Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  collapse section
རྡོ་རྗེ་བཟླས་པའི་རིམ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
  expand section
   
   


 
previousརྡོ་རྗེ་བཟླས་པའི་རིམ་པའི་ཟིན་བྲིས།next

རྡོ་རྗེ་བཟླས་པའི་རིམ་པའི་ཟིན་བྲིས།

ཤོག་ལྷེབ་ ༡༨༧ ནས་ ༢༠༠ བར།


JLD006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཟླས་པའི་རིམ་པའི་ཟིན་བྲིས་བཞུགས་སོ། །


JLD006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་དུས་ཐམས་ཅད་དུ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཐབས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་བཅོམ་ལྡན་འདས་འཇམ་པའི་དབྱངས་དང༌། དབང་ཕྱུག་བརྒྱད་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཞབས་ལ་གུས་པ་ཆེན་པོས་སྐྱབས་སུ་མཆིའོ། །གདམས་པའི་མཐར་ཐུག་རྡོ་རྗེ་བཟླས་པའི་རིམ་པའི་མན་ངག་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། བཛྲ་ཛ་པ་ཀྲ་མ་ཞེས་པ་སྟེ། བཛྲ་ནི་རྡོ་རྗེ་དང༌། ཛ་པ་ནི་བཟླས་པ་དང༌། ཀྲ་མ་ནི་རིམ་པ་སྟེ་མཚན་བསྒྱུར་བའོ། །རྗེ་བཙུན་འཛམ་དཔལ་ལ་ཕྱག་འཚལ་བ་ནི། སྐྱེས་མཆོག་རིན་ཆེན་བཟང་བོས་རང་གི་


JLD006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ལྷ་ལ་བར་ཆད་ཞི་བའི་དོན་དུ་ཕྱག་མཛད་པའོ། །གཉིས་པ་ལ་བཞི། རྩོམ་པ་ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་གདམས་པ་དངོས། གདམས་པ་བཤད་པའི་སྣོད་ཀྱི་ཁྱད་པར། གདམས་པ་རྙེད་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང༌། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། བཏུད་ཅེས་དྲང་སྟེ་ཕྱག་འཚལ་བའི་དོན་ཏོ། །གང་ལ་ན། ཚོགས་གཉིས་ཡོངས་སུ་རྫོགས་པའི་དཔལ་དང་ལྡན་ཞིང༌། བདག་མེད་པའི་དེ་ཁོ་ན་ཉིད་མཐར་ཐུག་པ་ལ་མར་ལ་མར་བཞག་པ་བཞིན་དུ་རྗེས་སུ་ཞུགས་པའི་ལྷན་ཅིག་སྐྱེས་པའི་བདེ་བ། འཁོར་བ་ཇི་སྲིད་པར་རང་གིས་ངང་གིས་འཇུག་པས་དུས་ནས་ཡང་ཆོས་ཀྱི་སྐུ་ལ་གཡོ་བ་མེད་པས་ཆེན་པོ་སྟེ་མཆོག་ཏུ་གྱུར་པ་དེ་ལའོ། །དེའང་རྣམ་སྣང་ལ་སོགས་


JLD006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀུན་གྱི་བདག་ཉིད་ཁྱབ་བདག་ཏུ་གྱུར་པའི་མགོན་པོ་དྲུག་པ་རྡོ་རྗེ་འཆང་ངོ་། །གང་གིས་ན་འཕགས་པས་སོ། །ཅིའི་དོན་དུ་ན། རང་ཉིད་དམ་པར་བསྟན་པ་དང༌། གཞན་དག་དང་བསྐྱེས་ནས་བསྟན་བཅོས་ལ་འཇུག་པའི་དོན་དུའོ། །གཉིས་པ་ནི། ཏེ་ཞེས་པ་སྨྲ་སྒོ་ལས། ཏེ་ནི་ལྷག་མ་ཅན་ཡིན་ཏེ། །མཚམས་སྦྱར་བ་དང་དམ་བཅའ་དང༌། །གཞན་འདྲེན་པ་དང་གསུམ་དུ་འདོད། ཅེས་བཤད་པ་ལྟར་གསུམ་ཡོད་ཀྱང་འདིར་ནི་བཏུད་ནས་བཤད་པར་བྱའོ་ཞེས་ལྷག་མ་འདྲེན་པའོ། །གང་ན། རྡོ་རྗེ་བཟླས་པའི་རིམ་པ་སྟེ་དེའི་དོན་ནི་འཆད་པར་འགྱུར་རོ། །རྒྱུད་གང་ལ་བརྟེན་ནས་ཤེ་ན། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་པར་གྱི་ཚིག་མི་མངོན་པར་བྱས་པ་སྟེ་རྩ་རྒྱུད་གསང་བ་འདུས་པ་དང་དེའི་བཤད་རྒྱུད་རྣམས་ཀྱི་རྗེས་སུ་འབྲངས་ནས་སོ། །དེ་ལ་རྣམ་འབྱོར་ནི་འདུས་པ་ཕྱི་མ་ལས། རྣལ་འབྱོར་གྱི་རྒྱུད་ཅེས་གསུངས་པའི་རྣལ་འབྱོར་གྱི་དོན་དྲིས་པའི་ལན་དུ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། ཞེས་གསུངས་ཏེ། རྣལ་འབྱོར་གྱི་སྐད་དོད་ཡོ་ག་ཞེས་པ་རྣལ་འབྱོར་དང་སྦྱོར་བ་གཉིས་ཀ་ལ་འགྲོ་བས་སྦྱོར་བའི་དོན་ནོ། །སུ་ཞིག་སྦྱོར་ན་ཐབས་ཤེས་གཉིས་སྦྱོར་ལ། ཐབས་ཤེས་ནི་དངོས་པོ་དང་དངོས་མེད་དོ་ཞེས་པ་ཙམ་ལས་མ་གསུངས་པའི་ཐབས་ཤེས་སྦྱོར་བ་འདི་ལ་ཚུལ་བཞིའི་དབང་དུ་བྱསཔའི་སྦྱོར་ཚུལ་བཞི་ཡོད་མོད་ཀྱང་གཙོ་བོའི་དོན་ནི་ཐར་ཐུག་གི་ཐབས་ཤེས་སྦྱོར་བའོ། །དེ་ལའང་འོད་གསལ་གྱི་མཐར་ཐུག་དང་ཟུང་


JLD006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་མཐར་ཐུག་གཉིས་ཡོད་ཀྱང་ཟུང་འཇུག་གི་མཐར་ཐུག་ལ་བལྟོས་ཏེ་འོད་གསལ་ཡན་གར་བའི་ཐབས་ཤེས་སྦྱོར་ན་ནི་ཕྱོགས་གཅིག་པ་ཡིན་པས་འདིར་ནི་ཟུང་འཇུག་གི་ཐབས་ཤེས་ལ་བྱ་ལ། དེའང་རྒྱུད་ཕྱི་མར་ཏིང་ངེ་འཛིན་གྱི་ཡན་ལག་ཐབས་ཤེས་སྙོམས་པར་འཇུག་པའི་ཡེ་ཤེས་ཀྱི་སྐུར་བཤད་པའི་དོན། སྒྲོན་གསལ་ལས། ཐབས་ཀུན་རྫོབ་བདེན་པ་དང་ཤེས་རབ་དོན་དམ་གཉིས་སྦྱོར་བ་ལ་བཤད་པས་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་གཉིས་སྐུ་དང་ཐུགས་སུ་དབྱེར་མི་ཕྱེད་པར་སྦྱོར་བའི་ཚུལ་བླ་ན་མེད་པ་ལ་བྱ་སྟེ་འདི་གསལ་བར་རིམ་པ་ཕྱི་མ་གསུམ་གྱི་སྐབས་སུ་བཤད་པར་བྱའོ། །དེ་འདྲ་བའི་ཟུང་འཇུག་གི་ཐབས་ཤེས་སྦྱོར་བ་གཙོ་བོར་སྟོན་པ་ནི་འདུས་པ་རྩ་བཤད་རྣམས་ཡིན་ཏེ། དེས་ནི་དེ་ཉིད་བསྡུས་པ་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་རྣམས་དང་མི་འདྲ་བའི་ཁྱད་པར་ཆེས་ཤིན་ཏུ་ཆེ་བར་བསྟན་ཏོ། །དཔལ་ཀླུའི་བྱང་ཆུབ་ཀྱིས་དེ་ཉིད་བསྡུས་པ་ལ་སོགས་པ་ནས། དཀྱིལ་འཁོར་བའི་ལྷ་རྣམས་ཕལ་ཆེར་ཞལ་གཅིག་པར་གསུངས་ལ། འདུས་པར་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཞལ་གསུམ་པར་གསུངས་པའི་རྒྱུ་མཚན་དྲིས་པའི་ལན་དུ། དགོངས་པ་ལུང་སྟོན་གྱི་རྡོ་རྗེ་ཐལ་མོ་ངེས་དོན་དུ་བཤད་པའི་སྐབས་རྣམས་དྲངས་ནས། གཡས་ཞལ་ཐབས་ཡིན་པས་ཀུན་རྫོབ་སྒྱུ་མ་དང༌། གཡོན་ཞལ་ཤེས་རབ་ཡིན་པས་དོན་དམ་འོད་གསལ་མཚོན་ལ། དེ་གཉིས་གང་ལ་སྦྱོར་བའི་རྩ་ཞལ་ནི་བདེན་གཉིས་དབྱེར་མེད་དུ་སྦྱོར་བའི་ཟུང་འཇུག་མཚོན་བྱེད་ཡིན་པས་ཐམས་ཅད་ཞལ་གསུམ་པར་བཤད་དོ་ཞེས་


JLD006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། འདུས་པ་ལས་ཟུང་འཇུག་གི་སྐུ་དང་དེའི་ཐབས་རྫོགས་པར་སྟོན་པས་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཞལ་གསུམ་པར་གསུངས་པར་བཞེད་དོ། །འདི་ནི་རྣམ་འབྱོར་གྱི་དོན་ཐབས་ཤེས་དབྱེར་མེད་དུ་སྦྱོར་བའི་གནད་རྫོགས་པར་སྟོན་པ་དང་དོན་གཅིག་གོ །དེས་ན་ཡུལ་སྟོང་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་རོ་མཉམ་དུ་སྦྱར་བ་ཙམ་ནི་རྣལ་འབྱོར་རྒྱུད་མན་ཆད་ལའང་ཡོད་ལ། ཡུལ་སྟོང་ཉིད་དང་ཡུལ་ཅན་ལྷན་ཅིག་སྐྱེས་པའི་བདེ་བ་གཉིས་དབྱེར་མེད་དུ་བྱེད་པ་ཙམ་ནི་འདིའི་ལུགས་ཀྱི་འོད་གསལ་མན་ཆད་ཀྱི་ཐབས་ཤེས་དབྱེར་མེད་དུ་སྦྱོར་ལུགས་ཡིན་གྱི་ཟུང་འཇུག་གི་སྦྱོར་ལུགས་མིན་ནོ། །རྒྱུད་ནི་འདུས་པའི་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། ཞེས་གསུངས་པ་ལྟར་རྒྱུན་ཆགས་པ་སྟེ། དེ་ལ་རྒྱུ་རྒྱུད་ཐབས་རྒྱུད་འབྲས་རྒྱུད་གསུམ་དུ་བཤད་པ་ནི་བརྗོད་བྱ་དོན་གྱི་རྒྱུད་ཀྱི་དབང་དུ་མཛད་ལ། འདིར་ནི་རྗོད་བྱེད་གཞུང་གི་ཚིག་རྒྱུན་ཆགས་པ་ལ་བྱའོ། །གང་ཟག་གང་གིས་བཤད་ན་འཕགས་པས་སོ། །དེ་ལྟར་བཤད་པའམ་བརྩམ་པར་དམ་བཅས་པའི་དགོས་པ་ནི་དམ་པ་རྣམས་ཁས་བླངས་པའི་ཁུར་མི་འདོར་བས་རྩོམ་པ་མཐར་དབྱུང་བའི་དོན་དུའོ། །གཉིས་པ་ལ་གཉིས། ལམ་གྱི་རིམ་པ་སྦྱིའི་རྣམ་པར་བཞག་པ་དང༌། རྡོར་བཟླས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི། རིམ་གཉིས་སྤྱིའི་གོ་རིམ་དང༌། རྫོགས་རིམ་ལྔའི་གོ་རིམ་དང༌། དེ་རྣམས་རྒྱུད་གང་ལ་གནས་པ་དང༌། ཇི་ལྟར་བྱ་བ་བཞིན་རྟོགས་པའི་ཐབས་བསྟན་པའོ། །དང་པོ་ནི། རིམ་ལྔ་ལ་ཚིག་འགྲེལ་མང་དུ་ཡོད་ཀྱང་དོན་


JLD006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འགྲེལ་པ་ཚད་མར་གྱུར་པ་ནི་སྤྱོད་བསྡུས་ཏེ། འདིས་རིམ་པ་ལྔར་བཤད་པ་རྣམས་ཀྱི་མ་ཚང་བ་ཁ་སྐོང༌། རྟོགས་དཀའ་བའི་གནས་གསལ་བར་སྟོན། མདོར་བསྡུས་པ་རྣམས་རྒྱས་པར་འཆད་པས། རིམ་ལྔའི་གཞུང་བཤད་པའི་སྐབས་སུ་གང་སྐབས་ལ་བབ་པ་རྣམས་བླང་བར་བྱའོ། །གསུངས་སོ་ཞེས་དྲང་ངོ༌། །གང་གིས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སོ། །གང་ན་རྡོ་རྗེ་འཆང་གི་གོ་འཕང་བདེ་བླག་ཏུ་བསྒྲུབ་པའི་ཐབས་བསྐྱེད་རྫོགས་གཉིས་ཀྱི་རིམ་པ་འདིའོ། །གདུལ་བྱ་གང་ལ་ན། རྫོགས་པའི་རིམ་པ་ལ་འཇུག་པར་འདོད་པ་རྣམས་ལའོ། །ཇི་ལྟར་དུ་ན། དཔེར་ན་སྐས་ཀྱི་གདང་བུ་གོང་མར་འཛེག་པ་ལ་དེའི་སྔོན་དུ་གདང་བུ་འོག་མར་འཇོག་པའི་རིམ་པ་ལྟ་བུར་རོ། །དེའང་དང་པོར་སྐས་ཀྱི་རིམ་པ་འོག་མ་ལྟ་བུའི་རིམ་པ་ལ་ལེགས་པར་གནས་ཤིང་སྟེ་གནས་ནས་དེའི་འོག་ཏུ་རྫོགས་རིམ་དོན་དུ་གཉེར་བ་ལ་སྐས་ཀྱི་རིམ་པ་གོང་མ་ལྟ་བུའི་རྫོགས་རིམ་སྟོན་ནོ། །ལམ་གྱི་རིམ་པ་འདི་ལྟར་མཛད་པའི་འཇུག་རིམ་ནི་གཙོ་བོར་རིན་པོ་ཆེ་ལྟ་བུའི་གང་ཟག་ཚེ་གཅིག་ལ་འཚང་རྒྱ་བའི་དབང་དུ་མཛད་པ་ཡིན་ཏེ། རིམ་པ་འདིས་སྒྱུ་ལུས་ཐོབ་ན་ཚེ་འདི་ལ་འཚང་རྒྱ་བར་གསུངས་པའི་ཕྱིར་དང༌། དེའི་ལམ་གྱི་རིམ་པ་གཞན་ཅིག་ཡོད་ན་དེ་གཙོ་བོའི་དོན་ཡིན་པས་ལོགས་སུ་སྟོན་དགོས་པ་ལས་མ་བསྟན་པའི་ཕྱིར་དང༌། སྤྱོད་བསྡུས་སུ་རྫོགས་རིམ་ལ་བསླབ་པ་ནི་བླ་མའི་མན་ངག་ཙམ་གྱིས་ཅིག་ཅར་དུ་བསླབ་པ་མ་རིམ་གྱིས་བསླབ་ཅེས་དྲིས་


