Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
   
   
   
དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ།
   
   
   
   
   


 
previousདཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ། next

དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ།


JLD005_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ་བཞུགས་སོ། །


JLD005_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྣམ་དག་དབང་བཞི་ཚུལ་བཞིན་བསྐུར་བ་ཡིས། །ཟབ་མོ་རྡོ་རྗེ་ཐེག་པའི་དགའ་སྟོན་གྱི། །ལོངས་སྤྱོད་མཆོག་ལ་སྦྱོར་མཛད་རྡོ་རྗེ་འཆང༌། །འཇམ་དབྱངས་བླ་མའི་ཞབས་ལ་གུས་བཏུད་ནས། །ཐབས་ལ་མཁས་པའི་རྟེན་འབྲེལ་དུ་མ་ཞིག །ལེགས་པར་བསྒྲིགས་པས་སྐལ་ལྡན་ཟབ་མོའི་ལམ། །ཚུལ་བཞིན་སྒྲུབ་པའི་སྣོད་དུ་སྒྲུབ་བྱེད་པའི། །དཀྱིལ་འཁོར་ཆོ་ག་རྒྱུད་བཞིན་བདག་གིས་བཤད། །དཔལ་ལྡན་རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་པའི། །སུམ་ཅུ་རྩ་གཉིས་ལྷ་ཡི་འཁོར་ལོ་


JLD005_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །དཀྱིལ་འཁོར་ཆེན་པོར་དགའ་བཞིན་རོལ་བ་འདིར། །དངོས་གྲུབ་རྒྱ་མཚོ་གེགས་མེད་འདུ་བར་མཛོད། །ཇི་སྐད་དུ་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་ཕོས་རྒྱུད་ཀྱི་དོན་ཤེས་ཀྱང༌། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟང་དམྱལ་བ་ཆེན་པོར་འགྲོ། །ཞེས་ཡང་དག་པའི་དབང་བསྐུར་བ་ཐོབ་ན། རྫོགས་རིམ་དང་དེས་མཚོན་པའི་བསྐྱེད་རིམ་སྒོམ་པ་སོགས་ཀྱི་སྣོད་དུ་འགྱུར་ལ། དབང་རྣམ་དག་མ་ཐོབ་ན། རྒྱུད་ཀྱི་དོན་ཤེས་ནས་བསྒྲུབས་པས་དངོས་གྲུབ་ཕྲ་


JLD005_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཐོབ་ཀྱང་དཔོན་སློབ་གཉིས་ཀ་དམྱལ་བར་འགྲོ་བར་གསུངས་ཤིང༌། །རྒྱད་གཞན་མང་པོ་ལས་ཀྱང་ཡང་དག་པོའི་དབང་བསྐུར་མ་ཐོབ་པར་དངོས་གྲུབ་འདོད་ནས་སྒྲུབ་པ་ནི། མཁའ་ལ་ཁུ་ཚུར་རྡེག་པ་དང༌། སྨིག་རྒྱུའི་ཆུ་ལ་འཐུང་བ་དང༌། འབྲས་འདོད་ཕུབ་མ་རྡུང་བ་དང་འདྲ་བར་གསུངས་པས། ལམ་འདིར་འཇུག་པ་ལ་ཐོག་མར་རྣམ་པར་དག་པའི་དབང་ཐོབ་པ་ཤིན་ཏུ་གལ་ཆེའོ། །དེ་རྣམས་ཀྱང་གོ་རིམ་ངེས་པ་ཅན་དུ་རྡོ་རྗེ་གུར་ལ་སོགས་པ་ལས་གསུངས་པས་ཐོག་མར་བསྐྱེད་རིམ་གྱི་སྣོད་རུང་དུ་སྒྲུབ་པའི་དབང་མ་ཐོབ་པར། །རྫོགས་རིམ་གྱི་སྣོད་རུང་དུ་སྒྲུབ་པའི་དབང་གོང་མ་བྱར་གཏན་མི་རུང་ལ། །རིམ་པ་དང་པོའི་སྣོད་རུང་དུ་སྒྲུབ་པའི་དབང་ཡང་སྔོན་དུ་དཀྱིལ་འཁོར་དུ་བཅུག་པ་ཅིག་ངེས་པར་དགོས་ཏེ། དཀྱིལ་འཁོར་དུ་མ་ཞུགས་པས་བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པར་མཉམ་སྦྱོར་ལས་གསུངས་པའི་ཕྱིར་དང༌། དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་དུ་གཞུག་སའི་དཀྱིལ་འཁོར་ནི་ཕྱི་དང་ལུས་ཀྱི་དཀྱིལ་འཁོར་གཉིས་སུ་ངེས་ལ། ཕྱི་ལ་ཡང་རྡུལ་ཚོན་དང་རས་བྲིས་དང་བསམ་གཏན་གྱི་དཀྱིལ་འཁོར་གསུམ་གསུངས་པས་བཞིར་ངེས་སོ། །བྷ་ག་དང་བྱང་ཆུབ་སེམས་ལ་དོན་དམ་དང་ཀུན་རྫོབ་གཉིས་སུ་བྱས་པའི་དཀྱིལ་འཁོར་གསུམ་ནི་རྫོགས་རིམ་གྱི་དབང་གསུམ་གང་དུ་ཐོབ་པའི་དཀྱིལ་འཁོར་ཡིན་པས་སྤྱིར་དབང་གི་


JLD005_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བདུན་ནོ། །དེ་ལ་ཕྱི་དཀྱིལ་གྱི་དབང་སྔོན་དུ་མ་ཐོབ་པར། ལུས་དཀྱིལ་གྱི་དབང་བསྐུར་དུ་མི་རུང་བར་བླ་མ་སྔ་མ་རྣམས་བཞེད་པ་ནི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། དཀྱིལ་འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། དང་པོའི་ལས་ཅན་རྣམས་ལ་བསྔགས། ཞེས་ཐོག་མར་ལས་དང་པོ་པ་ལ་བཅོས་མའི་དཀྱིལ་འཁོར་གྱི་ལས་དགོས་པར་གསུངས་ཤིང༌། དྲིལ་བུ་པས་རྡུལ་ཚོན་དང་རས་རིས་གཉིས་བཅོས་མའི་དཀྱིལ་འཁོར་དུ་གསུངས་པའི་ཕྱིར་དང༌། རྒྱུད་དེ་ཉིད་ལས། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་བསྒོམ་པ་དང༌། བཅོས་མ་ཡི་ནི་བཟླས་པ་བྱ། ཞེས་གསུངས་པ་དང་རིགས་པ་མཚུངས་པའི་ཕྱིར་རོ། །བསམ་གཏན་གྱི་དཀྱིལ་འཁོར་གྱི་ཆོ་ག་ནི། སློབ་དཔོན་ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པ་དང༌། སློབ་མ་རྡུལ་ཚོན་གྱིས་བྲི་བའི་ཡོ་བྱད་མི་རྙེད་པ་ལ་སོགས་པ་ལ་དམིགས་བསལ་དུ་གསུངས་ཀྱི། །སྤྱིའི་དབང་དུ་བྱས་པ་མིན་ནོ། །དྲིལ་བུ་ཞབས་དང་སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང། ཨ་བྷྱཱ་ཀཱ་ར་ལ་སོགས་པས་རས་རིས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡང་བཤད་པས། ཐོག་མའི་དབང་ལ་དེ་ཡང་རུང་མོད་ཀྱང་སློབ་དཔོན་གྱི་མཚན་ཉིད་དུ་དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ་མང་དུ་གསུངས་ཤིང༌། སློབ་མའི་ངོས་ནས་དཀྱིལ་འཁོར་གྱི་ཕྱོགས་སུ་ཟང་ཟིང་གཏོང་བའི་སྒོ་


JLD005_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མང་ལ། །དེས་ཀྱང་རྒྱུད་སྣོད་རུང་དུ་སྒྲུབ་པ་ལ་ཁྱད་པར་ཤིན་ཏུ་ཆེ་བས། རྒྱུད་དང་གྲུབ་ཆེན་གྱི་གཞུང་རྣམས་ནས་རྡུལ་ཚོན་གྱི་ཆོ་ག་བསྔགས་པས་འདི་ནི་གཙོ་བོའོ། །དེ་ལ་འདུས་པའི་རྩ་རྒྱུད་ཀྱི་ལེའུ་དང་པོ་དང་བཞི་པ་དང་བརྒྱད་པ་དང༌། བཅུ་དྲུག་པ་ལས་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་ཏེ་གསུངས་པ་ལ། རྒྱུད་ཕྱི་མས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱིས་དབང་གཉིས་ཁ་བསྐངས་ཤིང༌། རྡོ་རྗེ་ཕྲེང་བ་ལས། སྔོན་དུ་བསྙེན་པ་ས་སྦྱང་དང༌། ཞེས་པ་ནས། དབང་བསྐུར་བ་དང་གཤེགས་སུ་གསོལ། །དེ་ལྟར་ཆོ་ག་ཉི་ཤུའི་ལས། ཞེས་དཀྱིལ་འཁོར་གྱི་ཆོ་ག་ནི་ཆོ་ག་ཉི་ཤུར་བསྡུས་ཤིང༌། དེས་ཀྱང་བསྙེན་པ་དང་ས་ཆོག་ལ་སོགས་པ་རྒྱས་པར་བཤད་ལ། །དབང་བཞི་པ་ནི་དེའི་ལེའུ་གཉིས་པ་ལས་གསུངས་སོ། །སྒྲོན་གསལ་ལས་མཚན་མ་ལྷག་མ་དགོད་པ་སོགས་དཀྱིལ་འཁོར་གྱི་ཆོ་ག་ལ་ཁ་འཕངས་ཤིང་ཆོ་ག་ཡང་ས་སྦྱང་བ་ལ་སོགས་ཉི་ཤུར་བཤད་པའི་དཀྱིལ་ཆོག་ནི། །ཐུགས་རྗེ་དཔལ་ཞབས་ཀྱིས་ཀླུའི་བློའི་དཀྱིལ་ཆོག་ལ་བཤད་ཅིང༌། སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང༌། ཨ་བྷྱཱ་ཀཱ་ར་ལ་སོགས་པས་ཀྱང༌། །ཀླུ་བྱང་གིས་མཛད་པའི་་ཆོ་ག་ཉི་ཤུ་པ་འདི་ཉིད་ཁུངས་སུ་བྱེད་པར་སྣང་ལ། འཕགས་པས་མཛད་པར་གྲགས་པའི་ཆོ་ག་ཉི་ཤུ་པ་ནི། མཚན་མ་འགོད་པའི་སྐབས་ན་རྩ་རྒྱུད་དང་མི་མཐུན་པ་མང་དུ་སྣང་ཞིང༌། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་དང༌། དབང་བཞི་པའི་ཆོ་ག་བཤད་པ་ལ་ཐེ་ཚོམ་གྱི་གཞི་ཆེན་པོ་སྣང་བ་དང༌། ཀླུ་བྱང་


JLD005_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆོ་ག་དང་མི་མཐུན་པ་མང་པོ་སྣང་བས་བཏང་སྙོམས་སུ་བྱས་ལ། འདིར་ནི་ཀླུ་བྱང་གི་ཆོ་ག་དང་མཐུན་པར་བཤད་པར་བྱའོ། །འོ་ན་ཀླུ་བྱང་གིས་མཛད་པར་འདོད་པ་ལ་ཡང་ཆོ་ག་ཉི་ཤུའི་གྲངས་བཤད་རྒྱུད་དང་མི་མཐུན་ལ། དེའི་ཆོ་ག་ཉི་ཤུ་རྫོགས་པ་ལ་དབང་གོང་མ་གསུམ་མེད་པ་ཡང་མི་མཐུན་ཞིང༌། གཞན་ཡང་མི་མཐུན་པ་མང་དུ་སྣང་བས་ཀླུ་བྱང་གིས་མཛད་པར་མ་གྲུབ་བོ་ཞེ་ན། སྐྱོན་མེད་དེ་ཆོ་ག་ཉི་ཤུའི་ནང་དུ་དབང་གོང་མ་རྣམས་མ་མཛད་པ་ནི། རིམ་ལྔར་དབང་གོང་མའི་ཆོ་ག་བསྡུས་པ་མཛད་པ་ལ་དགོངས་ལ། ཁྲུས་སྟེགས་ཀྱི་ཆོ་ག་ལ་སོགས་པ་བཤད་རྒྱུད་ན་དངོས་སུ་མེད་པ་འགའ་ཞིག་ཁ་བསྐངས་པ་ནི་དོན་གྱིས་འཐོབ་ཅིང༌། །ཡོད་པ་རྣམས་ཀྱི་གྲངས་འདྲེན་ལུགས་ནི་དབྱེ་བསྡུ་ཙམ་ཡིན་པས་དོན་ལ་སྐྱོན་མེད་པའི་ཕྱིར་དང༌། ཁ་ཅིག་མི་འདྲ་བ་ནི་རྒྱུད་གཞན་ནས་བཤད་པ་དང་གཉིས་གང་བྱས་ཀྱང་འདྲ་བ་ཡིན་ལ། འགའ་ཞིག་མ་བཀོད་པ་ནི་འདིར་ཁ་བསྐངས་པས་ཆོག་པའི་ཕྱིར་རོ། །དེ་ལྟར་གང་དུ་སློབ་མ་འཇུག་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི། རྡུལ་ཚོན་གྱི་ལྷའི་གནས་གང་དུ་འོང་སར་ལྷ་སྟ་གོན་གྱི་དྲིའི་དཀྱིལ་འཁོར་བྱེད་དགོས་པ་དང༌། ཚོན་འགྱེད་པའི་གནས་ངེས་པའི་ཕྱིར་དུ་སྔོན་དུ་ཐིག་གདབ་དགོས་ལ། །དེ་ལ་ཡང་ལས་ཐིག་གིས་ཆ་བགོ་བ་དང༌། །དེ་ཡེ་ཐིག་གིས་བྱིན་གྱིས་རློབ་པ་གཉིས་དགོས་སོ། །ཐིག་ཐེབས་ནས་སའི་


JLD005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་སྟ་གོན་བྱེད་པ་ནི། གཞི་དེར་ཆོ་ག་བྱེད་པའི་གནང་བ་གསོལ་བ་ཡིན་ལ། །ལྷ་སྟ་གོན་བྱས་ནས་གསོལ་བ་འདེགས་པ་ནི་འདྲི་བར་འགྱུར་བའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་དོན་དུ་སྙན་གསན་འབེབས་པའོ། །ལས་བུམ་སྟ་གོན་ནི་སློབ་མ་དང་མཆོད་རྫས་སོགས་ལ་མ་དག་པ་དང་བགེགས་བསལ་བའི་དོན་དུ་ཡིན་ལ། །བུམ་པ་ལྷག་མ་སྟ་གོན་བྱེད་པ་ནི་ཆུ་དབང་བསྐུར་བའི་དོན་ནོ། །སློབ་མ་སྟ་གོན་ནི་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བའི་སྔོན་དུ་རྒྱུད་སྦྱོང་བའོ། །དེ་ལྟར་ཐིག་འདེབས་པའི་གཞི་དེ་ཡང་སའི་ཆོ་ག་བྱས་པ་ཅིག་དགོས་ལ། དེ་ལ་ནི་ཕྱོགས་དེར་དཀྱིལ་འཁོར་བྱར་རུང་མི་རུང་རྟོག་པའི་ས་བརྟག་པ་དང་རུང་བར་ཤེས་ན་བདག་པོ་ལས་བསླངས་ཏེ་གནང་བ་ཐོབ་པ་དགོས་པས་ས་བསླང་བ་དང༌། གནང་བ་ཐོབ་ནས་ས་དེ་སྦྱང་དགོས་པས་ས་སྦྱང་བ་དང༌། སྦྱངས་པས་དག་པ་ན་དཀྱིལ་འཁོར་བྱ་བའི་གཞིར་ཡོངས་སུ་བཟུང་དགོས་པས་ས་བཟུང་བ་དང༌། བཟུང་བའི་ས་ལ་ནི་བྱིན་གྱིས་བརླབ་པ་དང་བསྲུང་བ་དགོས་པས་བགེགས་ཞི་བའི་ཆོ་ག་སྟེ་ལྔ་དགོས་སོ། །དེ་ལྟ་བུ་སྒྲུབ་པའི་རྡོ་རྗེ་སློབ་དཔོན་ནི། །དབང་ཡོངས་སུ་རྫོགས་པར་ཐོབ་ཅིང༌། དེ་ཉིད་བཅུ་ལ་མཁས་པ། །རྣལ་འབྱོར་མའི་སྙིང་པོ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྐྱོང་བས་རྩ་ལྟུང་དང་མི་ལྡན་པ། །ཕྱི་རུ་སོ་སོར་ཐར་པ་སྤྱོད་ཅིང༌། ནང་དུ་འདུས་པའི་ལམ་ལ་དགའ་བ། ལྷའི་རྣལ་འབྱོར་ལ་ཐུན་བཞིར་གོམས་པས་སེམས་


JLD005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་མཚན་མ་རྙེད་པ། གཙོ་བོ་ལ་འབུམ་དང་འཁོར་རྣམས་ལ་ཁྲི་ཕྲག་རེ་དང༌། བགེགས་མཐར་བྱེད་ཀྱི་ཕྲེང་སྔགས་ཁྲི་དང༌། ཡེ་ཤེས་འབེབས་པའི་སྔགས་འབུམ་གྱི་བཟླས་པ་སོང་ཞིང༌། ཕྱི་མའི་བཅུ་ཆའི་སྦྱིན་སྲེག་བྱས་པའོ། །སློབ་མ་ནི་བླ་མ་ལ་གུས་པ། སྒྱུ་མེད་ཅིང་ལུང་མང་དུ་ཐོས་པ། བྱང་ཆུབ་ཀྱི་སེམས་གཉིས་ལ་སྦྱངས་པས་སེམས་ཅན་འདོན་པའི་བློ་དང་ལྡན་པ། རྡོ་རྗེ་སེམས་དཔའི་སྡོམ་པ་ལ་དོན་གཉེར་ཆེ་ཞིང་རྡོ་རྗེ་ཐེག་པ་ལ་མོས་པ་བརྟན་པའོ། །དེ་འདྲ་བ་དེས་བླ་མ་ལ་མཎྜལ་ཕུལ་ཕྱག་བྱས་པུས་མོ་བཙུགས་ཤིང༌། ཐལ་མོ་སྦྱར་ནས་དབང་གི་དོན་དུ་གསོལ་བ་ལན་གསུམ་གདབ་བོ། །དེ་ཡི་ཚེ་སློབ་མའི་སེམས་བརྟན་པ་དང་གཡོ་བ་དང་འདྲེས་མ་གང་འདུག་དྲིས་ལ། བརྟན་ན་དགེ་གཡོ་ན་མི་དགེ་འདྲེས་མ་ལས་འདྲེས་མར་ཤེས་པར་བྱའོ། །ཡོ་བྱད་མ་ཚོགས་པར་འདུག་ན་སློབ་མ་བསྲུང་བ་ལམ་གྱི་རིམ་པར་བཤད་པ་བཞིན་ནམ་བསྡུས་པ་བྱེད་ན་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སློབ་མའི་བགེགས་བསལ་ལ། བདུད་རྩི་འཁྱིལ་པའི་ཕྲེང་སྔགས་སམ། མཚན་སྔགས་ལམ་བདུན་བཟླས་པས་བསྲུང་ཞིང༌། རྒྱུན་དུ་ཟློས་སུ་ཡང་གཞུག་གོ །དེ་ནས་ཚེས་གྲངས་བཟང་པོ་ལ་ས་ཕྱོགས་གཙང་མར་ཁྲུས་བྱས་གོས་གསར་པ་གྱོན་ནས། སྤྱན་རས་གཟིགས་ཀྱི་སྤྱན་སྔར་མཎྜལ་དང་མཆོད་པ་ཕུལ་ཏེ། ༀ་མུ་ཙི་ལི་སྭཱཧཱ། །ༀ་


JLD005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཧ་ནི་སྭཱཧཱ། ༀ་དཱཾ་ཏི་ལེ་སྭཱཧཱ། ཞེས་པ་ཁྲིའམ་ལག་པ་གཡོན་པས་ཁར་ལན་ཉེར་གཅིག་ཏུ་བསྔགས་ལ། མགོ་ལྷོ་ཁ་ཤར་དུ་ཕྱོགས་པས་འཕགས་པའི་སྤྱན་སྔར་ཉལ་ལ་རྨི་ལམ་བརྟག །རྨི་ལམ་ངན་ན་བདུད་རྩི་འཁྱིལ་པའི་སྔགས་ཟློས་པའམ། །སྟོང་པ་ཉིད་སྒོམ་པས་སམ། །སླར་ཡང་རྨི་ལམ་བརྟགས་ལ། ལྷས་གནང་བའམ་མ་བཀག་ན། །སྟོན་ཟླ་འབྲིང་པོའི་ཉ་ནས་དཔྱིད་ཟླ་ཐ་ཆུང་ཉའི་བར་ཟླ་བ་བདུན་དང༌། ངོ་གཉིས་ལས་ཡར་ངོ་དང༌། ཡར་ངོའི་ཚེས་གཅིག་དང་གསུམ་དང་ལྔ་དང་བདུན་དང་བརྒྱད་དང༌། བཅུ་དང་བཅུ་གཅིག་དང་བཅུ་གསུམ་དང་བཅུ་བཞི་དང་བཅོ་ལྔ་སྟེ་བཅུ་དང། གཟའ་ཕུར་བུ་དང་ཟླ་བ་དང་པ་སངས་དང་ཉི་མ་སྟེ་བཞི་དང༌། སྐར་མ་རྒྱལ་དང་སྐག་དང་ས་ག་དང་མེ་བཞི་དང་ཐ་སྐར་དང་སྣྲོན་ཏེ་དྲུག་དང༌། གཟའ་སྐར་བཟང་ན་མར་རོ་ལ་ཡང་བྱ་བར་སྤྱི་རྒྱུད་ལ་གསུངས་པས། དུས་དེ་རྣམས་ལ་སྦྱོར་བ་དང་བྱེད་པ་ངན་པ་ཡང་སྤབས་ནས་ཆོ་ག་བརྩམ་པར་བྱའོ། །ཆོ་ག་ལ་གསུམ། སའི་ཆོ་ག །སྟ་གོན་གྱི་ཆོ་ག །དངོས་གཞིའི་ཆོ་གའོ། །དང་པོ་ལྔ། ས་བརྟག་པ། ས་བསླང་བ། ས་སྦྱང་བ། ས་གཟུང་བ། བསྲུང་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ནི། གྲོང་ལ་སོགས་པའི་ཕྱི་རོལ་ཏུ་བྱེད་ན་ཕྱོགས་གཞན་བདུན་སྤངས་ལ་དབང་ལྡན་དུ་བྱ། དེ་དག་གི་ནང་དུ་བྱེད་ན་ཡིད་གང་དགའ་བར་བྱ། དེ་ཡང་ལྷའི་ཁྱིམས་དང་གཙུག་ལག་ཁང་གི་གནས་ཁང་དང༌། ཁང་བཟང་གི་སྟེང་དང་དུར་


JLD005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དང༌། ཚལ་དང་རི་རྩེ་དང་རྡོ་ལེབ་ཀྱི་གནས་རྣམས་བསྔགས་པར་གསུངས་ཏེ། ཕྱོགས་དང་མཚན་ཉིད་ཀྱི་སྒོ་ནས་བརྟག་པའོ། །གནས་དེ་དག་ཏུ་དཀྱིལ་འཁོར་གྱི་ཁང་པ་བྱད་པ་དང། ས་བརྐོས་ནས་དཀྱིལ་འཁོར་གྱི་སྟེགས་བུ་བྱེད་ན་ནི་ས་དང་ཆུ་ལ་སོགས་པས་རྟོག་པ་ཡིན་ཏེ། ཕལ་ཆེར་དེ་མི་བྱེད་པ་མང་བར་སྣང་བས་འདིར་དེའི་ལུགས་བཞིན་བྱ་ལ། བྱེད་ན་ནི་ཕྲེང་བ་ལས་ཤེས་པར་བྱའོ། །གཉིས་པ་ནི། སྔར་བཤད་པ་ལྟ་བུ་ཡིན་ན་རྒྱལ་པོ་ལ་སོགས་པ་ལ་བསླང་དགོས་ན་དེ་དག་ལ་སློང་བ་ནི་མངོན་པ་ལ་སློང་པ་ཡིན་ལ། མི་མངོན་པ་ལ་སློང་བ་ནི། རང་ཉིད་བདག་པོའི་རྣལ་འབྱོར་དང་ལྡན་པས། དེར་གནས་པའི་ཞིང་སྐྱོང་ལ་སོགས་པ་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་དབུལ་ཞེས་ཉེར་སྤྱོད་ཀྱིས་མཆོད་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་ལ། རྨི་ལམ་བཏགས་པས་དེ་རྣམས་ཀྱིས་བྱིན་པའམ་མ་བཀག་པ་ལ་བྱའི་བཀག་པ་ལ་མི་བྱའོ། །གསུམ་པ་ནི༌། སའི་ཟུག་རྡུ་དབྱུང་བའི་དོན་དུ་རྐོ་བ་ནི་དཀྱིལ་འཁོར་གྱི་ཁང་པ་བྱེད་པ་དང༌། །བརྐོས་ནས་སྟེགས་བུ་བྱ་དགོས་པའི་སར་ཡིན་ལ། ལྟོ་འཕྱེ་བརྟགས་ནས་རྐོ་བ་ཡང་དེ་དང་འདྲའོ། །ཁང་བཟང་


JLD005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་སྟེང་བ་ལང་ལྷས། །གཙུག་ལག་ཁང་སོགས་ཆུ་འགྲམ་མམ། །སྔོན་འདུས་བྱས་པའི་གནས་དག་ཏུ། །མ་བརྐོས་ན་ཡང་དག་པ་ཡིན། །ཞེས་གསུངས་པས། གནས་དེ་དག་ཏུ་ས་བརྐོས་ནས་སྦྱོང་བ་མི་དགོས་ལ། འོན་ཀྱང་ཉི་མ་བཟང་པོའི་སྔ་དྲོའི་དུས་སུ་རྒྱལ་བ་སྲས་བཅས་ལ་གསོལ་བ་བཏབ་ལ་གནང་བ་ཞུས་ཏེ། ཉིན་གུང་ལ་བསྲུང་འཁོར་དང་ཕུར་བུས་བཏབ་པ་བསྒོམས་པས་སམ། དྲང་པོའི་སྦྱིན་སྲེག་གིས་བགེགས་བསྐྲད། །གཙོ་བོའི་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་གྱི་ས་ལ་ཡུངས་ཀར་དང་ཆུ་དང་ཐལ་བ་ལ་ལས་ཐམས་ཅད་པ་བཟླས་པས་གཏོར་ལ། །དེ་བཟླས་པའི་བ་བྱུང་ལྔས་ཤར་ནས་བརྩམས་ཏེ་བྱུག་ཅིང༌། །དྲིའི་ཆུས་ཀྱང་བསང་གཏོར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་ཀྲུང་དང་ས་གནོད་གྱི་ཕྱག་རྒྱ་དང་ལྡན་པས་ༀ་བྷཱུ་ཁཾ་ཞེས་པས་ས་གཞི་སྟོང་ཉིད་དང༌། ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང༌། ༀ་མེ་དེ་ནི་བཛྲི་བྷ་བ་བཛྲ་བན་དྷ་ཧཱུཾ་ཞེས་པ་རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བརྟན་པར་བྱས་པ་དང༌། ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ་ཅེས་པས་རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་པ་དང༌། ༀ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ །ཅེས་པས་རྡོ་རྗེ་གསུམ་གྱིས་ཉེས་སྐྱོན་ཐམས་ཅད་སྦྱངས་པར་བསམ་ཞིང་ལག་པས་རེག་ཅིང་བྱིན་གྱིས་བརླབ་པོ། །དེ་ནས་བཛྲ་སཏྭ་ཟློས་ཤིང་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ལྟ་བས་བལྟ་ལ། །སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་


JLD005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རོ་གཅིག་པར་མོས་པའི་བླ་ན་མེད་པའི་སྦྱང་བ་བྱའོ། །ས་སྦྱང་བའི་ཆོ་ག་སྟེ་དང་པོའོ། །བཞི་པ་ནི། དཀྱིལ་འཁོར་གྱི་ཁང་པ་བྱས་ནས་དེ་བརྒྱན་པའི་ནང་དུ་ཕྱིན་ནས་ས་གཟུང་བར་གསུངས་ཏེ་དཀྱིལ་འཁོར་གྱི་ཁང་པ་བྱེད་པའི་ལུགས་སོ། །དེ་བྱེད་དམ་མི་བྱེད་ནའང་དཀྱིལ་འཁོར་གྱི་གནས་སུ་ཕྱིན་ནས་རང་ཆས་གོས་དཀར་པོ་གྱོན། །གཙུག་ཏོར་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། དྲི་བཟང་བྱུགས་པའི་མེ་ཏོག་གཅལ་དུ་བཀྲམ་པར། ཉི་མ་གསུམ་དུ་ཐུན་གསུམ་ལ་དཀྱིལ་འཁོར་པ་ལ་གཏོར་མ་དབུལ། །དེ་ནས་བགེགས་ཞི་བའི་དོན་དུ་ཕྱོགས་སྐྱོང་བཅུ་ལ་གཏོར་མ་བཏང༌། ཞི་བའི་སྦྱིན་སྲེག་བྱས་ནས་དབང་བསྐུར་གེགས་མེད་པར་འགྲུབ་པའི་དོན་དུ་སློབ་མ་ལ་ཡང་དགང་བླུགས་འབུལ་དུ་གཞུག་གོ །ས་གཟུང་བའི་ཆོ་ག་སྟེ་གཉིས་པའོ། །ལྔ་པ་ལ་གཉིས། སྔར་ཡོད་ཀྱི་བགེགས་གཞོམ་པ། གསར་དུ་འཇུག་པའི་བགེགས་བཟློག་པའོ། །དང་པོ་ལ་ལྔ༌། །ལྷའི་རྣལ་འབྱོར་དང་སྤྲོ་བ་བསྐྱེད་དེ་སྙན་མནན་པ། གསོལ་བ་བཏབ་ནས་དཀྱིལ་འཁོར་གདེག་པ། ལངས་ཏེ་ང་རྒྱལ་བཟུང་ནས་བསྐོར་བ་བྱ་བ། །བགེགས་ལ་བཀའ་བསྒོ་ཞིང་སྟང་སྟབས་བྱ་བ༌། །བཀའ་བསྒོ་མི་ཉན་པ་ལ་ཕུར་བུས་གདབ་པའོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་གྱིས་ལ་མེ་ཏོག་གཅལ་དུ་བཀྲམ་པའི་དབུས་སུ། །སྔ་མ་བཞིན་དུ་ཆས་སུ་ཞུགས་ནས་ཁ་ཤར་དུ་ཕྱོགས་པས་


JLD005_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་སྟེ། བསྙེན་སྒྲུབ་ཡན་ལག་བཞིའི་རྣལ་འབྱོར་རྫོགས་པར་བསྒོམས་ལ། །ནམ་མཁའ་ལ་དཀྱིལ་འཁོར་པ་དང་བཅས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་བལྟས་ནས། སྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །བདག་ནི་དམ་ཚིག་ལྷ་རྣམས་དང༌། མཉམ་པར་འགྱུར་བར་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། བདག་ནི་ཕྱིར་མི་ལྡོག་པར་འགྱུར། །བདག་དེང་དེ་བཞིན་གཤེགས་པ་ཡི། །རིགས་སུ་སྐྱེས་པར་གདོན་མི་ཟ། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་བདག་འདུས་པ་མཆོག་ཡིན་ནོ། །ཞེས་རང་ཉིད་སྤྲོ་བ་བསྐྱེད་ནས། ལྷ་རྣམས་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པས་མཆོད་ནས། སྤོས་ཕོར་གཟུང་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བྱས་ནས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་ཆེ་གེ་ཞེས་བྱ་བདག །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །སངས་རྒྱས་ཀུན་དེང་གཤེགས་སུ་གསོལ། །དངོས་གྲུབ་འདི་ནི་བསྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་རྣམས་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། ཞེས་སངས་རྒྱས་ལ་སོགས་པ་རྣམས་ལ་སྙན་མནན་ཅིང་མཆོད་དོ། །གཉིས་པ་ནི།


JLD005_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱོགས་བཞི་ན་གནས་པའི་སློབ་མ་རྡོར་དྲིལ་འཛིན་ཞིང༌། རྣམ་སྣང་ལ་སོགས་པ་རིགས་བཞི་སོ་སོའི་ང་རྒྱལ་འཛིན་པ་བཞིས། །བླ་མ་ལ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པར་མོས་ནས། མཆོད་བསྟོང་དང་མཎྜལ་སྔོན་དུ་འགྲོ་བས། ནམ་མཁར་གནས་པའི་རྣམ་སྣང་ལ་སོགས་པ་དང་ལྷན་ཅིག་ཏུ་གསོལ་བ་བཏབ་པར་བསམས་ལ། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡིན་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་ནས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་ནས། ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོད་མཛད༌། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཐམས་ཅད་ཀྱིས་ཐུན་མོང་དུ། །ཁྱོད་ཞབས་པད་མོ་མ་གཏོགས་པར། གཙོ་བོ་གཞན་ན་སྐྱབས་མ་མཆིས། །ཐུབ་པ་བདག་ནི་འཁོར་བ་ལས། བསྒྲལ་བའི་ཕྱིར་དུ་དཀྱིལ་འཁོར་བྲེས། །ཞེས་དོན་དྲན་པས་གསོལ་བ་གདབ། །བཞི་མེད་ན་གཅིག་གིས་


JLD005_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཕྱོགས་དེ་དག་ཏུ་སོང་ནས་བྱ་གཅིག་ཀྱང་མེད་ན་བསྒོམས་ལ་དེ་ལྟར་བྱ་བ་ནི་མན་ངག་གོ །སློབ་དཔོན་གྱིས་ཀྱང་རང་གཙོ་བོར་གནས་པ་ལ་ཕྱོག་བཞིའི་དེ་བཞིན་གཤེགས་པ་བཞིས་གསོལ་བ་བཏབ་པར་བསམ་མོ། །སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་བརྐྱང་ལ། །རྩེ་མོ་སྦྱར་བ་ལོག་ཏུ་ཕྱོགས་པ་སྤྱི་བོར་གཟུང་ཞིང༌། ཧཱུཾ་བཛྲ་ཨུཏྟིཥྛ། ཞེས་བརྗོད་པས་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་གདེག་གོ །གསུམ་པ་ནི། དེ་ནས་སྐྱིལ་ཀྲུང་བཤིག་ལ་ལངས་ཏེ་ཤར་དུ་ཕྱོགས་པས་མཉམ་པའི་རྐང་སྟབས་བྱས་ལ། མགོ་བོར་ཐལ་མོ་སྦྱར་ནས། ༀ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏན་ཞེས་པས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱའོ། །དེ་ནས་སེམས་ཅན་མ་རིག་པའི་མུས་པས་བསྒྲིབས་ཤིང་བདུད་ཀྱི་དབང་དུ་སོང་བ་རྣམས་ལ་བལྟས་ལ་བདུད་བསལ་བའི་ཕྱིར་དུ། །རང་ཉིས་གཙོ་བོ་ལས་བྱེ་བའི་ཞེ་སྡང་རྡོ་རྗེ་གཉིས་པ་འཁོར་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བར་དམིགས་ལ། །མིག་གཡས་པ་མ་ལས་ཉི་མ་དང༌། “གཡོན10་པ་ཊ་ལས་ཟླ་བ་དང༌། མིག་འབྲས་ཧཱུཾ་ལས་དུས་མཐའི་མེ་ལྟར་འབར་བར་བསྐྱེད་དེ། ཁྲོ་བོའི་རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་ཞིང༌། ༀ་ཀྲོ་དྷ་དྲིཥྚི་ཧཱི། ཞེས་བརྗོད་དེ་ཁྲོ་བོའི་རྡོ་རྗེ་སྤྲོས་པས་བགེགས་ཐམས་ཅད་བཅོམ་པར་བསམ་ལ། རྡོ་རྗེ་གསེར་དྲིལ་བུ་དཀྲོལ་ཞིང་འདི་སྐད་བརྗོད་དེ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །


JLD005_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་བདག་སྟོབས་པོ་ཆེ། བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེ་བརྟན། །བདག་ནི་བདག་པོ་རྡོ་རྗེ་ཆེ། །དེང་བདག་རྡོ་རྗེ་སེམས་དཔར་གྲུབ། །ཅེས་ལྷའི་ང་རྒྱལ་བརྟན་པར་གཟུང་ངོ་། །དེ་ནས་རྐང་པའི་མཐིལ་གཉིས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་པར་བསྒོམས་ལ་རྐང་པ་བྱིན་གྱིས་བརླབ། །རྐང་མཐིལ་དེས་རྡོ་རྗེ་ས་ལ་བྲི་ལ། །འགྱིད་བ་དང་བཅས་པའི་པད་ཀོར་བྱེད་ཅིང༌། རྡོ་རྗེ་གསོར་དྲིལ་བུ་དཀྲོལ། །ཧཱུཾ་གི་སྒྲ་དྲག་པོ་བརྗོད་ལ། རྡོ་རྗེའི་རྐང་སྟབས་ཀྱིས་དབང་ལྡན་དུ་འགྲོའོ། །བཞི་པ་ལ་གཉིས། བགེགས་ལ་བཀའ་བསྒོས་ནས་བསྐྲད་པ་དང༌། སྟང་སྟབས་བྱས་ནས་ཚམ་ངམ་བྱ་བའོ། །དང་པོ་ནི། དེ་ནས་བརྩམས་ཏེ་སློབ་མ་དང་ལྷན་ཅིག་གཡས་སྐོར་དུ་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱེད་ཅིང་བསྐོར་ལ། དབང་ལྡན་ནས་བཀའ་བསྒོ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་དང༌། སྲིན་པོ་ཡི་དྭགས་ཤ་ཟ་དང༌། བརྗེད་བྱེད་འབྱུང་པོ་མཁའ་འགྲོ་དང༌། །མཁའ་འགྲོ་མ་དང་གནོན་པོ་དང། རྒན་པོ་དང་ནི་རྒན་མོ་དང༌། རྗེས་སུ་འབྲང་བའི་འཁོར་དང་ནི། །ནམ་མཁའ་ལྡིང་དང་མི་འམ་ཅི། །གསང་སྔགས་གྲུབ་པ་གང་སུའང་རུང༌། །ཁྱེད་ཅག་རྣམས་ནི་ཕྱིར་དེངས་ཤིག །ས་གཞི་ཡི་ནི་ཕྱོགས་འདི་རུ། །སློབ་དཔོན་ཆེ་གེ་མོ་བདག་གིས། །སྦྱིན་པའི་བདག་པོ་ཆེ་གེ་མོ། །མངོན་པར་རྫོགས་པར་བྱང་ཆུབ་པར། ཡོངས་སུ་རྫོགས་པར་བྱ་དོན་


JLD005_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དང། སེམས་ཅན་ཐམས་ཅད་བླ་མེད་ཀྱི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །དཔལ་ལྡན་གསང་བ་འདུས་པ་ཡི། །དཀྱིལ་འཁོར་བདག་གིས་བྲི་བར་བྱ། །རྡོ་རྗེ་འཆང་ཆེན་བཀའ་འདི་དེ། །ཐོས་ནས་མྱུར་དུ་བྱེར་པར་གྱིས། །གང་ཞིག་མི་འགྲོ་བ་དེ་ནི། བདག་གི་རབ་འབར་ཧཱུཾ་ཡི་གེ །འབར་ཞིང་རབ་ཏུ་འབར་གྱུར་པ། །ཡེ་ཤེས་ཆེན་པའི་རྡོ་རྗེ་འདིས། །མགོ་བོ་ཚལ་བ་བརྒྱར་དགས་སོ། །ཞེས་པའམ། །ཡང་ན། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ཡང་དག་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བཀའ་ཡི་འཁོར་ལོ་སྦྱོར་བ་བོ། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི། ལུས་གསུམ་ལས་བྱུང་དགས་བྱ་སྟེ། གལ་ཏེ་ཁ་ཅིག་བདག་ལས་འདས། འདིར་ནི་འཇིག་འགྱུར་གཞན་དུ་མིན། །ཞེས་ལན་གསུམ་བརྗོད་ཅིང་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགགས་ཐམས་ཅད་བསྐྲད་པར་བྱ་ཞིང༌། དཀྱིལ་འཁོར་གྱིས་གཞི་ཡང་དབང་ཆེན་གསེར་གྱིས་གཞི་ལ་ཐུག་གི་བར་དུ། །ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །བཀའ་བསྒོ་ཐུང་བ་འདི་འདུས་པ་དང་རྐང་པ་དང་པོ་གཉིས་མི་འདྲ་ཞིང་ཡུལ་ཡང་མི་འདྲ་ཡང་བགེགས་ལ་འདོན་པ་བསྒྱུར་དུ་རུང་བས་སྐྱོན་མེད་དོ། །གཉིས་པ་ནི། དེ་ནས་ཁྲོ་བོའི་ཉི་མས་དང་ལྡན་པས་ཧཱུཾ་ཡིག་བརྗོད་ཅིང་ལག་བ་གར་སྐོར་བའི་ཕྱག་རྒྱ་དང་བཅས་པས་ཤར་དུ་ཕྱིན་ནས་གཡས་བརྐྱང་དང། ལྷོར་གཡོན་བརྐྱང་དང། ནུབ་ཏུ་ས་ག་དང༌། །བྱང་དུ་ཟླུམ་པོ་དང། །


JLD005_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་མཉམ་པ་ལ་སོགས་པའི་སྟང་སྟབས་རྣམས་བྱས་ལ། དབང་པོ་ལ་སོགས་པའི་བགེགས་རྣམས་བསྡིགས་པར་བྱའོ། །དེ་ལ་གཡས་བརྐྱང་ནི་རྐང་པ་གཡོན་པའི་བྱིན་པ་བསྐུམས་ན་མཐོ་ལྔའི་བར་དུ་གཡས་པ་འགྱིང་བ་དང་བཅས་པས་དྲང་བོར་བརྐྱང་བའོ། །གཡོན་བརྐྱང་ནི་དེ་ལས་བཟློག་པའོ། །ས་ག་ནི་སོར་ཉི་ཤུ་རྩ་དྲུག་གི་རྒྱར་རྐང་པའི་སོར་མོ་ལོགས་སུ་བསྟན་ཞིང༌། པུས་མོ་གཉིས་དྲང་པོར་བྱས་པའོ། །ཟླུམ་པོ་ནི་ས་གའི་རྐང་སྟབས་ཉིད་བར་དུ་ཁྲུ་དོ་བ་ངང་པའི་གཤོག་པ་ལྟར་བྱས་པའོ། །མཉམ་པ་ནི་རྐང་པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་སྟེ། རྐང་པའི་མཐེ་བོང་དང་རྟིང་པའོ་ལོགས་གཉིས་བཅེར་བའོ། །འདི་རྣམས་དང་རྡོ་རྗེའི་རྐང་སྟབས་ལ་ཧཱུཾ་ཡིག་བརྗོད་པར་ཀླུ་བྱང་བཞེད་ལ། སྟང་སྟབས་ཀུན་ལ་ཇི་ལྟར་རིགས་པར་རྡོ་རྗེའི་མིག་གིས་མདུན་དུ་ལྟ་བའི་མངོན་དུ་ཕྱོགས་པ་དང་རྒྱབ་ཏུ་ལྟ་བའི་ཕྱིར་ཕྱོགས་པ་སྟེ་ལྟ་བ་གཉིས་དགོས་པར་ཕྲེང་བ་ལས་བཤད་དོ། །སྐོར་བའི་དུས་སུ་སྒོ་སོ་སོར་རང་གི་གཡོན་དུ་གནས་པའི་སློབ་མའི་དྲིལ་བུའི་ནང་དུ་རང་གི་རྡོ་རྗེ་དང་དེའི་རྡོ་རྗེ་ཡང་རང་གི་དྲིལ་བུར་གཞུག །དེ་ལྟར་མདུན་དང་གཡས་དང་རྒྱབ་ཏུ་ཡང་བྱ་བའི་ཁ་སྦྱོར་བཅུ་དྲུག་བྱའོ། །དེའི་སྔགས་ནི། ༀ་ཁ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀཱ་ར་བཛྲ་ཧཱུཾཕཊ་ཅེས་པའོ། །དང་པོར་རྩེ་གཅིག་པས་བསྐོར། དེ་ནས་རྩེ་གསུམ་པ་དང། དེ་ནས་རྩེ་ལྔ་པ་དང༌། དེ་ནས་སྣ་ཚོགས་རྡོ་རྗེའི་རྐང་སྟབས་


JLD005_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར། གཡས་བརྐྱང་སོགས་བྱེད་པ་ན། སྐོར་བ་རེ་རེ་དང་གསུམ་གསུམ་བྱས་ནས་བྱེད་པ་དང་ངེས་པ་མེད་པའི་ལུགས་གསུམ་བཤད་དོ། །ཤེས་ཤིང་ནུས་ལ་སྤྲོ་ན་དཀྱིལ་ཆོག་ནས་འབྱུང་བའི་སྟང་སྟབས་རྒྱས་པར་བྱ། །མི་ཤེས་པས་སམ་མི་ནུས་པས་སམ་བསྡུས་པ་ལ་དགའ་པས་སམ། །མི་འདོད་པས་ཀྱང་རུང་སྟེ། །རྡོ་རྗེའི་རྐང་སྟབས་ལ་སོགས་པ་ཐམས་ཅད་དམ་ཉུང་ཟད་མ་བསྒྲུབས་ཀྱང་སྐབས་དོན་མི་ཉམས་ཏེ། བགེགས་བསལ་བ་ནི་བསྐོར་བ་ལ་སོགས་པས་ཀྱང་འགྲུབ་པའི་ཕྱིར་རོ། །ཞེས་མན་ངག་རིག་པ་རྣམས་གསུང་ངོ་ཞེས་ཕྲེང་བ་ལས་གསུངས་པ་ལྟར་ཡིན་པས། སྟང་སྟབས་རྣམས་མི་བྱེད་ན་རྐང་མཐིལ་ཧཱུཾ་ལས་རྡོ་རྗེར་བསྐྱེད་ནས་བསྐོར་བ་དང་དམིགས་པ་བྱས་པས་ཀྱང་འགྲུབ་བོ། །ལྔ་པ་ནི། དེ་ནས་བཀའ་བསྒོ་མི་ཉན་པའི་བགེགས་རྣམས་ལ་ཕུར་བུས་གདབ་པར་བྱ་སྟེ། དེ་ཡང་སྒྲུབ་ཐབས་བཞིན་རང་ཞེ་སྡང་རྡོ་རྗེར་བསྐྱེད་ལ་ཁྲོ་བོ་བཅུ་སྤྲོས་ཏེ་ཕྱོགས་བཅུར་དགོད། སེང་ལྡེང་གི་ཕུར་བ་སྲིད་དུ་སོར་བཅུ་གཉིས་པའམ་བརྒྱད་པ། སྦོམས་སུ་དེའི་སུམ་ཆ་དང་ལྡན་པ། སྟོང་ཁྲོ་བོ་བདུད་རྩི་འཁྱིལ་པའི་རྣམ་པ་ཅན་ལ། ལྟེ་བ་མན་ཆད་མདུང་རྩེ་གཅིག་པའི་རྣམ་པ་ཅན་དུ་བྱས་པ་བཅུ་ལ། ཡུངས་ཀར་དང་ཙན་དམ་དམར་པོས་བྱུག །ཚོན་སྣ་ལྔའི་སྐུད་པས་རིམ་པ་བཞིན་དུ་དཀྲི། མེ་ཏོག་གི་ཕྲེང་བ་དམར་པོ་རེ་གདགས་ལ་སྣོད་གསར་པར་བཞག །ལས་ཐམས་ཅད་པ་བཟླས་པའི་ཆུས་བསང༌། སྟོང་པར་


