༌། མཚན་ཉིད་དེ་དག་ཐ་མ་ཡན་ཆད་ལས་གང་རུང་རེ་རེ་དང་མི་ལྡན་ན་བསྐོས་ཀྱང་ལྟུང་བྱེད་དུ་འགྱུར་བ་མི་ཁེགས་སོ། །གཉིས་པ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོནཔའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གང་ལ་ཆོས་སྟོན་པའི་ཡུལ་དང་གང་སྟོན་པའི་ཆོས་སྔར་དང་འདྲ་ལ། གནས་ནི་འཇིགས་པའི་ཉེན་དང་བཅས་པ། དུས་ནི་མཚན་ཐོག་ཐག་ཆོས་སྟོན་པའི་དུས་མ་ཡིན་ཞིང་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བའི་བར་ཡིན་པའོ། །འདུ་ཤེས་ནི་ཉི་མ་ནུབ་པ་ལ་ནུབ་པར་ངེས་པའམ་ཡིད་གཉིས་ཟ་བ་སྟེ་ཡན་ལག་ལྷག་མ་སྔར་བཞིན་དུ་སྦྱར་རོ། །ཉི་མ་མ་ནུབ་པ་ལ་ནུབ་པར་ངེས་པའམ་ཡིད་གཉིས་ཟ་བས་སྟོན་ནཉེས་བྱས་སོ། །གསུམ་པ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པས་སྐུར་པ་འདེབས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གང་ལ་སྐུར་པ་འདེབས་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལོག་པར་སྟོན་པ་མ་ཡིན་པའོ། །གོ་བྱ་ཡུལ་ནི་ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་དུ་གནས། རང་ལས་ཐ་དད་པའོ། །


JLD001_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ལ་འདུ་ཤེས་དང་ཀུན་སློང་ནི་ཟས་གོས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པ་མ་ཡིན་པ་ལ་དེར་ཤེས་བཞིན་དུ་དེ་ལྟར་སྟོན་ཏོ་ཞེས་སྐུར་བ་འདེབས་པར་འདོད་པའོ། །སྦྱོར་བ་དག་མཚན་ཉིད་ལྔ་ལྡན་གྱིས་སོ། །མཐར་ཐུག་དོན་གོ་བའོ། །གཉིས་པ་གོས་ལས་གྱུར་པ་ལ་གཉིས་ཀྱི་དང་པོ་གོས་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གི་གོས་བྱེད་པའི་ཡུལ་ནི་དགེ་སློང་མ་ཆོས་བརྒྱད་ལྡན་ནོ། །གང་བྱེད་པའི་གོས་ནི་གོས་རུང་ཞིང་ཚད་དང་ལྡན་པ། དགེ་སློང་མ་དེ་ཉིད་ཀྱི་ཡིན་པ། སྔར་ཚད་ལ་གནོད་པའི་གཟོའི་རྩོམ་པ་མ་བྱས་པའོ། །བསམ་པ་ལ་འདུ་ཤེས་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་ནི་བཟོ་བྱེད་པར་འདོད་པ། སྦྱོར་བ་དེ་ལྟར་རྩོམ་པ། མཐར་ཐུག་བཟོའི་རྩོམ་པ་ཡོངས་སུ་རྫོགས་པའོ། །ཉེ་དུ་ཡིན་པ་ལ་མ་ཡིན་པར་ཤེས་པའམ་ཡིད་གཉིས་ཟ་བས་བྱེད་ན་ཉེས་བྱས་སོ། །གཉིས་པ་གོས་སྦྱིན་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གང་ལ་གོས་སྦྱིན་པའི་ཡུལ་ནི་དགེ་སློང་མ་ཆོས་བརྒྱད་ལྡན་གྱི་སྟེང་དུ་དགེ་འདུན་ལ་གོས་འབུལ་བའི་ཁོངས་སུ་གཏོགས་པ་དང་བོར་བརླག་བྱུང་བ་དང་ལེགས་པར་སྨྲ་བ་དང་བསྙེན་པར་བྱེད་པ་རྣམས་མ་ཡིན་ཞིང་རང་ལས་ནོར་ཐ་དད་པའོ། །དངོས་པོ་ནི་གོས་རུང་ཞིང་ཚད་དང་ལྡན་པ་རང་གི་ཡིན་པའོ། རྟེན་ནི་རུང་མི་རུང་བརྗེ་བའི་ཕྱིར་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་སྔ་མ་དང་འདྲ་ཞིང་ཀུན་སློང་སྦྱིན་པར་འདོད་པ།


JLD001_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དེ་ལྟར་རྩོམ་པ། མཐར་ཐུག་ཡུལ་གྱི་ལག་ཏུ་ཐོབ་པའོ། །འདུ་ཤེས་འཁྲུལ་པས་ཉེས་བྱས་སུ་འགྱུར་བ་ཡང་སྔ་མ་དང་འདྲའོ། །གསུམ་པ་ལམ་གྱི་གཞི་ལས་གྱུར་པ་ལ་གཉིས་ཀྱི་དང་པོ་དགེ་སློང་མ་དང་ལྷན་ཅིག་ལམ་རུ་འགྲོ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གང་དང་ལྷན་ཅིག་འགྲོ་བའི་ཡུལ་ནི་ཉེ་དུ་མ་ཡིན་པ་མ་གཏོགས་པ་དགེ་སློང་མ་ཆོས་བདུན་ལྡན་གྱི་སྟེང་དུ་ཕན་ཚུན་འདོགས་པ་མ་ཡིན་ཞིང་ངོ་མ་སྤོས་པའོ། །གང་དུ་འགྲོ་བའི་ལམ་ནི་ས་ལ་བརྟེན་པ། རྒྱང་གྲགས་གཅིག་ཕན་ཆད་ཡིན་པ། འཇིགས་པ་དང་བཅས་པ་མ་ཡིན་པའོ། །དུས་ནི་ཉི་མ་གཅིག་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ལམ་གཅིག་ལ་འགྲོ་བར་འདོད་པ། སྦྱོར་བ་འགྲོ་བར་རྩོམ་པ། མཐར་ཐུག་རྒྱང་གྲགས་གཅིག་ལས་འདས་པའོ། །“རྒྱང་གྲགས་ཕྱེད་རེར་ཉེས་བྱས་སོ། །བསླབ་བྱ་ནི་ལམ་དུ་ཞུགས་པའི་ཚེ་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བ་དང༌། དེ་མ་བཀུར་བ་དང༌། དགེ་སློང་མ་ལམ་དུ་ན་བའི་ཚེ་མགོ་ལོགས་ནས་བཟུང་བས་བཀུར་བའི་གྲོགས་མ་བྱས་པ་དང༌། གྲོང་དུ་ཕྱིན་པ་ན་མཚན་དང་ལྟ་བ་མཐུན་པའི་ནད་གཡོག་མ་བཞག་པར་སོང་བ་རྣམས་སོ། །དགེ་སློང་དང་དགེ་སློང་མས་ཕན་ཚུན་ལམ་བརྒྱགས་འཁུར་བ་དང་བྱིན་ལེན་བྱེད་དུ་རུང་ངོ༌། །གཉིས་པ་གྲུར་འཇུག་པའི་ལྟར་བྱེད་ལ་བཞི་ལས་གཞིའི་ཡུལ་དང་དུས་ནི་སྔར་དང་འདྲ་ལ། ལམ་ནི་ཆུ་ལ་བརྟེན་པ་ཡིན་པ། རྒྱང་གྲགས་གཅིག་ཕན་ཆད་ཡིན་པ། ཐད་ཀར་ཕ་རོལ་ཏུ་འགྲོ་བ་མ་ཡིན་པ། འགྲམ་གཉིས་འཇིགས་


JLD001_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པ་མ་ཡིན་པ། རྦ་ཀློང་ལ་བཟུར་བ་ལ་སོགས་པའི་རྐྱེན་གྱིས་འཇུག་པ་གཞན་དུ་སོང་བ་མ་ཡིན་པའོ། །བསམ་སྦྱོར་མཐར་ཐུག་རྣམས་སྔ་མ་བཞིན་ནོ། །བཞི་པ་གནས་ཀྱི་གཞི་ལས་གྱུར་པ་ལ་གཉིས་ཀྱི་དང་པོ་འདུག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དང་འདུག་པའི་ཡུལ་ནི་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ། བསྟེན་དུ་རུང་བ། ཐ་སྙད་བཞི་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རྫུ་འཕྲུལ་ཅན་དང་ཉེ་དུ་མ་ཡིན་པ་སྟེ་ཆོས་དྲུག་ལྡན་དང་གཅིག་པུ་ཡིན་པའོ། །གནས་ནི་དབེན་པ་དང་རྩིག་པ་དང་མུན་པ་སོགས་ཀྱི་སྐྱབས་དང་བཅས་པ་དང༌། བར་འདོམ་གང་གི་ནང་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུག་པར་འདོད་པའོ། །སྦྱོར་བ་འདུག་པར་ཞུགས་པ། མཐར་ཐུག་གཉི་གས་འདུག་པ་རྫོགས་པའོ། །གཉིས་པ་འགྲེང་བའི་ལྟུང་བྱེད་ལ་ཡན་ལག་རྣམས་སྔ་མ་དང་འདྲ་བ་ལ་འདུག་པ་ཞེས་པའི་གནས་སུ་འགྲེང་བ་ཞེས་སྦྱར་རོ། །འདིར་འདུག་པ་བུད་མེད་དང་འགྲེང་བ་དགེ་སློང་མ་ལ་སྦྱར་བ་ནི་མཚོན་བྱེད་ཙམ་ཡིན་ནོ། །ལྔ་པ་ཟས་ཀྱི་གཞི་ལས་གྱུར་པ་དགེ་སློང་མ་སྦྱོར་དུ་བཅུག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གིས་སྦྱོར་དུ་བཅུག་པའི་དགེ་སློང་མ་ནི་ཉེ་དུ་མ་ཡིན་པ་ལས་གཞན་པའི་ཆོས་བདུན་ལྡན་ནོ། །གང་གིས་སྦྱོར་བའི་སྦྱིན་བདག་ནི་ཁྱིམ་པ་ཆོས་ལྔ་ལྡན་ནོ། །གང་བཟའ་བའི་དངོས་པོ་ནི་དུས་སུ་རུང་བ། རུང་ཞིང་ཟས་གཅིག་གི་ཚད་དང་ལྡན་པ། སྦྱིན་བདག་དེ་ཉིད་ཀྱི་


JLD001_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། དགེ་སློང་ལ་མེད་པའི་ལུང་རྟོགས་གང་རུང་གི་ཡོན་ཏན་གྱིས་སྦྱོར་དུ་བཅུག་པ། མགྲོན་དུ་མ་བོས་པའམ་བོས་ཀྱང་ལྷག་པར་སྦྱར་བའི་ཟས་ཡིན་པའོ། །བསམ་པ་ལ་འདུ་ཤེས་ནི་དགེ་སློང་མས་སྦྱོར་དུ་བཅུག་པ་ལ་དེ་ལྟར་ངེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་ཟ་བར་འདོད་ཅིང་སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གཞན་གྱི་དོན་དུ་སྦྱོར་དུ་བཅུག་པ་ཟ་བ་དང༌། བསོད་སྙོམས་ལ་ཞུགས་པ་ན་དགེ་སློང་མས་འདི་ལ་བྱིན་གཅིག །ཅེས་བསྒོ་བ་ཙམ་བྱས་པ་ཟ་བ་དང༌། སྦྱོར་དུ་བཅུག་པ་མ་ཡིན་པ་ལ་ཡིན་པར་ངེས་པའམ་ཡིད་གཉིས་ཟ་བ་སོགས་ཡན་ལག་མ་ཚང་བ་ལ་ཉེས་བྱས་སོ། །བཞི་པ་འཚོ་བར་བྱེད་པ་ཟས་ཀྱི་གཞི་ལ་ལོག་པར་སྒྲུབ་པ་ལ་ཚད་ལས་འདས་པའི་ལྟུང་བ། གནས་མ་ཡིན་པར་ཟོས་པའི་ལྟུང་བ། དུས་མ་ཡིན་པར་ཟོས་པའི་ལྟུང་བ། ཆོ་ག་ལས་འདས་པའི་ལྟུང་བ། བླང་བྱ་མ་ཡིན་པ་བླངས་པའི་ལྟུང་བ་དང་ལྔའོ། །དང་པོ་ལ་བླང་བ་ཚད་ལས་འདས་པ་དང༌། ཟ་བ་ཚད་ལས་འདས་པ་གཉིས། དང་པོ་ལ་གསུམ་གྱི་དང་པོ་ཉི་མ་གཅིག་ལ་བླང་བ་ཚད་ལས་འདས་པ་ཡང་ཡང་ཟ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་བླང་བའི་ཡུལ་ནི་ཁྱིམ་པ་ཆོས་ལྔ་ལྡན་གྱི་སྟེང་དུ་བསམ་པ་ཐག་པ་ནས་ཟས་མཚན་ཉིད་དང་ལྡན་པ་ལ་དགེ་འདུན་གྱི་ཆེད་མིན་པར་རང་ཆེད་དུ་འབོད་པ་ཡིན་པའོ། །གང་བླང་བའི་ཟས་ནི་བཟའ་བ་ལྔ་གང་རུང་གི་ཁོངས་སུ་གཏོགས་པ། ནར་མའི་ཟས་མ་ཡིན་པ། རུང་ཞིང་ཟས་གཅིག་གི་ཚད་དུ་ལོངས་པ། སྦྱིན་བདག་སྔ་ཕྱི་སོ་


JLD001_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

སོར་དབང་བ། ཟས་ཕྱི་མ་ལ་གོས་ཁྲུ་གང་དུ་ལོངས་པའམ་དེའི་རིན་གྱི་རྙེད་པ་མེད་པའོ། །དུས་ནི་ཉི་མ་གཅིག་གི་དུས་ཡིན་ཞིང་མུ་གེའི་དུས་མ་ཡིན་པའོ། །རྟེན་ནི་ཟས་གཅིག་གིས་འཚོ་མིནུས་པའི་ནད་པ་དང་དཀོན་མཆོག་གི་དོན་དུ་ཕྱག་བདར་རེ་ལ་དེ་ཙམ་མམ་དཀྱིལ་འཁོར་བ་མལ་ཙམ་གྱི་ལས་བྱས་པ་དང་ཉི་མ་དེ་ཉིད་ལ་དཔག་ཚད་ཕྱེད་ཡན་ཆད་ཀྱི་ལམ་དུ་ཕྱིན་པ་རྣམས་མ་ཡིན་པ་དང༌། སྲ་བརྐྱང་མ་བཏིང་བའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཟས་གཉིས་པ་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །དུས་ལ་མ་བབ་པར་ཁྱིམ་དུ་ཟན་ལ་འཇུག་པ་དང༌། ཁྱིམ་དུ་ཟན་ལ་འཇུག་པའི་ཚེ་རང་རང་གི་འཁོར་དང་གློ་བུར་དུ་འོངས་པ་རྣམས་གནས་བརྟན་གྱིས་ཚང་མ་ཚང་མ་བརྟགས་པ་དང༌། དགོས་པ་མེད་པར་ཁྲོ་བ་སོགས་ཀྱིས་རང་གི་ཟན་གཅོད་པ་རྣམས་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་གནས་གཅིག་ནས་བླང་བ་ཚད་ལས་འདས་པ་འདུག་གནས་སུ་ཟ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གི་ཟ་བའི་སྦྱིན་བདག་ནི་ཁྱིམ་པ་ཆོས་ལྔ་ལྡན་མུ་སྟེགས་ཅན་ཁོ་ནའི་སྦྱིན་བདག་ཡིན་ཞིང་ཅི་བདེར་སྟོབས་པ་པོ་མ་ཡིན་པའོ། །གནས་ནི་མུ་སྟེགས་ཅན་ཁོ་ནའི་འདུག་གནས་སུ་གྲུབ་ཅིང་སྤྱོད་ལམ་བཞི་ཤོང་བ། བདག་པོ་ཁྱིམ་པ་གནས་བཞིན་པའོ། །དེ་ན་གནས་པའི་ཕྱི་རོལ་པའི་རབ་བྱུང་རྣམས་ཀྱང་མཚན་དང་ལྟ་བ་མཐུན། ཐ་སྙད་གསུམ་དང་


JLD001_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། ལུས་ཐ་མལ་དུ་གནས་པའོ། །གང་བཟའ་བའི་ཟས་ནི་དུས་རུང་གི་ཟས་རུང་ཞིག་ཟས་གཅིག་གི་ཚད་དང་ལྡན་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། ཉི་མ་གཉིས་པའི་ཟས་ཡིན་པའོ། །རྟེན་ནི་ནད་པ་མ་ཡིན་ཞིང་གནས་དེར་ཞག་ལོན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཟས་གཉིས་པ་ཟ་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་བླངས་ཤིང་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གནས་དེར་ཟས་མི་ཟ་བར་ཉི་མ་གཉིས་པ་ལ་སྡོད་པ་དང༌། ཁྱིམ་བདག་དངོས་སུ་མི་གནས་པ་དང༌། ཕྱི་ནང་གི་རབ་བྱུང་དང་ཉེ་དུ་དབང་བའི་འདུག་གནས་སུ་ཟ་བ་ལ་ཉེས་བྱས་སོ། །གསུམ་པ་སྦྱིན་བདག་གཅིག་ལས་བླང་བ་ཚད་ལས་འདས་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་བླང་པའི་སྦྱིན་བདག་ནི་ཁྱིམ་པ་ཆོས་ལྔ་ལྡན་གྱི་སྟེང་དུ་ཚད་ཡོངས་སུ་བཅོད་པ་དང༌། ཅི་ཙམ་དགོས་པ་ལོང་ཞེས་སྟོབས་པ་པོ་མ་ཡིན་པའོ། །གང་བླང་བའི་དངོས་པོ་ནི་གཡོས་སུ་བྱས་པའི་དུས་རུང་གི་ཟས་རུང་ཞིང་འབྲས་མ་ག་ངྷའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པ་ལས་ལྷག་པའི་ཚད་དང་ལྡན་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པའོ། །ཟ་བའི་གནས་ནི་གང་བླངས་པའི་གནས་དེ་ལས་གཞན་ཡིན་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ལྷག་པ་བླགས་ནས་ཟ་བར་འདོད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་བླངས་ཏེ་གནས་གཞན་དུ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གཞན་ལ་ལྷག་པ་


JLD001_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དུ་བཅུག་སྟེ་ཟ་བ་ལ་ཉེས་བྱས་སོ། །གཉིས་པ་ཟ་བ་ཚད་ལས་འདས་པ་ལ་གཉིས་ཀྱི་དང་པོ་སྤངས་པ་ཟ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་བཟའ་བར་བྱ་བ་རུང་ཞིང་མགུལ་དུ་མེད་པའི་ཚད་དང་ལྡན་པ། ཐུག་པ་ལས་གཞན་ཡིན་པ། རང་ངམ་རང་དང་འདྲ་བས་ལྷག་པོར་མ་བྱས་པའོ། །ཟ་བའི་དུས་ནི་མུ་གེའི་དུས་མ་ཡིན་པ། རྟེན་ནི་སྤངས་པ་རྫོགས་ཤིང་ནད་པ་མ་ཡིན་པ། བསམ་པ་ལ་འདུ་ཤེས་ནི་སྤངས་པ་དང་ལྷག་པོར་མ་བྱས་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །སྤངས་པ་ཡོངས་སུ་རྫོགས་པའི་མཚན་ཉིད་ལ་བཞི་ལས་གཞིའི་ཡན་ལག་ནི་མུ་གེའི་དུས་མ་ཡིན་པར་རུང་ཞིང་ཚད་དང་ལྡན་པའི་དུས་རུང་གི་ཟས་བྱིན་ལེན་སྟོབས་པར་འོས་པའི་གང་ཟག་བྱིན་ལེན་འཐོབ་པའི་ཕྱོགས་ན་གནས་པས་བསམ་པ་ཐག་པ་ནས་སྟོབས་པའོ། །ཀུན་སློང་བསམ་པ་ཐག་པས་དེ་རིང་འདི་ལས་མི་བཟའ་འོ་སྙམ་ནས་སྤོང་བར་འདོད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་རེ་ཞིག་གི་སྒྲ་མ་སྦྱར་བར་ཚེག་གོ་ཞེས་སོགས་བརྗོད་པའམ་ལྡང་བར་རྩོམ་པའོ། །མཐར་ཐུག་སྨྲས་པའི་དོན་གོ་བའམ་འདུག་པའི་གནས་བཏང་བའོ། །བཅའ་བ་སྤངས་པ་ཡོངས་སུ་རྫོགས་ནས་བཅའ་བ་ལྷག་པོར་མ་བྱས་པར་ཟ་བ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །ལྷག་པོར་གྱི་མཚན་ཉིད་ལ་གང་གིས་ལྷག་པོར་བྱ་བའི་རྟེན་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་