JLD006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལན་དུ། རིམ་གྱིས་བསླབ་དགོས་པར་ཤེས་བྱེད་དུ་མས་བསྒྲུབས་ཤིང༌། དེའི་མཐར། སེསམ་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟར་བུར་གསུངས། ཞེས་གསུངས་པའི་ཕྱིར་རོ། །རིན་པོ་ཆེ་ལྟ་བུའི་གང་ཟག་ལའང་ལས་དང་པོ་བའི་སྐབས་ཤིག་མེད་པ་ནི་མི་སྲིད་ལ། ཡོད་ན་ནི་དེའི་འཇུག་རིམ་ལ་བསྐྱེད་རིམ་མི་དགོས་པར་འདོད་པ་ནི་རྒྱུད་དང་བསྟན་བཅོས་དུ་མ་དང་ཡང་འགལ་བས་བསྐྱེད་རིམ་ནས་སློབ་དགོས་སོ། །དེའང་སྤྱོད་བསྡུས་ལས་དང་པོར་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་པར་གསུངས་པ་ནི་སྨོན་འཇུག་གཉིས་ཕར་ཕྱིན་བཞིན་དུ་བསྐྱེད་པའོ། །དེ་ནས་སྒྲོན་གསལ་ལས་གསུངས་པ་བཞིན་དུ་དབང་བསྐུར་བ་བླངས་ནས་རྒྱུད་ཉན་ཏེ་རིམ་གཉིས་ཤེས་པར་བྱའོ། །དེ་ནས་དྲན་པ་གཅིག་པའི་ཏིང་ངེ་འཛིན་རྒྱས་བསྡུས་གཉིས་གང་རུང་ལ་བསླབ་བོ། །དེ་ནས་རྟོག་པའི་རྣལ་འབྱོར་སྟེང་འོག་གི་སྒོའི་ཕྲ་མོ་གཉིས་ལ་བསླབ་བོ། །དེ་ལ་ལོངས་པ་ན་ལས་དང་པོ་བའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་ཏེ་བསྐྱེད་རིམ་མཐར་ཕྱིན་པའོ། །དེ་ནས་དབེན་གསུམ་དང་བདེན་གཉིས་དང་ཟུང་འཇུག་ལ་རིམ་ཅན་དུ་བསླབ་པར་གསུངས་ཏེ། བསྐྱེད་རིམ་གྱི་སྔ་ཕྱི་དང་རྫོགས་རིམ་གྱི་སྔ་ཕྱི་ལ་རིམ་ཅན་དུ་བསླབ་པའང་སྐས་ཀྱི་རིམ་པ་ལྟ་བུར་གསུངས། ཞེས་པའི་དོན་དུ་སྦྱར་ཏེ། རྡོ་རྗེ་བཟླས་ལ་ལེགས་གནས་ཤིང༌། །སེམས་དབེན་རིམ་པ་འདོད་རྣམས་ལ། ཞེས་པ་ལྟ་བུར་སྦྱར་རོ། །དེ་ལྟ་ནའང་འོག་མ་དང་མི་ཟློས་ཏེ། སྐབས་འདིར་རིམ་གཉིས་ཀྱི་སྔ་ཕྱི་རྣམས་སྐས་ཀྱི་རིམ་པ་ལྟ་བུར་གསུངས་ཞེས་སྤྱིར་


JLD006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཙམ་ཡིན་ལ། འོག་ནས་སོ་སོའི་མིང་སྨོས་ནས་སྔ་ཕྱིའི་རིམ་པ་བསྟན་པའི་ཕྱིར་རོ། །འོ་ན་རིམ་པ་དེ་ལྟར་བྱ་དགོས་པར་རྒྱུད་གང་དུ་གསུངས་ཤེ་ན། བཤད་པའི་རྒྱུད་རྡོར་ཕྲེང་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། རྣམ་རྟོག་རླུང་ནི་རྣམ་གཅོད་པ། །ཉིན་དང་མཚན་དུ་ངེས་པར་ནི། །བརྒྱ་དང་བརྒྱད་ཀྱིས་ལྷག་པར་རྒྱུ། །རླུང་རྣམས་དེ་རྣམས་རྣམ་རྟོག་ནི། །གང་ཕྱིར་རྣམ་པར་གཅོད་པ་སྐྱེ། །རྣལ་འབྱོར་དེ་ནི་མཆོག་ཏུ་ཞི། །ཐམས་ཅད་སྟོང་པའི་ངོ་བོར་བྱེད། །ཐོག་མར་རྣལ་འབྱོར་སྦྱོར་བ་དྲུག །རྣལ་འབྱོར་རིག་པས་མཆོག་ཏུ་བསྒྲུབ། །དེ་ནས་དབྱངས་མེད་ཡི་གེ་ཧ། །ཤིན་ཏུ་རྒྱ་ཆེར་བཟླ་བར་བྱ། །གང་ཕྱིར་མདུད་པ་འཇོམས་བྱེད་ན། །ཤེས་ན་བདེ་བ་སྟེར་བར་བྱེད། །དེ་ཡིས་རྣམ་སྟོག་ཐམས་ཅད་ནི། །སྐད་ཅིག་གིས་ནི་གཅོད་པར་བྱེད། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཉིད་དབྱེ་བ་བཅོ་ལྔ་ཡིན། །དང་པོ་སྦྱོར་བ་བསྒོམ་པར་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་ནི། །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་སུམ་ཅུ་བརྒྱད། །བསྐྱེད་པའི་རིམ་པ་བསྡུས་པ་ཡི། །མངོན་སུམ་བྱེད་པའི་རྣལ་འབྱོར་བ། །དེ་ནས་རྡོ་རྗེ་བཟླས་རིམ་མཆོག །ཅེས་གསུངས་སོ། །དེའི་དོན་ནི། གང་གི་ཕྱིར་ཏེ་རྣལ་འབྱོར་གང་ལས་རྣམ་རྟོག་དང་རླུང་བརྒྱ་རྩ་བརྒྱད་པ་གཉིས་རྣམ་པར་གཅོད་པ་སྐྱེ་བའི་རིམ་གཉིས་ཀྱི་རྣལ་འབྱོར་དེ་ནི་བསྒོམས་པའི་སྟོབས་ཀྱིས་ཐམས་


JLD006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྟོང་པ་འོད་གསལ་གྱི་ངོ་བོར་བྱེད་དོ། །དེའང་སོ་སྐྱེའི་རྣམ་རྟོག་ཞི་བས་མཆོག་སྟེ་འཇིག་རྟེན་ལས་འདས་པའོ། །ཐོག་མར་ནི་དབང་ཐོབ་ནས་རྒྱུད་ཐོས་བསམ་གྱིས་ངེས་པའི་རྗེས་ལའོ། །རྣལ་འབྱོར་རིག་པ་ནི་བསྐྱེད་རིམ་ཤེས་པའོ། །མཆོག་ནི་ལུས་དབེན་གྱི་རྒྱུར་གྱུར་པའོ། །བསྐྱེད་རིམ་བསྒོམས་པའི་རྗེས་དེ་ནས་དབྱངས་མེད་པའི་ཡི་གེ་ཧ་ནི་གཞོམ་དུ་མེད་པ་ལ་བཤད་དེ་མི་ཤིགས་པའི་རླུང་ངོ༌། །བཟླ་བ་ནི་འཇུག་པ་སོགས་གསུམ་ཡི་གེ་གསུམ་གྱི་ངོ་བོར་ཟློ་བའོ། །སྐད་ཅིག་ནི་མདུད་པ་འཇོམས་པའི་སྐད་ཅིག་ལའོ་ཞེས་འགྲེལ་པས་བཤད་དོ། །འགྲེལ་པའི་འགྱུར་ལ། བཅུ་པདུན་རྗེས་སུ་རྣལ་འབྱོར་སོགས། ཞེས་དང༌། དེ་ཉིད་དབྱེ་བ་བཞི་པཅུ་དགུ །བསྐྱེད་པའི་རིམ་པ་བསྡུས་པའོ། ཞེས་འབྱུང་ངོ༌། །ཁ་ཆེ་ལཀྵྨིའི་རིམ་ལྔའི་འགྲེལ་པར་དེ་ཉིད་སོ་བརྒྱད་དུ་བཤད་པས་རྒྱ་དཔེ་ལ་མི་མཐུན་པ་གཉིས་ཡོད་པར་གསལ་ཏེ། དེའི་དབང་གིས་རྒྱུད་ལའང་དེ་ཉིད་སོ་བརྒྱད་དང་ཞེ་དགུར་བཤད་པའི་འགྱུར་གཉིས་འབྱུང་ངོ༌། །ཡང་རྒྱུད་དེ་ཉིད་ལས། ཐོག་མར་རྣལ་འབྱོར་པ་ཆེན་པོ། །བློ་བཟང་གིས་ནི་ཞི་གནས་བསྒོམ། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །ཁྲོ་བོའི་ཕྱག་རྒྱ་བྱས་ནས་ཀྱང༌། །དབང་བོ་ཡི་ནི་སྒོ་དགུ་ལ། །ཐམས་ཅད་དུ་ནི་ཀུན་སྡོམ་པ། །ཧཱུཾ་བཟླས་པ་ནི་མཚུངས་མེད་བྱ། ཞེས་གསུངས་སོ། །དེ་ལ་ཕྱག་རྒྱ་བྱས་པ་ནི་ལྷའི་རྣམ་པར་བསྐྱེད་པའོ། །ཁྲོ་བོ་ཞེས་པ་ལ་འགྲེལ་པའི་འགྱུར་ལས། འབར་བའི་ཞེས་འབྱུང་ཞིང༌། དེ་ནི་མེ་ལྟར་རྣམ་རྟོག་བསྲེག་པ་ལ་བཤད་དེ། བསྐྱེད་རིམ་གྱི་ཞི་གནས་ཀྱིས་ཐ་མལ་པའི་རྣམ་རྟོག་བསྲེག་པའོ། །


JLD006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་བཟླས་ཞེས་པའི་དོན་འཇུག་ལྡང་གནས་གསུམ་གསུམ་ག་ལ་ཧཱུཾ་བཟླས་ཞེས་འགྲེལ་པས་བཤད་དོ། །འོན་ཀྱང་སྔར་ཧཱུཾ་ཧོཿ གཉིས་དང་ཡི་གེ་གསུམ་ལ་བཤད་པའི་ཕྱོགས་གཅིག་མཚོན་པར་བྱས་ན་བདེའོ། །རྫོགས་རིམ་སྔ་ཕྱིའི་རིམ་པ་སྐས་ཀྱི་རིམ་པ་ལྟར་གསུངས་པའང་། རྒྱུད་དེ་ཉིད་ལས། །རྡོ་རྗེ་བཟླས་པར་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག་ལ་བྱིན་རླབས་རིམ་པས་ཀྱང༌། །དངོས་གྲུབ་བརྒྱད་ནི་འགྲུབ་པར་འགྱུར། །སྣང་བ་ལ་སོགས་དབྱེ་བ་ཤེས། །མངོན་པར་བྱང་ཆུབ་པ་ནི་ཐོབ། །ཟུང་འཇུག་རིམ་པ་ལ་གནས་པ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །ཚེ་འདི་ཉིད་ལ་འགྲུབ་འགྱུར་པར། །རྣལ་འབྱོར་པ་ཡིས་ཐེ་ཚོམ་མེད། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེ། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །རྣམ་རྟོག་མེད་པར་ཞུགས་ནས་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། ཅེས་ཤིན་ཏུ་གསལ་བར་གསུངས་སོ། །དེ་ལྟར་དྲངས་པའི་ལེའུ་དེ་ནས་རིམ་ལྔ་དང་མཐུན་པའི་ཚིག་མང་དུ་བྱུང་བ་ལ། ཁ་ཅིག་ན་རེ། དེ་དག་ནི་རིམ་ལྔའི་ཚིག་གཞན་གྱིས་བཅུག་པའོ་ཞེས་ཟེར་བ་ནི་མ་བརྟགས་པར་སྨྲ་བ་ཡིན་ཏེ། སྔར་དྲི་བའི་སྐབས་སུ། རྣལ་འབྱོར་རྣམས་ཀྱིས་དེ་ཉིད་མཐོང༌། །སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། ཅེས་སྐད་ཅིག་གཅིག་ལ་མངོན་བྱང་ཆུབ་པའི་དེ་ཁོ་ན་ཉིད་ཇི་ལྟར་མཐོང་ཞེས་དྲིས་པའི་ལན་ལེའུ་འདིས་སྟོན་པ་ན། བཞི་པ་ཡིས་ནི་དབང་བསྐུར་བས། །བློ་ལྡན་དེ་ཉིད་


JLD006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་འགྱུར། ཞེས་དབང་བཞི་པའི་སྒོ་ནས་སྐད་ཅིག་གཅིག་ལ་བྱང་ཆུབ་པ་མཐོང་བར་བཤད་དོ། །དེ་ནས་སྐད་ཅིག་མ་གཅིག་ལ་བྱང་ཆུབ་པ་བསྟན་པའི་ཕྱིར་དུ། སྣང་བ་མཚན་མོའི་ཆ་རུ་འགྱུར། ཞེས་ཚིགས་བཅད་ཕྱེད་དང་དྲུག་གསུངས་པས་དྲི་བའི་ལན་དུ་ཤིན་ཏུ་འབྲེལ་བ་ཡིན་ནོ། །ཡང་དྲི་བའི་སྐབས་སུ། རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །འགྲོ་བའི་བླ་མ་ཇི་ལྟར་འཐོབ། ཅེས་དྲིས་པའི་ལན་ལེའུ་འདིས་སྟོན་པ་ན། རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པ་ཐོབ་པར་འགྱུར། ཞེས་གསུངས་ལ། ཐོབ་བྱེད་ཀྱི་ཟུང་འཇུག་ནི། བསྐྱེད་རྫོགས་གཉིས་དང་འཁོར་འདས་གཉིས་དང་ཀུན་རྫོབ་དང་དོན་དམ་གཉིས་ཀྱི་རྟོག་པ་གཉིས་སྤངས་ནས་འདྲེས་པ་ལ་བཤད་ཅིང༌། དེ་ནས། རྡོ་རྗེ་བཟླས་པར་རབ་སྦྱོར་བས། ཞེས་སོགས་ཀྱིས་རིམ་པ་ལྔ་གོ་རིམ་བཞིན་བསྐྱེད་ནས་ཟུང་འཇུག་གིས་ཕྱག་རྒྱ་ཆེན་པོ་འདིའི་དངོས་གྲུབ་བསྒྲུབ་པ་ཤིན་ཏུ་གསལ་བར་བཤད་པས་སྔར་གྱི་དྲི་བའི་ལན་དུ་ཤིན་ཏུའང་གསལ་ལོ། །དེས་ན་རིམ་ལྔར་འདི་བཏུས་པ་ཡིན་གྱི་འདི་རིམ་ལྔ་ནས་བཏུས་པ་མ་ཡིན་ནོ། །གཞན་ཡང་རིམ་གཉིས་སྤྱི་དང་སོ་སོའི་གོ་རིམ་སྐས་ཀྱི་རིམ་པ་ལྟར་གསུངས་པར་བཤད་པ་དེ། །འདུས་པའི་རྒྱུད་དུ་ནི་རྒྱས་བཏབ་པར་གསུངས་པས་མི་གསལ་ལ། རྡོ་རྗེ་འཕྲེང་བའི་སྐབས་འདིར་མ་གསུངས་ན་རྒྱུད་གང་དུ་གསུངས་སོམས་ཤིག །གཉིས་པ་ལ་གཉིས། གང་ལ་གནད་དུ་བསྣུན་པ་རྡོ་རྗེ་ལུས་ཀྱི་མཚན་ཉིད་བཤད་པ་དང༌། དེར་གནད་དུ་བསྣུན་པའི་རྫོགས་རིམ་རྣམས་ཀྱི་རིམ་པ་བཤད་པའོ། །དང་པོ་ནི། ཐབས་དང་ཤེས་རབ་ཀྱི་རྒྱུད་