JLD005_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ལ། སྟོང་པའི་ངང་ལས་སྟོད་བདུད་རྩི་འཁྱིལ་པ་ཞལ་གསུམ་ཕྱག་དྲུག་པ། སྨད་སྔར་བཤད་པ་བཞིན་གྱི་ཁྲོ་བོ་རྡོ་རྗེ་ཕུར་པར་ལྷག་པར་མོས་པའམ་ཆོ་ག་གསུམ་གྱིས་བསྐྱེད། ཡེ་ཤེས་པ་གཞུག །རིགས་བདག་དོན་གྲུབ་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། ཉེར་སྤྱོད་ཀྱིས་མཆོད་ལ་ལག་པས་རེག་སྟེ་ཡི་གེ་གསུམ་དང་ཡི་གེ་བརྒྱ་པ་བཟླས་ལ་བྱིན་གྱིས་བརླབ་བོ། །རྡོ་རྗེ་ཐོ་བ་མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པ་ཡང་བསངས་སྦྱངས་ནས་གནོད་མཛེས་ཀྱི་གཡས་ཀྱི་ཕྱག་མཚན་དང་པོ་ཡོངས་སུ་གྱུར་པ་ལས་ཐོ་བར་བསྐྱེད་དོ། །དེ་ནས་ཕུར་བུའི་སྐོར་མ་གཏོགས་པ་གནོད་མཛེས་ལ་བཀའ་བསྒོ་བ་ནས་ཕུར་བུས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱ་སྟེ། འོད་ཟེར་གྱི་ཕྲེང་བའི་ཕྱིའམ་དཀྱིལ་འཁོར་ཀྱི་ཁང་པའི་ཕྱི་རོལ་ཏུ། དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་གྱིས་ཕུར་བུས་གདབ། སྟེང་གི་ནི་ཤར་གྱི་ཤར་དང་འོག་གི་ནི་ནུབ་ཀྱི་ནུབ་ཏུ་འོ། །དེ་ལྟར་བྱས་བས་བགེགས་ལྷག་མ་རྣམས་ཀྱང་རིང་དུ་འབྲོས་པ་དང། སྟེང་འོག་དང་ཁོར་ཡུག་ཆེན་པོའི་བར་དུ་འགྲོ་བ་རྣམས་བགེགས་དང་བྲལ་བར་མོས་པ་བརྟན་པོ་བྱ། ཕུར་བུ་རྣམས་སའི་གོང་བུ་བཅུའི་སྦུབས་སུ་གཞུག །ཉིས་རེ་རེ་ཞིང་ཐུན་སོ་སོ་ལ་ཕུར་བུའི་ཁྲོ་བོ་རྣམས་ལ་གཏོར་མ་དང་མཆོད་པ་དབུལ། ཕུར་བུ་ཐེབས་ནས་ཁྲོ་བོ་བཅུ་གཤེགས་སུ་གསོལ་ལོ། །ཕུར་བུ་དངོས་སུ་མེད་ན་སྒྲུབ་ཐབས་


JLD005_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསམ་གཏན་གྱི་ཕུར་བུས་ཀྱང་བྱ་བར་རུང་ངོ་། །བཤད་རྒྱུ་རྡོ་རྗེ་ཕྲེང་བ་ལས་སུམ་བྷ་ནི་ལ་སོགས་པའི་སྔགས་བཞི་ལ་མགོ་བོར་ༀ་དང་མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་རིམ་པ་བཞིན་ཤར་ལ་སོགས་པའི་ཕྱོགས་བཞིར་སོང་ནས་བཟླས་ཏེ་བཀའ་བསྒོ་བ་དང༌། ཕུར་བུ་རྡུང་བའི་ཚེ་ༀ་བཛྲ་མུད་ག་ར་བཛྲ་ཀཱི་ལ་ཡ། །ཨ་ཀོཊ་ཡ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་ནས་བརྡུང་བར་བཤད་དོ། །གཉིས་པ་ནི། དེ་ནས་གསར་དུ་བགེགས་འཇུག་པ་ལས་བསྲུང་བའི་དོན་དུ། ཊཀྐི་ཧཱུཾ་ཛས་ལྕགས་ཀྱི་རྡོ་རྗེའི་ར་བ་དང༌། དེའི་སྟེང་དུ་ཧཱུཾ་ཡིག་ལས་རྡོ་རྗེའི་གུར་དང༌། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་དང༌། འོག་གཞི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང༌། ཕྱིའི་ཕྱོགས་མཚམས་ཀུན་ཏུ་མདའི་དྲ་བ་དང༌། སྟེང་འོག་གཉིས་གཙུག་ཏོར་དང་གནོད་མཛེས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབ་པོ། །དེ་ནས་བགེགས་ཀྱང་རང་གི་སེམས་ཀྱིས་བཏགས་པ་ཙམ་ལས་གཞན་ནི་མེད་ལ། སེམས་ཀྱང་རང་བཞིན་མེད་པའོ་སྙམ་དུ་བསམས་ནས་གཞན་ལ་བདེ་བ་སྒྲུབ་པ་ལྷུར་ལེན་པའི་བསམ་པས་བྱང་ཆུབ་མཆོག་བསྒྲུབ་པར་བྱའོ་སྙམ་པའི་བློ་བརྟན་པར་བྱའོ། །བགེགས་ཉེ་བར་ཞི་བའི་ཆོ་ག་སྟེ་གསུམ་པའོ། །དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་སྒྲུབ་ཐབས་བསྒོམ་པ་ལ་སོགས་པ་འདི་རྣམས་བསམ་གཏན་གྱི་ཆོ་ག་ལ་ཡང་བྱ་བར་ཕྲེང་བ་ལས་བཤད་པས། རས་བྲིས་ཀྱི་ཆོ་ག་ལ་ཡང་འདི་རྣམས་བྱའོ། །བརྟག་བསླང་གནང་གསོལ་དྲག་པོ་དང༌། རྫས་


JLD005_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལྟ་བ་སྟོང་པས་སྦྱང༌། །གཏོར་མ་སྦྱིན་སྲེག་སྒྲུབ་ཐབས་བསྒོམས། །སྤྲོ་དང་སྙན་མནན་གསོལ་གདབ་གདེག །ཕྱག་འཚལ་གསལ་གདབ་མིག་བསྐྱེད་བལྟ། །ང་རྒྱལ་རྐང་པ་བྱིན་བརླབས་འགྲོ། །བསྐོར་ནས་བཀའ་བསྒོ་སྟང་སྟབས་བྱ། །ཁ་སྦྱོར་བདག་བསྐྱེད་ཕུར་བུ་བསྒྲུབ། །ཕུར་གདབ་ར་བ་སོགས་ཀྱིས་བསྲུང༌། །ས་ཆོག་སྔོམ་དུ་བསྡུས་པའོ། །གཉིས་པ་སྟ་གོན་གྱི་ཆོ་ག་ལ་བཞི། ལས་ཀྱི་ཐིག་གདབ་པ། ལྷག་གནས་གསུམ་བྱ་བ། ལྷ་ལ་གསོལ་བ་གདབ་པ། །སློབ་མ་ལྷག་པར་གནས་པའོ། །དང་པོ་ལ་བཞི། །ཐིག་སྤྱིའི་རྣམ་གཞག །ཐིག་སྐུད་འདུ་བྱ་བ། བྱས་ནས་ཐིག་གདབ་བ། ཐེབས་ནས་གཤེགས་སུ་གསོལ་བའོ། །དང་པོ་ནི། ལས་ཐིག་སྔོན་དུ་བཏབ་ནས་ཡེ་ཐིག་རྗེས་སུ་འདེབས་པར་ས་ར་ཧ་དང་ནག་པོ་སྤྱོད་པ་དང་ཨ་བྷྱ་དང་བི་བྷཱུ་ཏིས་བཤད་པ་ལྟར་བྱ་དགོས་ཏེ། ཡེ་ཐིག་ནི་ལས་ཐིག་བྱིན་གྱིས་རློབ་བྱེད་ཡིན་པའི་ཕྱིར་རོ། །ལས་ཐིག་འདེབས་པའི་དུས་ནི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་དང་དཀྱིལ་ཆོག་ཕལ་མོ་ཆེར་སྟ་གོན་གྱི་འོག་དངོས་གཞིའི་སྐབས་སུས་འདེབས་པར་གསུངས་པ་ནི། ནམ་མཁའ་ལ་འདེབས་པ་ལ་སོགས་པའི་ཁྱད་པར་འགའ་ཞིག་མ་གཏོགས་པ་ས་ལ་འདེབས་པ་ལ་སོགས་པའི་ཆོ་ག་རྣམས་ཐུན་མོང་བ་ལ་དགོངས་ནས། ཡེ་ཐིག་གི་སྐབས་སུ་དེ་ལྟར་གསུངས་སོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ལྷ་སྟ་གོན་


JLD005_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྔོན་དུ་ལས་ཐིག་གདབ་པར་གསུངས་པའི་རྗེས་སུ་འབྲངས་ནས་ཀླུའི་བློས་ས་ཆོག་ཟིན་པའི་འོག་ཏུ་ལས་ཐིག་གདབ་པ་མཛད་དོ། །དེ་ལྟར་ཚུལ་གཉིས་བཤད་ཀྱང་ལག་ལེན་ལ་ཕྱི་མ་ལྟར་བྱ་དགོས་ཏེ། ལྭ་བ་པ་དང་ནག་པོ་སྤྱོད་པ་སོགས་ཀྱིས་ལྷ་སྟ་གོན་གྱི་དྲིའི་བྱུག་པ་རྣམས་ལྷ་རྣམས་ཀྱི་གནས་སུ་བྱ་བར་གསུངས་ཤིང༌། །མི་ཐུབ་ཟླ་བས་ཀྱང༌། དཀྱིལ་འཁོར་གང་དུ་ངེས་པ་ཡི། །དཀྱིལ་འཁོར་དེར་ནི་དྲི་ལྔ་འམ། །ཡང་ན་གཞན་གྱིས་བྱུག་པར་བྱ། །ཞེས་ཚོན་གྱིས་འདྲི་བའི་དཀྱིལ་འཁོར་གང་དུ་ལྷ་འོང་བའི་གནས་ངེས་པ་དེར། ལྷ་སྟ་གོན་གྱི་དྲིའི་དཀྱིལ་འཁོར་བྱ་བར་གསུངས་ལ། །ཐིག་མ་བཏབ་ན་དེ་འདྲ་བའི་ལྷའི་གནས་ངེས་པ་མི་རྟོགས་པའི་ཕྱིར་རོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ལས་ཀྱི་ཐིག་སྐུད་ཡིག་གསུམ་གྱིས་རྣམ་པར་སྦྱོང་བ་དང༌། དེ་ལ་བསང་གཏོར་དང་མེ་ཏོག་གིས་མཆོད་པ་དང་སྔགས་བཟླས་ནས་ལྷག་གནས་བྱ་བར་གསུངས་ལ། བྷ་བ་བྷ་དྲས་ལས་ཐམས་ཅད་པའི་ཐིག་སྐུད་དུ་བཤད་ཅིང༌། །དོན་ཡོད་ཞབས་ཀྱིས། དེ་ནས་ཁ་དོག་གཅིག་པའི་སྐུད་པ་ལས་ཐམས་ཅད་པར་བྱིན་གྱིས་བརླབས་པས་སའི་ཐིག་གདབ་ལ། ཞེས་བཤད་པས་གཤེར་ཐིག་གི་ཐིག་སྐུད་ནི་ལས་ཐམས་ཅད་བ་གང་ཡིན་དུ་བསྐྱེད་དགོས་ཏེ་ལས་བུམ་བཞིན་ནོ། །ཀླུའི་བློས་ལས་ཐིག་འདེབས་མཁན་སློབ་དཔོན་དང་སྒྲུབ་གྲོགས་ཀྱིས་བྱ་བ་དང༌། དཔོན་སློབ་གཉིས་ཀྱི་སྡོད་ས་དང་ཁ་ལྟ་ཕྱོགས་ངེས་པ་ཅན་གསུངས་


JLD005_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། ཕྲེང་བ་ལས་དང་པོར་ཟླུམ་སྐོར་གྱི་ཉའི་མཚན་མ་བྱས་པའི་སྟེང་དུ་ཐིག་འདེབས་པ་ལ། དཔོན་སློབ་གཉིས་ཀྱི་རྐང་སྟབས་དག་སློབ་མས་རྒྱབ་མི་སྟོན་པར་འགྲོ་བ་དང་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་བ་སོགས་བཤད་པས། །ཡེ་ཐིག་གི་སྐབས་སུ་བཤད་པའི་ཆོ་ག་ཐུན་མོང་བ་རྣམས་འདིར་ཡང་བླང་དགོས་སོ། །གཉིས་པ་ནི། ཐིག་སྐུད་ཀྱི་རྒྱུ་ནི་གཙང་ཞིང་མ་ཉམས་ལ་འཇམ་པའི་རས་བལ་ལམ། བཙོ་མ་སྟེ་སྐྲ་མ་འདྲེས་པའོ། །ཕྲེང་བར་ཡེ་ཐིག་གི་རྒྱུའི་ཐིག་སྐུད་དཀར་པོ་ལ་དཔའ་པོའི་རིན་གྱིས་ཉོས་པའི་རས་བལ་དང༌། གཞོན་ནུ་མ་མ་ཉམས་པས་བཀལ་བ་གདམ་ང་ཅན་དང༌། ཁ་བསྒྱུར་བའི་ཡེ་ཐིག་སློབ་དཔོན་དང་སྒྲུབ་གྲོགས་ཀྱིས་འཁེལ་བའི་ཚུལ་སོ་སོར་བཤད་པས། ལས་ཐིག་གི་ཐིག་སྐུད་ནི་སྔ་མ་ལྟར་བྱ་སྟེ། དམ་ཚིག་ཅན་གྱིས་བཀལ་བས་ཀྱང་ཆོག་གོ །དེ་ཡང་ཁ་དོག་དཀར་པོ་གསུམ་སྒྲིལ་འཇུར་མདུད་མེད་ཅིང་བཀལ་ལེགས་པ། དཔོན་སློབ་གཉིས་ཀྱི་མཛུབ་མོ་ནས་སོར་མོ་བཞིའི་དབུས་སུ་བཅུག་ཅིང་དྲངས་ནས། རྡོ་རྗེ་ཁུ་ཚུར་དུ་བྱས་པས་མཛུབ་མོའི་རྒྱབ་ས་ལ་སྦྱར་བ་མ་གཏོགས་པ། རིང་བ་དཀྱིལ་འཁོར་གྱི་ཉིས་འགྱུར་སྦོམས་སུ་སྒོའི་ཉི་ཤུ་ཆ། །དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པ། དྲི་ཞིམ་པོའི་ཆུ་དང་བདུད་རྩི་ལྔ་དང་བའི་རྣམ་ལྔས་བྱུགས་ཏེ། ཐིག་སྐུད་ཀྱི་མཐའ་གཉིས་དང་དབུས་སུ་


JLD005_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿཧཱུཾ་བཀོད་ལ། དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་གཙང་མར་བཞག །རང་གཙོ་བོའི་རྣམ་འབྱོར་དང་ལྡན་པས་བསང་སྦྱང་སྔོན་དུ་བཏང་སྟེ། བགེས་མཐར་བྱེད་དུ་བསྐྱེད་ཡེ་ཤེས་པ་གཞུག་པ་སོགས་བྱས་ལ་མཆོད་དེ། །ལག་པས་རེག་ཅིང་ལས་ཐམས་ཅད་པ་བཟླས་ལ་བསྲུང༌། དེ་ནས་མིག་ཡས་གཡོན་མ་དང་ཊ་ལས་ཉི་ཟླ་སེར་པོ་དང༌། བཛྲ་དྲིཥྟི་མ་ཊ་ཞེས་པས་བརྟན་པར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་ལྔའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་སྟེ། ༀ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་བཟླས་ནས་ༀ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བཟླས་ནས་ལྷག་གནས་བྱའོ། །དེ་ནས་ༀ་ཨ་མོ་གྷ་པདྨ་བ་སུ་ན་དྷ་རི་དྷ་རི་དྷ་ཏི་ནི་མཎྜ་ལི་ཧཱུཾ་ཞེས་པ་དང་ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ། །ཐིག་སྐུད་ལ་མེ་ཏོག་གཏོར་ཞིང་ཞབས་བསིལ་གྱི་ཆུས་བསང་ངོ་། །གསུམ་པ་ལ་གཉིས། ཐིག་ཆེན་བརྒྱད་གདབ་པ། ཐིག་ལྷག་མ་རྣམས་གདབ་པའོ། །དང་པོ་ནི། །དེ་ནས་དཀྱིལ་འཁོར་གྱི་ས་ལ་ༀ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་པས་དྲིའི་ཆུས་བསང་གཏོར་བྱས་ཏེ་གཙང་མར་བྱ། །དྲིས་བྱུགས་ནས་ཕྱི་རོལ་ཏུ་མེ་ཏོག་གཅལ་དུ་བཀྲལ། །ནམ་མཁའ་ལ་བྲི་བྱའི་དཀྱིལ་འཁོར་བཞུགས་པར་དམིགས་ཏེ། མཆོད་ཡོད་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད་ནས། རང་མི་


JLD005_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་རྣམ་སྣང་ངམ་བགེགས་མཐར་བྱེད་དུ་བསྐྱེད་པའི་སློབ་མ་སློབ་དཔོན་ལ་རྒྱབ་མི་སྟོན་པར་འགྲོ་བ་དང་ལྷན་ཅིག་ཡི་གེ་གསུམ་ཟློས་ཤིང་ཐིག་གདབ་སྟེ། དེ་ཡང་ཐོག་མར་དཀྱིལ་འཁོར་གྱི་དབུས་བཙལ་ལ་ཇི་ལྟར་རིགས་པའི་ཟླུམ་པོ་གཅིག་བསྐོར། དེའི་ཕྱོགས་བཞིར་ཐིག་ལེ་རེ་བྱས་པའི་སྟེང་དུ་ཟླུམ་པོ་བཞི་བསྐོར། །སློབ་དཔོན་ནུབ་དང་སློབ་མ་ཤར་ནས་ཕན་ཚུན་དུ་མངོན་པར་ཕྱོགས་ཏེ། ཕྱོགས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དོ་སྙམ་དུ་མོས་ནས། །རང་དང་སློབ་མའི་མིག་གཉིས་ཛ་ལས་སྐྱེས་པའི་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་དུ་བསྒོམས་ཏེ། སློབ་དཔོན་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་ཐིག་སྐུད་བཟུང་ལ། ཛྫཿཛྫཿཛྫ༔ཞེས་པ་དང་ཛ་གསུམ་གྱིས་བཏང་ཞིང༌། སློབ་མས་ཀྱང་དེ་དག་བརྗོད་ནས་དྲངས་ཏེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུང་ལ། རང་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང། གཡས་པ་ས་ལ་བཙུགས་ཏེ་བསྡད། སློབ་མས་དེ་ལས་བཟློག་སྟེ་བསྡད་ནས་ཤར་ནུབ་ཀྱི་ཚངས་ཐིག་གདབ་སྔར་བཤད་པ་བཞིན་གཉིས་ཀས་རྐང་པ་བྱིན་གྱིས་བརླབས་ཏེ་རྡོ་རྗེའི་རྐང་སྟབས་ཀྱིས་གཡས་སྐོར་དུ་སོང་སྟེ་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ལྷོ་བྱང་གི་ཚངས་ཐིག་གདབ། སློབ་དཔོན་མེ་དང་སློབ་མ་དབང་ལྡན་དུ་གནས་པས་ཤར་གྱི་རྩ་ཐིག་དང༌། །སློབ་དཔོན་


JLD005_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དང་སློབ་མ་བདེན་བྲལ་དུ་གནས་པས་ལྷོ་དང༌། སློབ་མ་དེ་ཉིད་དང་སློབ་དཔོན་རླུང་དུ་གནས་པས་ནུབ་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང་གི་རྩ་ཐིག་ཁྲུ་གསུམ་མམ། ཡང་ན་སློབ་མའི་འབྱོར་པ་དང་བསྟུན་ནས་ཁྲུ་གང་ལ་སོགས་པ་ཇི་ལྟར་རིགས་པར་གདབ་སློབ་དཔོན་མེ་དང་སློབ་མ་རླུང་དུ་གནས་བས་ཟུར་ཐིག་དང་པོ་དང༌། སློབ་དཔོན་བདེ་བྲལ་དང་སློབ་མང་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ་བོ། །བ་ཚབ་ཀྱི་འགྱུར་ལ་སློབ་དཔོན་དབང་ལྡན་དང་སློབ་མ་བདེན་བྲལ་དུ་གནས་པ་བྱུང་ཡང༌། དཔྱལ་གྱིས་སྔ་མ་བཞིན་བསྒྱུར་བ་གཞན་རྣམས་དང་མཐུན་ནོ། །སྐོར་ཕྱོགས་དང་རྐང་སྟབས་དང་སྡོད་ས་དང་ཁ་ལྟ་ཕྱོགས་ནི་ཐིག་ལྷག་མ་འདེབས་པ་རྣམས་ལའང་བྱ། རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་འཛིན་པ་རྒྱུན་དུ་མ་ནུས་ན་དང་པོ་ལ་བྱ་ཞིང༌། ལྷག་མ་ལ་ཅི་བདེར་བྱའོ། །ཐིག་སྐུད་ཆད་ན་བླ་མ་འཆི་ཞིང༌། སྔར་བཤད་པའི་ཚད་ལས་རིང་ཐུང་དུ་གྱུར་ན་བླ་མ་ནད་ཀྱིས་འདེབས་པ་དང༌། སྡོད་སའི་ཕྱོགས་འཕྱུགས་ན་སློབ་མ་ལ་སྡུག་བསྔལ་སྐྱེད་པར་བཤད་པས་བག་དང་ལྡན་པས་ཐིག་སྐུད་བསྒྲུབ་ཅིང་ཐིག་གདབ། མཚན་མ་ངན་ན་ཟློག་པའི་ཐབས་བྱའོ། །མཚན་མ་རྟོག་པ་ནི་ཚངས་ཐིག་གཉིས་འདེབས་པའི་དུས་སུ་ཡིན་པར་ཤཱནྟི་པ་དང་ཨ་བྷྱཱ་བཞེད་དེ། དེ་གཉིས་དང་ཐིག་ཆེན་བརྒྱད་དང་ཐིག་ཐམས་ཅད་ལ་རྟོག་པའི་ལུགས་གསུམ་ཡང་བཤད་དོ། །དེ་ནས་རང་གཙོ་བོར་གསལ་བའི་མིག་


JLD005_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་གཉིས་ཧྲཱིཿལས་ཉི་མ་དང་ཟླ་བར་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་ཞིང༌། ཧིཿཧིཿཞེས་བརྗོད་དེ་ལྷའི་ལུས་སྒྱུ་མ་ལྟ་བུར་དྲན་བཞིན་དུ། ཐར་པའི་སྒོའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམས་དབྱི་བར་བྱའོ། །སྙམ་དུ་མོས་ལ། དྲི་བཟང་པོའི་ཆུས་སྒོའི་ཚངས་ཐིག་དང་རྩ་ཐིག་གཉིས་ཕྲད་པའི་གཡས་ཡོན་ཆ་ཆུང་གཉིས་གཉིས་ཚངས་ཐིག་དང་བཅས་པ་ཕྱིས་ལ་སྒོ་དབྱེའོ། །གཉིས་པ་ནི། དེ་ནས་ཐིག་ལྷག་མ་རྣམས་ནི། ཁྲུ་ལ་སོགས་པ་རྩ་ཐིག་གི། །དབུས་སུ་བརྒྱད་ཆ་ཕྱིས་པ་དེ། །སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་བུའི། །ཐིག་ལས་དྲང་པོའི་ཐིག་གཉིས་ཏེ། །དེ་ནི་ཆ་ཆུང་རེ་ཡི་བར། །དཔངས་སུ་ལྔ་སྟེ་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རེག །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་སྟེ་ངོས་སུ་འང་བཞི། །སྟེང་དུའང་བཞི་སྟེ་གསུམ་འཁྱོག་པའོ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང༌། བདུན་པ་ཆ་ཆུང་ཕྱེད་དང་གཉིས། ཡང་ན་གསུམ་པ་བདུན་པ་དང༌། དགུ་པ་ཆ་ཆུང་རེ་རེའོ། །བཞི་པ་དྲུག་པ་བཅུ་པ་


JLD005_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། དེ་ལ་ཕྱོགས་གཉིས་སུ་ནི་རྒྱར། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་བྱེད་དང་བཞི། ཆ་ཆུང་དྲུག་མཐར་གཉིས་པ་དང༌། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆ་ཆུང་གསུམ། །སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་སྟེ། །ཀྱོག་པོ་གཅིག་གོ་འདི་ནང་དུའང༌། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེའི་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནས་གཉིས་ཡིན་ཏེ། །ཆ་ཆུང་གཉིས་གཉིས་དོར་བར་རོ། །བཞི་དོར་བར་ནི་ཟླུམ་པོ་གཞན། །ཚངས་ལས་ཆ་ཆུང་བརྒྱད་མཐར་དང༌། བདུན་པའི་མཐའ་རུ་ཟླུམ་པོའི་ཐག །དེ་ནས་ཡང་དག་དྲངས་ནས་ནི། །ཕྱོགས་གཞན་ཐིག་གི་མཚམས་སོང་བའི། །ཐིག་གཉིས་རིམ་བཞིན་ཚངས་པའི་ཕྱིར། །ཆ་ཆུང་གཉིས་གསུམ་དོར་བར་རོ། །ཕྱི་ཟླུམ་ཐིག་ལས་ཕྱི་ངོས་སུ། །ཆ་ཆུང་དོར་བར་ཟླུམ་པོའི་ཐིག །དེ་ནས་ཆ་ཆུང་གསུམ་དོར་ནས། །


JLD005_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཐིག་བར་དུ་གནས་པའི་ཐིག །ཀུན་ཏུ་སོན་པའི་ཚངས་ཐིག་དང༌། རེའུ་མིག་སྣམ་བུའི་རེ་ཁ་དབྱི། ཞེས་འབྱུང་བ་བཞིན་གདབ་པོ། །དེ་ལ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། ཞེས་སྣམ་བུ་ལྔ་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་དྲུག་དང༌། སྣམ་བུ་ལྔ་པའི་སྟེང་གི་ནི། ངོས་སུ་ཆ་ཆུང་ཕྱེད་དང་བཞི། ཞེས་མཐའ་ནས་མཐར་ཆ་ཆུང་བཅུ་བཞི་དང༌། ཡང་རྒྱལ་པོ་ཉེས་པ་གསུམ་ཉི་མ། ཞེས་སྣམ་བུ་ལྔ་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་གཉིས་སུ་བཤད་པ་རྣམས་མི་མཐུན་པས་འགལ་ལོ་སྙམ་ན། སྐྱོན་མེད་དེ་དང་པོ་ནི་སྣམ་བུ་ལྔ་པའི་སྟེང་གི་ཐིག་གི་མཐའ་ནས་མཐའི་བར་ཡིན་ལ། གཉིས་པ་ནི་སྣམ་བུ་ལྔ་པའི་ཀ་བ་ནས་ཀ་བའི་བར་ཡིན་ཞིང༌། །གསུམ་པ་ནི་ཀ་བས་ཆ་ཕྲན་རེ་ཁྱར་པའི་བར་གྱི་མུན་སྣམ་རང་གི་དབང་དུ་བྱས་པའོ། །རིགས་པ་འདིས། བཞི་ནི་ཆ་ཆུང་བདུན་རྣམས་ཏེ། ཞེས་སྣམ་བུ་བདུན་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་བཞི་དང༌། སྟེང་ནི་ཆ་ཆུང་དྲུག །ཅེས་པའི་སྐབས་སུ་ཆ་ཆུང་བཅུ་གཉིས་དང༌། ཡང་རྒྱལ་པོ་ཕྱོགས་དང་མི་རྣམ་གསུམ། ཞེས་སྣམ་བུ་བདུན་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་བཤད་པ་རྣམས་མི་འགལ་བ་ཡང་ཤེས་པར་བྱའོ། །ཀྱོག་པོ་ནང་མའི་ཐིག་གི་མར་སྣ་ནི། ཕྲེང་བ་ལས་ཐིག་བཅུ་གཅིག་གི་དང་པོའི་ཆ་ཆུང་


JLD005_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་དོར་བའི་ས་ནས་གྱེན་དུ་འགྲེང་བར་གསུངས་པས་མདའ་ཡབ་ལ་གཏུག་པ་མིན་ནོ། །སྣ་ཚོགས་རྡོ་རྗེའི་རྭ་གཡས་གཡོན་གྱི་ཕྱི་ཐིག་གི་རྩ་བ་ནི། རྟ་བབས་སྒོ་ཚད་བཞི་མའི་ཚངས་ཐིག་ནས་སྒོ་ཆད་གཉིས་གཉིས་སོང་བ་ལས་ཕན་ཆད་དུ་འདར་མི་རུང་སྟེ། དེ་ནི་རྒྱས་པར་ལམ་གྱི་རིམ་པར་བཤད་ཟིན་ཏོ། །དེ་ལྟར་ན་འདིར་དེའི་སྐོར་ལུགས་ནི། ཚངས་དང་མདའ་ཡབ་ཕྲད་པ་ནས། །ཆ་ཆུང་བཞི་དང་བཞི་གསུམ་ནི། །སོང་བར་ཆ་ཆུང་དགུ་དང་ནི། །བཞི་ཆས་གཡས་གཡོན་ཕྱིར་རྭ་བསྐོར། །མདའ་ཡབ་ཚངས་ལས་ཆ་ཆུང་ནི། །ཕྱེད་བཅས་གསུམ་ནས་ཐད་ཀར་གཡས། །དྲུག་ནས་ཕྱེད་བཅས་བཅུ་གཉིས་ཀྱིས། །གཡོན་བསྐོར་གཡས་པ་དེ་ལས་བཟློག །ཕྲེང་བའི་ནང་ཐིག་གི་ཚིགས་བཅད་དང་ལྷུག་པ་གཉིས་མི་མཐུན་པའི་དགོངས་པ་ནི་ལམ་གྱི་རིམ་པར་བཤད་ཟིན་ལ། ཐིག་གི་གཞུང་ལྷག་མ་ནི་གོ་སླའོ། །ཟླུམ་ཐིག་བྱེད་པའི་ཚེ་སེང་ལྡེང་གི་ཕུར་བུ་སྟེང་རྡོ་རྗེ་རྩེ་ལྔ་པ་འོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་ཧཱུཾ་ལས་སྐྱེས་པར་བསམས་ནས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་ཧཱུཾ་ཞེས་པའམ། །གྷ་གྷ་ལ་སོགས་པ་བརྒྱ་རྩ་བརྒྱད་བཟླས་ནས། དཀྱིལ་འཁོར་གྱི་དབུས་སུ་གདབ་ལ་རྡུང་བའི་སྔགས་ཀྱིས་བརྡུང་ངོ། །དེ་ལ་ཐིག་སྐུད་ཆ་ཆུང་གོ་དྲུག་གཉིས་ལྟབ་ཏུ་བཏགས་ཏེ་དབང་ལྡན་ནས་གཡས་སྐོར་དུ་བསྐོར་རོ། །ཕུར་བུ་མེད་ན་བསམ་གཏན་གྱིས་ཀྱང་རང་ལ་བསྐོར་ཟིན་ནས། ཕུར་བུ་དབྱུང་བའི་སྔགས་དང་ཕྱག་རྒྱས་དབྱུང་ལ། རང་


JLD005_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལག་གི་རྡོ་རྗེ་ལ་ཐིམ་པར་བསམ་མོ། །བཞི་པ་ནི། དེ་ལྟར་ཐིག་ཐམས་ཅད་ཐེབས་པའི་མཐར། ཐིག་སྐུད་ཀྱི་ལྷ་ལ་མཆོད་གཏོར་ཕུལ་བའི་འོག་ཏུ་ༀ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་ལ་ཐིག་སྐུད་རང་གནས་སུ་བཞག་གོ །ཐོད་ལོ་ཀོར་གྱིས་ཐིག་གདབ་པའི་ཆོ་ག་སྟེ་བཞི་པའོ།། །།གོ་རིམ་དུས་རྒྱུ་འཁེལ་ཚུལ་ཚད། །བྱུག་བཀོད་བཞག་བསྐྱེད་མཆོད་བསྲུང་མིག །གཏོར་བཟླས་གཏོར་བསང་ས་མཛེས་བྱ། །མཆོད་བསྐྱེད་ཕྱོགས་མིག་བཟུང་གཏང་རྐང༌། གཡས་སྐོར་སློབ་དཔོན་ནུབ་དང་ལྷོར། །གནས་ནས་ཚངས་གཉིས་མེར་གནས་ཏེ། །ཤར་དང་ལྷོ་དང་རླུང་གནས་ནས། །ནུབ་དང་བྱང་གི་རྩ་ཐིག་བཞི། །མེ་དང་སྲིན་གནས་ཟུར་ཐིག་གཉིས། །ཟློས་གདབ་སྒོ་དབྱེ་ལྷག་མ་ལའང༌། ཕུར་གདབ་བསྐོར་དབྱུང་གཤེགས་པ་ནི། །ཐིག་ཆོག་སྔོམ་དུ་བསྡུས་པའོ། །གཉིས་པ་ལྷག་གནས་གསུམ་བྱ་བ་ལ་གསུམ། །སའི་ལྷ་མོ་ལྷག་གནས། དཀྱིལ་འཁོར་གྱི་ལྷ་ལྷག་གནས། བུམ་པ་ལྷག་གནས་སོ། །དང་པོ་ནི། རང་ཞེ་སྔང་རྡོ་རྗེའི་ང་རྒྱལ་གྱིས་གནོད་མཛེས་མདུན་དུ་བཀུག་སྟེ་བཀའ་ནོད་པ་ལ། བཀའ་བསྒོ་བ་སོགས་སྒྲུབ་ཐབས་བཞིན་བྱས་ཏེ། ཕྱོགས་སྐྱོང་བཅུ་བཀུག་ནུས་ཕྱོགས་རྣམས་ཀྱི་ཁྲོན་པར་གཞུག །བགེགས་མཐར་བྱེད་བསྐྱེད་ལ་ཕུར་བུ་བཅུར་བསྒོམས་ཏེ་ཕུར་བུས་གདབ་པ་སོགས་སྔར་བཞིན་བྱ། །དེ་ནས་ར་བ་སོགས་སྔར་བཞིན་


JLD005_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ་རྡོ་རྗེའི་རང་བཞིན་གྱི་སར་བསྐྱེད་ལ་ལྷག་གནས་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་དྲིའི་དཀྱིལ་འཁོར་བྱས་ལ་དེར་བཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་དགའ་བ་དང་ལྡན་པའི་ཐུགས་ཅན་ཞི་བ། ན་བཟའ་དཀར་པོ་མནབས་པ། རྒྱན་བཟང་པོ་སྣ་ཚོགས་པས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པས་གསེར་གྱི་བུམ་པ་བསྣམས་པ་བསྐྱེད་ལ། །ལག་པ་གཡས་པར་ཟླ་བའི་སྟེང་དུ་ཧཱུཾ་གསུམ་བསམས་ཏེ། རྡོ་རྗེ་དང་བཅས་པའི་སོར་མོའི་རྩེ་མོས་ས་ལ་ལན་གསུམ་བསྣུན་པ་དང༌། དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས་ས་གཡོས་པའི་གསེབ་ནས། ས་ཡི་ལྷ་མོ་ཡེ་ཤེས་པ་འཐོན་པ་དང་འདྲེས་ནས། བདག་གིས་ཅི་བགྱི་བ་བཀའ་སྩོལ་ཅིག་ཅེས་བརྗོད་པར་བསམ་མོ། །དེ་ནས་མཆོད་པ་བསང་སྦྱང་སྔོན་དུ་འགྲོ་བས་སོ་སོའི་སྔགས་དང་ཕྱག་རྒྱ་བྱས་ཏེ། ༀ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་པྲ་ཝ་ར་སཏ་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། །ཞེས་པས་མཆོད་ཡོན་དང༌། དེ་བཞིན་པཱ་ཏྱཾ་གིས་ཞབས་བསིལ་དང༌། ཨཱཉྩ་མ་ནཾ་གྱིས་ཞལ་བསིལ་དང༌། པྲོཀྵ་ཎཾ་གྱིས་བསང་གཏོར་ཕུལ་ནས། །ༀ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་པུཥྤེ་པཱུ་ད་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿ་ཧཱུཾ་གིས་མེ་ཏོག་དང། དེ་བཞིན་དུ་དྷཱུ་པེས་བདུག་སྤོས། ཨཱ་ལོ་ཀེས་མར་མེ། གནྡྷེས་དྲི། ནཻ་ཝི་ཏྱས་ཞལ་ཟས། ཤ་པྟས་རོལ་མོ་རྣམས་ཕུལ་ལ། རྡོ་རྗེའི་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་


JLD005_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་དཔུང༌། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་དེ་གསོལ་བ་བཏབ་པས་དེ་ལྟར་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་ཐིམ་སྟེ་ས་ཡི་ངོ་བོར་གནས་པར་བསམ་ལ། ལག་པ་རྡོ་རྗེ་ནང་བསྡམས་བྱས་ནས་ས་དེ་མནན་ལ། ༀ་བཛྲི་བྷ་བ་ཧཱུཾ་ཞེས་ལན་གསུམ་བརྗོད་པས། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཧཱུཾ་ཡིག་འོད་ཟེར་འབར་བ་འཕྲོས་པས། དབང་ཆེན་གྱི་བར་རྡོ་རྗེར་བྱས་པར་བསམས་ནས། ༀ་བཛྲ་ཌི་ཌྷ་ཏིཥྛ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དགུག་གདབ་ར་བ་རྡོ་རྗེའི་ས། བསྐྱེད་བསྐུལ་སྲེས་མཆོད་གསོལ་བ་གདབ། །གནང་བསྡམས་བྱིན་གྱིས་བརླབ་པ་ནི། ས་ཡི་ལྷ་མོ་ལྷག་གནས་སྡོམ། །གཉིས་པ་ནི། དེ་ནས་དཀྱིལ་འཁོར་གྱི་ས་ལ་དྲི་ཞིམ་པོ་བདུད་རྩི་ལྔ་དང་བཅས་པ་ལ་ཡི་གེ་གསུམ་གྱིས་བསྔགས་པས་བྱུག་ཅིང༌། མེ་ཏོག་གཅལ་དུ་དགྲམ། རང་ཕྱི་དྲོ་ཁྲུས་བྱས་ཤིང་ལུས་ལ་དྲི་བཟང་པོས་བྱུག །ཆོས་གོས་དམར་པོ་མེ་ཏོག་གི་ཕྲེང་བ་ཅན་གྱོན། གདོང་དྲི་ཞིམ་པོས་བསྒོས་ལ་རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན། །ༀ་ཧཱུཾ་སྭཱཧཱ་དང༌། ༀ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ་ཅེས་པས་གོ་


JLD005_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་དུ་ལན་བདུན་བསྔགས་པའི་རས་དམར་པོའི་ཐོད་དང་ཅོད་པན་གྱིས་བརྒྱན་པ། དཀྱིལ་འཁོར་གྱི་ཤར་ནས་ནུབ་ཏུ་ཕྱོགས་པས་འདུག་སྟེ་ལྷའི་རྣལ་འབྱོར་བསྒོམ་ཙནྡན་དང་གུར་ཀུམ་ལ་སོགས་པའི་དྲི་བཟང་པོ་བདུད་རྩི་ལྔ་དང་བསྲེས་པས་གཙོ་བོ་ལྔའི་གནས་སུ་དྲིའི་མཎྜལ་གྲུ་བཞི་པ་རེ་དང༌། ལྷ་གཞན་རྣམས་ཀྱི་གནས་སུ་ཟླུམ་པོ་རེ་རེ་རང་རང་གི་སྔགས་བརྗོད་ལ་བྱུག་ཅིང་མེ་ཏོག་གི་ཚོམ་བུ་རེ་དགོད། དེ་ནས་གཞལ་ཡས་ཁང་གདན་དང་བཅས་པ་སྒྲུབ་ཐབས་བཞིན་བསྐྱེད། །དེར་ལྷ་སོ་གཉིས་རང་རང་གི་ས་བོན་ལས་སམ་ཆོ་ག་གསུམ་གྱིས་བསྐྱེད། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྔར་ནམ་མཁར་བཏེག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་དྲངས་ལ། དམ་ཚིག་པ་ལ་གཞུག་ལ་དབང་བསྐུར། ལྷ་རེ་རེ་ལ་ཉེར་སྤྱོད་ཚང་བ་རེའམ་མ་འབྱོར་ན་བཅུ་ལས་མི་ཉུང་བའི་མཆོད་པ་ཆུ་བཞི་དང་བཅས་པ་བཤམ། བསང་སྦྱང་སྔོན་དུ་འགྲོ་བས་ཆུ་བཞི་ཉེར་སྤྱོད་དང་བཅས་པ་དང་འདོད་ཡོན་ལྔ་དང་བཅས་པ་ནང་གི་མཆོད་པས་མཆོད་དེ་བསྟོད་པས་བསྟོད་དོ། །བྱུག་དགྲམ་ཆས་གཞུག་རྣལ་འབྱོར་བསྒོམ། །ཐིག་ལེ་སྔགས་རྟེན་བརྟེན་པ་བསྐྱེད། །གཞུག་དབང་མཆོད་ཅིང་བསྟོད་པ་ནི། སྟ་གོན་ལྷ་ཡིན་ཆོ་གའི་སྡོམ། །གསུམ་པ་ལ་གཉིས། བུམ་པ་བཤམ་པ་དང༌། །བུམ་པ་བསྒྲུབ་པའོ། །དང་པོ་ནི། བུམ་པའི་རྒྱུད་ནི་གསེར་དངུལ་ལམ་ཟངས་སམ་ས་ལས་བྱས་པའམ། །དེ་ལས་གཞན་ཇི་ལྟར་རྙེད་པ་ཡང་རུང་ངོ་། །


JLD005_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་ཚད་ནི་རྣམ་རྒྱལ་ལ་ལྟོ་བའི་ཟད་ཀའི་རྒྱར་སོར་ཉི་ཤུ་མཐའ་སྐོར་དུ་མཐོ་ལྔ། མགྲིན་པའི་དཔངས་སོར་བརྒྱད། མཆུའི་འཕྱང་ལ་སོར་གཉིས་པའི་ཚད་ལྡན་མེད་ན་སྦྱིན་བདག་ལ་མི་ཤིས་པས་ཚད་དང་ལྡན་པར་བྱ། གཞན་རྣམས་མ་ངེས་པར་བཤད་དེ་ཀུན་ཀྱང་ནག་པོ་མེད་པ་རྩ་བ་དོར་ཞིང་མ་འབྱར་པ་བུག་པ་དང་གས་པ་མེད་པ། མཆུ་འཕྱང་ཞིང་མགྲིན་པ་རིང་ལ་གསུས་པ་ཆེ་བ་རྣམས་འབྲས་བཏགས་པའམ། ཐོད་ལོ་ཀོར་རམ་ཙནྡན་གྱི་ལྡེ་གུའམ་རྡོ་རྒྱུས་དང་ས་དཀར་གྱིས་བྱུག །བུམ་པའི་གྲངས་ནི་རྒྱས་པ་ལྷའི་གྲངས་དང་མཉམ་པ་དང༌། དེ་མེད་ན་ཕྱོགས་དང་མཚམས་ཀྱི་ལ་བཞི་བཞི་དང་དབུས་ཀྱི་སྟེ་དགུ །དེ་ཡང་མ་འབྱོར་ན་ཕྱོགས་ཀྱི་དབྱེ་བས་སམ་ཡང་ན་གཤེགས་པ་དང་གཤེགས་མ་དང་སེམས་དཔའ་དང་སེམས་མ་དང་ཁྲོ་བོའི་བུམ་པ་སྟེ་ལྔའོ། །དེ་ཡང་མེད་ན་རྣམ་རྒྱལ་གྱི་གཅིག་སྟེ་དེ་རྣམས་ཐམས་ཅད་ལ་ལས་བུམ་ལྷག་པར་བྱའོ། །མཚན་མ་བྲི་བ་ནི་གུར་ཀུམ་ལ་སོགས་པས་བུམ་པའི་ལོགས་ལ་ལྷ་རང་རང་གི་གདན་གྱི་སྟེང་དུ། རང་རང་གི་ས་བོན་ནམ་ཕྱག་མཚན་རྡུལ་ཚོན་གྱི་སྐབས་བཞིན་དུ་བྲི། རྣམ་རྒྱལ་གཅིག་ལས་མེད་ན་དེའི་གདོང་ལ་ཉི་མའི་སྟེང་དུ་མི་བསྐྱོད་པའི་རྡོ་རྗེ། འོག་ཏུ་ཟླ་བ་ལ་རྣམ་སྣང་གི་འཁོར་ལོ། །ལྷོར་རིན་པོ་ཆེའི་སྟེང་དུ་རིན་པོ་ཆེ་དང༌། །ནུབ་ཏུ་པདྨའི་སྟེང་དུ་པདྨ། བྱང་དུ་སྣ་ཚོགས་རྡོ་རྗེའི་སྟེང་དུ་རལ་གྲི་དང༌། དེའི་གཡོན་དུ་ཉི་


JLD005_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྟེང་དུ་ལས་ཐམས་ཅད་པའི་སྣ་ཚོགས་རྡོ་རྗེ་བྲི་སྟེ། ལས་བུམ་ལོགས་སུ་ཡོད་ན་དེའི་གདོང་ལ་དེ་ལྟར་བྲིའོ། །གོས་དཀར་པོ་ལ་སོགས་པ་སྣ་ལྔ་གང་རུང་ཟུང་གིས་མགུལ་པ་ཐོར་ཅོག་གསུམ་པའི་ཚུལ་གྱིས་བཅིང༌། ཧཱུཾ་ལན་གདུན་བཟླས་པའི་སྲད་པུ་དཀར་པོ་བདུན་གྱིས། ༀ་བཛྲ་ཤེ་ཁ་ར་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ་ཞེས་པས་མགུལ་ཆིངས་དཀྲི། དེ་ནས་བུམ་པ་ལ་གུ་གུལ་གྱིས་བདུག །ལས་ཐམས་ཅད་པའི་སྔགས་བཟླས་པའི་ཡུངས་ཀར་གྱིས་བརྡེག་ལ་བགེགས་བསྐྲད་ཅིང༌། རྟ་གླང་དང་བོང་བུ་སོགས་ཀྱིས་མ་བགྲོད་པའི་ཆུ་གཙང་མ་སྲོག་ཆགས་མེད་པ་སྣོད་གཞན་ལ་མ་རེག་པ་བླངས་ལ། དྲི་བཟང་དང་བསྲེས་པས་རན་པར་དགང༌། དེ་དག་གི་ནང་དུ་གསེར་དངུལ་མུ་ཏིག་བྱུ་རུ་པདྨ་རཱ་གའམ། པདྨ་རཱ་ག་མེད་ན་ཟངས་སམ་དུང་དང་དངུལ་གྱི་དོད་ལ་མུ་མེན་གྱིས་ཀྱང་རུང་སྟེ་རིན་པོ་ཆེ་ལྔ་དང༌། གྲོ་ནས་ཏིལ་མོན་སྲན་གྲེའུ་དང་མོན་སྲན་རྡེའུ་སྟེ་འབྲུ་ལྔ་དང༌། །ག་པུར་གུར་ཀུམ་ཙནྡན་དཀར་དམར་གླ་རྩི་སྟེ་དྲི་ལྔ་དང། བྲི་ཧཱ་ཏཱི་ཀཱཎྜ་ཀཱ་རི་ཧ་ས་དེ་བ་ཨ་པ་རཱ་ཛི་ཏ། དཎྜ་ཨུཏྤལའི་རྩ་བ་སྟེ་སྨན་ལྔ་རྣམས་གཞུག །འབྱོར་པ་ཆུང་ན་རྣམ་རྒྱལ་དང་ལས་བུམ་གཉིས་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱའི་བུམ་པ་གཞན་ནི་མ་ཡིན་ནོ། །དེ་ཡང་རྣམ་རྒྱལ་ངེས་པར་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱ་བར་བཤད་པས། བུམ་པ་དང་མགུལ་ཆིངས་དང་ནང་རྫས་ལ་སོགས་པ་རྣམས་སློབ་མས་སྒྲུབ་པ་ཡིན་ནོ། །ཡལ་ག་དང་ལོ་མ་


