Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།
  expand section
   
   
   
   
   
   
   
   
   
   
  expand section
   
   


 
previousབཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།next

བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།


JLD006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ་བཞུགས་སོ། །


JLD006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་བཤད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། ཇི་ལྟར་འགྱུར་པའི་ཚུལ་ལོ། །དང་པོ་ནི་ཞི་བ་འོད་ཀྱི་འགྱུར་ལ་རྒྱ་སྐད་ཀྱི་མཚན་དོན་ལ་ནཱ་མ་ཨི་ཏི་ཤེས་པ་འབྱུང་ལ། རྭ་དང་དར་མ་བརྩོན་འགྲུས་ཀྱི་འགྱུར་ལ་ནཱ་མ་མེད་དེ། གང་རུང་གཅིག་གིས་ཆོག་པར་སྣང་ངོ༌། །ཨ་བྷི་ས་མ་ཡ་བསྒྱུར་བ་ལ་འགྱུར་གསུམ་ག་ལ་མངོན་པར་བརྗོད་པ་ཞེས་འབྱུང་སྟེ། འོག་ནས་མངོན་པར་རྟོགས་པ་ཞེས་ཀྱང་མང་དུ་འབྱུང་ངོ༌། །གཞུང་གི་དོན་ལ་དང་པོར་གླེང་གཞིའི་ལེའུས་གླེང་གཞི་དངོས་དང་། སྟོན་པས་འཁོར་སྣོད་རུང་དུ་མཛད་པ་དང་། འཁོར་གྱིས་བསྟོད་ཅིང་གསོལ་བ་བཏབ་ནས་དྲིས་པ་སྟོན་ནོ། །དེ་ནས་ལེའུ་གཉིས་པས་དྲིས་པའི་དོན་རྣམས་ཉན་པ་ལ་སྔོན་དུ་དབང་བསྐུར་དགོས་


JLD006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་ནོ། །དེ་ནས་དྲི་བ་དང་པོའི་ལན་སྟོན་པའི་ལེའུ་གསུམ་པ་ནས་ལེའུ་རེ་བརྒྱད་པའི་གླེང་གཞིའི་ལེའུའི། སྔོན་བཞིན་རྡོ་རྗེ་བཟླས་པ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །ཞེས་པའི་བར་གྱིས་དྲི་བ་རྣམས་ཀྱི་ལན་རྒྱས་པར་བཤད་པའོ། །དེའི་འོག་ཏུ། དེ་ནས་སེམས་དཔའ་ཆེན་པོ་ཀུན། ཞེས་པ་ནས། མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་རྒྱུད་རྫོགས་པ་ལ་ངོ་མཚར་ནས་བསྟོད་པས་བསྟོད་དོ། །དེའི་འོག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱི་སྐུ། ཞེས་པ་ནས། ཉིན་དང་མཚན་དུ་བཞུགས་པར་འགྱུར། ཞེས་པའི་བར་གྱིས་ཁྲོ་བོ་བཅུ་པཀུག་ནས་རྡོ་རྗེ་ཕྲེང་བ་རིང་དུ་གནས་པའི་ཐབས་གསུངས་སོ། །དེ་ལ་གླེང་གཞི་དངོས་ལ་གཉིས་ལས། སྟོན་པ་དང་གནད་དང་