JLD001_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ས་རང་བཞིན་དུ་གནས་པ། མཚམས་ཀྱི་ནང་དུ་གནས་པ། ཟ་བའི་གནས་མ་བཏང་བའོ། །ལྷག་པོར་གསོལ་བ་པོ་ནི་དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། གནས་ནས་མ་ཕྱུང་བ། ནད་པ་མ་ཡིན་པ། ཟས་སྤངས་པ་ཡིན་པའོ། །གང་ལྷག་པོར་བྱ་བའི་ཟས་ནི་རུང་ཞིང་ཚད་དང་ལྡན་པའི་དུས་རུང་གི་ཟས་ཡིན་པ། རང་གི་ཡིན་པ། བྱིན་ལེན་བྱས་ཤིང་སྔར་ལྷག་པོར་བྱས་པ་དང་མ་འབྲེལ་བའོ། །གནས་ནི་མཚམས་ཀྱི་ནང་དང༌། བྱིན་ལེན་འཐོབ་པའི་ཕྱོགས་ཡིན་པའོ། །དུས་སྔ་དྲོ་དང་སྤངས་པའི་དུས་ཡིན་ཞིང་མུ་གེའི་དུས་མ་ཡིན་པའོ། །ཆོ་ག་ནི་ལག་པ་བཀྲུས་བྱིན་ལེན་བྱས་ཤིང་ལག་ཏུ་བླངས་ནས་སྤྱོད་ལམ་འགྲེང་བས་རྟེན་ལ་གསོལ་བ་འདེབས་པའི་སྔགས་ལན་ཅིག་བརྗོད་དེ་རྟེན་དེས་ཟས་མ་སྤངས་ན་ཁམ་གཉིས་སམ་གསུམ་ཟོས་ནས། ཁྱོད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་བརྗོད་དོ། །ལྷག་པོར་བྱས་པ་དང་སྤངས་པ་མ་ཡིན་པ་ལ་ཡིན་པར་ངེས་པ་དང་ཐེ་ཚོམ་ཟ་བས་ཟོས་ན་ཉེས་བྱས་དང༌། བཟའ་བ་སྤངས་ནས་བཅའ་བ་ཟ་བ་ལ་ལྟུང་བྱེད་དོ། །བཅའ་བ་སྤངས་ནས་བཟའ་བ་ཟ་བ་ལ་ལྟུང་བ་མེད་ལ། བསླབ་བྱའི་ཉེས་པ་ནི་མི་རུང་བ་དང་འདྲེས་པའི་ཟས་ལ་ལྷག་པོར་བྱེད་པ་དང་སྤངས་པ་རྫོགས་པས་ལྷག་པོར་བྱས་པ་དང༌། ཡུལ་གྱིས་མ་གསོལ་བར་ལྷག་པོར་བྱས་པ་དང༌། ཟས་འཚོ་བ་ཙམ་ལས་ལྷག་པར་ཟ་བ་དང༌། རྟེན་ནི་ནད་པ་མིན་པ། ཆོག་པར་མ་ཟོས་པ། མགུལ་དུ་མིད་པར་མངོན་


JLD001_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚད་དང་ལྡན་པའི་འཕྲོ་དང་བཅས་པ། གནས་དེ་ཉིད་དུ་བཟའ་བའི་ཕྱིར་བྱིན་ལེན་བླངས་ཏེ་འདུག་པས་ཟས་ཀྱི་བྱ་བ་མ་རྫོགས་པར་ལངས་པ་རྣམས་སོ། །གཉིས་པ་སྤངས་པ་ལ་སྟོབས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་སྟོབས་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ཟས་སྤངས་པ་ཡོངས་སུ་རྫོགས་པའོ། །ཟས་དང་དུས་ནི་སྔ་མ་བཞིན་ནོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྟོབས་པར་འདོད་པ། སྦྱོར་བ་སྟོབས་པར་རྩོམ་པ། མཐར་ཐུག་སྟོབས་པར་གོ་བའོ། །གཉིས་པ་གནས་མ་ཡིན་པར་ཟོས་པའི་འདུས་ཤིང་ཟ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དུ་ཟ་བའི་གནས་ནི་གང་ལས་འདུས་ཤིང་ཟ་བའི་ཡུལ་གྱི་དགེ་འདུན་དེ་དང་རང་བཞིན་གྱི་མཚམས་གཅིག་ཅིང་ནར་མའམ་གློ་བུར་བ་གང་ཡང་རུང་བའི་བཀད་སའི་གནས་མི་གཅིག་པའོ། །གང་ཟ་བའི་ནས་ནི་རུང་ཞིང་ཟས་གཅིག་གི་ཚད་དང་ལྡན་པའི་དུས་སུ་རུང་བའི་ཟས་ཡིན་པ། འདུས་པ་ཆེན་པོའི་ཟས་དང་ཕྱི་རོལ་པའི་དགེ་སྦྱོང་གི་ཟས་མ་ཡིན་པའོ། །གང་གིས་འདུས་ཤིང་ཟ་བའི་རྟེན་ནི་དགེ་སློང་ཆོས་དྲུག་ལྡན་བཞི་ཡན་ཆད་ཡིན་པ། ན་བ་དང་ལས་བྱས་པ་དང་ལམ་དུ་སོང་བ་མ་ཡིན་པའོ། །དུས་ནི་མུ་གེའི་དུས་མ་ཡིན་པ། བསམ་པ་ལ་འདུ་ཤེས་ནི་འདུས་ཤིང་ཟ་བའི་ཡུལ་རྟེན་གྱི་དགེ་འདུན་གཉིས་ཟས་ལྷན་ཅིག་མ་ཡིན་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བ། ཀུན་སློང་འདུས་ཤིང་ཟ་


JLD001_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་པ། སྦྱོར་བ་རང་གི་གྲོགས་དེ་དག་དང་ལྷན་ཅིག་དུས་ཅིག་ཆར་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །འདུས་ཤིང་ཟ་བའི་ལྟུང་བྱེད་སྐྱེད་པ་ལ་ཡུལ་རྟེན་གྱི་དགེ་འདུན་གང་ཡང་རུང་བས་ནར་མའམ་གློ་བུར་བའི་བཀད་ས་ངེས་པ་ཅན་དེར་ཟོས་པ་ཡན་ལག་ཏུ་མི་དགོས་སོ། །ཟས་ལྷན་ཅིག་ཡིན་པ་ལ་མ་ཡིན་པར་ངེས་པ་དང་ཡིད་གཉིས་གང་རུང་གིས་ཟ་བ་དང༌། དགེ་འདུན་ཐམས་ཅད་ནར་མའམ་གློ་བུར་དུ་ཟ་བའི་བཀད་ས་དེར་དེ་ན་གནས་པ་དག་གིས་འདུ་བར་འོས་པའི་དགེ་འདུན་དུ་ལོངས་པ་མ་འདུས་པར་ཟ་བ་རྣམས་ཉེས་བྱས་སོ། །འགྲོ་བར་ཆས་པ་དང་གློ་བུར་དུ་འོངས་པ་དང་ནད་པ་དང་ནད་གཡོག་དང་དགེ་སྐོས་ལས་གཞན་པ་རྣམས་ཀྱིས་དགེ་སློང་གྲལ་ལ་འཁོད་པ་ཐམས་ཅད་ཀྱིས་ཟས་མ་བརྩམས་པར་སྤྱི་སྤུངས་ལས་མནོས་ཏེ་ཟ་བ་དང༌། གཙུག་ལག་ཁང་དུ་དགེ་སློང་གཅིག་ལས་མེད་ན་ཡང་དེས་བཀད་ས་ལས་གཞན་དུ་ཟོས་པ་དང༌། གཅིག་མགྲོན་དུ་བོས་པའི་ཚེ་ཡང་སྦྱིན་བདག་གིས་མ་བསྒོ་བར་མནོས་ཏེ་ཟ་བ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། །གསུམ་པ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ཟ་བའི་དངོས་པོ་ནི་རུང་ཞིང་མགུལ་དུ་མིད་པའི་ཚད་དང་ལྡན་པའི་དུས་རུང་གི་ཟས་ཡིནཔ། མིད་པ་གཉིས་པ་ལ་སྒྲེགས་པའི་ཟས་མ་ཡིན་པ། དུས་ནི་རང་གནས་པའི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་དུས་ཡིན་པའོ། །རྟེན་ནི་ཕྱི་དྲོའི་ཟས་ཀྱིས་ཕན་པའི་


JLD001_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཅན་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་ནི་དུས་མ་ཡིན་པ་ལ་མ་ཡིན་པར་ངེས་པའམ་ཡིད་གཉིས་ཟ་བ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །དུས་ཡིན་པ་ལ་མིན་པར་ངེས་པའམ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །བཞི་པ་ཆོ་ག་ལས་འདས་པའི་ལྟུང་བ་ལ་གཉིས་ཀྱི་དང་པོ་གསོག་འཇོག་ཏུ་སོང་བ་ཟ་བའི་ལྟུང་བྱེད་ལ་དངོས་དང་ཆ་ལ་བརྟེན་པ་བསླབ་བྱའི་ཉེས་པ་གསུམ་མོ། །དང་པོ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ཟ་བའི་དངོས་པོ་ནི་སྨན་བཞི་གང་ཡང་རུང་བའི་ངོ་བོར་འགྲུབ་པ། རང་ངམ་རང་དང་འདྲ་བས་གསོག་འཇོག་བྱས་པ། གཞི་གཞན་གྱི་ཆ་ནས་རུང་བ། མགུལ་དུ་མིད་པའི་ཚད་དང་ལྡན་པའོ། །རྟེན་ནི་དེས་ཕན་པའི་ནད་ཅན་མ་ཡིན་པ། དུས་ནི་མུ་གེའི་དུས་མ་ཡིན་པ། བསམ་པ་ལ་འདུ་ཤེས་ནི་གསོག་འཇོག་ཏུ་སོང་བར་ངེས་པའམ་ཡིད་གཉིས་གང་རུང་ཡིན་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་པར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གསོག་འཇོག་ཏུ་མ་སོང་བ་ལ་སོང་བར་ངེས་པའམ་ཡིད་གཉིས་གང་རུང་གིས་ཟ་བ་དང༌། གསོག་འཇོག་ཏུ་སོང་བའི་ཟས་ཀྱིས་ཁ་དང་ལྷུང་བཟེད་ལ་སོགས་པ་འབགས་པས་ཟ་བ་དང༌། ལན་ཚྭ་དང་འགྱུར་བྱེད་ཀྱི་ཆུ་དང་རྙོག་ཆུ་རྣམས་གསོག་འཇོག་ཏུ་སོང་བ་ཟ་བ་སོས་ཡན་ལག་མ་ཚང་བ་རྣམས་ལ་ཉེས་བྱས་སོ། །གཉིས་པ་ཆ་ལ་བརྟེན་པའི་ཉེས་པ་ལ་བཞི་ལས་ལག་ཉ་དང་འབྲེལ་བའི་


JLD001_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ནི་རང་ངམ་རང་དང་ཟས་ཀྱི་ཆོ་ག་གཅིག་པ་དབང་བའི་ཟས་སམ་ཉེ་བའི་སྟ་གོན་དུ་གནས་པ། རུང་ཞིང་ཚད་དང་ལྡན་པ། གཞི་བརྟན་པ་དང༌། བྱིན་ལེན་སྟོབས་པ་དང་མ་འབྲེལ་ཞིང་ཆུད་ཟ་བའི་རྐྱེན་མེད་པའི་ཚེ་བྱིན་ལེན་མ་བྱས་པར་ཟ་བའི་བསམ་པ་ལས་གཞན་པས་རང་ངམ་རང་དང་འདྲ་བས་རེག་ན་ལག་ཉའི་ཉེས་པ་དང༌། དེ་རང་ངམ་རང་དང་འདྲ་བས་ཟོས་ན་ལག་ཉར་བླངས་པ་ཟ་བའི་ཉེས་བྱས་སོ། །གཉིས་པ་མཚམས་བཙོས་དང་འབྲེལ་བའི་ཉེས་པ་ནི་རང་ངམ་རང་དང་འདྲ་བ་དབང་བའི་ཟས་སམ་ཉེ་བའི་སྟ་གོན་དུ་གནས་པ་རུང་ཞིང་ཚད་དང་ལྡན་པའི་རྗེན་པ་ཆུད་ཟ་བ་ལ་སོགས་པའི་རྐྱེན་མེད་པའི་ཚེ་རང་ངམ་རང་དང་འདྲ་བའི་དགེ་སློང་འབྱུང་འཇུག་ལ་དབང་ཆེ་ཞིང་རུང་ཁང་དུ་མ་བྱས་པའི་གནས་སུ་མེ་དང་འབྲེལ་བས་བཙོས་པ་ནི་མཚམས་བཙོས་ཀྱི་ཉེས་པར་འགྱུར་ལ་དེ་ཟ་བ་ན་མཚམས་བཙོས་ཟོས་པའི་ཉེས་བྱས་སོ། །གསུམ་པ་ཞག་ལོན་དང་འབྲེལ་བའི་ཉེས་པ་ནི་རང་ངམ་རང་དང་འདྲ་བ་དབང་བའི་ཟས་སམ་ཉེ་བའི་སྟ་གོན་དུ་གནས་པ་རུང་ཞིང་ཚད་དང་ལྡན་པ་ཞིག་ཆུད་ཟ་བ་སོགས་ཀྱི་རྐྱེན་མེད་པའི་ཚེ་རང་ངམ་རང་དང་འདྲ་བ་དབང་ཞིང་རུང་ཁང་དུ་མ་བྱས་པའི་གནས་སུ་ཞག་ལོན་པས་ནི་ཞག་ལོན་གྱི་ཉེས་པར་འགྱུར་ལ་དེ་ཟ་བ་ན་ཞག་ལོན་ཟ་བའི་ཉེས་བྱས་སོ། །བཞི་པ་དགེ་སློང་གིས་བཙོས་པ་དང་འབྲེལ་བའི་ཉེས་བྱས་ནི་རང་ངམ་རང་དང་འདྲ་བ་དབང་བའི་ཟས་སམ་ཉེ་བའི་སྟ་གོན་དུ་གནས་ཤིང༌། རུང་ཞིང་ཚད་དང་ལྡན་པའི་རྗེན་པ་ཞིག་


JLD001_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གང་ཡང་རུང་བའི་དགེ་སློང་གིས་མེའམ་རླངས་པ་ཡན་ཆད་ཀྱིས་འཚེད་པར་བྱེད་ན་དགེ་སློང་གིས་བཙོས་པའི་ཉེས་པར་འགྱུར་ལ་དེ་ཟ་ན་དགེ་སློང་གིས་བཙོས་པ་ཟོས་པའི་ཉེས་བྱས་སོ། །རྗེན་དང་བྲལ་བ་ཡིན་མིན་གྱི་ཚད་ནི་ཤ་སྐམ་ལ་སོགས་པ་སྲ་བ་རྣམས་ལ་སུམ་ཆ་བངས་པ་དང༌། ལོ་མ་ལ་སོགས་པ་སྙི་བ་རྣམས་ནི་ཁ་དོག་གྱུར་པ་དང༌། འོ་མ་ལ་སོགས་པའི་ཁུ་བ་རྣམས་ནི་ལན་གཉིས་ཁོལ་བའི་ཚེ་ན་རྗེན་པ་དང་བྲལ་བ་ཡིན་ནོ། །གསུམ་པ་བསླབ་བྱའི་ཉེས་བྱས་ནི་ཟས་ཀྱི་ཕྱོགས་གཅིག་ཏུ་མི་རུང་བ་དང་འདྲེས་པ་མ་བསལ་བ་དང༌། ཁྭ་ཏ་ལ་སོགས་པའི་མཆུས་རེག་ན་ཐན་འཁོར་དང་བཅས་པ་མ་བསལ་བ་དང༌། ཁ་མ་བཀྲུས་པར་ཟོས་པ་དང༌། ནོར་བ་དང་བརྗེད་པས་ལག་ཉར་འགྱུར་བའི་རྫས་བླངས་མ་ཐག་ཉེ་བར་མ་བཞག་པ་དང༌། ལག་ཉར་སོང་བ་ལ་སོགས་པ་གཞན་ལ་ལྟོས་པ་དང་བཅས་པ་བཏང་བ་དང༌། ལྟོས་མེད་དུ་བཏང་བ་ཤེས་བཞིན་དུ་ལེན་པ་དང༌། གྲུ་དང་ཤིང་རྟ་ལ་རེག་དགོས་པའི་རྐྱེན་བྱུང་བའི་ཚེ་ཁ་ལོ་པ་དང་རུ་སྐྱ་དང་རུ་སྐྱ་འཛིན་པའི་སྟན་ལ་རེག་པ་དང༌། ཟས་བླུགས་པའི་གྲུ་དང་ཤིང་རྟ་ལ་རྐྱེན་མེད་བཞིན་དུ་རེག་པ་དང༌། དགེ་འདུན་གྱི་སྨན་ལུད་པ་ན་ཆུད་ཟ་བ་ལས་མ་བསྐྱབས་པ་དང༌། དང་པོར་ཤིང་དབྲི་བ་སོགས་བྱར་ཡོད་བཞིན་དུ་རེག་པ་དང༌། ལམ་བརྒྱགས་འཁུར་བའི་དགེ་ཚུལ་སོགས་མེད་པའི་ཚེ་དེ་འཁུར་བའི་སྦྱིན་བདག་སོགས་མ་བཙལ་བ་དང༌། རང་གིས་ལམ་བརྒྱགས་ཁྱེར་བ་དེ་བསྙེན་པར་མ་