JLD005_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ཤིང་གིས་ཁ་བརྒྱན༌། གཙོ་བོ་ཡིན་པ་དང་བྱ་བ་མང་བའི་ཕྱིར་རྣམ་རྒྱལ་གྱི་སྟེང་དུ་ཧཱུཾ་གིས་བསྔགས་པའི་དུང་ཆོས་སམ་ཐོད་པའམ་རྫ་ཕོར་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་བཀང་བའི་སྟེང་དུ། །མེ་ཏོག་གེ་ཕྲེང་བ་དབུས་སུ་བཅིངས་པའི་རྡོ་རྗེ་བཞག །སྟ་གོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་རྡོ་རྗེའི་ར་བའི་ནང་དུ་ཤར་ལ་སོགས་པའི་ཕྱོགས་མཚམས་སུ་ཀུ་ཤའི་གདན་ལ་དགོད་དེ་གཙོ་བོའི་བུམ་པ་ནི་དབུས་སུའོ། །གཉིས་པ་ནི། དེ་ནས་བུམ་པ་རྣམས། ༀ་ཨཱཿབིགྷྣཾ་ཏ་ཀྲྀ་ཏ་ཧཱུྃ། ཞེས་པས་བསངས། །ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པར་བསྐྱེད། །ༀ་ཏཱཔྟེ་ཏཱཔྟེ་མཧཱ་ཏཱཔྟེ་སྭཱ་ཧཱ་ཞེས་བཟླས་པས་དྲངས་པའི་ལྷའི་ཆུ་བོའི་གངྒཱ་དང་བུམ་པའི་ཆུ་གཉིས་དབྱེར་མེད་པར་མོས་ལ། བུམ་པ་རྒྱས་པར་ཡོད་ན་བུམ་པ་སོ་སོར་རང་རང་གི་གདན་དང༌། བཅུ་དང་དྲུག་ཡོད་ནའང་ཇི་ལྟར་བསྡུས་པའི་ལྷ་རྣམས་ཀྱི་གདན་དང༌། རྣམ་རྒྱལ་གཅིག་ལས་མེད་ན་དེར་ལྷ་ཡོངས་རྫོགས་ཀྱི་གདན་བསམས་ལ་ལྷ་སོ་གཉིས་དང༌། ལས་བུམ་ལ་བགེགས་མཐར་བྱེད་ལྷག་པར་མོས་པའམ་སོ་སོའི་ས་བོན་ནམ་ཆོ་ག་གསུམ་གྱིས་བསྐྱེད། བུམ་པའི་མཚན་མ་རྣམས་ཀྱང་རང་རང་གི་ལྷར་བསྐྱེད། །རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཡེ་ཤེས་པའི་དཀྱིལ་འཁོར་སྤྱན་དྲངས་པ་ལ། མཆོད་ཡོན་ལ་སོགས་པ་


JLD005_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལ། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་མཉེས་བྱ། རང་རང་གི་རིགས་བདག་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། །སྔར་ལྟར་མཆོད་བསྟོད་བདུད་རྩི་མྱང་བ་བྱ་སྟེ། བུམ་པའི་ལྷ་ལ་ཡང་ལྷ་གྲངས་དང་མཉམ་བའི་ཉེར་སྤྱོད་དབུལ་བར་བཤད་དོ། །དུང་ཆོས་སུ་ལྷ་ཚང་བ་སྐྱེད་པ་ལ་ཁུངས་ཐུབ་ཀྱི་གཞུང་གཞན་མི་སྣང་ལ། མཚོ་སྐྱེས་ཀྱི། སྔར་གསུངས་པ་ཡི་བུམ་པ་ལས། ཐམས་ཅད་ཆུ་ལས་ཁམ་ཕོར་དུ། །ཉུང་ཟད་བླུགས་ཏེ་རྣམ་རྒྱལ་གྱི། །བུམ་པ་བཾ་ལས་བསྐྱེད་པ་ཡི། །རིན་ཆེན་བུམ་པའི་སྟོང་གཞག་བྱ། །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། ཞེས་གསུངས་པ་ཡང་གཞུང་དེར་རྣམ་རྒྱལ་དུ་ལྷ་སྐྱེད་པ་ཟུར་དུ་བཤད་པ་ཅིག་ཡོད་ན། དེར་ནི་ཞེས་པའི་དོན་རྣམ་རྒྱལ་གྱི་སྟེང་གི་ཁམ་ཕོར་དེར་སྐྱེད་པ་ལ་བཤད་དུ་རུང་ཡང༌། དེ་མི་འདུག་པས་རྣམ་རྒྱལ་དུ་དཀྱིལ་འཁོར་སྐྱེད་པའི་ཁུངས་སུ་སྣང་ངོ་། །སློབ་དཔོན་ལྭ་པ་པས། དེའི་སྟེང་དུ་མཆོད་ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་མེ་ཏོག་དཀར་པོ་དང་བཅས་པ་བཞག་སྟེ། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་བཞག་ལ། ཞེས་དང༌། མེ་ཏོག་དཀར་པོ་དང་བཅས་པའི་མཆོད་ཡོན་བུམ་པར་ཕུལ་བས། ཞེས་དུང་ཆོས་ནི་བཟླས་པ་ཟིན་པའི་འོག་ཏུ་བུམ་པའི་ལྷ་ལ་མཆོད་ཡོན་འབུལ་བའི་སྣོད་དུ་གསུངས་པས། འདིར་དེར་ལྷ་སྐྱེད་པ་མ་བྱས་སོ། །དེས་ན་དེའི་ཆུའི་བསྒྲུབ་ལུགས་ནི། ༀ་བཛྲ་ཨ་མྲི་ཏ་ཨུད་ཀ་ཧཱུྃ། ཞེས་པ་དང་། ཡི་གེ་གསུམ་ལན་


JLD005_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བཟླས་ཏེ་བསྔགས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་སེམས་པར་ཕྲེང་བ་ལས་གསུངས་པ་དེ་ཉིད་ཡིན་པས་དེ་བཞིན་དུ་བྱའོ། །དེ་ནས་ཧཱུཾ་ཞེས་བཟླས་ཤིང་རྡོ་རྗེ་ལ་བཏགས་པའི་མེ་ཏོག་གི་ཕྲེང་བའི་མཐར་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དང༌། ཆུ་ལ་ཨུ་ད་ཀ་བརྒྱ་རྩ་བརྒྱད་བཟླ། དེ་ནས་བུམ་པ་སོ་སོའི་སྟེང་དུ་རྡོ་རྗེ་མེ་ཏོག་གི་ཕྲེང་བ་དང་བཅས་པ་སྤྲོས་ལ་སྔ་མ་བཞིན་དུ་བཟུང་ནས་སོ་སོའི་སྙིང་པོའམ་ཕྲེང་སྔགས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་རེ་བཟླ། ལས་ཐམས་ཅད་པ་ལ་མཚན་སྔགས་བརྒྱ་རྩ་བརྒྱད་དང་ཕྲེང་སྔགས་ལན་བདུན་བཟླ། བཟླས་པའི་དམིགས་པ་ནི་སྒྲུབ་ཐབས་ཀྱི་སྐབས་བཞིན་བྱའོ། །ཐམས་ཅད་ལ་ཐུན་མོང་དུ་དམིགས་ནས་ཡི་གེ་གསུམ་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ལན་བདུན་བརྗོད་པས། ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། གཙོ་བོའི་སྔགས་དང་ཧཱུཾ་ལན་བདུན་བཟླས་ནས་དུང་ཆོས་ཀྱི་ཆུས་བུམ་པ་རྣམས་སུ་མཆོད་ཡོན་དབུལ། ལས་ཐམས་ཅད་པ་བཟླས་པའི་མེ་ཏོག་དཀར་པོ་གསུམ་གསུམ་ཡང་གཞུག་གོ །དེ་ནས་མེ་ཏོག་ལ་སོགས་པས་མཆོད་དེ་ལས་བུམ་གྱི་ཆུས་དེའི་ཁ་རྒྱན་གྱི་ཡལ་འདབ་ཉིད་ཀྱི་བསངས་ཏེ། དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པ་དེ་སྲིད་དུ་བགེགས་རྣམས་ཟློག་


JLD005_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད་ཅིག་ཅེས་བརྗོད་ལ། གཏོར་མ་ཕུལ་ཏེ་རེག་ལ་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་བུམ་པ་རྣམས་ལ་ག་པུར་དང་ཨ་ཀ་རུས་བདུགས་པའི་རས་ཀྱི་དགབ་ལ་གནས་དབེན་པར་སྦ། རང་དང༌སློབ་མ་ལ་བསང་གཏོར་བྱ་བའི་དོན་དུ་ལས་བུམ་ཀུ་ཤའི་ཆུན་པོ་དང་བཅས་པ་ཤར་སྒོའི་བྱང་དུ་བཞག་གོ །བུམ་བཟླས་དང་མཆོད་པ་ནི་ཉི་མ་རེ་རེ་ལ་ཐུན་གསུམ་གསུམ་མམ་གཅིག་ཏུ་བྱའོ། །ས་ཡི་ལྷ་མོ་ལ་སོགས་པ་ལྷག་པར་གནས་པའི་ཆོ་ག་སྟེ་ལྔ་པའོ། །རྒྱུ་ཚད་གྲངས་མཚན་མགུལ་ཆིངས་སྐུད། །བདུག་བསྐྲད་དགང་གཞུག་དུང་རྡོ་རྗེ། །དགོད་བསྐྱེད་གཞུག་དབང་མཆོད་བསྟོད་མྱང༌། །བཟླས་བཞུ་མཆོད་ཡོན་མེ་ཏོག་དབུལ། །མཆོད་བསང་གསོལ་གདབ་གཏོར་མ་བསྟོད། །སྦ་བཞག་བཟླས་མཆོད་བུམ་ཆོག་སྡོམ། །ཐིག་གདབ་པ་མ་གཏོགས་པའི་ལྷག་གནས་རྣམས་ནི་ངས་རིས་ཀྱི་ཆོ་ག་ལ་ཡང་བྱའོ། །གསུམ་པ་ནི། དེ་ནས་སྔར་བཤད་པ་བཞིན་སྤྲོ་བ་སྐྱེད་པ་དང་སྙན་མནན་པ་དང་ང་རྒྱལ་འཛིན་པ་རྣམས་བྱས་ལ། མདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་དང་། བར་སྣང་ལ་རིགས་ལྔའི་ཚོགས་དཔག་ཏུ་མེད་པ་བསམས་ལ། ལག་པ་གཡས་པས་སྤོས་ཕོར་ཐོགས་གཡོན་པས་དྲིལ་བུ་དཀྲོལ་ཞིང༌། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས། པུས་མོ་ས་ལ་བཙུགས་ཏེ། ཐུགས་རྗེ་ཡི་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང༌། །ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །སང་ནི་དཀྱིལ་འཁོར་


JLD005_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འདྲི་བར་འཚལ། །བཅོལ་ལྡན་གུས་པས་བདག་ལ་ནི། དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །གསང་འདུས་དཀྱིལ་འཁོར་མཛེས་པ་ནི། ཆེ་གེ་ཅི་ནུས་ཡོ་བྱད་ཀྱིས། །སང་ནི་ཡང་དག་འདྲི་བར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བར་ཉེར་གཟུང་ནས། །འཁོར་བཅས་ཀུན་གྱིས་དཀྱིལ་འཁོར་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས། ཞེས་པའི་དོན་ཡིད་ལ་བརྣགས་པས་ལན་གསུམ་དུ་བརྗོད་དེ། །གསོལ་བ་བཏབ་པས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམ་མོ། །གསོལ་བ་གདབ་པའི་ཆོ་ག་སྟེ་དྲུག་པའོ། །བཞི་པ་སློབ་མ་ལྷག་གནས་ལ་གསུམ། །དང་པོར་བྱ་བའི་ཆོ་ག །བར་དུ་བྱ་བའི་ཆོ་ག །ཐ་མར་བྱ་བའི་ཆོ་གའོ། །དང་པོ་ནི། སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས་གོས་གཙང་མ་བགོས་ཏེ་ཤར་སྒོར་བཞག །ལག་ཏུ་མེ་ཏོག་གི་ཕྲེང་བ་བཟུང་སྟེ་ཐལ་མོ་སྙིང་ཁར་སྦྱར། པུས་མོ་ས་ལ་བཙུགས་པ་ལ། ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ་ཞེས་བཟླས་པའི་སྔགས་ཆུས་ལན་བདུན་གདོང་ལ་གཏོར་ལ་ལས་ཀྱི་སྒྲིབ་པ་སྦྱང༌། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་མཎྜལ་གྱིས་མཆོད་ནས། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །


JLD005_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ལ་སྩལ་དུ་གསོལ། །ཐར་པ་ཆེན་པའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། ཞེས་དོན་དྲན་བཞིན་པས་འདུན་པ་དྲག་པོས་གསོལ་བ་ལན་གསུམ་གདབ་བོ། །གཉིས་པ་ལ་ལྔ། ཀུན་སློང་བཅོས་ཤིང་ནང་དབང་བསྐུར་བ། སྔགས་ལ་མོས་པ་བརྟན་པོ་འཛིན་དུ་གཞུག་པ། སྡོམ་པ་གཟུང་ཞིང་བྱིན་གྱིས་བརླབ་པ། སོ་ཤིང་དོར་ཏེ་ཁྱོར་ཆུ་སོགས་སྦྱིན་པ། ཆོས་བཤད་དེ་སྤྲོ་བ་བསྐྱེད་པའོ། །དང་པོ་ནི། བླ་མས། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བརྗོད་ལ། ཚེ་འདིའི་མངོན་མཐོ་ཙམ་འདོད་ནས་སྔགས་སྒྲུབ་པའི་ཕྱིར་དུ་འཇུག་པ་དང༌། ཚེ་ཕྱི་མའི་མངོན་མཐོ་ཙམ་འདོད་ནས་བསོད་ནམས་འདོད་པས་འཇུག་པ་དང༌། འཇིག་རྟེན་འདི་ཕྱིའི་མངོན་མཐོ་ཙམ་ལས་གཞན་སྐུ་གསུམ་གྱི་གོ་འཕང་དོན་དུ་གཉེར་ནས་དཀྱིལ་འཁོར་དུ་


JLD005_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་གསུམ་ལས། སྔ་མ་གཉིས་ལྟར་མི་བྱ་བར་ཕྱི་མ་ལྟར་གྱི་བསམ་པ་སྐྱེད་དགོས་པ་རྒྱུད་མཚན་དང་བཅས་པ་བཤད་ལ་ཀུན་སློང་བཅོས་སོ། །རང་གཙོ་བོར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། སློབ་མ་རེ་རེ་ནས་རང་གི་ཁ་ནས་བཅུག་པ་རྡོ་རྗེའི་ལམ་ནས་འཐོན་ནས་ཡུམ་གྱི་པདྨར་མི་བསྐྱེད་པ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གནས་པ་ལ། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔ་ཡབ་ཡུམ་བཀུག་སྟེ། ཁ་ནས་ཞུགས་ཤིང་ཞུ་བ་སྔ་བཞིན་འཐོན་པས། སློབ་མ་ལ་རེ་རེ་ནས་དབང་བསྐུར་བར་བསྒོམས་ནས་པདྨ་ལས་ཕྱུང་སྟེ་དཀྱིལ་འཁོར་གྱི་ཤར་སྒོར་བཞག་གོ །གཉིས་པ་ནི། དེ་ནས་སློབ་མ་གཅིག་གཙོ་བོར་བྱས་ཏེ་དེའི་སྒོ་ནས་ཐམས་ཅད་ལ་འདི་སྐད་ཅེས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱི་ནི་བདུད་ཀྱི་སྡེ། །མི་བཟང་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་


JLD005_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཅེས་བྱ་བའི་དོན་བཤད་ལ་མོས་པ་བརྟན་པར་བྱའོ། །གསུམ་པ་ནི། དེ་ནས་སློབ་མ་ལ་སྐྱབས་སུ་འགྲོ་བ་དང་སྡིག་པ་བཤགས་པ་དང་དགེ་བ་ལ་ཡི་རང་བ་སྔོན་དུ་འགྲོ་བ་ཅན་གྱི་སངས་རྒྱས་ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པའི་འཇུག་པའི་སྡོམ་པ་གཟུང་བར་བྱའོ་སྙམ་པའི་འདུན་པ་དྲང་པོ་བསྐྱེད་ལ། བླ་མས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། ཞེས་བཟླས་པའི་རྗེས་སུ་རྗེས་ཟློས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་འཛིན་དུ་བཅུང་ནས། རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་ཐམས་ཅད་དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྲུང་སྙམ་པའི་འདུན་པ་དྲག་པོ་སློབ་མ་ལ་བསྐྱེད་ལ། བླ་མས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་བཟླས་པའི་རྗེས་སུ་རྗེས་བཟློས་ལན་གསུམ་བྱེད་དུ་བཅུག་ལ། ཐུན་མོང་མ་ཡིན་པ་རྡོ་རྗེ་སེམས་དཔའི་སྡོམ་པ་འཛིན་དུ་གཞུག་གོ །སྡོམ་པ་འདི་གཉིས་གང་ཡང་སྲུང་མི་ནུས་ན་ཆུ་དབང་ཡན་ཆད་གང་ཡང་མི་བསྐུར་བ་དང༌། ཐུན་མོང་གི་སྡོམ་པ་སྲུང་ལ་གཉིས་པ་སྲུང་མི་ནུས་ན། བུམ་


JLD005_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་གཙོ་བོ་ཡན་ཆད་མི་བསྐུར་བར་གསུངས་པས། ལེན་པའི་ཚེ་ཆོ་ག་མ་ཆད་ཅིང་བརྡ་འབྱོར་ལ། ལེན་འདོད་དང་བསྲུང་འདོད་དྲག་པ་དང། འབོགས་པ་པོ་ཡང་སྔགས་ཀྱི་རྩ་ལྟུང་དང་མི་ལྡན་པའི་སྡོམ་ལྡན་གྱིས་ཆོ་ག་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །དེ་ནས་སློབ་མ་ལ་བགེགས་མཐར་བྱེད་བཟླས་བའི་དྲིའི་ཆུས་གཏོར་ནས་བསྲུངས་ལ་སློབ་མ་རྣམས་ཀྱི་སྙིང་ཁར་རྡོ་རྗེ་ནག་པོ་རྩེ་ལྔའི་ལྟེ་བ་ལ་ཧཱུཾ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཨཱཿ སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་ལ་ༀ་བསམ་ཞིང༌། སློབ་དཔོན་གྱིས་་དྲིའི་ཆུ་དང་བཅས་པའི་རྡོ་རྗེས་རེག་ཅིང་ༀ་ཨཱཿཧཱུཾ་ཞེས་བརྗོད་པས་ཡི་གེ་གསུམ་གྱི་འོད་ཟེར་གྱིས་དྲི་མ་མེད་པར་བལྟས་ལ། དེའི་སྤྱི་བོར་མེ་ཏོག་དང་མདུན་དུ་བདུག་སྤོས་དང་མར་མེ་དང༌། སྙིང་ཁར་དྲིའི་བྱུག་པ་དབུལ་ལོ། །བཞི་པ་ནི། འོ་མ་ཅན་གྱི་ཤིང་ཧ་ཅང་སྦོབ་པ་དང་ཕྲ་བ་མིན་པ། དྲང་ཞིང་ཚིགས་མེད་པ་མགས་པ་རྨ་མེད་པ། མགོ་མཇུག་མཉམ་པ་དྲིའི་ཆུས་བཀྲུས་ཤིང་བདུག་པས་བདུགས་པ་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་བཅིངས༌པ། སློབ་དཔོན་བྱང་དུ་ཕྱོགས་ཏེ་ཡི་གེ་གསུམ་བཟླས་ནས་སློབ་མ་ལ་བྱིན་ལ། ས་ལ་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསྔགས་ནས། དྲི་བཟང་དང་བ་བྱུང་གིས་བའི་ཀོ་བའི་སྲབ་འཐུག་ཙམ་དུ་ཁྲུ་བཞི་པ་གྲུ་བཞི་རུ་བྱུགས་ནས། སློབ་མ་


JLD005_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཤར་རམ་བྱང་དུ་ཕྱོགས་པས། ཨོ་བཛྲ་ཧཱ་ས་ཧཿཞེས་པས་རྩེ་མོ་ནས་འཆོས་ཏེ། །ༀ་པྲ་ཏི་བཛྲི་ས་མ་ཡ་ཨི་ཤྭ་རི་ཨཱཿཧཱུཾ་སྭཱཧཱ། ཞེས་བཟླས་ནས་མིག་སྟེང་དུ་བལྟ་ཞེད་ལྟོས་པ་མེད་པར་མཎྜལ་གྱི་སྟེང་དུ་དོར་རོ། །རྩེ་མོ་སྟེང་དུ་བལྟས་ན་རིག་འཛིན། །བླ་མ་ལ་ཕྱོགས་ན་མཆོག །ཐུར་དུ་བལྟས་ནས་འོག །ཤར་བྱང་ནུབ་ལྷོར་བལྟས་ན་ཞི་རྒྱས་དབང་དྲག་འགྲུབ་ལ། ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །དེ་ནས་བཾ་ལས་བྱུང་བའི་དྲི་བཟང་གི་ཆུ། །ༀ་ཨཱཿཧཱུཾ་བཟླས་ཏེ་ༀ་ཧྲཱིཿསུ་བི་ཤུདྡྷ་དྷརྨྨ་སརྦ་པཱ་པཱཾ་ནི་ཙཱ་ཨསྱ་བི་ཤོ་དྷ་ཡ་སརྦ་བི་ཀཝཱན་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་ཏེ་ཁྱོར་བ་གསུམ་འཐུར་དུ་བཅུག་པས་སྒོ་གསུམ་གྱི་སྡིག་པ་ཐམས་ཅད་སྦྱངས་ཤིང་རྣམ་པར་རྟོག་པ་རྣམས་བསལ་བར་བསམ་མོ། །དེ་ནས་ཀུ་ཤ་རྩ་བ་དང་རྩེ་མོ་མ་ཉམས་པ་མང་བ་ཧཱུཾ་ལས་བྱུང་ཞིང་དེའམ་ལས་ཐམས་ཅད་པ་བཟླས་པ་སྟན་གྱི་དོན་དང༌། ཀུ་ཤ་ཉུང་བ་དྷཱིཿལས་བྱུང་ཞིང་དེ་དང་ལས་ཐམས་ཅད་པ་བཟླས་པ་སྔས་ཀྱི་དོན་དུ། །ༀ་བཛྲ་ཏིཀྵྞ་བཾ་ཞེས་པས་ལག་པ་གཡོན་པའམ་ཐལ་མོ་གཉིས་ཀྱི་བར་དུ་སྦྱིན་པ་ནི་བཀྲ་ཤིས་པའི་རྨི་ལམ་མི་འཁྲུལ་བའི་དོན་དུའོ། །དེ་ནས་གཞོན་ནུ་མས་བཀལ་བའི་སྐུད་པ་དམར་པོ་ཧཱུཾ་ལས་བྱུང་བ་གསུམ་སྒྲོམ་ཁྲུ་གང་སོར་བཞི་པ། ཡི་གེ་བརྒྱ་པ་ལན་གསུམ་བཟླས་ལ་ཞབས་བསིལ་གྱི་ཆུས་བསང༌། རྡོ་རྗེ་གསུམ་གྱི་མདུད་པ་གསུམ་དང་ལྡན་པ་དཔུང་པ་གཡས་འམ་གཡོན་པ་ལ།


JLD005_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བུདྡྷ་མེཾ་ཏྲི་རཀྵ་རཀྵ་སརྦན་སྭཱཧཱ། ཞེས་ཟློས་ཤིང་ལན་གསུམ་དུ་བཅིངས་ལ། ༀ་ལོ་ཙ་ནི་ཡ་ཐ་ཏད་ཏྭ་སཾ་པྲ་ཏཾ་མི་བྷ་ཤུ་ཏི་ཏད་ཏྭཾ། རཏྣ་ཏྲ་ཡ་ས་ཏི་ན་ནི་དར་ཤ་ཡ་སྭཱཧཱ། ཞེས་པ་ལན་གསུམ་བཟླས་ལ་སློབ་མ་ལ་མེ་ཏོག་གཏོར་རོ། །དེ་ནས་སླར་ཡང་སྐུ་གསུང་ཐུགས་བྱིན་རླབས་དང་ཁྱོར་ཆུ་སྦྱིན་པ་གཉིས་བྱ། །རྒྱུད་རྡོར་ཕྲེང་ལས་སྐྱེ་མཆེད་བྱིན་གྱིས་བརླབ་པར་གསུངས་ཏེ་རྒྱས་བསྡུས་སུ་མངོན། །ལྔ་པ་ནི། ད་ནས་བླ་མས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། དམ་པའི་དོན་གྱི་བདེན་པའོ། །ཟབ་ཅིང་རྒྱ་ཆེ་ཞེས་བཤད་པ། །རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །ཕྱེ་སྟེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདྲེས་བྱས་པའི། །ཟད་མེད་གོ་འཕང་བསྒོམ་པར་བྱ། །དེ་ཡིས་ཀུན་ཏུ་ཀུན་ལས་ཀུན། །རྣམ་ཀུན་ཀུན་ཚེ་རང་ཉིད་ནི། །སངས་རྒྱས་


JLD005_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་བཞིན་དུ། །གྲུབ་པར་རང་ཉིད་ཀྱིས་མཐོང་འགྱུར། །བྱང་ཆུབ་སུས་ཀྱང་བྱིན་མ་ཡིན། །སུ་ཡིས་ཀྱང་ནི་གཟུང་མ་ཡིན། རང་ཆོས་ཡོངས་སུ་ཤེས་པ་ལས། །དེ་ལ་སངས་རྒྱས་སངས་རྒྱས་བརྗོད། །སེམས་ཅན་བག་ལ་ཉལ་དབྱེ་བ། །ཡང་དག་མགོན་པོས་དེ་ཉིད་ནི། འབད་པས་སྦས་ནས་པུར་པོ་ཡི། རིན་ཆེན་ཟ་མ་ཏོག་ཏུ་གཞག །དེ་ཕྱིར་བླ་མའི་ཞབས་ཀྱི་ནི། དྲིན་གྱིས་འབད་པས་རྟོག་བྱ་སྟེ། །དེ་ཉིད་ཀྱིས་ཡིད་གསལ་གྱུར་པས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །འདི་ལ་གཙང་སྦྲ་ངེས་སྔོམ་མེད། །དཀའ་ཐུབ་མེད་ཅིང་དཀའ་སྤྱད་མེད། །དཀའ་སྦྱད་མེད་ཅིང་ངོས་མེད་ལ། །བདེ་བ་བསྟེན་པས་འགྲུབ་པར་འགྱུར། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཐམས་ཅད་ཟད་པར་འགྱུར། །གང་གིས་སྤྱོད་པའི་མཆོག་འདི་ལ། བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་གནས་ཏེ། །གང་གིས་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་འགྱུར་བ། །ཐེག་པ་


JLD005_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་འབྱུང་བསྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། ཞེས་པའི་དོན་བཤད་དེ་སྤྲོ་བ་བསྐྱེད་དོ། །གསུམ་པ་ནི། དེ་ནས་སློབ་མ་རྣམས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་ཞིང་བཟླས་པའི་དོན་དུ་སྔགས་བྱིན་ལ། ནམ་གྱི་ཆ་བཞིའི་ཐ་མ་ལ་རྨི་ལམ་རྟོགས་ལ་ནང་པར་ང་ལ་སྨྲོས་ཤིག་ཅེས་བརྗོད་ནས་དཀྱིལ་འཁོར་གྱི་ཁང་པའམ། །གཞན་དུ་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་ལྔས་སུ་ཆུག་ལ་སེང་གེའི་ཉལ་སྟབས་ཀྱིས་ཤར་ཕྱོགས་སམ། །སོ་ཤིང་དོར་བ་མགོ་གང་དུ་བལྟས་པ་དེར་མགོ་སྟོན་ལ་ཉོལ་ཅིག་ཅེས་བྱའོ། །རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་ལས་ཐམས་ཅད་པ་བཟླས་ཤིང༌། སོ་ཤིང་དོར་བ་མགོ་གང་དུ་བལྟས་པ་དེར་མགོ་བསྟན་སྟེ་ཉལ་ལ། ནང་པར་སྔ་བར་ལངས་ནས་གཏོར་མ་བཏང་སྟེ། སློབ་མ་རྣམས་ལ་རྨི་ལམ་དྲི་ལ། དཀོན་མཆོག་གསུམ་དང་མཛའ་བཤེས་མཐོང་བ་སོགས་བཟད་ན་སྤྲོ་བ་བསྐྱེད། །རི་ལས་ལྷུང་བ་སོགས་ངན་ན་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བ་དང༌། བདག་མེད་པའི་དོན་བཤད་པ་དང༌། ཞི་བ་ལས་ཐམས་ཅད་པའམ་སོ་སོའི་སྦྱིན་བསྲེག་བྱ་ཞིང་གཏོར་མ་བཏང་ངོ་། །དེ་ནས་སློབ་དཔོན་གཙོ་བོའི་རྣལ་འབྱོར་དང་ལྡན་པས་སྟ་གོན་གྱི་དཀྱིལ་


JLD005_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་མཆོད་ནས་སྔར་གྱི་སྔགས་རྒྱས་ནམ་མཁའ་ལ་བཏེག་སྟེ་བཞག་གོ །སློབ་མ་ལྷག་པར་གནས་པའི་ཆོ་ག་ནི་རས་རིས་ཀྱི་ཆོ་ག་ལ་ཡང་འདྲ་སྟེ། ཐིག་མ་གཏོགས་པ་ཕྲེང་བར་བཤད་པའི་ས་གཟུང་བ་མན་ཆད་བསམ་གཏན་གྱི་ཆོ་ག་ལ་ཡང་བྱ་བར་བཤད་དོ། །སློབ་མ་ལྷག་པར་གནས་པའི་ཆོ་ག་སྟེ་བདུན་པའོ།། །།གསོལ་གདབ་ཀུན་སློབ་ནང་དབང་དང༌། །འཛིན་གཞུག་སྡོམ་གཟུང་བྱིན་རླབ་མཆོད། །སོ་ཤིང་ཁྱོར་ཆུ་ཀུན་ཤ་སྲུང༌། །བྱིན་རླབ་ཁྱོར་ཆུ་ཆོས་བཤད་བསྲུང༌། །ཉལ་གཏོར་དྲི་མཆོད་གདེག་པ་ནི། །སློབ་མ་ལྷག་པར་གནས་པའི་སྡོམ། །གསུམ་པ་དངོས་གཞིའི་ཆོ་ག་ལ་གསུམ། །ཡེ་ཐིག་གདབ་ཅིང་ཚོན་དགྱེ་བ། བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ། བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ལ་གསུམ། ཡེ་ཐིག་གདབ་པ་དང༌། ཚོན་དགྱེ་བ་དང༌། བགེགས་བཟློག་ཐབས་སོ། །དང་པོ་ལ་གཉིས། ཡེ་ཐེག་འདུ་བྱ་བ་དང༌། འདེབས་པའི་རིམ་པ་གཤེགས་གསོལ་དང་བཅས་པའོ། །དང་པོ་ནི། སྔར་བཤད་པ་ལྟར་གྱི་ཐིག་སྐུད་དཀར་པོ་ལྔ་ཚན་ལྔ་སྣོད་ལྡན་བཞག་ལ་ཡུངས་ཀར་གྱི་ཕྱེ་མ་དང་བདུད་རྩི་ལྔ་དང་དྲི་ཞིམ་པོ་བསྲེས་པའི་ཚོན་སྣ་ལྔས་སྐུད་པ་རྣམས་སོ་སོར་ཁ་བསྒྱུར། ཐིག་སྐུད་ནག་པོ་ཧཱུཾ་ལས་མི་བསྐྱོད་པ། དཀར་པོ་ༀ་ལས་རྣམ་སྣང༌། སེར་པོ་སྭཱ་ལས་རིན་འབྱུང༌། །དམར་པོ་ཨཱཿལས་འོད་དཔག་མེད། ལྗང་ཁུ་ཧཱ་ལས་དོན་གྲུབ་ཀྱི་ངོ་བོར་བསྒོམས་ལ། ས་བོན་དེ་


JLD005_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཟླས་ཏེ་སྣོད་གཙང་མར་བཞག །དཔོན་སློབ་གཉིས་སྔར་ལྟར་བསྐྱེད་པའི་སློབ་མ་ལ། ཧཱུཾ་ༀ་སྭཱ་ཨཱཿཧཱ་ཞེས་བརྗོད་དེ་བྱིན་ལ་སློབ་མས་ཀྱང་དེ་ཉིད་བརྗོད་ཅིང་བླངས་ཏེ། ལག་པ་གཡོན་པའི་སོར་མོའི་རྩེ་མོ་ནས་མཐེ་བོའི་རྩ་བའི་བར་དུ། །ནག་དཀར་དམར་སེར་ལྗང་བའི་རིམ་པས་བཀོད་ནས་བརྐྱང་ལ། སྔར་ནམ་མཁར་བཞུགས་སུ་གསོལ་བའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར། ཧཱུཾ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་ལྔའི་རང་བཞིན་ཅན་རྣམས་བལྟས་ལ། ༀ་ཨཱཿཀྵོ་བྷྱ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མཧཱ་མཎྜལ་སཱུ་ཏྲ་ན་ཡ་ཧཱུཾ། ཞེས་པས་མི་བསྐྱོད་པ་ལ་གསོལ་བ་གདབ། ཨཀྵོ་བྷྱ་ཡི་གནས་སུ། །ཤཱ་ཤྭ་ཏས་རྣམ་སྣང་དང༌། རཏྣ་སམྦྷ་བས་རིན་འབྱུང་དང༌། ཨ་མི་ཏཱ་བྷ་བས་འོད་དཔག་མེད་དང༌། ཨ་མི་ཏཱ་བྷ་བས་འོད་དཔག་མེད་དང༌། ཨ་མོ་གྷ་སིད་དྷ་ཞེས་བཅུག་ལ་དོན་ཡོད་གྲུབ་པ་ལ་གསོལ་བ་གདབ་བོ། །དེ་ནས་རང་གི་མིག་གཉིས་སུ་ཡི་གེ་ཛཿལས་ཉི་མ་དང་ཟླ་བ་སེར་པོ་བསྐྱེད། །ༀ་དཱིཔྟ་དྲིཥྟ་ཨཾ་ཀུ་ཤ་ཛ། ཞེས་བརྗོད་ཅིང་མྱུར་དུ་མིག་གི་རྫི་མ་འདེགས་ཤིང་རྡེབས་པའི་འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག་པའི་ཡེ་ཤེས་ཀྱི་ཐིག་རང་རང་གི་མདོག་ཅན་གྱི་ས་བོན་གྱི་ཡི་གེའི་གཟུགས་རིགས་ལྔའི་ཐུགས་ཀ་ནས་བཏང་བ་ལག་པའི་ཐིག་སྐུད་སོ་སོ་ལ་ཐིམ་པར་བསྒོམས་ལ། ༀ་ཨཱཿཨ་ནྱོ་ནྱ་ཨནུ་ག་ཏཱཿསརྦ་དྷརྨཱཿསྥ་ར་སྥ་ར་ཨནུ་པྲ་བིཥྟཱཿསརྦ་


JLD005_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨཱཿཨཏྱན་ཏ་ཨ་ནུ་པྲ་བིཥྟཱཿསརྦ་དྷརྨྨཱཿༀ་ཨཱཿཧཱུཾ་ཞེས་ཟློས་ཤིང་དང་པོ་ལྔ་ལྔར་བསྒྲིལ། དེ་ནས་ལྔ་པོ་གཅིག་ཏུ་བསྒྲིལ་ཏེ་ཚད་ནི་སྔར་དང་འདྲའོ། །དེ་ནས་བགེགས་མཐར་བྱེད་དུ་བསྐྱེད་པའི་སྐོར་རྣམས་མ་གཏོགས་པ་དྲི་ཞིམ་པོའི་ཆུ་དང་བདུད་རྩི་ལྔ་ཞེས་པ་ནས་ལྷག་གནས་བྱའོ་ཞེས་པའི་བར་སྔར་བཤད་པ་བཞིན་བྱ།གཉིས་པ་ནི། དཀྱིལ་འཁོར་གྱི་ས་ལ་སྔར་གྱི་སྔགས་དང་བུམ་པ་ཐམས་ཅད་ཀྱི་ཆུས་བསངས་ཏེ་གཙང་མར་བྱ་བ་ནས་མཆོད་བསྟོད་ཀྱི་བར་དང༌། སློབ་དཔོན་ནུབ་དང་ཞེས་པ་ནས་ལྟེ་བར་གཟུང་ལ་ཞེས་པའི་བར་རྣམས་སྔར་བཤད་པ་བཞིན་བྱ། གཉིས་ཀའི་ལྟེ་བའི་ཐད་ཀའི་བར་སྣང་ལ་ཐིག་སྐུད་བརྐྱང་ནས། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་དང་མཛུབ་མོས་ཐིག་སྐུད་བཟུང་ནས། ༀ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཧཱུཾ་ༀ་སྭཱ་ཨཱཿཧ། ཞེས་བརྗོད་ཅིང་ནམ་མཁའ་ལ་གདབ་ལ་སེ་གོལ་གྱིས་སྒྲ་བྱའོ། །ཐིག་གི་སྒྲས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྤྱོན་ཅིག །ཅེས་བརྗོད་པས་ནམ་མཁའ་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ནས་བྱོན་ཏེ་ཐིག་སྐུད་ལ་ཐིམ་པར་བསམ་མོ། །དེ་ནས་དེ་མ་ཐག་དཔོན་སློབ་གཉིས་ཀའི་ལག་པ་མཉམ་པར་སྨད་ནས་སྡོད་པའི་རྐང་སྟབས་སྔར་བཞིན་བྱས་ཏེ། འོད་ཟེར་ཕྲེང་བའི་མཐའ་ནས་མཐའི་བར་དུ་ཚགས་ཐིག་དང་པོ་གདབ་སྟེ། དེའི་ཚེ་ཡང་ཐིག་གི་སྒྲས་སངས་རྒྱས་རྣམས་བསྐུལ་ཏེ་བྱོན་ནས་ཐིག་སྐུད་ལ་ཐིམ་ཞིང༌། ངོ་བོ་ཡེ་ཤེས་ལ་རྣམ་པ་སྲད་བུ་ཁ་


JLD005_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ལྔར་སྣང་བའི་ཐིག་སྐུད་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་བསམ་མོ། །དེ་ནས་སྔར་བཤད་པ་བཞིན་རྐང་པ་བྱིན་གྱིས་བརླབས་ཏེ་སོང་ནས་ལྷོ་བྱང་གི་ནམ་མཁའ་ལ་གདབ་པ་དང་ས་ལ་ཚངས་ཐིག་གཉིས་པ་གདབ་པ་དང་པོ་བཞིན་བྱ། དེ་ནས་ནམ་མཁའ་ལ་འདེབས་པ་མ་གཏོགས་པ་སྐོར་ཕྱོགས་ལ་སོགས་སྔར་བཞིན་བྱ་ཞིང༌། ཐིག་ལྷག་མ་རྣམས་ཀྱང་ལས་ཐིག་བཞིན་གདབ་ལ་བྱིན་གྱིས་རློབ་པའི་དམིགས་པ་དང་པོ་བཞིན་བྱའོ། །ཐིག་སྐུད་འཛིན་པའི་དམིགས་བསལ་དང་ཐིག་སྐུད་ཀྱི་ལྟས་རྟོག་པ་ནི་སྔར་དང་འདྲའོ། །ཐིག་ཐེབས་པ་ན་ཐིག་སྐུད་ལ་མཆོད་གཏོར་དབུལ་བ་སྔོན་དུ་འགྲོ་བས། ༀ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་སྐུད་ནམ་མཁར་བཞུགས་པའི་རྒྱལ་བ་རྣམས་ཀྱི་ཐུགས་ཀར་གཤེགས་ལ། ཚོན་སྣ་ལྔའི་སྐུད་པ་གནས་ཇི་ལྟར་བར་བཞག་གོ །ཡེ་ཐིག་ཐེབས་ནས་ཐིག་སྐུད་ལ་འགོམ་དགོས་པ་དང༌། ཚོན་བྱིན་རླབས་ཅན་ལ་འགོམ་དགོས་པ་བྱུང་ན། ༀ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ་ཞེས་ངག་ཏུ་བརྗོད་ལ་ཡིད་ཀྱིས་ཡེ་ཤེས་ཀྱི་ཐིག་ཚོན་ནམ་མཁའ་ལ་བཏེག་ནས་བྱ་ཞིང་རྗེས་སུ་ཕབ་ལ་བསྟིམ་མོ། །འདིའི་སྡོམ་ནི་ཏིག་ཆོག་སྔ་མའི་སྡོམ་གྱིས་ཤེས་པར་ནུས་སོ། །ནམ་མཁའ་ལ་ཐིག་གདབ་པའི་ཆོ་ག་སྟེ་བརྒྱད་པའོ།། །།གཉིས་པ་ལ་གསུམ། །ཚོན་རྩེ་བྱིན་གྱིས་བརླབ་པ། ཚོན་གྱིས་རྟེན་གྱི་དཀྱིལ་འཁོར་བྲི་བ། དེ་ལ་ཕྱག་རྒྱ་


JLD005_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པའོ། །དང་པོ་ནི། འབྱོར་པ་ཆེ་ན་རིན་པོ་ཆེའི་རྡུལ་ཚོན་ནམ་ཆུང་ན་ས་ཚོན་ལ་སོགས་པ་ཡང་རུང་སྟེ། །སྣོད་སར་པ་རྣམས་སུ་སོ་སོར་བཀོད་ལ། བསང་སྦྱང་སྔོན་དུ་འགྲོ་བས་ཧཱུཾ་ༀ་ལ་སོགས་པའི་ས་བོན་ལས་རེ་རེ་ཡང་རིགས་ལྔའི་ངོ་བོར་བསྒོམ། །ནམ་མཁར་བཀོད་པའི་རིགས་ལྔའི་ཐུགས་ཀར་རིགས་ལྔ་སོ་སོའི་ས་བོན་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས་སྔར་བཤད་པ་བཞིན་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ་བཅུག་པས་ཡེ་ཤེས་ཀྱི་རྡུལ་ཚོན་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། ས་བོན་ལྔ་དང་ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་ཀྱིས་བསྔག་གོ །རང་གི་མིག་གཉིས་སྔར་བཞིན་བསྐྱེད་དེ་སྔར་བཞིན་འབར་བའི་ལྟ་བས་གཟི་བརྗིད་བསྐྱེད་ཅིང་བལྟ་ལ། རྡུལ་ཚོན་རྣམས་ལ་ཧིཿཡིག་བཀོད་ནས་བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ལ་ཆགས་པ་དང་རྗེས་སུ་ཆགས་པར་འགྱུར་པའི་བདེན་པ་དེས། རྡུལ་ཚོན་རྣམས་འབར་བར་གྱུར་ཅིག །ཅེས་བདེན་པའི་བྱིན་རླབས་ཀྱིས་སྦར་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ། །ཚོན་སྣ་ལྔའི་ཆོ་ག་སྟེ་དགུ་པའོ།། །།གཉིས་པ་ནི།དཀྱིལ་འཁོར་གྱི་དབུས་སུ་ཕུར་བུ་དངོས་སུ་བཏབ་པ་ཡིན་ན་དེ་བཏོན་པའི་ཤུལ་ཚོན་སྣ་ལྔས་དགང་ལ་མཉམ་པར་བྱ། བསམ་གཏན་གྱིས་བཏབ་ནས་ཕྱུང་བར་མོས་པ་ཡིན་ན་བཀང་བར་མོས་པས་ཆོག །དེ་ནས་དྲིལ་བུ་གསིལ་


JLD005_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། ཞེས་པའི་རྡོ་རྗེའི་གླུས་ཆོས་དབྱིངས་རྣམ་པར་དག་པར་མོས་ནས་ཚོན་འགྱེད་པའི་མཚན་མ་ངན་པའི་སྐྱོན་རྣམས་བསལ་བར་བྱས་ལ། དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ་ལག་པ་གཡས་པས་རྡོ་རྗེགཟུང་ཞིང་། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ། །རྩིག་པ་ལྔ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗར་སྔོ་བ། ཞེང་ཚད་སྒོའི་ཉི་སུ་ཆ་དཔངས་མཐེའུ་ཆུང་གི་ཚད་དང༌། སྲིད་དུ་སོར་བཅུ་གཉིས་ཀྱི་ཚད་གཡས་སྐོར་གྱིས་ཕྱི་ནས་རིམ་པ་བཞིན་ༀ་ཨཱཿཧཱུཾ་ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་དྲང་པོར་བྲིས་ལ། རིན་པོ་ཆེ་དཀར་པོ་ལ་སོགས་པ་ལས་བྱས་པའི་ཐུར་མ་ལ་སོགས་པའི་ངོ་བོར་མོས་པ་བྱའོ། །སྔར་བཤད་པ་ལས་རེ་ཁ་སྦོམ་པར་བྲིས་ན་ནད་སྐྱེད། ཕྲས་ན་ནོར་ཉམས། དམའ་ན་དངོས་གྲུབ་མི་འགྲུབ། ཡོ་ན་གདུང་བ་སྐྱེད། ཆད་ན་བླ་མ་དང་སློབ་མ་འཆི། གཡས་སྐོར་མིན་པར་བཀྱེ་ན་དངོས་གྲུབ་མི་འགྲུབ། རྡུལ་ཚོན་འདྲེས་ན་རིགས་བརྒྱུད་འཆད་པར་གསུངས་པས་སྐྱོན་དེ་དག་དང་བྲལ་བར་བྲིའོ། །སློབ་དཔོན་ཀྱིས་རྫོགས་པར་བྲི་མི་ནུས་ན་སྔར་གྱི་ཚད་ཙམ་ཞིག་བྲི་ལ། ཕྱི་