JLD006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་དེའི་དགོངས་པ་འགྲེལ་པའི་ཚད་ལྡན་གྱི་གཞུང་ཀུན་མཐུན་པར། ཐོག་མར་ལུས་ལ་གནད་དུ་བསྣུན་པའི་སྒོ་ནས་རྫོགས་རིམ་གྱི་རྟོགས་པ་བསྐྱེད་པ་ཡིན་ནོ། །དེ་ལ་རྡོ་རྗེ་ལུས་ཀྱི་མཚན་ཉིད་མི་ཤེས་ན་ལུས་ཀྱི་གནད་འདིར་དམིགས་པ་གཏད་ནས་བསྒོམས་པས་འདི་ལྟ་བུའི་རྟོགས་པ་སྐྱེ་བའི་རྒྱུ་མཚན་ལེགས་པར་མི་ཤེས་པས་ལུས་ཀྱི་རྩ་དང༌། རླུང་ལ་སོགས་པའི་མཚན་ཉིད་ལ་མཁས་པར་བྱེད་པ་ནི་གནད་དུ་ཆེ་སྟེ། རྒྱུད་རྡོར་ཕྲེང་ལས། རླུང་གི་མཚན་ཉིད་མི་ཤེས་པས། །འཇིག་རྟེན་གསུམ་ནི་རྣམ་པར་འཁོར། ཞེས་དང༌། རྩ་ཡི་རིམ་མེད་ངེས་པར་ནི། །ཕུང་པོ་ལ་སོགས་མི་འབྱུང་ཞིང༌། །ཕུང་བོ་མེད་ན་ཡེ་ཤེས་ཆེ། །རྣལ་འབྱོར་པ་ཡིས་ཐོབ་མི་འགྱུར། །ཕུང་པོ་ལྔ་ནི་བདག་ཉིད་ལུས། །མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། །དེ་ཉིད་འབྱུང་བ་ལྔ་ཡིས་ནི། །ཡེ་ཤེས་ལྔར་ནི་རྣམ་པར་གནས། །དེ་ཕྱིར་འབད་པ་ཐབས་ཅད་ཀྱིས། །རྩ་ཡི་འཁོར་ལོ་ཤེས་པར་བྱ། ཞེས་གསུངས་ཏེ། རྩ་ལ་གནས་པའི་ཁམས་གཉིས་ཀྱང་དེ་དང་གཉིས་དང་འདྲའོ། །དེས་ན་སྐབས་འདིར་སེམས་ཅན་ཀུན་གྱི་ཞེས་པས་རླུང་གི་རྣམ་གཞག་མདོར་བསྡུས་ཤིག་ལས་མ་གསུངས་ཀྱང༌། །རྡོ་རྗེ་ལུས་ཀྱི་མཚན་ཉིས་བསྟན་པར་བྱའོ། །འདི་ལ་གསུམ། དང་པོར་སྐྱེ་གནས་སུ་ཉིང་མཚམས་སྦྱོར་ཚུལ། དེ་ནས་ལུས་ཆགས་པ་དང་འཇིག་པའི་རིམ་པ། དེ་ལ་བརྟེན་ནས་ལུས་ལ་གནད་དུ་བསྣུན་ལགས་སོ། །དང་པོ་ནི། སྤྱིར་སྐྱེ་གནས་བཞིར་ཉིང་མཚམས་སྦྱོར་བ་ཡོད་མོད་ཀྱང་སྔགས་ཀྱི་གཞུང་རྣམས་ནས།


JLD006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་མི་མངལ་སྐྱེས་ཤིག་གི་དབང་དུ་མཛད་ནས་གསུགས་ཏེ། ལམ་ཐོག་མར་བསྒོམ་པའི་རྟེན་གྱི་གཙོ་བོ་ལ་དགོངས་སོ། །དེ་ལ་མངལ་དུ་སྐྱེ་བ་ལེན་པ་རྣམ་གཞག་རིམ་པར་མདོ་སྡེ་རྣམས་ལས་གསུངས་པ་བཞིན་དུ་རྒྱུ་རྐྱེན་གསུམབཤད་དེ་མ་ནད་མེད་ཅིང་ཟླ་མཚན་དང་ལྡན་པ་དང༌། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང༌། དྲི་ཟའང་ཉེ་བར་གནས་པའོ། །དེའང་རྒྱུད་རྡོར་ཕྲེང་ལས། སྔོན་ལས་རླུང་གི་རྣམ་ཤེས་ནི། །བརྒྱ་ལམ་གང་ཚེ་འཁོར་གྱུར་ན། །ཕ་ཡི་ཁ་ལ་མཚུངས་པར་གནས། །དེ་ཚེ་ཆགས་པའི་དབང་དུ་འགྱུར། །གསང་གནས་ཟླ་མཚན་ལྡན་པའི་ཚེ། །མེ་དང་ཉི་མ་འཆར་བ་ན། །དེ་ཚེ་ལྷག་པར་ཆགས་པས་ནོན། །ཆགས་པ་མཆོག་ཏུ་འདོད་པར་འགྱུར། །རྡོ་རྗེ་པདྨ་འདྲེས་པའི་གདོང༌། །འཇུག་པ་ཕ་ཡི་ཁ་ཡི་རླུང༌། །དེ་ཚེས་བོན་དུ་ནི་འགྱུར། །ས་བོན་ལས་ནི་སེམས་ཅན་འབྱུང༌། ཞེས་གསུངས་པ་འདིས་བར་དོའི་འཇུག་ཚུལ་སྟོན་ནོ། །དེ་དག་གི་དོན་ནི་སྔོན་གྱི་ལས་ཀྱི་དབང་གིས་ཏེ་རླུང་དང་བཅས་པའི་བར་དོའི་རྣམ་ཤེས་བརྒྱ་ལམ་སྟེ་རྒྱུ་རྐྱེན་གཞན་མེད་པར་མཁོར་ཞིང་འགྲོ་བའི་ཆེ། ཕ་མ་འདུས་པ་མཐོང་སྟེ་ཕ་རོལ་བར་བྱེད་པ་མ་བཟློག་ན་མ་ལ་རོལ་བར་བྱེད་མི་ནུས་སོ་སྙམ་ནས། ཕ་རོལ་བར་བྱེད་པ་བཟློག་པའི་བློས་ཕའི་ཁ་ལ་མངོན་པར་ཕྱོགས་ཏེ་གནས་ལ། དེའི་ཚེ་བར་དོ་དེ་མ་ལ་འཁྲིག་པར་འདོད་པའི་འདོད་ཆགས་ཀྱི་དབང་དུ་འགྱུར་རོ་ཞེས་འགྲེལ་པ་ལས་འཆད་དོ། །སྡོམ་འབྱུང་ལས། ཁ་ཡི་ལམ་ལ་རབ་ཏུ་འཇུག །ཅེས་བར་དོ་ཁའི་ལམ་ནས་འཇུག་པར་བཤད་པ་དང་འདི་གཉིས་འདྲ་བས་ཕའི་ཁ་ནས་འཇུག་

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLD006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། ཆགས་པའི་དབང་དུ་འགྱུར་པའང་ཕོར་སྐྱེ་ན་མ་ལ་འཁྲིག་བསམ་གྱིས་ཆགས་མོད་ཀྱང་མོར་སྐྱེ་ན་ཕ་ལ་འཁྲིག་བསམ་ཀྱིས་ཆགས་པར་གསུངས་པས་དེ་གཉིས་ཀ་དང་སྦྱར་རོ། །གསང་གནས་ཀྱི་ཟླ་མཚན་འབབ་པའི་རྩ་ལས་མེ་འཆར་བ་ནི་དབུས་མ་ལས་འབབ་པའོ། །ཉི་མ་འཆར་བ་ནི་ཁྲག་འབབ་པ་སྟེ་མ་ཡིའོ། །དུས་དེའི་ཚེ་མ་དེ་ལྷག་པར་ཆགས་པའི་དབང་དུ་འགྱུར་ལ། གཅིག་ཏུ་ཆགས་པ་ནི་ས་བོན་གཏོང་འདོད་པ་དང་མཆོག་ཏུ་ནི་སེམས་ཅན་སྐྱེ་བའི་རྒྱུ་ལ་འགྲེལ་པས་འཆད་ཀྱང་ཤིན་ཏུ་འདོད་ཆགས་པའི་ཆགས་པ་དྲག་པོར་གྱུར་པའི་སྐབས་སུ་མཇུག་ཏུ་ཁུ་བ་བསྐ་བ་འབྱུང་ལ། དེའི་རྗེས་སུ་གཉིས་ཀ་ལས་ཁུ་ཁྲག་གི་ཐིག་ལེ་གཉིས་ངེས་པར་འབྱུང་ལ། མའི་སྐྱེ་གནས་སུ་འདྲེས་པས་འོ་མ་བསྐོལ་བའི་སྤྲིས་མ་ཆགས་པ་ལྟར་འདུག་པའི་དབུས་སུ་རྣམ་ཤེས་འཇུག་པར་ས་ཡི་དངོས་གཞི་ལས་གསུངས་པ་ལྟར་རོ། །ཕའི་ཁ་ལ་མངོན་པར་ཕྱོགས་པའི་ལས་ཀྱི་རླུང་གིས་བསྐུལ་བའི་བར་དོ་སྐྱེ་གནོས་སུ་རབ་ཏུ་འཇུག་ཅིང༌། དེའི་དུས་སུ་ཕའི་ཁུ་ཁྲག་གི་ཐིགས་པ་ལ་བར་དོ་ཞུགས་པ་ས་བོན་དུ་འགྱུར་རོ། ཞེས་འགྲེལ་པས་འཆད་ཀྱང༌། ཕའི་ཁ་ནས་འཇུག་པའི་རླུང་སྟེ་བར་དོ་སྐྱེ་འགྱུར་གྱི་སེམས་ཅན་དེའི་ས་བོན་དུ་འགྱུར་པས་ས་བོན་དེ་ལས་སྐྱེ་སྲིད་ཀྱི་སེམས་ཅན་འབྱུང་བ་སྟེ་སྐྱེ་ཞེས་པའོ། །ཀླུ་བྱང་གིས་ཡེ་ཤེས་སེམས་དཔའ་ལྟར་རྣམ་སྣང་གི་སྒོ་ནས་འཇུག་པར་གསུངས་པས་ནི་རྣམ་སྣང་སྐུ་རྡོ་རྗེ་འགོད་པའི་གནས་སྤྱི་བོ་ནས་འཇུག་པ་ཡིན་ལ། མཛོད་ཀྱི་རང་འགྲེལ་ནས་


JLD006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་གྱི་སྒོ་ནས་འཇུག་པར་ཡང་བཤད་པས་མཐར་མངལ་དུ་འཇུག་པར་འདྲའང་ཐོག་མར་འཇུག་པའི་སྒོ་གསུམ་གསུངས་སོ། །དེ་ཡང་ཁ་ལ་འོ་བྱ་བའི་བསམ་པས་ཁ་ནས་འཇུག་པ་དང༌། སྐྲ་ལ་རེག་པའི་བསམ་པས་སྤྱི་བོ་ནས་འཇུག་པར་མན་སྙེ་ལས་བཤད་པས་མཐའ་གཅིག་ཏུ་མ་ངེས་སོ། །བར་སྲིད་གང་དུ་འཇུག་པའི་མངལ་གྱི་གནས་ནི། རྒྱུད་རྡོར་ཕྲེང་ལས། མི་དབང་དཀྱིལ་འཁོར་དབུས་སུ་ཡང༌། །གང་གིས་སྲད་བུའི་རྣམ་པར་གནས། །རྒྱུ་གཅིག་ཏུ་ཡང་ཤེས་ནས་ནི། །དེ་ཉིད་འབྲས་བུ་རྣམ་པ་གཉིས། ཞེས་བཤད་དེ། །འགྲེལ་པའི་འགྱུར་ལས། སྐྱེ་གནས་འཁོར་ལོའི་དབུས་སུ་ཡང༌། །རྩ་གཉིས་སྲད་བུའི་རྣམ་པར་གནས། ཞེས་་བསྒྱུར་བ་ལེགས་སོ། །དེ་ལ་སྐྱེ་གནས་ཀྱི་འཁོར་ལོ་ནི་མའི་པདྨའི་དབུས་ལ་འགྲེལ་པས་བཤད་པ་ནི་མི་འཐད་དེ། དེ་ཁོ་ན་ཉིད་གྲུབ་པ་ལས། སྐྱེ་འགྲོའི་གཙོ་བོ་གང་ཡིན་པ་དེ་རླུང་དང་བཅས་པའི་ཁུ་བའི་ཐིགས་པ་རྣམས་དང་ལྷན་ཅིག་བཙུན་མོའི་ཚིགས་ལ་བབ་པ་རྙེད་པ་ན། ལྟེ་བའི་འོག་ཏུ་ཁ་ཐུར་དུ་བསྟན་པའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ནང་དུ་ཁྲག་འཛག་པའི་ལྷག་མ་ཀུན་ཏུ་བཟང་སྟེ། དོའི་རྗེས་ལ་པདྨའི་ཁ་ཟུམ་པར་འགྱུར་རོ། །དེར་ཡང་ཁྲག་དང་ཁུ་བ་གཉིས་ཀའང་ཆུ་དང་འོ་མ་འདྲེས་པ་བཞིན་དུ་གྱུར་ནས་གོང་བུ་གཅིག་ཏུ་གྱུར་ཏེ་རང་གི་རང་བཞིན་རྩོམ་པར་བྱེད་དོ། །དེ་ནས་རྗེས་སུ་འགྲོ་བའི་རིམ་གྱིས་ནུར་ནུར་པོ་ལ་སོགས་པར་ཡོངས་སུ་གྱུར་པའི་རིམ་གྱིས་སྐྱེ་སྟེ། ཞེས་ལྟེ་བའི་འོག་ཙམ་ན་སྐྱེ་གནས་ཀྱི་འཁོར་ལོ་གནས་པ་དེར་བར་དོ་འཇུག་པར་གསུངས་པའི་ཕྱིར་རོ། །དགའ་བོ་མངའ་འཇུག་ལས་ཀྱང་ཕོ་བའི་འོག་ལོང་


JLD006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གའི་གོང་གི་བར་ན་མངལ་གྱི་གནས་ཡོད་པར་གསུངས་པའི་ཕྱིར་རོ། །རྒྱུད་རྡོར་ཕྲེང་ལས་ཀྱང༌། བཤང་སྒོ་གསང་བའི་དབུས་སུ་གནས། །མིང་ནི་མ་སྐྱེས་ཆ་ཆེན་པོ། །དེ་ཡང་རྣམ་ཤེས་དང་བྲལ་བ། །ཡེ་ཤེས་ལུས་ནི་བདག་མེད་པ། །དེར་ནི་སྐྱེ་བ་སྲོག་གི་མཆོག །སྲོག་ཆགས་རྣམས་ཀྱི་མཆོག་ཏུ་བརྗོད། །རྣམ་པར་ཤེས་པའི་ངོ་བོ་རྟེན། །ཐོག་མར་འབྱུང་བ་བཞི་པོ་ལ། །དྲོད་སྐྱེད་པ་ཡི་ངོ་བོར་བྱེད། །དེ་ཚེ་རང་གི་གནས་སུ་ཐིམ། ཞེས་བཤང་སྒོ་གསང་བའི་དབུས་ན་མ་སྐྱེས་པའི་ཆ་ཆེན་པོ་ཞེས་པའི་རྩ་གནས་པའི་གནས་དེར་བར་སྲིད་ཐིམ་པ་སྟེ་བརྒྱལ་བར་གསུངས་པའི་ཕྱིར་རོ། །འདི་ཡང་འགྲེལ་པས་བཤང་སྒོ་གསང་བའི་དབུས་མའི་ཆོས་འབྱུང་གི་དབུས་ལ་བཤད་པ་མི་འཐད་པས་གསང་བའི་དབུས་འདི་སྔར་བཤད་པའི་གསང་གནས་ཀྱི་འཁོར་ལོའི་དབུས་སོ། །བཤང་སྒོ་ཞེས་པ་ནི་མ་སྐྱེས་པའི་ཆ་ཞེས་པའི་རྩ་དེ་གསང་གནས་ཀྱི་འཁོར་ལོའི་དབུས་ནས་བཤང་བའི་སྒོའི་བར་དུ་གནས་པའི་དོན་ཡོན་གྱི། སེམས་ཅན་སྐྱེ་བའི་གནས་དེར་སྟོན་པའམ། དེ་དང་གསང་གནས་གཉིས་ཀྱི་བར་ན་སེམས་ཅན་སྐྱེ་བའི་གནས་ཡོད་པར་སྟོན་པ་མིན་ཏེ། དེ་ནི་གསང་གནས་ཀྱི་དབུས་སོ། །དེའང་ཞེས་པས་ནི་རྩ་དེ་བེམས་པོར་སྟོན་པའོ། །དེར་ནི་ཞེས་པ་གསང་གནས་ཀྱི་དབུས་སོ། །སྐྱེ་ཞེས་པ་ནི་སེམས་ཅན་ཉིང་མཚམས་སྦྱོར་བའོ། །སུ་ཞིག་ཅེ་ན། ཡེ་ཤེས་སུ་ས་ནི་ཞེས་པ་ཡེ་ཤེས་ཀྱི་ལུས་ཅན་བར་དོ་ལ་བཤད་བ་ལེགས་སོ། །བདག་མེད་ཅེས་པ་ནི་ལེན་པ་པོ་ལ་སོགས་པའི་བདག་མེད་པའོ། །སྲོག་གི་མཆོག་ནི་རླུང་