JLD006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཕུན་སུམ་ཚོགས་པ་སྟོན་པ་ནི། འདི་སྐད་ནས་བཞུགས་ཏེ་ཞེས་པའི་བར་རོ། །འདི་ལ་སློབ་དཔོན་ཨ་ལཾ་ཀ་ཀ་ལ་ཤའི་འགྲེལ་པར་རྣམས་པ་གསུམ་གྱིས་སྟོན་ཏེ། དགོས་པའི་དོན་ནི་ཉན་པ་པོའི་དབུགས་དབྱུང་བ་དང༌། སངས་རྒྱས་ཀྱི་བཀའ་བསྐྱང་བ་དང་། ཡིད་ཆེས་པའི་གདམས་ངག་ཐོབ་པས་རང་ཉིད་ཉན་པ་པོ་ཁྱད་དུ་འཕགས་པར་བསྟན་པ་གསུམ་མོ། །བསྡུས་པའི་དོན་ནི། འདི་སྐད་ཀྱིས་ཆོས་བསྟན་པའི་བྱ་བ་དང༌། བདག་གིས་ཐོས་ཞེས་པས་འཁོར་དང༌། དུས་གཅིག་ན་ཞེས་པས་དུས་དང༌། བཅོམ་ལྡན་འདས་ཞེས་པས་སྟོན་པ་དང༌། དེ་བཞིན་གཤེགས་པ་ཞེས་སོགས་ལྷག་མས་གནས་ཕུན་སུམ་ཚོགས་པ་བསྟན་ཞིང༌། སྡུད་པ་པོ་ནི་གསང་བདག་གམ་འཇམ་དབྱངས་ཡིན་ཞེས་ཟེར་རོ། །ཡན་ལག་གི་དོན་ལ་འདུས་པའི་དབང་དུ་བྱས་ནས་བཤད་ན་སྒྲོན་གསལ་ལས་ཇི་ལྟར་བཤད་པ་བཞིན་དུ་ཡིག་དོན་དང་སྤྱི་དོན་དང༌། སྦས་པ་དང་མཐར་ཐུག་དང་བཞིས་འཆད་ལ། རྒྱུད་འདི་རྒྱུད་གཉིས་ཀྱི་ཐུན་མོང་གི་བཤད་རྒྱུད་ཡིན་པས་ཕ་རྒྱུད་དང་མ་རྒྱུད་གཉིསཀའི་དབང་དུ་བྱས་ནས་འཆད་ན། ཕྱི་དང་ནང་གི་བཤད་པ་གཉིས་སུ་འཆད་དེ་དྲང་ངེས་ཀྱི་བཤད་པའོ། །དང་པོ་ནི། འདི་སྐད་ནི་བསྡུ་བར་བྱ་བའི་རྒྱུད་མ་ལུས་པ་སྟོན་པའི་ཚིག་གི་ཕྲད་དོ། །བདག་གིས་ནི་སྡུད་པ་པོ་ཕྱག་རྡོར་བདག་ཉིད་ཀྱིས་སྟོན་པ་ལ་མངོན་སུམ་དུ་ཐོས་ཀྱི་གཞན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མིན་པ་དང༌། ཐོས་པས་ནི་རྟོགས་པ་མིན་པར་བསྟན་ཏོ། །དུས་གཅིག་གི་ཚེ་ན། འདི་ཐོས་ཞེས་སྦྱར་ན་གཞན་དུ་ནི་མ་ཐོས་པདང༌། ཡང་ན་དུས་གཞན་གྱི་ཚེ་གཞན་ཐོས་པ་དང༌། ཡང་ན་དུས་སྐད་ཅིག་མ་