JLD005_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རི་མོ་མཁན་ལ་སོགས་པས་ཅི་བདེར་བྲི། རྡོ་རྗེ་ཁུ་ཚུར་གྱིས་བྲི་མ་ནུས་ན་ཐིག་སྐུད་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བ་ལ་དམིགས་བསལ་གསུངས་པའི་རིགས་པ་སྦྱར་དུ་རུང་བ་འདྲའོ། །རྒྱུད་དང་རྒྱ་གཞུང་ཁུངས་ཐུབ་རྣམས་ལས་ཚོན་སྦོམ་པོ་སོགས་སུ་བཀྱེ་ན་ནད་ལ་སོགས་པ་སྐྱེད་པར་གསུངས་པས་བྲི་ཉེས་པའི་སྐྱོན་ཡིན་པས། པྲཛྙཱ་ཤྲཱིས་གསེར་གཞོང་ལ་སོགས་པས་བཀབ་ནས་ཚོན་བཀྲ་བཟང་ངན་རྟོག་པ་ལ་ནི་ཁུངས་ཐུབ་ཀྱི་གཞུང་མི་སྣང་ཞིང་མི་འཐད་དོ། །དམ་ཚིག་རྡོ་རྗེས་ཁམ་ཕོར་ལ་སོགས་པས་འགེབས་པ་དང༌། བིདྱ་པ་ཏས་མེ་ཏོག་དང་ལྡན་པའི་སྣོད་ཀྱིས་བཀང་ནས་ཕྱི་ནས་ཅེ་བདེར་འདྲི་བར་བཤད་ཀྱང་ཚོན་བཀྲ་རྟོག་པ་མ་བཤད་ལ། དེ་ནི་ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་ལས་རྩིག་པ་ལ་མེ་ཏོག་སིལ་མ་གཏོར་ཞིང་མཆོད་པ་འབུལ་བར་བཤད་པ་ལྟར། དེ་བཞིན་གཤེགས་པ་ལྔའི་ངོ་བོའི་རྩིག་པ་ལྔ་ཐོག་མར་བྲིས་པ་ལ་མེ་ཏོག་ལ་སོགས་པ་གཏོར་བ་ན་རྡུལ་ཚོན་ལ་གནོད་པ་སྤང་བའི་ཕྱིར་སྣོད་ཀྱིས་བཀབ་པ་ཡིན་གྱི་ཚོན་བཀྲ་རྟོག་པའི་དོན་དུ་མིན་མོད་ཀྱང་ངེས་པར་དགོས་པའི་ཆོ་གར་མ་མཐོང་ངོ་། །ཚོན་སྤོམ་ཕྲ་སོགས་ཀྱིས་ཉེས་པ་སྐྱེད་པ་ཡང་དེ་ཁོ་ན་ཉིད་ཀྱི་བསམ་སྦྱོར་མི་བརྟན་པ་ལ་ཡིན་གྱི། བརྟན་པ་ལ་ནི་ནམ་ཡང་བར་ཆད་བྱ་བར་མི་ནུས་སོ། །ཚོན་ས་ནི། དབུས་ཀྱི་རེའུ་མིག་སྔོན་པོ། དེའི་མཐའ་སྐོར་གྱི་སྣམ་བུ་ནི་སྔོན་པོ་ལ་རྡོ་རྗེའི་ཕྲེང་བ་ཅན། ཀ་བ་རྣམས་ཕྱོགས་མདོག །ཟུར་ཐིག་གིས་བཅད་པའི་


JLD005_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གི་བར་རྣམས་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ། རྡོར་ཕྲེང་གི་ཟླུམ་པོ་ནི་ནག་པོ་ལ་རྡོ་རྗེ་རྩེ་གསུམ་པ་ནི་ཕྱིའི་རྡོ་རྗེའི་ཁ་དོག་ལྟར་རོ། །དེའི་ཕྱིའོ་འོད་ཕྲེང་ནི་ཁ་དོག་ལྔ་པ་སྟེ་དེར་ཚོན་གྱི་རེ་ཁ་མི་བྱའོ། །དེའི་ཕྱིའི་ཚངས་ཐིག་གི་གློ་སོ་སོར་ཆ་ཆུང་བཞི་བཞི་དོར་ནས་བུམ་པ་སེར་པོ་ཆ་ཆུང་བཞི་པ་གཉིས་གཉིས་སོ། །འདོད་སྣམ་དམར་པོ་ལ་མཆོད་པའི་ལྷ་མོ་དུ་མ་དང་ལྡན་པ། ཕ་གུའི་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུབ་བཞི་སོགས་ཀྱིས་སྤྲས་པ། དྲ་བ་དྲ་ཕྱེད་ཀྱི་གཞི་ནག་པོ་ལ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་མུ་ཏིག་གི་ངོ་ཤལ་སྐུད་པ་དམར་པོ་ལ་བརྒྱུས་པ། གློ་གཉིས་དང་སྟེང་འོག་ཏུ་གསེར་གྱིས་བཅིངས་པའི་ནོར་བུ་དབུས་ན་ཡོད་པ། དེའི་ནང་དུ་ཁ་ཅིག་ལ་ནི་པདྨ་དང་ཟླ་ཚེས་དང་རྡོ་རྗེ་ཕྱེད་པས་བརྒྱན་པའི་ཉི་མ། ཁ་ཅིག་ལ་ནི་རིན་པོ་ཆེ་ཁ་ཅིག་ལ་ནི་པདྨ་ལ་གནས་པའི་རྡོ་རྗེ། དོ་ཤལ་གྱི་གློ་གཉིས་སུ་དེ་ལས་ཅུང་ཟད་ཐུང་བར་འཕྱང་བའི་རིན་པོ་ཆེའི་ཕྲེང་བའི་དོ་ཤལ་ཕྱེད་པ་དྲང་ཞིང་རྩེ་མོ་ལ་གསེར་གྱིས་བསྡམས་པའི་ནོར་བུ་སྤོམ་པོ་དང་ལྡན་པས་མཛེས་པ་དང༌། ཁ་ཅིག་ཏུ་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང༌། དྲིལ་བུའི་མཐར་ནང་དུ་རྔ་ཡབ་འཕྱང་བའོ། །ཤར་བ་དང་མདའ་ཡབ་ཀྱི་གཞི་ནག་པོ་ལ་ཤར་བུ་དཀར་པོ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་དཀར་པོ། རྟ་བབས་ཀྱི་ཀ་བ་དང་གླང་རྒྱབ་ཀྱི་ནང་རྣམས་ཕྱོགས་མདོག །གླང་རྒྱབ་ཀྱི་ཆ་ཆུང་ཕྱེད་པ་ལ་རིན་པོ་ཆེ་ལ་སོགས་པའི་ཞིང་རྣམ་པར་བཀྲ་བའི་བླ་བྲེ་དང་


JLD005_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཤལ་ཕྱེད་པ་འཕྱང་བ། སྣམ་བུ་བཅུ་གཅིག་གི་གསེར་སྣམ་སེར་པོ། རིན་པོ་ཆེ་ནི་པ་གུ་བཞིན། རྨིག་པ་དང་པ་རནྚ་མཛེས་མཚོན། །མུན་པ་གཉིས་ནག་པོ། ཤར་བུ་དང་མདའ་ཡབ་སྔར་བཞིན། དེའི་སྣམ་བུའི་དབུས་སུ་པད་ཟླའི་གདན་ལ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ། དེའེི་གཡས་གཡོན་ཆ་ཆུང་ཕྱེད་དུ་རི་དྭགས་ཕོ་མོ་སེར་པོ་ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོད་འགྲེང་ཞིང་མིག་འཁོར་ལོའི་རྩེ་མོ་ལ་ལྟ་བ། དེ་གཉིས་ཀྱི་ཕྱི་ངོས་སུ་མདའ་ཡབ་གཉིས་གཉིས། སྣ་ཚོགས་རྡོ་རྗེའི་རྭ་དབུས་མ་རྣམས་ཕྱོགས་མདོག །གཡས་གཡོན་གྱི་རྭ་གཉིས་ནི་དེའི་གློའི་དེ་བཞིན་གཤེགས་པའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །རྭ་ལྔ་པ་ལ་ནི་རྭ་གཞན་གཉིས་དེ་ལས་གཞན་པ་དང་དབུས་ཀྱི་རྒྱལ་བའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །ཡང་ན་ཕྱོགས་རེའི་སྣ་ཚོགས་རྡོ་རྗེའི་རྭ་ཐམས་ཅད་རང་ཕྱོགས་ཀྱི་རྒྱལ་བའི་མདོག་ཏུ་བྱའོ། །པདྨའི་ལྟེ་བ་ལྗང་གེ་སར་སེར་འདབ་མ་སྣ་ཚོགས། དེའི་གཞི་དམར་སྐྱ་ཕྱིའི་རེ་ཁ་དཀར་པོ། རྡོ་རྗེ་རྩེ་གསུམ་མ་མ་ལྔའམ་སྣ་ཚོགས་རྡོ་རྗེ་སྟེ་ཁ་དོག་ནི་ནག་སེར་དཀར་པོ་གང་རུང་དང༌། སྣམ་བུ་ནི་ཁ་དོག་སྣ་ཚོགས་པ་ཇི་ལྟར་མཛེས་པའོ། །དེའི་ཕྱིར་རེ་ཁ་དཀར་པོའམ་སེར་པོ། །འོད་ཟེར་གྱི་ཕྲེང་བ་ནི་ཁ་དོག་སྣ་ལྔ་པ་སྟེ་དེའི་མཐར་ཚོན་གྱི་རེ་ཁ་མི་བྱའོ། །ཚོན་དགྱེ་བའི་


JLD005_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་སྟེ་བཅུ་བའོ། །གསུམ་པ་ནི། དེ་ལྟར་ཚོན་གྱིས་རྟེན་གྱི་དཀྱིལ་འཁོར་བྲི་བ་རྫོགས་པ་དང་ཕྱག་རྒྱ་དགོད་པར་བྱའོ། །བོད་ཀྱི་མཁས་པ་ཁ་ཅིག་རྩིག་པ་ཡན་ཆད་གྲུབ་པ་དང་ལྷག་མ་བློས་སྤྲུལ་ནས་འགོད་པར་བཞེད་དོ། །ལྷ་རྣམས་ཀྱི་གནས་སུ་ཐུན་མོང་གི་གདན་ཕྱོགས་བཞི་དམར་མེ་རླུང་སེར་བདེན་བྲལ་ལྗང་དབང་ལྡན་ནག་ལྟེ་བ་ལྗང་བའི་སྣ་ཚོགས་པདྨ་རེ་དགོད། །དེའི་སྟེང་དུ་ཐུན་མོང་མ་ཡིན་པའི་གདན་སྒྲུབ་ཐབས་བཞིན་དགོད་ལ་དེའི་སྟེང་དུ་ཕྱག་རྒྱ་གསུམ་ལས་ཆོས་ཀྱི་ཕྱག་རྒྱ་འགོད་ན་ལྷ་སོ་སོའི་ས་བོན་ཧཱུཾ་ལ་སོགས་པའོ། །མཚན་མའི་ཕྱག་རྒྱ་འགོད་ན་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་གོས་ཁ་དོག་སྣ་ཚོགས་པ། ཤར་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའམ་བཅུ་གཉིས་པ། ལྷོར་རིན་པོ་ཆེ་ཆ་དགུ་པ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྱི་ལྗང་ཁུ། ཤར་ལྷོར་དབུས་གནག་ལ་མཐའ་དཀར་བའི་འོད་དང་ལྡན་པའི་སྤྱན། །ལྷོ་ནུབ་ཏུ་རྡོ་རྗེ་སྔོན་པོ། །ནུབ་བྱང་དུ་པདྨ་དམར་པོ་ཁ་བྱེ་བ་རྩ་བ་དང་སྡོང་བུ་དང་ལྡན་པ། བྱང་ཤར་དུ་ཨུདྤ་ལ་སྔོན་པོ་མཛེས་པ། རིམ་པ་གཉིས་པའི་མེའི་ཟུར་དུ་མེ་ལོང་དམར་པོ། བདེན་བྲལ་དུ་པི་ཝང་སྔོན་པོ། །རླུང་དུ་དྲིའི་དུང་ཆོས་སེར་པོ། །དབང་ལྡན་དུ་ཞལ་ཟས་ཀྱི་སྣོད་དམར་པོ། རིམ་པ་གསུམ་པའི་སྣམ་བུ་ལ་ཤར་དུ་སྡོང་བུ་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་དཀར་པོ་འཁོར་ལོས་མཚན་པ་དང་འཁོར་


JLD005_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ་གཉིས། ནུབ་ཏུ་པདྨ་དམར་པོ་གཉིས། བྱང་དུ་རལ་གྱི་ལྗང་ཁུ་གཉིས། ཤར་སྒོར་ཐོ་བ་སྔོན་པོ། ལྷོ་སྒོར་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ། ནུབ་སྒོར་པདྨ་དམར་པོ། བྱང་སྒོར་སྣ་ཚོགས་རྡོ་རྗེ། མེར་རལ་གྲི། བདེན་བྲལ་དུ་ཞགས་པ། རླུང་དང་དབང་ལྡན་གཉིས་ཀར་རལ་གྲི་བྲི། །རྒྱུད་ཕྱི་མར་མི་གཡོ་བ་ལ་སོགས་པ་བཞི་ལ་རལ་གྲི་ལྕགས་ཀྱུ་དབྱུག་པ་རྩེ་གསུམ་དགོད་པར་གསུངས་སོ། །ཤར་སྒོའི་མཚན་མའི་ཤར་དུ་གཙུག་ཏོར་གྱི་མཚན་མ། ནུབ་སྒོའི་མཚན་མའི་ནུབ་ཏུ་ཞགས་པ་བྲི་སྟེ་དེ་རྣམས་ནག་པོའོ། །མཚན་མ་ཐམས་ཅད་འོད་ཟེར་ཁ་དོག་ལྔས་བསྐོར་བ་རང་རང་གི་ཕྱོགས་སུ་མགོ་བསྟན་པ་སྟེ། གཙོ་བོའི་མཚན་མ་ནི་ནུབ་ཏུ་མགོ་བསྟན་པའོ། །ཕྱག་རྒྱ་ཆེན་པོ་འགོད་པ་ནི་ལྷའི་སྐུ་ལུགས་མ་ལ་སོགས་པ་འཇོག་པའོ། །དེ་ལྟར་ཕྱག་རྒྱ་གསུམ་གང་རུང་བཀོད་ནས་བརྟགས་པས་ཆད་ལྷག་མེད་པར་ཤེས་པ་དང༌། ཚོན་འཐོར་བ་རྣམས་རས་ལ་སོགས་པས་ཕྱི། །ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་དང་དྲི་བཟང་པོའི་ཆུས་དཀྱིལ་འཁོར་གྱི་ཕྱི་རྣམས་བྱུག །དེ་བཟླས་པའི་ཆུས་དཀྱིལ་འཁོར་བསངས་ལ་ཚོན་ལྷག་མ་རྣམས་བསྡུས་ནས་མཆོད་གཏོར་ཕུལ་ཏེ། ༀ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཚོན་གྱི་ཡེ་ཤེས་པ་གཤེགས་ནས་ལྷག་མ་རྣམས་དབེན་པར་གཞག་གོ །ཆ་ཚོན་གྱིས་དཀྱིལ་འཁོར་བྲིས་པ་ལ་ཚོན་གྱི་རྡུལ་ཕྲ་རབ་


JLD005_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པའི་རྒྱལ་བ་ཀུན་མཆོད་པར་འགྱུར་བ་དང༌། དེའི་མཐུས་ལས་ཀྱི་སྒྲིབ་པ་འདག་པར་བཤད་རྒྱུད་ལས་གསུངས་པས། ཚོན་རྩི་ལ་སོགས་པ་ཡང་དབང་ཞུ་བའི་སློབ་མས་བསྒྲུབ་པར་བྱའོ། །དཀྱིལ་འཁོར་ཚོན་གྱིས་བྲི་བ་ནས་བཟུང་སྟེ་དབང་ཐོབ་པ་ཅིག་མེད་པར་སྟོང་པར་མི་བཞག་གོ །ཚོན་བསྐྱེད་དགུག་བཟླ་བལྟ་སྦར་མཆོད། །དགང་བསིལ་དང་པོར་རྩིག་པ་བྲི། ལྷག་མ་བྲི་ཞིང་ཕྱག་རྒྱ་དགོད། །བྱུག་བསང་གཤེགས་གསོལ་ཚོན་ཆོག་སྡོམ། །གསུམ་པ་བགེགས་བཟློག་ཐབས་ནི། དཀྱིལ་འཁོར་འདྲི་བའི་དུས་སུ་རླུང་དང་ཆར་ལ་སོགས་བའི་གནོད་པ་བྱེད་པའི་བགེགས་ཞི་བར་བྱ་བ་ནི། རང་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པ་སྐུའི་རྣམ་འཕྲུལ་གཡས་བརྐྱང་ལ་སོགས་པའི་སྟང་སྟབས་ཀྱིས་བགེགས་རྣམས་ཕྱེ་མར་རློག་པ། གསུང་གི་རྣམ་འཕྲུལ་འཇིག་པའི་དུས་ཀྱི་འབྲུག་སྒྲ་སྒྲོགས་པ་ལྟ་བུར་སྔགས་འདོན་པ། ཐུགས་ཀྱི་རྣལ་འཕྲུལ་བགེགས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པ་དང་ལྡན་པར་བྱས་ཏེ། དེའི་ཕྲེང་སྔགས་ང་རོ་དྲག་པོས་གདོན་ལ་བགེགས་ཚར་གཅད་དོ། །གཉིས་པ་བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ་ལ་གཉིས། བུམ་པ་དགོད་པ་དང༌། དཀྱིལ་འཁོར་བརྒྱན་པའོ། །དང་པོ་ནི། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་ཀྱིས་སྣ་དྲངས་ཏེ།


JLD005_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དང་རྒྱལ་མཚན་དང་རོལ་མོའི་ཆ་བྱད་སྣ་ཚོགས་པས་དཀྱིལ་འཁོར་ལ་གཡས་སྐོར་དུ་ལན་གསུམ་བསྐོར་ནས་དགོད་པར་བྱ་སྟེ། ཕྱིའི་རྡོ་རྗེའི་ར་བའི་ནང་དུ་ཁ་ནང་ལྟའི་དབང་དུ་བྱས་ནས། ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ཟད་ཀྱི་གཡས་སུ་གཙོ་བོའི་བུམ་པ་དང༌། དེའི་གཡས་སུ་བྱམས་པ་དང་གཟུགས་རྡོ་རྗེ་མ་དང་གཤིན་རྗེ་གཤེད་དང་གཙུག་ཏོར་འཁོར་ལོས་སྒྱུར་བའི་བུམ་པ་གཞག །ཤར་སྒོའི་གཡོན་དུ་རྣམ་སྣང་དང་སྤྱན་མ་དང་ས་ཡི་སྙིང་པོ་དང་ལས་ཐམས་ཅད་པའི་འོ། །ལྷོ་སྒོའི་གཡས་སུ་ཕྱག་རྡོར་དང་སྒྲ་རྡོ་རྗེ་མ་དང་ཤེས་རབ་མཐར་བྱེད་ཀྱིའོ། །གཡོན་ཏུ་རིན་འབྱུང་དང་མཱ་མ་ཀཱི་དང་ནམ་སྙིང་གིའོ། །ནུབ་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང་དྲི་རྡོ་རྗེ་མ་དང་པདྨ་མཐར་བྱེད་དང་གནོད་མཛེས་ཀྱིའོ། །གཡོན་དུ་སྣང་བ་མཐའ་ཡས་དང་གོས་དཀར་མོ་དང་འཇམ་དཔལ་གྱིའོ། །བྱང་སྒོའི་གཡས་སུ་སྒྲིབ་སེལ་དང་རོ་རྡོ་རྗེ་མ་དང་བགེགས་མཐར་བྱེད་ཀྱིའོ། །གཡོན་དུ་དོན་གྲུབ་དང་སྒྲོལ་མ་དང་ཀུན་བཟང་གིའོ། །ཤར་ལྷོ་ལ་སོགས་པའི་མཚམས་བཞིར་མི་གཡོ་བ་ལ་སོགས་བཞིའི་འོ། །གཉིས་པ་ནི། མཆོད་པའི་ཡོ་བྱད་གདུགས་དང་རྒྱལ་མཚན་དང་བ་དན་དང་དྲིལ་བུ་དང་བཅས་པའི་རྔ་ཡབ་དང་བུམ་པ་གང་བ་དང༌། ལྷ་རེ་རེ་ལ་ཉེར་སྤྱོད་ཚང་བ་རེ། དེ་མ་འབྱོར་ན་མཆོད་པ་རེ་རེ་ཞིང་བཅུ་ལས་མི་ཉུང་བ་རྣམས་ལ། ཧཱུཾ་དང་གཙོ་བོའི་


JLD005_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླས་ལ། ༀ་བཛྲ་སྤར་ན་ཁཾ་ཞེས་པས་དབུལ་བའི་དོན་དུ་ཕྱོགས་མཚམས་སུ་བཤམ། ནང་གི་མཆོད་པ་དང་ནང་དུ་འབུལ་རྒྱུའི་གཏོར་མ་གཉིས་དང༌། ཕྱི་རོལ་པའི་གཏོར་མ་ལ་སོགས་པ་ཡང་བཤམ་མོ། །གསུམ་པ་བསྒྲུབ་ཅིང་མཆོད་ནས་དབང་བསྐུར་བ་ལ་གསུམ། དཀྱིལ་འཁོར་བསྒྲུབ་པ། དཀྱིལ་འཁོར་མཆོད་པ། དབང་བསྐུར་བའོ། །དང་པོ་གཉིས། དཀྱིལ་འཁོར་སྒྲུབ་པའི་བཤད་པ་དང༌། དཀྱིལ་འཁོར་སྒྲུབ་པའི་ཆོ་གའོ། །དང་པོ་ནི། འཕགས་ལུགས་ཀྱི་དཀྱིལ་ཆོག་ཟུང་འཇུག་གསལ་བ་ལས། དཀྱིལ་འཁོར་སྒྲུབ་ཚུལ་མ་བཤད་ལ། ཀླུ་བྱང་དང་ནག་པོ་པས་མཛད་པ་ལས་སྔོན་དུ་བདག་བསྐྱེད་འདི་ཙམ་ཞིག་སྒོམ་པ་དང༌། དམ་ཚིག་པའི་འཁོར་ལོ་སྐྱེད་ཚུལ་མི་གསལ་ལོ། །འཕགས་པས་མཛད་ཟེར་བ་དང་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བཤད་པ་ནི་ཀླུ་བྱང་དང་མི་མཐུན་ནོ། །དེ་ལྟ་ན་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་བདག་བསྐྱེད་ཇི་ཙམ་ཞིག་བྱ་སྙམ་ན། ལེའུ་བརྒྱདཔའི་འགྲེལ་པ་སྒྲོན་གསལ་ལས། གསང་དབང་བསྐུར་བ་ལ་བསམ་གཏན་ནམ་བྲིས་པའི་དཀྱིལ་འཁོར་གཉིས་སྒྲུབ་པའི་སྔོན་དུ་རྣལ་འབྱོར་དང་པོ་གསུམ་དང་ཕྱག་རྒྱ་འདུ་བྱས་ནས་སྙོམས་པར་ཞུགས་ཏེ་དཀྱིལ་འཁོར་རྒྱལ་མཆོག་སྐྱེད་པ་མཆོད་པ་དང་བཅས་པ་བྱ་བར་གསུངས་ལ། དེ་ནི་རིམ་ལྔ་ལས་བུམ་དབང་དགུ་དང་བཅས་པའི་


JLD005_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གསང་དབང་བསྐུར་བར་གསུངས་པ་ལྟར་གྱིས་གསང་དབང་བསྐུར་བའི་དབང་དུ་མཛད་ཀྱི་གསང་དབང་རྐྱང་པ་མིན་ཏེ། གཞན་དུ་ན་རྡུལ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་སྒྲུབ་པའི་དོན་མེད་དོ། །དེས་ན་སྒྲུབ་ཐབས་ཅི་ཙམ་ཞིག་སྒོམ་པ་དེ་ལས་ཤེས་པར་བྱ་དགོས་ཏེ་འཆད་པར་འགྱུར་རོ། །དེའི་དུས་སུ་ནི་ལུགས་འདིས་བདག་མདུན་བསྲེ་བ་མིན་ལ། ལུགས་གཞན་ལས་ནི་དེའི་དུས་སུ་བསྲེ་བ་ཡང་ཡོད་དོ། །དེ་ནས་དཀྱིལ་འཁོར་སྒྲུབ་ལུགས་ནི། བཤད་རྒྱུད་དང་ཀླུ་བྱང་དང་ཟླ་གྲགས་ཀྱིས་སྤྱན་དྲངས་པའི་ཡེ་ཤེས་པ་དཀྱིལ་འཁོར་ན་བཞུགས་པའི་ལྷ་རྣམས་ལ་བསྟིམ་པར་གསུངས་པས་དམ་ཆིག་པའི་འཁོར་ལོ་སྐྱེད་དགོས་ལ། བཤད་རྒྱུད་རྡོར་ཕྲེང་ལས་དམ་ཚིག་པའི་ལྷ་རྣམས་ཨཱ་ལི་ཀཱ་ལི་ལས་སྐྱེད་པར་གསུངས་པ་ནི་རྒྱུད་གཞན་ནས་བཤད་པ་ལྟར་འདིར་མི་བྱེད་པས། དབྱངས་གསལ་གྱི་སྔགས་ཐམས་ཅད་བསྡུས་པ་ཡི་གེས་གསུམ་ས་བོན་དང་བཅས་པ་ལས་སྐྱེད་པའི་དོན་ནོ། །ཀླུ་བྱང་གིས་དམ་ཚིག་པའི་ལྷ་རྣམས་སེམས་དཔའ་སུམ་རྩེག་ཏུ་བྱས་པའི་རང་ཉིད་སེམས་དཔའ་སུམ་རྩེག་ཏུ་བྱས་པ་ལས་བྱུང་བའི་འོད་ཀྱིས་ཡེ་ཤེས་པ་སྤྱན་འདྲེན་པར་བཤད་ཅིང༌། རྩ་རྒྱུད་ལས། དེའི་དབུས་སུ་འདོད་པ་བྱ། ཞེས་གསུངས་པའི་དོན་རང་ཉིད་ཡུམ་དང་བཅས་པ་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་གནས་ནས་སྙོམས་འཇུག་བྱེད་པར་བཞེད་ལ། དཀྱིལ་འཁོར་དེའི་དབུས་སུ་ནི་སྒོམ་དོན་


JLD005_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པ་མིན་པ་དངོས་སུ་བྱེད་པ་མིན་པས། བྲིས་པའི་དཀྱིལ་འཁོར་གྱི་གཙོ་བོ་དང་རང་ཉིད་ཐ་མི་དང་དུ་སྐྱེད་དགོས་སོ། །དེ་ཡང་མི་བསྐྱོད་པ་ཞི་བ་ཡིན་ནོ། །རིག་མ་མཱ་མ་ཀཱིར་སྐྱེད་པར་རྒྱུད་ལས་གསུངས་པ་ནི། སྒྲོན་གསལ་ལས་གསུངས་པ་ལྟར་དཀྱིལ་འཁོར་མཆོད་པའི་སྐབས་ལ་དགོངས་ཏེ། རེག་བྱ་རྡོ་རྗེ་མ་དང་གདམ་ངའོ། །དཀྱིལ་འཁོར་སྒྲུབ་པའི་དུས་སུ་ནི་རེག་བྱ་རྡོ་རྗེ་མ་ཉིད་ཡུམ་དུ་བྱ་སྟེ། རྩ་རྒྱུད་ལས་མཱ་མ་ཀཱིའི་མཚན་མ་ལྷོ་ནུབ་ཏུ་དགོད་པར་གསུངས་པ་ལྟར་ཀླུ་བྱང་གིས་ཀྱང་གསུངས་ལ། བཤད་རྒྱུད་ལས་ཀྱང་རྡོ་རྗེ་དགའ་མ་སོགས་བཞི་ནང་གི་གྲ་བཞིར་དགོད་པར་གསུངས་པའི་ཕྱིར་རོ། །ལེའུ་དང་པོ་ལས་དབང་གི་དཀྱིལ་འཁོར་གྱི་སྐབས་སུ་ལྷ་བཅུ་གསུམ་ཕྱུང་བ་རྣམས་དཀྱིལ་འཁོར་ལ་འགོད་པར་གསུངས་པའི་ཚུལ་ནི་སྒྲུབ་ཐབས་ལྟར་མི་བྱའི། ཀླུ་བྱང་གི་དཀྱིལ་ཆོག་ལྟར་བྱའོ། །གཉིས་པ་ནི། དེ་ནས་རང་ཁྲུས་བྱས་ཤིང་དྲི་ཞིམ་པོས་ལུས་ལ་བྱུག །སྟོད་གཡོགས་དང་གཙུག་ཏོར་དང་རྒྱན་དང་ལྡན་པར་བྱ། ལས་ཐམས་ཅད་པ་བཟླས་པའི་ཆུས་དཀྱིལ་འཁོར་བསང་ཞིང༌། དེ་དང་ཡི་གེ་གསུམ་བཟླས་པས་དཀྱིལ་འཁོར་བསྲུངས་ནས་རྡོར་དྲིལ་བཟུང་ལ། ཤར་སྒོ་དང་ཉེ་བར་ནུབ་ཏུ་ཁ་བལྟས་ཏེ་འདུག་ལ། དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་མཆོད་བསྟོད་དང་བཅས་པ་བྱས་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལུས་ལ་བསྡུས་


JLD005_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཤཱུ་ནྱཱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ནས་བསྲུང་བའི་འཁོར་ལོའམ་ཡེ་ཤེས་ཀྱིས་སྐྱེས་པ་ནས་བཟུང་སྟེ་གཞལ་ཡས་ཁང་གདན་བཅས་ཀྱི་བར་སྒྲུབ་ཐབས་བཞིན་བསྒོམ། གདན་དབུས་མའི་སྟེང་དུ་ༀ་ཨཱཿཧཱུཾ་ཧཱུཾདང༌། ༀ་ཨཱཿཁཾ་ཧཱུཾ། ཤར་དུ་ༀ་ཨཱཿༀ་ཧཱུཾ་ནས། འོ་ཏུ་ༀ་ཨཱཿཧཱུཾ་ཧཱུཾ་གི་བར་སོ་གཉིས་དགོད། དེ་རྣམས་ཡོངས་སུ་གྱུར་པ་ལས་རང་རང་གི་མཚན་མ་བཀོད་པ་སོ་གཉིས་སུ་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་མི་བསྐྱོད་པར་བསྐྱེད་པ་ནས་གནོད་མཛེས་ཀྱི་བར་སྒྲུབ་ཐབས་བཞིན་བསྐྱེད། ཡུམ་བསྐྱེད་པའི་ཚེ་དངོས་ཀྱི་རིག་མའམ་སྙིང་ཁ་ནས་རང་རིགས་ཀྱི་རིག་མ་ཕྱུང་ལ་རེག་བྱ་རྡོ་རྗེ་མར་སྐྱེད་པ་དང༌། དེའི་ལུས་ལ་རིགས་ལྔ་དགོད་པ་དང༌། རྡོ་རྗེ་དང་པདྨ་འདུ་བྱ་བ་དང༌། ལས་ལ་གནས་པ་དང༌། བྱང་ཆུབ་ཀྱི་སེམས་ཞུ་བ་ཡུམ་གྱི་པདྨར་ཕབ་པ་ལས་བརྟེན་པའི་དཀྱིལ་འཁོར་སྐྱེད་པ་དང༌། མཚན་སྔགས་ཀྱིས་ཕྱུང་ནས་རང་རང་གི་མཛད་པ་མཛད་པ་དང༌། སྤྲུལ་པ་གཅིག་ཏུ་འདུས་པའི་བར་སྒྲུབ་ཐབས་བཞིན་བྱ། དེ་ནས་དེ་རྣམས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ཏེ། རང་རང་གི་ཡེ་ཤེས་པ་དང་གཅིག་ཏུ་གྱུར་ནས་མཆོག་ཏུ་དགའ་བའི་སྐུ་དང་ལྡན་པས། སླར་འབྱོན་པར་བཞེད་པའི་སྒོ་ནས་བཞུགས་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས་སློབ་མ་དབང་བསྐུར་བའི་དོན་དུ་དེ་རྣམས་སྤྱན་དྲངས་པའི་ཕྱིར་བསྐུལ་བར་བྱ་སྟེ། དེ་ཡང་དམ་ཚིག་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་གང་ན་གྱི་


JLD005_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན། གཙོ་བོ་ལ་སྒྲུབ་ཐབས་ལྟར་གྱི་ཡེ་ཤེས་སེམས་དཔའ་ལྷ་གཞན་རྣམས་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་རེ། ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཐུགས་ཀར་ཟླ་གདན་ལ་གནས་པའི་རང་རང་གི་ཕྱག་མཚན་གྱི་བུམ་པ་ལ་ཏིང་ངེ་འཛིན་སེམས་དཔའ་གཙོ་བོ་ལ་ཧཱུཾ། ཡུམ་ལ་ཁཾ། རྣམ་སྣང་ལ་ༀ་ལ་སོགས་པ་སོ་སོའི་ས་བོན་འོད་ཟེར་གྱི་ཕུང་པོ་ཆེན་པོ་དང་བཅས་པ་རེ་བསྒོམ། ཡེ་ཤེས་སེམས་དཔའ་རྣམས་ཀྱང་སེམས་དཔའ་སུམ་རྩེག་ཏུ་བྱའོ། །དེ་ནས་རང་དང་དམ་ཚིག་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལྕགས་ཀྱུ་ལྔ་བུ་འཕྲོས་པ་རྣམས་གཅིག་ཏུ་གྱུར་པས། ཡེ་ཤེས་པ་སེམས་དཔའ་གསུམ་རྩེག་ཅན་གྱི་ཐུགས་ཀར་བརྡབས་པས་བསྐུལ་བའི་འོག་ཏུ། གནོད་མཛེས་བཀུག་ནས་མདུན་དུ་བཀའ་ནོད་པ་ལ། རྒྱལ་བ་རྣམས་སློབ་མ་རྣམས་ལ་དབང་བསྐུར་བའི་དོན་དུ་འབྱོན་བར་སྐུལ་ཅིག་ཅེས་བཀའ་བསྒོས་པས། དེས་རང་འདྲའི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཤིང་དེ་རྣམས་ཀྱང་རང་དང་འདྲ་བའི་དམ་ཚིག་པ་སོ་སོ་ལ་ཐིམ་ཞིང་རང་ཉིད་མི་བསྐྱོད་པ་ཞི་པ་དེ་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེར་གྱུར་པར་བསམ་མོ། །སླར་ཡང་ཨེ་ཧྱེ་ཧི་བྷ་ག་ཝན་ས་མ་ཡ་མ་ནུ་སྨ་ར་ཏིཥྛ་ཏིཥྛ་མ་ནུ་སྨ་ར་ༀ་ཨཱཿཧཱུཾ་སྭཱཧཱ། ཞེས་ལན་གསུམ་བརྗོད་ཅིང་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་འོག་མིན་ནས་རྒྱལ་བ་ཐམས་ཅད་སྤྱན་དྲངས་ཏེ།


JLD005_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་བཞུགས་པར་བསམས་ཏེ་འདོད་ཡོན་ལྔས་མཆོད་ལ། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟང་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་གསོལ་བ་གདབ་ཅིང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སེལ་གཏོག་ཅིང༌། ༀ་བཛྲ་ས་མཱ་ཛཿཛཿཛཿཛཿཞེས་པའི་སྔགས་ཀྱིས་བསྐུལ་བས་ཐམས་ཅད་བྱོན་ནས་སློབ་མ་དབང་བསྐུར་བའི་ཕྱིར་དུ་དཀྱིལ་འཁོར་བ་རྣམས་ལ་ཞུགས་པར་གྱུར་པ་མཐོང་ནས། རབ་ཏུ་དགའ་བས་དམ་ཚིག་པ་དང་དེ་རྣམས་དབྱེར་མི་ཕྱེད་པའི་རྒྱས་གདབ་ཅིང༌། སྟ་གོན་གྱི་དཀྱིལ་འཁོར་ལ་མཆོད་ནས། ཛཿ་ཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་དབང་དུ་བྱས་ལ། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱན་གྱིས་དབང་བསྐུར་བར་བསམ་མོ། །བུམ་པ་དགོད་པ་དང་སྒྲུབ་ཐབས་ཀྱི་རྣལ་འབྱོར་གང་དང་ལྡན་པས་དཀྱིལ་འཁོར་སྒྲུབ་པའི་ཚུལ་དེ་ནི་རས་རིས་ཀྱི་ཆོ་ག་ལ་ཡང་བྱ་སྟེ། བསམ་གཏན་གྱི་ཆོ་ག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། མཆོད་པ་དངོས་དང༌། བསྐོར་ནས་སྒོ་དབྱེ་བའོ། །དང་པོ་ལ་གཉིས། ནང་དུ་དཀྱིལ་འཁོར་གྱི་ལྷ་མཆོད་དང༌། ཕྱི་རོལ་ཏུ་མཆོད་གཏོར་ཕུལ་ནས་སྦྱིན་བསྲེང་བྱ་བའོ། །དང་པོ་ནི། ཕྱིའི་མཆོད་པ་རྣམས་ལས་ཐམས་ཅད་བས་བསང༌། ཤཱུ་ནུ་ཏས་སྦྱང་ཞིང་སྐྱེད་དེ་བྱིན་གྱིས་བརླབ་ལ། སྒྲུབ་


JLD005_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་བཞིན་ཆུ་བཞིའི་མཆོད་པ་དང༌། ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། མགོན་པོས་མཆོད་པ་འདི་བཞེས་ཤིག །ཅེས་མེ་ཏོག་གི་གནས་སུ་ཉེར་སྤྱོད་ལྷག་མ་དང་རོལ་མོའི་མིང་གཞུག་ལ་ཉེར་སྤྱོད་དང༌། ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །དེ་བཞིན་གཟུགས་ལ་དབྱེ་བ་གསུམ། །གཟུགས་ཀྱི་རྡོ་རྗེ་མར་བཀུག་ནས། གཟུགས་ཀྱི་རྡོ་རྗེ་མར་བཀུག་ནས། །ལྷ་རྣམས་སྤྱན་ལ་དབུལ་བར་བྱ། །ཡང་དག་གླུ་དང་བརྗོད་བྲལ་དབྱངས། དེ་བཞིན་སྒྲ་ལ་དབྱེ་བ་གསུམ། །སྒྲ་ཡི་རྡོ་རྗེ་མར་བཀུག་ནས། ལྷ་རྣམས་སྙན་ལ་དབུལ་བར་བྱ། །ག་པུར་ཨ་ཀར་ཛཱ་ཏི་སོགས། །དེ་བཞིན་དྲི་ལ་དབྱེ་བ་གསུམ། །དྲི་ཡི་རྡོ་རྗེ་མར་བཀུག་ནས། །ལྷ་རྣམས་ཤངས་ལ་དབུལ་བར་བྱ། །འོ་བྱེད་པ་དག་འཇིབ་པ་དང༌། །རོ་དྲུག་དེ་བཞིན་དབྱེ་བ་གསུམ། །རོ་ཡི་རྡོ་རྗེ་མར་བཀུག་ནས། །ལྷ་རྣམས་ལྗགས་ལ་དབུལ་བར་བྱ། །རྡོ་རྗེ་པདྨ་ཡང་དག་སྦྱོར། །འོ་དང་འཁྱུད་པ་དབྱེ་བ་གསུམ། །རེག་བྱའི་རྡོ་རྗེ་མར་བཀུག་ནས། །ལྷ་རྣམས་ལུས་ལ་དབུལ་བར་བྱ། །ཞས་འདོད་ཡོན་ལྔས་སྒྲུབ་ཐབས་བཞིན་མཆོད། དེ་ནས་ནང་གི་མཆོད་པ་ནི་ཆང་གིས་མཆོད་པ་སྒྲུབ་ཐབས་བཞིན་དང་།བདུད་རྩི་ལྔ་ཐོད་པར་བླུགས་ལ་དཀྱིལ་འཁོར་པ་ལ་བསྟབ་པར་བྱ་ཞིང་། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་བྱེད་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པར་


JLD005_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཞེས་སོགས་ཀྱིས་དབུལ་ཞིང་རང་ཡང་ཚིམ་པར་བྱའོ། །གསང་བ་སྙོམས་འཇུག་གི་མཆོད་པ་ནི་སྒྲུབ་ཐབས་བཞིན་བྱ་སྟེ། དེའི་ཚེ་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ནས། རིག་མ་མཱ་མ་ཀཱིའམ་རེག་རྡོ་རྗེ་མར་བསྐྱེད་དེ་སྙོམས་པར་ཞུགས་པའི་བདེ་བས་མཆོད་ཅིང༌། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་རྒྱལ་བས་ནམ་མཁའ་ཁྱད་པར་སྤྲོས་ལ་མཆོད་དོ། །དེ་ནས། བདག་མིང་འདི་ཞེས་བྱ་བས་འདིར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྲོང༌། ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དཀྱིལ་འཁོར་མཆོད་པ་ཞེས་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྠ་ན་པུ། ཨཱ་ཏ་མཱ་ནཱཾ་ནིརྻཏ་ཡཱ་མི། ༀ་ཨཱཿཧཱུཾ་ཞེས་བརྗོད་དེ། རྒྱལ་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བའི་ཕྱིར་བདག་ཉིད་འབུལ་བ་བྱས་ནས། དེའི་རྗེས་སུ་སྔགས་ཀྱིས་མཆོད་པའི་ང་རྒྱལ་གཟུང་ལ། དྲིལ་བུ་དཀྲོལ་ཞིང་མི་བསྐྱོང་རྡོ་རྗེ་ཞེས་སོགས་སམ། གང་ཞིག་གཟུགས་དང་ཚོར་བ་ཞེས་སོགས་ཀྱིས་བསྟོད་དོ། །དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དང་འཁོར་རྣམས་ལ་ཉེར་གཅིག་རེ། བརྟན་བྱེད་དུ་ཡི་གེ་བརྒྱ་པ་བཟླས་ལ་ནང་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་བཏང༌། ནང་གི་སྦྱིན་སྲེག་ཚོགས་ཀྱི་མཆོད་པ་བྱའོ། །གཉིས་པ་ནི། སྒྲུབ་པའི་གྲོགས་དཀྱིལ་འཁོར་སྲུང་དུ་གཞུག་ལ་ཕྱི་རོལ་ཏུ་ཕྱིན་ནས། མཆོད་གཏོར་བཤམས་ལ་བྱིན་གྱིས་བརླབ། ཁྲོ་བོ་བཅུ་དང་ཕྱོགས་སྐྱོང་འཁོར་བཅས་སྤྱན་དྲངས་ཏེ། ཁྲོ་བོ་རྣམས་ཀྱི་ཕྱི་ངོས་སུ་ཕྱོགས་


JLD005_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་འཁོར་བཅས་སྒྲུབ་ཐབས་བཞིན་དགོད་ལ་གསལ་གདབ་པ་སོགས་བྱ། །ཆུ་བཞིས་མཆོད་དེ་ཁྲོ་བོ་བཅུའི་སྔགས་ཀྱིས་མཐར། སརྦ་ཏུཥྚ་སོགས་སྦྱར་ནས་གཏོར་མ་དབུལ། ཕྱོགས་སྐྱོང་ལ། ༀ་ད་ཤ་དིཀ་བྱི་བ་སྠི་ཏེ་བྷྱ། ཨི་ཧ་ཨ་བ་སྠི་ཏེ་བྷྱཿཅ་དེ་བ་ནཱ་ག་ཡཀྵ་གནྡྷ་རྦ་ཨ་སུ་ར་ག་རུ་བ་ཀིནྣ་ར་མ་ཧོ་ར་ག་བྷུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུནྨཱད་ཨ་པ་སྨཱ་ར་ཨོ་སྟཱ་ར་གི་ཨཱ་དི་བྷྱོ་བ་ལ່་ཏཱ་པ་ཡཱ་མི་གྲི་ཧཱི་ཏྭ། སུ་ཁཱ་སོའུ་མ་ན་སྱེ་ལ། བྷི་ནོ་བྷ་ཝནྟུ་སྠ་ནཾ་ཙ་ནི་དུ་པ་ཏྲ་བཾ་ཀརྦྦན་ཏུ་སརྦ་བུད་དྷ་ཨ་དྷིཥྛ་ནེ་ན༌ༀ་ཨཱཿཧཱུྃ་ཨི་དཾ་ཨ་མྲྀ་ཏ་བི་ཎྜི་དྷུ་ཀ་ཏྭ་མ་མས་པ་རི་ཝཱ་ང་སྱེ་ཤཱཾནྟཾ་གུ་ཎྜ་ན་ཏུ་སྭ་སྟི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་རྗེས་ལ། ༀ་ཕྱོགས་བཅུར་རྣམ་པར་གནས་རྣམས་དང༌། འདིར་ནི་ཀུན་ཏུ་གནས་པ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། དྲི་ཟ་ལྷ་མིན་ནམ་མཁའ་ལྡིང༌། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང༌། །སྨྱོ་བྱེད་དང་ནི་རྗེད་བྱེད་དང༌། །གནོན་པོ་ལ་སོགས་པ་རྣམས༌ལ། གཏོར་མ་དབུལ་བགྱི་བསྟམས་ནས་ཀྱང༌། །བདེ་དང་ཡིད་བདེ་ཐོབ་གྱུར་ཅིག །གནས་འདིར་ཉེར་འཚེ་མེད་པར་མཛོད། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །ༀ་ཨཱཿཧཱུཾ་གི་བདུད་རྩི་ཡི། །བཟའ་བ་ལ་ནི་ལོངས་སྤྱད་ནས། །བདག་ཅག་འཁོར་དང་བཅས་པ་ཡི། །ཞི་དང་བཀྲ་ཞིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བསྔོས་པས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་པས་ཚིམ་སྟེ། མཉེས་པར་བསམ་


JLD005_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །ཕྱི་ནང་གི་མཆོད་པས་མཆོད། ཁྲོ་བོ་དང་ཕྱོགས་སྐྱོང་གཉིས་དཀྱིལ་འཁོར་གྱི་ཁང་བའི་ཕྱི་ངོས་སུ་ཕྱི་ནང་དུ་བཀོད་ལ་དཀྱིལ་འཁོར་གྱི་ལས་མ་ཟིན་གྱི་བར་དུ་བཞུགས་ནས་བར་ཆད་བསྲུང་བའི་འཕྲིན་ལས་བཅོལ། དེ་ནས་ཉེ་རེག་བྱ་སྟེ་དེའི་ཚུལ་ནི་ལག་པ་དང་རྐང་པ་བཀྲུ །”ཙོག་ཙོག་པུར་འདུག་ཅིང་སྨྲ་བ་བཅད་ལག་པ་གཉིས་བུས་མོའི་ནང་དུ་འོག་བ་བྱའོ། །གཡས་པ་གན་རྐྱལ་དུ་གནས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་སྟེ་ཁ་ལ་ཕྱོགས་པར་བཟུང༌། གཡོན་པའི་མཐིལ་དུ་ཆུ་གཙང་བླུགས་པ་གཡས་པའི་སོར་མོས་བླངས་ཏེ། ཁ་ལ་ལན་མང་དུ་བྱ་བ་ཅིང༌། ལན་གཉིས་གསུམ་དུ་རྣ་བུག་གཉིས་དང་མིག་དག་དང་སྣ་དང་ཁ་དང་ལག་པ་དག་དང་ལྟེ་བ་དང་མགོ་ལ་རེག་པའི་རྗེས་སུ། །ཧུབ་གསུམ་འཐུངས་ནས་མཆུ་ལ་ལན་གཉིས་ཕྱི་བར་བྱའོ། །དེའི་ཕྱི་ཉིན་ནས་བརྩམས་ཏེ་ཤར་ལ་སོགས་པའི་ཕྱོགས་སུ་ཁྲོ་བོ་བཅུའི་སའི་གོང་བུ་བཅུའི་མདུན་དང༌། ཕྱོགས་སྐྱོང་བཅོ་ལྔའི་སའི་གོང་བུ་ཡོད་དམ་མེད་ན་མཎྜལ་གྱི་སྟེང་དུ་ཕྱོགས་མཚམས་བརྒྱད་དུ་ཉི་མ་སོ་སོའམ་ཐུན་སོ་སོ་ལ་མཆོད་གཏོར་དབུལ། ཕྱོགས་སྐྱོང་གི་སའི་གོང་བུའི་ཕྱི་གོས་སུ་སའི་གོང་བུ་བརྒྱད་དམ། བ་ལྕིའི་མཎྜལ་བྱས་པ་རྣམས་སུ་ཀླུ་རྣམས་ལ་ཁམ་ཕོར་དུ་འོ་མ་ལ་སོགས་པ་ཀླུ་གཏོར་གྱི་སྔགས་ཀྱིས་སྦྱིན། ཕྱི་རོལ་ཏུ་གཏོར་མ་ཟན་ལ་སོགས་པ་དང་མར་དང་སྦྲང་རྩི་དང་ཆུ་དང་འོ་མ་དང་ཆང་གི་རྒྱུན་ལྔ་གཡས་སྐོར་དུ་གཏོར་ཞིང༌། གྲུབ་