JLD001_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ལ་སྐལ་པ་བྱིན་པས་མ་”བརྗེས་པར་ཟ་བ་དང༌། རང་གིས་བརྒྱགས་སུ་བཟུང་བའི་ཟས་བྱིན་ལེན་མ་བྱས་པར་ཟ་དགོས་པའི་ཚེ་ཉི་མ་དང་པོ་ལ་ཟས་མ་བཅད་པ་དང༌། ཉི་མ་ཕྱི་མ་གཉིས་ལ་རིམ་པ་བཞིན་སྦར་བ་ཁ་ཐུར་བསྟན་གང་དང་དོ་ལས་ལྷག་པ་ཟོས་པ་དང༌། བྱིན་ལེན་མ་བྱས་པ་དང་དུས་མ་ཡིན་པའི་ཁ་ཟས་ལ་སོགས་པ་རུང་བ་མིན་པ་ཟ་དགོས་པའི་རྐྱེན་བྱུང་བའི་ཚེ་སྒྲ་མི་སྙན་པའི་རྫས་དང་འདྲ་བར་བདག་གིར་བཟུང་བ་མེད་དོ་སྙམ་པའི་སེམས་མ་བསྐྱེད་པར་ཟ་བ་དང༌། ལག་པ་བཀྲུས་པ་དང་འདབ་མ་དག་ཡོད་བཞིན་དུ་ཆུ་སྣོད་ཀྱིས་སྐོམ་འཐུང་བ་དང༌། མེད་ན་མ་བསྒྲིབས་པར་འཐུང་བ་དང༌། ཆུ་སྣོད་དེ་ཆུ་དང་བཅས་པ་ཡིན་ན་ཁ་མ་བཀག་པར་བཞག་པ་རྣམས་སོ། །གཉིས་པ་བྱིན་ལེན་གྱི་ཆོ་ག་ལས་འདས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་བཟའ་བའི་དངོས་པོ་ནི་སོ་ཤིང་ཡན་ཆད་མིད་པར་བྱ་བའི་ཁ་ཟས་རུང་ཞིང་མགུལ་དུ་མིད་པར་མངོན་པའི་ཚད་དང་ལྡན་པ། རང་ངམ་རང་དང་འདྲ་བས་བྱིན་ལེན་མ་བྱས་པའོ། །གནས་ནི་སྒྲ་མི་སྙན་ལས་གཞན་པ། རྟེན་ནི་དེས་ཕན་པའི་ནད་པ་མིན་པའོ། །དུས་མུ་གེའི་ཚེ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་ནི་བྱིན་ལེན་མ་བྱས་པ་ལ་མ་བྱས་པར་ཤེས་པའམ་ཡིད་གཉིས་ཟ་བ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །བྱིན་ལེན་བྱས་པ་ལ་མ་བྱས་པར་ཤེས་པའམ་ཡིད་གཉིས་གང་རུང་གིས་ཟ་བ་ལ་ཉེས་


JLD001_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །བྱིན་ལེན་བྱ་བའི་ཚུལ་ནི། མཐོ་བའི་ཕྱོགས་མ་ཡིན་པ་མདུན་དྲང་པོ་ནས་རགས་པ་སོགས་ཀྱིས་བར་དུ་མཆོད་པའི་བསྙེན་པར་མ་རྫོགས་པའམ་དེ་དག་འདྲ་བས་ཟས་གྱེན་དུ་འདེགས་ནུས་ཤིང་བསམ་པ་ཐག་པ་ནས་སྦྱིན་པར་འདོད་པས་ལག་པའམ་དེ་དང་འབྲེལ་བས་བསྟབས་པས། ལེན་པ་པོས་ལག་པ་གཉིས་བཀན་པས་ལུས་སམ་དེ་དང་འབྲེལ་བའི་སྣོད་ལ་སོགས་པར་བླངས་པའོ། །རིགས་ངན་ལ་སོགས་པས་བྱིན་ལེན་བསྟབས་པ་ན་མདུན་དུ་དཀྱིལ་འཁོར་བྲིས་ཏེ་འཇོག་ཏུ་འཇུག་པ་དང༌། སྤྲེའུ་རྣམས་ཀྱིས་ཤིང་གི་སྟེང་ནས་བསྟབས་པ་ལ་ཡང་བྱིན་ལེན་འབྱུང་ངོ༌། །བྱིན་ལེན་འཇིག་པའི་རྒྱུ་ནི་གཞན་གྱིས་ཕྲོགས་པ་དང༌། གནས་ནས་མ་འཕགས་པར་ལེན་མི་ནུས་པའི་སར་འདྲིལ་བ་དང༌། དགེ་སློང་གིས་མ་བཟུང་བར་བསྙེན་པར་མ་རྫོགས་པས་རེག་པ་དང༌། བསྙེན་པར་མ་རྫོགས་པ་ལ་སྔོས་པ་དང༌། རྟེན་དགེ་སློང་མ་ཡིན་པར་གྱུར་པ་དང༌། ཞོ་མར་དུ་གྱུར་པ་ལྟ་བུ་སྨན་ངོ་བོ་གྱུར་པ་དང༌། མཚན་གྱུར་པ་ལྟ་བུ་སྐྱེ་བ་གྱུར་པ་དང༌། མཚམས་གཞན་དུ་དོར་བ་རྣམས་སོ། །བྱིན་ལེན་འཇིག་པའི་རྒྱུ་གསལ་བར་བསྡུས་པ་རྣམ་འབྱེད་ལས། འཕྲོག་དང་འདྲིལ་དང་རེག་པ་དང༌། །བསྔོས་དང་དགེ་སློང་མིན་གྱུར་དང༌། །ངོ་བོ་གྱུར་དང་སྐྱེ་བ་གྱུར། །འདོར་བ་ཡིས་ནི་བྱིན་ལེན་འཇིག་ཅེས་གསུངས་པའི་དོན་ནོ། །བསླབ་བྱའི་ཉེས་པ་ནི། གནས་པས་ཤིང་ཐོག་ལ་སོགས་པ་མ་བརྟགས་


JLD001_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྙོམས་པར་འབྲིམ་པར་བྱེད་པ་མོས་པར་མ་བྱས་པ་དང༌། ཞུན་མར་ལ་སོགས་པ་འབྲིམ་པའི་ཚེ་ལོ་མ་ལ་སོགས་པས་གོས་མ་བསྐྱབས་པ་དང༌། བྲིམ་པར་བྱ་བ་བཟང་ངན་བར་མ་རྣམས་སོ་སོར་མི་འབྲིམ་པ་དང༌། འབྲིམ་པར་བྱེད་པའི་སྐལ་བ་རང་གི་མཁན་སློབ་ཀྱིས་གྲལ་མཚམས་སུ་འཐོབ་བཞིན་དུ་མ་བླངས་པ་དག་མི་འཐོབ་ན་དྲུང་ན་འདུག་པས་མ་བླངས་པ་དང༌། མཁན་སློབ་ཀྱིས་བླངས་པ་རྣམས་སོ། །ལྔ་པ་བསོད་པ་སློང་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་བསླང་བའི་ཡུལ་ནི་ཁྱིམ་པ་ཆོས་ལྔ་ལྡན་ཅི་བདེར་སྟོབས་པ་པོ་མ་ཡིན་པ། གང་ཟ་བའི་དངོས་པོ་ནི་རུང་ཞིང་ཚད་དང་ལྡན་པའི་སྨན་ཡུལ་དུས་དེར་བསོད་པར་གྲགས་ཤིང་སྦྱིན་བདག་དེ་ཉིད་ཀྱི་ཡིན་པའོ། །རྟེན་ནི་ནད་པ་མ་ཡིན་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་བསླངས་ཏེ་ཟ་བར་འདོད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་བསླངས་ཏེ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །ཟས་བསོད་པ་མི་ཟ་བར་བསླངས་པ་ཙམ་དང༌། བསོད་པ་སྟོབས་པ་ན་ངན་པ་བསླངས་པ་ལ་ཉེས་བྱས་སོ། །ལྔ་པ་བསླབ་བྱ་ཕུན་སུམ་ཚོགས་པའི་གཞི་ལ་ལོག་པར་སྒྲུབ་པ་ལ་ཚུལ་ཁྲིམས་རྣམ་དག་དང༌། ལྟ་བ་རྣམ་དག་དང༌། ཆོ་ག་རྣམ་དག་དང༌། འཚོ་བ་རྣམ་དག་ལ་ལོག་པར་སྒྲུབ་པ་བཞིའོ། །དང་པོ་ལ་གཞན་གྱི་སྲོག་ལ་གནོད་པ་དང༌། འདོད་པའི་ལོངས་སྤྱོད་དང༌། སྦྱིན་པར་བྱ་བའི་ཆོས་བཤམ་པ་དང༌། རང་གཞན་གྱི་ལུས་སྲོག་


JLD001_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཚངས་པ་མཚུངས་པར་སྤྱོད་པའི་གཞི་དང༌། རེག་པར་བྱེད་པའི་ལུས་དང༌། བློ་མཐུན་པ་དང༌། འདོད་ཆགས་དང་བྲལ་བའི་དངོས་པོ་ལ་ལོག་པར་སྒྲུབ་པ་སྟེ་བརྒྱད་ཀྱི་དང་པོ་གཞན་གྱི་སྲོག་ལ་གནོད་པ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་ལ་ལྟུང་བ་རྣམ་གཞག་དང་བསླབ་བྱའི་ཉེས་བྱས་གཉིས། དང་པོ་ལ་བཞི་ལས་གཞིའི་ཡན་ལག་ནི་དུད་འགྲོ་ཡིན་པ། ཐ་མལ་པའི་མིག་ལ་སྣང་དུ་རུང་བ། ལུས་སམ་ཡོ་བྱད་ཀྱི་དོན་དུ་དགོས་པའི་ཆུ་ལ་སོགས་པའི་གཞི་དང་བཅས་པའོ། །བསམ་པ་ལ་འདུ་ཤེས་སྲོག་ཆགས་ཡོད་པ་ལ་ཡོད་པར་ངེས་པའམ་ཡིད་གཉིས་ཟ་པ། ཀུན་སློང་ནི་རང་དོན་དུ་སྲོག་ལ་ལྟོས་མེད་དུ་ལོངས་སྤྱོད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པ་དང༌། ཆུའི་སྲོལ་དགག་པ་དང་བསལ་བ་ལ་སོགས་པ་གང་ཡག་རུང་བས་སྤྱོད་པར་རྩོམ་པ། མཐར་ཐུག་དེའི་རྐྱེན་གྱིས་སྲོག་ཆགས་ཤི་བའོ། །སྲོག་ཆགས་མེད་པ་ལ་ཡོད་པར་ངེས་པའམ་ཡིད་གཉིས་ཟ་བས་སྤྱོད་པ་དང༌། ཆུའི་སྲོལ་དགག་པ་དང༌། ཁྲུས་རས་ཉིས་རིམ་བཀྲུ་བ་སོགས་བྱས་ཀྱང་མ་ཤི་བ་ལ་ཉེས་བྱས་སོ། ། གཉིས་པ་བསླབ་བྱའི་ཉེས་བྱས་ནི་ཆུ་ཚགས་གང་ཡང་རུང་བ་མ་བཅངས་པ་དང༌། རང་ལ་ཡོད་པའམ་གཞན་གྱིས་ཆུ་ཚགས་ཁས་བླངས་པ་མེད་པར་ལྗོངས་རྒྱུ་འགྲོ་བ་དང༌། ལྗོངས་རྒྱུ་བའི་ཚེ་འབྲལ་བ་ན་སྦྱིན་པར་ཁས་མ་བླངས་པའི་ཆུ་ཚགས་ལ་བརྟེན་པ་དང༌།


JLD001_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་ཞེ་འགྲས་པའི་ཆུ་ཚགས་ལ་ལྟོས་པ་བྱ་ཏེ་འགྲོ་བ་དང༌། ཆུ་ཚགས་ལ་སྲོག་ཆགས་ཡོད་པ་ཆུས་མ་བཤལ་བ་དང༌། དྲི་མ་ཆགས་པ་མ་བཀྲུས་པ་དང༌། རུལ་བར་མི་འགྱུར་བའི་ཕྱིར་མ་བསྐམས་པ་དང༌། ཆུ་ཚགས་གཞག་པའི་ཆེད་དུ་གདང་བུ་དང༌། ཆུ་སྣོད་གཞག་པའི་ཆེད་དུ་ཁྲིའུའམ་སོ་ཕག་གི་སྟེགས་བུ་སོགས་མ་བྱས་པ་དང་། ཆུ་བརྟག་པའི་ཚེ་གཡོ་བ་དང་རྙོག་པ་དང་བཅས་པ་དང༌། སྣོད་མ་ཁེངས་པ་ལ་ཧ་ཅང་ཡུན་རིང་པོར་བརྟག་པ་དང༌། རྩྭ་ལ་སོགས་པའི་རྩེ་མོ་རྩུབ་པོས་སྲོག་ཆགས་བསྟེན་པ་དང༌། སྲོག་ཆགས་འཆི་བའི་ལམ་དུ་དོར་བ་དང༌། ཆུ་བཙགས་པའི་སྲོག་ཆགས་དེ་དག་བསལ་སྣོད་དམ་ཆུ་ཚགས་ཀྱིས་ཆུ་ལ་མ་དོར་བ་དང༌། མར་མེའི་ནང་དུ་སྲོག་ཆགས་ལྷུང་ན་འོད་ཁང་མ་བྱས་པ་དང༌། སྐྲའི་རྙིས་སྦྲུལ་བཟུང་བ་དང༌། སྦྲུལ་སྐྲོད་པ་ན་སེ་གོལ་གྱི་སྒྲ་ལ་སོགས་བས་མ་བསྐྲད་པ་དང༌། དེས་མི་འགྲོ་ན་བུམ་པ་སོགས་སུ་བཅུག་ནས་ཁ་བཅད་ཅིང་བུ་ག་བཏོང་ནས་མ་བསལ་བ་དང༌། དེ་མ་གྲུབ་ན་ཐ་གུ་རས་མ་དཀྲིས་པ་སོགས་ཀྱིས་མགུལ་པ་བཅིངས་ཏེ་མ་དོར་བ་དང༌། ཚང་དུ་གཞུག་པར་མ་བྱས་པ་དང༌། ཚང་ཚིང་གི་ནང་དུ་དོར་བ་དང༌། ཁུང་དུ་ཞུགས་ཀྱི་བར་དུ་མ་བསྡད་པ་དང༌། རྩྭ་ཤིག་རྣམས་གསིང་མའམ་ཕྱོགས་བསིལ་བར་མ་དོར་བ་དང༌། ཤིག་རྣམས་རས་མར་བཅུག་སྟེ་རྩིག་པའི་གསེབ་ཏུ་གཞུག་པ་སོགས་མི་བྱེད་པར་རང་དགར་དོར་བ་དང༌། རྐང་ཁྲུས་སྣོད་སྟོང་པ་ཆུས་མ་བཀང་བ་དང༌། ཆུ་ལ་སོགས་པའི་སྣོད་མ་


JLD001_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་དང༌། སྣོད་སྤྱད་འབྲུབ་བར་བསྐོས་པས་དགེ་འདུན་གྱི་ཆུ་སྣོད་བཞག་པ་དང༌། གཡར་པོར་སྦྱིན་པ་དང༌། དེ་ཕྱིར་བླང་བ་དང༌། ཆུས་དགང་བ་སོགས་མ་བྱས་པ་དང༌། ཁྱིམ་པ་སྣོད་སྤྱད་གཡར་བ་དང་རྙིང་པ་ཡོད་བཞིན་དུ་མ་བཏང་བ་དག །གཙུག་ལག་previous hit ཁང་དེ་ཉིད་དུ་སྦྱིན་བདག་གིས་སྣོད་སྤྱད་གཡར ་བ་ལ་མི་སྦྱིན་པ་དང༌། དགེ་སློང་སྣོད་སྤྱད་སློང་པ་ལ་གཏན་དུ་མ་བྱིན་པ་དང༌། སྣོད་སྤྱད་གཞག་པའི་ཕྱིར་མཛོད་ཁང་མ་བྱས་པ་དང༌། རྫ་དང་ཟགས་མའི་སྣོད་སྤྱད་སོ་སོར་མ་བཞག་པ་དང༌། ཆུ་ཉེ་བར་མ་བཞག་པ་དང༌། གར་བབ་བབ་ཏུ་བཞག་པ་དང༌། ཆུ་ཁང་དགོས་པའི་ཚེ་མི་བྱེད་པའམ་ཚུལ་དང་མི་མཐུན་པར་བྱས་པ་དང༌། ཆུ་སྣོད་གཙང་སྦྲ་མ་བྱས་པ་དང༌། བཏུང་བའི་ཆུ་དེ་ལག་པ་དང་གོས་རུང་བ་མ་ཡིན་པས་བྲིམས་པ་དང༌། ཆུ་སྣོད་དུས་དུས་སུ་ཇི་ལྟར་འོས་པ་བཞིན་དུ་བཀྲུ་བཤལ་དང་སྐམ་པ་སོགས་མ་བྱས་པ་དང༌། ཟས་ཀྱི་ཟེར་མ་མི་སྲུང་བ་དང༌། ཆུ་སྣོད་རྣམས་དུས་གཅིག་ཏུ་བཀྲུ་བ་དང༌། ཆུ་སྣོད་དང་འབྲེལ་བའི་ལས་རྣམས་གནས་པས་མ་བྱས་པ་རྣམས་སོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་འདུག་པའི་ཡུལ་ནི་ཁྱིམ་པ་ཡིན་པ། སྐྱེས་པ་དང་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་དང་ལྡན་པ། བསྟེན་དུ་རུང་བ། ཐ་སྙད་བཞི་དང་ལྔ་པ། ལུས་ཐ་མལ་དུ་གནས་པ། རྫུ་འཕྲུལ་ཅན་མ་ཡིན་པ། སྤྲོད་པ་


JLD001_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུགས་པའམ་ཕྱོགས་པ་ཡིན་པའོ། །གནས་ནི་དགེ་སློང་གི་གནས་ལས་གཞན་ཡིན་པ། བར་འདོམ་གང་གི་ནང་ཡིན་པ། གནས་གཅིག་ཡིན་པ། གེགས་བྱེད་གཞན་མེད་པས་སྤྲད་དུ་རུང་བ། མངོན་སུམ་ཡིན་པའོ། །རྟེན་ནི་བར་ཆད་དང་མི་ལྡན་པ། བསམ་པ་ལ་འདུ་ཤེས་ནི་སྤྲོད་པ་ལ་ཕྱོགས་པའམ་ཞུགས་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བ། ཀུན་སློང་ནི་གེགས་བྱེད་པའི་བསམ་པས་འདུག་པར་འདོད་པའོ། །སྦྱོར་བ་འདུག་པར་རྩོམ་པ། མཐར་ཐུག་འདུག་པ་རྫོགས་པའོ། །གསུམ་པ་འགྲེང་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ནི་སྔར་དང་འདྲ་བ་ལས་མངོན་སུམ་ཡིན་པ་ཞེས་པའི་གནས་སུ་རྩིག་པ་ལ་སོགས་པའི་སྐྱབས་ཡོད་པ་ཞེས་སྦྱར་རོ། །བསམ་པ་ལ་འདུ་ཤེས་ནི་སྔར་དང་འདྲ་ཞིང་ཀུན་སློང་གེགས་བྱེད་པའི་ཆེད་དུ་འགྲེང་བར་འདོད་པའོ། །སྦྱོར་བ་དེ་ལྟར་རྩོམ་པ། མཐར་ཐུག་ཚོར་བྱ་ཚོར་བྱེད་གཉིས་ཀས་ཚོར་བའོ། །སྤྲོད་པར་ཞུགས་པའམ་ཕྱོགས་པ་མ་ཡིན་པ་ལ་ཡིན་པར་ངེས་པའམ་ཡིད་གཉིས་ཟ་བས་འདུག་འགྲེང་བྱེད་པ་དང༌། བྱ་བ་གཞན་ལ་སེམས་གཏད་པས་འདུག་འགྲེང་བྱེད་པ་དང༌། སྤྲོད་བྱེད་གཉིས་དང་དགེ་སློང་གང་རུང་གིས་མ་ཚོར་བ་རྣམས་ལ་ཉེས་བྱས་སོ། །གསུམ་པ་གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་ཡུལ་ནི་མུ་སྟེགས་ཅན་ཡིན་པ། ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། ཉེ་དུ་དང་ནད་པ་དང་ཆོས་འདི་པ་ལ་ལྟོས་པ་རྣམས་མ་ཡིན་པའོ། །དངོས་པོ་ནི་ཡུལ་