JLD006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཐོས་ཞེས་པས། རིམ་པ་བཞིན་རང་ཉིད་ཐོས་པ་མང་བ་དང༌། རྒྱུད་རྙེད་པར་དཀའ་བ་དང༌། ཤེས་རབ་ཕུལ་དུ་བྱུང་བར་བསྟོན་ཏོ། །དེ་ལྟར་ཐོས་ན་གང་ལས་གང་དུ་གང་དང་ལྷན་ཅིག་ཏུ་ཐོས་ཞེས་གླེང་གཞི་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དབང་ཕྱུག་ལ་སོགས་པའི་སྐལ་བ་ཕུལ་སུམ་ཚོགས་པ་དང་ལྡན་པ་དང༌། བདུད་བཞི་ལ་སོགས་པའི་མི་མཐུན་ཕྱོགས་མ་ལུས་པར་བཅོམ་པ་དང་ལྡན་པའོ། །དེ་བཞིན་སོགས་ཀྱིས་གང་དུ་ཐོས་པའི་གནས་སྟོན་ཏེ། དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །དེ་དང་ཐམས་ཅད་ནི་གཞི་མཐུན་པ་སྟེ། སྟོན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་སྐུ་གསུང་ཐུགས་ཀྱི་སྙིང་བོ་གཞི་མཐུན་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་རྡོ་རྗེ་བཙུན་མོ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་སྟེ། དེ་ནི་ཉོན་མོངས་པ་རྣམས་འཇོམས་པ་ན་བྷ་གའོ། །དེ་མཚོན་པའི་ཆོས་འབྱུང་བྷ་ག་ལ་བཞུགས་པ་ནི་དེའི་ནང་གི་གཞལ་ཡས་ཁང་ན་གནས་པ་སྟེ། དཔེར་ན་གྲོང་གི་དབུས་ཀྱི་ཁང་བཟང་ན་བཞུགས་པ་ལ་གྲོང་ན་བཞུགས་ཟེར་བ་བཞིན་ནོ། །འདིའི་དཔེ་ཁ་ཅིག་ལ་རྩ་རྒྱུད་བཞིན་སྙིང་བོ་རྡོ་རྗེ་ཞེས་དང༌། ཁ་ཅིག་ལ་རྡོ་རྗེ་སྙིང་བོ་ཡོད་ཀྱང་སྔ་མ་དག་སྟེ། སྒྲོན་གསལ་དང་དེའི་འགྲེལ་པ་ལས་ཀྱང་སྔ་མ་བཞིན་བཤད་དོ། །འགྲེལ་པ་ལས་རྡོ་རྗེ་བཙུན་མོ་སྤྱན་མ་སོགས་དང༌། དེའི་བྷ་ག་ཆོས་འབྱུང་ལ་བཤད་ཅིང༌། བཞུགས་སོ་ཞེས་འདོན་ལ། འགྱུར་རྣམས་ལས་བཞུགས་ཏེ་ཞེས་སོ། །


JLD006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནང་ངེས་དོན་གྱི་བཤད་པ་ནི། འདི་སྐད་ཀྱི་སྐད་དོད་ཨེ་ཝཾ་གྱི་ཨེའི་དོན་ནི་ཤེས་རབ་དག་དེའི་མཚན་མ་དང༌། དེའི་རྩ་དང༌། དེའི་རིག་པའོ། །ཝ་ནི་ཐབས་དང་དེའི་རྒྱལ་མཚན་དང༌། དེའི་རྩ་དང༌། དེའི་རིག་པའོ། །ཝའི་ཐིག་ལེ་ནི་དེ་གཉིས་སྦྱར་བས་ཐིག་ལེའི་ངོ་བོ་བདེ་ཆེན་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བས་ཆོས་སྐུ་མཚོན་པའོ། །བདག་གི་སྐད་དོད་ཨ་ཧཾ་གིས་རྒྱུད་རིམ་དང་ཡེ་ཤེས་ཀྱི་རིམ་པའི་ངོ་བོའི་ཐིག་ལེ་བཞིས་འཁོར་ལོ་བཞི་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་མཚན་པའོ། །ཤུ་ཏྲས་ནི་འཛག་པའི་དོན་གྱི་སྤྲུལ་སྐུ་མཚོན་པའོ། །དུས་གཅིག་ནི་བཟང་ངན་བསམ་མི་ཁྱབ་ཀྱི་དུས་གསུམ་ལས་བསམ་མི་ཁྱབ་ཀྱི་དུས་འབྱུང་རྡུབ་ཀྱི་སྲོག་རྩོལ་འགགས་པའི་དུས་སོ། །བཅོམ་ལྡན་འདས་ནི་དགའ་བ་གསུམ་འཇོམས་པའི་ལྷན་སྐྱེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་བདུན་ཁྲི་ཉིས་སྟོང་སྡུད་པའི་འཁོར་ལོ་བཞིའང་དྲུག་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་ནི་རྩའི་གཙོ་མོ་གསུམ་མོ། །དེ་ཉིད་ནི་སྙིང་བོ་སྟེ་དེའི་དབང་གིས་རྩ་གཞན་རྣམས་བསྐྱེད་པའོ། །དེའི་ངོ་བོའི་རྡོ་རྗེ་བཙུན་མོ་ནི་ལས་དང་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་བྷ་ག་རྣམས་ནི་ཆོས་འབྱུང་གི་ལྟེ་བ་ལ་འགྲེལ་པས་བཤད་དོ། །རྩ་རྒྱུད་ལ་མཐའ་དྲུག་དང་ཚུལ་བཞིས་འཆད་པ་ལྟར་དེའི་བཤད་རྒྱུད་ལ་བཤད་མི་དགོས་ན་རྒྱུད་འདིའི་གླེང་གཞི་ལ་སྔར་ལྟར་འཆད་པ་མི་རིགས་ལ། དགོས་ན་རྩ་རྒྱུད་དུ་སྦས་པ་བཤད་རྒྱུད་དུ་གསལ་བར་སྟོན་པ་དང་འགལ་