JLD005_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཆད་ལྷག་གི་ཉེས་པ་ཞི་བའི་ཕྱིར་དུ་ཞི་བ་དང༌། དཀྱིལ་འཁོར་ཚིམ་པའི་ཕྱིར་དུ་རྒྱས་པའི་སྦྱིན་སྲེག །ཚོགས་འཁོར་ཀྱི་ལྷག་མའི་ཁ་ཟས་ཀྱིས་བརྒྱ་རྩ་བརྒྱད་བྱའོ། །ལྷ་སྤྱན་དྲང་བའི་ཆོ་ག་སྟེ་བཅུ་གཅིག་པའོ། །གཉིས་པ་ནི། དེ་ནས་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་ཧཱུཾ་བཞི་པའི་སྔགས་ཟློས་ཤིང་མེ་ཏོག་གི་ཕྲེང་པ་བླངས་ཏེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་ཞུགས་པར་མོས་ལ། རྡོ་རྗེ་གསོལ་ཞིང་དྲིལ་བུ་གསིལ་ནས། རྡོ་རྗེའི་རྐང་པས་སྐོར་བ་གསུམ་བྱས་པའི་མཐར་འཁོར་ལོ་ལ་བལྟས་ཏེ། མེ་ཏོག་གི་ཕྲེང་བ་གཙོ་བོ་ལ་དབུལ་ལ་ལྷག་ཆད་ཀྱི་ཉེས་པ་དག་པར་བྱ། ཁྲོ་བོའི་ལྟ་བས་བལྟ་ཞིང་དཀྱིལ་འཁོར་ལ་གཡས་སྐོར་བྱས་ནས་ནུབ་ཏུ་སོང་སྟེ། རྐང་པ་གཡོན་བརྐྱང་དང་ལག་པ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ལ། ༀ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་བརྗོད་ཅིང་ཕྱག་རྒྱ་དེ་བཀྲོལ་ནས་ཤར་སྒོ་ནང་ནས་ཕྱེ་བར་བསམ། དེ་བཞིན་དུ་བྱང་སོགས་སུ་གནས་ནས། ལྷོ་སྒོ་དང༌། ཤར་ཕྱོགས་སུ་གནས་ནས་ནུབ་སྒོ་དང༌། ལྷོ་ཕྱོགས་སུ་གནས་ནས་བྱང་སྒོ་ཕྱེ་བར་བསམས་ལ། ༀ་ས་མ་ཡ་པྲ་བེ་ཤཱ་ཡ་མི་ཞེས་བརྗོད་ནས་མེ་ཏོག་གི་ཕྲེང་བ་ཕུལ་བ་སླར་གར་བྱེད་ཅིང་བླངས་ལ། རང་གི་མགོ་ལ་བཅིངས་ཏེ་དཀྱིལ་འཁོར་ལ་ཕྱག་བྱས་ནས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག །ཅེས་གསོལ་བ་བཏབ་ནས་


JLD005_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བཟླས་བྱའོ། །མཆོད་པ་ནས་འདིའི་བར་ནི་རས་རིས་ཀྱི་ཆོ་ག་ལ་ཡང་འདྲ་སྟེ། བསམ་གཏན་གྱི་ཆོ་ག་ལ་ཡང་ཅི་རིགས་པར་སྦྱར་རོ། །ཆས་འཇུག་བསག་བསྲུང་བདག་བསྐྱེད་སྦྱང༌། །གཉིས་བསྐྱེད་གསུམ་རྩེག་བསྐུལ་བསྒོ་བསྟིམ། །སྤྱན་དྲང་མཆོད་གསོལ་བསྐུལ་བསྟིམ་དགུག །དབག་བསྐུར་ཕྱི་ནང་གསང་བ་དབུལ། །ང་རྒྱལ་བསྟོང་དང་བཟླས་པ་དང༌། །གཏོར་ཚོགས་གཏོར་མ་ཉེ་རེག་དང༌། །སྦྱིན་སྲེག་བསྐོར་དབུལ་སྒོ་དབྱེ་བླང༌། །ཕྱག་དང་གསོལ་གདབ་སྒྲུབ་མཆོད་སྡོམ120། །གསུམ་པ་ལ་གཉིས། རང་ཉིད་ཞུགས་ནས་གསོལ་བ་གདབ་པ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི། རང་གི་དམ་ཚིག་ཉམས་པ་རྣམས་གསོ་བའི་དོན་དུ་སྔོན་དུ་རང་ཉིད་འཇུག་པ་ནི། རང་གཙོ་བོ་ལས་བྱེ་སྟེ་ཤར་སྒོ་ནས་འཐོན་པར་མོས་ལ། དཀྱིལ་འཁོར་ལ་མཆོད་དེ་བླ་མ་དང་གཙོ་བོ་ཐ་མི་དད་དུ་བྱ་ལ། བླ་མའི་བྱ་བ་རྣམས་གཙོ་བོས་མཛད་པར་བསྒོམ། །སློབ་མའི་བྱ་བ་རྣམས་རང་གིས་བྱ་ལ། འཆང་པར་འགྱུར་བ་བཞིན་དུ་དཀྱིལ་འཁོར་དུ་ཞུགས་ནས་དབང་ཐམས་ཅད་རྫོགས་པར་བླང་ལ། སློབ་མ་གཞུག་པའི་དོན་དུ་ཐལ་མོ་སྦྱར་ཏེ། འོད་གསལ་བ་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་གྱི་ནི་དཔེ་ཡང་སྟེ། །དཀྱིལ་འཁོར་ཡང་ནི་དེ་དང་མཚུངས། །བདེན་པ་འདི་ཡིས་སློབ་མ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་གཞུག །འཁོར་


JLD005_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྫུ་འཕྲུལ་མ་ལུས་པ། །མཐོང་ན་སྡིག་པ་མཐའ་དག་སྤོང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། དམ་ཚིག་དྲན་པར་བྱས་པ་ལས། །ཞུགས་པས་དེ་བཞིན་གཤེགས་པ་ཀུན། །ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ། ཞེས་བདེན་སྟོབས་བརྗོད་ལ། །དཀྱིལ་འཁོར་ལ་གསོལ་བ་གདབ་བོ། །གཉིས་པ་ལ་གསུམ། དཀྱིལ་འཁོར་དུ་གཞུག་པ། ཞུགས་པ་ལ་དབང་བསྐུར་བ། དཀྱིལ་འཁོར་གྱི་མཇུག་གི་ཆོ་གའོ། །དང་པོ་ལ་གཉིས། གདོང་གཡོགས་དང་བཅས་ཏེ་གཞུག་པ་དང༌། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་འཇུག་པའོ། །དང་པོ་ལ་གཉིས། ཡོལ་བའི་ཕྱི་རོལ་ཏུ་གཞུག་པ་དང༌། ནང་དུ་གཞུག་པའོ། །དང་པོ་ནི། དེ་ནས་ལྷག་གནས་བྱས་པའི་སློབ་མ་ཁྲུས་བྱས་ཤིང་དྲི་ཞིམ་པོས་བྱུགས་པ་རྣམས། །ཤར་སྒོར་ཡོལ་བའི་ཕྱིར་བཀུག་ནས་མཎྜལ་དང་ཡོན་ཕུལ་ཏེ། འདི་ན་འཁོར་བའི་རྒྱ་མཚོ་ལས། །ཉོན་མོངས་ཆུ་སྲིན་ན་ཀྲས་ཁྱབ། །ལས་ཀྱི་རླུང་གི་རྦ་ཀློང་འཁྲུག །བདག་བྱིང་ཐུགས་རྗེའི་རྒྱ་མཚོ་ཀྱི། །མི་ཤེས་ལིང་ཏོག་གིས་བསྒྲིབས་མིག །ཉོན་མོངས་དབང་དུ་མཛད་ནས་ནི །བདེ་དང་སྡུག་བསྔལ་འཇིགས་ལས་སྐྱོབ། །ཐུགས་རྗེའི་རྒྱ་མཚོ་བདག་སྐྱོབས་ཤིག །ཅེས་བླ་མ་ལ་གསོལ་བ་བདབ །ལས་


JLD005_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གྱི་ཆུས་བསང༌། ལས་ཐམས་ཅད་པ་བཟླས་པའི་དར་དམར་པོའམ་སེར་པོས། ༀ་ཙུཀྵར་བན་དྷཾ་བ་ར་མ་ན་ཡ་ཧཱུཾ། ༀ་པྲ་བི་ཤ་བྷ་ག་ཝཱ་ན་མཧཱ་སུ་ཁ་མོ་ཀྵ་སུརཾ་སརྦ་སིད་དྷི་སུ་ཁ་པྲ་དཾ་པ་ར་མ་སུ་ཁ་ཨུད་ཏ་མ་སིད་དྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིད་དྷྱ་སྭ། ཞེས་བརྗོད་དེ་རེ་ཤིག་དཀྱིལ་འཁོར་མི་མཐོང་བའི་དོན་དུ་གདོང་གཡོགས་བཅིང༌། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུད་ཏ་ར་བོདྷི་ཨ་ལི་ཀཱ་ར་ཝསྟྲ་པཱུ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཧཱུཾ། ཞེས་པས་སྨད་གཡོགས་དང༌། ༀ་བཛྲ་རཀྵ་ཧཾ། ཞེས་པ་སྟོད་གཡོགས་ཅན་དུ་བྱ། །ༀ་བཛྲ་ཨུ་ཥྞཱི་ཥ་ཧཱུཾ་ཕཊ། ཅེས་པས་གཙུག་ཏོར་བཅིང༌། ཨཱཿཁཾ་བཱི་ར་ཧཱུཾ། ཞེས་པས་མེ་ཏོག་གི་ཕྲེང་བ་གཏད། རྣམ་སྣང་དུ་བསྐྱེད་པའི་གནས་གསུམ་དུ་རྡོ་རྗེ་པདྨ་འཁོར་ལོ་ལ་གནས་པའི་ཉི་མ་དང་ཟླ་བ་ལ་བཀོད་པའི་ཡི་གེ་གསུམ་ནག་དམར་དཀར་པོའི་འོད་ཟེར་གྱིས། ལུས་འོད་གསལ་བར་བྱས་ནས་དཀྱིལ་འཁོར་དུ་གཞུག་པའི་ཕྱིར། ཀྱེ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲི་ཞིང༌། དེས་ཀྱང་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ་ཞེས་ལན་བཏབ་པས་རིགས་དང་མོས་པ་ཤེས་པར་བྱ།ལག་པ་ཐལ་མོ་སྦྱར་རྐང་པ་མཉམ་པར་འདུག་པ་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་ལ་སྔར་བཞིན་སེམས་བསྐྱེད་སྦྱིན། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་


JLD005_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དྲན་པར་བྱས་ལ། དེ་ཉིད་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་བསྒོམ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པར་མོས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་བསྐྱེད་དེ། །ༀ་སརྦ་ཡོ་ག་ཙི་ཏ་ཏཾ་ཨུ་པ་ཏ་ཡཱ་མི་ཞེས་བརྗོད་དུ་གཞུག་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད། །དེས་ནི་ལམ་གཞན་དུ་མི་ལྡོག་པར་རིགས་ངེས་པར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཟུང་སྟེ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིད་དྷྱ་བཛྲ་ཡ་ཐཱ་དུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་དུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད་དོ། །གཉིས་པ་ལ་གསུམ། ནང་དུ་གཞུག་ཅིང་བསྐོར་ནས་ཕྱག་བྱ་གདམ་ལ་གཞག་པ། ཡེ་ཤེས་ཕབ་ནས་བདེན་པ་བརྗོད་པའོ། །དང་པོ་ནི། ༀ་ཨཱཿཡ་མཱནྟ་ཀྲིཏ་ཧཱུཾ་ཞེས་བརྗོད་ཅིང་ཁྲིད་དེ། ཨཱཿཁཾ་བཱི་ར་ཧཱུཾ་གིས་སྒོམ་དོན་ལ་དཀྱིལ་འཁོར་གྱི་ནད་དུ་ཞུགས་པར་བསམ་ཞིང་དངོས་སུ་ཡོལ་བའི་ནང་དུ་གཞུག་ལ། མཧཱ་ར་ཏ་སུ་དྲིཌྷ་སུ་ཏོ་ཥོ། སུ་སུ་ཁོ། བཛྲ་སཏྭ་ཨཱཿདྷྱ་སིད་དྷྱ་མཾ། ཞེས་བརྗོད་དེ་བསྐོར་བ་


JLD005_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་ཤར་སྒོར་སློབ་མ་མི་བསྐྱོད་པར་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ཕྱིར་དུ་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་བདག་ལ་བྱིན་གྱིས་རློབས་ཤིག །མཉམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། ཞེས་བརྗོད་དེ་གཙོ་བོ་ལ་རྡོ་རྗེ་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱ། ཡང་ཤར་སྒོར་རྣམས་སྣང་དུ་བསྐྱེད། རྣམ་སྣང་ལ་དམིགས་པ་སྔ་བཞིན་བྱ་ལ། ༀ་སརྦ་བུད་དྷ་པཱུ་ཛ་ཨུ་པ་སྠཱ་ནཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཾ། ཞེས་བརྗོད་དེ་རྣམ་སྣང་ལ་སྔར་བཞིན་ཕྱག་བྱ། །དེ་ནས་སོང་ནས་ལྷོ་སྒོར་རིན་འབྱུང་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་དབང་བསྐུར་བའི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་དུ་གསོལ་སྙམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་དྷི་ཥིཉྩ་མཾ། ཞེས་བརྗོད་དེ་རིན་འབྱུང་ལ་རྡོ་རྗེ་ཐལ་མོ་སྙིང་ཁར་བཞག་སྟེ། དཔྲལ་བ་ས་ལ་རེག་པའི་ཕྱག་བྱ། དེ་ནས་ནུབ་སྒོར་འོད་དཔག་མེད་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་རབ་ཏུ་བསྐོར་བའི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་ཆོས་རབ་ཏུ་བསྐོར་དུ་


JLD005_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་སྙམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་ཝ་ར་ཏ་ཡ་མཾ། ཞེས་བརྗོད་དེ་འོད་དཔག་མེད་ལ་ཐལ་མོ་དཔྲལ་བར་སྦྱར་བས་ཁ་ས་ལ་རེག་པའི་ཕྱག་བྱ། དེ་ནས་བྱང་སྒོར་དོན་གྲུབ་ཏུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་ཀྱི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་ལས་མཛད་དུ་གསོལ་སྙམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎ་ཨཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏུ་ཐཱ་ག་ཏ་བཛྲ་སཏྭ་བཛྲ་ཀརྨཱ་ཀུ་རུ་མཾ། ཞེས་བརྗོད་དེ་དོན་གྲུབ་ལ་རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་ནས་སྤྱི་བོ་ས་ལ་རེག་པའི་ཕྱག་བྱས་པས། རིགས་སོ་སོས་རིམ་པ་བཞིན་དུ་རྒྱལ་བ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང་མཆོད་ཅིང་དབང་བསྐུར་བ་དང༌། མཆོད་ཅིང་ཆོས་འཁོར་བསྐོར་བ་དང༌། འཕྲིན་ལས་ཕུན་ཚོགས་ཀྱི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་བསྒོམ་མོ། །གཉིས་པ་ནི། དེ་ནས་སློབ་མས་ས་མ་ཡ་སྟཾ་ཞེས་པས་རྡོ་རྗེ་བསྔམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅས་ཏེ། དེའི་རྩེ་མོས་མེ་ཏོག་གི་ཕྲེང་བ་འཛིན་དུ་གཞུག་ལ། སློབ་དཔོན་གྱིས་ཀྱང་སྔགས་དེས་ཕྱག་རྒྱ་དེ་བཅིངས་ཏེ་སློབ་མའི་སྤྱི་བོར་བཞག་ལ། ༀ་སཏྭ་བཛྲི་ཨདྷི་ཏིཥྛ་སྭ་མཱཾ་ཧཱུཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་


JLD005_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅིང་དགོས། ཁྱོད་ཀྱི་ཀྱང་འདི་དཀྱིལ་འཁོར་མ་མཐོང་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་དེ་ཕན་ཡོན་གྱི་སྒོ་ནས་དམ་ལ་གཞག །ཡང་ཕྱག་རྒྱ་དེས་སློབ་མའི་སྤྱི་བོར་གཏུགས་ཏེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་འགེམས་པར་འགྱུར་རོ། །ཞེས་བརྗོད་ལ་རྡོ་རྗེའི་མནའ་བརྟན་པར་བྱ། ཡང་ཕྱག་རྒྱ་དེ་སྙིང་ཁར་བཞག་ལ། ༀ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་པས་སླར་ཡང་རྡོ་རྗེའི་མནའ་དང་སྔགས་ཀྱིས་བསྐུལ་ཏེ། །དེ་གཉིས་ནི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག་པའོ། །དེ་གསུམ་ནི་རྩ་ལྟུང་བདུན་པ་ལ་ཁྱད་པར་དུ་དམ་གཞག་མཛད་པའོ། །དེ་ནས་རྣམ་རྒྱལ་གྱི་སྟེང་གི་རུང་ཆོས་ཀྱི་ཆུ་ཡི་གེ་གསུམ་གྱིས་བསྔགས་པ་མཐེབ་སྲིན་གྱིས་བཟུང་བའི་སྣོད་ཀྱིས་སློབ་མའི་ཁར་བླུག་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཙིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ༀ་བཛྲ་ཨུ་ད་ཀ་ཋ་ཞེས་བརྗོད་དེ་དམ་ཚིག་རྣམས་སྤྱིར་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་གཞག་


JLD005_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ནས་སློབ་མའི་ལག་པ་ནས་བཟུང་སྟེ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་པས་རྡོ་རྗེ་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་པ་སྟེ་རྩ་ལྟུང་དང་པོ་ལ་ཁྱད་པར་དུ་དམ་གཞག་མཛད་པའོ། །གསུམ་པ་ནི། དེ་ནས་སློབ་མས་སློབ་དཔོན་གྱི་རྗེས་སུ་བཟླས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་མཛད་དུ་གསོལ། ཞེས་ཡེ་ཤེས་དབབ་པའི་དོན་དུ་ལན་གསུམ་གསོལ་བ་གདབ། སློབ་དཔོན་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས། སློབ་མ་འོད་དཔག་མེད་དུ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད། དེའི་སྤྱི་བོར་ཧཿལྐོག་མར་ཨཱཿསྙིང་ཁར་ཧཱུཾ་བཀོད་ དེ་དག་ལས་འོད་ཟེར་འཕྲོས། རྣམས་སྣང་དང་འོད་དཔག་མེད་དང་མི་བསྐྱོད་པ་སྟེ་རྡོ་རྗེ་གསུམ་ནང་དུ་བསྟིམས་པས། དེའི་སྤྱི་བོ་ནས་རྐང་བའི་མཐིལ་གྱི་བར་ཁོང་སྟོང་དུ་བསམས་ནས། རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མེ་རབ་ཏུ་འབར་བའི་སྟེང་ན། རྐང་མཐིལ་གཉིས་སུ་ཛྷཻཿ་དམར་པོ་ལས་བྱུང་བའི་མེའི་འོད་ཟེར་རྐང་མཐིལ་ནས་ཞུགས་ནས་སྤྱི་གཙུག་གི་བར་དུ་ཕྱིན་པས་


JLD005_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐམས་ཅད་སྦྱངས་ནས། ཡེ་ཤེས་སེམས་དཔའ་འོད་གསལ་དུ་གཞུག་གོ །དེ་ལས་ལངས་ཏེ་སྙིང་ཁར་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དང༌། མགྲིན་པར་ཨཱཿལས་འོད་དཔག་མེད། མགོ་བོར་ཧ་ལས་རྣམ་སྣང་གསུམ་ཡུམ་དང་བཅས་པ་བསྐྱེད། ཛྷཻཿའི་འོད་ཟེར་གྱིས་བསྐུལ་བས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་པས་ལུས་གང་བར་བསམས་ལ། སློབ་དཔོན་གྱིས་དེ་བཞིན་གཤེགས་པ་རྣམས་དབབ་པའི་དོན་དུ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས་སློབ་མའི་སྙིང་ཁར་བཞག་ལ།འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔལ་ཞེས་བྱ་གང༌། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་ཉིད་ཁྱོད་ལ་འབེབས་པར་མཛད། །ༀ་བཛྲ་ཨཱ་བེ་ཤ་ཨ༔ཨ༔ཨ༔ཞེས་མང་དུ་བརྗོད་ལ་དབབ། དེས་མ་ཕེབས་ན་མངོན་བྱང་ལྔའི་སྒོ་ནས་ཡི་གེ་གསུམ་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོར་བསྐྱོད་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཞེ་སྡང་རྡོ་རྗེར་སློབ་མ་བསྐྱེད་ལ། དེའི་ཡན་ལག་ཐམས་ཅད་ལ་ཨཱཿདམར་པོ་འོད་ཟེར་དང་བཅས་པ་བསམས་ལ། དེའི་འོད་ཟེར་གྱིས་ཞེས་སྡང་རྡོ་རྗེའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོ་བསྐུལ་པས། རྡོ་རྗེ་གསུམ་སྙོམས་པར་ཞུགས་པའི་ཐབས་ཀྱི་ཡེ་ཤེས་ཀྱིས་ལུས་གང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཨཱཿདམར་པོ་འོད་ཟེར་ཆར་ལྟར་བབས་པར་བསམས་ལ། བསྐུལ་བར་བྱ་བའི་ཕྱིར་དྲིལ་བུ་འཁྲོལ་བ་ལ་བརྩོན་པས། ཨ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧ༔ཨཿཛྷཻཿཞེས་


JLD005_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཏུ་བརྗོད་ལ་དབབ། སྙིང་འདར་བ་སོགས་ཀྱི་ཕེབས་རྟགས་བརྟན་པོ་བྱུང་བར་རྟོགས་ནས། གསུང་རྡོ་རྗེའི་འོད་ཟེར་གྱིས་ཐུགས་རྡོ་རྗེ་བསྐུལ་བས། སྙིང་ཁའི་ཐུགས་རྡོ་རྗེའི་འོད་ཀྱིས་མགྲིན་པའི་གསུངས་རྡོ་རྗེ་སྟེང་དུ་བསྐུལ་ནས། ཨཱཿའི་རྣམ་པར་ལྕེ་ལ་བཀོད་ལ་བྲུ་ཧི་བཛྲ་ཞེས་བརྗོད་ལ་དགེ་བ་དང་མི་དགེ་བ་དྲིས་པས་བདེན་པར་སྟོན་པར་འགྱུར་རོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱ། །གལ་ཏེ་རྣམ་འགྱུར་མ་ཞི་ན་ཧཱུཾ་ཧཿཨཱཿམུཿཞེས་བརྗོད་པས་གཤེགས་སུ་གསོལ་ཏོ། །ཡི་གེ་གསུམ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས། དེ་ནས་སློབ་མ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པ་ལ་ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ལ་དཀར་པོ་སོགས་སུ་སྣང་ཟེར་ན་ཞི་སོགས་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་གོ་བར་བྱ་ལ། །སློབ་མའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཟུང་སྟེ། །རྡོ་རྗེའི་རྐང་སྟབས་ཀྱིས་གར་གྱི་ཚུལ་གྱིས་ལས་ཐམས་ཅད་པ་བརྗོད་ཅིང་སྐོར་བ་གསུམ་བྱེད་དུ་བཅུག་ལ་བདེན་པའི་བྱིན་རླབས་འདི་བྱའོ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བརྗོད་དོ། །གཉིས་པ་ནི། དེ་ནས་སྔར་


JLD005_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བའི་མེ་ཏོག་གི་ཕྲེང་བ་བ་ཏྭཾ་གིས་བསྔགས་པ་ལས་ཡང་ཞིང་མ་རྙིངས་པའི་མེ་ཏོག་གཅིག་བཏོན་ཏེ། རིན་པོ་ཆེའི་ཕྲེང་བར་མོས་པ་སློབ་མ་ཐལ་མོ་སྦྱར་བའི་བར་དུ་བྱིན་ལ། སློབ་མ་སེམས་མ་གཡེངས་པར་རྩེ་གཅིག་པའི་བློ་བརྟན་པ་ཅན་དུ་བྱས་ཏེ། རྣམ་སྣང་དུ་གྱུར་པར་བསམས་པའི་འོག་ཏུ་སྙིང་ཁའི་པདྨ་ལ་ཧཱུཾ་ལས་མི་བསྐྱོད་པ་སྒོམ་པ་སོགས་ས་བོན་སོ་གཉིས་ལས་ལྷ་སོ་གཉིས་ཀྱི་ལུས་དཀྱིལ་བསྐྱེད་པ་སྒྲུབ་ཐབས་བཞིན་བྱས་ཏེ་བྱིན་གྱིས་བརླབས་ལ་གུས་པ་སྔོན་དུ་འགྲོ་བས། གཙོ་བོ་འཁོར་བཅས་ཀྱི་མདུན་ན་གནས་པ་བཞིན་དུ་དམིགས་ལ། ནང་དུ་ཞུགས་པར་མོས་ཏེ་གཙོ་བོའམ་རང་གི་ལྷ་གང་ཡིན་གྱི་དབུལ་བ་འབབ་པར་ཤོག་ཅིག་སྙམ་དུ་བསམས་ནས། ཏིཥྛ་བཛྲ་དྲི་དྷོ་མེ་བྷ་བ་ཧྲཾ་ད་ཡཾ་མེ་ཨ་བྷི་ཏིཥྛ་སརྦ་སིད་དྷིཾ་མེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ ༀ་ཨཱཿཁཾ་བཱི་ར་ཧཱུཾ་པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལ່་ནཱ་ཐ་ཧོ ཞེས་བརྗོད་དེ་མེ་ཏོག་དོར་བས། ལྷ་གང་གི་རིགས་ཡིན་པ་ཤེས་པར་བྱའོ། །དེ་ཡང་གཙོ་བོ་ལ་ཕོག་ན་མྱུར་དུ་འགྲུབ་ཅིང་ལྷའི་སྐུ་བཀོད་པའི་མཛོད་སྤུ་ལ་སོགས་པ་ལ་ཕོག་ན་ཕྱག་ཆེན་ལ་སོགས་པའི་དངོས་གྲུབ་འགྲུབ། སྐུ་ལས་ཧ་ཅང་རིང་ན་རིང་པོས་འགྲུབ་ལ་ཉེ་ན་མྱུར་རོ། །གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་དང༌། །མཉམ་ན་གཉིས་ཀའི་དངོས་གྲུབ་འགྲུབ་ཅིང་གང་ལ་དད་པ་དེའི་རིགས་སོ། །རྩིག་པའི་ཕྱིར་ལྷུང་ན་ལན་གསུམ་བསྐྱར་ཡང་ཕྱིར་ལྷུང་ན་དངོས་གྲུབ་ཕྲ་མོ་འགྲུབ། འདི་ལྭ་བ་པས་མི་གཟུང་བར་བཤད་དོ། །རྡོར་རའི་ནང་


JLD005_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷུང་ན་ཚེགས་ཆེན་པོས་འགྲུབ་ལ། དེའི་ཕྱིར་ལྷུང་ན་དངོས་གྲུབ་མེད་ཅིང་དཀྱིལ་འཁོར་ཡང་མི་བསྟན་ཏེ་སྔགས་བཟླས་པ་ལ་སོགས་པས་སྐལ་བ་དང་ལྡན་པར་བསྒྲུབས་ནས་ཕྱིས་གཞུག་གོ །སྤྱི་རྒྱུད་ནས་དེ་དང་རྩིག་པ་ལ་མེ་ཏོག་ལྷུང་བ་ལ་ཡང་ཞི་བའི་སྦྱིན་སྲེག་བྱས་ནས་གཞུག་པར་བཤད་དོ། །དེ་ནས་མེ་ཏོག་དེ་སྔར་གྱི་མེ་ཏོག་ཕྲེང་བ་དང་ལྷན་ཅིག་བཅིངས་ནས་ཕྲེང་བ་དེ་ༀ་པྲ་ཏི་གྲིཧྞ་སྟྭཾ་ཨི་མཾ་སཏྭ་མཱཧཱ་བཱ་ལཱ་ཞེས་བརྗོད་དེ་མགོ་ལ་བཅིང༌། དེ་ནི་སེམས་དཔའ་སྟོབས་པོ་ཆེ་ཞེས་མེ་ཏོག་ཕོག་པའི་ལྷ་ལ་བོས་ནས་སློབ་མ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་ཟུགས་ཤིག་ཅེས་ལྷ་ལ་སློབ་མ་གཏད་པས་དེའེི་བར་དུ་ལྷ་དེས་རྗེས་སུ་འཛིན་པའི་ཐབས་ཟབ་མོའོ། །འདི་ནི་དབང་དང་པོ་མེ་ཏོག་ཕྲེང་བའི་དབང་ངོ་། །དེ་ནས་སློབ་མའི་སྙིང་ཁར་ཟླ་བ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ༀ་འོད་ཟེར་འབར་བ་བསམས་ལ། ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། ཅེས་པས་སྤྱན་དར་ཕྱེ་ལ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་


JLD005_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྒྲུབ་པ་གྱིས། །ཧེ་བཛྲ་པཱ་ཤྱ། ཞེས་བརྗོད་ལ་དཀྱིལ་འཁོར་བསྟན་ནོ། །དེ་ལ་རྟེན་གྱི་དཀྱིལ་འཁོར་གྱི་དེ་ཉིད་ནི། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབར་བའི་མ་རི། །བགེགས་རྣམས་ཀྱིས་མི་ཕྱེད་པའི་རྡོ་རྗེའི་ཁོར་ཡུག །སྐུ་གསུང་ཐུགས་དག་པའི་ཟུར་གསུམ་པའི་ཆོས་འབྱུང་གི་དབུས་སུ། །སྐྱོན་གྱིས་མ་གོས་པའི་པདྨའི་ལྟེ་བར་ཡེ་ཤེས་ལྔ་དག་པའི་སྣ་ཚོགས་རྡོ་རྗེ། །རྟེན་འབྲེལ་བཅུ་གཉིས་སམ་འཇིག་ལྟ་ཉི་ཤུ་དག་པའི་རྡོ་རྗེའི་རྭ་བཅུ་གཉིས་སམ་ཉི་ཤུ་པ། བསམ་གཏན་བཞིན་དག་པའི་རྟ་བབས་བཞི། རྡོ་རྗེའི་ལྟེ་བར་རྣམ་སྣང་དག་པའི་ཞལ་ཡས་ཁང་པ། འཕགས་པའི་བདེན་བཞི་ངོས་བཞིར་འགྱུར། །ཚངས་པའི་གནས་ནི་གྲྭ་ཡིན་ནོ། །བསྡུ་བའི་དངོས་པོ་ཞེས་བྱ་སྒོ། །བཞི་ཡི་མིང་ཅན་རེ་རེ་སྟེ། །དད་པའི་དབང་པོ་ལ་སོགས་སེམས། །རྣམ་པ་ལྔ་པོ་ཡང་དག་འབྱུང༌། །རྫུ་འཕྲུལ་རྐང་བཞི་སྒོ་ཁྱུད་ནི། བཞི་སྟེ་དེ་ཡང་རྣམ་པ་བཞི། ཞེས་གསུངས་པ་ལྟར་ཏེ་རྣམ་པ་ལྔ་པོ་ནི་རྩིག་པའོ། །ཏིང་ངེ་འཛིན་བཞི་དག་པའི་འདོད་སྣམ་བཞི་དང༌། གཟུངས་བཞི་དག་པའི་མཆོད་པའི་ལྷ་མོ། འགྲོ་བའི་རེ་བ་སྣ་ཚོགས་པ་སྐོང་བའི་རིན་པོ་ཆེ་སྣ་ཚོགས་པས་སྦྲས་པའི་ཕ་གུ །སྒོམ་སྤང་གི་ས་བོན་དང་མངོན་གྱུར་སྤངས་པའི་དྲ་བ་དང་དྲ་ཕྱེད། གདུལ་བྱ་རྣམས་ལ་གང་འཚམ་གྱི་ཆོས་སྟོན་པས་རྩེ་མོ་དུང་པའི་བ་གུ་ལི། འཇིག་རྟེན་ལས་འདས་པའི་ཆོས་དཀར་བ་འཛུགས་པའི་མདའ་ཡབ་དང་ལྡན་པའི་ནང་དུ། དེའི་དབུས་


JLD005_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་གང༌། །དཀྱིལ་འཁོར་བརྒྱད་ཀྱིས་གཞལ་བ་ནི། །རྣམ་པར་ཐར་པ་བརྒྱད་ཡིན་ཏེ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སངས་རྒྱས་ཀུན་གྱི་ཁང་ཆེན་དུ། །ཐམས་ཅད་ཚེ་ན་ཀ་པར་འགྱུར། །ཆོས་ཀྱི་དེ་ཉིད་དོན་གྱི་བརྔ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་འདི་ད་ནི། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ཅེས་གསུངས་པ་ལྟར་གནས་སོ། །བརྟེན་པའི་དཀྱིལ་འཁོར་གྱི་དེ་ཉིད་ནི། དེ་ནས་འཁོར་ལོའི་བདག་པོ་ནས། བརྩམས་ཏེ་གནོད་མཛེས་མཐར་ཐུག་ལྷ། །དེ་བཞིན་དེ་ཉིད་དུ་གནས་རྣམས། །རྡོ་རྗེ་ཅན་གྱིས་སློབ་མ་བཤད། །ཕུང་པོ་ལྔ་ཡི་རང་བཞིན་དུ། །སངས་རྒྱས་ལྔ་རྣམས་རབ་བསྟན་བྱ། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན་ནོ། །དེ་བཞིན་འདོད་ཡོན་ལྔ་ཡི་ངོར། །གཟུགས་རྡོ་རྗེ་ལ་སོགས་པའོ། །མིག་ལ་སོགས་པའི་རང་བཞན་དུ། །ས་ཡི་སྙིང་པོ་ལ་སོགས་ས། །ལག་སོགས་ངོ་བོར་ཁྲོ་དབང་པོ། །གཤིན་རྗེ་དགྲ་སོགས་བསྟན་པར་བྱ། ཞེས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཇི་ལྟར་བཞུགས་པ་ལྟར་སྟོན་པ་ནི་ཕྱིའི་ཡིན་ལ། དེ་ནས་ལུས་འཁོར་ལ་གནས་པའི། །སངས་རྒྱས་མི་བསྐྱོད་སོགས་རིམ་བཞིན། ཞེས་གསུངས་པ་ལྟར་སྔར་ལུས་དཀྱིལ་ལ་བཀོད་པའི་ལྷ་རྣམས་


JLD005_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ནི་བརྟེན་པའི་ནང་གི་དཀྱིལ་འཁོར་རོ། །སྐབས་འདིར་རྟེན་དང་བརྟེན་པའི་འཁོར་ལོ་ཕྱི་ནང་གཉིས་སྟོན་པ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་རྗེས་སུ་འབྲངས་པ་ཡིན་ལ། དབང་དང་པོ་ཕྲེང་བའི་དབང་ཐོབ་པ་ལ་སྟོན་པས། དབང་མ་ཐོབ་པ་ལ་དེ་ཉིད་མི་བསྟན་པར་གསུངས་པ་དང་མི་འགལ་ལོ། །ཡང་ན་སློབ་མ་སྟ་གོན་དང་དཀྱིལ་འཁོར་དུ་གཞུག་པ་རྣམས་དབང་མ་ཐོབ་པ་ལ་བྱེད་ཀྱང་གསང་སྒྲོག་ཏུ་མི་འགྱུར་བ་དང་འདྲ་སྟེ། སློབ་མ་བྱེ་བྲག་པ་ལ་གནང་པའི་ལས་སོ། །སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་སྟེ་བཅུ་གཉིས་པའོ།། །།གསོལ་གདབ་བསང་ཞིང་ཆས་སུ་གཞུག །བྱིན་རླབས་དྲིས་ལན་སེམས་བསྐྱེད་བསང༌། ནང་གཞུག་བསྐོར་བ་ཕྱག་ལྔ་དང༌། །དམ་གཞག་ལྔ་དང་གསོལ་གདབ་བསྐྱེད། །དགོད་བསྟིམ་སྦྱང་བསྐྱེད་བསྐུལ་ཞིང་དབབ། དྲི་བསྐོར་བདེན་བརྗོད་སྦྱིན་བཀོད་དོར། །བཅིང་དབྱེ་ལྟ་བསྐུལ་དཀྱིལ་འཁོར་བསྟན། །མཇུག་ཆོག་སྡོམ་དུ་བསྡུས་པའོ། །གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ལ་བཞི། བུམ་པ་གསང་བ། ཤེས་རབ་ཡོ་ཤེས། བཞི་པ་བསྐུར་བའོ། །དང་པོ་ལ་གཉིས། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དང་པོ་ལ་གསུམ། ཁྲུས་སྟེགས་ཀྱི་དཀྱིལ་འཁོར་བྱ་བ། གསོལ་བ་གདབ་ཅིང་མི་ཤིས་པ་སྦྱང་བ། དེ་ལ་དབང་རིམ་གྱིས་བསྐུར་བའོ། །དང་པོ་ནི། །ཆུ་དབང་བསྐུར་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་རམ་བྱང་ཤར་དུ་ཁྲུས་ཀྱི་དཀྱིལ་


JLD005_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཁྲུ་དོ་ཁྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་དམར་ནག་པའི་རྩིག་པ་རིམ་པ་གསུམ་དང་ལྡན་པ་འཕར་མ་གཉིས་དང་ལྡན་པའི་དབུས་སུ། །སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་རྡོ་རྗེ་ནག་པོ་ཤར་དུ་འཁོར་ལོ་དཀར་པོ་ལྷོར་རིན་པོ་ཆེ་སེར་པོ་ནུབ་ཏུ་པདྨ་དམར་པོ་བྱང་དུ་རལ་གྱི་ལྗང་ཁུ་བྲིས་ལ་དེར་བུམ་པ་རྣམས་དགོད་དོ། །ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་སྟེ་བཅུ་གསུམ་པའོ།། །།གཉིས་པ་ནི། སློབ་མས་ཡོན་དང་མཎྜལ་ཕུལ་ཏེ་ཕྱག་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་མེ་ཏོག་གི་སྙིམ་པས་ཐལ་མོ་སྦྱར་ལ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བླ་མ་ལ་དབང་གི་དོན་དུ་གསོལ་བ་གདབ། བླ་མས་ལས་ཐམས་ཅད་པ་དང་ཧཱུཾ་ལན་བདུན་བཟླས་པའི་ཡུངས་ཀར་ལག་པ་གཉིས་ཀྱི་ཁུ་ཚུར་གྱིས་བཟུང་ནས་རེ་རེ་ནས་གཡོན་བསྐོར་དུ་ལན་གཉིས་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱཧཱ། ཞེས་བརྗོད་ཅིང་བྱ་བས་ལ་ཡུངས་ཀར་མེད་དོར་རོ། །དེ་བཞིན་དུ་གཡས་སུ་བསྐོར་བ་གཉིས་ཀྱང་བྱའོ། །ཁུ་ཚུར་གྱིས་ཆུ་བཟུང་ནས་ཀྱང་དེ་བཞིན་དུའོ། །དེ་ནས་ཁམ་ཕོར་དཀར་པོ་བཞི་དང༌། རྩྭ་དུར་པའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆངས་བུ་བཞི་དང༌། ཟན་ཆངས་བཞི་དང༌། སེང་རས་ཀྱི་ཚལ་པ་བཞིས་ཀྱང་


JLD005_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང་གཡས་སུ་བསྐོར་བ་སྔར་བཞིན་བྱ་སྟེ། འོན་ཀྱང་ཁམ་ཕོར་མན་ཆད་རྣམས་མེད་མི་དོར་རོ། །དེ་ནས་ཉེ་རེག་བྱ་ལ་གཙོ་བོའི་སྔགས་བརྗོད་ཅིང་ཐུགས་ཀར་དྲི་དང༌། དབུ་ལ་མེ་ཏོག་གི་ཕྲེང་བ་བཅིངས་པ་དང༌། མདུན་དུ་མཆོད་ཡོན་དབུལ་བ་བྱས་ནས་མར་མེས་ཡོངས་སུ་བསྐོར་ཏེ་ལས་ཐམས་ཅད་པ་དང༌། ཧཱུཾ་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ། །གསུམ་པ་ལ་དྲུག །ཆུའི་དབང༌། ཅོད་པན་གྱི་དབང༌། རྡོ་རྗེའི་དབང༌། །དྲིལ་བུའི་དབང༌། མེ་ལོང་གི་དབང༌། མིང་གི་དབང་ངོ་། །དང་པོ་ལ་གཉིས། ནང་དབང་བསྐུར་ཏེ་ཁྲུས་སྟེགས་ལ་དགོད་པ་དང༌། དེ་ལ་ཤིས་བརྗོད་སྔོན་དུ་འགྲོ་བའི་ཆུ་དབང་བསྐུར་བའོ། །དང་པོ་ནི། སློབ་མ་ལས་བུམ་གྱི་ཆུས་བསངས་ལ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་རང་གི་ཁ་ནས་ཞུགས། སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་པདྨར་འཐོན་པ་སྐད་ཅིག་གིས་སྟོང་པར་སྦྱངས་བའི་འོག་ཏུ་ཆོ་ག་གསུམ་གྱིས་མི་བསྐྱོང་པ་ཡབ་ཡུམ་དུ་བསྐྱེད་དེ་ཡེ་ཤེས་པ་དང་དབྱེར་མེད་དུ་བྱ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་མཆོད་དེ། སློབ་མ་ལ་དབང་བསྐུར་བའི་དོན་དུ། །རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། ཞེས་པས་དེ་རྣམས་དང་བསྒྲུབས་པའི་དཀྱིལ་འཁོར་


JLD005_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པ་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་ནས། རྣམ་སྣང་གི་སྒོ་ནས་ཞུགས་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མ་མི་བསྐྱོད་པར་བྱས་པ་ལ་དབང་བསྐུར་ཏེ། ཡུམ་གྱི་པདྨ་ནས་ཕྱུང་ནས་ཁྲུས་སྟེགས་ལ་དགོད། །དེ་ཡང་པདྨ་འདབ་བརྒྱད་བྲིས་པའི་ཤིང་སྟན་ནམ། ཡང་ན་ཟླ་བའི་དཀྱིལ་འཁོར་བྲིས་པའི་སེང་གེའི་གདན། །ཁྲུས་སྟེགས་ཀྱི་དབུས་ཀྱི་པདྨ་ལ་གཞག་པར་མོས་ནས་དེ་ལ་མ་རེག་པར་དེའི་སྟེང་དུ་གཞག་པ་ལ་དགོད་དོ། །ཁྲུས་སྟེགས་མ་གྲུབ་ན་དེ་བསྒོམས་པའི་སྟེང་དུ་ཤིང་སྟན་ལ་སོགས་པ་ལ་འཇོག་པར་ཡང་བཤད་དོ། །གཉིས་པ་ནི། དེ་ནས་ལས་བུམ་མ་གཏོགས་པའི་བུམ་ཆུ་རྣམས་བསངས་སྦྱངས་ཏེ། ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་ཡུམ་དང་བཅས་པར་བསྐྱེད། །བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་པ་གཞུག །རང་གི་རིགས་བདག་གིས་དབང་བསྐུར་བ་ལ་མཆོད་དེ་ཞུ་བ་ལས་བྱུང་བའི་ཆུར་བསྒོམ། །རང་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་སློབ་མ་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་བྱོན་ནས་ནམ་མཁའ་ལ་བཞུགས་པར་བསམ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དབང་བསྐུར་བའི་


JLD005_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་སློབ་མའི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང༌། མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱིས་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། །ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་བསམས་ལ། རང་དང་སློབ་མས་བུམ་པ་བཏེག་ནས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམ་པར་སྦྱོང་མཛད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་ཡིས་ནི། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང༌། །རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་


JLD005_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང༌། །ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཞིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོང༌། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞས་སློབ་མ་ལ་ཤིས་བརྗོད་གླུང་བླང་ངོ་། །དེ་ནས། ཏིལ་གྱི་གང་བུ་ལྟར་གང་བའི། །རྒྱལ་བ་བུམ་པ་འཛིན་པ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། ཞེས་བརྗོད་ལ། སྔར་ལྟར་དམིགས་པ་གསལ་བཏབ་ནས་འདི་བཞིན་དུ་ཁྱོད་དབང་བསྐུར་བ་ཡིན་ནོ་ཞེས་ཡང་ལ་སྤྲོ་བ་བསྐྱེད་དེ། རྡོ་རྗེ་དང་བཅས་པའི་བུམ་པའི་ཁ་རྒྱན་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། དེས་རྣམ་རྒྱལ་གྱི་བུམ་པ་ནས་ཆུ་བླངས་ལ་རྡོ་རྗེའི་རྩེ་མོས་སྤྱི་བོར་ཆུ་བླུག་ཅིང༌།དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་


JLD005_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་མཧཱ་སུ་ཁ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་པ་ཏིཥྠ་དྲི་ཌྷོ་མེ་བྷ་བ། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་ཨཱ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་སུ་ར་ཏ་སྟཾ་ཨ་ཧཾ། ཞེས་བརྗོད་ཅིང་དབང་བསྐུར་རོ། །དེ་ཡང་བུམ་པ་ཐམས་ཅད་ཀྱི་ཆུ་དུང་ཆོས་སམ་ཐོད་པར་བསྡུས་ནས་སམ། ཡང་ན་དང་པོར་རྣམ་རྒྱལ་དང་དེ་ནས་རྒྱལ་བ་བཞི་དང༌། དེ་ནས་ཡུམ་བཞི་དང་དེ་ནས་རྡོ་རྗེ་མ་བཞི་དང༌། དེ་ནས་རྒྱལ་སྲས་བརྒྱད་དང་དེ་ནས་ཁྲོ་བོ་བཅུའི་བུམ་པས་སྔར་བཞིན་བླུག་ལ་དབང་བསྐུར། དབང་བུམ་གཅིག་ལས་མེད་ན་རྣམ་རྒྱལ་གྱིས་བསྐུར་ལ། བསྡུས་པ་ལ་མོས་ན་སྔགས་ཕྱི་མ་ཉིད་ཀྱིས་བྱའོ། །འདིར་ཀླུ་བྱང་གིས་དབང་ལྔ་ལ་ལྷ་གང་སྐྱེད་གསལ་བར་མ་བཤད་ལ། ཟུང་འཇུག་གསལ་བས་སློབ་མ་རྣམ་སྣང་དུ་བསྐྱེད་པ་ལ་ཆུ་དབང་བསྐུར་བར་བཤད་པ་ལྟར། ཡན་ལག་མེད་པའི་རྡོ་རྗེ་ཀྱང་བཤད་པས་སྤྱིར་དེ་ལྟར་རུང་མོད་ཀྱང༌། བཤད་རྒྱུད་རྡོར་ཕྲེང་ལས་ཆུ་དང་སློབ་མ་མི་བསྐྱོད་པར་བསྐྱེད་ནས་ཆུ་དབང་བསྐུར་བར་གསུངས་པས། ནཱ་རོ་པ་དང་དམ་ཚིག་རྡོ་རྗེས་ལུགས་འདི་ལ་བཤད་རྒྱུད་བཞིན་མཛད་པ་ཉིད་འདིར་སྐབས་སུ་བབ་བོ། །དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང་ནས་བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་