JLD001_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཉི་ག་ལ་རུང་ཞིང་ཚད་དང་ལྡན་པའི་དུས་རུང་གི་ཟས་རང་དབང་བ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྡིག་ལྟ་དང་དབྲལ་བའི་ཆེད་མ་ཡིན་པར་སྟེར་བར་འདོད་པའོ། །སྦྱོར་བ་རང་གིས་སྟེར་བར་རྩོམ་པ། མཐར་ཐུག་ཡུལ་གྱིས་ལག་ཏུ་ཐོབ་པའོ། །གཞན་སྦྱིན་དུ་འཇུག་པ་དང༌། ལག་པར་མི་སྟེར་བར་བགོ་བཤའ་བྱས་ཏེ་འཇོག་པ་དང༌། ཡུལ་རྟེན་གང་རུང་ལ་མི་རུང་བའི་ཟས་བྱིན་པ་རྣམས་ལ་ཉེས་བྱས་སོ། །བཞི་པ་ལ་གསུམ་གྱི་དང་པོ་དམག་ལ་ལྟ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་བལྟ་བའི་ཡུལ་ནི་ཁྱིམ་པ་ཐ་སྙད་བཞི་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། སྐྱེས་པའི་མཚན་དང་ལྡན་པ། དམག་གི་མཚན་ཉིད་དང་ལྡན་པ། ཚོགས་སུ་ཚང་བ། འཐབ་པའམ་དེའི་སྟ་གོན་དུ་གནས་པའོ། །ལྟ་བའི་གནས་ནི་རང་གི་གནས་ཉེ་འཁོར་དང་བཅས་པ་ནས་འཕགས་པའོ། །རྟེན་ནི་རྒྱལ་པོ་ལ་སོགས་པས་བོས་པའམ་བར་ཆད་དང་ལྡན་པ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དམག་ལ་དགའ་བའི་དབང་གིས་ལྟ་བར་འདོད་པ། སྦྱོར་བ་ལྟ་བར་ཞུགས་པ། མཐར་ཐུག་མཐོང་ནའོ། །ཉེ་འཁོར་གྱི་མཐའ་ལས་མ་འདས་པར་ལྟ་ན་ཉེས་བྱས་སོ། །གཉིས་པ་དམག་ན་གནས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་འཐབ་པའམ་སྟ་གོན་དུ་གནས་པ་མ་གཏོགས་པ་


JLD001_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ནང་དུ་གནས་པའི་དམག་དང༌། གང་གིས་གནས་པའི་རྟེན་ནི་སྔ་མ་དང་འདྲའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གནས་པར་འདོད་པ། སྦྱོར་བ་དགོས་པ་མེད་བཞིན་དུ་གནས་པར་རྩོམ་པ། མཐར་ཐུག་ཞག་ཕྱི་མའི་སྐྱ་རེངས་ཤར་ན་ཉིན་ཞག་རེ་རེ་ལ་ལྟོས་པའི་ལྟུང་བྱེད་དུ་འགྱུར་རོ། །གསུམ་པ་བཤམས་པ་དཀྲུག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་དམག་ལ་ལྟ་བ་དང་འདྲ་ཞིང༌། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བཤམས་པ་དཀྲུག་པར་འདོད་པ། སྦྱོར་བ་དེ་ལྟར་རྩོམ་པ། མཐར་ཐུག་བཤམས་པ་དཀྲུག་པ་སོགས་ཉམས་སུ་མྱོང་བའོ། །འཐབ་པ་ལ་མ་ཕྱོགས་པའི་དམག་དཀྲུག་པ་སོགས་ཡན་ལག་མ་ཚང་བ་རྣམས་ལ་ཉེས་བྱས་སོ། །བྱ་དང་སྐྱེས་པ་བུད་མེད་སོགས་འཐབ་པ་བྱ་བ་དང་བྱེད་དུ་གཞུག་པ་དང་ལྟ་བ་ལ་ཉེས་བྱས་སོ། །ལྔ་པ་ལ་བཞིའི་དང་པོ་རྡེག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་བརྡེག་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྙོག་པ་ཅན་གྱི་སེམས་ཀྱིས་རྡེག་པར་འདོད་པ། སྦྱོར་བ་ལུས་དངོས་སམ་དེ་དང་འབྲེལ་བའམ་དེས་འཕངས་པ་གང་རུང་གིས་རྡེག་པར་རྩོམ་པ། མཐར་ཐུག་ལུས་ལ་འཕོག་པའོ། །མ་འཕོག་ན་ཉེས་བྱས་སོ། །རང་གི་ལུས་དང་ཀ་བ་སོགས་ལ་རྡེག་ན་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་གཟས་པའི་ལྟུང་བྱེད་ལ་ཡན་ལག་དང་པོ་གསུམ་སྔ་མ་དང་འདྲ་བ་ལས་རྡེག་པ་ཞེས་པའི་གནས་སུ་རྡེག་


JLD001_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཟས་པ་ཞེས་སྦྱར་རོ། །མཐར་ཐུག་གཟས་པ་རྫོགས་པ་ནའོ། །འདི་དང་རྡེག་པ་གཉི་ག་ལ་ཡང་བརྡེག་སྤྱད་དུ་མ་ཡོད་ན་བརྡེག་སྤྱད་རེ་རེ་ལ་ལྟོས་པའི་ལྟུང་བར་འགྱུར་རོ། །གསུམ་པ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གི་གནས་ངན་ལེན་འཆབ་པའི་ཡུལ་ནི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའི་དགེ་སློང་ཆོས་དྲུག་ལྡན་ནོ། །གང་འཆབ་པའི་དངོས་པོ་ནི་ཕམ་ལྷག་གང་རུང་ཡིན་པའོ། །གནས་ནི་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པའོ། །བསམ་པ་ལ་འདུ་ཤེས་ནི་ཡུལ་དེ་ལ་ཕམ་ལྷག་གང་རུང་བྱུང་བ་ལ་བྱུང་བར་ཤེས་པ། ཀུན་སློང་ནི་སྲོག་དང་དགེ་སྦྱོང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་དང༌། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་མ་གཏོགས་པར་འཆབ་པར་འདོད་པའོ། །སྦྱོར་བ་འཆབ་པར་རྩོམ་པ། མཐར་ཐུག་མཚན་མོ་འདས་ནའོ། །ཕམ་ལྷག་ལས་གཞན་པའི་ལྟུང་བ་འཆབ་པ་ལ་ཉེས་བྱས་སོ། །བཞི་པ་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་སྦྱིན་བདག་ནི་ཁྱིམ་པ་ཆོས་ལྔ་ལྡན་ཡུལ་དེ་ལ་བསམ་པ་ཐག་པ་ནས་སྟེར་བ་ཡིན་པའོ། །ཟན་གཅོད་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ཟས་བཅད་པས་ཕན་པའི་ནད་ཅན་མ་ཡིན་པའོ། །ཟས་ནི་རུང་ཞིང་ཚད་དང་ལྡན་པའི་དུས་རུང་གི་ཟས་ཡུལ་དེ་ལ་སྦྱིན་བདག་དེས་བསྔོས་པ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གཅོད་པར་འདོད་པའོ། །སྦྱོར་


JLD001_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

བ་ངག་མཚན་ཉིད་ལྡ་ལྡན་གྱིས་དངོས་སུ་ཟན་གཅོད་པའི་ཚིག་སྨྲ་བའོ། །མཐར་ཐུག་དོན་གོ་བའོ། །དྲུག་པ་མེ་ལ་རེག་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གང་ལ་རེག་པའི་མེ་ནི་འཇིག་རྟེན་ལ་གྲགས་པའི་མེ་ཚད་དུ་ལོངས་ཤིང་བུད་ཤིང་དང་མ་འབྲེལ་བའི་མེ་མ་མུར་དང་མེ་ལྕེ་ལས་གཞན་ཡིན་པ། རྟེན་ནི་སྟོན་པ་མཆོད་པ་སོགས་ཆོས་ལྡན་གྱི་དུས་བྱིན་གྱིས་བརླབ་པའི་དབང་དང༌། ནད་པ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རེག་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་སྦར་བ་དང་གསོད་པ་དང་བུད་ཤིང་གཞུག་པ་སོགས་ཀྱིས་རེག་པར་རྩོམ་པ། མཐར་ཐུག་རེག་པའོ། །བུད་ཤིང་དང་མ་འབྲེལ་བའི་མེ་མ་མུར་དང་མེ་ལྕེ་ལ་རེག་པ་དང༌། མཆིལ་མ་སོགས་དང་ཏིལ་ལ་སོགས་པ་འབྲུ་དང་མར་ལ་སོགས་པ་མེར་གཞུག་པ་དང༌། མཁན་པོ་ལ་སོགས་པའི་བྱ་བ་ལ་གཞན་སློབ་དཔོན་སོགས་ཀྱི་ཆེད་དུ་དུས་བྱིན་གྱིས་བརླབས་ཏེ་མེ་ལ་རེག་པ་རྣམས་ལ་ཉེས་བྱས་སོ། །དཀོན་མཆོག་མཆོད་པ་ལ་སོགས་པའི་དོན་དུ་མེ་ལ་རེག་དགོས་པའི་ཚེ་འདིའི་ཆེད་དུ་རེག་སྙམ་པའི་དུས་བྱིན་གྱིས་མ་བརླབས་ན་མེ་རེག་གི་ལྟུང་བྱེད་དང་དུས་བྱིན་གྱིས་མ་བརླབས་པའི་ཉེས་པ་གཉིས་ཀ་འབྱུང་ངོ༌། །སེང་གེ་ལ་རེག་པ་དང༌། དུས་བྱིན་རླབས་བྱེད་པ་ན་བྱ་བ་དེ་ཇི་ཙམ་གྱིས་འགྲུབ་པའི་དུས་དེ་སྲིད་དུ་བྱིན་གྱིས་རློབ་པར་མི་བྱེད་པ་ལ་བསླབ་བྱའི་ཉེས་བྱས་སོ། །བདུན་པ་འདུན་པ་ཕྱིར་སྒྱུར་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གི་འདུན་པ་ཕྱིར་


JLD001_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བའི་ཡུལ་ནི་དགེ་སློང་གི་ཆེད་དུ་བྱས་པའི་ལས་ཆོས་ལྡན་བྱས་ལ་ཆགས་པའོ། །གོ་བར་བྱ་བའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ལས་དེ་ལ་གཏོགས་པ་ཡིན་པའོ། །ཕྱིར་བསྒྱུར་བའི་དངོས་པོ་ནི་རང་གིས་ཕུལ་བའི་འདུན་པ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུན་པ་ཕྱིར་སྒྱུར་བའི་ཚིག་སྨྲ་བར་འདོད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་དེ་ལྟར་རྩོམ་པ། མཐར་ཐུག་དོན་གོ་བའོ། །བརྒྱད་པ་ནུབ་ལྷག་བར་ཉལ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་ཡུལ་ནི་བསྙེན་པར་མ་རྫོགས་པའམ་དེ་དང་འདྲ་བ་ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་དུ་གནས། བསྟེན་དུ་རུང༌། རྫུ་འཕྲུལ་ཅན་མ་ཡིན་པའོ། །གནས་ནི་གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ། སྤྱོད་ལམ་བཞི་ཤོང་བ། གནས་གཅིག་ཡིན་པ། འདོམ་གང་གི་ནང་ཡིན་པའོ། །རྟེན་ནི་ནད་པ་དང་ནད་གཡོག་གི་དབང་མ་ཡིན་པ། དབྱར་ཕྱི་མའི་ཟླ་བ་གཉིས་ཀྱི་དུས་སུ་དགེ་སློང་སྡིག་ཅན་ཉེ་བར་གནས་པ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ། སྦྱོར་བ་ཞག་བར་མ་ཆད་དུ་གཉི་ག་ཉལ་ཞིང་གཉིད་ལོག་པར་རྩོམ་པ། མཐར་ཐུག་ཞག་གསུམ་པའི་མཚན་མོ་འདས་པ་ནའོ། །གནས་ངོ་བོ་ཐ་དད་ཀྱང་གཉི་ག་ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བས་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང༌། སྒོའི་ངོས་དང་འབྲེལ་བ་དང༌། ཁྲུ་ཕྱེད་དང་དགུས་བར་དུ་ཆོད་


JLD001_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་གྱི་སྟེང་དུ། ཐད་ཀ་ཡིན་ན་ཉེ་འཁོར་གནས་སུ་གྲུབ་ཅིང་སྒོ་རང་ཕྱོགས་ནས་མ་བཅད་པའམ། སྟེང་འོག་ཡིན་ན་ཐོག་གཉིས་ཀྱིས་བར་དུ་མཆོད་ཅིང་སྐས་རང་ཕྱོགས་སུ་མ་བསྡུས་པ་གཉིས་གང་ཚང་ན་གནས་གཅིག་ཏུ་འཇོག་གོ །གཉི་གའམ་གང་རུང་གནས་ཀྱི་མཚན་ཉིད་དུ་མ་གྲུབ་པ་ཤིང་དྲུང་སོགས་སུ་ཉལ་བ་དང༌། གནས་གཅིག་གི་འདོམ་གང་གི་ཕྱི་རོལ་ཁྲུ་ཕྱེད་དང་དགུའི་ནང་དུ་ཉལ་བ་དང༌། ཉིན་མོ་ལྷན་ཅིག་ཉལ་བ་དང༌། མཚན་མོ་གསུམ་འདས་ཀྱང་ཡུལ་རྟེན་གཉིས་སྤྱོད་ལམ་མི་མཐུན་པར་གཉིད་ལོག་པ་རྣམས་ལ་ཉེས་བྱས་སོ། །དགེ་སློང་སྡིག་ཅན་གནས་པའི་ཚེ་དགེ་ཚུལ་འཁོར་དུ་ལྡན་པའི་དགེ་སློང་གིས་དབྱར་སྔ་མ་ཁས་ལེན་པ་དང༌། ཁས་བླངས་ཟིན་པ་ན་སྔ་མ་ཟླ་གཅིག་སྲུང་བ་དང༌། དགེ་སློང་སྡིག་ཅན་ཡོད་པའི་ཚེ་དགེ་ཚུལ་གསར་དུ་འཇོག་པ་དང༌། ཉི་མ་དང་ཟླ་བ་མ་གཏོགས་པ་མར་མེ་ལ་སོགས་པའི་སྣང་བ་དང་བཅས་པར་རྐྱེན་དང་མི་ལྡན་བཞིན་དུ་ཉལ་བ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། །སྣང་བ་དང་བཅས་པར་མི་ཉལ་བར་འདུག་པ་ལ་ཉེས་བྱས་ཕྲ་མོར་འགྱུར་རོ། །གཉིས་པ་ལྟ་བ་རྣམ་དག་ལ་ལོག་པར་སྒྲུབ་པ་ལ་རང་སྡིག་ལྟ་བསྟེན་པ་དང༌། གཞན་བསྟན་དུ་འཇུག་པ་གཉིས་ཀྱི་དང་པོ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ལ་བཞི་ལས། གཞིའི་ཡན་ལག་ལ་གང་བརྗོད་པའི་དངོས་པོ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ། ཞེས་སོགས་ཀྱི་


JLD001_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནོ། །གོ་བྱ་ཡུལ་ནི་དགེ་སློང་ཅོས་དྲུག་ལྡན་ནོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བཟློག་ཀྱང་མི་གཏོང་བར་འདོད་པའོ། །སྦྱོར་བ་དགེ་འདུན་མཚན་ཉིད་དང་ལྡན་པས་ལས་ཆོས་ལྡན་གྱིས་བཟློག་ཀྱང་དག་མཚན་ཉིད་ལྔ་ལྡན་གྱིས་མི་གཏོང་བའི་ཚིག་སྨྲ་བར་རྩོམ་པ། མཐར་ཐུག་བརྗོད་པ་གསུམ་པ་རྫོགས་པའོ། །བཞམས་བསྒོ་དང་གསོལ་བ་དང་བརྗོད་པ་དང་པོ་དང་གཉིས་པ་རྣམས་ཀྱི་མཐའ་དང༌། གསུམ་པའི་མདུན་རོལ་ཏུ་མི་གཏོང་བ་རྣམས་ལ་ཉེས་བྱས་རེ་རེར་འགྱུར་ལ། ཞུགས་ཙམ་ལ་ཉེས་བྱས་ཕྲ་མོར་འགྱུར་རོ། །སྡིག་པ་ཅན་གྱི་ཚིག་སྨྲ་བ་ལ་གསོལ་བཞིའི་ལས་ཀྱིས་ནན་ཏུར་མི་བྱེད་པ་ནི་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་གཞན་སྡིག་ལྟ་བསྟེན་དུ་འཇུག་པའི་ལྟུང་བྱེད་ལ་གཉིས་ཀྱི་དང་པོ་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བ་ལ་བཞི་ལས་གཞིའི་ཡན་ལག་ལ་རྗེས་སུ་ཕྱོགས་པའི་ཡུལ་ནི་དགེ་སློང་གི་སྡོམ་པ་དག་ཅིང་མཚན་མཐུན། ཐ་སྙད་གསུམ་དང་ལྡན། ལུས་ཐ་མལ་དུ་གནས། རང་ལས་རྒྱུད་ཐ་དད་སྡིག་ལྟ་མ་བཏང་བས་གནས་ནས་ཕྱུང་ཞིང་བཟོད་པ་མ་གསོལ་བའོ། །རྟེན་ནི་གནས་ནས་མ་ཕྱུང་བའོ། །བསམ་པ་ལ་འདུ་ཤེས་ནི་སྤངས་ཤིང་ཕྱིར་བཅོས་མ་བྱས་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བ། ཀུན་སློང་ཆོས་སམ་ཟང་ཟིང་གི་ལོངས་སྤྱོད་བྱེད་དམ་གནས་གཅིག་ཏུ་ཉལ་བར་འདོད་པའོ། །སྦྱོར་བ་ནང་དང་སྡིག་ལྟ་དང་དབྲལ་བའི་ཆེད་མ་ཡིན་པར་ལུང་འབོགས་


JLD001_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་དང༌། བསྙེན་བཀུར་བདག་གིར་བྱེད་པའམ་མཚན་ཉིད་དང་ལྡན་པའི་གནས་གཅིག་གི་འདོམ་གང་གི་ནང་དུ་ཉལ་བར་རྩོམ་པའོ། །མཐར་ཐུག་ཆོས་སམ་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་མྱོང་བའམ་ཞག་གཅིག་གི་མཚན་མོ་འདས་པའོ། །གཉིས་པ་དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་བསྡུ་བའི་ཡུལ་ནི་དགེ་ཚུལ་གྱི་སྡོམ་པ་དག་ཅིང་བསྙིལ་བ། བཟོད་པ་མ་གསོལ་བ་ཞེས་སྦྱར་ནས་ཡན་ལག་ལྷག་མ་སྔ་མ་བཞིན་དུ་ཤེས་པར་བྱའོ། །སྡིག་པ་མ་བཏང་བས་གནས་ནས་ཕྱུང་བ་དང་དགེ་ཚུལ་བསྙིལ་བ་དང་གནས་གཅིག་ཏུ་མི་ཉལ་བར་འདུག་པ་ལ་ཉེས་བྱས་སོ། །དགེ་སློང་དང་དགེ་ཚུལ་སྤངས་པ་མ་ཡིན་པ་ལ་ཡིན་པར་ངེས་པའམ་ཡིད་གཉིས་ཟ་བས་ཟང་ཟིང་གི་ལོངས་སྤྱོད་མྱོང་བ་སོགས་ལ་ཉེས་བྱས་སོ། །དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བ་ལ་ཞུགས་པ་ན་བཟློག་པ་ལྔས་མ་བཟློག་པ་དང༌། བཟློག་པ་རེ་རེའི་མཐར་དགེ་སློང་གཅིག་གིས། གསོལ་བ་ལ་སོགས་པ་བྱས་ཀྱི་སྡིག་ལྟ་ཐོང་ཞིག་ཅེས་མ་བརྗོད་པ་དང༌། བཟློག་པ་སྔ་མ་ལ་བཏང་ཡང་ཕྱི་མ་བྱས་པ་དང༌། བརྗོད་པ་གསུམ་པའི་མཐའ་ལ་མ་བཏང་བའི་ཚེ་བསྙིལ་བར་མི་བྱེད་པ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། །གསུམ་པ་ཆོ་ག་རྣམ་དག་ལ་ལོག་པར་སྒྲུབ་པ་ལ་གསུམ་ལས་དང་པོ་ཆོ་ག་སྤྱི་ལ་ལོག་པར་སྒྲུབ་པ་ལ་གསུམ་གྱི་དང་པོ་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ནི་གོས་ཡིན་པ། གཞི་