JLD006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྙམ་ན། འདི་ལ་འདུས་པ་ཕྱི་མའི་འགྲེལ་པར་ནཱ་རོ་བས་ཚུལ་བཞི་དང་དྲང་ངེས་ཀྱི་བཤད་པ་མང་དུ་མཛད་ལ། མན་ངག་སྙེ་མ་སོགས་སུ་ཡང་བཤད་རྒྱུད་ལ་དྲང་ངེས་ཀྱི་བཤད་པ་ཡོད་པས། བཤད་རྒྱུད་ལ་མ་སྦས་པར་གསལ་བོར་བཤད་པ་ཤིན་ཏུ་མང་མོད་ཀྱང༌། གཞུང་ཁ་ཅིག་ལ་རྩ་རྒྱུད་བཞིན་དུ་བཤད་དགོས་པ་ཡང་ཡོད་དོ། །དེ་ལྟ་ནའང་འགལ་བ་ནི་མེད་དེ། དགོངས་པ་ལུང་སྟོན་ལས་རྩ་རྒྱུད་ཀྱི་ལེའུ་བཅུ་གཉིས་ཀྱི་གཞུང་རྣམས་ཚང་བར་སོར་གཞག་མཛད་ལ། དེ་ལ་མཐའ་དྲུག་དང་ཚུལ་བཞིས་བཤད་དགོས་པ་མང་དུ་ཡོད་པ་བཞིན་དུ། །བཤད་རྒྱུད་གཞན་ལ་ཡང་མ་སྦས་པར་གསལ་བོར་བཤད་པ་ཤིན་ཏུ་མང་ཡང༌། རྩ་རྒྱུད་ལྟར་སྦས་པ་འགའ་ཞིག་བཀོད་པ་ཡང་ཡོད་པས་སོ། །དེས་ན་རྒྱུད་འདི་རྩ་རྒྱུད་ཀྱི་གླེང་གཞིའི་ཡི་གེ་བཞི་པཅུ་ཚིགས་བཅད་བཞི་པཅུས་བཤད་པ་ལྟར་རྒྱུད་འདིའི་གླེང་གཞི་ཡང་དེ་ལྟར་བཤད་པ་མི་འགལ་ལོ། །གླེང་བཞི་ལ་དྲང་ངེས་གཉིས་སུ་བཤད་པའི་ངེས་དོན་གྱི་བཤད་པ་རྫོགས་པར་བྱས་ན་སྦས་པ་དང་། མཐར་ཐུག་གཉིས་ཀྱང་རྒྱས་པར་བཤད་དུ་ཡོད་པས། དྲང་ངེས་གཉིས་ཀྱི་བཤད་པ་དང་མཐར་ཐུག་གི་བཤད་པ་ནི་མི་འགལ་ལོ། །དྲང་དོན་འཆད་ན། དེ་ལ་སྔོན་བ་བྱུང་དང་རྗེས་འཇུག་གི་དབང་དུ་བྱས་པ་གཉིས་སུ་བཤད་ལ། ངེས་དོན་འཆད་པ་ལ་རྒྱུད་གང་གི་རྗེས་སུ་འབྲེངས་ཏེ་འཆད་པའི་ཚུལ་ནི། གཙོ་བོར་ཕ་རྒྱུད་ཀྱི་དབང་དུ་བྱས་ནས་འཆད་ན། རྒྱུད་འདི་དང་དགོངས་པ་ལུང་སྟོན་བཞིན་བཤད། ཕ་རྒྱུད་མ་རྒྱུད་གཉིས་ཀའི་དབང་དུ་བྱས་ན། སཾ་བྷུ་ཊ་ལྟར་བཤད་དོ། །གྲུབ་