JLD006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་མཆོག་སྲོག་གི་རླུང་སྟེ་དེའི་བཞོན་པ་ཅན་གྱི་རྣམ་ཤེས་ནི་བར་དོའི་རྣམ་ཤེས་ཀྱི་ངོ་བོ་ལ་བརྟེན་ནས་རང་གི་སྐྱེ་གནས་སུ་དང་པོར་མེར་མེར་བོས་བསྡུས་པའི་འབྱུང་བ་བཞི་ལ་ཐིམ་མོ། །དྲོད་བསྐྱེད་པ་ཡི་ངོ་བོར་བྱེད། ཅེས་པ་ལ་འགྲེལ་པར། བསྐྱེད་པ་ཡི་ནི་ངོ་བོར་བྱེད། ཅེས་འབྱུང་སྟེ། རང་གི་ངོ་བོ་སྔོན་ལས་ཀྱིས་བསྐྱེད་ནས་ཞེས་པའོ། །སེམས་ཅན་རྣམས་ཞེས་པ་ནི་སྲོག་རླུང་དེ་སེམས་ཅན་རྣམས་ཀྱི་རླུང་གི་མཆོག་གོ །དེ་ལྟར་མངལ་དུ་འཇུག་པའི་རྣམ་ཤེས་ཚོགས་བརྒྱད་ལས་གང་ཡིན་སྙམ་ན། རྒྱུད་རྡོར་ཕྲེང་ལས། བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་བྱེད། །དོན་ནི་ངེས་པར་མི་ཤེས་ཤིང༌། །རླུང་ཙམ་ལ་ཡིན་པས་རྨོངས་ཡིན། །ཀུན་གཞི་རྣམ་ཤེས་བཀུག་ནས་ནི། །བག་ཆགས་ནང་དུ་རྣམ་པར་སྤྱོད། །བག་ཆགས་དང་ནི་རྣམ་ཤེས་ཟུང༌། །བག་ཆགས་དང་འདྲེས་རིམ་པ་ལས། །རག་གི་བག་ཆགས་བསྒོས་པ་ཡིས། །དེ་རྣམས་ཟླ་མཚན་དུས་སུ་ནི། །མངལ་གྱི་རྩ་ལ་འཇུག་པས་ན། །དེ་རྗེས་ཁུ་ཁྲག་ཞུ་ཐིག་ལེ། །འདྲེས་པ་རུ་ནི་གྱུར་པ་དང༌། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཀུན་གཞི་རྣམ་ཤེས་བག་ཆགས་ལས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །རྟག་ཏུ་ཡང་དག་འགྲོ་བར་འགྱུར། ཞེས་གསུངས་སོ། །དེ་དག་གི་དོན་ནི་བག་ཆགས་ཀྱི་སྒྲས་ཀུན་གཞི་དང་ཉོན་ཡིད་གཉིས་ཀ་བསྟན་ལ། དེ་གཉིས་སྲོག་ཐུར་གྱི་རླུང་དང་བཅས་པས་བར་དོའི་གཟུགས་གཞན་བྱེད་དེ་དབང་པོ་ཀུན་ཚང་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་དོན་ནི་ཡོད་


JLD006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་མི་ཤེས་ཏེ་མྱ་ངན་ལ་སོགས་པས་བསྒྲིབས་པའི་ཕྱིར་དང༌། གྲིབ་མ་ལྟ་བུའི་ལུས་ཅན་ཉིད་གྱིས་གཟུགས་མཚན་ཉིད་པ་དང་བྲལ་བའི་ཕྱིར་རོ། །སྔོན་ལས་ཀྱི་དབང་གིས་ཀུན་གཞི་བཀུག་ནས་བག་ཆགས་སྣ་ཚོགས་པའི་ནང་དུ་རྒྱུ་ཞིང་སྲོག་རླུང་དང་ཀུན་གཞི་གཉིས་དུས་མཉམ་དུ་སྔོན་གྱི་བག་ཆགས་དང་འདྲེས་པ་སྟེ་དེའི་དབང་གིས་འཆི་སྲིད་འགག་པའི་རིམ་པ་ལས་སྐྱེས་ཏེ། དེ་གཉིས་མངལ་གྱི་རྩ་མ་སྐྱེས་པའི་ཆ་ལ་ཞུགས་པ་ན་ཆང་རོས་མྱོས་པ་བཞིན་དུ་བརྒྱལ་ལོ། །དེ་ལས་རྣམ་ཤེས་སྐྱེ་བ་ནི་ཉོན་ཡིད་དེ་རྣམ་ཤེས་ཀྱིས་ནི་བག་ཆགས་འཛིན་ནོ། །ཞེས་འགྲེལ་པས་འཆད་དོ། །རྒྱུད་ཀྱི་དགོངས་པ་ནི་ཉོན་ཡིན་ཉོན་མོངས་ཀྱི་བག་ཆགས་ལ་བྱེད་དེ་སྐབས་འདིར་དེ་ལྟར་བསྟན་ཞིང༌། སྐབས་གཞན་དུ་ཚོགས་བརྒྱད་པྱང་སེམས་བརྒྱད་དང་སྦྱར་བའི་ཚེ་བྱམས་པ་དང་བག་ཆགས་སྦྱར་བས་ཀྱང་ཤེས་སོ། །དེ་གང་གི་བག་ཆགས་ཡིན་པའི་ཕྱིར་ནི་ཀུན་གཞིར་འཆད་དེ། གཙོ་བོར་ན་ཡིད་ཀྱི་རྣམ་ཤེས་སོ། །བྱང་སེམས་བརྒྱད་དང་རྣམ་ཤེས་ཚོགས་བརྒྱད་སྦྱར་བས་ཚོགས་དྲུག་དུ་མི་འདུ་བའི་ཀུན་གཞི་དང་ཉོན་ཡིད་འདོད་མི་དགོས་ཏེ། གཟུགས་ཕུང་རྣམ་སྣང་དང་སྦྱར་ཞིང༌། མིག་སོགས་ལྔ་ས་སྙིང་སོགས་དང་འབྱུང་བ་བཞི་སྤྱན་མ་སོགས་བཞི་དང་སྦྱར་བས་གཟུགས་ཕུང་དུ་མི་འདུ་བའི་འབྱུང་བཞི་དང་མིག་སོགས་ལྔ་འདོད་མི་དགོས་པ་བཞིན་ནོ། །ལུགས་འདི་གཞི་དུས་ཀྱི་འཆི་བའི་འོད་གསལ་ཉམས་སུ་མྱོང་བའི་ཤེས་པ་དེ་ཉིད་ཀྱི་རིགས་ཀྱིས་ལམ་དུས་སུ་འོད་གསལ་མངོན་དུ་བྱེད་ལ། དེ་ནི་ཡིད་ཀྱི་ཤེས་པ་ཡིན་པའི་ཕྱིར། འཆི་སེམས་ནི་


JLD006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་མ་ཡིན་ནོ། །དེས་ན་ཀུན་གཞི་དང་ཉོན་ཡིད་ནི་མིང་ཙམ་གཞན་དང་འདྲའང་དོན་ནི་གཏན་མི་འདྲའོ། །རྣམ་གཞག་རིམ་པ་ལས་བར་དོ་མངལ་དུ་ཞུགས་པའི་དུས་སུ་ཡེ་ཤེས་ཀྱི་ས་ཐོབ་པར་བཤད་པས་བར་དོས་འཆི་བའི་འོད་གསལ་ཉམས་སུ་མྱོང་བ་ནི་བར་དོ་ཤི་བ་ཡིན་ལ། དེའི་རིགས་འདྲ་གཉིས་པ་རྣམས་སྐྱེས་པ་ནི་ཉིང་མཚམས་སྦྱར་བ་ཡིན་ནོ། །དེ་རྣམས་ཀྱི་དོན་བསྡུ་ན་གང་དུ་སྐྱེ་བའི་སྐྱེ་གནས་ཀྱི་འཁོར་ལོ་ངོས་བཟུང་བ་དང༌། དེར་བར་དོ་འཇོག་པའི་ཚུལ་དང༌། ཞུགས་ནས་ཉིང་མཚམས་སྦྱར་བའི་ཤེས་པ་གང་ཡིན་ངོས་བཟུང་བ་དང་གསུམ་དུ་འགྱུར་རོ། །དང་པོར་ཉིང་མཚམས་སྦྱོར་བའི་ཚུལ་བཤད་ཟིན་ཏོ། །གཉིས་པ་ལ་གཉིས། ལུས་འཆགས་པའི་རིམ་པ་དང༌། ལུས་འཇིག་པའི་རིམ་པ་བཤད་པའོ། །དང་པོ་ལ་གཉིས། ལུས་འཆགས་པའི་རིམ་པ་དངོས་དང༌། ཆགས་པའི་འོག་ཏུ་གནས་པའི་ཚུལ་ལོ། །དང་པོ་ལ་གཉིས། ཆགས་པའི་རིམ་པ་སྤྱིར་བསྟན་པ་དང༌། ཆགས་པའི་རིམ་པ་སོ་སོར་བསྟན་པའོ། །དང་པོ་ནི། རྒྱུད་རྡོར་ཕྲེང་ལས། དེ་ཚེ་རང་གི་གནས་སུ་ཐིམ། །ཞེས་པའི་རྗེས་སུ། །རྣམ་ཤེས་ལས་ནི་སྐྱེས་པའི་རླུང༌། །དེ་ལ་མེ་ནི་སྐྱེ་བར་འགྱུར། །མེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་ས་ནི་ཡང་དག་སྐྱེ། །དེ་དག་རྣམས་ལས་ཕུང་བོ་འབྱུང༌། །དེ་ཕྱིར་སྐྱེ་མཆེད་རྣམས་དང་ནི། །དེ་ལས་རྣམ་ཤེས་རང་བཞིན་བྱེད། །བརྒྱ་དང་བརྒྱད་ཀྱིས་ལྷག་པའི་རིམ། ཞེས་གསུངས་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་ཀྱང༌། གང་འོད་གསལ་བ་ལས་བྱུང་བའི་རྣལ་བར་ཤེས་པ་དེ་ཉིད་སེམས་དང་ཡིད་ཅེས་བྱ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་


JLD006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་རླུང་ལ་ཞོན་ཏེ། རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ཕུང་བོ་ལྔ་དང༌། སྐྱེ་མཆེད་དྲུག་དང༌། ཡུལ་ལྔ་རྣམས་ཏེ་དེ་དག་ཐམས་ཅད་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་འདྲེས་པའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་དང་སྣང་བ་རབ་ཏུ་སྤྱོད་པ་གསལ་བར་ཉམས་སུ་མྱོང་བར་འགྱུར་ཞིང༌། སྣང་བའི་རྒྱུས་རང་བཞིན་རྣམས་འབྱུང་བར་འགྱུར་རོ། ཞེས་གསུངས་སོ། །དེ་ལ་འོད་གསལ་ལས་རྣམ་ཤེས་འབྱུང་བར་གསུངས་པ་འདི་བར་སྲིད་ཀྱི་སྔ་རོལ་གྱི་ཤི་བའི་འོད་གསལ་ལས་བར་དོའི་རྣམ་ཤེས་འབྱུང་བ་དང༌། བར་དོ་ཤི་བའི་འོད་གསལ་ལས་ཚེ་འདིའི་རྣམ་ཤེས་འབྱུང་བ་གང་ཡིན་སྙམ་ན། འདི་ལ་རྒྱ་གར་བ་ཁ་ཅིག་སྔ་མར་བཞེད་ཀྱང་ཕྱི་མར་བྱ་དགོས་ཏེ། བཤད་རྒྱུད་ལས། དེ་ཚེ་རང་གི་གནས་སུ་ཐིམ། ཞེས་པ་ནི་སྔར་བཤད་པ་ལྟར་བར་དོ་ཐིམ་པ་ཡིན་ལ། དེ་ལས་རྣམ་ཤེས་སོགས་སྐྱེ་བར་གསུངས་པའི་ཕྱིར་རོ། །བར་དོ་ཤི་བའི་འོད་གསལ་ལས་རྣམ་ཤེས་སྐྱེ་ཞེས་རགས་པར་གསུངས་ཀྱང་ཞིབ་ཏུ་བྱས་ན། དེ་ལས་ཉེར་ཐོབ། དེ་ལས་སྣང་བའི་རྣམ་ཤེས་གསུམ་རིམ་གྱིས་སྐྱེ་བར་བྱ་དགོས་ཏེ། དང་པོར་སྐྱེ་བའི་རིམ་པ་ད་ལྟར་ཐིམ་པར་གསུངས་ལ། ཐིམ་རིམ་གྱི་སྐབས་སུ་རླུང་སེམས་དང༌། དེ་སེམས་བྱུང་དང༌། དེ་མ་རིག་པ་ལ་ཐིམ་པར་གསུངས་པའི་ཕྱིར་རོ། །དེས་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་


JLD006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །སྣང་མཆེད་ཐོབ་གསུམ་ནི་ཀུན་བྱང་གི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པའི་སེམས་ཡིད་རྣམ་ཤེས་གསུམ་དུ་གསུངས་ལ། དེའང་ཡིད་ཤེས་ཡིན་པས་ཀུན་གཞི་མི་བཞེད་པར་གསལ་ལོ། །རྣམ་ཤེས་ལས་རླུང་འབྱུང་བའི་དོན་ནི་རྣམ་ཤེས་དེ་རླུང་ལ་ཞོན་ཏེ་ཞེས་གསུངས་པ་ཡིན་ལ། སྣང་བ་གསུམ་ནམ་ཡོད་དུས་སུ་དེ་དང་འདྲེས་པའི་རླུང་རེའང་ངེས་པར་ཡོད་པས་དེ་ལས་གཞན་པའི་རླུང་ཞིག་གོ །དེའང་ཨ་ལཾ་ཀས་རྩ་བའི་རླུང་ལྔ་ལ་བཤད་ཀྱང༌། འཕོ་བ་དང་པོ་ལ་སྲོག་འཛིན་གྱི་རླུང་མིན་པ་གཞན་མ་སྐྱེས་པར་གསུངས་པས་མི་འཐད་དོ། །འོ་ན་གང་སྙམ་ན། རང་བཞིན་གཡོ་ནུས་པའི་རྣམ་ཤེས་ཀྱི་བཞོན་པ་ཞོག་གོ །དེ་ལས་མེད་ཞེས་སོགས་ཀྱིས་འབྱུང་བ་གསུམ་རྟིང་ནས་སྐྱེ་བར་བསྟན་པ་མི་འཐད་དེ། དང་པོ་མེར་མེར་པོའི་དུས་སུའང་སྲ་བ་དང་དྲོ་བ་དང་གཤེར་བ་དང་གཡོ་བའི་ཆ་བཞི་པར་སྲིད་ཞུགས་དུས་ནས་ཡོད་པས་སོ་སྙམ་ན། བདེན་མོད་འོན་ཀྱང་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཁྱད་པར་ཅན་གྱི་རླུང་མེ་ཆུ་སའི་སྐྱེ་རིམ་ཡིན་གྱི་འབྱུང་བཞི་ཙམ་མིན་པས་སྐྱོན་མེད་དོ། །ཐིམ་རིམ་གྱི་སྐབས་སུ་ས་ཆུ་ལ་ཐིམ་པ་སོགས་བཤད་པའི་གནད་ཀྱིས་ཤེས་ལ། ལུང་གཞན་ལས་ཀྱང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་བསྐྱེད་པར་བཤད་ལ་མིང་གཟུགས་ནི་མདུང་ཁྱིམ་ལྟར་ཕན་ཚུན་གཅིག་གཅིག་གི་རྟེན་དུ་གསུངས་པས་སོ། །རྒྱུད་རྡོར་ཕྲེང་ལས་ཀྱང༌། སྲ་བའི་ཁམས་དང་ཆུ་ཉིད་དང༌། །དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་ནི། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། ཞེས་གསུངས་ཏེ་རྣམ་ཤེས་ཀྱིས་བླངས་པའི་དོན་ནི་དེའི་རྟེན་དུ་