JLD001_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་རུང་ཞིང་ཚད་དང་ལྡན་པ། རང་གི་ཡིན་པ། སྔོན་པོའམ་དམར་པོའམ་ངུར་སྨྲིག་སྟེ་རུང་བའི་ཚོན་གྱིས་ཁ་མ་བསྒྱུར་བ། ཆུ་ཚགས་ལས་གཞན་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ལོངས་སྤྱོད་པར་འདོད་པའོ། །སྦྱོར་བ་ལོངས་སྤྱོད་པར་ཞུགས་པ། མཐར་ཐུག་སྤྱད་པ་རྫོགས་པའོ། །ལི་ཁྲི། མཐིང་ཤིང༌། རྒྱ་སྐྱེགས། མཚལ། གུར་ཀུམ། བཙོད། སྨ་ཤིང༌། ལེ་བརྒན་རྩི་སྟེ་མི་རུང་བའི་ཚོན་ཆེན་པོ་གང་རུང་གིས་ཁ་བསྒྱུར་བའི་གཞན་གྱི་གོས་དང༌། ཁྱིམ་པའི་གོས་རྐྱེན་ལ་མ་ལྟོས་པར་ལོངས་སྤྱད་པ་དང༌། སྤྱད་དགོས་པའི་ཚེ་ཡང་གཙུག་ལ་ཁང་གི་ནད་དུ་ངུར་སྨྲིག་གིས་མ་གཡོགས་པ་དང༌། གཡོགས་ཀྱང་ཕྱི་རོལ་ཏུ་ལོངས་སྤྱད་པ་དང༌། ཐུན་མོང་དུ་གཡར་བའི་གོས་རྒན་རིམ་བཞིན་དུ་མ་གཡོགས་པ་དང༌། གཅིག་གིས་གྱོན་ཏེ་བཅགས་པ་དང༌། ཁྱིམ་པའི་གོས་ཁ་ཚར་མ་བཅད་པ་ཡན་ཆད་ལ་བསོད་ནམས་སྤེལ་བའི་ཆེད་དུ་ལོངས་སྤྱོད་དགོས་པའི་ཚེ་མི་རྟག་པའི་འདུ་ཤེས་མ་བཞག་པར་སྤྱད་པ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་ལོགས་པ་བཞིར་གཏོགས་ཀྱི་ལྟུང་བྱེད་ལ་ལྟུང་བ་རྣམ་གཞག་དང་བསླབ་བྱའི་ཉེས་བྱས་གཉིས་ཀྱི་དང་པོ་ལ་བཞི་ལས་གཞིའི་ཡན་ལག་གང་ལ་རེག་པའི་དངོས་པོ་ནི་གཞན་དབང་བའི་རིན་པོ་ཆེའམ་རང་གཞན་གང་རུང་དབང་བའི་རིན་པོ་ཆེར་སྨོས་པ་རལ་གྲི་ལ་སོགས་པའི་མཚོན་ཆ་དང༌། པི་ཝང་ལ་སོགས་པའི་


JLD001_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་དང༌། སྐུ་གདུང་དང་བཅས་པའི་སྐུ་གཟུགས་ལ་སོགས་པ་རང་རང་གི་དགོས་པ་བསྒྲུབ་པའི་ཕྱིར་རུང་བར་གྱུར་པ། ཆུད་ཟ་བའི་རྐྱེན་མེད་པ། སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པ་མ་ཡིན་པ། མི་མ་ཡིན་པའི་གནས་སུ་དེ་དག་གི་བསོད་ནམས་ལས་གྲུབ་པ་མ་ཡིན་པ། བར་ཆད་དང་མི་ལྡན་ཞིང་ཆོས་འཆད་པ་ལ་སོགས་པའི་དོན་ཁྱད་པར་ཅན་སྒྲུབ་པའི་སྐབས་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རེག་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རེག་པར་རྩོམ་པ། མཐར་ཐུག་རེག་པ་རྫོགས་པའོ། །རྒྱན་ཆའི་ཐ་སྙད་གདགས་སུ་མི་རུང་བའི་རིན་པོ་ཆེ་དང་གསེར་གྱི་སྟེགས་བུ་ལ་སོགས་པ་དང༌། མཚོན་ཆ་དང་རོལ་མོ་རང་གི་བྱ་བ་སྒྲུབ་མི་ནུས་པ་དང༌། སྐུ་གདུང་མེད་པའི་སྐུ་གཟུགས་དང༌། སོག་མའི་ཕྲེང་བ་གསེར་ཆུས་བྱུགས་པ་སོགས་དང༌། རྫ་རྔ་ཁ་གཅིག་པ་དང༌། གཞུང་དང་མདའ་ལྟར་བཅོས་པ་ལ་སོགས་པ་ལ་རེག་པ་རྣམས་ལ་ཉེས་བྱས་སོ། །སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་བཞག་སྟེ་རེག་པ་ལ་ཉེས་པ་མེད་དོ། །གཉིས་པ་བསླབ་བྱའི་ཉེས་བྱས་ནི་གཞན་གྱི་རིན་པོ་ཆེ་ལ་སོགས་པ་ཆུད་ཟ་བའི་ཚེ་མ་བསྡུས་པར་ཡལ་བར་དོར་བ་དང༌། བདག་པོས་རྙེད་པའི་སར་མ་བཞག་པ་དང༌། མ་བརྟགས་པར་ཁོ་བོའི་ཡིན་ནོ་ཟེར་བ་ཙམ་ལ་གཏད་པ་དང༌། བདག་པོ་མ་བྱུང་ན་ཟླ་བ་དྲུག་ཚུན་ཆད་དུ་དགེ་འདུན་གྱི་མཛོད་དུ་མ་བསྐྱངས་པ་དང༌། དེའི་འོག་ཏུ་བདག་པོ་མ་བྱུང་བས་དཀོན་མཆོག་གི་དོན་དུ་སྤྱད་པའི་ཚེ་བདག་པོས་སློང་ན་


JLD001_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་གསོལ་ཏེ་མི་སྟེར་ན་མ་བཏད་པ་དང༌། བསྐྱེད་སློང་ན་ཁོ་བོ་ཅག་གིས་བསྐྱངས་པ་དྲིན་མི་ཆེའམ་ཞེས་མ་སྨྲས་པར་བསྐྱེད་བྱིན་པ་དང༌། རྒས་པ་དང་ན་བ་ལས་གཞན་པས་བཞོན་པ་ལ་བརྟེན་པ་དང༌། རྒན་པོ་དང་ནད་པས་ཀྱང་ཆོས་ལྡན་གྱི་དོན་ལས་གཞན་པ་དང༌། ཆས་སྒེག་དང་ལྡན་པས་བཞོན་པ་ལ་བརྟེན་པ་དང༌། ཆོས་འཆད་པའི་ཕྱིར་རིན་པོ་ཆེའི་ཁྲི་དང་ཁྱིམ་པ་བསོད་ནམས་འདོད་པས་རིན་པོ་ཆེས་སྤྲས་པའི་གོས་ལ་སོགས་པ་བཤམས་པ་ལ་མི་རྟག་པའི་འདུ་ཤེས་མ་བཞག་པར་ལོངས་སྤྱད་པ་དང༌། རྒྱན་འདོགས་པ་དང༌། རིན་པོ་ཆེ་ལས་བྱས་པའི་དམ་རྒྱ་འཆང་བ་དང༌། སོ་མང་གིས་སྐྲ་བཤད་པ་དང༌། དགོས་པ་མེད་པར་མེ་ལོང་གིས་བཞིན་ལྟ་བ་དང༌། འཕྲལ་རིས་གསུམ་བསྟེན་པ་དང༌། གི་ཧང་ལ་སོགས་པའི་དྲིས་བསྐུ་བ་དང༌། ཁྱིམ་པ་བསོད་ནམས་འདོད་པས་རྐང་པ་གཉིས་ལ་དྲིས་བསྐུས་པ་དེ་ཉིད་ཀྱི་མདུན་དུ་དོར་བ་དང༌། དྲིས་བསྐུས་ནས་དགེ་འདུན་གྱི་ནང་དུ་འཇུག་པ་དང༌། ཁྱིམ་དུ་འགྲོ་ཞིང་ཁྱིམ་པ་ལ་ཆོས་སྟོན་པ་དང༌། དྲིས་བསྐུས་པ་དོར་བའི་འོག་ཏུ་ཁྲུས་མ་བྱས་པ་དང༌། བྲམ་ཟེའི་སྲང་བུ་ཐོགས་པ་དང༌། དགོས་པ་མེད་པར་སྔགས་སྐུད་འཆང་བ་དང༌། ནད་གསོ་བའི་ཕྱིར་སྔགས་སྐུད་བསྟེན་པའི་ཚེ་ཡང་དཔུང་པ་གཡོན་པ་ལས་གཞན་དུ་འཆང་བ་དང༌། ནད་སོས་ནས་ཀ་བ་དང་རྩིག་པའི་གསེབ་མ་ཡིན་པར་གར་བབ་བབ་ཏུ་དོར་བ་དང༌། གར་དང་རོལ་མོ་སྤྱོད་པ་དང་སློབ་པ་དང༌། བཟླས་པ་དང་བལྟ་བའི་ཕྱིར་འགྲོ་བ་


JLD001_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དགེ་སློང་མ་གར་བྱེད་དུ་འཇུག་པ་དང༌། མཐོ་འཚམས་པ་དང༌། ཀུན་ཏུ་རྩེ་བ་དང༌། ཀུན་ཏུ་ཅ་ཅོ་འདོན་པ་དང༌། རྒོད་པ་དང་དྲེགས་པ་དང༌། ལུས་ལ་རྡེག་པ་དང༌། རྒོད་པའི་བསམ་པས་ལུས་དང་ངག་གི་རྣམ་འགྱུར་བྱེད་པ་དང༌། སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་བྱེད་པ་དང༌། མེ་ཏོག་རྣ་རྒྱན་རྒྱུ་བ་དང༌། གར་མཁན་སོགས་ལ་བལྟ་བའི་ཕྱིར་བྱ་དགའ་སྟེར་བ་དང༌། མི་རིངས་པར་རྒྱུག་པ་དང་མཆོང་བ་དང༌། དྲག་ཏུ་འགྲོ་བ་དང༌། བརླ་དང་ལག་པ་ཉ་ལྟར་བསྐོར་ཏེ་འགྲོ་བ་དང༌། ཆུར་གསེག་མ་འདེབས་པ་དང༌། ཆུ་ལ་རོལ་མོའི་སྒྲ་ལྟར་བྱེད་པ་དང༌། རྫབ་ལ་ཕྱིལ་མོ་ཉུག་པ་དང༌། གླང་པོ་ཆེ་དང་རྟ་ལ་སོགས་པའི་སྐད་འདོན་པ་དང༌།དུང་དང་སིལ་དཀྲོལ་ལ་སོགས་པ་རོལ་མོའི་སྒྲ་བྱེད་པ་རྣམས་སོ། །གསུམ་པ་ཁྲུས་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གིས་བཀྲུ་བའི་དངོས་པོ་ནི་འཇིག་རྟེན་ན་གྲགས་པའི་ཆུ་ཡིན་པ། དུས་ནི་སོ་གའི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་གྱི་དང་པོ་ཟླ་བ་གཅིག་དང༌། ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱེད་དུ་གནང་བའི་དུས་མ་ཡིན་པ། རྟེན་ནི་ནད་པ་དང་ལས་བྱས་པ་དང་ལམ་དུ་ཕྱིན་པ་དང༌། གོས་ཀྱི་གྲྭ་སྒུལ་བ་ཡན་རླུང་གིས་བསྐྱོད་པ་དང༌། ཆར་གྱི་ཐིགས་པ་གཉིས་ཡན་ཆད་ཀྱིས་ལུས་ལ་འཕོག་པ་དང༌། སྐྲ་བྲེགས་པ་ལ་སོགས་པ་ཁྲུས་བྱེད་དགོས་པའི་སྐབས་མ་ཡིན་པའོ། །གནས་ནི་ཧ་ཅང་ཚ་བའི་གནས་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁྲུས་བྱེད་པར་འདོད་པས་སྦྱོར་བ་མགོའམ་རྐང་པ་གང་རུང་ནས་


JLD001_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་ཁྲུས་བྱེད་པར་རྩོམ་པ། མཐར་ཐུག་ལྟེ་བར་སོན་པའོ། །ཆུ་མ་ཡིན་པ་འོ་མ་སོགས་ཀྱིས་ཁྲུས་བྱེད་པ་ལ་ཉེས་བྱས་སོ། །ན་བ་ལ་སོགས་པས་ཁྲུས་བྱེད་དགོས་པའི་ཚེ་དུས་དྲན་མ་བྱས་པ་དང༌། ཟླ་བ་ཕྱེད་ན་ཁྲུས་བྱས་པ་དེས་དགོས་པ་འགྲུབ་བཞིན་དུ་དེའི་སྔ་རོལ་ཏུ་ཁྲུས་བྱེད་པ་ལ་བསླབ་བྱའི་ཉེས་བྱས་སོ། །དེ་གཉིས་ནི་འདི་འབའ་ཞིག་ཏུ་མ་ཟད་ཀྱི་དུས་དྲན་བྱེད་དགོས་པ་དང་སྦྱིན་བཏང་དམིགས་བསལ་ཡོད་པའི་བསླབ་པའི་གཞི་ཐམས་ཅད་ལ་སྦྱར་བར་བྱའོ། །གཉིས་པ་ཞར་ལ་ཚུལ་ཁྲིམས་རྣམ་དག་ལ་ལོག་པར་སྒྲུབ་པ་ལ་གནོད་པས་ཀུན་ནས་བསླང་བ། འདོད་པས་ཀུན་ནས་བསླང་བ། གནོད་པས་ཀུན་ནས་བསླང་བ་གཞན་བསྟན་པ། འདོད་པས་ཀུན་ནས་བསླང་བ་གཞན་བསྟན་པ་བཞི་ལས་དང་པོ་ལ་གསུམ་གྱི་དང་པོ་དུད་འགྲོ་གསོད་པའི་ལྟུང་བྱེད་ལ་བཞིའི་དང་པོ་གཞིའི་ཡན་ལག་ནི་ཐ་མལ་པའི་མིག་ལ་སྣང་དུ་རུང་བའི་དུད་འགྲོ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གསོད་པར་འདོད་པ། སྦྱོར་བ་གསོད་པར་རྩོམ་པ། མཐར་ཐུག་སྲོག་འགགས་པའོ། །སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་གསོད་པའི་སེམས་ཀྱིས་བསྣུན་ན་ཉེས་བྱས་སོ། །གཉིས་པ་འགྱོད་པ་སྐྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་འགྱོད་པ་བསྐྱེད་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གང་གིས་འགྱོད་པ་སྐྱེད་པའི་དངོས་པོ་ནི་དགེ་སློང་གི་སྡོམ་པ་མ་སྐྱེས་པའམ་ཕམ་པ་བྱུང་བ་


JLD001_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དགེ་སློང་མ་ཡིན་པའི་དོན་ཅན་ནོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འགྱོད་པ་སྐྱེད་པར་འདོད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་རྩོམ་པ། མཐར་ཐུག་འགྱོད་པ་མ་སྐྱེས་ཀྱང་དོན་གོ་བའོ། །ལྷག་མ་བྱུང་བ་སོགས་ཀྱིས་འགྱོད་པ་སྐྱེད་ན་ཉེས་བྱས་སོ། །གསུམ་པ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་ལུས་ཕམ་པ་སྐྱེད་པའི་རྨ་དང་ཟག་བྱེད་ལས་གཞན་པའི་ལུས་དངོས་མ་ཉམས་པའོ། །གང་གིས་རེག་པའི་རྟེན་ནི་རང་ཉིད་ཀྱི་ལུས་དངོས་མ་ཉམས་པའི་སོར་མོ་ལ་སོགས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་རེག་པར་འདོད་པ། སྦྱོར་བ་རེག་པར་རྩོམ་པ། མཐར་ཐུག་རེག་པ་རྫོགས་ན་རེག་བྱེད་དུ་མས་ཀྱང་ལྟུང་བ་གཅིག་ཏུ་འགྱུར་རོ། །གཉིས་པ་ལ་གཉིས་ལས་དང་པོ་ཆུ་ལ་རྩེ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་འཇིག་རྟེན་ལ་གྲགས་པའི་ཆུ་ལྟེ་བར་སླེབ་པའི་ཚད་དུ་ཆོག་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་སོ། །སྦྱོར་བ་རང་མ་བསྐོས་པ་མཚན་ཉིད་དང་ལྡན་པས་ཆུའི་ནང་དུ་ཞུགས་ཏེ་རྒྱུན་ཕྱོགས་དང་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང༌། ཆུ་ལ་རྔ་ལ་སོགས་པའི་སྒྲ་འབྱིན་པ་དང༌། ཆུ་བསྲུབས་འདྲེན་པ་སོགས་བྱེད་པར་རྩོམ་པའོ། །མཐར་ཐུག་རྩེ་བ་རྫོགས་པའོ། །ཁམ་ཕོར་ལ་སོགས་པའི་སྣོད་དུ་བླུགས་པའི་ཚད་དུ་མ་ཆོག་པ་དང༌། ཐུག་


JLD001_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ལ་རྩེ་བ་དང༌། གར་གྱི་རྩེ་བ་མ་ཡིན་པ་བོང་བ་འཕེན་པ་ལ་སོགས་པ་ལུས་ཀྱི་རྩེད་མོར་གྱུར་པ་གཞན་ཐམས་ཅད་དང༌། ཆུ་ལ་བེམ་རྡོལ་གྱིས་རྡེག་པ་རྣམས་ལ་ཉེས་བྱས་སོ། །གཉིས་པ་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་ཡུལ་ནི་བུད་མེད་ཆོས་དྲུག་ལྡན་གྱི་སྟེང་དུ་སྲུང་མ་དང་མི་ལྡན་པའོ། །གནས་ནི་གནས་ཀྱི་ངོ་བོ་ཉིད་དུ་གྲུབ། སྤྱོད་ལམ་བཞི་ཤོང༌། བར་འདོམ་གང་གི་ནང་གི་གནས་གཅིག་ཡིན་པའོ། །དུས་ནི་མཚན་མོ་ཡིན་པའོ། །རྟེན་ནི་ཁྲིམས་གྲོགས་དང་མི་ལྡན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཉལ་བར་འདོད་པ། སྦྱོར་བ་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་ལྷན་ཅིག་གཉིད་ལོག་པར་ཞུགས་པ། མཐར་ཐུག་མཚན་མོ་འདས་པའོ། །གསུམ་པ་གནོད་པས་ཀུན་ནས་བསླང་བ་གཞན་བསྟན་པ་ལ་བཞིའི་དང་པོ་སྔངས་པར་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་སྔངས་པར་བྱེད་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །སྔངས་པར་བྱེད་པའི་དངོས་པོ་ནི་ཡི་དྭགས་དང་ཤ་ཟ་ལ་སོགས་པའི་འགྲོ་བ་དང༌། ལྭ་བ་ནག་པོ་ལ་སོགས་པ་ལྟ་བུའི་གཟུགས་དང༌། སེང་གེ་ལ་སོགས་པའི་སྐད་དང༌། བཤང་བ་ལ་སོགས་པའི་དྲི་དང༌། ཕྱིང་བ་ལ་སོགས་པའི་རེག་པ་ལྟ་བུ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བཞད་གད་ཡན་ཆད་ཀྱིས་སྔངས་པར་འདོད་པས་འཇིགས་པའི་རྒྱུ་ཉེ་བར་སྒྲུབ་པར་