JLD005_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། རང་གི་ཐུགས་ཀའི་ས་བོན་གྱི་འོས་ཟེར་གྱིས་དབང་གི་ལྷ་རྣམས་བཀུག་ནས་སློབ་མའི་བ་སྤུའི་སྒོ་ནས་བསྟིམས་པ་ལ་མཆོད་པས་མཆོད་དོ། །དེ་ལྟར་བུམ་དབང་དགུ་ལས་མི་བསྐྱོང་པ་ཆུའི་དབང་ཐོབ། ཞེ་སྔང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། །མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །གཉིས་པ་ནི། དེ་ནས་ཁྲུས་ཀྱི་དཀྱིལ་འཁོར་ལས་བབས་ཏེ་གོས་དམར་པོ་སོ་མ་གྱོན། རྒྱལ་པོའི་ཆས་རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན་ཏེ་གདུགས་དཀར་པོ་བཟུང་ལ། བདེ་བ་ཆེན་པོ་འདོད་ཆགས་ཆེ། །རྣལ་འབྱོར་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔར་དེང་བདག་བསྒྲུབས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་བསྐུར་བསྐུར་དོན་དུ། །རྡོ་རྗེ་དབང་བསྐུར་བླ་ན་མེད། །ཨེ་མའོ་དང་པོའི་སངས་རྒྱས་དོན་དམ་རྒྱལ། །ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྔ་དང་དགའ་ལྡན་རབ་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་གླུར་བླངས་ཏེ་རང་དགའ་བ་བསྐྱེད་པའི་འོག་ཏུ་བླ་མས་སྣ་དྲངས་ཏེ་སློབ་མས་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་


JLD005_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་ཤར་སྒོར་འཇམ་པའི་སྟན་ལ་འདུག་ཏུ་གཞུག་གོ །སློབ་མས་བྱང་ཆུབ་རྡོ་རྗེས་ཞེས་པས་གསོལ་བ་གདབ་པ་དང༌། དེ་ལ་བུམ་ཆུས་བསང་བ་ནས་པདྨ་ནས་ཕྱུང་ནས་རང་གནས་སུ་གཞག་པའི་བར་དང༌། དེ་ནས་མིང་དབང་མ་གཏོགས་པ་ལ་དབང་རྫས་རྣམས་སོ་སོའི་ལྷར་བསྐྱེད། །རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་པ་གཞུག་པ་ནས་ཞུ་བའི་བར་དང༌། ཐུགས་ཀའི་ས་བོན་གྱི་འོས་ཟེར་གྱིས་དབང་ལྷ་སྤྱན་དྲངས་པ་ནས་སྤྲོ་བ་བསྐྱེད་པའི་བར་རྣམས་ཅོད་པན་གྱི་དབང་ལ་སོགས་པ་ལའང་སྔར་བཞིན་བྱའོ། །གསེར་དང་རས་ལ་སོགས་པ་ལས་བྱས་པའི་དབུ་རྒྱལ་སློབ་མའི་རིགས་བདག་དབུས་ན་ཡོད་པ་བསངས་སྦྱངས་ཏེ། སྭའམ་ཏྲཾ་དང་རིན་པོ་ཆེ་ལས་རིན་འབྱུང་ཡུལ་དང་བཅས་པར་སྐྱེད་པ་སོགས་བྱས་ནས། སློབ་དཔོན་གྱིས་ལག་པ་གཉིས་རྡོ་རྗེ་ཐལ་མོ་སྦྱར། མཐེ་བོ་གཉིས་སྐྱིལ་ཀྲུང་དུ་བསྐུམ། གུང་མོ་གཉིས་གཤིབས་ཏེ་རྩེ་སྤྲད་ལ། མཛུབ་མོ་གཉིས་གུང་མོའི་ཚིགས་བར་པར་བཙུགས་པ་རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་སྤྱི་གཙུག་ཏུ་བཞག་ལ། ༀ་བཛྲ་དྷཱ་ཏཱི་ཤྭ་རི་ཨ་བྷཱི་ཥིཉྩ་ཧཱུཾ། སྔར་གྱི་སེམས་མ་རྡོ་རྗེའི་མའི་ཕྱག་རྒྱ་དཔྲལ་བར་བཞག་ལ། ༀ་སཏྭ་བཛྲི་ཨ་བྷཱི་ཥིཉྩ་བྲུཾ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ལས་གུང་མོའི་ཚིགས་དབུས་མ་བཅག་ནས་རིན་པོ་ཆེ་འདྲ་བར་བྱས་པ་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་རྣ་ལྟག་གཡས་པར་བཞག་ལ། ༀ་རཏྣ་བཛྲཱི་ཨ་བྷཱི་ཥིཉྩ་ཨ། དེ་ཉིད་


JLD005_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གུང་མོ་པདྨ་འདྲ་བར་བྱས་པ་རྡོ་རྗེ་ཆོས་མའི་ཕྱག་རྒྱ་ལྟག་པར་བཞག་ལ། ༀ་དྷརྨཱ་བཛྲཱི་ཨ་བྷཱི་ཥིཉྩ་ཧྲཱིཿདེ་ཉིད་ལས་དབུས་མའི་རྩེ་མོ་བཅག་པ་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་རྣ་ལྟག་གཡོན་པར་བཞག་ལ། ༀ་ཀརྨ་བཛྲཱི་ཨ་བྷཱི་ཥིཉྩ་ཏྲཱཾ། ཞེས་བརྗོད་ཅིང་དབུ་རྒྱན་མགོ་ལ་བསྐོན། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀ་ཊ་པཱུ་ཛ་ཡ་ཨ་དྷི་ཤ་མ་མི་ཨཱཿཧཱུཾ། ཞེས་བརྗོད་དོ། །སྔགས་དེ་ལྔ་ནི་ཀླུ་བྱང་གི་དཀྱིལ་ཆོག་ལས་འབྱུང་བ་བཞིན་ཕྲེང་བར་ཡང་བྱུང་ལ། ཟུང་འཇུག་གསལ་བར་དང་པོའི་མཐར་ཨཱཿགཉིས་པ་ལ་ཧཱུཾ་གསུམ་པ་ལ་ཏྲཱཾ། བཞི་པ་འདྲ། ལྔ་པ་ལ་ཏཾ་ཞེས་འབྱུང་ངོ་། །ཡོ་ག་དང་བསྟུན་ན་སྔ་མ་བཞི་དེ་དང་འདྲ་ཞིང་ཕྱི་མ་ལ་ཨ་ཞིས་འཐོབ་བོ། །དཀྱིལ་ཆོག་གི་དཔེ་ཁ་ཅིག་ལས་ནི་ལྔ་པ་ལ་ཏྲཾ་ཞེས་ཀྱའ་འབྱུང་ངོ་། །སློབ་མའི་རིགས་བདག་དབུས་སུ་ཡོད་པ་དང་བསྟུན་ན་མི་བསྐྱོད་པ་མི་འོང་བའི་ཆེ་སྔ་མའི་གནས་སུ་མི་བསྐྱོད་པ་འགྲོའོ། །དེ་ནས་དབུས་རྒྱན་ལ་བཏགས་པའི་དར་དཔྱངས་རྣ་ལྟག་གཡས་གཡོན་དུ་དཔྱངས་ནས་མཉམ་པའི་ཐལ་མོ་དང༌། ༀ་བཛྲ་ཏུ་ཥྱ་ཧོ་ཞེས་བརྗོད་པས་མཉེས་པར་བྱའོ། །དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ༀ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷཱི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་བརྗོད་ལ་བརྟན་བྱེད་ཀྱི་ཆུ་དབང་བསྐུར་བས། དྲི་མ་སྦྱངས་རིན་འབྱུང་གིས་དབུས་བརྒྱན་པ་ལ་མཆོད་དེ་དབང་


JLD005_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བསྟིམ་པ་སྔར་བཞིན་བྱ། ལྷག་མ་རྣམས་ལ་ཡང་བརྟན་བྱེད་ཀྱི་ཆུ་དབང་བསྐུར་བ་མན་ཆད་འདྲ་སྟེ་རིགས་བདག་ནི་རིགས་སོ་སོའི་འོ། །ཡང་ན་རིགས་ལྔ་ག་ལ་མི་བསྐྱོང་བས་རྒྱས་གདབ་པ་སྒྲུབ་ཐབས་བཞིན་བྱའོ། །དེ་དག་གིས་རིན་འབྱུང་ཅོད་པན་ནམ་རྫོགས་པའི་སངས་རྒྱས་ཀྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་སྦྱངས། ཚོར་བའི་ཕུང་པོ་གནས་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་པ་བསྐྱེད་ལ་དག་པ་སྦྱིན་ནོ། །གསུམ་པ་ནི། དེ་ནས་སློབ་མ་དང་རྡོ་རྗེ་ཨཱཿའམ་ཧྲཱིཿདང་པདྨ་ལས་འོད་དཔག་མེད་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ལ། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། “དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ལེགས་པར་གྲུབ་ཕྱིར་རྡོ་རྗེ་ཟུངས། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །དངོས་གྲུབ་མཆོད་ཕྱིར་རྡོ་རྗེ་ལོང༌། །སངས་རྒྱས་ཀུན་གྱིས་ཁྱེད་ལ་སྩོལ། །རྡོ་རྗེའི་བརྟུལ་ཞུགས་འགྲུབ་པར་འགྱུར། །ༀ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷཱི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ལ། སློབ་མའི་སྙིང་ཁ་དང་མགྲིན་པ་དང་གཙུག་ཏོར་དུ་རེག་ལ་ལག་པ་གཡས་སུ་གཏད། དེས་ཀྱང་ལྷའི་ང་རྒྱལ་བརྟན་པས་བསྙེམས་པའི་ཚུལ་གྱིས་གཟུང་ལ་རྡོ་རྗེ་གསོར། རྡོ་རྗེའི་དབང་ནི་འོད་དཔག་མེད་དུ་བསྐྱེད་པའི་རྡོ་རྗེ་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་


JLD005_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེ་འགྲུབ་པའི་ནུས་པ་ཁྱད་པར་ཅན་དགོད་པའི་དོན་དུ་འཛིན་དུ་འཇུག་པ་ཡིན་ལ། རྡོ་རྗེའི་བརྟུལ་ཞུགས་ནི་ཡེ་ཤེས་ལྔ་དང་མི་འབྲལ་བར་བྱ་བའི་དོན་དུ་རྡོ་རྗེ་སྟེར་བའོ། །དེ་རེ་རེ་ལ་གཉིས་ཀའི་གཙོ་བོའི་དོན་ཚང་བ་བྱར་ཡོད་པ་ལ་དགོངས་ནས་བཤད་རྒྱུད་ལས་རྡོ་རྗེའི་བརྟུལ་ཞུགས་ཉིད་རྡོ་རྗེའི་དབང་དུ་མཛད་ནས་གསུངས་པ་བཞིན། ཀླུ་བྱང་གིས་ཀྱང་རྡོ་རྗེའི་དབང་དང་རྡོ་རྗེའི་བརྟུལ་ཞུགས་གཉིས་ཕྱོགས་གཅིག་ཏུ་བསྐུར་བར་མཛད་པ་བཞིན་བྱས་པས་ཆོག་མོད་ཀྱང༌། སློབ་དཔོན་གྱི་དབང་གི་མཇུག་ཏུ་ཡང་མི་འགལ་བས་དེར་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་ཟུང་འཇུག་གསལ་བ་ལས་བཤད་པ་ལྟར་བྱས་ན་དེ་གཉིས་ཀྱི་ཁྱད་པར་ངེས་སླའོ། །ༀ་བཛྲ་ཨ་དྷི་པ་ཏི་ཞེས་སོགས་ནི་རྒྱུད་དག་ལས་དྲིལ་བུའི་དབང་སྟེར་བ་ལ་བཤད་ཀྱང༌། རྡོར་དྲིལ་གཉིས་ཀའི་དབང་ལ་དྲང་དུ་རུང་བས་ཆེན་པོ་མང་པོས་སྔར་ལྟར་མཛད་དོ། །དེ་དག་གིས་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་པར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །བཞི་པ་ནི། དེ་ནས་ཨཱ་ལས་བྱུང་བའི་དྲིལ་བུ་དང་སློབ་མ་གཉིས་ཁཾ་མམ་ཧ་དང་རལ་གྲི་ལས་དོན་གྲུབ་ཡུམ་དང་བཅས་པར་སྐྱེད་པ་སོགས་བྱས་ལ། སློབ་དཔོན་གྱིས་དྲང་པོར་དཀྲོལ་ཞིང༌། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌།


JLD005_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་འོད་ཅན་ཡེ་ཤེས། སྐུ་མངའ་རྒྱལ་བའི་ཅོད་པན་འཛིན་པ་བད་ཟླའི་གདན་ལ་བཞུགས། །གདུག་པ་རྣམས་ནི་འདུལ་བའི་དོན་དུ་སྲིད་གསུམ་འདུལ་མཛད་བསྡིགས་པའི་དེ་ཉིད་རྡོ་རྗེ་ཅན། །སངས་རྒྱས་རྣམས་ནི་བསྐུལ་ཕྱིར་དེ་ཁོ་ན་ཉིད་སོ་སོར་སྒྲོགས་པའི་ཆོས་ཉིད་དྲིལ་བུ་འཁྲོལ། །དངོས་པོ་ཀུན་གྱི་ངོ་བོ་མ་ལུས་སྟོང་པའི་བཅོམ་ལྡན་གང་ཡིན་དེ་ནི་རྒྱལ་གྱུར་ཅིག །མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཁྲུལ་འདྲ་བ་སུས་མཐོང་བ། །དེ་ནི་མངའ་བདག་ཏུ་བཤད་དོ། ཞེས་བརྗོད་དེ་ལག་པ་གཡོན་དུ་གཏད་པས། དེས་ཀྱང་དཀྲོལ་ཏེ་དཀུ་གཡོན་པའི་ཕྱོགས་སུ་བཀན་ཏེ་བཟུང༌། གཡས་པས་རྡོ་རྗེ་བསྙེམས་པའི་ཚུལ་གྱིས་བཟུང་ལ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིད་དྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨཱཿ ༀ་བཛྲ་གྷཎྜ་ཨཿཨཿབདག་གིས་བཅོམ་ལྡན་གཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་ཉེ་བར་མཛོད། ཅེས་བརྗོད། སློབ་དཔོན་གྱིས། ༀ་བཛྲ་ཨ་དྷི་པ་ཏེ་ཏྭཾ་ཨ་བྷི་ཥིཉྩ་བཛྲ་ཧཱི། ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །དེ་དག་གིས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ་ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར། བྱ་བ་སྒྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་


JLD005_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་མ་བསྐྱེད་ལ་དག་པ་སྦྱིན་ནོ། །ལྔ་པ་ནི། རིན་ལྔར་སྐབས་འདིར་མེ་ལོང་གི་དབང་གསུངས་པས་ཀླུ་བྱང་གིས་ཀྱང་མཛད་ལ། དེ་ལ་མིག་འབྱེད་པ་སྔོན་དུ་འགྲོ་བས་གཉིས་ཀ་རིམ་ཅན་དུ་གསུངས་པས། གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་དང་སྦྲང་རྩིའི་མིག་སྨན་གསེར་ལས་བྱས་པའི་ཐུང་མས་སློབ་མའི་མིག་ལ་ཡི་གེ་པྲཾ་བསམས་པ་ལ། ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་འདོན་ཞིང་བསྐུས་པས་མིག་འབྱེད་པའི་ཚུལ་དུ་བྱ་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱི་བསལ། ཞེས་བརྗོད་པས་མ་རིག་པའི་ལིང་ཏོག་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་བྱེ་བར་བསམ་མོ། །དེ་ལྟར་སྤྱན་དབྱེ་བ་དེས་ཆོས་ཐམས་ཅད་གཟུངས་བརྙན་བཞིན་དུ་བལྟ་བར་བྱའོ། །ཞེས་བསྒྲུབ་པའི་ཆེད་དུ། །ཨཱཿ་ཡིས་བསྔགས་པའི་མེ་ལོང་བསྟན་ཞིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུད་དང་ལས་ལས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཟུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་


JLD005_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། ཞེས་བརྗོད་ལ་སྤྱིར་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་དང༌། ཁྱད་པར་དུ་རང་གི་སྙིང་ལ་ཞུགས་པའི་རྡོ་རྗེ་སེམས་དཔའ་ནི་མེ་ལོང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཤིག་ཅེས་བསྒོའོ། །དྲུག་པ་ནི། དེ་ནས་སློབ་མ་ༀ་དང་འཁོར་ལོ་ལས་རྣམ་སྣང་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ལ། སློབ་མའི་མགོར་རྡོར་དྲིལ་མཉམ་པོར་གཟུང་ཞིང༌། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ༀ་བཛྲ་སཏྭ་སྟྭཾ་ཨ་བྷཱི་ཥིཉྩ་མེ་བཛྲ་ནཱམ་ཨ་བྷིཥེ་ཀ་ཏ། ཞེས་བརྗོད་ཅིང༌། ཀྱཻ་ཞེས་བོས་ཏེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿཨཱཿཞེས་བརྗོད་ལ། མེ་ཏོག་ཕོག་པའི་ལྷའི་རིགས་ལ་བརྟགས་ཏེ་མིང་གདགས་སོ། །དེ་ནི་མི་བསྐྱོད་པའི་རིགས་ཡིན་ན་བཞད་པ་དང༌། སྒེག་པ་དང༌། གཉིས་མེད་དང༌། མི་ཕྱེད་དང༌། དགའ་རབ་དང༌། རོལ་པ་དང༌། རྣམ་སྣང་གི་རིགས་ལ་གཏི་མུག་དང༌། ༀ་མཛད་དང༌། རྟག་པའི་དང༌། སྒྱུ་འཕྲུལ་དང༌། རིན་འབྱུང་གི་ལ་ཡིད་བཞིན་ནོར་བུ་དང༌། མཁའ་འགྲོ་དང༌། གཟི་བརྗིད་དང༌། འོད་དཔག་མེད་ཀྱི་ལ་འདོད་ཆགས་དང༌། སྤྱན་རས་གཟིགས་དང༌། ཆོས་དང༌། པདྨ་དང༌། དོན་གྲུབ་ཀྱི་ལ་རྟ་མཆོག་དང༌། དམ་ཚིག་དད་ལས་རྣམས་ལ་མགོར་དཔལ་དང། མཇུག་ཏུ་རྡོ་རྗེ་བཏགས་པའོ། །ལྷ་མོ་ལ་མི་བསྐྱོད་པའི་རིགས་ལ་བདག་མེད་མ་དང༌། ལག་པ་མ་དང༌། ཕྲེང་བ་མ་དང༌། འབྱུང་གནས་མ་དང༌། རྣམ་སྣང་གི་ལ་


JLD005_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་དང༌། སྒེག་མོ་སོགས་དང༌། རིན་འབྱུང་གི་ལ་དོ་ཤལ་མ་དང༌། དབུགས་དབྱུང་མ་དང༌། འབར་མ་དང༌། ཕྲེང་བ་མ་དང༌། པདྨའི་ལ་ཆགས་པ་མ་དང༌། དབྱངས་མ་དང༌། བློ་གྲོས་མ་དང༌། གོས་དཀར་མོ་ལ་སོགས་དང༌། དོན་གྲུབ་ཀྱི་ལ་སྙེམས་མ་དང༌། སྒྱུ་འཕྲུལ་མ་དང། དགོད་མ་དང༌། སྒྲོལ་མ་སོགས་མ་མགོར་རྡོ་རྗེ་སྦྱར་བའོ། །ཀླུ་བྱང་གིས་ལུང་བསྟན་དང་དབུགས་དབྱུང་གི་འོག་ཏུ་མིང་དབང་བསྐུར་བ་མཛད་པ་ལ་ཟུང་འཇུག་གསལ་བ་ལས། དེ་གཉིས་སློབ་དཔོན་གྱི་དབང་གི་སྔོན་ནམ་མཇུག་གདམ་ང་ཅན་དུ་བཤད་དོ། །དེ་དག་གིས་རྣམ་སྣང་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །དེ་ལ་ཕྲེང་བ་ནས་མིང་དབང་གྱིས་སློབ་མ་ལ་རྟེན་འབྲེལ་ཁྱད་པར་ཅན་ཇི་ལྟ་བུ་ཞིག་བསྒྲིགས་པ་ངོ་འཕྲོད་པ་ནི་ཤིན་ཏུ་གལ་ཆེ་བས་ཚུལ་དེ་ཅུང་ཟད་བཤད་ན། ཕྲེང་བའི་དབང་གིས་སློབ་མ་དེ་རྒྱལ་བ་འདིའི་རིགས་ཡིན་ནོ་ཞེས་ངོ་ཤེས་པར་བྱེད་ལ། ཆུ་དབང་གིས་གང་གི་རིགས་ཅན་དུ་སོང་བའི་རིགས་དེ་ལ་སྒྲིབ་པའི་མ་རིག་པའི་དྲི་མ་འཁྲུད་པའི་ནུས་པ་ཁྱད་པར་ཅན་འཇོག །ཅོད་པན་གྱི་དབང་གིས་མ་འོངས་པ་ན་རིགས་བདག་གང་གིས་བྱེད་པ་དང་གཙུག་ཏོར་སྐྱེད་པའི་ནུས་པ་དང༌། རྡོ་རྗེའི་དབང་གིས་ཐོབ་བྱའི་


JLD005_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེད་པ་དང༌། དྲིལ་བུའི་དབང་གིས་ཐོབ་བྱའི་སངས་རྒྱས་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འདོམས་པའི་གསུང་གི་ནུས་པ་ཁྱད་པར་བ་འཇོག་གོ །མིག་སྨན་གྱི་ཆོ་གས་བློ་ཡི་མིག་མ་རིག་པའི་ལིང་ཏོག་གིས། བསྒྲིབས་པ་བསལ་ནས་ལྷའི་མིག་གི་མངོན་ཤེས་སྐྱེད་པ་དང༌། མེ་ལོང་གི་དབང་གིས་མ་རིག་པའི་ལིང་ཏོག་དང་བྲལ་བའི་མིག་གིས་ཆོས་ཐམས་ཅད་གཟུགས་བརྙན་ལྟར་མཐོང་ཞིང༌། །མེ་ལོང་ལ་ཤར་བའི་སྐུ་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རང་གི་སྙིང་ལ་དངོས་སུ་འཇུག་པའི་ནུས་པ་ཁྱད་པར་ཅན་དང༌། མིང་དབང་གིས་མེ་ཏོག་ཕོག་པའི་ལྟའི་རིགས་དང་རྗེས་སུ་མཐུན་པའི་རྒྱལ་བའི་གོ་འཕང་འཐོབ་པའི་སངས་རྒྱས་དེའི་མཚན་གྱི་ནུས་པ་ཁྱད་པར་ཅན་འཇོག་པར་བཤད་དེ། ཨབྷྱ་ཀཱ་ར་ལ་སོགས་པའི་མན་ངག་གོ །རྫོགས་པའི་སངས་རྒྱས་ཀྱི་དབང་བསྐུར་བའི་ཆོ་ག་སྟེ་བཅུ་བཞི་པའོ།། །།ཡོན་དབུལ་གསོལ་གདབ་སྦྱང་བ་བྱ། ནང་བསྐྱེད་སྤྱན་དྲང་གསོལ་གདབ་བསྐུར། །དགོད་བསྐྱེད་སྤྱན་དྲང་དམིགས་པ་བྱ། །ཤིས་བརྗོད་ཆུ་དབང་དབང་ལྷ་བསྟིམ། །མཆོད་ནས་དབང་དོན་བཤད་པ་ནི། ཆུ་དབང་སྡོམ་དུ་བསྡུས་པའོ། །བརྒྱན་ཞིང་གླུ་བླང་བསྐོར་བ་བྱ། གསོལ་གདབ་ནང་བསྐྱེད་སྤྱན་དྲང་གསོལ། །ནང་དབང་དགོད་བསྐྱེད་སྤྱན་དྲང་བསྐུར། །ཆུ་དབང་ལྷ་བསྟིམ་མཆོད་ཅིང་བཤད། །སླར་བསྐྱེད་མ་གཏོགས་དབང་བཞིའི་སྡོམ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་


JLD005_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་དབང་ལ་གཉིས། སློབ་དཔོན་གྱི་དབང་དངོས་བསྐུར་བ། སློབ་དཔོན་གྱི་དབང་དངོས་ཀྱི་མཐའ་རྟེན་ནོ། །དང་པོ་ནི། རིམ་ལྔ་ལས་མི་དབང་གི་རྗེས་སུ་སློབ་དཔོན་དང་དེའི་འོག་ཏུ་རྗེས་གནང་གསུངས་ལ། ཀླུ་བྱང་གིས་ཕྱག་མཚན་གྱི། དབང་དང་རྗེས་གནང་གཉིས་མཛད་ཅིང༌། སློབ་དཔོན་གྱི་དབང་གི་དངོས་གཞི་གསལ་བར་མ་བཤད་པ་ཟུང་འཇུག་གསལ་བས་བཤད་པས། དེ་དང་བཤད་རྒྱུད་ནས་ཁ་བསྐང་བར་བྱའོ། །སློབ་མས་སློབ་དཔོན་གྱི་དབང་གི་དོན་དུ་ཡོན་ཕུལ་ཞིང་ཐལ་མོ་སྦྱར་ཏེ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །རྡོ་རྗེ་སེམས་དཔའ་བདག་ལ་སྩོལ། ཞེས་གསོལ་བ་ལན་གསུམ་གདབ། དེ་ལ་ཕྱག་མཚན་གྱི་དབང་བསྐུར་བའི་ཕྱིར་སློབ་མ་རྣམ་སྣང་དུ་བསྐྱེད། འཁོར་ལོ་རྣམ་སྣང་དུ་བསྐྱེད་པ་ཞུ་བ་ལས་བྱུང་བའི་འཁོར་ལོ་བྱིན་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་པྲ་བརྟ་ཡ་དྷརྨཱ་ཙཀྲ། སློབ་མ་རིན་འབྱུང་དུ་བསྐྱེད། རིན་འབྱུང་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་ལག་དུ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ༀ་བཛྲ་རཏྣ་སརྦ་རྡྷརྨཱ་བི་ཤུདྡྷ་ཛྙཱ་ན་ཨ་བྷི་ཁེ་ཀ་པྲཱཔྟ་ༀ་ༀ་ༀ། །སློབ་མ་འོད་དཔག་མེད་དུ་


JLD005_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །འོད་དཔག་མེད་ཞུ་བ་ལས་བྱུང་བའི་པདྨ་ལག་ཏུ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །འདོད་ཆགས་དག་པ་རབ་ཏུ་སྟོན། །ༀ་བཛྲ་དྷརྨཱ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་ད་ལ་སྭཱ་བྷཱ་བ་ཧྲཱིཿཨཿ སློབ་མ་དོན་གྲུབ་ཏུ་བསྐྱེད། དོན་གྲུབ་ཞུ་བ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ལག་ཏུ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །རྡོ་རྗེའི་མཆོད་པ་རབ་ཏུ་བསྐོར། །ༀ་བཛྲ་ཀརྨ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭཱ་བྷཱ་ཝ་ཨ། ཞེས་བརྗོད་དེ་དབང་བསྐུར་བས་རིགས་བཞིའི་འཁོར་ལོ་བསྐོར་བའི་འཁོར་ལོས་སྒྱུར་བར་དབང་བསྐུར་བར་བསམ་མོ། །དེ་ནས་རིགས་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་བའི་ཕྱིར། ཤར་སྒོའི་ཐད་ཀྱི་ཁྲུས་སྟེགས་ཀྱི་སྟེང་དུ་སེང་གེའི་ཁྲི་ལ་སློབ་མ་རྒྱན་ཐམས་ཅད་ཀྱིས་ཀླུབས་ཏེ་བཞག །གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བས་བརྒྱན། ཁྲུས་སྟེགས་དངོས་སུ་མ་གྲུབ་ན་བསྒོམས་ལ་བྱ། སློབ་མ་ཁ་ནས་བཅུག་པ་ཡུམ་གྱི་པདྨར་འཐོན་པ་སྟོང་པར་སྦྱངས་ཏེ། ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པར་བསྐྱེད། ཡེ་ཤེས་པ་དང་དབྱེར་མེད་དུ་བསྲེས་ལ་སྔར་ལྟར་ནང་དབང་བསྐུར། པདྨ་ནས་ཕྱུང་སྟེ་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་དགོད། ཆུ་དབང་ལ་སོགས་པ་ལ་ནང་དབང་བསྐུར་བ་ནི་ཨ་བྷྱ་རྗེས་


JLD005_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་དང་བཅས་པའི་གཞུང་ནས་གསལ་པོར་བཤད་ལ། །ཨ་བྷྱས་རྡོ་རྗེ་སློབ་དཔོན་གྱི་དབང་ལ་ནང་དབང་བསྐུར་བ་སམྦྷུ་ཊའི་དོན་དུ་བཤད་དོ། །རྡོ་རྗེའི་དམ་ཚིག་སྦྱིན་པ་ནི། རྡོ་རྗེ་བསངས་སྦྱངས་ནས་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བསྐྱེད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེན། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོ་ལྡན་འདས་མཆོག་གི་དང་པོའི་སྐྱེད་བུའོ། །ༀ་མཧཱ་བཛྲ་ཧཱུཾ། ཞེས་བརྗོད་ཅིང༌། སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་རྒྱལ་བའི་ཐུགས་ཀྱི་ངོ་བོ་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་འཛིན་པར་བྱེད་པའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་འཛིན་དུ་གཞག །དེས་ཀྱང་དེ་ལྟར་དྲན་པར་བྱས་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེ་གསོར་ནས་ཐུགས་ཀར་བཟུང་ངོ་། །དྲིལ་བུའི་དམ་ཆིག་སྦྱིན་པ་ནི། དྲིལ་བུ་བསངས་སྦྱངས་ནས། ཨཱཿལས་སྐྱེད་པའི་དྲིལ་བུར་བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ཅེས་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་དེ་ཁོ་ན་ཉིད་ཀྱིས་དྲིལ་བུ་འཛིན་དུ་གཞུག །དེས་ཀྱང་དེ་ལྟར་དྲན་པར་བྱས་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་


JLD005_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། ཞེས་བརྗོད་དེ་དཀྲོལ་ལོ། །དེ་ནས་ཕྱག་རྒྱའི་དམ་ཚིག་སྦྱིན་པ་ནི། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། ཞེས་བྱ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་འདུས་བྱས་ན་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་གོ་བར་བྱའོ། །དེ་ལྟར་དམ་ཚིག་གསུམ་སྦྱིན་པ་སྔོན་དུ་འགྲོ་བ་ཅན་ཀྱི་དམ་ཚིག་གསུམ་གཟུང་བའི་སྒོ་ནས་སློབ་དཔོན་གྱི་དབང་དངོས་གཞི་བསྐུར་བ་ནི། ལག་པ་རྡོར་དྲིལ་བཟུང་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག །ཡིད་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པར་བསམས་ལ། འཁྱུད་པ་ལས་བྱུང་བའི་བདེ་བ་བསྐྱེད་དེ་དེ་ཉིད་ལ་སློབ་དཔོན་གྱི་དབང་དུ་ངོ་འཕྲོད་པ་དགོས་ཏེ། ཀྱཻ་རྡོ་རྗེ་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་ཡང་དག་འདོད། ཅེས་གསུངས་པའི་ཕྱིར་རོ། །དེ་ནས་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་དམིགས་པ་སྔར་བཞིན་བྱས་ཏེ། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ༀ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་བརྗོད་དེ་བུམ་ཆུས་སྔར་བཞིན་བླུགས་ལ་དབང་བསྐུར། །


JLD005_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཆུས་ལུས་ཐམས་ཅད་གང་ནས་བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་གྲུབ་པའི་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས་ཏེ། ལུས་དཀྱིལ་བཞིན་རང་རང་གི་གནས་སུ་དགོད། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། །ཞེས་བརྗོད་ནས་སློབ་མ་ལ་མེ་ཏོག་གཏོར་ཏེ་མཆོད་པས་མཆོད་དོ། །གཉིས་པ་ལ་གསུམ། །དམ་ཚིག་བསྒྲག་ཅིང་སྔགས་གཏད་པ། ལྷ་དང་བླ་མ་ལ་ཡོན་དབུལ་བ། རྗེས་གནང་སོགས་བྱ་བའོ། །དང་པོ་ནི། དེ་ནས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱི་བླང༌། །གཞན་གྱི་ཆུང་མ་བསྟེན་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། བླ་མ་སངས་རྒྱས་ཀུན་མཉམ་པས། །སློབ་དཔོན་ལ་ནི་གང་བརྙས་པ། །དེ་ནིསངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་འདོད་ཅིང༌། །གུས་དང་ལྡན་པའི་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་སྩོལ་བ་འོ། །འདི་ལ་འབད་པ་ཀུན་གྱིས་མཆོད། །བྱང་ཆུབ་གོ་འཕང་སླའམ་ཅི། །སྲིད་པ་སེལ་བར་སུ་ཡིས་ནུས། །གང་ལ་སྐྱེ་ཞིང་འཆི་བ་མེད། །གང་ཞིག་ལས་གཉིས་ལ་ནུས་ལྡན། །


JLD005_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤོང་བ་དང༌། མྱ་ངན་འདས་ཞི་གོ་འཕང་དང༌། ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །རང་གི་དམ་ཚིག་རྟག་ཏུ་བསྒྲུབ། རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་དབུལ་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །ཐབས་དང་ཤེས་རབ་ལྡན་སེམས་ཀྱིས། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་རྣམ་རྟོག་མེད་གྱུར་ནས། །ཁྱེད་ཀྱིས་འདོད་པ་ལྔ་རྣམས་སྤྱོད། །སངས་རྒྱས་ཀུན་གྱིས་མཐུན་གསུངས་ཤིང༌། བཀའ་ལུང་དམ་པ་རྟག་པ་ཡི། །དམ་ཚིག་དང་ནི་སྡོམ་པ་འདི། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། ཞེས་བརྗོད་དེ་དོན་བཤད་ལ། དམ་ཚིག་དེ་དག་ལས་འདའ་བར་མི་བྱའོ་ཞེས་བསྒོའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་འཛིན་པའི་སློབ་མ་ལ་ཁྱོད་དངོས་གྲུབ་གང་འདོད་ཅེས་དྲིའོ། །བདག་འདི་འཚལ་ལོ་ཞེས་ཟེར་ན་གང་འདོད་པ་དེའི་ལྷ་དང་སྔགས་སྦྱིན། ཐུན་མོང་དུ། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། ཞེས་གསོལ་བ་གདབ། གཙོ་བོ་སེམས་དཔའ་གསུམ་རྩེག་ཏུ་བསྐྱེད། བླ་མའང་སེམས་དཔའ་གསུམ་རྩེག་ཏུ་གསལ་བའི་ཐུགས་ཀར། །ༀ་ཨཱཿཧཱུཾ་ༀ་སྭ་ཨཱཿཧ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རིགས་དྲུག་གིས་བོན་གྱི་སྔགས་དེ་ཉིད་གསུམ་དང་སྤེལ་བ་མཐའ་རྟེན་དང་བཅས་པ་དགོང་བླ་མས་བརྒྱ་རྩ་བརྒྱད་དམ་གསུམ་བཟླས་ལ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་པར་


JLD005_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། ཞེས་འཁོར་ལོའི་གཙོ་བོ་ལ་གསོལ་བ་གདབ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཡི་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། ཞེས་བརྗོད་ལ་སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་ལན་གསུམ་རྗེས་ཟློས་བྱས་པས། བླ་མའི་ཐུགས་ཀ་ནས་བརྒྱུད་དེ་ཞལ་ནས་བྱུང་བ་སློབ་མའི་རྣ་བ་གཡས་པ་ནས་ཞུགས་ཏེ། སྙིང་གར་ཏིང་ངེ་འཛིན་སེམས་དཔའི་མཐར་བསྐོར་ནས་གནས་པར་བསམ་མོ། །སྔགས་ཀྱི་དབང་འདི་མིང་དབང་གི་རྗེས་སུ་སྦྱིན་ཀྱང་རུང་ངོ་། །ཕྱག་མཚན་གྱི་དབང་བསྐུར་བའི་ཆོ་ག་སྟེ་བཅོ་ལྔ་པའོ།། །།གཉིས་པ་ནི། །དེ་ནས་སློབ་མས་འབྱོར་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བའི་ལྷ་རེ་རེ་ལ་ཡོན་རབ་ན་བཟའ་དང་རིན་པོ་ཆེའི་རྒྱན། །འབྲིང་རེ་རེ་ལ་གོས་ཟུང་རེ། ཐ་མ་སྤྱིར་ཟུང་གཅིག་དང་དད་པ་ཆེན་པོ་སྔོན་དུ་འགྲོ་བས་ཡིད་ཀྱིས་ཀྱང་རྒྱ་ཆེར་སྤྲུལ་ཏེ། གླུ་དང་གར་དང་རོལ་མོ་དང་བཅས་པས། ༀ་ཨ་ནད་ཏ་ར་སརྦ་པཱུ་ཛ་མི་གྷ་ས་མུ་ཏ་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་ལ་ཕྱིའི་མཆོད་པ་དབུལ་ཞིང༌། གསང་བའི་མཆོད་པ་དང༌། གླུ་དང་གར་དང་རོལ་མོ་དང་བཅས་པའི་བཟའ་བཏུང་སྣ་ཚོགས་པས་ཚོགས་འཁོར་གྱི་མཆོད་པ་བྱའོ། །ལྷ་ལ་ཡོན་དབུལ་བའི་ཆོ་ག་སྟེ་བཅུ་དྲུག་པའོ། །


JLD005_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རང་ལ་བྱང་ཆུབ་སྟེར་བའི་བླ་མ་ལ་ཡོན་དབུལ་བ་དང༌། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་དང་བླ་མ་ལ་ཇི་ལྟར་བལྟ་བ་ནི། ཡུལ་དང་ཡིད་འོད་ཆུང་མ་དང༌། །རིན་པོ་ཆེ་དང་གསེར་འབར་དང༌། །ནོར་བུ་མུ་ཏིག་བྱུ་རུ་དང༌། །ལུས་པོ་ཡང་ནི་དབུལ་བས་སོ། །དེ་ཉིད་མི་ཟད་པ་འདོད་པས། །གང་ཡང་ཅིའང་ཆེས་ཡིད་དུ། །འོང་དང་ཆེས་ཁྱད་འཕགས་པ་ཉིད། །དེ་དེ་བླ་མ་ལ་དབུལ་བྱ། །སློབ་དཔོན་ལྷ་ནི་དམ་པ་སྟེ། །འབད་བའི་སྒོ་ནས་མཆོད་པར་འོས། །འཇིག་རྟེན་རྗེས་བཟུང་རྒྱུ་ཉིད་ཀྱིས། །དེ་ཉིད་དེ་ལྟའི་གཟུགས་ཅན་ནོ། །གང་གིས་བླ་མ་རྡོ་རྗེ་འཛིན། །ཐ་དང་ཉིད་དུ་མཐོང་གྱུར་པ། །དེ་ཡིས་དེ་ཉིད་དངོས་གྲུབ་ནི། །ཚོགས་པའི་མཚན་ཉིད་ཅན་མི་འཐོབ། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་འབྱུང༌། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །གང་ཞིག་བསྐལ་པ་བྱེ་བར་ནི། །བརྒྱ་ཕྲག་ཏུ་ཡང་རྙེད་དཀའ་བ། །དེ་ཉིད་སངས་རྒྱས་བརྩོན་ལྡན་ལ། །སྐྱེ་བ་འདི་ལ་སྩོལ་བར་མཛད། ཅེས་གསུངས་པ་ལྟར་བྱ་སྟེ་བླ་མའི་དམ་ཚིག་ལས་མི་འདའ་བ་ལ་ཁྱད་པར་དུ་ངེས་པ་བསྐྱེད་དོ། །ལྷ་དང་བླ་མ་མཉེས་པར་བྱས་པས་བླ་མ་དགྱེས་བཞིན་དུ་སློབ་མ་ལ་རྗེས་གནང་བྱ་བ་ལ་དགོངས་ནས། ཡོན་དབུལ་བ་གཉིས་སྐབས་འདིར་གསུངས་ཀྱང༌། དེ་དང་དོན་མི་འགལ་བས་ལག་ལེན་ལ་དབང་རྫོགས་པའི་མཇུག་ཏུ་བྱའོ། །བླ་མ་ལ་ཡོན་དབུལ་བའི་ཆོ་ག་སྟེ་བཅུ་བདུན་པའོ། །


JLD005_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། དེ་ནས་བླ་མས། བྷྲཱུཾ་ལས་བྱུང་བའི་འཁོར་ལོ། །ༀ་བཛྲ་ཧེ་ཏུ་མཾ། ཞེས་པས་མདུན་ནམ་སྟན་དུ་སྦྱིན། །དབྱངས་ཐ་མ་ལ་ཨཿལས་བྱུང་བའི་དུང༌། །ༀ་བཛྲ་བྷ་ཥ་རཾ་ཞེས་པས་ལག་པ་གཡས་སུ་གཏད་ལ་འབུད་དུ་གཞུག །དབྱངས་དང་པོ་ཨ་ལས་བྱུང་བའི་གསང་འདུས་ཀྱི་པུ་ཏི་ལག་བ་གཡོན་དུ་གཏད་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་དུང་བླ་མེད་པ། །ཀུན་ནས་ཡོངས་སུ་བཀངས་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། ཞེས་བརྗོད་དོ། །དབྱངས་ཐ་མ་ཨཿ་ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་དུ་གཏད་དེ་དཀྲོལ་དུ་བཅུག་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བ། །ཐམས་ཅད་མཆོད་ནི་མཉམ་ཉིད་གསལ། ཞེས་བརྗོད། ཧོ་ལས་སྐྱེས་པའི་མདའ་གཞུ་ཧོ་ཞེས་བརྗོད་ནས་བྱིན་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་སྭཱ་ཞེས་བརྗོད། །དེས་ཀྱང་ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི། ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་མདའ་འཕང་ཞིང༌། དེའི་ཚེ་སློབ་དཔོན་གྱིས་སྔགས་སྔ་མ་བརྗོད་དེ། དེ་ནས་ཁཾ་ལས་བྱུང་བའི་རལ་གྲི་བྱིན་ལ། རལ་གྲི་ཆེན་པོ་ཁམས་གསུམ་པའི། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་དམ་པ་འདི། །བཟུང་ན་བདུད་ལས་རྒྱལ་བར་


JLD005_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཞེས་བརྗོད་ནས་དོན་བཤད་དོ། །དེ་ལྟར་འཁོར་ལོ་ལ་སོགས་པས་བསམ་པ་སྣ་ཚོགས་པའི་སེམས་ཅན་གྱི་སྤྱོད་པ་རྣམ་པར་དག་པར་བྱེད་པའི་སྤྱོད་པའི་བརྟུལ་ཞུགས་བྱིན་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར། འདི་ནི་ཀུན་བཟང་སྤྱོད་བརྟུལ་ཞུགས། །བསམ་པ་སྣ་ཚོགས་རྣམས་དག་བྱེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །སེམས་ཅན་ཀུན་གྱི་དོན་ནི་བྱོས། །ༀ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ར་ཡ་མི་ཨཱཿཧཱུཾ། ཞེས་བརྗོད་དོ། །དེ་ནས་སློབ་མ་རྣམ་སྣང་དུ་བསྐྱེད་ལ། བླ་མས་ཕྲེང་བ་ལ་སོགས་དབང་རྣམས་ཀྱིས། །དབང་བསྐུར་ང་ཡིས་བྱིན་པ་ཡིས། །སྡིག་པ་ཐམས་ཅད་རྣམ་སྤངས་ཏེ། སངས་རྒྱས་ཀུན་གྱི་མདུན་ན་གནད། །ད་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྔགས་དང་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བསམས། །ཁྱོན་ནི་བདུད་རྣམས་ལས་རྒྱལ་ཏེ། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །སེང་གེའི་སྤྱོད་པ་ལེགས་སྤྱད་པས། །ཁྱོད་ཀྱིས་སེམས་ཅན་དོན་རྣམས་བྱོས། །ཆོས་རྣམས་ཀུན་ལ་སེར་སྣ་དང༌། །སེམས་ཅན་རྣམས་ལ་མི་ཕན་གང༌། །ཉམ་ང་ཤིན་ཏུ་ཆེ་ན་ཡང༌། །བུ་ཁྱོད་ཀྱིས་ནི་དེ་མི་བྱ། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །མཉམ་མེད་ཁྱོད་ཀྱིས་བསྒྲག་པར་བྱ། །དཀྱིལ་འཁོར་ལེགས་པར་བྲི་བྱ་སྟེ། །སློབ་མ་ཡོངས་སུ་བསྡུ་པར་གྱིས། དོགས་པ་མེད་པའི་སེམས་


JLD005_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སུ། །སློབ་མ་རྣམས་ལ་དབང་བསྐུར་ཡང་། །བརྟུལ་ཞུགས་བརྟན་པས་འཇིག་རྟེན་དང༌། །འཇིག་རྟེན་འདས་པའི་དངོས་གྲུབ་བསྒྲུབས། །དེ་ཉིད་རིག་པའི་སེམས་ཀྱིས་ནི། །དངོས་གྲུབ་དེ་རྣམས་ཐམས་ཅད་འབྱུང༌། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་རྣམས་ཀྱང་བསྐྱངས་པ་དང༌། །ཁྱོད་རྟག་བླ་མ་ལ་གུས་པས། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། ཞེས་བརྗོད་ལ། དབང་དང་ཆོས་བཤད་པས་སློབ་མ་བསྡུ་བ་སོགས་ཀྱི་རྗེས་སུ་གནང་བ་སྦྱིན། །སློབ་མས་ཀྱང་བླ་མ་ལ་ཕྱག་བྱས་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། ཞེས་བརྗོད་ལ་ཁས་བླང༌། དེ་ནས་སློབ་མ་མི་བསྐྱོད་པར་བསྐྱེད་པ་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཞེས་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་བརྟུལ་ཞུགས་དང་རྟག་ཏུ་མི་འབྲལ་བར་གྱིས་ཤིག་ཅེས་བརྗོད་ལ། སློབ་མའི་ལག་པ་གཡས་སུ་སྦྱིན། སློབ་མས་ཀྱང་ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥཱ་ཏྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧཱིཿ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་ལ་བཟུང་ངོ་། །དེ་ནས་སློབ་མས་ཡིད་དང་བས་བླ་མ་ལ། ད་ལྟར་སངས་རྒྱས་རིགས་སུ་འཇུག །ཁྱེད་ཀྱིས་བདག་ལ་ལུང་བསྟན་གསོལ། །བླ་མའི་ཞལ་