JLD006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའོ། །དེ་ལྟར་ན་རླུང་གི་སེམས་རྟེན་བྱེད་པའི་ནུས་པ་ཁྱད་པར་བ་ཐོབ་པ་ལས་ཆུས་སེམས་རྟེན་བྱེད་པའི་ནུས་པ་ཁྱད་པར་བ་འབྱུང་བ་སོགས་སུ་སྦྱར་རོ། །དེ་ལྟར་འབྱུང་བ་བཞིའི་སེམས་རྟེན་བྱེད་པའི་ནུས་པ་ཁྱད་པར་ཅན་དུ་སྐྱེས་པ་དེ་ལས་ཕན་ཚུན་རྟེན་དང་བརྟེན་པར་གྱུར་པའི་ཕུང་བོ་ལྔའི་གནས་སྐབས་སུ་གྱུར་པ་ནི། དེ་རྣམས་ཞེས་མང་ཚིག་ཏུ་བསྟན་པ་ལས་ཕུང་བོ་ལྔ་འབྱུང་བའོ། །དེ་ཕྱིར་ཞེས་པ་འགྲེལ་པས་དེ་ལས་ཀྱི་དོན་དུ་བཤད་ལ། ཕྱག་ཆེན་ཐིག་ལེ་ལས་ཀྱང་ཡེ་ཤེས་རྡོ་རྗེ་ལྟར་དེ་ལས་ཞེས་འབྱུང་ངོ༌། །དེ་ལས་ནང་གི་སྐྱེ་མཆེད་དྲུག་འབྱུང་བ་ནི་མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་བར་གསུངས་པ་དང་འདྲའོ། །ཡུལ་ལྔ་འབྱུང་བར་གསུངས་པ་ནི་སེམས་ཅན་དེའི་རྒྱུད་ཀྱིས་བསྡུས་པ་ལ་བྱའོ། །དེ་ཐམས་ཅད་རླུང་སེམས་འདྲེས་པར་གསུངས་པ་ནི། ཤེས་རྒྱུད་ཀྱིས་བསྡུས་པའི་ཕུང་སོགས་རྣམས་ཁ་ཅིག་རླུང་སེམས་འདྲེས་པ་དང་ཁ་ཅིག་རླུང་སེམས་འདྲེས་པའི་རྣམ་འགྱུར་ཡིན་པ་ལ་དགོངས་སོ། །སྣང་བ་རླུང་གི་བཞོན་པས་གཡོས་པ་ལ་བརྟེན་ནས་རང་བཞིན་གྱི་རྟོག་པ་རྣམས་འབྱུང་ལ། བརྒྱ་རྩ་བརྒྱད་དུ་རྒྱུད་འདི་དང་ཕྱག་ཆེན་ཐིག་ལེ་གཉིས་ཀར་བཤད་ལ། དེའང་རྡོར་ཕྲེང་གི་ལེའུ་གསུམ་པར་བཤད་པ་རྣམས་ཡིན་པས། མན་ངག་སྙེ་མར། དྲུག་ཅུ་ལྷག་པའི་བརྒྱ་རིམ་པས་ཞེས་བསྒྱུར་བ་ནི་རྒྱ་དཔེ་མ་དག་པའི་སྐྱོན་ནོ། །རིམ་པས་ཞེས་པ་མཚོན་པ་ཙམ་སྟེ། འགའ་ཞིག་གི་ཚེ་ཅིག་ཅར་དུའང་འབྱུང་ཞེས་འགྲེལ་པས་སོ། །ནང་གི་སྐྱེ་མཆེད་དྲུག་གྲུབ་པ་ལས་རང་བཞིན་བརྒྱ་རྩ་བརྒྱད་ཀྱི་


JLD006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་སྐྱེ་ཚུལ་ནི། རྒྱུད་རྡོར་ཕྲེང་ལས། ཡུལ་དང་དབང་བོ་ཡང་དག་སྦྱོར། །རྩ་རྣམས་ཀྱང་ནི་འཆར་བར་འགྱུར། །ཤར་ནས་སྔོན་བཞིན་སོང་ནས་ནི། །སྐྱེ་བའི་རིམ་པ་བླ་ན་མེད། །ཀུན་རྟོག་སྐྱེ་བ་དེ་ཡི་ཕྱིར། །བརྒྱ་དང་བརྒྱད་ཀྱིས་ལྷག་པའི་རིམ། །དེ་ལས་སྐྱེ་དང་རྒ་དང་ན། །འཆི་ཞིང་སླར་ཡང་ལྡོག་པར་འགྱུར། ཞེས་བདག་རྐྱེན་དང་དམིགས་རྐྱེན་དང་འབྲེལ་ཞིང་ཡིད་བྱེད་དང་རླུང་དང་སྦྱོར་བ་ལས་རྩ་རྣམས་སད་དེ་ཀུན་རྟོག་སྐྱེ་ཞིང༌། དེ་ལས་བྱུང་བའི་ལས་ཀྱིས་འཁོར་བར་སྐྱེ་རྒ་སོགས་བྱེད་ཅིང་སླར་ཡང་ལྡོག་པ་སྟེ་སྐྱེ་བ་གཞན་དུ་སྲིད་པ་འཛིན་པར་གསུངས་སོ། །རིམ་ལྔར་ཡང༌། སེམས་ནི་རྣམ་པ་གསུམ་ཞེས་བཤད། །དེ་ཡི་སྒྲུབ་པ་བཤད་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་བོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་འགྱུར། །གང་ཚེ་སྣང་བ་དང་ལྡན་པའི། །རླུང་གི་བཞོན་པ་ཉིད་གྱུར་པ། །དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་འབྱུང༌། །གང་དང་གང་དུ་རླུང་གནས་པ། །དེ་དེ་རང་བཞིན་གསལ་བར་རྒྱུ། ཞེས་གསུངས་སོ། །སེམས་གསུམ་པོ་དེའི་སྒོ་ནས་རང་བཞིན་སྒྲུབ་པ་སྟེ་བསྐྱེད་པ་བཤད་པར་བྱ་སྟེ། རླུང་རྣམས་ཞེས་སོགས་ཀྱིས་ནི་རླུང་དང་སེམས་གཉིས་འདྲེས་པ་དེ་མིག་ལ་སོགས་པའི་དབང་པོའི་སྒོར་བྱུང་ནས། །གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་དམིགས་པར་བྱེད་དོ། །དེ་ཉིད་སྣང་བ་རླུང་གི་བཞོན་པས་བསྐྱོད་པའི་རང་བཞིན་འབྱུང་བའི་དོན་ཡིན་པས་གཡོ་བྱེད་ཀྱི་རླུང་གང་ན་ཡོད་པ་དེའི་རྗེས་སུ་རང་བཞིན་རྒྱུའོ། །དེས་


JLD006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ན་དབང་ཤེས་དང་རང་བཞིན་གྱི་རྟོག་པ་གཉིས་འགལ་བར་འདོད་པ་མི་རིགས་སོ། །དེ་ཁོ་ན་ཉིད་གྲུབ་པ་ལས་ཀྱང༌། འདི་ལྟར་ཉིན་གཅིག་གཡོ་བ་དང་ལྡན་པ་ལས། དབང་པོར་མངོན་པར་འགྲོ་བས་དབང་བོ་དང་དོན་ཕྲད་པར་འགྱུར་ལ། དབང་བོ་དང་དོན་ཕྲད་པས་དངོས་པོར་དམིགས་པས། འདོད་པ་དང་མི་འདོད་པ་ལ་སོགས་པ་མངོན་པར་ཞེན་པ་ཤིན་ཏུ་མང་བའི་གདོན་གྱིས་ཟིན་པས། ཤིན་ཏུ་བརྒལ་དཀའ་བའི་འཁོར་བར་འཁོར་རོ། །ཞེས་གཡོ་བྱེད་ཀྱི་རླུང་དབང་བོའི་སྒོ་རྣམས་སུ་ཕྱིན་པ་ན་དབང་པོ་ཡུལ་ལ་ཕྱོགས་པར་འགྱུར་པས་དབང་པོ་དང་ཡུལ་ཕྲད་པར་འགྱུར་ལ། དེ་ནས་རླུང་དང་འདྲེས་པའི་ཤེས་པས་ཡུལ་རྣམས་ལ་ཞུགས་པ་ལས་རྣམ་རྟོག་རྣམས་སྐྱེ་བར་གསུངས་སོ། །དབང་ཤེས་ཡུལ་ལ་ཞུགས་པ་ལས་རང་བཞིན་གྱི་རྟོག་པ་སྐྱེ་བར་གསུངས་པ་ནི་རང་བཞིན་གྱི་རྟོག་པ་ཤིན་ཏུ་རགས་པའི་དབང་དུ་བྱས་ཀྱི། རང་བཞིན་གྱི་རྟོག་པ་ཙམ་མ་ཡིན་ནོ། །སྤྱོད་བསྡུས་ལས། ཤེས་རབ་གྱི་ཡེ་ཤེས་ནི་ཟླ་བའི་སྣང་བ་ལྟ་བུ་སྟོང་པ་ཙམ་མོ། །ཐབས་ཀྱི་ཡེ་ཤེས་ཀྱང་ཉི་མའི་སྣང་བ་ལྟ་བུ་ཤིན་ཏུ་སྟོང་པ་ཙམ་མོ། །དེ་བཞིན་དུ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་མཚམས་ཀྱི་མུན་པ་ལྟ་བུ་སྟེ་སྟོང་པ་ཆེན་པོའི་མཚན་ཉིད་དོ། །རྣམ་པར་ཤེས་པ་གསུམ་པོ་དེ་དག་ནམ་མཁའི་མཚན་ཉིད་ཅན་རྣམ་པ་མེད་པའི་ངོ་བོ་ཁྱབ་པ། འགྲོ་བ་དང་འོང་བ་དང་བྲལ་བའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན། ཇི་ལྟར་ན་ཉིན་དང་མཚན་དུ་རང་གི་ལུས་ལ་སྤྲོ་ཞིང་སྡུད་པར་བྱེད། གང་ཞིག་འདིར་མེལ་ཚེ་བྱེད། གང་སེམས་མེད་པར་བྱེད། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་


JLD006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་གང་ལས་བྱུང་ནས་ཉམས་སུ་མྱོང་བར་འགྱུར་པའི་རྒྱུ་འདིར་བཅོམ་ལྡན་འདས་རྡོ་རྗེ་བླ་མ་སྟོན་པས་བཤད་དུ་གསོལ། རྡོ་རྗེ་བླ་མས་སྨྲས་པ། རྣམ་པར་ཤེས་པ་གསུམ་པོ་འདི་ནི་རྩ་བ་མེད་པ་གནས་པ་མེད་པ་གཞི་མེད་པ་རྟགས་མེད་པ་ཁ་དོག་མེད་པ་དབྱིབས་མེད་པ། དབང་བོ་ལས་འདས་པ་ཡིན་པར་ནི་བདེན་ཏེ། དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ། དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་བྱེད་དེ། གང་གི་ཕྱིར་རླུང་གི་ཁམས་ནི་གཟུགས་མེད་ཀྱང་གཡོ་ཞིང་བསྐྱོད་པ་ལ་སོགས་པའི་བྱ་བ་སྟོན་པས་རྗེས་སུ་དཔག་པ་ལས་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་པར་ཤེས་པ་སྣང་བ་ཡང་གཟུགས་མེད་ལ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་པར་མ་ལ་སོགས་པའི་རང་བཞིན་རྣམས་ཀྱིས་རྗེས་སུ་དཔག་པར་བྱ་བ་ཡིན་བའི་ཕྱིར། རྗེས་སུ་དཔག་པས་རྟོགས་པར་བྱའོ། །ཞེས་གསུངས་པ་འདིས་རང་བཞིན་དང་སྣང་བ་གསུམ་གྱི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་སྣང་བ་དང་པོ་གཉིས་ལ་ཙམ་སྦྱར་བ་ནི་དེའི་དུས་ན་རང་བཞིན་ཡོད་པ་གཅོད་པ་སྟེ་གསུམ་པ་ལའང་དེ་བཞིན་དུ་ཞེས་གསུངས་པས་སྔ་མ་དང་འདྲའོ། །ནམ་མཁའི་མཚན་ཉིད་ཅན་ནི་ནམ་མཁའ་ལ་ཟླ་བ་དང་ཉི་མའི་འོད་དང་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུར་སྣང་བའོ། །རྣམ་པ་མེད་པ་ནི་དེ་དག་ལས་གཞན་པའི་ཡུལ་གྱི་རྣམ་པ་མི་སྣང་བའོ། །ཁྱབ་པ་ནི་ཕྱོགས་ཀུན་ཏུ་ཁྱབ་པར་སྣང་བའོ། །འགྲོ་འོང་དང་བྲལ་བ་ནི་རྣམ་རྟོག་རགས་པའི་རྒྱུ་འགྲུལ་མེད་པའོ། །དེ་ལྟར་སྟོན་པས་གསུང་པ་ནི་གཞི་དུས་ཀྱི་སྣང་བ་ལའང་བྱའི་ཡེ་ཤེས་ཞེས་གསུངས་པས་མངོན་པར་རྟོགས་པའི་སྣང་བ་གསུམ་ཁོ་ན་ལ་མི་བཟུང་སྟེ། གཞིའི་སྐབས་


JLD006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སུའང་དེ་ལྟར་མང་དུ་གསུངས་པའི་ཕྱིར་ཏེ་འོད་གསལ་བཞིན་ནོ། །དེ་ལྟར་སྣང་བ་གསུམ་གྱི་རང་བཞིན་གྱི་རྟོག་པ་རྣམས་ཡུལ་ལ་ཕར་སྤྲོ་བ་དང་ཚུར་ལ་སྡུད་པ་མི་འཐད་པས་སེམས་གཞི་གཅིག་ཏུ་མི་གནས་པར་སྤྲོ་བ་དང་སྡུད་པའི་མེལ་ཚེ་གང་གིས་བྱེད་ཅེས་པ་ནི་བྱེད་པ་པོ་ལ་དྲིས་པའོ། །གང་སེམས་པ་མེད་པར་བྱེད་ཅེས་པ་ནི་ལས་སུ་བྱ་བ་ལ་དྲིས་པ་སྟེ་གང་ཞིག་སེམས་པ་མེད་པར་བྱེད་པའི་བྱ་རྒྱུ་དེའང་མེད་དེ་རང་བཞིན་རྣམས་ཀྱིས་ནི་དེ་བྱེད་མིན་པར་སྣང་བ་གསུམ་གྱི་སྐབས་སུ་བྱ་བྱེད་པའི་ཕྱིར་རོ་སྙམ་པའོ། །དེ་ལྟར་རང་བཞིན་གྱི་རྟོག་པ་རྣམས་ཀྱི་སྤྲོ་བསྡུ་བྱེད་པ་པོ་མེད་ན་རྟོག་པ་དེ་རྣམས་གང་ལས་བྱུང་ནས་ཉམས་སུ་མྱོང་བའི་རྒྱུ་མེད་པར་འགྱུར་སྙམ་པ་ནི་དྲི་བ་པོའི་བསམ་པའོ། །དྲི་བ་དང་པོ་གཉིས་ཀྱི་ལན་དུ་རྩ་བ་མེད་པས་གསུངས་པ་ནི་སྔར་གྱི་དྲི་བའི་དོན་དུ་བྱ་སྟེ་དེ་ལྟ་མིན་པར་བྱས་ན་སྣང་བ་གསུམ་དུ་མ་ཟད་རང་བཞིན་གྱི་རྟོག་པ་རྣམས་ལའང་དོགས་པ་དེ་ལྟར་སྐྱེ་བར་འགྱུར་ཏེ། ཁ་དོག་དང་དབྱིབས་མེད་པ་དང་དབང་བོ་གཟུགས་ཅན་པའི་ཡུལ་ལས་འདས་པ་སོགས་དེའང་ཡོད་པའི་ཕྱིར་རོ། །དེས་ན་དེ་ལྟ་མོད་ཀྱི་ཞེས་པ་ནི་སྟོན་པས་གསུངས་ན་ཞེས་པ་དེ་ལྟར་ཡིན་ནའང་སེམས་གསུམ་གཉིས་སྣང་གི་སྣང་བ་དང་བཅས་པ་ཡིན་པས་རླུང་གི་ཁམས་ཡོད་ལ། དེའི་དབང་གི་རྣམ་རྟོག་སྤྲོ་བསྡུའི་མེལ་ཚེ་བྱེད་པ་མི་འགལ་ལོ། །འོ་ན་ཉེར་ཐོབ་དང་མཆེད་པས་རང་རང་གི་འོག་མའི་སྣང་བ་མ་བསྐྱེད་པར་རྣམ་རྟོག་བདུན་དང་བཞི་པཅུ་སྐྱེད་དམ། ཡེ་ཤེས་འོག་མ་བསྐྱེད་ནས་བསྐྱེད། །དང་པོ་ལྟར་ན་ཡེ་ཤེས་གསུམ་གྱི་གོ་རིམ་མ་ངེས་པས་འོད་གསལ་ལས་སྣང་བ་གཞན་གཉིས་ཀྱང་ཐོག་མར་སྐྱེ་