JLD001_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ། སྦྱོར་བ་རང་ངམ་བསྐོས་པས་འཇིགས་པའི་རྒྱུ་སྒྲུབ་པར་རྩོམ་པ། མཐར་ཐུག་དོན་གོ་བས་སྔངས་པར་མ་གྱུར་ཀྱང་ལྟུང་བྱེད་དོ། །ཡིད་དུ་འོང་བའི་གཟུགས་ལ་སོགས་པས་སྔངས་པར་བྱེད་པ་ལ་ཉེས་བྱས་སོ། །སྐྱོ་བའི་ཆེད་དུ་ངན་འགྲོ་ལ་སོགས་པའི་འཇིགས་པ་སྐྱེད་པ་ལ་ལྟུང་བ་མེད་དོ། །གཉིས་པ་སྦེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གང་གི་སྦེད་པའི་ཡུལ་ནི་རབ་བྱུང་སྡེ་ལྔ་གང་རུང་གི་སྡོམ་པ་དག་ཅིང་ལྟ་བ་མཐུན། ཐ་སྙད་གསུམ་དང་ལྡན། རང་ལས་རྒྱུད་ཐ་དད་པའོ། །གང་སྦེད་པའི་དངོས་པོ་ནི་འཚོ་བའི་ཡོ་བྱད་རུང་ཞིང་ཚད་དང་ལྡན་པ་ཡུལ་དེ་ཉིད་ཀྱི་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བརྐུ་སེམས་དང་ཕན་འདོད་མ་གཏོགས་པས་སྦེད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་སྦེད་པར་རྩོམ། མཐར་ཐུག་སྦེད་པ་རྫོགས་པའོ། །གསུམ་པ་གདེང་མེད་པར་སྤྱོད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་གི་སྤྱོད་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གང་སྤྱོད་པའི་དངོས་པོ་ནི་རུང་ཞིང་ཚད་དང་ལྡན་པའི་གོས་རང་གིས་དེ་ལ་ལྟོས་མེད་དུ་བྱིན་པ་གནང་བ་མ་ཐོབ་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བརྐུ་སེམས་ཡིད་གཅུགས་ཁྱད་པར་ཅན་ལས་གཞན་པ་རང་གི་ཡིན་པའི་བློས་གཞི་དེས་མི་དགའ་བར་ཤེས་བཞིན་དུ་སྤྱོད་པར་འདོད་པ། སྦྱོར་བ་སྤྱོད་པར་རྩོམ་པ། མཐར་ཐུག་དེའི་རྐྱེན་གྱིས་སྤྱད་པ་རྫོགས་པའོ། །གོས་ལས་གཞན་པའི་ཡོ་བྱད་སྤྱོད་པ་ལ་ཉེས་བྱས་སོ། །བཞི་པ་སྐུར་པ་འདེབས་པའི་ལྟུང་བྱེད་ལ་


JLD001_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས་གཞིའི་ཡན་ལག་གང་ལ་སྐུར་པ་གདབ་པའི་ཡུལ་ནི་མཚན་དང་ལྟ་བ་རང་ཕྱོགས་གསོ་རུང་དང་གཞན་ཕྱོགས་རྣམ་དག་ཏུ་གནས་པ། ཐ་སྙད་གསུམ་དང་ལྡན་པ། བདག་ལས་ཐ་དད་པའོ། །སྐུར་པ་འདེབས་པའི་དངོས་པོ་ནི་ལྷག་མའི་ལྟུང་བ་གང་རུང་ངོ༌། །གོ་བྱའི་ཡུལ་ནི་རང་ལས་རྒྱུད་ཐ་དད་ཅིང་ཐ་སྙད་ལྔ་དང་ལྡན་པ་ལུས་ཐ་མལ་དུ་གནས་པའོ། །བསམ་པ་ལ་འདུ་ཤེས་ནི་གང་གིས་སྐུར་པ་འདེབས་པའི་གཞི་དེས་དག་པར་ཤེས་པའོ། །ཀུན་སློང་འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་གསལ་པོའམ་བག་ཙམ་གང་རུང་གིས་སྐུར་པ་འདེབས་པར་རྩོམ་པའོ། །མཐར་ཐུག་དོན་གོ་བའོ། །བཞི་པ་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དང་ལྷན་ཅིག་འགྲོ་བའི་ཡུལ་ནི་བུད་མེད་ཆོས་དྲུག་ལྡན་གྱི་སྟེང་དུ་ཁྱིམ་པ་མོ་ཡིན་པ། ངོ་མ་སྤོས་པ། ལམ་གྱི་བསེལ་བྱེད་པ་དང་ལམ་སྟོན་པ་དང་དགེ་སློང་འགྲོ་མི་ནུས་པ་ལམ་དུ་འཁྲིད་པ་རྣམས་མ་ཡིན་པའོ། །ལམ་ནི་ས་ལ་བརྟེན་པའི་ལམ་རྒྱང་གྲགས་སུ་ལོངས་པ། དུས་ནི་ཉི་མ་གཅིག་ཡིན་པ། རྟེན་ནི་ཁྲིམས་གྲོགས་མཚན་ཉིད་པ་དང་མི་ལྡན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་ལྷན་ཅིག་ལམ་དུ་འགྲོ་བར་འདོད་པ། སྦྱོར་བ་འགྲོ་བར་རྩོམ་པ། མཐར་ཐུག་རྒྱང་གྲགས་འདས་པའོ། །རྒྱང་གྲགས་ཕྱེད་ཚུན་ཆད་དུ་ཉེས་བྱས་སོ། །གསུམ་པ་ཆོ་གའི་བྱེ་བྲག་


JLD001_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོག་པར་སྒྲུབ་པ་ལ་འཕྲལ་གྱི་ཆོ་ག །ཟས་ཀྱི་ཆོ་ག །གྲོགས་ཀྱི་ཆོ་ག །ཆོ་ག་རྣམ་དག་གི་རྒྱུ། དུས་ཁྱད་པར་ཅན་གྱི་ཆོ་ག །ཡུལ་ཁྱད་པར་ཅན་གྱི་ཆོ་ག་ལ་ལོག་པར་སྒྲུབ་པ་དང་དྲུག་གི་དང་པོ་ལ་གསུམ་ལས་དང་པོ་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གང་དང་ལྷན་ཅིག་འགྲོ་བའི་ཡུལ་ནི་ཁྱིམ་པ་ཐ་སྙད་བཞི་དང་ལྡན་ཞིང་ལུས་ཐ་མལ་དུ་གནས། སྐྱེས་པའི་མཚན་དང་ལྡན། གྲོང་འཇོམས་པའི་ཆོམ་རྐུན་པའམ་ཤོ་གམ་འདྲལ་བའི་ཚོང་པ་གང་ཡང་རུང་བ། ངོ་མ་སྤོས་པ། ཕན་གདགས་བྱ་འདོགས་བྱེད་མ་ཡིན་པའོ། །དུས་དང་ལམ་དང་བསམ་སྦྱོར་མཐར་ཐུག་རྣམས་སྔ་མ་དང་འདྲའོ། །གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་བསྙེན་པར་རྫོགས་པར་བྱེད་པའི་ཡུལ་ནི་བསྙེན་པར་མ་རྫོགས་ཤིང་རྫོགས་པར་འདོད་པ། སྡོམ་པ་སྐྱེ་བའི་བར་ཆད་གཞན་དང་མི་ལྡན་ཞིང་མངལ་ཤོལ་དང་བཅས་ཏེ་ལོ་ཉི་ཤུ་མ་ལོན་པའོ། །རྟེན་ནི་ཡུལ་དེའི་མཁན་པོ་བྱས་པའོ། །བསམ་པ་ལ་འདུ་ཤེས་ནི་ལོ་ཉི་ཤུ་མ་ལོན་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བ། ཀུན་སློང་མཁན་པོ་བྱས་པའི་སྒོ་ནས་བསྙེན་རྫོགས་བྱེད་པར་འདོད་པ། སྦྱོར་བ་ཆོ་ག་བྱེད་པར་རྩོམ་པ། མཐར་ཐུག་རྗོད་པ་གསུམ་ཡོངས་སུ་རྫོགས་པའོ། །མཁན་པོ་ལས་གཞན་པའི་སློབ་དཔོན་དང་དགེ་འདུན་ལ་ཉེས་བྱས་སོ། །ལོ་ཉི་ཤུ་ལོན་པ་ལ་མ་ལོན་པར་ངེས་པའམ་ཡིད་གཉིས་གང་རུང་གིས་ཤེས་པ་དང༌། མངལ་ཤོལ་དང་བཅས་


JLD001_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཉི་ཤུ་ལོན་ཀྱང་སྐྱེས་ནས་ལོ་ཉི་ཤུ་མ་ལོན་པ་ལ་དེར་ཤེས་བཞིན་དུ་བསྙེན་རྫོགས་བྱེད་ན་མཁན་པོ་ལ་ཉེས་བྱས་སོ། །ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ན་སྡོམ་པ་སྐྱེ་ལ། དེས་མངལ་ཤོལ་དང་བཅས་ཏེ་ཉི་ཤུ་མ་ལོན་པའི་སྔ་རོལ་ཏུ་མ་ལོན་པར་བསྙེན་རྫོགས་བྱས་པར་ཤེས་ན་སྡོམ་པ་གཏོང་ངོ༌། །གསུམ་པ་ས་རྐོ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ནི་འཇིག་རྟེན་ན་གྲགས་པའི་ས་ཡིན་པ། འོག་གཞི་དང་འབྲེལ་བ་མ་ཉམས་པ་འཐས་པར་གནས་པའོ། །རྟེན་ནི་རུང་བ་བྱེད་པ་མེད་པའི་ཚེ་རྒྱུ་སྐར་གྱི་སྦྱོར་བས་ཐུར་མ་སོར་བཞི་ཙམ་འཛུགས་པའི་ལག་གི་བླ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྐོའམ་རྐོར་འཇུག་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་ཕུར་པ་འདེབས་པ་དང༌། རྩིག་པ་འཇིག་པ་སོགས་གང་རུང་གིས་རྐོ་བར་རྩོམ། མཐར་ཐུག་བྱ་བ་རྫོགས་པ་ནའོ། །གཞི་དང་མ་འབྲེལ་བ་དང༌། ས་གཞི་དང་ཕྲལ་བ་ཆར་ཆུ་ཞོད་པའི་ཚེ་ཟླ་བ་གསུམ་མ་ལོན་པ་དང༌། གཞན་གྱི་ཚེ་ཟླ་བ་དྲུག་མ་ལོན་པ་དང༌། རྡོ་ཐལ་རྒྱུ་དང་བྱེ་མ་ཤས་ཆེ་བ་དང་འདྲེས་པའི་ས་དང་ས་ཞག་དང༌། སྐྱང་ནུལ་གྲུགས་ནས་འགོགས་པ་ལ་སོགས་པ་དང༌། ཕུར་པ་འབྱིན་པ་དང༌། རི་མོ་འདྲེན་པ་དང༌། སའི་ཕྱེ་མ་འདྲེས་པའི་ལྕི་བ་འགོགས་པ་དང༌། འདམ་སྐྱོད་པ་ལ་སོགས་པ་ཡན་ལག་མ་ཚང་བ་རྣམས་ལ་ཉེས་བྱས་སོ། །གཉིས་པ་ཟས་ཀྱི་ཆོ་ག་ལ་ལོག་པར་སྒྲུབ་པ་མགྲོན་གཉེར་རིང་འདུག་གི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་སྦྱིན་བདག་ནི་


JLD001_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པ་ཆོས་ལྔ་ལྡན། རང་ཉིད་མགྲོན་དུ་འབོད་པ་པོ་ཡིན་ཞིང་ཡང་དང་ཡང་དུ་དང་དུས་ངེས་པ་ཅན་གྱིས་འབོད་པ་མ་ཡིན་པའོ། །དངོས་པོ་ནི་རུང་ཞིང་ཟས་གཅིག་གི་ཚད་དང་ལྡན་པའི་དུས་རུང་གི་ཟས་ཡིན་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། འཕྲོ་དང་བཅས་པ་ཡིན་པའོ། །རྟེན་ནི་ནད་པ་མ་ཡིན་ཞིང་བསླབ་རྒྱུན་གཅིག་པ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཟླ་བ་བཞི་ལས་ལྷག་པར་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་ཟླ་བ་བཞི་འདས་པའི་འོག་ཏུ་ཟས་མགུལ་དུ་མིད་ནའོ། །སྦྱིན་བདག་གིས་བསྟབས་པ་ལས་ལྷག་པར་སློང་བ་དང༌། གསོལ་བཞིའི་ལས་ལ་སོགས་པ་ཚིག་དེ་ཉིད་ལས་གཞན་དུ་སྒྱུར་བ་ལ་བསླབ་བྱའི་ཉེས་བྱས་སོ། །གསུམ་པ་གྲོགས་ཀྱི་ཆོ་ག་ལ་ལོག་པར་སྒྲུབ་པ་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ལ་སྤོང་བའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་རང་གི་བསླབ་པ་ལས་བརྩམས་ཏེ་བསྒོ་བ་པོ་ཡིན་པ། འདུལ་བ་ཤེས་པའོ། །གང་སྤོང་བའི་དངོས་པོ་ནི་འདུལ་བར་གཏོགས་པའི་རང་གི་བསླབ་པ་ཡིན་པའོ། །བསམ་པ་ལ་འདུ་ཤེས་ནི་སྨྲ་བ་པོ་མངོན་པར་ཤེས་པ་ལ་དེར་ངེས་པའམ་ཡིད་གཉིས་གང་རུང་གིས་ཤེས་པ། ཀུན་སློང་གང་ཟག་ལ་མི་ཤེས་པ་དང༌། བསླབ་པ་ལ་མི་སློབ་པའི་ཚིག་སྨྲ་ཞིང་གོ་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་རྩོམ། མཐར་ཐུག་དོན་གོ་བའོ། །མདོ་སྡེ་ལས་གསུངས་པའི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ལ་ཉེས་བྱས་སོ། །གཉིས་པ་ཉན་རྣ་ལས་གྱུར་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་


JLD001_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉན་རྣ་བྱེད་པའི་ཡུལ་ནི་ལྟ་བ་མཐུན་པ་མ་གཏོགས་པའི་དགེ་སློང་ཆོས་ལྔ་ལྡན་གྱི་སྟེང་དུ་རང་དང་བརྩད་པའི་ཕྱིར་གྲོས་བྱེད་པའི་དགེ་སློང་གཉིས་ལ་སོགས་པའོ། །རྩོད་པ་ནི་རྩོད་པ་བཞི་ལས་གང་རུང་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྩོད་པ་སྦར་བའི་ཆེད་དུ་ཉན་པར་འདོད། སྦྱོར་བ་ཉན་པར་རྩོམ། མཐར་ཐུག་དོན་གོ་བའོ། །སྒྲ་ཙམ་ཐོས་པ་ལ་ཉེས་བྱས་སོ། །གཞན་གྱི་འཐབ་མོ་སྦར་བ་དང་འཐབ་མོ་བྱེད་པ་ཉན་པ་དང༌། དེའི་དྲུང་དུ་འདུག་པ་དང༌། རྩོད་པ་ཞི་བར་བྱ་བའི་ཕྱིར་མི་འབད་པ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། །གསུམ་པ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་ནས་འགྲོ་བའི་གནས་ནི་ལས་མཚམས་ཀྱི་གནས་ཡིན་པ། ལས་ནི་དགེ་འདུན་གྱི་ལས་ཆོས་དང་ལྡན་ཞིང་རང་ལ་མི་མཐུན་པའི་ལས་མ་ཡིན་པའོ། །རྟེན་ནི་དགེ་སློང་གྲལ་ན་འཁོད་པ་ལ་མ་སྨྲས་ཤིང་བར་ཆད་དང་མི་ལྡན་པ་ལས་ཐོས་པའི་ཉེ་འཁོར་དུ་འདུས་པ། དུས་ནི་གསོལ་བ་མ་བྱས་པའི་དུས་ཡིན་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཐོས་པའི་ཉེ་འཁོར་ལས་འདས་ཏེ་འགྲོ་བར་འདོད། སྦྱོར་བ་འགྲོ་བར་རྩོམ། མཐར་ཐུག་ཐོས་པའི་ཉེ་འཁོར་ལས་འདས་ནའོ། །དོན་མེད་པ་དང་མི་རིགས་པས་དགེ་སློང་འཁོད་པ་ལ་སྨྲས་ཏེ་འགྲོ་བ་དང༌། ཆོས་དང་མི་ལྡན་པའི་ལས་དང༌། ལས་ཆོས་ལྡན་གྱི་གསོལ་བ་བྱས་ནས་འགྲོ་བ་རྣམས་ལ་ཉེས་བྱས་སོ། །བཞི་པ་མ་གུས་པའི་ཚུལ་གྱི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་སངས་རྒྱས་སམ་དགེ་འདུན་ནམ་དེའི་ཞལ་ཏ་པ་


JLD001_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་གི་བཀའ་བསྒོ་བ་ཆོས་ལྡན་ཡིན་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མ་གུས་ཤིང་ཤད་སྦྱང་མེད་པར་འདའ་བར་འདོད་པ། སྦྱོར་བ་གློ་བུར་དུ་གཏམ་ཟེར་བ་ལ་སོགས་པས་བཀའ་ཆོས་ལྡན་ལས་འགལ་བར་བྱེད་པར་ཞུགས་པ། མཐར་ཐུག་བཀའ་ལས་འགལ་བར་བྱས་པ་རྫོགས་པའོ། །མཁན་པོ་དང་སློབ་དཔོན་གྱི་བསྒོ་བ་དང༌། དགེ་འདུན་གྱི་ཆོས་དང་མི་ལྡན་པའི་བསྒོ་བ་ལས་འགལ་བ་དང༌། ཤད་སྦྱང་མེད་པ་དང༌། མ་གུས་པ་གང་རུང་གཅིག་མ་ཚང་བས་བཀའ་ཆོས་ལྡན་ལས་འདའ་བར་བྱེད་པ་ལ་ཉེས་བྱས་སོ། །ཆོ་ག་རྣམ་དག་གི་རྒྱུ་ལ་ལོག་པར་སྒྲུབ་པ་མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་འབྲུའི་ཆང་དང་བཅོས་པའི་ཆང་གི་སྦང་མ་དང་ཚིགས་མའམ་ཁུ་བ་གང་རུང་མྱོས་པར་འགྱུར་བ་ཡིན་པ། མིད་པར་མངོན་པའི་ཚད་དང་ལྡན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འཐུང་བར་འདོད་པ། སྦྱོར་བ་འཐུང་བར་རྩོམ། མཐར་ཐུག་མགུལ་དུ་མིད་ནའོ། ཕབས་ཀྱི་ཆང་བུ་དང་རྩ་བ་ལ་སོགས་པ་རྩིས་མ་མནན་ཅིང་མྱོས་པར་འགྱུར་བ་དང༌། མྱོས་པར་མི་འགྱུར་ཞིང་མྱོས་འགྱུར་གྱི་དྲི་དང་རོ་བྲོ་བའི་ཐུག་པ་ལ་སོགས་པ་འཐུང་བ་དང༌། མྱོས་པར་འགྱུར་བ་མི་མིད་ཅིང་མཁུར་བར་བསྲེལ་བ་དང༌། ལུས་ལ་སྐུད་པ་རྣམས་ལ་ཉེས་བྱས་སོ། །ནད་པས་མཁུར་བར་བསྲེལ་བ་དང་ལུས་ལ་སྐུད་པ་ཙམ་ལ་ཉེས་པ་མེད་ལ་སྲོག་ལ་བབ་ཀྱང་མིད་དུ་མི་རུང་ངོ༌། །ལྔ་པ་དུས་ཁྱད་པར་ཅན་གྱི་ཆོ་ག་ལ་ལོག་པར་སྒྲུབ་པ་ལ་གསུམ་གྱི་དང་པོ་དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་