JLD005_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ལས་ནི་སྐྱེ། །མགོན་པོས་ཡང་དག་བདག་དབུགས་དབྱུང༌། །བྱང་ཆུབ་སྤྱོད་པའི་བརྟུལ་ཞུགས་བརྟན། ཞེས་ལུང་བསྟན་དང་དབུགས་དབྱུང་གི་དོན་དུ་གསོལ་བ་གདབ། སློབ་མ་མེ་ཏོག་ཕོག་པའི་ལྷར་བསྐྱེད་པ་ལ། བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དུ་བྱས་ཏེ་ཕྱག་གཡོན་པས་ཆོས་གོས་ཀྱི་གྲྭ་སྙིང་ཁར་བཟུང༌། གཡས་པ་མཆོག་སྦྱིན་པའི་ཕྱག་རྒྱ་བྱ། །རྒྱལ་བ་ཐམས་ཅད་དང་མགྲིན་གཅིག་ཏུ་ལུང་སྟོན་པར་བསམས་ལ། འདིར་ནི་ཁྱེད་རྣམས་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱཻ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཱཿཨ། །གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དེ། ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ། །ཞེས་བརྗོད་དེ་ལུང་བསྟན་ནོ། །གཡས་པ་མི་འཇིགས་པའི་ཕྱག་རྒྱར་བསྒྱུར་ལ། །མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་དེ། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །


JLD005_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནས་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག །པས་ན། །སྲིད་པའི་སྡུག་བསྔལ་རྣམས་ལས་གྲོལ། །བྱང་ཆུབ་སེམས་ནི་ནམ་མི་སྤང༌། རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་བསྐྱེད་པ་ཉིད་ཙམ་གྱིས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ལ་སྨད་མི་བྱ། །ནམ་ཡང་དོར་བར་མི་བྱ་སྟེ །མི་ཤེས་པའམ་གཏི་མུག་གིས། །རྣམ་པར་བསྟན་པར་བྱ་མ་ཡིན། །རྡོ་རྗེ་དང་ནི་དྲིལ་བུ་དང༌། །ཕྱག་རྒྱའང་ནམ་ཡང་སྨད་མི་བྱ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་བཏང་སྟེ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བཟུང་ན། །འདི་ནི་མ་འོངས་རྫོགས་སངས་རྒྱས། །དེ་རིང་བདུད་རྣམས་ཕམ་བྱས་ནས། གྲོང་ཁྱེར་དམ་པར་རབ་ཏུ་ཞུགས། །དེང་དུས་ཁྱེད་ཀྱིས་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་བརྗོད་དེ་དབུགས་དབྱུང་ངོ་། །རྗེས་སུ་གནང་བའི་ཆོ་ག་སྟེ་བཅོ་བརྒྱད་པའོ།། །།ཡོན་དབུལ་གསོལ་གདབ་ཕྱག་མཚན་བཞི། །ཁྲིར་བཞག་ནང་དགོད་དམ་ཚིག་སྦྱིན། །དབང་དངོས་ཆུ་དབང་དགོད་ཅིང་མཆོད། །དམ་བསྒྲག་སྔགས་དབང་ཡོན་དབུལ་གཉིས། །འཁོར་ལོ་དུང་གླེགས་དྲིལ་བུ་མདའ། །རལ་གྲི་བརྟན་བྱེད་ཕྲེང་སོགས་བླང༌། །བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་ནི། །སློབ་དཔོན་དབང་གི་སྡོམ་ཡིན་ནོ། །དེ་ལྟར་ཕྱི་ནང་གི་


JLD005_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གཉིས་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ས་བཅུ་པ་ལ་ཕྱི་མི་ལྡོག་པའི་སེམས་དཔའ་ཆེན་པོ་རྣམས་ལ་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བ་བཞིན་དུ། །རྒྱལ་བ་བླ་མ་དང་བཅས་པས་སེམས་ཅན་དཔག་ཏུ་མེད་པ་ལ་གཞལ་དུ་མེད་པའི་ཆོས་སྟོན་པ་ལ་སོགས་པས་སློབ་དཔོན་དུ་བྱ་བའི་ཆེད་དུ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་པས་ན་སློབ་དཔོན་གྱི་དབང་དང་ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་ཞིང༌། ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་ཅན་བསྐྲུན་པར་བྱེད་པའི་ཕྱིར་ན་ཕྱིར་མི་ལྡོག་པའི་དབང་ཞེས་པ་དང༌། དབང་དྲུག་ཀ་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་བུམ་པའི་དབང་ཞེས་བྱ་བ་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་གསུམ་སྔར་བསགས་སྦྱོང་ཞིང་ཕྱི་མ་སྡོམ་པ་དང༌། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་འཁྲུད་པས་ན་སྐུ་རྡོ་རྗེ་སྦྱོང་་ ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་བའི་སྐུའི་ནུས་པ་ཁྱད་པར་ཅན་འཇོག་གོ །ཞེས་དབང་དོན་བཤད་དོ། །བསྐྱེད་རིམ་གྱི་ལྷའི་སྐུ་བསྒོམ་པར་བྱ་བ་ལ་ནང་ཚན་གྱི་དབྱེ་བ་དུ་མ་ཞིག་ཡོད་ཀྱང་གཙོ་བོ་རིགས་དྲུག་ཏུ་བསྡུས་ནས་དབང་དྲུག་བསྐུར་ཏེ། རིགས་དྲུག་དང་འབྲེལ་བའི་བསྐྱེད་རིམ་ཐམས་ཅད་སྒོམ་པ་ལ་དབང་པར་བྱེད་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ལ་གསུམ། ཡོན་ཕུལ་ཏེ་བསྟོད་ཅིང་གསོལ་བ་གདབ་པ། །དམ་ཆིག་བསྟན་ནས་དབང་དངོས་བསྐུར་བ། དབང་གི་དག་པ་སྦྱིན་པའོ། །དང་པོ་ནི། གསང་དབང་


JLD005_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་དབང་གིས་ཆོ་གའི་ཐོག་མ་ནས་དབང་མ་རྫོགས་ཀྱི་བར་དུ་ལྷ་དང་བླ་མ་ལ་འདོད་ཡོན་དང་ཉེར་སྤྱོད་ལྔས་ཉིན་རེ་ཞིང་མཆོད། །ཁྱད་པར་དུ་བླ་མ་ལ་ཚོགས་ཀྱི་མཆོད་པ་བྱས་ཏེ། གཟུགས་དང་ལང་ཚོ་ལ་སོགས་པ་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་པདྨ་ཅན་གྱི་རིགས། དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ། སྔགས་ཀྱི་ཐེག་པ་ལ་ལྷག་པར་མོས་པ། གོས་དང་རྒྱན་དང་དྲི་དང་བྱུག་པ་ལ་སོགས་པ་ཕུལ་དུ་བྱུང་བས་བརྒྱན་པ་དབུལ། ཁྱད་པར་ཅན་གྱི་རྫས་ནོར་བུ་རིན་པོ་ཆེ་སྣ་བདུན་ནམ་ཡང་ན་རྒྱལ་སྲིད་སྣ་བདུན་དངོས་སམ། བློས་སྤྲུལ་བས་བཀང་པའི་ཞིང་འདི་ཉིན་རེ་བཞིན་དུ་དབུལ། ཕྱག་བྱས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་མགོ་དུད་པའི་ཐལ་མོ་སྦྱར་ནས་བླ་མ་ལ། ཀུན་མཁྱེན་ས་ཀུན་དབང་ཕྱུག་ལ། །ཀུན་གྱི་དབང་ཕྱུག་འགྲོ་བའི་བདག །ཐུགས་ཀྱི་བདག་པོ་དཔའ་བོ་ཆེ། །དཔའ་བོའི་གཙོ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་བདག་བདག་ཉིད་གནས། །རྡོ་རྗེ་ཡེ་ཤེས་གསུམ་འབྱུང་བ། །རྡོ་རྗེ་ཧཱུཾ་མཛད་ཧཱུཾ་སྒྲོགས་པ། །ཉོན་མོངས་མཐར་མཛད་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་མཆོག་ཕྱག་འཚལ་འདུད། རྡོ་རྗེ་གསུམ་དབྱེར་མེད་པའི་སྐུ། །ཆོས་བདག་མེད་པ་ལས་བྱུང་བ། །ཡེ་ཤེས་བདུད་རྩི་ཕྱག་འཚལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། དཔལ་ཆེན་ཡེ་ཤེས་ཆེན་པོ་པ། །


JLD005_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་ཆེན་པོ་ཕྱག་འཚལ་བསྟོད། །ཕྱག་རྒྱ་དཔའ་བོ་ཆེན་པོ་སྟེ། །སྟོབས་ཆེན་མཆོད་པ་ཆེན་པོ་པ། །བདུད་མཐར་བྱེད་པ་དཔའ་ཆེན་པོ། །དཔའ་བོ་དབང་ཕྱུག་ཕྱག་འཚལ་བསྟོད། །སྐྱེ་དང་གནས་དང་སྡུད་པ་ཡི། །བྱེད་པ་པོར་གྱུར་འགྲོ་བའི་གཙོ། །དངོས་དང་དངོས་མེད་རང་བཞིན་ཉིད། །ངོ་མཚར་མཆོག་གྱུར་ཕྱག་འཚལ་བསྟོད། །ཡེ་ཤེས་རྣམ་ཤེས་ཤེས་བྱ་ཡི། །ལམ་དུ་འཇུག་འགྱུར་ཕྱག་འཚལ་བསྟོད། །འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད། །པདྨ་ལས་བྱུང་ཕྱག་འཚལ་འདུད། ཅེས་པས་བསྟོད། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །ཡེ་ཤེས་བླ་མེད་བྱ་བ་ཤེས། ད་ལྟར་དབང་བསྐུར་རིན་ཆེན་གྱིས། །མགོན་པོས་བདག་ནི་དབང་བསྐུར་མཛོད། །དཔལ་ལྡན་བདེ་ཆེན་མགོན་པོ་ཡིས། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། །མགོན་པོས་དེ་བཞིན་བཀའ་དྲིན་སྩོལ། །སྡུག་བསྔལ་ཀུན་གྱི་གནས་གྱུར་པ། །དམྱལ་བ་ནས་ནི་གཙོ་བོས་དྲོངས། སྡུག་བསྔལ་ཐམས་ཅད་མཐར་མཛད་པ། །མགོན་མེད་བདག་ལ་ཐུགས་རྗེ་མཛོད། །ཁྱོད་ཞབས་པདྨ་སྤངས་ནས་སུ། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་ཕྱིར་སངས་རྒྱས་མཆོག་གནས་མཛོད། ཅེས་གསོལ་བ་གདབ་བོ། །གཉིས་པ་ནི། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་སྙི་རྗེ་བསྐྱེད། །བཞིན་རབ་ཏུ་དང་བས་འདི་སྐད་ཅེས། བུ་ཡིས་སྲོག་ཆགས་གསད་བར་བྱ། །


JLD005_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །གཞན་གྱི་ཆུང་མ་བསྟེན་པར་བྱ། །འདི་ནི་ཆོ་ག་མདོར་བསྡུས་པའོ། །ཕྱག་རྒྱ་ཆེན་པོ་དེ་བསྟེན་པས། །འདི་ནི་རྟག་ཏུ་བསྟེན་པ་ཡིན། །དམ་ཚིག་བཞིན་པོ་འདི་ཉིད་ནི། །བཟང་པོ་ཁྱོད་ཀྱིས་རྟག་ཏུ་སྟེན། ཞེས་དམ་ཚིག་ཐོབ་པར་བྱས་ལ། སློབ་མས་མཐོང་ན་མ་དད་ཀྱིས་དོགས་པས་གདོང་གཡོགས་བཅིང་ལ་རྣམ་སྣང་དུ་བསྐྱེད། །རང་ཉིད་གཙོ་བོ་སེམས་དཔའ་གསུམ་རྩེག་ཏུ་བྱ་ཞིང༌། སློབ་མས་དངོས་སམ་བློས་སྤྲུལ་ཏེ་ཕུལ་བའི་རིག་མ་རེག་རྡོ་རྗེ་མར་བསྐྱེད་ལ་གནས་སྔར་ས་བོན་ལྔ་ལས་རིགས་ལྔ་བསྐྱེད་དེ་བྱིན་གྱིས་བརླབ། རྡོ་རྗེ་དང་པདྨ་འདུ་བྱ་བ་དང༌། རིན་འབྱུང་གི་ང་རྒྱལ་གྱིས་རྗེས་ཆགས་དང༌། ལས་ལ་གནས་པ་སྒྲུབ་ཐབས་བཞིན་བྱ། སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ལྷ་སུམ་ཅུ་སོ་གཉིས་སྤྱན་དྲངས་ཏེ། རང་གི་སྐུ་ཡི་དཀྱིལ་འཁོར་ལ་གནས་པ་རྣམས་རང་གི་སྙིང་ཁར་བསྡུས་པ་ཆགས་པ་ཆེན་པོས་ཞུ་སྟེ། སྟོང་བ་གསུམ་རིམ་གྱིས་ཐིམ་པའི་ཐམས་ཅད་སྟོང་པ་འོད་གསལ་ལྷན་ཅིག་སྐྱེད་པའི་དགའ་བ་ཉམས་སུ་མྱོང་ནས། ཉོན་མོངས་པ་རྣམ་པར་དག་པའི་གནས་མངོན་དུ་བྱས་ལ། །ལྷ་རྣམས་ཞུ་བའི་ཐིག་ལེ་རྡོ་རྗེའི་ལམ་ནས་གཡོན་པའི་མཐེབ་སྲིན་གྱིས་ཕྱུང་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཆེན་པོ་རྨད་བྱུང་བ། །ཁམས་ལྔ་ལས་བྱུང་བཅུད་ཀྱིས་ལེན། །


JLD005_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོ་མྱོང་བར་གྱིས། ཞེས་པའི་དོན་གོ་བར་བྱས་ལ། འདས་པའི་རྡོ་རྗེ་འཆང་སོགས་ཀྱི། ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ། ཞེས་བརྗོད་དེ་སློབ་མའི་མིག་དང་ལག་པའི་ཡུལ་མིན་པར་ལྕེ་ཐོག་ཏུ་བཞག་གོ །དེས་ཀྱང་སངས་རྒྱས་ཐམས་ཅད་ཞུ་བ་འདུས་པའི་ངོ་བོར་མོས་ཤིང༌། རང་གི་ལུས་ལ་གནས་པའི་རྒྱལ་བ་ཐམས་ཅད་ཚིམ་པར་བྱ་བ་དང༌། བྱང་ཆུབ་ལས་མི་གཡོ་བའི་བསམ་པ་ཨ་ཧེ་མཧཱ་སུ་ཁ། ཞེས་བརྗོད་ཅིང་བཏུང་བར་བྱའོ། །དེ་ནས་རིག་མ་ཡང་ལངས་ལ་གོས་མེད་པར་བྱས་ནས། རང་གི་པདྨ་ལ་གནས་པའི་ཐིག་ལེ་སྔར་བཤད་པ་ལྟར་སྦྱིན་ཞིང༌། སྔར་བཞིན་གྱིས་བསམ་པས་བཟའ་བར་བྱའོ། །དེ་ལྟར་མྱངས་པ་ལས་གཞོན་ནུ་མའི་བདེ་བ་འདྲ་བའི་བདེ་བ་སྐྱེ་བར་གསུངས་པས། བྱང་ཆུབ་ཀྱི་སེམས་ཚིག་གིས་སྟེར་བ་ལ་ཡང་དེ་འདྲ་བའི་བདེ་བ་བྱུང་བར་བསྒོམས་ལ། དེ་ཉིད་གསང་དབང་དངོས་གཞིར་ངོ་འཕྲོད་པར་བྱའོ། །བླ་མས་ཡབ་ཡུམ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་དཀར་དམར་བཏོན་ཏེ། དུང་ཆོས་སམ་བུམ་པའམ་ཐོད་པར་བླུག །བདུད་རྩི་ལྷག་མ་རྣམས་བསྲེས་ལ་དྲི་ཞིམ་པོའི་ཆུ་དང་སྦྱར་བ་ཡི་གེ་གསུམ་གྱིས་བསྔགས་ནས་སྦྱང་སྦར་སོགས་སྒྲུབ་ཐབས་བཞིན་བྱ། སྔར་བཤད་པའི་བཀྲ་ཤིས་ཀྱི་ཚིགས་བཅད་དང༌། འདི་དེ་ཞེས་པའི་ཚིགས་བཅད་གཉིས་བརྗོད་པ་སྔོན་དུ་


JLD005_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། བདུད་རྩེ་ལྔ་སྤྱི་བོར་གཏེར་ཞིང་འཐུང་དུ་གཞུག་ལ་དབང་བསྐུར་རོ། །འདི་གསང་དབང་ཙམ་དང་སྔ་མ་མཆོག་གི་གསང་དབང་དུ་ནཱ་རོ་ཏ་པ་བཞེད་དོ། །ཕྱི་མ་སྒྲོན་གསལ་ལས་བཤད་དེ་ཟླ་གསང་ཐིག་ལེ་དང་གསང་བ་གྲུབ་པ་དང་རིམ་ལྔ་དང་སྤྱོད་བསྡུས་ཀྱི་དགོངས་པའོ། །གསང་དབང་སྔ་མ་སྐལ་བཟང་དང་ཕྱི་མ་སྐལ་དམན་གྱི་དབང་དུ་བྱས་པ་མིན་ཏེ། གསང་དབང་སྔ་མ་བསྐུར་བ་དེ་ཉིད་ལ་ཕྱི་མ་འདི་བྱེད་པར་གསང་བ་གྲུབ་པ་དང་སྒྲོན་གསལ་ལས་གསུངས་པའི་ཕྱིར་རོ། །དབང་གཞན་རྣམས་བསྐུར་བ་ན་རང་རང་གི་སྐབས་ཀྱི་ལམ་བསྒོམ་པར་བྱ་བ་མཚོན་པ་ལྟར། གསང་དབང་བསྐུར་བས་མཚོན་ཚུལ་ནི། འདི་ཐོག་མར་རང་གི་རྩ་དང་རླུང་དང་ཐིག་ལེ་དང་ཡི་གེ་སོགས་ལ་དམིགས་ནས། ལུས་ལ་གནད་དུ་བསྣུན་པར་བྱེད་པའི་ལམ་རྣམས་སྒོམ་པ་ལ་དབང་བར་བྱེད་ལ། དེ་ཡང་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ལྕེས་མྱངས་པ་རྩའི་སྦུབས་རྣམས་སུ་ཕྱིན་པ་ན། བྱིན་རླབས་ཅན་གྱི་རྫས་དེ་རང་གི་སེམས་བྱང་སེམས་རླུང་དང་བཅས་པ་དང་འདྲེས་ནས་དེས་བྱིན་གྱིས་བརླབས་པས། ད་གཟོད་རྩ་རླུང་སོགས་ལ་གནད་དུ་བསྣུན་པའི་ལམ་སྒོམ་པ་ན་དེ་དག་ལས་རུང་དུ་འགྱུར་བའི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པ་ཡིན་ཞིང༌། ཁྱད་པར་དུ་དབང་འདིས་སྒྱུ་ལུས་མཚོན་ཚུལ་ནི། ཞལ་ལུང་ལས་གསང་དབང་བསྐུར་བའི་སྐབས་སུ། དེ་ཡིས་ཞིང་ནི་དག་བྱས་


JLD005_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཆོས་ཀུན་སྒྱུ་མ་ལ་སོགས་པའི། །བཅུ་གཉིས་དོན་དུ་རྟོགས་པར་འགྱུར། ཞེས་གསང་དབང་གིས་ཆོས་ཀུན་སྒྱུ་མ་ལ་སོགས་པ་དང་འདྲ་བར་རྟོགས་པར་གསུངས་ཤིང༌། དགྲ་ནག་ལས། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེའི་ལུས་ནི་རབ་ཏུ་བསྒྲུབ། ཅེས་གསང་རྫས་སྟེར་བའི་སྐབས་སུ། །གསང་རྫས་བྱང་ཆུབ་ཀྱི་སེམས་ཀྱིས་རྡོ་རྗེའི་སྐུ་སྒྲུབ་པར་བརྗོད་ནས་སྟེར་བར་གསུངས་ལ། རིམ་ལྔར་རྡོ་རྗེའི་སྐུ་དང་སྒྱུ་མའི་སྐུ་རྣམ་གྲངས་སུ་གསུངས་པས། གསང་རྫས་མྱངས་པས་རྡོ་རྗེའི་སྐུའམ་སྒྱུ་མའི་སྐུ་མཚོན་ཚུལ་བསྟན་དགོས་སོ། །དེའི་ཚུལ་ནི། གཟུང་མི་ནུས་པར་ཕྱིར་འཚོར་བའི་བྱང་སེམས་ནི་ཆང་གི་ཁུ་བ་ཟགས་པའི་སྦང་མ་དང་འདྲ་ཞིང༌། ཕྱིར་མ་ཤོར་བར་འཛིན་ནུས་པའི་བྱང་སེམས་ནི་ཆང་གི་ཁུ་བ་མ་ཟགས་པའི་སྦང་མ་ལྟར་ནུས་པ་ཆེ་ལ། དབང་འདི་བསྐུར་བའི་སློབ་དཔོན་མཚན་ཉིད་དང་ལྡན་པས་ཀྱང༌། འགོག་པའི་ཐབས་ཀྱིས་བཀག་པས་བྱང་སེམས་ཕྱིར་མ་ཤོར་བར་བསྐུལ་ནས་ལྷན་སྐྱེད་ཀྱི་དགའ་བ་བསྟན་པར་བྱེད་ནུས་པར་གསུངས་པས་ཤིན་ཏུ་ནུས་པ་ཆེ་བ་དང༌། བླ་མ་ཡབ་ཡུམ་ལ་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་པའི་རྫས་ཁྱད་པར་བ་ཡིན་པ་དང༌། སངས་རྒྱས་བྱང་སེམས་དཔག་མེད་དམིགས་པ་བརྟན་པོས་བཀུག་ནས་བཞུས་པ་དང་དབྱེར་མེད་པར་བྱས་པ་ཡིན་པས། ཕྱག་ཆེན་ཐིག་ལེ་ལས་རྫས་འདི་མྱངས་པས་གཞོན་ནུ་མའི་བདེ་བ་འདྲ་བ་སྐྱེ་བར་གསུངས་སོ། །དེས་ན་དེ་འདྲ་བའི་བདེ་བ་སྐྱེད་པའི་ཚེ། ཡིད་ཀྱི་བདེ་བ་དེས་བདག་


JLD005_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དོན་ངེས་པའི་བདེ་སྟོང་དབྱེར་མེད་དུ་ངོ་སྤྲད་པ་ན། སྤྱིར་ཆོས་ཀུན་སྒྱུ་མ་ལྟ་བུར་འཆར་ཞིང༌། ཁྱད་པར་དུ་རང་ལྷར་བསྒོམས་པའི་ལྷ་སྐུ་སྒྱུ་མ་དང་འཇའ་ཚོན་ལྟ་བུ་ངེས་སུ་གཞུག་ལ། །ཁྱེད་ཀྱིས་ལུས་ལ་གནད་དུ་བསྣུན་པའི་གདམས་ངག་གིས་རླུང་ཤིན་ཏུ་དུལ་བར་སྦྱངས་པ་ན། དེའི་མཐུས་དགའ་བ་གསུམ་མམ་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་པའི་མཐར། །ལུགས་ལྡོག་ཏུ་ཞུགས་པའི་ཡེ་ཤེས་གསུམ་རླུང་དང་བཅས་པ་ལས། ད་ལྟ་ལྷའི་སྐུ་འཇའ་ཚོན་དང་སྒྱུ་མ་བཞིན་དུ་སྣང་བ་འདི་དང་འདྲ་བའི་སྒྱུ་མའི་སྐུ་འགྲུབ་པར་འགྱུར་རོ་ཞེས་བརྗོད་དོ། །གསུམ་པ་ནི། དེ་ནས་གདོང་གཡོགས་བསམ་ཞིང་ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །རྫས་གསང་བ་ལས་བྱུང་བའི་དབང་ལ་གསང་བའི་དབང་བསྐུར་བ་ཞེས་བཤད་པ་དེ་ཐོབ། ཐུན་མོང་བའི་ངག་གི་དྲི་མ་རྫུན་དུ་སྨྲ་པ་སོགས་སྔར་བསགས་འདག་ཅིང་ཕྱི་མ་སྡོམ་པ་དང༌། ཐུན་མོང་མ་ཡིན་པ་རླུང་ལ་དག་ཏུ་གསུངས་པའི་དྲི་མ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་གསུང་རྡོ་རྗེ་སྦྱོང༌། ཀུན་རྫོབ་སྒྱུ་མའི་རྫོགས་རིན་དང་དེ་གང་ལས་སྒྲུབ་པའི་གཞི་སྟོང་པ་གསུམ་གྱི་ཡེ་ཤེས་སེམས་དབེན་དང༌། དེ་འདྲེན་བྱེད་ལུས་དབེན་དང༌། རྡོ་རྗེ་བཟླས་པ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །སྔར་བཤད་པའི་


JLD005_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བཞི་དང་ལྷ་རྣམས་ལ་ཤ་ལྔ་སྦྱིན་སྲེག་དང་གཏོར་མ་རེ་དབུལ་ཞིང༌། རང་གིས་ཀྱང་ཤ་དང་བདུད་རྩི་ལྔ་སྦྱང་བ་སོགས་བྱས་ནས་བཟའ་བ་དང༌། ཚོགས་ཀྱི་འཁོར་ལོ་ཉིན་རེའམ་ཟླ་བ་རེའམ་ལོ་རེ་རེ་ལ་བྱ་ཞིང༌། གླུ་གར་ལ་སོགས་པས་སྡུག་པ་ཐམས་ཅད་འདུ་བར་བྱས་ཏེ། དབང་པོ་གཉིས་མཉམ་པར་སྦྱར་བའི་གསང་མཆོད་བྱ་བའི་དམ་ཚིག་རྣམས་བསྲུང་བར་བྱའོ་ཞེས་བཤད་དོ། །གསང་དབང་ཐོབ་པས་གསུང་རྡོ་རྗེ་ངག་དབེན་དང་ཐུགས་རྡོ་རྗེ་སེམས་དབེན་གཉིས་སྦྱོང་ལ། བདག་བྱིན་བརླབས་ནི་དབང་གསུམ་པ་ཐོབ་པས་མཚོན་པར་བྱེད་ཅེས་སྒྲ་གཅན་འཛིན་དཔལ་བཤེས་གཉེན་འཆད་མོད་ཀྱང༌། ནཱ་རོ་ཏ་པས་གསང་དབང་ཐོབ་པ་ལ་སྒྱུ་ལུས་བཤད་པ་དང༌། དབང་གསུམ་པ་ཐོབ་པ་ལ་འོད་གསལ་བཤད་པར་གསུངས་པ་ཉིད་རིམ་ལྔ་དང་འཇམ་དཔལ་ཞལ་ལུང་གི་དགོངས་པ་ཡིན་ནོ། །རིམ་ལྔར་བསྐྱེད་རིམ་གྱི་རྗེས་སུ་འབྲངས་ནས་དབང་བསྐུར་བ་ཐོབ་ཅིང༌། དབེན་པ་གསུམ་གྱི་ཐོས་པ་འཛིན་པས་ཕྲེང་བ་ལ་སོགས་པའི་དབང་དགུ་དང་བཅས་པའི་གསང་དབང་ཐོབ་ནས། སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་གསོལ་བ་གདབ་པར་གསུངས་པ་ལ་བརྟེན་ནས། བུམ་དབང་རྫོགས་པར་ཐོབ་པ་ན་ངག་དབེན་དང་སེམས་དབེན་སྒོམ་པ་ལ་དབང་ངོ་ཞེས་སྨྲ་བ་ནི་དོན་མིན་ནོ། །འོ་ན་ཇི་ལྟར་ཡིན་སྙམ་ན། དེ་ནི་སྒྱུ་ལུས་ཀྱི་གདམས་ངག་ཉན་པ་ལ་དབེན་གསུམ་གྱི་གདམས་ངག་ཐོབ་པ་དང༌། དབང་དགུ་གསང་དབང་དང་བཅས་པ་ཐོབ་པ་


JLD005_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དགོས་ཞེས་པའི་དོན་ཡིན་གྱིས། དབེན་གསུམ་གྱི་གདམས་ངག་སྔོན་དུ་ཐོབ་ནས་ཕྱིས་གསང་དབང་ཞུ་བའི་དོན་མིན་ཏེ། དེ་ལྟ་མ་ཡིན་ན་བུམ་དབང་དགུ་ཡང་དབེན་གསུམ་གྱི་གདམས་ངག་སྔོན་དུ་ཐོབ་པ་ལ་བསྐུར་དགོས་པར་འགྱུར་རོ། །དེས་ན་རྫོགས་རིམ་ལ་བདེན་པ་གཉིས་སོ་སོའི་དབང་དུ་བྱས་པ་ཀུན་རྫོབ་སྒྱུ་མ་དང༌། དོན་དམ་འོད་གསལ་གྱི་རྫོགས་རིམ་གཉིས་དང༌། བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་གསུམ་ཡོད་ལ། དེ་རྣམས་ཀྱི་སྣོད་དུ་སྒྲུབ་པ་ལ་དབང་གོང་མ་གསུམ་དགོས་པ་ཡིན་ཏེ། ལུས་ངག་གི་དབེན་པ་དང་སེམས་དབེན་ནི་ཀུན་རྫོབ་སྒྱུ་མའི་ཆ་ལག་ཡིན་པས་དེའི་ཁོངས་སུ་བསྡུས་པའོ། །ཡོན་དབུལ་བསྟོད་གསོལ་དམ་ཚིག་སྦྱིན། །གཉིས་བསྐྱེད་འདུ་བྱ་སྤྱན་དྲང་མྱང༌། །རྫས་སྦྱིན་བཏུང་སྤྲད་ཤིས་བརྗོད་བསྐུར། །དག་པ་སྦྱིན་པ་གསང་དབང་སྡོམ། ། །།གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་བཞི། ཡོན་དབུལ་ཞིང་གསོལ་བ་གདབ་པ། དབང་དངོས་བསྐུར་བའི་ཆོ་ག །དབང་གི་ཡེ་ཤེས་ངོ་སྤྲས་པ། དབང་གི་དག་པ་སྦྱིན་པའོ། །དང་པོ་ནི། འབྱོར་བ་ཅི་ཡོད་པས་ཚོགས་འཁོར་བྱས་ལ་ནམ་ཕྱེད་ན། ཤེས་རབ་དང་དད་པ་ཆེ་བ་རྣལ་འབྱོར་ལ་གོམས་པ་སྒྲུབ་པ་པོ་ལ་མོས་པ། དམ་ཚིག་དང་སྡོམ་པ་འཛིན་པའི་རིག་མ་ལོག་བཅུ་གཉིས་སམ་བཅུ་དྲུག་གམ་ཉི་ཤུ་མ། ལུས་དྲི་ཞིམ་པོས་བྱུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བླ་མ་ལ་ཕུལ་ཏེ། གསང་བ་དང་དེ་ལས་


JLD005_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་མཆོད་པས་མཆོད་ལ། བླ་མའི་མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ལ། འཁོར་བ་ལས་སྐྱོབ་པའི་ཡིད་ཀྱིས་སློབ་དཔོན་ལ་སངས་རྒྱས་མངོན་སུམ་པ་བཞིན་དུ་བལྟས་ནས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུང༌། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཕྱག་འཚལ་འདུད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཐམས་ཅད་སྟོང་པ་བླ་ན་མེད། །མངོན་པར་བྱང་ཆུབ་མཐོང་བ་ནི། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ལས་དང་སྐྱེ་ལས་རྣལ་གྲོལ་བའི། །ཚེ་འདིར་བྱང་ཆུབ་ཉིད་ཐོབ་པ། །རང་མྱོང་མཚན་ཉིད་གཅིག་པ་ཉིད། །སེམས་དཔའ་ཆེན་པོ་སྩལ་དུ་གསོལ། །ཁྱོད་ཞགས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་དུ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་པོས། །དེ་བས་སངས་རྒྱས་མཆོད་བརྙེས་མཛོད། །ཅེས་པའམ་བསྡུསན། དངོས་གྲུབ་ཐམས་ཅད་བསྡུས་ནས་ནི། །བདག་ལ་ཁྱོད་ཀྱིས་དབང་བསྐུར་གསོལ། ཞེས་མངོན་པར་བྱང་ཆུབ་པའི་གདམས་ངག་གི་སྣོད་དུ་བསྒྲུབ་པའི་དབང་གི་དོན་དུ་གསོལ་བ་གདབ་བོ། །གཉིས་པ་ནི། དེ་ནས་ཕན་ཚུལ་ངོ་ཚས་བཅིངས་ན་བདེ་བ་ཆེན་པོ་ངོས་མི་ཟིན་པ་སྤང་བའི་ཕྱིར་གཉིས་ཀ་ལ་གདོང་གཡོགས་བཅིང༌། བླ་མས་རིག་མ་བསངས་སྦྱངས་ཏེ་སྤྱན་མའམ་རེག་རྡོ་རྗེ་མར་བསྐྱེད། །དེའི་ལུས་ལ་ས་བོན་ལྔ་ལས་རིགས་ལྔ་བཀོད་དེ་བྱིན་གྱིས་བརླབས་པའི་ལག་


JLD005_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པ་སློབ་མའི་ལག་པར་གཏད་ལ་རང་གི་ལག་པ་གཡོན་པས་བཟུང༌། ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་སློབ་མའི་སྤྱི་བོར་བཞག་སྟེ། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་རྒྱལ་བ་རྣམས་དཔང་དུ་བཙུགས་ཏེ། ལྷ་མོ་ཕྱག་རྒྱ་ཆེན་པོ་འདི། །དཔག་མེད་བདེ་བ་རབ་སྟེར་བ། །བུ་ཡིས་ཀུན་ནས་བླངས་ནས་ནི། །བླ་ན་མེད་པའི་མཆོད་པ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་བས་རིག་པ་འདི་མཆོག་ཡིན། །ཆོས་ཀུན་གཉིས་སུ་མེད་པ་ལ། དངོས་པོ་གཉིས་སུ་བཏགས་པ་ཡིན། །དེ་བས་འཁོར་བ་རྣམ་བྲལ་བར། །རྟག་ཏུ་ཁྱོད་ཀྱིས་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་མེད་པའོ། །རྨོངས་པ་གང་ཞིག་འདས་གྱུར་ན། །དངོས་གྲུབ་མཆོག་ཀྱང་འགྲུབ་མི་འགྱུར། །ཞེས་བརྗོད་དེ་རིག་མའི་བརྟུལ་ཞུགས་སྦྱིན། སློབ་མ་རྡོ་རྗེ་འཛིན་པ་གཉིས་པ་དག་རིག་མ་ལ། གདུགས་དང་རྒྱལ་མཚན་དང་རྔ་ཡབ་དང་ཕྲེང་བ་དང་ཙན་དན་ལ་སོགས་པས་མཆོད་ཅིང་། རོལ་མོའི་སྒྲ་སྐད་སྣ་ཚོགས་པ་དང་བཀྲ་ཤིས་ཀྱི་དབྱངས་ཀྱིས་ཤིས་པ་བརྗོད། དེ་ནས་རིག་མ་དེས། དཔའ་བོ་བུ་ནི་བླ་ན་མེད། །དཔའ་བོ་ཁྱོད་ནི་སྤྲོའམ་ཅི། །བཤང་དང་གཅི་བ་བཟའ་བ་དང༌། །ཤ་དང་ཁུ་ཁྲག་དེ་བཞིན་ཏེ། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །བུད་མེད་རྟག་ཏུ་གུས་པ་དང༌། །བདག་གི་པདྨར་འོ་བྱེད་པ། །བུ་ཁྱོད་ཅི་བཞེད་


JLD005_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་སྨྲོས། ཞེས་འདྲི་བ་ལ་སློབ་མས། ཁུ་ཁྲག་ལ་སོགས་བཟའ་བ་དང༌། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། ཞེས་བརྗོད་པ་དང༌། རིག་མ་དེ་དགྱེས་ནས་སྐྲ་བཀྲོལ། གོས་དང་བྲལ་བར་བྱས་ནས་རང་གི་ཆུ་སྐྱེས་ཕྱེ་ནས་གསལ་བར་སྟོན་ཅིང༌། ཨེ་མ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་དུ་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །བྷ་ཛ་མོཀྵ་ཧོཿཞེས་བརྗོད་པ་དང་སློབ་མ་རྣམ་སྣང་ངམ་མི་བསྐྱོད་པར་བསྐྱེད། ཡེ་ཤེས་པ་གཞུག་དབང་བསྐུར། རིག་མ་སྤྱན་མའམ་རེག་རྡོ་རྗེ་མར་གསལ་གདབ་པ་སོགས་བྱས་ལ། རྡོ་རྗེ་དང་པདྨ་འདུ་བྱས་ཏེ། འཛུབ་མོའི་རྩེ་དང་ལྕེ་རྩེ་ལ་ཧྲི་ཡིག་བཀོད་ཅིང་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས། རིམ་པ་བཞིན་དུ་བྷ་གའི་དབུས་ཀྱི་བདེ་བ་རྒྱུ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བཙལ་ལ། རྙེད་པའི་རྟགས་བྱུང་བ་དང༌། རིན་འབྱུང་གི་ང་རྒྱལ་གྱིས་ཕན་ཚུན་འཁྱུད་པ་དང་ཙུམ་པ་ན་ལ་སོགས་པ་ཀ་ར་ནའི་སྦྱོར་བས་རྗེས་སུ་ཆགས་པར་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་བདག་ཉིད་དེ་


JLD005_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ངོའོ་སྙམ་དུ་ང་རྒྱལ་བྱ། དེ་ནས་མི་བསྐྱོད་བའི་ང་རྒྱལ་དུ་འཕོས་ལ། ཧཱུཾ་གླུར་བླང་བ་སོགས་སྒྲུབ་ཐབས་བཞིན་བྱས་ཏེ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྒྱལ་བ་ཡབ་ཡུམ་ལུས་ལ་གཞུག །བླ་མས་ཀྱང་དེ་ལྟར་སྤྱན་དྲངས་ཏེ་བཅུག་པ་དང་རོ་གཅིག་ཏུ་གྱུར་པ། སྔོན་དུ་བླ་མའི་མན་ངག་གིས་དགའ་བ་དང་སྟོང་པ་བཞི་སྐྱེ་བའི་གནས་དང་དུས་དང་ངོ་བོའི་དབྱེ་བ་ཤེས་པས་དགའ་བ་བརྩམས་པར་བྱའོ། །གསུམ་པ་ནི། དེ་ཡང་ཞལ་ལུང་ལས། སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་མདོར་ཡེ་ཤེས་མེ་སྤར་བས། །ཁམས་བཞུས་ནས་ནི་བཅུ་དྲུག་ཆར། །གྱུར་བ་མེ་ཏོག་ཀུན་ད་འདྲ། །རླུང་གི་སྦྱོར་བས་འཕུལ་བར་བྱ། །རང་བཞིན་གྱིས་ནི་རབ་ཞི་བ། །ཆོས་སྐུ་ཞི་བ་དེ་ཁོ་ན། བདེ་བ་དེ་ཉིད་ནོར་བུར་འདུག །སྐད་ཅིག་དྲན་མེད་གཡོ་བར་བྱེད། །སྒྲུབ་པ་ཆེན་པོ་དེ་ཉིད་དོ། ཞེས་གསུངས་པ་ལྟར་སྙོམས་པར་ཞུགས་པའི་རྐྱེན་གྱིས་གསང་གནས་ཀྱི་རླུང་གཡོས་པས། ལྟེ་འོག་གི་སུམ་མདོའི་ཚངས་པའི་མེ་སྦར་བ་ལྟ་བའི་གཏུམ་མོ་དང་གཅིག་ཏུ་གྱུར་ཏེ་ཆེར་འབར་ནས། རིམ་གྱིས་གྱེན་དུ་སོང་བས་སྤྱི་བོའི་ཁམས་བཞུས་ནས་ལུས་ཀྱི་ཐིག་ལེའི་གནས་བཅུ་དྲུག་ནས་བྱང་སེམས་དཀར་པོའི་ཆ་ཀུན་ད་ལྟ་བུ་ཞུ་བ་རྣམས་དྲངས་ཏེ། རླུང་གིས་ཐུར་དུ་ཕུལ་བ་རིན་གྱིས་བརྒྱུད་ནས་རྡོ་རྗེ་ནོར་བུར་གནས་པ་ཕྱིར་མ་འཕོས་པ་ལས་བྱུང་བའི་དཔེའི་འོད་གསལ་དང༌། ལྷན་ཅིག་སྐྱེད་པའི་ཡེ་ཤེས་


JLD005_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ཟིན་པར་བྱས་ལ། དེ་ཉིད་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་ངོ་འཕྲོད་པར་བྱའོ། །འདི་ཡང་ཞལ་ལུང་ལས། དེ་ནས་དེ་ལ་རང་བྱུང་གི །ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ལྷག་པའི་ལྷ་ཞེས་བྱ་བ་ནི། རྟོགས་བྱའི་ཆེད་དུ་བུ་མོ་སྦྱིན། ཞེས་གསུངས་ཤིང༌། རང་བཞིན་གྱིས་ནི་ཞེས་པའི་རྐང་པ་གཉིས་དང༌། ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །དེ་ཉིད་ཡང་དག་མཚོན་པར་བྱ། ཞེས་གསུངས་ཤིང༌། དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་ཆུད་པའི་ལྟ་བ་དང་བྲལ་བ་ལ་དངོས་ཀྱི་རིག་མ་ལ་བརྟེན་པའི་འདོད་ཡོན་ལམ་བྱེད་མ་གནང་བས། །བདག་མེད་པའི་གོ་བ་ཕུ་ཐག་ཆོད་པའི་ལྟ་བ་དང་ལྡན་པས་སྔར་བཤད་པ་ལྟར་གྱི་བདེ་བ་སྐྱེས་པ་ན། དེ་ནས་བདག་མེད་པའི་ལྟ་བ་དྲན་པར་བྱས་ནས། བདེ་བས་བདག་མེད་ཀྱི་སྟོང་པ་ངེས་པར་བྱས་པ་ཉིད་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་བ་ཡིན་གྱི། བདེ་བ་ཆེན་པོ་བྱུང་བའི་དབང་གིས་སེམས་ཀྱི་རྟོག་པ་རེ་ཞིག་ལོག་པ་ཙམ་བདེ་སྟོང་དབྱེར་མེད་ཀྱི་དོན་མིན་ནོ། །དེ་ནི་དབང་གསུམ་པ་ཁྱད་པར་ཅན་གྱི་ཐོབ་ལུགས་ཡིན་ལ། སྟོང་པའི་གོ་བ་དེ་འདྲ་མེད་པས་དབང་གསུམ་པ་ཁྱད་པར་ཅན་དེ་འདྲ་མི་འཐོབ་ལ། དབང་བསྐུར་མཁན་དང་ཞུ་མཁན་གྱི་གང་ཟག་མཆོག་དམན་གྱི་དབང་གིས་དབང་གསུམ་པར་རིགས་གཅིག་ཀྱང་ཐོབ་ལུགས་མང་དུ་འོང་སྟེ་དབང་གཞན་ལའང་དེ་དང་འདྲའོ། །དབང་འདི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྐུར་བ་ལ་ཡང་སྔར་བཤད་པའི་དམིགས་པ་རྣམས་


JLD005_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུས་གསལ་བཏབ་སྟེ་ངེས་པ་རྙེད་པར་བྱས་ལ། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནོར་བུའི་ནང་དུ་གནས་པ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་ཀྱི་དམིགས་པ་ལེགས་པོར་ངེས་པར་བྱས་ལ་ངོ་སྤྲད། ལྟ་བའི་གོ་བ་མེད་པ་ལ་ཡང་བདེ་བའི་ཕྱོགས་ཀྱི་དམིགས་པ་ངོ་འཕྲོད་ངེས་སུ་བྱའོ། །དགའ་བ་གསུམ་པ་ཉེར་ཐོབ་དབང་གསུམ་པ་དང༌། བཞི་པ་ལྷན་སྐྱེས་ཐམས་ཅད་སྟོང་པ་དབང་བཞི་པར་བྱེད་ཅིང༌། དབང་གསུམ་པ་དེ་ཉིད་བཞི་པར་འགྱུར་རོ། །ཞེས་ཟུང་འཇུག་གསལ་བར་བཤད་མོས་ཀྱང༌། འདི་ནི་ཀྱཻ་རྡོར་རྩ་བཤད་ཀྱི་རྒྱུད་ལས་དགའ་བ་བཞི་དང་དབང་བཞི་གྲངས་བཞིན་དུ་སྦྱར་བ་མན་སྙེ་ལས་དབང་པོ་རབ་ཀྱི་དབང་དུ་བྱས་པར་བཤད་པའི་དབང་བཞི་བསྐུར་ལུགས་སུ་ཡང་མི་སྣང་ལ། ཕྱག་ཆེན་ཐིག་ལེ་ལས། ཤེས་རབ་ཁུ་བ་དང་ཡེ་ཤེས་བདེ་བ་དང་དབང་བསྐུར་བ་ནི་ཞུ་བ་ལྷུང་བའི་བདེ་བ་དང༌། དེ་འགོག་པའི་ལྷན་སྐྱེས་ལ་དབང་བཞི་པར་བཤད་པའི་བསྐུར་ལུགས་ཀྱང་མིན་ཞིང༌། བཤད་རྒྱུད་རྡོར་ཕྲེང་ལས་དབང་གསུམ་པའི་སྐབས་སུ་ལྷན་སྐྱེས་སྐྱེ་བར་བཤད་ལ། གཞན་ཡང་ཁུངས་ཐུབ་ཀྱི་གཞུང་མང་བས་མི་འཐད་དེ། རྒྱས་པར་ལམ་གྱི་རིམ་པར་བཤད་ཟིན་ཅིང་མངས་པས་འཇིགས་ནས་མ་བྲིས་སོ། །སློབ་མས་ནུས་པ་ཅི་ཡོད་པས་བྱང་ཆུབ་ཀྱི་སེམས་མི་འཕོ་བར་གཟུང༌། རིང་དུ་འཛིན་མ་ནུས་