JLD006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། དང་པོ་ཉེར་ཐོབ་བསྐྱེད་པའི་འོག་ཏུ་སྣང་བ་སོགས་སྐྱེ་བར་ཡང་འགྱུར་རོ། །གཉིས་པ་ལྟར་ན་སྣང་བ་གསུམ་ལ་འབྲས་བུ་རྟོག་པ་བདུན་དང༌། བཞི་པཅུ་དང༌། སོ་གསུམ་སོ་སོར་བཞག་པ་མི་འཐད་དེ། སྣང་བ་ཐ་མ་གཉིས་ཀྱི་དངོས་ཀྱི་འབྲས་བུ་ལ་རྟོག་པ་དེ་དག་གང་ཡང་མེད་ལ་བརྒྱུད་པའི་འབྲས་བུར་དེ་ཐམས་ཅད་འོང་བའི་ཕྱིར་རོ། །གཞན་ཡང་རྟོག་པ་ཚན་པ་གསུམ་པོ་དེ་དག་སྣང་བ་གསུམ་གྱི་རང་བཞིན་དུ་གསུངས་པས་འབྲས་བུར་ཡང་འགལ་ལོ། །ཡེ་ཤེས་གསུམ་རེ་རེ་སྐྱེས་པའི་མཐར་རྟོག་པ་ཚན་པ་རེ་རེ་འགག་པའང་མི་འཐད་དོ་སྙམ་ན། ཡེ་ཤེས་གསུམ་ལ་ངོ་བོ་ཉིད་གསུམ་དང་སེམས་ཡིད་རྣམ་ཤེས་གསུམ་ལ་སོགས་པའི་མིང་གིས་བཏགས་པ་ནི། སྒྲ་དེ་དག་འཇུག་ཏུ་རུང་བའི་རྒྱུ་མཚན་རེ་ཡོད་པ་ལ་དགོངས་ཀྱི་དེ་ཐམས་ཅད་ཡེ་ཤེས་གསུམ་དུ་སྟོན་པ་ནི་མིན་ནོ ། དེས་ན་ཡེ་ཤེས་གསུམ་དང་སྣང་མཆེད་ཐོབ་གསུམ་ཞེས་པ་ནི་སྔར་བསྟན་པ་ལྟར་གྱི་མཚན་ཉིད་དང་ལྡན་པར་གཞི་དུས་སུའང་འབྱུང་བས། དེ་དག་གི་རང་དུས་ན་རང་བཞིན་བརྒྱད་ཅུའི་རྟོག་པ་མེད་ཅིང༌། གོ་རིམ་ཀྱང་བཤད་པའི་རིམ་པ་བཞིན་དུ་སྐྱེ་བས་བར་བར་དུ་རྟོག་པ་བདུན་ལ་སོགས་པ་མི་སྐྱེའོ། །དེ་ལྟ་ནའང་རྟོག་པ་ཚན་པ་གསུམ་དུ་བྱས་ནས་སྣང་བ་གསུམ་སོ་སོའི་འབྲས་བུར་བཤད་པ་མི་འགལ་ཏེ། རྟོག་པ་ཚན་པ་གསུམ་དུ་བཅད་པ་ནི་ཡུལ་དང་འཛིན་སྟངས་མི་འདྲ་བའི་སྒོ་ནས་མིན་གྱི། རླུང་གི་མཐུས་ཀུན་རྟོག་ཡུལ་ལ་གཡོ་བའི་བྱ་བ་ཤས་ཆེ་ཆུང་འབྲིང་གསུམ་གྱི་སྒོ་ནས་ཡིན་ལ། དེའང་སྣང་བ་གསུམ་གྱི་དབང་གིས་འབྱུང་བའི་ཕྱིར་རོ། །འདི་ལྟར་འོད་གསལ་གྱི་ཐོག་མར་རླུང་གིས་མི་བསྐྱོད་པ་ཡིན་ནོ། །དེའི་མཐར་རླུང་གིས་ཅུང་ཟད་གཡོས་པས་ཉེར་ཐོབ་


JLD006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལ། དེ་རླུང་གིས་ཆེར་གཡོས་པས་མཆེད་པ་དང༌། དེ་ཆེས་ཆེར་གཡོས་པས་སྣང་བ་འབྱུང་ཞིང༌། དེའི་མཐར་རང་བཞིན་གྱི་རྟོག་པ་སྐྱེ་བ་ན་སོ་གསུམ་པོ་གང་རུང་ཞིག་བྱུང་ན་སྣང་བའི་ལག་རྗེས་དང༌། བཞི་པཅུ་གང་རུང་ཞིག་བྱུང་ན་མཆེད་པའི་ལག་རྗེས་དང༌། བདུན་པོ་གང་རུང་ཞིག་བྱུང་ན་ཉེར་ཐོབ་ཀྱི་ལག་རྗེས་ཡིན་ནོ། །རང་བཞིན་གྱི་རྟོག་པ་རྣམས་སྣང་བ་རྣམས་ཀྱི་འབྲས་བུར་གསུངས་ཤིང༌། སྤྱོད་བསྡུས་སུ་སྣང་བ་གསུམ་གྱི་མཚན་ཉིད་ལ་རང་བཞིན་དུ་བཤད་དེ། །དེའི་དོན་ནི་སྣང་བ་གསུམ་མཚོན་པར་བྱེད་པ་ལ་བྱའོ། །མཚོན་ཚུལ་ནི་རང་བཞིན་གྱི་སྒོ་ནས་སྣང་བ་གསུམ་རྗེས་སུ་དཔག་པར་བྱ་བར་གསུངས་པ་ཡིན་ལ། དཔོག་ལུགས་ནི་རང་བཞིན་རྟོག་པ་ལ་ཡུལ་ལ་གཡོ་བ་ཆུང་འབྲིང་ཆེ་གསུམ་འདུག་པའི་རྟགས་ཀྱིས་དེའི་རྒྱུ་སྣང་བ་ལའང་རླུང་གིས་གཡོ་བ་ཆུང་འབྲིང་ཆེ་གསུམ་ཡོད་པར་དཔོག་པའོ། །སྣང་བའམ་སྟོང་པ་གསུམ་ནི་གཉིད་དང་བརྒྱལ་བ་དང་འཁྲིག་དུས་དང་འཆི་བའི་དུས་དང་ཏིང་ངེ་འཛིན་མཐུ་ལྡན་གྱིས་སྤྲོས་པ་ཐིམ་པར་བྱས་པའི་སྐབས་མ་གཏོགས་པ་རྣམས་སུ་མངོན་དུ་མི་འགྱུར་ལ། སྔ་མ་བཞིའི་སྐབས་སུའང་སྐད་ཅིག་ཙམ་རེ་མྱོང་བར་གསུངས་པས་ཕལ་མོ་ཆེས་ངེས་པར་མི་ནུས་སོ། །དེའི་ཕྱིར་རྗེས་སུ་དཔག་པར་བྱ་བར་གསུངས་པས་ད་ལྟར་གྱི་ཤེས་པ་ཐམས་ཅད་ལ་སྣང་མཆེད་ཐོབ་གསུམ་པརྩི་བ་ནི་མི་རིགས་སོ། །རང་བཞིན་གྱི་རྟོག་པ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་ལ་སྒྲ་རྟོག་མེད་པའང་མང་བ་དང༌། །རང་བཞིན་གྱི་རྟོག་པ་རླུང་གིས་གཡོས་ནས་ཚུར་ལ་མ་ཐིམ་པའི་


JLD006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་རླུང་གིས་ཡུལ་ལ་ཧ་ཅང་གཡོ་བའི་བློ་ཐམས་ཅད་རང་བཞིན་གྱི་རྟོག་པ་ཡིན་པས། ད་ལྟའི་དབང་ཤེས་རྣམས་ཀྱང་རང་བཞིན་གྱི་རྟོགས་པར་བྱའོ། །མདོར་ན་རླུང་གིས་རང་བཞིན་གྱི་རྟོག་པ་དངོས་སུ་གཡོས་མ་གཡོས་གཉིས་སུ་ངེས་ལ། མ་གཡོ་ཚུན་ཆད་ནི་སྟོང་པ་བཞིའི་སྐབས་ཡིན་ལ། གཡོས་ནས་ནི་རང་བཞིན་གྱི་སྐབས་སོ། །དེ་ལྟར་ན་རང་བཞིན་གྱི་རྟོག་པ་རྣམས་སེམས་གསུམ་དང་རོ་གཅིག་ཏུ་སྐྱེ་བར་འདོད་པ་དང༌། སེམས་གསུམ་གྱི་འཁོར་དུ་སྐྱེ་བར་འདོད་པ་ནི་འཐད་པ་མ་ཡིན་ནོ། །གང་སེམས་པ་མེད་པར་བྱེད་ཅེས་པའི་དྲི་བ་གཉིས་པའི་ལན་དུ། མ་རིག་པའོ་ཞེས་གསུངས་ཏེ། མ་རིག་པ་ནི་དྲན་པ་བརྗེད་པའི་ངོ་བོར་གསུངས་པས་སེམས་པ་མེད་པར་བྱེད་པ་སྟེ་བྱས་པ་ནི་དེའོ། །དེའང་རང་བཞིན་སྣང་བ་ལ་ཐིམ་པའི་དབང་གིས་འབྱུང་ངོ༌། །དེ་ལྟར་ན་སྔ་མ་རྣམས་ཀྱིས་སྤྲོ་བར་བྱེད་ཚུལ་དང་འདིས་སྡུད་པར་བྱེད་པའི་ཚེ་སེམས་པ་མེད་པར་སོང་བ་དེ་གང་ཡིན་པ་བསྟན་ནོ། །དོན་བསྡུ་ན། རང་བཞིན་རྣམས་གང་ལས་བྱུང་བ་དང་གང་དུ་ཐིམ་པ་གཉིས་ཀ་སྣང་བ་རྣམས་ཡིན་པར་བསྟན་ནོ། །ལུས་འཆགས་པའི་རིམ་པ་སྤྱིར་བསྟན་པ་བཤད་ཟིན་ཏོ། །གཉིས་པ་ལ་གསུམ། གཙོ་བོར་རླུང་གིས་རིམ་གྱིས་བསྐྱེད་ཚུལ་དང༌། རྩ་འཆགས་པའི་རིམ་པ་དང༌། བྱང་ཆུབ་ཀྱི་སེམས་འཆགས་པའི་རིམ་པའོ། །དང་པོ་ནི། དེ་ལྟར་མངལ་དུ་ཉིད་མཚམས་སྦྱར་ནས་འཕོ་བའི་ཟླ་བ་དང་པོ་ལ་ཁུ་ཁྲག་གི་འབྱུང་བ་བཞི་རིམ་གྱིས་སྨིན་པས་དབྱིབས་ཉའི་རྣམ་པ་ལྟ་བུར་འགྱུར་ལ། དེའི་ཚེ་སྲོག་འཛིན་གྱི་རླུང་ཆགས་པ་ཡིན་ཏེ། རྒྱུད་རྡོར་ཕྲེང་ལས། ཉོན་མོངས་ཅན་ཡིད་སྲིག་རླུང་ཉིད། །རྟག་ཏུ་


JLD006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་འགྲོ་བར་འགྱུར། །ཐོག་མར་འཕོ་བའི་དུས་སུ་ནི། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། ཞེས་སོ། །ཡང་རྒྱུད་དེ་ཉིད་ལས། སྲོག་གི་རླུང་ནི་སྙིང་གར་གནས། ཞེས་གསུངས་པས་སྲོག་འཛིན་དང་པོ་ཆགས་པའི་གནས་ནི་སྙིང་ག་ཡིན་ལ། རྩ་དང་པོ་ཆགས་པའི་གནས་ཀྱང་སྙིང་ག་ཡིན་པར་འཆད་པར་འགྱུར་རོ། །དེ་ལྟ་ན་སའི་དངོས་གཞིར་དང་པོ་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་པ་དེ་སྙིང་ག་དང་དེ་ནས་ལུས་ཡིན་མན་དུ་འཆགས་པར་གསུངས་པས་རྩ་རླུང་ཐིག་ལེ་གསུམ་ག་ཐོག་མར་སྙིང་གནས་འཆགས་པ་ཡིན་ནོ། དེ་ནས་འཕོ་བ་གཉིས་ཀ་ལ་སྙིང་གའི་སྟེང་དང་འོག་གི་དབྱེ་བས་སྲོག་རླུང་དེ་གཉིས་སུ་གྱུར་ནས་གཅིག་སྟེང་དུ་འགྲོ་གཉིས་པ་ལས་ཐུར་སེལ་སྐྱེས་ཏེ་འོག་ཏུ་འགྲོ་ལ། ཉའི་རྣམ་པ་དེ་སླར་ཡང་མའི་རང་བྱུང་གི་ཁྲག་དང་ཐུར་སེལ་དང་འདྲེས་ཏེ་སྨིན་པ་ལས་རུས་སྦལ་གྱི་རྣམ་པར་འགྱུར་ཏུ། དེ་ཉིད་ལས། འཕོ་བ་གཉིས་པའི་དུས་སུ་ནི། །སླར་ཡང་ཁྲག་དང་འདྲེས་ནས་ནི། །སྟེང་དང་འོག་གི་དབྱེ་བ་ཡིས། །རླུང་གིས་སྲོག་རླུང་གཉིས་སུ་འགྲོ། །ཐུར་སེལ་རླུང་དང་འདྲེས་པ་ཡིས། །རུས་སྦལ་རྣམ་པ་འཛིན་པར་འགྱུར། ཞེས་སོ། །དེའི་གནས་ཀྱང་དེ་ཉིད་ལས། འདོམས་ན་གནས་པའི་ཐུར་སེལ་ནི། ཞེས་གསུངས་ལ། འོན་ཀྱང་སྟེང་འོག་གི་གསང་གནས་ནས་བཟུང་སྟེ་བཤང་སྒོ་བར་དུ་གནས་པར་དེ་ཉིད་ལས་བཤད་དོ། །དེ་ལྟར་ཁུ་ཁྲག་གི་གཟུགས་ཅན་དེ་རིམ་གྱིས་འཕེལ་བས་འཕོ་བ་གསུམ་པ་ལ་ཐུར་སེལ་གྱིས་རུས་སྦལ་གྱི་སྐབས་དེ་བསྐམས་པར་བྱས་ནས། མཉམ་གནས་


JLD006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རླུང་བསྐྱེད་དེ་སྟེང་དུ་ཁ་བལྟས་པའི་ཕག་རྒོད་ཀྱི་ལུས་འདྲ་བར་འགྱུར་ཏེ། དེ་ཉིད་ལས། དེ་ནས་འཕོ་བ་གསུམ་པ་ལ། །ཁྲག་དང་ཁུ་བའི་གཟུགས་སུ་ནི། །ཐུར་སེལ་བ་ཡི་རླུང་གི་ཚོགས། །བསྐམས་ནས་མཉམ་པའི་རླུང་ནི་འབྱུང༌། །སྟེང་དུ་ཁ་བལྟས་ནས་ནི་གནས། །ཕག་རྒོད་འདྲ་བའི་ལུས་འཆང་འགྱུར། ཞེས་སོ། །དེའི་གནས་ཀྱང༌། དེ་ཉིད་ལས། མཉམ་གནམ་ལྟེ་བའི་པདྨར་གནས། ཞེས་སོ། །དེ་ནས་ཁུ་ཁྲག་གིས་བསྒོས་པའི་ཕུང་པོ་མཉམ་གནས་ཀྱི་རླུང་གིས་བཀུག་པ་སྟེ་སྨིན་པར་བྱས་ནས། འཕོ་བ་བཞི་པ་ལ། གདོང་སྟེང་དུ་བལྟས་པ་དོར་ནས་འོག་ཏུ་ཁ་བལྟས་ནས་མིའི་སེང་གེའི་རྣམ་པ་ཅན་དུ་འགྱུར་རོ། །མཉམ་གནས་ཀྱིས་སྨིན་པར་བྱས་པ་ལས་ནི་གྱེན་རྒྱུའི་རླུང་བསྐྱེད་དེ། སླར་ཡང་འཕོ་བ་བཞི་པ་ལ། །ཁྲག་དང་ཁུ་བ་བསྒོས་པ་ནི། །མཉམ་རྒྱུ་བ་ཡི་རླུང་བཀུག་ནས། །འོག་ཏུ་ཁ་བལྟས་ནས་ནི་འགྲོ། །སེང་གེའི་རྣམ་པ་ཡིས་ཀྱང་ནི། །གྱེན་རྒྱུའི་རླུང་ནི་སྤྲོ་བར་བྱེད། ཅེས་གསུངས་ལ། དེའི་གནས་ཀྱང༌། སྟོད་དུ་རྒྱུ་བ་ལྐོག་མར་གནས། ཞེས་སོ། །དེ་ནས་ཁུ་ཁྲུག་གི་འབྱུང་བ་རྣམས་འཕེལ་ཞིང་གྱེན་རྒྱུའི་རླུང་གིས་དབང་དུ་བྱས་པས་འཕོ་བ་ལྔ་པ་ལ། མིང་གཟུགས་ཅན་མ་ཡིན་པའི་ཕུང་བོ་བཞི་དང་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་རིམ་གྱིས་རྒྱས་ཏེ་འགྲོ་བའམ། ཡང་ན་མིའུ་ཐུང་གི་རྣམ་པ་ཅན་དུ་འགྱུར་པ་དང༌། གྱེན་རྒྱུས་ཁྱབ་བྱེད་ཀྱི་རླུང་བསྐྱེད་དོ། །དེའི་ལས་ནི། ལུས་འགུལ་བ་དང་གཡོ་བར་བྱེད་དེ། དེ་ནས་འཕོ་བ་ལྔ་པ་ལ། །ཁྲག་དང་ཁུ་བ་འཕེལ་ནས་ནི། །གྱེན་རྒྱུའི་རླུང་གིས་བཀུག་ནས་ནི། །མིང་ནི་གཟུགས་དེར་རིམ་བཞིན་འགྲོ །གྱེན་རྒྱུའི་རླུང་གིས་