JLD001_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞི་ལས་གཞིའི་ཡན་ལག་གང་དུ་འགྲོ་བའི་གནས་ནི་ཁྱིམ་པ་མཚན་ཉིད་དང་ལྡན་པའི་གནས་ཡིན་ཞིང་གནས་ཀྱི་མཚན་ཉིད་དུ་གྲུབ་པ༌། སྤྱོད་ལམ་བཞི་ཤོང་པ། གྲོང་བའི་ཆོས་ལྷག་པར་སྤྱོད་པ་ཡིན་པ། གང་ནས་འགྲོ་བའི་གནས་ནི་སྡེ་ལྔའི་སྡོམ་པ་དག་ཅིང་ལྟ་བ་མཐུན་ལ་བརྡ་འཕྲོད་པའི་སྨྲ་ས་ཡོད་པའོ། །རྟེན་ནི་འཁོད་པ་ལམ་སྨྲས་པ་དང་བར་ཆད་དང་མི་ལྡན་ཞིང་དོན་ཁྱད་པར་ཅན་སྒྲུབ་པའི་སྐབས་མ་ཡིན་པ། དུས་ནི་རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་དུས་ཡིན་པ། བསམ་པ་ལ་འདུ་ཤེས་ནི་དུས་མ་ཡིན་པ་ལ་དེར་ངེས་པའམ་ཡིད་གཉིས་གང་རུང་གིས་ཤེས་པ། ཀུན་སློང་མ་སྨྲས་པར་གྲོང་དུ་འགྲོ་བར་འདོད་པ། སྦྱོར་བ་འགྲོ་བར་རྩོམ། མཐར་ཐུག་གཏན་པའམ་ཉེ་འཁོར་ལས་འདས་པའོ། །དུས་ཡིན་པ་ལ་མ་ཡིན་པར་ངེས་པའམ་ཡིད་གཉིས་ཟ་བས་གྲོང་དུ་འགྲོ་བ་དང༌། གྲོང་གཅིག་གི་ཁྱིམ་ཤར་མ་ལྟ་བུར་འགྲོ་བར་སྨྲས་ཏེ་ནུབ་མ་ལྟ་བུར་འགྲོ་བ་ལ་ཉེས་བྱས་སོ། །གཉིས་པ་གྲོང་རྒྱུ་བའི་ལྟུང་བྱེད་ལ་གཉིས་ཀྱི་དང་པོ་ཕྱི་དྲོ་གྲོང་རྒྱུ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གང་དུ་རྒྱུ་བའི་གནས་དང་དུས་ནི་སྔ་མ་དང་འདྲ་བ་ལས་ཁྱིམ་བཞི་ལ་སོགས་པ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁྱིམ་བཞི་པ་ལ་སོགས་པར་འགྲོ་བར་འདོད་པ། སྦྱོར་བ་བར་ཆད་དང་གཞན་གྱིས་བོས་པའི་དབང་མ་ཡིན་པར་འགྲོ་བར་རྩོམ། མཐར་ཐུག་དགེ་སློང་འཁོད་པ་ལ་སྨྲས་ཀྱང་ཁྱིམ་བཞི་པ་ལ་སོགས་པའི་གཏན་པའམ་ཉེ་འཁོར་འདས་པ་ན་ལྟུང་བྱེད་དུ་འགྱུར་


JLD001_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གཉིས་པ་སྔ་དྲོ་གྲོང་རྒྱུ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དུ་རྒྱུ་བའི་གནས་ནི་སྔ་མ་དང་འདྲ་བ་ལས་ཁྱིམ་བཞི་པ་ཞེས་པའི་གནས་སུ་ཁྱིམ་གསུམ་ཡན་ཆད་ཡིན་པ་ཞེས་སྦྱར་རོ། །དུས་ནི་སྔ་དྲོའི་དུས་སུ་རང་གི་མིང་གིས་དགེ་འདུན་རུང་ཞིང་ཚད་དང་ལྡན་པའི་དུས་རུང་གི་ཟས་ལ་སྤྱན་དྲངས་པའི་དུས་ཡིན་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁྱིམ་གསུམ་ལ་སོགས་པར་རྒྱུ་བར་འདོད་པ། སྦྱོར་བ་བར་ཆད་དང་མི་ལྡན་བཞིན་དུ་སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་ཟས་བྲིམ་པའི་དུས་ཡོལ་བར་མ་བྱེད་ཅེས་མ་བསྒོ་བར་རྒྱུ་བར་རྩོམ། མཐར་ཐུག་ཁྱིམ་གསུམ་པའི་སྒོའི་གཏན་པའམ་ཉེ་འཁོར་འདས་པའོ། །གསུམ་པ་རྒྱལ་པོའི་ཕོ་བྲང་དུ་མཚན་མོ་འགྲོ་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གང་དུ་འགྲོ་བའི་གནས་ནི་རྒྱལ་པོའམ་བཙུན་མོང་གང་རུང་གི་གནས་སྤྱོད་ལམ་བཞི་ཤོང་བ། གནས་ཀྱི་ངོ་བོར་གྲུབ་པའོ། །དུས་ནི་ནུབ་ཕྱོགས་ཀྱི་འོད་དམར་པོ་ཆགས་པ་འདས་ནས་སྐྱ་རེངས་ཐ་མ་མ་ཤར་གྱི་བར་ཡིན་པའོ། །རྟེན་ནི་རྒྱལ་པོས་བོས་པ་དང་བར་ཆད་དང་ལྡན་པ་གདུལ་བྱ་འདུལ་བའི་དགོས་པ་ཁྱད་པར་ཅན་མེད་པའོ། །བསམ་པ་ལ་འདུ་ཤེས་ནི་ནམ་མ་ལངས་པ་ལ་དེར་ངེས་པའམ་ཡིད་གཉིས་ཟ་བའོ། །ཀུན་སློང་འགྲོ་བར་འདོད་པ། སྦྱོར་བ་ཉིན་མོ་ཕྱིན་ཏེ་མཚན་མོ་འདུག་པའམ་མཚན་མོ་འཇུག་པར་རྩོམ་པ། མཐར་ཐུག་བསྐོར་བ་མེད་ན་ཕྱི་རོལ་ཉེ་འཁོར་དང༌། བསྐོར་བ་ཡོད་ཅིང་སྒོ་མ་བཙུགས་ན་བསྐོར་བའི་ནང་དང༌། སྒོ་བཙུགས་ཏེ་བཅད་ན་གཏན་པའི་གནས་དང༌། མ་བཅད་ན་གཏན་པ་ཉིས་


JLD001_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དུ་བཅལ་བའི་མཚམས་རྣམས་གང་རུང་འདས་པ་ན་དངོས་གཞིར་འགྱུར་ཏེ། དེ་ཡང་མཚན་མོའི་ནང་དུ་ལན་དུ་མར་འགྲོ་བ་ལ་གྲངས་དེ་སྙེད་ཀྱི་ལྟུང་བར་འགྱུར་ལ། མཚན་མོ་འདས་པ་ལ་མི་ལྟོས་སོ། །མ་སྨྲས་པར་འགྲོ་བ་ལ་ནི་དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་དུ་ཡང་འགྱུར་རོ། །རྒྱལ་པོའམ་བཙུན་མོའི་ཕོ་བྲང་དུ་འཇུག་པའི་ཕྱིར་སོང་བ་ལས་དེ་དང་འབྲེལ་བའི་གྲོང་དུ་ཞུགས་པ་ཙམ་ལ་ཉེས་བྱས་སོ། །ཕོ་བྲང་དུ་འཇུག་དགོས་པའི་ཚེ་གྱ་ཚོམ་དུ་ཞུགས་པ་ལ་བསླབ་བྱའི་ཉེས་བྱས་སོ། །དྲུག་པ་ཡུལ་ཁྱད་པར་ཅན་གྱི་ཆོ་ག་ལ་ལོག་པར་སྒྲུབ་པ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་ཁྱད་དུ་གསོད་པའི་གཞི་ནི་བདག་ཉིད་ཀྱི་སོ་སོར་ཐར་པར་གཏོགས་པའི་བསླབ་པ་ཡིན་པ། གོ་བྱ་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །དུས་ནི་གསོ་སྦྱོང་ལ་སོ་ཐར་གྱི་མདོ་འདོན་པའི་དུས་ཡིན་པ། རྟེན་ནི་སོ་ཐར་གྱི་མདོ་ལན་གཉིས་ཐོས་ཤིང་ཡིད་རྨོངས་པ་མ་ཡིན་པ། གསོ་སྦྱོང་གི་ལས་དེ་ལ་གཏོགས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིར་ཀུན་སློང་བཞད་གད་ཡན་ཆད་ཀྱིས་ཁྱད་དུ་གསོད་པའི་ཚིག་སྨྲ་བར་འདོད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་འདི་ཡང་མདོའི་ནང་དུ་གཏོགས་པར་བདག་གིས་གཟོད་ཤེས་སོ། ཞེས་སོགས་ཀྱིས་ཁྱད་དུ་གསོད་པའི་ཚིག་སྨྲ་བར་རྩོམ། མཐར་ཐུག་དོན་གོ་བའོ། །དགེ་སློང་མའི་སོ་ཐར་འདོན་པའིཚེ་ཐུན་མོང་གི་བསླབ་པ་ལ་ཁྱད་དུ་གསོད་པ་དང༌། སོ་ཐར་གྱི་མདོ་འདོན་པ་ལས་གཞན་


JLD001_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སུ་ཁྱད་དུ་གསོད་པ་དང༌། མདོ་སྡེའི་བསླབ་པ་ཁྱད་དུ་གསོད་པ་རྣམས་ལ་ཉེས་བྱས་སོ། །སོ་ཐར་གྱི་མདོ་འདོན་པ་ན་མ་གུས་པས་ཉན་པ་མ་བཟློག་པ་ལ་བསླབ་བྱའི་ཉེས་བྱས་སོ། །བཞི་པ་འཚོ་བ་རྣམ་དག་ལ་ལོག་པར་སྒྲུབ་པ་ལ་སྣོད་སྤྱད་དང་གོས་ལ་ལོག་པར་སྒྲུབ་པ་གཉིས་ལས་དང་པོ་ལ་གཉིས་ཀྱི་དང་པོ་ཁབ་རལ་འཆོས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ནི་ཁབ་རལ་གྱི་རྒྱུ་བ་སོ་དང་རུས་པ་སོགས་རུང་བ་ཚད་ལྡན་རང་གི་ཡིན་པ། སྔར་ཚད་ལ་གནོད་པའི་བཟོའི་རྩོམ་པ་མ་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་བྱེད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་བྱེད་པར་རྩོམ། མཐར་ཐུག་བཟོ་རྫོགས་པའོ། །གཉིས་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ནི་དགེ་འདུན་དབང་བའི་ཁྲིའམ་ཁྲིའུ་བུ་གར་གཞུག་པའི་ཕྱོགས་མ་གཏོགས་ཁྲུ་གང་གི་ཚད་ལས་ལྷག་པ། རྒྱར་འཁོར་གསུམ་གྱི་ཚད་དང་ལྡན་པ། སྔར་ཚད་ལ་གནོད་པའི་བཟོའི་རྩོམ་པ་མ་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁྲི་རྐང་ཚད་ལས་ལྷག་པ་བྱེད་པར་འདོད་པའོ། །སྦྱོར་བ་དང་མཐར་ཐུག་སྔ་མ་བཞིན་ནོ། །རྐང་པ་དམའ་བའི་ཁྲི་ལ་ཉལ་བ་དང༌། ལྷམ་ཡོད་པས་མལ་དང་འབྲེལ་བའི་ཉེ་འཁོར་དུ་རྐང་པ་འཁྲུ་བ་དང༌། ལྷམ་མེད་པས་ཀྱང་མགོ་ལོགས་དང་རྐང་ལོགས་སོགས་ལས་གཞན་དུ་འཁྲུ་བ་དང༌། ཁྲིའམ་ཁྲིའུ་ཚད་ལས་མཐོ་བ་དང༌། གསེར་དངུལ་ལ་སོགས་པའི་ཁྲི་ལ་འདུག་པ་དང་ཉལ་བ་དང་ཁྲི་བརྩེགས་མའི་སྟེང་དུ་འདུག་པ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་ལ་


JLD001_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལས་དང་པོ་ཤིང་བལ་གྱིས་གོས་པར་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་ལ་གོས་པར་བྱ་བའི་ཡུལ་ནི་དགེ་འདུན་གྱི་གནས་མལ་རུང་བ་ཚད་ལྡན་ཡིན་པའོ། །གང་གིས་གོས་པར་བྱ་བ་ནི་ལུས་སམ་གནས་མལ་ཉམས་པར་བྱེད་པའི་རྫས་སྦར་གང་གི་ཚད་དུ་ལོངས་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ནི་ཞེ་སྡང་བའི་བསམ་པས་གོས་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་གོས་པར་བྱེད་པར་རྩོམ། མཐར་ཐུག་ཤིང་བལ་ལ་སོགས་པས་གནས་མལ་ལ་རེག་ནའོ། །གཉིས་པ་གདིང་བའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་གདིང་བའི་རྒྱུ་རུང་ཞིང་སྲིད་དུ་ཁྲུ་གསུམ་མམ་ཕྱེད་དང་ལྔ་ཞེང་དུ་ཁྲུ་དོ་སོར་དྲུག་ལས་ལྷག་པ། རང་གི་ཡིན་པ། སྔར་ཚད་ལ་གནོད་པའི་བཟོའི་རྩོམ་པ་མ་བྱས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ལྷག་པ་བྱེད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་བྱེད་པར་རྩོམ། མཐར་ཐུག་ཟིན་པའོ། །གཡན་པ་དགབ་པ་དང་རས་ཆེན་གྱི་ལྟུང་བྱེད་ཀྱང་དེ་དང་འདྲ་བ་ལས་གཡན་པ་དགབ་པའི་ཚད་ནི་སྲིད་དུ་ཁྲུ་དྲུག་ཞེང་དུ་ཁྲུ་གསུམ། རས་ཆེན་ནི་སྲིད་དུ་ཁྲུ་དགུ་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཀྱི་ཚད་ལས་ལྷག་པ་བྱེད་ན་ཞེས་སྦྱར་རོ། །གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་ཚད་ལས་ཆུང་བ་རྣམས་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །གང་ལས་ལྟུང་བ་བྱུང་བའི་ཁབ་རལ་དང་ཁྲི་རྐང་མ་བཅག་པ་དང༌། ཤིང་བལ་ལ་སོགས་པས་གོས་པ་མ་བསྡུས་པ་དང༌། གདིང་བ་དང་གཡན་པ་དགབ་པ་དང༌། རས་ཆེན་ཚད་ལས་ལྷག་པ་རྣམས་བཅད་པ་མ་དྲིས་པར་བཤགས་པ་ལེན་པ་ལ་


JLD001_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱའི་ཉེས་བྱས་སུ་འགྱུར་ལ། དེ་དག་མ་བྱས་པར་བཤགས་ཀྱང་མི་འདག་གོ །ལྔ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་བཟོ་བྱེད་པའི་ལྟུང་བྱེད་ལ་བཞི་ལས་གཞིའི་ཡན་ལག་དངོས་པོ་ནི་ཆོས་གོས་གསུམ་གང་ཡང་རུང་བ་རུང་ཞིང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་ལས་ལྷག་པ། རང་གི་ཡིན་པ། སྔར་ཚད་ལ་གནོད་པའི་བཟོའི་རྩོམ་པ་མ་བྱས་པའོ། །རྟེན་ནི་བདེ་བར་གཤེགས་པའི་ལུས་ཙམ་མེད་པའོ། །ཡན་ལག་ལྷག་མ་རྣམས་སྔར་བཞིན་ནོ། ། ༈ བཞི་པ་སོ་སོར་བཤགས་པའི་སྡེ་ཚན་ལ་རབ་བྱུང་དང་ཁྱིམ་པའི་གཞི་ལས་གྱུར་པ་གཉིས་ལས་དང་པོ་ལ་གཉིས་ཀྱི་དང་པོ་དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས་ལ་བཞི་ལས་གཞིའི་ཡན་ལག་ནི་དགེ་སློང་མ་ཆོས་བདུན་ལྡན་གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམ་པོ་ཆེ་གསུམ་གང་རུང་ན་འདུག་པའོ། །དུས་ནི་མུ་གེའི་དུས་མ་ཡིན་པའོ། །དངོས་པོ་ནི་དུས་སུ་རུང་བའི་ཟས་རུང་ཞིང་ཟས་གཅིག་གི་ཚད་དུ་ལོངས་པ། དགེ་སློང་མ་རང་ཉིད་ཟ་བའི་ཆེད་དུ་བསྒྲུབས་པ་ཡིན་པ། དགེ་སློང་མ་རང་ཉིད་དང་འབྲེལ་བར་གནས་པ། རྟེན་ནི་རང་ཉིད་གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམ་པོ་ཆེ་ན་འདུག་པའོ། །བསམ་པ་ལ་འདུ་ཤེས་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་ངེས་པའམ་ཡིད་གཉིས་གང་རུང་གིས་ཤེས་པ། ཀུན་སློང་རང་དོན་དུ་བླངས་ནས་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ། མཐར་ཐུག་མགུལ་དུ་མིད་པའོ། །དགེ་སློང་མ་གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམ་པོ་ཆེ། གྲོང་གི་ནམ་མཁའ། དབྱར་ཁང༌། དེའི་ཉེ་འཁོར། གཙུག་ལག་ཁང༌། དེའི་ཉེ་འཁོར་ཏེ་བརྒྱད་ན་འདུག་པ་ལ་དགེ་སློང་གིས་ནམ་མཁའ་