JLD005_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ན་དལ་བུས་བཏང་སྟེ། ཆུ་སྐྱེས་ནས་ལྕེ་ཉིད་ཀྱིས་བླངས་ནས་དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་ངོ་། །དེ་ནས་ལྷ་མོ་དེ་དགྱེས་ནས་བྷ་ཛ་བྷ་ཀྵ། ཞེས་གསུངས་པ་དེའི་རྐང་པ་གཡོན་པ་སློབ་མའི་མགོ་ལ་བཞག་ནས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་བཞིན་དུ་སེམས་ཅན་གྱི། །བླ་ན་མེད་པའི་དོན་བྱོས་ཤིག །བསྐྱེད་པའི་རིམ་པ་སྒོམ་པ་ཡི། །འདི་ནི་མན་ངག་ལས་ནི་ཤེས། །རིག་པ་འདི་ནི་དོར་བྱས་ན། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རིག་མའི་བརྟུལ་ཞུགས་བུ་ཡིས་སྤྱོད། ཅེས་བརྗོད་དོ། །སྤྱོད་བསྡུས་སུ་གསུངས་པའི་གསང་དབང་དང་དབང་གསུམ་པ་བསྐུར་བའི་ཚིག་རྣམས་ནི་གསང་བ་གྲུབ་པ་ལས་བཀོད་པ་མང་པར་སྣང་བས། དེ་དང་བསྟུན་ནས་ཤེས་དགོས་ཏེ་རིམ་ལྔའི་དགོངས་པ་ཡང་དེ་ལྟ་བྱ་དགོས་སོ། །བཞི་པ་ནི། །དེ་ནས་གདོང་གཡོགས་བསལ་ཞིང་ཁྱོད་ཀྱི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་མ་ལ་བརྟེན་ནས་ཐོབ་པའི་དབང་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བཤད་པ་དེ་ཐོབ །ཐུན་མོང་བ་ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་པ་སྔར་བསགས་འདག་ཅིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་ལ་འཁྲུད་པས་ཡང་དག་པར་བྱེད། དོན་དམ་འོད་གསལ་གྱི་རྫོགས་རིམ་ཡན་ལག་དང་བཅས་པ་བསྒོམ་པ་སོགས་ལ་


JLD005_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པར་བྱས། །འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་གོ་ཞེས་བཤད་དོ། །བྷ་གའི་དཀྱིལ་འཁོར་ནི་ཕྱིའི་དཀྱིལ་འཁོར་ལ་བཤད་པ་ཡང་ཡོད་མོད་ཀྱང༌། རྫོགས་རིམ་གྱི་དབང་གང་དུ་ཐོབ་པའི་བྷ་ག་ནི་གསང་གནས་ཀྱི་བྷ་བའོ།། །།ཡོན་དབུལ་གསོལ་གདབ་བྱིན་བརླབས་གཏད། །ཤིས་བརྗོད་དྲིས་ལན་སློབ་མ་བསྐྱེད། །གསལ་གདབ་འདུ་བྱ་སྤྱན་དྲང་བསྟིམ། །དགའ་ཙམ་ངོ་སྤྲོད་བཏུང་དགྱེས་བརྗོད། །དབང་གི་དག་པ་སྦྱིན་པ་ནི། །ཤེས་རབ་དབང་གི་སྡོམ་ཡིན་ནོ། །བཞི་པ་དབང་བཞི་པ་བསྐུར་བ་ལ་གསུམ། མཎྜལ་ཕུལ་ཏེ་གསོལ་བ་གདབ་པ། དབང་བཞི་པ་བསྐུར་བ། དག་པ་སྦྱིན་ཞིང་ཡོན་དབུལ་བའོ། །དང་པོ་ནི། སློབ་མ་རྡོ་རྗེ་འཆང་གི་ང་རྒྱལ་འཛིན་པའི་སྐལ་བ་བཟང་པོ་འོད་གསལ་བའི་གདམས་ངག་ཐོབ་ཅིང་ཐལ་མོ་སྦྱར་ཏེ་མེ་ཏོག་གི་ཕྲེང་བ་འཛིན་པས། སླར་ཡང་བླ་མ་ལས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གི་གདམས་ངག་གི་སྣོད་དུ་སྒྲུབ་པའི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། ཞེས་གུས་པ་ཆེན་པོས་ལན་གསུམ་གསོལ་བ་གདབ་བོ། །གཉིས་པ་ལ་གཉིས། དབང་བཞི་པའི་རྣམ་གཞག་དང༌། དབང་དེ་བསྐུར་བའི་ཆོ་ག་


JLD005_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སོ། །དང་པོ་ལ་གསུམ། དབང་བཞི་པ་བསྐུར་བ་གཞུང་ནས་ཇི་ལྟར་བཤད་པ་དང༌། བཞི་པའི་དོན་གཏན་ལ་དབབ་པ་དང༌། དབང་གཉིས་དཔེ་དོན་དུ་སྦྱར་ནས་བསྟན་པའོ། །དང་པོ་ནི། གསང་བ་གྲུབ་བ་ལས། ཕྱག་རྒྱའི་དབང་བསྐུར་རིན་ཆེན་གྱི། །དམ་ཚིག་ལ་གནས་བསྟན་པར་བྱ། །ཁམས་གསུམ་པ་ཡི་དབང་བསྐུར་ནས། ཞེས་གསུངས་པའི་ཕྱག་རྒྱའི་དབང་བསྐུར་བ་ནི་དབང་གསུམ་པ་ཡིན་ལ། རིན་ཆེན་གྱི་དབང་བསྐུར་བ་ནི་དབང་བཞི་པ་ཡིན་ཏེ། སཾ་བྷུ་ཊ་ལས། ཟབ་ཅིང་རྒྱ་ཆེ་ལ་མོས་ན། །ཚིག་གི་རིན་ཆེན་དབང་བསྐུར་བྱ། ཞེས་གསུངས་པ་ལྟར་རོ། །སྤྱོད་བསྡུས་སུ། ཁམས་གསུམ་པ་ཡི་དབང་བསྐུར་བས། ཞེས་གསུངས་པ་ནི་སྔ་མ་དང་བསྟུན་དགོས་སོ། །རིམ་ལྔ་ལས། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐབ་བཟང་སློབ་མ་བཟང་པོ་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །དངོས་པོ་ཀུན་དང་རྣམ་བྲལ་ཞིང༌། ཞེས་པའི་ཚིགས་བཅད་ཕྱེད་དང་གཉིས་གསུངས་ཤིང༌། བླ་མ་ལས་སླར་ཡང་དོན་དམ་གྱི་བྱང་ཆུབ་ཀྱི་སེམས་བླང་བར་གསུངས་པ་ནི་དབང་བཞིན་པ་ཡིན་ཏེ། འདིའི་སྔོན་དུ་ནམ་ཕྱེད་ན་བླ་མ་ལ་ཕྱག་རྒྱ་ཕུལ་ཏེ། དབང་ཐོབ་པ་ལ་འོད་གསལ་གྱི་གདམས་ངག་བསྟན་པའི་ཕྱིར་དང༌། དབང་གསུམ་པ་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་སྔར་བསྐུར་བ་ལ་ལྟོས་ནས་སླར་ཡང་ཞེས་གསུངས་


JLD005_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ།། །།སྤྱོད་བསྡུས་སུ་སློབ་དཔོན་གྱིས་སློབ་མ་སློབ་དཔོན་གཉིས་པ་ལྟར་བལྟས་ནས་ཚིགས་བཅད་ཕྱི་མ་ཕྱེད་དང་གཉིས་པོ་དེ་བརྗོད་ནས་གཉིས་སུ་མེད་པར་དམིགས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ། །ཞེས་གསུངས་སོ། །དེའི་དོན་ནི་དབང་གསུམ་པ་བསྐུར་བ་ལ་འོད་གསལ་གྱི་གདམས་ངག་ཐམས་ཅད་བསྟན་ནས། དེ་ལ་ཆེ་བརྗོད་བྱས་པའི་འོག་ཏུ་དེ་ལྟར་བྱ་བར་གསུངས་པས། ཤེས་རབ་ཀྱི་དབང་གསུམ་པ་བསྐུར་བ་བྱིན་ཟིན་པས། འདིར་བསྐྱར་ནས་སྐུར་མི་དགོས་སོ། །དེས་ན་ཡེ་ཤེས་ཀྱི་དབང་བསྐུར་བ་བཞི་པ་བསྐུར་བ་ཡིན་ནོ། །རིམ་ལྔ་དང་སྤྱོད་བསྡུས་སུ་འོད་གསལ་བཤད་ཟིན་པའི་མཇུག་ཏུ་དབང་དེ་བསྐུར་བར་གསུངས་པ་ནི། ཟུང་འཇུག་གི་གདམས་ངག་འཆད་བའི་སྣོད་རུང་དུ་སྒྲུབ་པ་ལ་དགོངས་སོ། །འོ་ན་རིམ་ལྔ་ལས་འོད་གསལ་བཤད་ཟིན་ནས་དབང་བཞི་པ་མ་བསྐུར་བའི་གོང་དུ། ཆུ་ལས་ཉ་ལྡང་པ་ལྟར་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བ་བཤད་པ་མི་འཐད་དོ་སྙམ་ན། དེ་ནི་གཉིས་སྣང་ཐམས་ཅད་དག་པའི་འོད་གསལ་དུ་ཞུགས་པ་ལ་གཞན་གྱི་དོན་མི་འགྲུབ་པའི་སྐྱོན་ཡོད་དམ་སྙམ་པ་སྤང་བའི་ཕྱིར་ཡི་གེར་བཀོད་པའི་དོགས་གཅོད་ཡིན་གྱི། ད་བར་གི་དུས་སུ་སློབ་མ་ལ་དེ་ལྟར་སྟོན་པའི་དབང་དུ་བྱས་པ་མིན་ཏེ། འོག་ནས་ཟུང་འཇུག་གི་གདམས་ངག་ལོགས་སུ་སྟོན་པའི་ཕྱིར་


JLD005_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལྟ་མ་ཡིན་ན་རིམ་ལྔ་དང་སྤྱོད་བསྡུས་སུ་རིམ་པ་བཞི་པའི་སྔོན་དུ་འོད་གསལ་དང་ཟུང་འཇུག་བཤད་པ་རྣམས་ཀྱང་མི་འཐད་པར་འགྱུར་རོ། །གཉིས་པ་ནི། འོ་ན་དོན་གྱི་དབང་བཞིན་པ་དང་ཚིག་གིས་བསྐུར་བའི་དབང་བཞི་པ་ལུགས་འདིས་ཇི་ལྟར་བཞེད་སྙམ་ན་བཤད་པར་བྱ་སྟེ། རང་དང་རིག་མ་འདོད་ལྷ་ཡབ་ཡུམ་དུ་སྣང་བ་མཉམ་པར་སྦྱར་བ་ལས། གཏུམ་མོའི་མེ་འབར་ཏེ་བྱང་སེམས་ཞུ་བ་ནོར་བུར་སླེབ་ནས། ཕྱིར་མ་འཕོས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་དགའ་བ། དཔེའི་འོད་གསལ་བདེ་སྟོང་རྒྱུད་ལ་བསྐྱེད་ནས་དབང་གསུམ་པ་ངོ་སྤྲད་པས་ནི། གཏུམ་མོ་འབར་བའི་མཐུས་བྱང་སེམས་བཞུས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་དགའ་ཐམས་ཅད་མཚོན་པར་ནུས་ཏེ། དཀར་ཟལ་བ་ལང་དུ་ངེས་པ་ན་དེའི་རིགས་ཐམས་ཅད་པ་ལང་དུ་ངེས་ནུས་པ་བཞིན་ནོ། །དེས་ན་དབང་གསུམ་པ་བསྐུར་པས་མཚོན་པར་མི་ནུས་པ་དབང་བཞིན་པ་བསྐུར་ནས་མཚོན་དགོས་པ་ཅིག་གི་སྟེང་ནས་དབང་བཞི་པ་ཤེས་དགོས་སོ། །འདི་ལ་འཕགས་པ་ཡབ་སྲས་ཀྱི་བཞེད་པས། དབང་བཞི་པ་ཚིག་གིས་བསྐུར་པ་ནི་ཟུང་འཇུག་གི་གདམས་ངག་གི་སྣོད་རུང་དུ་སྒྲུབ་པ་ཡིན་ཞིང་ཟུང་འཇུག་གི་དོན་ལ་ངོ་སྤྲོད་དགོས་སོ། །ཟུང་འཇུག་ནི་རིམ་ལྔ་ལས། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་བརླབ་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། །ཞེས་གསུངས་པ་ལྟར། རང་བྱིན་


JLD005_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་གཉིས་ནི་ཟུང་ཡིན་ལ། །དེ་གང་ལ་དབྱེར་མེད་པར་འདུས་པའི་གོ་འཕང་ནི་ཟུང་འཇུག་གོ །དེ་ལྟར་ཟུང་དུ་འཇུག་རྒྱུའི་ཡ་གཉིས་མི་ཤེས་ན་ཟུང་འཇུག་མི་ཤེས་པས་དེ་གཉིས་བཤད་ན་རང་བྱིན་བརླབ་ནི། རིམ་ལྔ་ལས། རླུང་དང་ཡང་དག་ལྡན་པ་ཡི། །རྣམ་ཤེས་གསུམ་པོ་དེ་ཉིད་སླར། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་སུ་དེ་ལ་བཤད། །ཅེས་གསུངས་པ་ལྟར། ཉེར་ཐོབ་ཀྱི་མཐར་ལུགས་བཟློག་ཏུ་ཞུགས་པའི་ཡེ་ཤེས་གསུམ་དང༌། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་ཙམ་ལས་གྲུབ་པའི་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་སྟེ། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་ཡིན། །རྡོ་རྗེའི་སྐུ་ཡང་དེ་ཉིད་གང༌། །རྡོ་རྗེ་སེམས་དཔའ་རང་ཉིད་དེ། ཞེས་རྣམ་གྲངས་མང་པོས་གསུངས་ཏེ་བར་དོ་ལོངས་སྐུ་ཞེས་ཀྱང་བྱའོ། །དེ་ནི་སྒྱུ་མའི་སྐུ་འགྲུབ་ལུགས་ཐུན་མོང་མ་ཡིན་པའོ། །འོད་གསལ་ནི། །སྒྱུ་མའི་སྐུ་དེ་སྔོན་དུ་བཏང་ནས་སྣང་བ་གསུམ་རྣམ་པར་དག་པའི་དེ་ཁོ་ན་ཉིད་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པའི་ཐམས་ཅད་སྟོང་བའི་ཡེ་ཤེས་སོ། །དེས་ན་བདེ་བ་དང་དེ་ཁོ་ན་ཉིད་ཀྱི་སྟོང་པ་གཉིས་རོ་གཅིག་ཏུ་གྱུར་པའི་དོན་གྱི་ལྷན་སྐྱེད་ནི་འདིའི་ལུགས་ཀྱིས་བདེ་སྟོང་དབྱེར་མེད་ཡིན་ཀྱང༌། ཟུང་འཇུག་


JLD005_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡ་གཅིག་ཡིན་གྱི་ཟུང་འཇུག་མིན་ནོ། །ཡ་དེ་གཉིས་ཟུང་དུ་འཇུག་ལུགས་ནི་འོད་གསལ་གྱི་རིམ་པ་མན་ཆད་དུ། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལུས་ཡོད་དུས་ན། སེམས་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་མེད་ཅིང༌། ཕྱི་མ་ཡོད་དུས་སྔ་མ་མེད་པས་རེས་འཇོག་ཏུ་གྱུར་བའི་ཕྱིར་ཟུང་འཇུག་མེད་དོ། །གང་གི་ཚེ་ལྷན་ཅིག་སྐྱེས་པའི་བདེ་བ་དང་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་སྟོང་པ་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐོབ་པ་ལས། ལུགས་བཟློག་ཏུ་ཞུགས་པའི་ཚེ་སྣང་བ་གསུམ་གྱི་ཡེ་ཤེས་དང༌། དེའི་བཞོན་པའི་རླུང་འོད་ཟེར་ལྔ་ཙམ་ལས་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་དེའི་ཚེ། ལུས་དེ་ཉིད་དུ་གནས་བཞིན་པའི་ངང་ནས་སེམས་འོད་གསལ་ལ་ཞུགས་པ་གཉིས་དུས་མཉམ་དུ་འབྱུང་ཞིང༌། དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་ཟུང་འཇུག་གི་གོ་འཕང་ཞེས་བྱ་སྟེ། དེ་ལ་ཡང་སློབ་པ་དང་མི་སློབ་པའི་ཟུང་འཇུག་གཉིས་ཡོད་དོ། །བཤད་རྒྱུད་རྡོར་ཕྲེང་ལས། བཅུ་བཞི་པ་ནི་དོན་དམ་སྟེ། ཞེས་དབང་བཞི་པ་དོན་དམ་བྱང་ཆུབ་ཀྱི་སེམས་སུ་བཤད་པ་དང༌། རིམ་ལྔར་དབང་འདི་ལེན་པ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་བླང་བར་གསུངས་པ་ནི། བདེ་སྟོང་དབྱེར་མེད་ཙམ་ལ་མི་བྱ་སྟེ། ལེའུ་གཉིས་པར་རྡོ་རྗེ་གསུམ་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གསུངས་པ་ལ་དྲང་ངེས་ཀྱི་བཤད་པ་གཉིས་མཛད་པའི་ངེས་དོན་གྱི་བྱང་ཆུབ་


JLD005_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་བསྐྱེད་པ་ཟུང་འཇུག་གི་སྐུ་སྐྱེད་པ་ལ་གསུངས་པའི་ཕྱིར་དང༌། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་རྡོ་རྗེ་འཆང་གཉིས་མཚན་གྱི་རྣམ་གྲངས་ཡིན་ལ། ཟུང་འཇུག་རྡོ་རྗེ་འཆང་ནི་ངེས་དོན་གྱི་རྡོ་རྗེ་འཆང་ཡིན་པའི་ཕྱིར་རོ། །དེས་ན་རྒྱུད་གཞན་ལས་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ལ་དབང་བཞི་པར་བཤད་པའི་དགོངས་པ་ཡང་ཟུང་འཇུག་ལུགས་འདིས་བཤད་པ་ལྟར་ཤེས་ནས་བཤད་དགོས་ཏེ། གཞན་དུ་ན་ཡེ་ཤེས་ཀྱི་སྐུ་མེད་པས་ཡ་གྱལ་ཙམ་ལས་མེད་པའི་ཕྱིར་རོ། །སྔར་བཤད་པ་ལྟ་བུའི་ཟུང་འཇུག་གི་དོན་བླ་མས་སློབ་མ་ལ་ངེས་པར་བྱས་པ་ཉིད་ཀྱིས་བཞི་པའི་དབང་བསྐུར་རིན་ཆེན་ཚིག་གིས་བྱིན་པར་འགྲོ་བས་བརྡ་དོན་ལེགས་པོར་འབྱོར་དགོས་སོ། །གསུམ་པ་ནི། དེ་ལྟ་བུའི་ཟུང་འཇུག་དང་དབང་གསུམ་པའི་སྐབས་གཉིས་དཔེ་དོན་དུ་སྦྱར་ནས་དབང་བཞི་པ་བསྐུར་དགོས་ཏེ། འདུས་པའི་རྒྱུད་ཕྱི་མ་ལས། དེ་ཡང་དེ་བཞིན་བཞི་པ་ཡང༌། ཞེས་གསུངས་ཤིང་རྒྱུད་གཞན་ལས་ཀྱང༌། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ཇི་ལྟར་དབང་གསུམ་པའི་སྐབས་སུ་རང་འདོད་པའི་ལྷའི་རྣམ་པ་ཅན་དང༌། དེ་ཡང་ལྷ་མོར་སྣང་བའི་རིག་མ་དང་ཁ་སྦྱོར་བའི་རྣམ་པར་སྣང་བའི་ལུས་དང༌། སེམས་ལྷན་ཅིག་སྐྱེས་པའི་དགའ་བ་བདག་མེད་པའི་དོན་ལ་ཞུགས་པ་གཉིས་དུས་གཅིག་ཏུ་ཡོད་པ་དེ་བཞིན་དུ། དོན་གྱི་དབང་བཞི་པ་ཡང་ལུས་སྒྱུ་མའི་


JLD005_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུར་གནས་པའི་དུས་ན། སེམས་འོད་གསལ་ལ་ཞུགས་པ་གཉིས་མཉམ་དུ་གནས་སོ། །ཞེས་པ་ནི་དེ་བཞིན་གྱི་དོན་ནོ། །ཡང་གི་སྒྲས་ནི་སྔ་མ་ལ་ལྷན་སྐྱེས་ཀྱི་བདེ་བ་ཡོད་པར་མ་ཟད། །བཞི་པ་ལ་ཡང་ཡོད་པར་བསྟན་ཏེ་བདེ་བ་ཆེན་པོའི་ཡན་ལག་གོ །དེ་ལྟར་དུ་དཔེ་དོན་སྦྱར་བས་ནི་དོན་གྱི་དབང་བཞི་པ་དེ། ཡན་ལག་བདུན་གྱི་གཙོ་བོ་ལོངས་སྤྱོད་རྫོགས་པ་དང་ཁ་སྦྱོར་དང་བདེ་བ་ཆེན་པོའི་ཡན་ལག་གསུམ་དང་ལྡན་པར་བསྟན་ཏེ། ཡན་ལག་ལྷག་མ་བཞི་ཡང་དོན་གྱིས་ཚང་ངོ་། །འདི་ནི་ཡན་ལག་བདུན་ལྡན་རྩ་འགྲེལ་དང༌། སྦྱོར་བ་བདུན་པའི་ལེགས་པར་བཤད་པ་ཡིན་ཏེ། རྒྱས་པར་ལམ་གྱི་རིམ་པར་བཤད་ཟིན་ཞིང་མངས་པས་འཇིགས་ནས་ཁུངས་རྣམས་མ་བྲིས་སོ། །ཡན་ལག་བདུན་ལྡན་ལས། དེ་ལྟར་དེ་བཞིན་བཞི་པ་ཡང༌། ཞེས་བཏོན་ནས་དེ་ལྟར་གྱི་སྒྲས་ངོ་བོའི་དཔེ་དོན་དང༌། དེ་བཞིན་གྱི་སྒྲས་སྐྱེད་པའི་རྒྱུའི་དཔེ་དོན་སྦྱར་ལ། དེ་བཞིན་གྱི་སྒྲ་གཅིག་པུ་ལས་མེད་ན་སྔར་ལྟར་བྱས་ཀྱང་ཆོག་གོ །གཉིས་པ་ནི། སྔར་བཤད་པ་ལྟར་གསོལ་བ་འདེབས་པའི་སློབ་མ་ལ་གདོང་གཡོགས་མ་བཅིངས་ཀྱང་ཆོག་པས། བླ་མས་འདི་ལྟར་བརྗོད་པར་བྱ་སྟེ། །འདིར་དབང་བཞི་པ་བསྐུར་པ་ནི་ཟུང་འཇུག་གི་གདམས་ངག་གི་སྣོད་རུང་དུ་སྒྲུབ་པའི་ཆེར་ཡིན་ལ་དེ་ཡང་དོན་གྱི་དབང་བཞི་པ་ཟུང་འཇུག་ཏུ་ངོ་སྤྲོད་པའི་ཚིག་གིས་བསྐུར་བ་ཡིན་པས། ཟུང་འཇུག་གི་གོ་བ་སྐྱེད་དགོས་དེའི་གོ་བ་སྐྱེད་ཚུལ་ནི། བཞི་པ་དེ་


JLD005_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་བཞིན་ནོ། །ཞེས་དབང་གསུམ་པའི་སྐབས་དང་བཞི་པ་གཉིས་དཔེ་དོན་དུ་སྦྱར་ནས་སྟོན་པར་གསུངས་པས། དེའི་ཚུལ་ཅུང་ཟད་བཤད་ན་ཁྱེད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་དུ། དོན་འདི་གོམས་པར་བྱས་པ་ལས། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང༌། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། །དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ་ཞེས། ད་ལྟ་ལུས་འཇའ་ལུས་ཀྱི་སྐུ་དང་སེམས་འོད་གསལ་དང་རོ་གཅིག་པ་མ་ཐོབ་ཀྱང༌། དེ་གཉིས་དང་རྣམ་པ་རྗེས་སུ་མཐུན་པའི་མོས་པ་ཡིད་བྱེད་དབང་གསུམ་པའི་དུས་ན་ཉམས་སུ་མྱོང་བ་འདིའི་རྒྱུན་གོམས་པར་བྱས་པ་ལས་ཟུང་འཇུག་འགྲུབ་ཚུལ་གྱི་ངེས་པ་བསྐྱེད་དོ། །དེ་འདྲ་བའི་དོན་དེ་རྩ་རྒྱུད་ལས་རྣམ་སྣང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚིགས་སུ་བཅད་པས་སློབ་མ་ལ་སྟོན་པའི་ཚུལ་ནི། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྡོ་རྗེ་


JLD005_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་གཉིས་པ་ལྟ་བུར་བལྟས་ལ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། ཆོས་ལ་བདག་མེད་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བརྗོད་ཅིང་དེའི་དོན་འོད་གསལ་དང་དག་པའི་སྒྱུ་མའི་སྐུ་གཉིས་སུ་མེད་པ་ཟུང་འཇུག་ཡིན་པ་ལ་དམིགས་པ་སྟེ་བསམས་ནས་དོན་དེ་བཤད་ལ་ཡེ་ཤེས་ཀྱི་དབང་བཞི་པ་བསྐུར་རོ། །དེ་ལ་དངོས་པོ་ཐམས་ཅད་ནི་སྣོད་ཀྱི་འཇིག་རྟེན་ཏེ་དེ་དང་བྲལ་བ་དང༌། །བཅུད་ཀྱི་ཕུང་ཁམས་སྐྱེད་མཆེད་ཀྱི་བདག་ཉིད་ཅན་གྱི་གཟུང་འཛིན་སྤངས་པའི་དོན་ནི། །སྣོད་བཅུད་ཀྱི་གཉིས་སྣང་ཐམས་ཅད་དག་པ་ཆོས་བདག་མེད་པ་འོད་གསལ་ལོ། །དེ་དང་མཉམ་པ་སྟེ་རོ་གཅིག་ཏུ་ཞུགས་པས་རང་གི་སེམས་གཟོད་མ་ནས་རང་བཞིན་གྱིས་མ་སྐྱེས་པ་དང༌། ཟུང་དུ་འཇུག་པའི་རྡོ་རྗེ་གསུམ་མི་ཕྱེད་པའི་འཇའ་ཚོན་ལྟ་བུའི་ལུས་འོད་གསལ་སྟོང་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། ས་ཆེན་པོ་ལ་ཞུགས་པའི་རྒྱལ་སྲས་རྣམས་ཀྱི་མིག་གི་སྤྱོད་ཡུལ་ཙམ་ཡིན་པའི་ཕྱིར་རོ། །ཞེས་འོད་གསལ་དང་དག་པའི་སྒྱུ་མའི་སྐུ་གཉིས་ངོས་གཟུང་ནས་དེ་གཉིས་ཟུང་དུ་འཇུག་ལུགས་བསྟན་ནོ། །གསུམ་པ་ནི། དེ་དག་གིས་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་


JLD005_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གི་རྫོགས་རིམ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ་ཞེས་བཤད་དོ། །གསང་བ་གྲུབ་པ་ལས། དབང་བཞི་པ་བསྐུར་བའི་རྫས་སུ་ཆོས་བཤད་པའི་རྗེས་གནང་བྱ་བར་གསུངས་པ་བཞིན་འཕགས་པ་ལྷས་ཀྱང་བཞེད་པས། ཆོས་འཁོར་བསྐོར་བའི་རྗེས་གནང་སོགས་དབང་བཞི་པའི་རྗེས་སུ་བྱས་ཀྱང་མི་འགལ་མོད། ངེས་གཟུང་དུ་མི་དགོས་པས་སྔར་བཞིན་བཤད་དོ། །དེ་ནས་མཎྜལ་དབུལ་ཞིང་ཡོན་གཞན་གཉིས་དབུལ་བ་ནི་སྔར་བཤད་པ་ལྟར་རོ། །གསུམ་པ་དཀྱིལ་འཁོར་གྱི་མཇུག་གི་ཆོ་ག་ལ་གནིས། ཉེ་བར་བསྡུ་བའི་ཆོ་ག་དང་། ཚོན་དང་ཕུར་བུ་སོགས་སྡུད་པའི་ཆོ་གའོ། །དང་པོ་ནི། ཆོ་གའི་ཆད་ལྷག་གི་ཉེས་པ་ཞི་བའི་ཕྱིར་དུ་ཞི་བ་དང་། ལྷ་ཚིམ་པའི་ཕྱིར་དུ་རྒྱས་པའི་སྦྱིན་བསྲེག་བྱ། རྫས་ཀྱི་སྦྱིན་སྲེག་མ་གྲུབ་ན་བསམ་གཏན་གྱིས་ཀྱང་རུང་ངོ་། །རང་གིས་དཀྱིལ་འཁོར་མཆོད་ཅིང་ཐམས་ཅད་ཀྱིས་ནུས་པ་ཅི་ཡོད་པས་མཆོད་ཅིག་ཅེས་བསྒོ་ལ། སློབ་མ་ལ་སོགས་པ་ཡང་མཆོད་དུ་གཞུག །དེར་ཞུགས་པ་རྣམས་ཀྱང་བཟའ་བཅའ་དང་བལྡག་པ་དང་ཆང་ལ་སོགས་པ་དཀྱིལ་འཁོར་ལ་ཕུལ་བས་ཚིམ་པར་བྱ་ཞིང༌། དེ་དག་དང་ལྷན་ཅིག་ཏུ་མཚན་མོ་མི་ཉལ་བར་གླུ་གར་ལ་སོགས་པ་དང༌། བྱང་ཆུབ་ཀྱི་སེམས་རྟོགས་པས་མཆོད་ནས། ཁྱེད་རྣམས་ཀྱིས་


JLD005_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་འདི་སུ་ལ་ཡང་མ་སྨྲ་ཞིག་ཅེས་བསྒོའོ། །དེ་ནས་སློབ་མ་རྣམས་ནང་དུ་གཞག་ལ། རང་གིས་ཕྱི་རོལ་དུ་ཕྱོགས་ཀྱི་མཆོད་གཏོར་བྱས་ཏེ། ནང་དུ་ཞུགས་ནས་དཀྱིལ་འཁོར་ལ་ཕྱག་འཚལ་ཏེ། གཙོ་བོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་བསྔོ་ཞིང༌། དཀྱིལ་འཁོར་ལན་གསུམ་བསྐོར་ཏེ་ཤར་སྒོར་གཙོ་བོ་ལ་ཕྱོགས་པས་འདུག་ནས་ཆད་ལྷག་གི་ཉེས་པ་ཞི་བའི་དོན་དུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར་ལ་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བཟོད་པར་གསོལ་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱི་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། ཞེས་བརྗོད་ཅིང་མངོན་པར་འདོད་པའི་དོན་འགྲུབ་པར་གསོལ་བ་གདབ་ལ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿཞེས་བརྗོད་ལ་ཡེ་ཤེས་པ་གཤེགས། །རག་གི་སྤྲུལ་པའི་དམ་ཚིག་པ་རྣམས་རང་གི་ཕུང་པོ་དང་ཁམས་དང་མིག་ལ་སོགས་པ་དང༌། ལག་པ་ལ་སོགས་པའི་རང་བཞིན་


JLD005_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཞུག །རང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས། སེམས་ཅན་ཐམས་ཅད་ལ་དབང་བསྐུར་ཞིང་རེག་པས་ཐམས་ཅད་དྲི་མ་དང་བྲལ་ནས་ཧཱུཾ་དུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་འཆང་དང༌། སྣོད་གཞལ་ཡས་ཁང་གི་རང་བཞིན་དུ་བལྟའོ། །ཉེ་བར་བསྡུ་བའི་ཆོ་ག་སྟེ་བཅུ་དགུ་པའོ།། །།གཉིས་པ་ནི། མཚན་མོ་སྔར་ལྟར་ཉེར་བསྡུ་བྱས་པའི་ནང་པར་སྔ་བའི་དུས་སུ། །ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱཱ་ནུདྤནྣ་ཏྭ་ཏ། ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་འདོན་ཞིང་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་མོས་པས། དྲིལ་བུ་འཁྲོལ་ཞིང་རྡོ་རྗེ་དང་བཅས་པའི་ལག་པས། ཐོག་མར་མཚན་མ་རྣམས་མཐའ་ནས་རིམ་གྱིས་བསྡུ་དེ་ནས་རྡོ་རྗེས་ཤར་སྒོ་ནས་བརྩམས་ཏེ་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང༌། རང་གི་མགོར་རྡུལ་ཚོན་ཅུང་ཟད་ཙམ་བླུག་ནས་པདྨ་ལ་སོགས་བ་དབྱིའོ། །དེ་ནས་ལག་པར་གནས་པའི་རྡོ་རྗེའི་རྩེ་མོས་སྒོ་རྣམས་དང་ཟུར་རྣམས་གཞིག །རྡུལ་ཚོན་ལྷག་མ་རྣམས་ལེགས་པར་ཕྱགས་ཏེ་ཞི་བ་ལ་སོགས་པ་དོན་དུ་གཉེར་བ་ལ་ཅུང་ཟད་བྱིན་ནས། གཞན་ཐམས་ཅད་རྣལ་རྒྱལ་ལམ་བུམ་པ་གཞན་གོས་ཀྱིས་བརྒྱན་པར་བླུགས་ཏེ། བཀྲ་ཤིས་ཀྱི་གླུ་དང་རོལ་མོའི་སྒྲ་དང་གདུགས་ལ་སོགས་པ་དང་མཆོད་པ་དང་ལྡན་པས་ཁྱེར་ཏེ། འབབ་ཆུ་ཆེན་པོའམ་མཚོ་ཕྲན་ཆུ་ཟབ་མོའི་འགྲམ་དུ་ཀླུའི་དཀྱིལ་འཁོར་བྱས་ལ་མཆོད་གཏོར་ཕུལ་ཏེ།


JLD005_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལ་རྡུལ་ཚོན་གཏད་ནས་ཆུ་ལ་བསྐུར་ཞིང༌། དེ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་འོག་གི་གཞིར་ཁྱེར་བར་བསམ་མོ། །རྡུལ་ཚོན་ཁྱེར་བའི་བུམ་པ་ཆུས་བཀང་ནས་ཁྱེར་འོངས་ཏེ། ཞི་བའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་གཏོར་བར་བྱའོ། །དེ་ནས་རང་ཁམས་གསུམ་རྣམ་རྒྱལ་གྱི་ང་རྒྱལ་འཆང་བས་གཡོན་བརྐྱང་གིས་གནས་ཤིང༌། རྡོར་དྲིལ་བཟུང་བའི་ལག་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་ལྕགས་ཀྱུ་བཞིན་བྱས་ཏེ། ཕན་ཚུན་འཁྱུད་པ་སྐམ་པའི་ཕྱག་རྒྱས། ༀ་བཛྲ་ཀཱི་ལ་ཨུ་ཏ་ཀཱི་ལ་ཡ་སརྦ་བིགྷན་བཛྲ་དྷ་ར་ཡ་ཨཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧོཿཞེས་བཟླས་ཏེ་ཕུར་བུ་རྣམས་དབྱུང་ལ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་འོ་མ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་ཕུར་བུ་རྣམས་བཀྲུས་པས། བགེགས་རྣམས་གསོས་ཏེ་སངས་རྒྱས་པར་བསམས་ལ་ཁུང་བུ་བཀང༌། དེ་ནས་ཕུར་བུའི་ལྷ་རྣམས་གཤེགས་སུ་གསོལ་ཞིང༌། ཕུར་བུའི་སྐུད་པ་རྣམས་བཀྲོལ་ཏེ་སྣོད་གཙང་མར་བཞག་ལ། ཙན་དན་གྱི་ཆུས་བསང་གཏོར་བྱ་ཞིག །ༀ་ཨཱཿཧཱུཾ་སཏྭ་ཨརྠཿཀུ་རུ་སྭ་སྟེ་སྭཱཧཱ། ཞེས་བཟླས་ཏེ་སོ་སོའི་གནས་སུ་བཞག་གོ །དེ་ནས་སྔར་ཕྱོགས་སོ་སོར་བཀོད་པའི་ཁྲོ་བོའི་རྒྱལ་པོ་རྣམས་དང༌། ཕྱོགས་སྐྱོང་རྣམས་ལ་ཕྱི་ནང་གི་མཆོད་པས་མཆོད། གླུ་གར་རོལ་མོ་དང་བཅས་པས་གཏོར་མ་བཏང་ལ། ཁྲོ་བོ་རྣམས་རང་ལ་བསྡུ་བའམ་གེ་གཤེགས་སུ་གསོལ། །ཕྱོགས་སྐྱོང་འཁོར་བཅས་


JLD005_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་སུ་གཤེགས་པར་བསམ་མོ། །ཕུར་བུ་དང་སྐུད་པ་བསྡུ་བ་སྟེ་ཆོ་ག་ཉི་ཤུ་པའོ། །དཀྱིལ་འཁོར་ལ་ཕུལ་བའི་ཡོ་བྱད་ཇི་ལྟར་སྤྱད་པ་ནི། དེ་ནས་སློབ་དཔོན་གྱིས་ནི་ནོར། །མཁོ་བའི་ཡོ་བྱད་ཀུན་བསྡུས་ནས། །རང་ཉིད་ཀྱི་ནི་སྤྱད་པར་བྱ། །སློབ་མ་སོགས་ཀྱིས་ཅུང་ཟད་མིན། །རྨང་འཛུགས་པ་དང་རབ་གནས་དང༌། སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཁོ་ནའི་ཞེས། །རྡོ་རྗེ་འཛིན་པ་མཆོག་ཉིད་གསུང༌། །ཞེས་གསུངས་པ་ལྟར་བྱ།སྤྱི་རྒྱུད་ལས་ཀྱང་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་སློབ་དཔོན་ཉིད་དབང་ལ། །སློབ་མ་ལ་བགོ་བཤའ་བྱས་ན་དམ་ཚིག་ཉམས་པ་དང༌། སློབ་དཔོན་མི་འདོད་ན་གདུགས་དང་རྔ་ཡབ་དང་དྲིལ་བུ་སོགས་སངས་རྒྱས་དང༌། གདན་དང་བདུག་སྤོས་དང་དྲི་ལ་སོགས་པ་ཆོས་དང༌། གོས་དང་སྣོད་སྤྱད་སོགས་དགེ་འདུན་ལ་དབུལ། དགེ་འདུན་མེད་ན་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ལ་སྦྱིན་པར་བཤད་ཅིང༌། བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགར་ཕོངས་པ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཞེས་གསུངས་སོ། །དགེ་འདུན་གྱི་སྟོན་མོ་བྱ་ཞིང༌། ཚོགས་ཀྱི་འཁོར་ལོས་བླ་མ་དང་སྒོའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་མཉེས་པར་བྱའོ། །དམངས་རིགས་སྟོང་ཕྲག་གཉིས། བྲམ་ཟེ་གཙང་མ་གཅིག་དང༌། བྲམ་ཟེ་སྟོང་ཕྲག་གཉིས་དགེ་སློང་


JLD005_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང༌། དགེ་སློང་སྟོང་ཕྲག་གཉིས་རྡུལ་མེད་པ་གཅིག་དང༌། རྡུལ་མེད་སྟོང་ཕྲག་གཉིས་ཡེ་ཤེས་ལྡན་པ་གཅིག་དང༌། ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས་རྡོ་རྗེ་སློབ་དཔོན་གཅིག་དང་མཉམ་པར་གསུངས་པས། བླ་མ་ནི་སྦྱིན་པའི་ཞིང་བླ་ན་མེད་པར་ཤེས་པར་བྱས་ནས་མཉེས་པར་བྱས་ན། མཁའ་འགྲོ་མ་རྣམས་སྤྲིན་བཞིན་དུ་འདུ་ཞིང་དངོས་གྲུབ་གཉིས་བདེ་བླག་ཏུ་འགྲུབ་པར་གསུངས་སོ། །རྡོ་རྗེ་ཐེག་པའི་ལམ་གྱི་རྨང་འཛུགས་དབང་གི་ཆོ་གས་གདུལ་བྱའི་རྒྱུད་ལ་འབྲས་སུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་ཐེབས་པ་དང༌། དངོས་གྲུབ་འགྲུབ་པའི་གེགས་སྒོ་གསུམ་གྱི་དྲི་མ་རྣམས་འཁྲུད་ནུས་པ་དང༌། གདམས་པའི་མཆོག་རྒྱུད་དང་དགོངས་འགྲེལ་ཟབ་མོ་རྣམས་ཉན་པ་སོགས་ཀྱི་སྣོད་རུང་དུ་སྒྲུབ་པ་ནི་རྣམས་པར་དག་པའི་དབང་རྫོགས་པར་ཐོབ་ཅིང༌། དེའི་དུས་སུ་ཁས་བླངས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་དང་དམ་ཚིག་རྣམས་ལེགས་པར་ཤེས་ནས་ཚུལ་བཞིན་དུ་བསྲུང་ཞིང༌། ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པས་ལྷའི་གསལ་སྣང་བརྟན་པར་བསྒྲུབས་པ་དང༌། དེའི་ཐུགས་བསྐུལ་བའི་བཟླས་པས་རྡོ་རྗེ་སེམས་དཔའ་མཉེས་པར་བྱས་པ་ཅིག་གིས། སྣོད་ལྡན་གྱི་སློབ་མ་ལ་རྒྱུད་སྡེ་དང་དེའི་དགོངས་འགྲེལ་གྱི་ཁུངས་ཐུབ་ཀྱི་གཞུང་ནས་འབྱུང་བ་ལ་གཞི་བྱས། དམ་པ་སྔ་མའི་ཕྱག་ལེན་རྣམ་པར་དག་པ་མཐོང་བ་བརྒྱུད་པའི་མན་ངག་གིས་བརྒྱན་ཞིང་ཆོ་གའི་ཡན་ལག་ཕྲ་རགས་ཐམས་ཅད་དམིགས་ཕྱེད་པར་བྱས་ཏེ་དབང་བསྐུར་བ་


JLD005_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ལ་རག་ལས་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དེ་འདྲ་བའི་རྗེས་སུ་སློབ་པ་ལ་བརྩོན་པར་བྱའོ། །འདིར་མ་བཤད་པའི་ཆོ་ག་ཕྲ་རགས་ཐམས་ཅད་ཀྱི་ཡིད་ཆེས་པའི་ཁུགས་དང༌། དེ་དག་གི་དོན་དམིགས་ཕྱེད་པའི་བཤད་པ་དང༌། ཁྱད་པར་དུ་དབང་གི་དོན་ཐམས་ཅད་ལམ་གྱི་རིམ་པར་བསྒྲིགས་ནས། རྣམ་པར་དག་པའི་དབང་ལ་ངེས་པ་ཐུན་མོང་མ་ཡིན་བསྐྱེད་པའི་ཚུལ་ནི། རྡོ་རྗེ་འཆང་ཆེན་པོའི་ལས་གྱི་རིམ་པར་བཤད་ཟིན་པ་ལས་ཤེས་པར་བྱས་ཏེ། སྔར་བཤད་པ་བཞིན་སྣོད་ལྡན་ལ་དབང་བསྐུར་ན་རྡོ་རྗེ་ཐེག་པའི་བསྟན་པ་ཐམས་ཅད་རང་གཞན་གྱི་རྒྱུད་ལ་རྒྱས་པར་བྱེད་ནུས་པ་ཡིན་ནོ། །རྣམ་དག་དབང་ཐོབ་དམ་ཚིག་སྲུང་ལ་བརྩོན། །ཐུན་བཞིའི་སྦྱོར་བས་ཐ་མལ་སྣང་ཞེན་བཟློག །མཆོད་དང་བཟླས་པས་ལྷག་པའི་ལྷ་མཉེས་བྱས། །ཆོ་ག་ཐམས་ཅད་རྒྱུད་བཞིན་ཤེས་པ་དེས། །སྙིང་ནས་ཐར་པ་དོན་གཉེར་སྣོད་ལྡན་ལ། །རང་རང་སྐབས་ཀྱི་ཆོ་ག་མ་འདྲེས་པར། །ལེགས་པར་ཕྱེ་ནས་ཐབས་མཁས་རྟེན་འབྲེལ་ནི། །ཚུལ་བཞིན་སྒྲིགས་པ་དེ་ལ་གློ་བ་དགའ། །རྣམ་དག་དབང་གིས་དམན་ཞིང་བསྲུང་སྡོམ་ལྷོད། །ཐུབ་བཞིའི་རྣལ་འབྱོར་མ་གོམས་བཟླས་མི་བརྩོན། །ཚིག་ཙམ་བྱད་དང་དེ་ཡང་མེད་པ་ཡིས། །གཞན་དག་སྣོད་རུང་འདོད་ན་དུང་སྦྱོངས། །ཁྱབ་བདགག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །ཞལ་གྱི་པདྨ་ལས་འོངས་རྒྱུད་སྡེའི་


JLD005_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་། །སྟོང་ཕྲག་སུམ་ཅུ་གསུམ་གྱི་རྩ་བ་མཆོག །དཔལ་ལྡན་འདུས་པ་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཆོ་ག་འདི། །ལམ་འདིར་སྒྲུབ་པ་སྙིང་པོར་བྱེད་པ་ཡི། །སྡོམ་བརྩོན་མང་པོས་རིང་ནས་བསྐུལ་བའི་ངོར། །གྲུབ་པ་མཆོག་བརྙེས་ཀླུ་བྱང་གཞུང་བཞིན་སྦྱར། །རྩ་རྒྱུད་བཤད་རྒྱུད་གཉིས་ལས་གསུངས་པའི་དབང༌། །གསང་བ་གྲུབ་པར་རྫོགས་རིམ་དབང་ཙམ་བཤད། །རིམ་ལྔ་སྤྱོད་པ་བསྡུས་པས་བསྐྱེད་རིམ་གྱི། །དབང་དགུ་རྫོགས་རིམ་དབང་རྣམས་མདོར་བསྡུས་གསུངས། །དེར་གསུངས་དབང་དགུ་ཀླུ་ཡི་བྱང་ཆུབ་ཀྱིས། །རྒྱས་པར་བཤད་པའི་གཞུང་རྣམས་གུང་བསྒྲིགས་ཤིང༌། །དེ་ཡི་ཁ་སྐོང་ཟླ་བ་གྲགས་པ་དང༌། །གྲ་གཅན་འཛིན་དཔལ་བཤེས་གཉེན་ནཱ་རོ་པ། །འཇིགས་མེད་འབྱུང་གནས་དམ་ཚིག་རྡོ་རྗེ་ཡི། །གཞུང་གིས་མེད་མི་རུང་རྣམས་ཁ་བསྐངས་པ། །འདི་ནི་དཀྱིལ་ཆོག་འདི་ཡི་ཁྱད་པར་ཏེ། །དེ་ཕྱིར་འདིར་འབད་ངོ་མཚར་མེད་པ་མིན། །ཚུལ་འདིར་རིང་དུ་འབད་ནས་རབ་སྦྱར་མོད། །འོན་ཀྱང་བདག་ཅག་ཚུ་རོལ་མཐོང་བའི་བློ། །ཉམ་ཆུང་རྒྱུད་སྡེའི་དགོངས་པ་དཔག་པར་དཀའ། །དེ་ཕྱིར་གང་ནོངས་གནོང་ཞིང་འགྱོད་པས་བཤགས། །བླ་མའི་དྲིན་གྱིས་ལེགས་པར་བཤད་པའི་ཆ། །ཇི་སྙེད་མཆིས་པས་བསྐྲུན་པའི་དགེ་བ་ཡིས། །འགྲོ་ཀུན་ལམ་བཟང་འདི་དང་མི་འབྲལ་ཞིང༌། །རྒྱལ་བའི་བསྟན་པ་ཕྱོགས་


JLD005_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་རྒྱས་པར་ཤོག །ཅེས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི་འདུས་པའི་ལམ་ལ་སྒྲུབ་པ་སྙིང་པོར་བྱེད་པའི་སྡོམ་བརྩོན་མང་པོས་བསྐུལ་བའི་དོན་དུ། དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་བློ་བཟང་གྲགས་པའི་དཔལ་གྱིས་འོལ་ཁའི་དབེན་གནས་བསམ་གཏན་གླིང་དུ་སྦྱར་བའོ། །ཨོཾ་སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིང་ཆར་འདི་སྤེལ། །སརྦམངྒ་ལཾ།། །།


previousདཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ། next