JLD006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་གཞུང་གང་གི་རྗེས་སུ་འབྲངས་ནས་འཆད་ན། འདུས་པའི་གླེང་གཞི་གསང་བ་གྲུབ་པ་ལྟར་བཤད་པ་དང་། འདུས་པས་ཐོག་དྲངས་པའི་ཕ་རྒྱུད་ཀྱི་གླེང་གཞི་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ལྟར་བཤད་དགོས་ཏེ། འདི་སཾ་བྷུ་ཊ་དང་མཐུན་ཤས་ཆེའོ། །ལེའུ་བཅུ་གསུམ་པ་ལ་གསུམ་ལས། མཉན་པར་བསྐུལ་བ་ནི། དེ་ནས་ཞེས་པ་གཉིས་ཏེ་དུས་དང་བཤད་བྱ་དང༌། སྟོན་པར་བསྐུལ་བ་དངོས་སོ། །ལེའུའི་དོན་བཤད་པ་ལ་གཉིས་ལས། མདོར་བསྟན་ནི། བདེ་ཆེན་ཅི་ཞེས་དྲིས་པའི་ལན་དུ། །རྡོར་སེམས་ཞེས་སོགས་རྐང་པ་བཅུས་བདེ་ཆེན་མདོར་བསྟན་ཏེ། རྡོ་རྗེ་དང༌། སེམས་དཔའ་དང༌། རང་རིག་པ་དང༌། མཆོག་གི་མཆོག་དང༌། ཀུན་རྟོག་གིས་སྟོད་པ་དང༌། ལྷན་སྐྱེས་ཀྱི་བདེ་ཆེན་གྱི་དུས་སུ་གཟུང་འཛིན་དང་བྲལ་བ་དང༌། བདེ་སྡུག་དང་བྲལ་བ་དང༌། ཞི་བ་དང་གཉིས་མེད་དང་བྲལ་བ་དང་། དངོས་པོ་ཀུན་གྱི་རང་བཞིན་དུ་གྱུར་པ་ལ་བདེ་བ་ཆེན་པོ་ཞེས་རྒྱུད་འདིར་བརྗོད་དོ། །རྒྱས་བཤད་ལ་དང་པོ་རྡོ་རྗེའི་དོན་བཤད་པ་ནི། རྡོ་རྗེ་ཡེ་ཤེས་ནས་རྡོ་རྗེ་ཞེས་ནི་བརྗོད་ཀྱི་བར་རོ། །རྡོ་རྗེ་གོ་འཕང་གསལ་ཞེས་འགྲེལ་པར་འདོན་ཏེ། རྡོ་རྗེའི་དོན་ནི་ཡེ་ཤེས་ལྔའི་དངོས་ཏེ་ངོ་བོ་དང༌། སངས་རྒྱས་ལྔའི་རང་བཞིན་ཅན་ནམ། རྡོ་རྗེའི་གོ་འཕང་སྟེ་གནས་གསལ་བའོ། །རྩ་ལྔ་ལས་འབབ་པའི་རྒྱུན་ཞེས་པས་ནི་རྟགས་ཀྱི་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་གསང་གནས་ཀྱི་རྡོ་རྗེ་ལ་རྩ་ལྔ་གནས་པ་བསྟན་ནོ། །རྡོ་རྗེའི་དོན་སྔ་མ་ནི་སྟོང་ཉིད་རྟོགས་པའོ། །རང་བཞིན་ཞེས་པ་ནས་ཐམས་ཅད་གསོལ་ཞེས་པའི་བར་གྱིས་སྟོང་ཉིད་རྟོགས་པའི་རྡོ་རྗེའི་རྣམ་པ་སྟོན་ཏེ། འགྲེལ་པར་