JLD001_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླངས་པ་དང༌། དགེ་སློང་གྲོང་དང་དེའི་ཉེ་འཁོར་དང་ལམ་པོ་ཆེ་གསུམ་ན་འདུག་པས་དགེ་སློང་མ་གྲོང་དང་དེའི་ཉེ་འཁོར་མ་གཏོགས་པའི་གནས་དྲུག་ན་འདུག་པ་ལས་བླངས་པ་སྟེ་ཉི་ཤུ་རྩ་དྲུག་ལ་ཉེས་བྱས་སུ་འགྱུར་རོ། །སོར་བཤགས་གཉིས་པ་ལ་བཞི་ལས་གཞིའི་ཡན་ལག་ལ་སྦྱིན་བདག་ཁྱིམ་པ་ཆོས་ལྔ་ལྡན་བསྐོ་བཤམ་བྱེད་པ་པོའི་ཉེ་དུ་མ་ཡིན་པའོ། །གྲོགས་ནི་དགེ་སློང་ཆོས་དྲུག་ལྡན་གཉིས་ཡན་ཆད་ཡིན་པའོ། །ཟས་ནི་རུང་ཞིང་ཟས་གཅིག་གི་ཚད་དུ་ལོངས་པའི་དུས་རུང་གི་ཟས་ཡིན་ཞིང༌། དགེ་སློང་མ་ཆོས་བདུན་ལྡན་བསྒོ་རུང་ན་འདུག་པས་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱས་པའོ། །རྟེན་ནི་དགེ་སློང་མ་དེའི་ཚིག་གིས་མ་ཡིན་པར་མགྲོན་དུ་བོས་ཤིང་བསྐོ་བཤམ་བྱེད་པ་རང་ངམ་རང་དང་འདྲ་བས་མ་བཟློག་པའོ། །བསམ་པ་ལ་འདུ་ཤེས་ནི་བསྐོ་བཤམ་བྱེད་པ་ལ་མ་བསྒོ་བ་ལ་དེར་ངེས་པའམ་ཡིད་གཉིས་གང་རུང་གིས་ཤེས་པ། ཀུན་སློང་མ་བཟློག་པར་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ། མཐར་ཐུག་མགུལ་དུ་མིད་ནའོ། །བསྐོ་བཤམ་བྱེད་པ་བཟློག་པ་ལ་མ་བཟློག་པར་ངེས་པའམ་ཡིད་གཉིས་གང་རུང་གིས་ཟ་བ་དང༌། བསྒོར་མི་རུང་བའི་གནས་ན་འདུག་པ་ལ་མ་བསྒོ་བར་ཟ་ན་ཉེས་བྱས་སོ། །དགེ་སློང་མས་བསྐོ་བཤམ་བྱེད་པར་དོགས་པ་ན་མ་བྱས་སམ་ཞེས་མ་དྲིས་པར་ཟ་བ་ལ་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་ལ་གཉིས་ཀྱི་དང་པོ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་ལ་བཞི་ལས་གཞིའི་ཡན་ལག་ཁྱིམ་པ་ཆོས་ལྔ་ལྡན་བསླབ་པའི་སྡོམ་པ་བྱིན་ཞིང་


JLD001_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཡངས་སུ་མ་བྱས་པའོ། །ཟས་ནི་རུང་ཞིང་ཟས་གཅིག་གི་ཚད་དང་ལྡན་པའི་དུས་རུང་ཡིན་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། མོད་པ་མ་ཡིན་པའོ། །རྟེན་ནི་བདག་ཉིད་ཁྲིམས་ཀྱི་ཁོངས་སུ་གཏོགས་པ། སྡོམ་པ་བྱིན་པའི་སྔ་རོལ་ཏུ་མགྲོན་དུ་བོས་པ་མིན་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསླབ་པ་དྲལ་ཏེ་ཟ་བར་འདོད། སྦྱོར་བ་དང་མཐར་ཐུག་སྔ་མ་བཞིན་ནོ། །བསླབ་པའི་སྡོམ་པ་སྦྱིན་པར་འོས་པ་ལ་མི་སྦྱིན་པ་དང༌། བག་ཡངས་སུ་བྱེད་དགོས་པ་མི་བྱེད་པ་དང༌། སྡོམ་པ་བྱིན་པ་དེའི་ཁྱིམ་དུ་ཆོས་སྟོན་པ་སོགས་ཀྱི་ཆེད་དུ་མི་འགྲོ་བ་དང༌། ལྷུང་བཟེད་སྟོང་པར་འགྲོ་བ་དང༌། དེའི་བྱིས་པ་སོགས་ཟས་སློང་པ་ལ་བསོད་སྙོམས་རིལ་གྱིས་སྦྱིན་པ་དང༌། སྣུམ་འཁུར་ཙམ་མི་སྦྱིན་པ་ལ་བསླབ་བྱའི་ཉེས་བྱས་སོ། །གཉིས་པ་ནགས་བརྟག་པའི་སོར་བཤགས་ལ་བཞི་ལས་གཞིའི་ཡན་ལག་ལ་སྦྱིན་བདག་ནི་ཁྱིམ་པ་ཆོས་ལྔ་ལྡན་དགེ་འདུན་ལ་ཟས་ལ་སོགས་པ་བསྔོ་བ་པོ་ཡིན་པ། ཟས་ནི་རུང་ཞིང་ཟས་གཅིག་གི་ཚད་དུ་ལོངས་པའི་དུས་རུང་སྦྱིན་བདག་གིས་བསྔོས་པ་ཡིན་པ། གནས་འཇིགས་པ་དང་བཅས་ཤིང་གཙུག་ལག་ཁང་ནས་རྒྱང་གྲགས་ཀྱི་ཕྱི་རོལ་ཡིན་པ། རྟེན་ནི་ནགས་མྱུལ་བར་བསྐོས་ཤིང་མ་མྱུལ་བའོ། །བསམ་པ་ལ་འདུ་ཤེས་ནི་ནགས་མ་མྱུལ་བ་ལ་དེར་ངེས་པའམ་ཡིད་གཉིས་གང་རུང་གིས་ཤེས་པ། ཀུན་སློང་ནགས་མ་མྱུལ་བར་ཟ་བར་འདོད་པ། སྦྱོར་བ་དང་མཐར་ཐུག་སྔ་མ་དང་འདྲའོ། །འཇིགས་པ་དང་བཅས་པའི་ཚེ་ནགས་མྱུལ་བའི་དགེ་སློང་དང་དེ་ལ་གྲོགས་དགོས་ན་གྲོགས་དང་བཅས་པ་མ་བསྐོས་པ་དང༌། དེ་ལ་ཁྱིའུ་སུས་མི་སྟེར་བ་དང༌།


JLD001_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོས་པ་དེས་ཀྱང་དཔག་ཚད་ཕྱེད་ལ་སོགས་པ་མ་བརྟགས་པ་དང༌། འཇིགས་པ་ཆེ་ཆུང་ལ་སོགས་པའི་བརྡ་མི་བྱེད་པ་རྣམས་ལ་བསླབ་བྱའི་ཉེས་བྱས་སོ། ། ༈ ལྔ་པ་ཉེས་བྱས་ཀྱི་སྡེ་ཚན་ལ་དགུ་ལས་དང་པོ་གོས་བགོ་བའི་སྡེ་ཚན་ལ་ཤམ་ཐབས་ཀྱི་མ་མཐའ་མཉམ་པར་མ་བགོས་པ་དང༌། པུས་མོའི་གོང་དུ་ཐལ་བའི་བརྩེངས་པ་དང༌། ལོང་བུ་ལ་རེག་པའི་ཧ་ཅང་འཇོལ་བ་དང༌། ཁ་ཚར་ཕུན་ཚར་གྱི་མཐའ་ནར་བ་དང༌། ལྟེ་བའི་གོང་ཙམ་དུ་ཤམ་ཐབས་ཀྱི་མགོ་ལྟེབས་པ་དང༌། ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེངས་ཀ་ལྟར་ལྟེབས་པ་དང༌། སྐ་རགས་ཀྱི་བར་བར་དུ་འབྲུའི་ཕུར་མ་ལྟར་འདུག་པ་དང༌། སྟོད་གཡོགས་ལ་ཡང་ཟླུམ་པོར་མ་བགོས་པ་དང༌། ཧ་ཅང་བརྩེངས་པ་དང༌། ཧ་ཅང་འཇོལ་པ་སྟེ་བཅུའོ། །གཉིས་པ་ཁྱིམ་དུ་འཇུག་པའི་སྡེ་ཚན་ལ་རྐང་ལག་རྐྱོང་བ་ལ་སོགས་པ་མ་བསྡམས་པ་དང༌། གོས་མཉམ་པར་མ་བགོས་པ་དང༌། ཅ་ཅོའི་སྒྲ་མི་བསྐྱུང་བ་དང༌། མིག་གཡེང་བ་དང༌། གཉའ་ཤིང་གང་ལས་ལྷག་པར་ལྟ་བ་སྟེ་ལྔ་དང༌། མགོ་རས་ལ་སོགས་པས་གཡོག་པ་དང༌། འདོམས་སྣང་བར་བརྫེ་བ་དང༌། གོས་ཕྲག་པ་གཉི་གར་གཟར་པ་དང༌། ལག་པ་མདུན་ནས་བཏང་སྟེ་གཉའ་གོང་དུ་བསྣོལ་བ་དང༌། ལྟག་ཁུང་དུ་ལག་པ་གཉིས་ཕྱོགས་ཕྱོགས་ནས་བསྣོལ་བ་སྟེ་ལྔ་དང༌། མཆོང་བ་དང༌། སྒྱིད་པ་བརྐྱང་བསྐུམས་བྱེད་ཅིང་འགྲོ་བ་དང༌། ཙོག་པུས་འགྲོ་བ་དང༌། རྟིང་པ་བཏེག་སྟེ་བྲང་བས་འགྲོ་བ་དང༌། ལག་པ་གཉིས་རྐེད་པ་ལ་བརྟེན་ཏེ་གྲུ་མོ་ཕྱིར་སྨྱུང་པོར་བྱས་ཏེ་འགྲོ་བ་ལྔ་


JLD001_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལུས་སྒྱུར་ཞིང་འགྲོ་བ་དང༌། ལག་པ་ཀྱོག་ཅིང་འགྲོ་བ་དང༌། མགོ་སྒྱུར་བ་དང༌། གཞན་དང་ཕྲག་པ་གཉིས་སྤྲད་པ་དང༌། གཞན་དང་ལག་པ་སྦྲེལ་ཏེ་འགྲོ་བ་ལྔ་སྟེ་ཉི་ཤུའོ། །གསུམ་པ་ཁྱིམ་དུ་འདུག་པའི་སྡེ་ཚན་ལ། ཁྱིམ་དུ་མ་བསྒོ་བ་དང་མི་བརྟགས་པར་སྟན་ལ་འདུག་པ་དང༌། ལུས་ཀྱི་ལྗིད་ཕབ་སྟེ་འདུག་པ་དང༌། པུས་མོ་མན་ཆད་ཀྱི་རྐང་པ་བསྣོལ་བ་དང༌། བརླ་བསྣོལ་བ་དང༌། ལོང་བུའི་སྟེང་དུ་ལོང་བུ་བཞག་པ་དང༌། རྐང་པ་ཁྲིའི་འོག་ཏུ་དགུག་པ་དང༌། རྐང་པ་གདངས་པ་དང༌། འདོམས་སྣང་བ་སྟེ་དགུའོ། །ལག་པ་འགྲམ་པ་ལ་བརྟེན་པ་དག་སྟན་རྒྱབ་ཏུ་བཀུར་བ་གཉིས་ནི་བསླབ་བྱའི་ཉེས་པའོ། །བཞི་པ་ཟས་བླང་བའི་སྡེ་ཚན་ལ་ཟས་ལེགས་པར་མ་བླངས་པ་དང༌། མུ་དང་ཁད་ཆད་དུ་བླངས་པ་དང༌། ཚོད་མ་དང་ཟན་མཉམ་པོར་བླངས་པ་དང༌། མཐར་ཆགས་སུ་མ་བླངས་པ་དང༌། ལྟུང་བཟེད་ལ་ཡིད་ཀྱིས་མ་བལྟས་པར་བླངས་པ་དང༌། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་བཟེད་པ་དང༌། ཡང་འདོད་པའི་ཕྱིར་འབྲས་ཆན་དང་ཚོད་མ་གཅིག་གིས་གཅིག་འགེབས་པ་དང༌། ཟས་ཀྱི་སྟེང་དུ་ལྷུང་བཟེད་བཟེད་པ་རྣམས་སོ། །ལྔ་པ་ཟས་བཟའ་བའི་སྡེ་ཚན་ནི་ཟས་ལེགས་པར་མ་ཟོས་པ་དང༌། ཁམ་ཧ་ཅང་ཆུང་བ་དང༌། ཆེ་བ་དང༌། ཁམ་རན་པར་མ་བྱས་པ་དང༌། ཟས་ཁའི་སྒོར་མ་སླེབ་པར་ཁ་གདངས་པ་དང༌། ཁ་ཁམ་གྱིས་བཀང་སྟེ་སྨྲ་བ་དང༌། ཙུག་ཙུག་དང༌། ཅག་ཅག་དང༌། ཧུ་ཧུ་དང༌། ཕུ་ཕུ་ཞེས་པའི་སྒྲ་དང་བཅས་པ་དང༌། ལྕེ་ཕྱིར་ཕྱུང་སྟེ་ཟས་ཟ་བ་ལྔ་དང༌། འབྲུ་རེ་རེ་ནས་བཏུས་ཏེ་ཟ་བ་དང༌། ཟས་ལ་དཔྱས་འདོགས་པ་དང༌། མཁུར་བ་


JLD001_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་ཞིང་ཟ་བ་དང༌། རྐན་གཏོག་པ་དང༌། ཁམ་འཕྲོར་བཅད་དེ་ཟ་བ་ལྔ་དང༌། ལག་པ་བལྡག་པ་དང༌། ལྷུང་བཟེད་སོར་མོས་འབྱོག་པ་དང༌། ལག་པ་ཟས་ཀྱིས་གོས་པ་སྤྲུག་པ་དང༌། ཟས་དང་བཅས་པའི་ལྷུང་བཟེད་བསྐྱམ་པ་དང༌། ཟས་ལ་མཆོད་རྟེན་འདྲ་བར་བྱས་ཏེ་གཞོམ་པ་དང་ལྔ་སྟེ་ཉི་ཤུ་རྩ་གཅིག་གོ །དྲུག་པ་ལྷུང་བཟེད་དུ་སྤྱད་པའི་སྡེ་ཚན་ནི། གཞན་གྱི་ལྷུང་བཟེད་ལ་དཔྱས་གདགས་པའི་ཕྱིར་ལྟ་བ་དང༌། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་བཟུང་བ་དང༌། དགེ་སློང་ལ་ཟས་དང་འབགས་པའི་ཆུས་གཏོར་བ་དང༌། ཁྱིམ་པའི་ཁྱིམ་དུ་དེ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་དབོ་བ་སྟེ་བཞི་དང༌། ལྷུང་བཟེད་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་དོར་བ་དང༌། འོག་གཞི་མེད་པ་དང༌། གད་ཁ་དང༌། གཡང་ས་དང་དཀན་གཟར་པོ་རྣམས་སུ་ལྷུང་བཟེད་བཞག་པ་དང༌། འགྲེད་པ་དང༌། གད་ཁ་དང༌། གཡང་ས་དང༌། དཀན་གཟར་པོ་རྣམས་སུ་ལྷུང་བཟེད་བཀྲུ་བ་དང༌། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་བཅུ་བ་དང་བཅུ་སྟེ་དེ་ལྟར་བཅུ་བཞིའོ། །ལྷུང་བཟེད་ཀྱི་ཆུ་སློང་བ་ན་ལན་གསུམ་བཀྲུས་ཏེ་གཙུག་ལག་གི་ཚིགས་བཅད་བཟླས་པའི་ཆུ་མ་བྱིན་པ་དང་ལམ་གྱི་བཞི་མདོར་ལྷུང་བཟེད་འཁྲུ་བ་གཉིས་ནི་བསླབ་བྱའི་ཉེས་བྱས་སོ། །བདུན་པ་ཆོས་སྟོན་པའི་སྡེ་ཚན་ནི་མི་ན་བའི་དབང་དུ་བྱས་ཏེ། ཉན་པ་པོ་འདུག་པ་ལ་འགྲེང་བ་དང༌། ཉལ་བ་ལ་འདུག་པ་དང༌། སྟན་མཐོན་པོ་དང་བཟང་པོ་ལ་འདུག་པ་ལ་དམའ་བ་དང་ངན་པ་ལ་འདུག་པ་དང༌། མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་བ་དང༌། ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་བ་རྣམས་


JLD001_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆོས་བཤད་པ་སྟེ་ལྔ་དང༌། མགོ་གཡོགས་པ་དང༌། བརྫེས་པ་དང༌། གཟར་བ་དང༌། གཉའ་གོང་དུ་བསྣོལ་བ་དང༌། ལྟག་པར་བསྣོལ་བ་ལ་ཆོས་བཤད་པ་ལྔ་དང༌། མགོ་དོ་ཀེར་ཅན་དང༌། ཞྭ་གྱོན་པ་དང༌། ཅོད་པན་ཅན་དང༌། ཕྲེང་བ་ཅན་དང༌། རས་ལ་སོགས་པས་དཀྲིས་པ་ལ་བཤད་པ་ལྔ་དང༌། གླང་པོ་ཆེ་དང་རྟ་ལ་སོགས་པ་ཞོན་པ་དང༌། ཁྱོགས་དང་བཞོན་པའི་སྟེང་ན་འདུག་པ་དང༌། ལྷམ་གྱོན་པ་ལ་བཤད་པ་ལྔ་དང༌། ལག་ན་གདུགས་དང༌། འཁར་བ་དང༌། མཚོན་དང༌། རལ་གྲི་དང༌། དགྲ་ཆ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་བཤད་པ་དྲུག་དང་ཉེར་དྲུག་གོ །བརྒྱད་པ་བསྒྲུབ་པའི་སྡེ་ཚན་ནི། མི་ན་བས་འགྲེང་བ་དང༌། ཆུའི་ནང་དང༌། རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་རྣམས་སུ་བཤང་གཅི་བྱེད་པ་དང༌། བཤང་གཅི་དང༌། མཆིལ་མ་དང༌། སྣབས་དང་། སྐྱུགས་པ་དང༌། བླུགས་པ་རྣམས་ཆུ་དང་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་འདོར་བ་སྟེ་བཞིའོ། །དགུ་པ་རྒྱུ་བ་དགག་པའི་སྡེ་ཚན་ནི། གནོད་པ་བྱུང་བ་མ་གཏོས་པར་ཤིང་ལ་མི་གང་ཙམ་ལས་མཐོ་བར་འཛེག་པའོ། །བསྟན་པ་དང་སེམས་ཅན་ལ་ཕན་རྒྱ་ཆེན་པོ་ཐོགས་ཤིང་བདག་གཞན་སེམས་ཅན་ཐམས་ཅད་བཤེས་ཉེན་དམ་པས་མཉེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག །སྟོད་ལུང་ཕུ་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་གནམ་རྩེང་ལྡེང་དུ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་རྗེ་བཙུན་རེད་མདའ་པ་ཆེན་པོ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་སྟེ་ཆོས་རྗེ་རྣམ་གསུམ་ཞལ་འཛོམ་སྟེ་བསྟན་པ་རིན་པོ་ཆེའི་བྱི་དོར་སྔོན་སངས་རྒྱས་མཐོང་བའི་ལྷ་དང་དམ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་མཆོག་ཏུ་དགའ་


JLD001_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེད་པ་མཛད་པའི་ཚེ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཆོས་གྲྭར་གསུངས་པ། རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་ཞེས་བྱ་བ་མཁས་པའི་སྙན་གྲགས་ཀྱིས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཁྱབ་ཅིང་ཚུལ་ཁྲིམས་ཀྱི་དྲི་ངད་དཔག་ཚད་ཀྱི་བར་དུ་ལྡང་བ། འདི་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་གཤེགས་པ་དེ་ཉིད་ཀྱིས་ཟིན་བྲིས་སུ་མཛད་པའོ། །ཚུལ་ཁྲིམས་རྣམ་དག་གི་གཟུངས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ༀ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། ངྷ་ར་ངྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱཧཱ།། མངྒ་ལཾ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། ཆོས་སྡེ་ཆེ་ནས་ཆོས་སྦྱན་ཆར་འདི་སྤེལ། །


previousདགེ་སློང་གི་བསླབ་བྱ་གནམ་རྩེད་ལྡེང་མར་གྲགས་པ།next