JLD006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བྱེད་སྤྲོ། །གང་གིས་འགུལ་དང་གཡོ་བར་བྱེད། ཅེས་གསུངས་ལ། མིའུ་ཐུང་གི་རྣམ་པས་འགྲོ། ཞེས་ཀྱང་འབྱུང་ཞེས་འགྲེལ་པས་སོ། །ཐུར་སེལ་ལ་ནི་རྒྱགས་པ་བསྐྱེད་པའི་རླུང་ཆེན་པོ་ཞེས་པ་དང་རྒྱགས་པ་མྱོས་པའི་རླུང་ཞེས་ཀྱང་གསུངས་ཏེ། ཤ་དང་ཁྲག་འཕེལ་བར་བྱེད་དོ། །མཉམ་གནས་ལ་ནི་རྒྱགས་པའི་ཆུའི་རླུང་དང༌། མྱོས་པའི་ཆུའི་རླུང་ཞེས་ཀྱང་ཟེར་ཏེ་ཁུ་བ་དང་ཚིལ་འཕེལ་བར་བྱེད་དོ། །གྱེན་རྒྱུ་ལ་ནི་སྟོད་དུ་རྒྱུ་བ་དང་རྒྱགས་པའི་ཆ་དང་མྱོས་པའི་དུས་ཞེས་ཀྱང་ཟེར་ཏེ། མེ་དང་རླུང་འཕེལ་བར་བྱེད་དོ། །སྲོག་འཛིན་ལ་ནི་བཏང་བཟུང་ཞེས་ཀྱང་གསུངས་སོ། །ཇི་སྐད་དུ། ཉ་དང་རུས་སྦལ་ཕག་པ་དང༌། །མི་ཡི་སེང་གེ་མིའུ་ཐུང་དང༌། །རཱ་མ་གཉིས་དང་ན་བ་དང༌། །སངས་རྒྱས་ཀལ་ཀི་ཞེས་པ་བཅུ། ཞེས་ཁྱབ་འཇུག་གི་འཇུག་པ་བཅུ་གཞན་དག་འདོད་པ་དེ་དང་མཐུན་པར་མངལ་གྱི་གནས་སྐབས་ལྔ་ལ་སྦྱར་ནས་ལྟག་མ་མ་སྦྱར་རོ། །དུས་འཁོར་ལས་ནི་འཇུག་པ་བཅུ་ཀ་དང་སྦྱར་རོ། །དེ་ལྟར་ཕུང་བོ་ལྔའི་རླུང་ཆགས་པའི་འོག་ཏུ་འཕོ་བ་དྲུག་པ་ནས་བཅུ་པའི་བར་རེ་རེ་ལ་ས་ལ་སོགས་པའི་ཁམས་ལྔ་པོ་རེ་རེ་དང༌། མིག་ནས་ལུས་དབང་གི་བར་ལྔ་པོ་རེ་རེ་དང༌། ཁྱབ་བྱེད་ནས་བརྩམས་ཏེ་གཞུ་ལས་རྒྱལ་གྱི་རླུང་སྔ་མ་ལས་ཕྱི་མ་སྐྱེ་ཚུལ་ཡང་། རྒྱུད་དེ་ཉིད་ལས། ཕུང་བོ་ལྔ་ནི་རྫོགས་པ་ན། །དེ་ལྟར་གསུངས་པ་དེ་ལས་སླར། །འཕོ་བ་དྲུག་པའི་དུས་ཚོད་ལ། །ས་ཡི་ཁམས་དང་མིག་གཉིས་དང༌། །ཁྱབ་བྱེད་རླུང་གིས་ཀླུ་རླུང་སྤྲོ། །རླུང་གིས་དངོས་པོ་འཕེལ་བར་བྱ། །དེ་ནས་འཕོ་བ་བདུན་


JLD006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ཆུ་ཡི་ཁམས་དང་སྣ་བུག་དོད། །ཀླུ་ཡི་རླུང་གིས་རུས་སྦལ་རླུང༌། །སྤྲོས་ནས་གཉིས་སུ་མེད་པར་སྤྱོད། །དེ་ནས་འཕོ་བ་བརྒྱད་པ་ལ། མེ་དང་སྣ་ཡི་བུ་ག་འབྱེད། །རུས་སྦལ་རླུང་གིས་རྩངས་རླུང་སྤྲོ། །རང་གི་རང་བཞིན་ཤེས་པར་བྱེད། །དེ་ནས་འཕོ་བ་དགུ་པ་ལ། །རླུང་གི་ཁམས་དང་རོ་ནི་ཚོར། །ཀོ་ཀེལ་ཞེས་བྱའི་རླུང་ཆེན་པོས། །ལྷ་སྤྱིན་རླུང་ནི་སྤྲོ་བར་བྱེད། །དེ་རྗེས་འཕོ་བ་བཅུ་པ་ལ། །ལྷ་སྤྱིན་རླུང་གིས་གཞུ་རྒྱལ་སྤྲོ། །རླུང་ཀུན་སྡུད་པའི་མཚན་ཉིད་ཅན། །དགུ་ཡི་དབུས་ནས་ཁྱབ་པའི་ཁམས། །ཕྲ་ཞིང་ཐོགས་མེད་མཚན་ཉིད་ཅན། །རྩ་དང་རྒྱུ་མ་རྒྱུས་པའི་སྦུབས། །སྒོ་ནི་དགུ་པོ་རྒྱས་པར་བྱེད། །ལུས་ཀྱི་མཆོག་ཏུ་ཚོར་བ་དང༌། །གཅིག་པུ་རེག་བྱའི་མཚན་ཉིད་འཛིན། །རབ་སད་མཆོག་གི་ནམ་མཁའ་ལ། །འོད་གསལ་བཟང་བོ་ཡང་དག་གནས། ཞེས་གསུངས་སོ། །སའི་ཁམས་ཞེས་པ་ནི་དེས་མིག་གཉིས་པོསྐྱེད་ཅིང་དེས་ཀྱང་གཟུགས་མཐོང་བ་ཡིན་ཏེ། རླུང་གི་ཁམས་ཀྱི་བར་ལའང་དེ་བཞིན་དུ་སྦྱར་རོ། །དངོས་པོ་ནི་གཟུགས་ལ་སོགས་པའོ། །འཕེལ་བར་བྱེད་པ་ནི་ཡུལ་ལ་དམིགས་པའི་ཤེས་པ་རྒྱས་པར་བྱེད་པའོ། །ཀླུའི་རླུང་ལ་གྱེན་རྒྱུའི་རླུང་ཞེས་འགྲེལ་པས་འཆད་དེ་ཐ་སྙད་མི་ལེགས་སོ། །གཉིས་སུ་མེད་པར་བསྐྱེད་པ་ནི་རླུང་དང་ཤེས་པ་གཉིས་འདྲེས་ནས་བསྐྱེད་པའོ། །རང་གིས་ནི་རྩངས་རླུང་ངོ༌། །རང་བཞིན་ནི་དྲིའོ། །རླུང་དེ་ལས་མཉམ་གནས་ཞེས་ཟེར་བའང་མི་ལེགས་སོ། །ཀོ་ཀེ་ལ་ནི་རྩངས་པའི་རླུང་ངོ༌། །གཞུ་རྒྱལ་ལ་ནི་ནོར་ལས་རྒྱལ། ཞེས་


JLD006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གསུངས་སོ། །དགུ་ནི་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་བཞིའོ། །དེ་རྣམས་ཀྱི་དབུས་སུ་སོན་པས་དབུས་ན་གནས་པའོ། །ཕྲ་བ་ནི་སེ་སྐྱེའི་ཡུལ་མིན་པ་ལ་འགྲེལ་པས་འཆད་དོ། །རྩ་དང་ཞེས་པ་གཉིས་ཀྱིས་ནི་དེས་བུ་ག་ནམ་མཁའི་ཁམས་སྒྲུབ་པར་བྱེད་པར་བསྟན་ནོ། །ལུས་ཀྱི་སྒོ་ནི་ཚོར་བ་ཞེས་པ་ནི་ལུས་དབང་སད་པར་བྱེད་པའོ། །གཅིག་ཏུ་རེག་པའི་མཚན་ཉིད་འཛིན། ཞེས་འགྲེལ་པ་ལས་འབྱུང་ངོ༌། །རབ་སད་ནི་རླུང་ལྔ་པོ་རྣམས་དབང་པོའི་ལམ་ནས་འབྱུང་བའོ། འོད་གསལ་བཟང་བོ་ནི་འོད་ཟེར་ཤིན་ཏུ་གསལ་བའི་རླུང་ངོ༌། །མཆོག་གི་ནམ་མཁའ་ལ་གནས་པ་ནི་དོན་དམ་པར་སྟོང་པ་ཉིད་ཀྱིས་གནས་པ་ལ་འཆད་ཀྱང་རྩའི་ཁོང་སྟོང་གི་ནམ་མཁའ་ལ་གནས་པའོ། །ཀླུ་དང་ཞེས་པ་ལྔ་ནི་རྒྱུ་བ་ནས་ངེས་པར་རྒྱུ་བའི་བར་ལྔའི་མིང་ངོ་། །གཞུང་གནས་ནས་ལུས་དབང་ཆགས་པའི་འོག་ཏུ་མིག་སོགས་བཞི་ཆགས་པར་བཤད་ལ། རྒྱུད་འདིར་དེ་ལས་ལྡོག་སྟེ་གསུངས་པ་ནི་ལུས་དབང་གི་ཕྱོགས་རེ་དང་ཆ་ཀུན་སྐྱེ་བའི་དབང་དུ་མཛད་པའོ། །གཉིས་པ་ནི། དགའ་བོ་མངལ་འཇུག་གི་མདོ་ལས་མངལ་དུ་ཞུགས་ནས་ཞག་བདུན་ཕྲག་སོ་ལྔ་པ་ལ་རྩ་འཆགས་པར་བཤད། །དུས་འཁོར་ནས་ཟླ་བ་གཅིག་སོང་བའམ་ཟླ་བ་གཉིས་པ་ལ་རྩ་འཆགས་པར་བཤད་དོ། །དེ་ལ་ཁ་ཅིག་དང་པོར་ལྟེ་བའི་རྩ་འདབ་བརྒྱད་འཆགས། །དེ་ནས་སྙིང་གའི་བརྒྱད། དེ་ནས་མགྲིན་པའི་བརྒྱད། །དེ་ནས་སྤྱི་བོའི་བརྒྱད་ཆགས་ལ། དེ་དག་ཀྱང་མི་ཕྱེད་མ་ལ་སོགས་པའི་རྩ་སོ་གཉིས་སོ། །


JLD006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་ལ་རྩ་འདབ་རེ་བཞི་དང༌། མགྲིན་པ་ལ་བཅུ་དྲུག་དང༌། སྤྱི་བོ་ལ་སོ་གཉིས་པོཤད་པ་ནི་ལྟེ་བའི་རྩ་འདབ་རེ་རེ་ལ་ཀྱོག་བརྒྱད་པརྒྱད་དང་། མགྲིན་པའི་རེ་རེ་ལ་ཀྱོག་གཉིས་གཉིས་དང༌། །སྤྱི་བོའི་རེ་རེ་ལ་ཀྱོག་བཞི་བཞི་ཡོད་པ་ལ་དགོངས་སོ་ཞེས་སྨྲའོ། །དེ་ནི་མི་རིགས་ཏེ་རྩ་སོ་གཉིས་ཀྱི་གྲངས་ལ་རོ་རྐྱང་ཨ་བ་དྷཱུ་ཏཱི་ཡང་གཏོགས་པས་དེ་གསུམ་འཁོར་ལོ་རྣམས་ཀྱི་གཞུང་ཤིང་གི་ཚུལ་དུ་གནས་ཀྱི་འདབ་མ་མིན་པའི་ཕྱིར་དང༌། མི་ཕྱེད་མ་ལ་སོགས་པ་བརྒྱད་སྤྱི་བོ་སྤྱི་གཙུག་རྣ་བ་གཡས་གཡོན་ལྟག་པ་སྨིན་མཚམས་མིག་ཕྲག་པ་གཉིས་ཀྱི་རྩར་གསུངས་པས་ལྟེ་བའི་རྩ་འདབ་བརྒྱད་མིན་ནོ། །དེས་བརྒྱད་ཚན་གཞན་རྣམས་འཁོར་ལོ་ལྷག་མ་གསུམ་གྱི་རྩ་འདབ་ཏུ་འདོད་པ་མི་འཐད་པའང་ཤེས་པར་བྱའོ། །དེས་ན་དང་པོར་སྙིང་གའི་རྩ་བརྒྱད་ཆགས་པ་ཡིན་ནོ། །རྒྱུད་རྡོར་ཕྲེང་ལས། ལ་ལ་ན་དང་ར་ས་ན། ཨ་བ་དྷཱུ་ཏཱི་ཞེས་བྱའི་མིང༌། །དེ་རྣམས་སྤྲོ་བའི་སྤྱོར་བ་ཡིས། རིམ་གྱིས་ཐུན་ནི་བརྒྱད་དུ་འགྱུར། །གསུམ་པོ་ཉི་ཤུ་རྩ་བཞིར་འགྲོ ། ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །རིམ་གྱིས་གྲངས་ནི་བདུན་ཅུ་གཉིས། །སླར་ཡང་དེ་སྤྲོ་སྦྱོར་བ་ཡིས། རེ་རེ་སྟོང་སྟོང་དབྱེ་བ་ཡིས། རྟག་ཏུ་གྲངས་ཉིད་འགྱུར་པ་ནི། སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཞེས་རྩ་བདུན་ཁྲི་ཉིས་སྟོང་གྱེས་པའི་དང་པོའི་གཞི་ནི་རྩ་གསུམ་དང༌། དེ་གསུམ་ལས་ཐུན་ཚོད་བརྒྱད་ཀྱི་རྩ་གྱེས་པར་བཤད་ལ། དེ་ནི་སྙིང་གའི་རྩ་འདབ་ཡིན་པའི་ཕྱིར་དང༌། དེ་བརྒྱད་གང་ལས་གྱེས་ནས་འདབ་མར་སོང་བའི་དབུས་ཀྱི་རྩ་ནི་སྙིང་གའི་རྩ་གསུམ་