JLD006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གསལ་ཞེས་འབྱུང་ངོ༌། །ཉོན་མོངས་ཞེས་པས་ཀུན་རྟོག་གཅོད་པ་དང༌། བདེ་བ་ཞེས་པས་ལུང་བཀག་པའི་དབང་གིས་བདེ་བ་རྫོགས་པར་བསྐྱེད་པ་བསྟན་ནོ། །སྟོང་པ་དེ་ལ་བཞིར་ཕྱེ་ནས་སྟོན་པ་ནི། སྟོང་པ་ཞེས་པ་གསུམ་མོ། །ནམ་མཁའ་ཞེས་པ་ནི། ནམ་མཁའ་ལྔ་ནི་ཕུང་སོགས་འོད་གསལ་དུ་ཞུགས་པའི་ཆ་ནས་སོ། །མི་ཆོད་ཅེས་པ་གཉིས་ཀྱིས་རྡོ་རྗེའི་སྒྲའི་དོན་བཤད་དོ། །ཡེ་ཤེས་ཞེས་པ་གཉིས་དོན་བསྡུས་སོ། །སྙིང་རྗེ་ཞེས་པ་ནས་རྣམ་པར་འཕེལ་གྱི་བར་གྱིས་སྙིང་རྗེའི་དོན་བཤད་ནས། རྡོ་རྗེའི་རྩེ་མོར་ཞེས་པ་བཞིས་སེམས་དཔའི་དོན་བཤད་པར་འགྲེལ་པ་ལས་འཆད་ཀྱང༌། རྡོ་རྗེའི་སྟོང་ཉིད་རྟོགས་པ་དང༌། སེམས་དཔའི་དོན་སྙིང་རྗེར་འཆད་པ་ལེགས་སོ། །འདི་ནི་རྡོ་རྗེ་སེམས་དཔར་བརྗོད། །ཅེས་པ་ནི་རྡོ་རྗེ་དང་སེམས་དཔའ་གཉིས་ཀའི་དོན་བསྡུར་བྱ་སྟེ། རྡོ་རྗེའི་རྩེ་མོ་ལྔ་དང་འདྲ་བའི་གསང་གནས་ཀྱི་རྡོ་རྗེའི་རྩའི་ཁོང་སྟོང་གི་ནམ་མཁའ་ལྔའི་ལམ་བྱང་སེམས་ཀྱིས་གང་བ་རྡོ་རྗེ་དང་ༀ་ཡིག་གིས་ཕྱིར་མི་འཕོ་བར་འཛིན་པ་སེམས་དཔའི་དོན་ཏོ། །རྡོ་རྗེ་རྒྱས་པའི་རྩེ་མོར་འཛིན་པ་ལ་སེམས་དཔའོ། །སེམས་དཔའི་དོན་ཀྱང་དེ་དང་ལྷན་སྐྱེས་གཉིས་སུ་བཤད་དོ། །བདེ་ཆེན་འཆད་པ་ནི། དེ་ཉིད་ཅེས་པ་དྲུག་གོ །དང་པོས་གང་བདེ་ཆེན་དུ་འཇོག་པ་དང༌། གཉིས་པ་དང་གསུམ་པས་དེར་འཇོག་པའི་རྒྱུ་མཚན་བསྟན་ཏེ། ལྷན་སྐྱེས་ཀྱི་བདེ་བས་ཀུན་ལ་ཁྱབ་པ་མཚོན་པ་དང༌། དེའི་རྟེན་ཀུན་ད་ལྟ་བུས་རྩ་ཀུན་ལ་ཁྱབ་པ་མཚོན་པའོ། །དེ་གང་གིས་སྐྱེད་པ་ནི་དཔའ་བོ་ཞེས་གཅིག་གོ །མི་ཕྱེད་ཅེས་པ་གཉིས་


JLD006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་ཕྱེད་གོ་འཕང་ཞེས་པ་འཆད་དོ། །རང་རིག་འཆད་པ་ནི། རང་རིག་ཅེས་པ་དྲུག་གོ །དེའི་དང་པོ་གཉིས་ཀྱིས་རང་རིག་གི་དོན་དང༌། དཔེ་བྲལ་གྱིས་རྣལ་འབྱོར་མ་སྦྱོར་ལས་གཞན་པའི་དཔེ་མེད་པ་དང༌། མཚོན་པར་དཀས་ནི། བླ་མའི་མན་ངག་དང་མི་ལྡན་ན་མཚོན་མི་ནུས་པར་བསབསྟན་ནོ། །རང་གི་ཞེས་པ་གཅིག་གིས་རང་ལ་གནས་པ་དང་། གཞོན་ནུ་མ་ཞེས་པ་གཅིག་གིས་ཉམས་སུ་མྱོང་བ་ལས་གཞན་གྱིས་དེ་མི་ཤེས་པ་དང༌། ཇི་ལྟ་བ་བཞིན་སྨྲར་མེད་པ་སྟོན་ལ། རང་རིག་པ་ཞེས་པ་ནི་མཐར་སྦྱར་རོ། །མཆོག་ཏུ་ཞེས་པ་གཅིག་ནི། འགྲེལ་པས་ཕྱིར་ལ་སྦྱོར་ཡང་སྔ་མ་ལ་སྦྱར་ན་ལེགས་སོ། །མཆོག་འཆད་པ་ནི། དེ་ཉིད་ཅེས་པ་ལྔའོ། །ཀུན་རྟོག་གིས་སྟོང་པ་འཆད་པ་ནི། དངོས་དང་ཞེས་པ་བཅུའོ། །གཟུང་འཛིན་སྤངས་པ་འཆད་པ་ནི། གཟུང་དང་ཞེས་པ་བརྒྱད་དོ། །བདེ་སྡུག་ལས་གྲོལ་བ་འཆད་པ་ནི། བདེ་བ་ཞེས་པ་བརྒྱད་དོ། ཞི་བ་དང་གཉིས་མེད་དང་བྲལ་བ་འཆད་པ་ནི། ཉན་ཐོས་ཞེས་པ་བཅུའོ། །དངོས་པོ་ཀུན་གྱི་རང་བཞིན་འཆད་པ་ནི། དངོས་པོ་ཞེས་པ་དྲུག་གོ །དོན་བསྡུ་བ་ནི། རྣལ་འབྱོར་ཞེས་པ་བཅུའོ། །འགྲེལ་པས་མདོར་བསྟན་དང་རྒྱས་བཤད་ཀྱི་སྐབས་གཉིས་ཀ་རྒྱུད་གཉིས་སོ་སོ་བ་དང་ཐུན་མོང་གི་ཡུལ་གཉིས་སུ་འཆད་དོ། །སྟོང་ཉིད་ཀྱི་རྡོ་རྗེ་ལ་བདེ་བས་སེམས་པ་དང༌། གསང་གནས་ཀྱི་རྡོ་རྗེའི་རྩེར་གང་བ་ལ་སེམས་པའི་རྡོ་རྗེ་སེམས་དཔའ་གཉིས་པོཤད་པའི་དང་པོས་བདེ་སྟོང་སྦྱོར་བ་རྟོགས་པ་དང༌། གཉིས་པས་བདེ་བའི་རྟེན་ནོར་བུའི་རྩེའི་བར་དུ་ཕབ་ནས་མི་འཕོ་བར་གཟུང་བ་དང༌། དེ་ཡང་རིག་མ་དང་སྦྱོར་བའི་སྐབས་དང༌།


JLD006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱང་ཡི་གེ་ནི་ༀ་ཡིག་དང་དེའི་མཚོན་དོན་རླུང་ནང་དུ་འཇུག་པ་ཡིན་ལ། དེ་ཡང་སྐབས་ཀྱིས་ཐུར་སེལ་ལྟེ་བར་ནང་དུ་འཇུག་པའི་གནད་ཀྱིས་བྱ་དགོས་པར་བསྟན་ནོ། །དེའི་ཁྱད་པར་ནི་བདེ་ཆེན་སོགས་ཀྱིས་སྟོན་པ་ལ་བདེ་ཆེན་གྱིས་དགའ་བ་བཞི་ཀ་ལ་ཁྱབ་དགོས་པར་བསྟན་པས་ནི་མས་བརྟན་སྟོན་ལ། རྩ་ཀུན་ལ་ཁྱབ་པ་ནི་དེའི་མཐུས་བདེ་བ་བརྟན་པའོ། །རང་རིག་གིས་ནི་ཉམས་སུ་མྱོང་བ་འདྲ་བ་གཞན་གྱིས་བསྟན་དུ་མེད་པས་ཉམས་སུ་མྱོང་དགོས་པ་དང༌། དེའི་ཐབས་གཞན་གྱིས་མི་ནུས་པ་དང་ཐབས་དེ་ཡང་བླ་མའི་མན་ངག་ཉིད་ལ་རག་ལས་པར་བསྟན་ནོ། །མཆོག་གིས་ནི་ཀུན་རྟོག་གཅོད་པ་ལ་ཕུལ་དུ་བྱུང་བ་སྟེ་རྩོད་དུས་སུ་དེ་ལ་བསྔགས་སོ། །གཟུང་འཛིན་སྤངས་པས་ནི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་ངོར་གཉིས་སྣང་ལྡོག་པས། སྒྲུབ་པ་དང་མ་ཡིན་དགག་གི་རྣམ་པར་མཐོང་བ་དེ་ཉིད་མཐོང་བ་མིན་པར་སྟོན་ནོ། །བདེ་སྡུག་བྲལ་གྱིས་ནི་སྲིད་ཞིའི་མཐའ་གཉིས་གནོན་པའི་ཚུལ་ཐུན་མོང་མ་ཡིན་པར་སྟོན་ནོ། །ཞི་བ་དང་གཉིས་མེད་སྤངས་ཀྱིས་ནི་ཐེག་ཆེན་གྱི་ཡེ་ཤེས་དགོས་པ་དང༌། དེའང་ཐེག་པ་འདིའི་ལམ་དགོས་པར་སྟོན་ནོ། ཀུན་གྱི་རང་བཞིན་ནི་གོ་སླའོ། །རྣལ་འབྱོར་ཞེས་པ་ཕྱེད་དང་གཉིས་ཀྱིས་ལྷན་སྐྱེས་གཅིག་པུས་འགྲུབ་པ་དང༌། དེ་ལས་གཞན་པའི་བཅོས་མའི་རྣལ་འབྱོར་མི་དགོས་པར་སྟོན་ཞིང༌། ཅུང་ཟད་ཅེས་སོགས་ཀྱིས་དབང་གིས་མཚོན་ནས་བསྒོམ་དགོས་པ་རྣལ་འབྱོར་མའི་རྒྱུད་དམ་དེའི་དྲིན་གྱིས་རྟོགས་པར་བྱ་བར་བསྟན་ནོ། །འདི་ནི་རྗེ་ཐམས་ཅད་མཁྱེན་པ་རང་ཉིད་ཀྱིས་མཛད་པའི་ཟིན་བྲིས་སོ། །འདིས་ཀྱང་སངས་རྒྱས་


JLD006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ། །བྷ་ཝ་ནྟུ།། །།


previousབཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།next