JLD006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །དེ་བརྒྱད་ལས་ཉི་ཤུ་རྩ་བཞིར་གྱེས་ཚུལ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་རྩ་གསུམ་པོའི་སྒོ་ནས་ཕྱེ་བས་ཡིན་ཏེ། །གསུམ་པོ་ཞེས་པ་འགྲེལ་པ་ལས་ཀྱང་བརྒྱད་ལ་གསུམ་གྱིས་བསྒྱུར་བས་ཉེར་བཞིར་འགྲོ་བར་བཤད་དོ། །རྒྱུད་དེ་ཉིད་ལས། དེ་ལས་འཁོར་ལོ་གསུམ་ཕྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། ཞེས་བརྒྱ་རྩ་བརྒྱད་པོ་དེ་ལ་སྐུ་གསུང་ཐུགས་ཀྱི་རྩ་གསུམ་གསུམ་དུ་འབྱེད་པར་གསུངས་སོ། །དེ་ས་ལ་ཞེས་པ་ནི་དེའི་གོང་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤིའི་སྡེ་ཚན་བརྒྱདབཤད་པ་དེ་རྣམས་རྣམ་པར་དག་པའི་རྩ་བརྒྱད་དུ་དབྱེ་བའི་དོན་ནོ། །འཁོར་ལོ་གསུམ་གྱི་དབྱེ་བ་ནི་སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི་ཞེས་པས་བཤད་པ་ལྟར་ཡིན་གྱི། །འགྲེལ་པས་སྤྱི་བོའི་འཁོར་ལོ་དོར་བའི་འཁོར་ལོ་ལྷག་མ་གསུམ་ལ་འཆད་པ་མིན་ནོ། །སྔགས་ཞེས་པ་ནི་ལྷ་དང་སྔགས་དབྱེར་མེད་པས་རྣལ་འབྱོར་མ་ཉེར་བཞི་ལ་བྱ་བའམ། ཡང་ན་པུ་ཛ་ལ་སོགས་པའི་ཡི་གེ་ཉེར་བཞིས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་ལྷའི་གནས་ཉེར་བཞི་པསྟན་པ་ལ་བྱ་སྟེ། །རྒྱུད་དེ་ཉིད་ལས། ལུས་ཀྱི་གནས་ཀྱི་དབྱེ་བ་ཡིས། །དེ་ཉིད་ཉི་ཤུ་རྩ་བཞིར་བརྗོད། །ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །གྲངས་ནི་བདུན་ཅུ་རྩ་གཉིས་པོརྗོད། །རེ་རེའང་འཁོར་ནི་སྟོང་སྟོང་ངོ༌། །ཐིམ་པ་ལོངས་སྤྱོད་བདག་པོ་འདོད། །གཙོ་བོ་ཡང་ནི་བསྡུས་པ་ལས། །གནས་རྣམས་ཀྱི་ནི་གྲགས་སུ་འགྱུར། ཞེས་གསུངས་པའི་


JLD006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །བདུན་ཅུ་རྩ་གཉིས་སུ་འབྱེད་པའི་གཞི་ནི་ཉེར་བཞི་ཡིན་ལ། འབྱེད་པའི་རྒྱུ་མཚན་ནི་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་གསུམ་དུ་ཕྱེ་བས་འབྱེད་པར་གསུངས་པས། སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་ཞེས་པ་བརྒྱད་ལ་ཉེར་བཞིར་འབྱེད་པའི་རྒྱུ་མཚན་ཡིན་གྱི་ཉེར་བཞི་ལ་དོན་གཉིས་སུ་འབྱེད་པའི་རྒྱུ་མཚན་མིན་ནོ། །གཙོ་བོ་དོན་གཉིས་པོ་རེ་རེ་ལ་འཁོར་སྟོག་ཕྲག་རེ་རེར་གྱེས་པ་རྣམས་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་དུ་འདུ་ལ། དེའང་ཁྲག་འབབ་པ་ཉེར་བཞི་རླུང་འབབ་པ་ཉེར་བཞིར་གསུངས་ཏེ། དེ་ཉིད་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་ནི་རྟག་ཏུ་རྨད་བྱུང་བ། །བྱང་ཆུབ་སེམས་ནི་འབབ་པར་ཤེས། །བདེ་བ་ཐམས་ཅད་རབ་ཏུ་འཕེལ། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པར་ནི་ཤེས་པར་བྱ། །ཉི་མ་འཕྲོ་བའི་བདག་ཉིད་ཅན། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བར་ནི་ཤེས་པར་བྱ། ཞེས་གསུངས་ཤིང༌། རླུང་དང་མཁྲིས་པ་བད་ཀན་འབབ་པའི་དབྱེ་བས་ཀྱང་དེ་ལྟར་གསུངས་སོ། །སཾ་བྷུ་ཊ་ལས། སྙིང་སྟོབས་སྐུ་དེ་རྡུལ་བཅས་ངག །མུན་པ་སེམས་ཀྱི་རང་བཞིན་ལས། །སྙིང་སྟོབས་ཁུ་བ་རིན་ཆེན་རྡུལ། མུན་པ་སྐྱེད་པར་བྱེད་པ་ཉིད། ཅེས་རྩ་གསུམ་ནས་འབབ་པའི་ཁུ་བ་སྐུ་དང་རྡུལ་གསུང་དང་མུན་པ་སེམས་གསུངས་ཤིང་འདིར་རླུང་འབབ་པར་གསུངས་པའང་གཙོ་བོ་སེམས་བསྐྱེད་པ་ཡིན་པས། རྩ་བརྒྱད་པོ་རེ་རེ་ལ་ལུས་ངག་ཡིད་གསུམ་གྱིས་


JLD006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པའི་རྒྱུ་མཚན་ནི་དེ་ལྟར་རོ། །ཐིམ་པ་ནི་བྱུང་ཆུབ་ཀྱི་སེམས་སམ་རླུང་གཉིས་དེར་ད་གཟོད་འཇུག་པར་འགྱུར་པའོ། །ལོངས་སྤྱོད་པ་ནི་དེ་གཉིས་རྩ་དེར་ལྟ་སྤྱོད་བཞིན་པའོ། །བདག་པོའང་དབང་བྱེད་པ་ནི་རྩ་དེར་དེ་གཉིས་ལ་སྔར་དབང་བྱས་ཟིན་པའོ། །རྒྱུད་དེ་ལས། ལུས་ཀྱི་སྙིང་གི་ནང་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཉེ་བར་བརྗོད། །ཅེས་གསུངས་ཤིང༌། དེའི་འགྲེལ་པ་མན་སྙེ་ལས། ཨ་བ་དྷཱུ་ཏཱི་དང་ལྷན་ཅིག་རྩ་ལྔ་རྣམས་དང་པོ་སྟེ། དེའི་རྗེས་སུ་གསུམ་དང༌། དེ་ནས་ཉི་ཤུ་རྩ་བཞི་ཞེས་པའོ་ཞེས་དང༌། །མངལ་གྱི་གནས་སྐབས་སུ་དང་པོར་སྙིང་གི་རྩ་ལྔ་རྣམས་སྐྱེའོ། །དེའི་རྗེས་སུ་སྐྱེས་པ་གསུམ་རྣམས་སོ་ཞེས་པ་བརྒྱད་རྣམས་སོ་ཞེས་མངལ་དུ་དང་པོར་སྙིང་གའི་རྩ་ལྔ་དུས་གཅིག་ཏུ་སྐྱེ་ཞིང༌། དེ་ནས་གསུམ་སྐྱེས་པས་རྩ་བརྒྱད་འཆགས་ལ། དེ་ནས་རྩ་ཉེར་བཞི་འཆགས་པར་བཤད་དོ། །དེའི་དོན་ལ་མཁས་པ་ཁ་ཅིག་དང་པོར་མངལ་དུ་རྩ་དབུ་མ་དང་སུམ་སྐོར་མ་ལ་སོགས་པ་ལྔ་སྟེ་དྲུག་དུས་མཉམ་དུ་འཆགས་པར་འདོད་པ་ནི་མི་འཐད་དེ། ཨ་བ་ངྷཱུ་ཏཱི་དང་ལྷན་ཅིག་རྩ་ལྔ་དང་པོར་སྐྱེ་བར་བཤད་པ་ནི་རྩ་དབུ་མ་དང་བཅས་པའི་ལྔར་བཤད་ཀྱི་དེ་དང་བཅས་པའི་དྲུག་ཏུ་མ་བཤད་པའི་ཕྱིར་དང༌། དང་པོར་སྙིང་གའི་རྩ་ལྔ་སྐྱེའོ་ཞེས་བཤད་པའི་ཕྱིར་རོ། །གཞན་ཡང་དེའི་རྗེས་སུ་གསུམ་པྱུང་བས་བརྒྱད་དུ་འཇོག་པར་ཡང་མི་རིགས་ཏེ། རྩ་བརྒྱད་ལ་དྲུག་ཆགས་པའི་རྗེས་སུ་གཉིས་ལས་མེད་པའི་


JLD006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང༌། རོ་རྐྱང་དབུ་མ་རྩ་གཞན་ཐམས་ཅད་ཀྱི་རྟེན་དུ་སྡོམ་འབྱུང་ལས་གསུངས་པས་རོ་རྐྱང་རྗེས་སུ་སྐྱེ་བར་མི་འཐད་དོ། །རྒྱུད་རྡོར་ཕྲེང་ལས་ཀྱང༌། དེ་གསུམ་སྤྲོ་བའི་སྦྱོར་བ་ཡིས། །རིམ་གྱིས་ཐུན་ནི་བརྒྱད་དུ་འགྱུར། ཞེས་སྙིང་གའི་རྩ་འདབ་བརྒྱད་ཀ་རྩ་གསུམ་ལས་གྱེས་པར་གསུངས་པས་ཀྱང་སུམ་སྐོར་མ་དང་འདོད་མ་དང་ཁྱིམ་མ་དང་གཏུམ་མི་དང་བདུད་བྲལ་མ་ལྔ་ཆགས་པའི་རྗེས་སུ་རོ་རྐྱང་ཆགས་པར་སྨྲ་བ་མི་རིགས་སོ། །དེས་ན་རོ་རྐྱང་དབུམ་གསུམ་དང་སུམ་སྐོར་མ་དང་འདོད་མ་ལྔ་དུས་མཉམ་དུ་ཆགས་པའི་རྗེས་སུ་ཁྱིམ་མ་ལ་སོགས་པ་གསུམ་ཆགས་པ་ནི་མན་སྙེའི་ལུགས་སོ། །དེ་ལྟར་སྙིང་གའི་ཕྱོགས་ཀྱི་རྩ་སུམ་སྐོར་མ་ལ་སོགས་པ་བཞི་ཆགས་པའི་རྗེས་སུ་དེ་རྣམས་རེ་རེ་ལ་མཚམས་ཀྱི་རྩ་འདབ་རེ་གྱེས་པས་ཐུན་ཚོད་བརྒྱད་ཀྱི་རྩར་འགྱུར་ཏེ། རིམ་གྱིས་ཐུན་ནི་བརྒྱད་དུ་འགྱུར། ཞེས་གསུངས་པ་ལྟར་རོ། །སུམ་སྐོར་མ་དང་འདོད་མ་གཉིས་རྩ་གསུམ་དང་མཉམ་དུ་ཆགས་ཀྱང་དེ་གསུམ་ལས་གྱེས་པ་མི་འགལ་ལོ། །བདུད་བྲལ་མ་ནི་ལྟེ་བ་ནས་ལངས་ཏེ་ལྕེའི་རྩེ་མོའི་བར་དུ་གནས་ལ། དེ་ལའང་ཨ་བ་ངྷཱུ་ཏཱི་ལ་བརྟེན་ནས་གནས་པར་མན་སྙེ་དང་སྡོམ་འབྱུང་འགྲེལ་པར་བཤད་དེ། མགྲིན་པ་ནས་དབུ་མ་དང་བྲལ་བར་གསལ་ལོ། །སྙིང་གནས་རྩ་བརྒྱད་ཆགས་པར་བཤད་པ་ནི་རོ་རྐྱང་དབུ་མ་གསུམ་འདབ་མའི་སུམ་སྐོར་མ་ལ་སོགས་པ་བཞི་པདུད་བྲལ་མ་དང་བརྒྱད་པརྒྱད་ཡིན་ལ། སྙིང་གར་ཐུན་བརྒྱད་ཀྱི་རྩ་བཤད་པ་ནི་སྙིང་གའི་ཕྱོགས་མཚམས་ཀྱི་འདབ་མའི་རྩ་བརྒྱད་ཡིན་པས་མི་གཅིག་གོ །རྩའི་གཙོ་


JLD006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གསུམ་ནིལུས་ཀྱི་དབུས་ནས་སྟེང་དང་འོག་ཏུ་ཁྱབ་ཅིང༌། རོ་རྐྱང་གི་རྩ་གཉིས་ཀྱིས་དབུ་མ་ལ་འཁོར་ལོ་སོ་སོའི་ལྟེ་བར་ལུ་གུ་རྒྱུད་ཀྱི་ཚུལ་དུ་དཀྲིས་ནས་གནས་ཏེ། རྒྱུད་རྡོར་ཕྲེང་ལས། ལ་ལ་ན་དང་ར་ས་ན། །ཨ་བ་ངྷཱུ་ཏཱི་ཞེས་བྱའི་མིང༌། །སྐུ་གསུང་ཐུགས་ཀྱི་རང་བཞིན་དང༌། །དེ་ཉིད་དུ་ནི་ཡོངས་སུ་གྲགས། །སྟེང་དང་འོག་ཏུ་ཁྱབ་པ་ཉིད། །སོ་སོར་ལུ་གུ་རྒྱུད་ཚུལ་དུ། །རྩ་རྣམས་ཀུན་ལ་ཁྱབ་ནས་ནི། །ཡང་དག་མན་ངག་རིམ་པར་གནས། ཞེས་སོ། །འཁོར་ལོ་ནི་དྲུག་སྟེ། ལྟེ་བ་སྤྲུལ་བའི་འཁོར་ལོ་ནི་རྩ་འདབ་རེ་བཞི་དང༌། སྙིང་ག་ཆོས་ཀྱི་འཁོར་ལོ་ནི་རྩ་འདབ་བརྒྱ་དང༌། དེའི་གོང་མགྲིན་པའི་འོག་ཏུ་མེའི་འཁོར་ལོ་ནི་རྩ་འདབ་གསུམ་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནི་རྩ་འདབ་བཅུ་དྲུག་དང༌། སྨིན་མའི་དབུས་རླུང་གི་འཁོར་ལོ་ནི་རྩ་འདབ་དྲུག་དང༌། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ནི་རྩ་འདབ་སོ་གཉིས་པོ་སྟེ་བསྡོམས་ན་བརྒྱ་དང་ཉེར་དགུའོ། །དེའང་རྒྱུད་རྡོར་ཕྲེང་ལས། རླུང་གི་འཁོར་ལོར་གནས་པའི་རྩ། །འདབ་དྲུག་རླུང་གི་མཁའ་ལ་སྤྱོད། །འདབ་གསུམ་མེ་ཡི་འཁོར་ལོར་བཤད། །རྩ་གསུམ་གནས་ནི་རིམ་བཞིན་འཆར། །དེ་བཞིན་ལོངས་སྤྱོད་འཁོར་ལོ་ཡང༌། །རྩ་ནི་བཅུ་དྲུག་ཏུ་ནི་བརྗོད། །ཆོས་ཀྱི་འཁོར་ལོ་གནས་པའི་རྩ། །བརྒྱད་ནི་ཀུན་ལ་ཁྱབ་པ་པོ། །དེ་བཞིན་སྤྲུལ་བའི་འཁོར་ལོ་ཡང༌། །དྲུག་ཅུ་རྩ་བཞིར་འཆར་བར་བཤད། །བདེ་བ་ཆེན་པོའི་འཁོར་ལོ་ཆེར། །


JLD006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ནི་སུམ་ཅུ་གཉིས་སུ་བཤད། །དེ་ལྟར་མདོར་བསྡུས་རིམ་པ་ཡང༌། །བརྒྱ་དང་ཉི་ཤུ་རྩ་དགུའོ། ཞེས་དང༌། སྨིན་མའི་དབུས་གནས་རླུང་འཁོར་ལོ། ཞེས་དང༌། རྩ་གསུམ་གྲུ་གསུམ་མེ་དཀྱིལ་འཁོར། །མགྲིན་པའི་འོག་ཏུ་བཤད་པ་ཡིན། ཞེས་སོ། །རྩ་དབུ་མ་ནི་གཙུག་ཏོར་ནས་ནོར་བུའི་མཐའ་དང་རྐང་པའི་མཐའི་བར་དུ་གསན་པར་མན་སྙེ་ལས་བཤད་དེ། བུད་མེད་རྣམས་ལ་རྡོར་དབྱིངས་དབང་ཕྱུག་མའི་རྩ་པདྨའི་དབུས་སུ་གནས་པར་བཤད་ལ། དེ་ཉིད་དབུ་མ་དང་རྣམ་གྲངས་སུ་གསུངས་པས། སྐྱེས་པ་ལའང་ནོར་བུའི་བར་དུ་གནས་པ་འཐད་དོ། །གཙུག་ཏོར་ནས་ཞེས་བཤད་ཀྱང་བྷ་བ་བྷ་དྲས་སྨིན་དབུས་པར་དུ་བཤད་པ་ལྟར་ལེགས་སོ། །རོ་རྐྱང་གཉིས་ཀྱང་ཡ་མཐའ་དེ་དང་འདྲ་ལ། མ་མཐའང་དབུ་མ་དང་འདྲའོ། །རྐྱང་མ་ལྟེ་བར་ངལ་བསོ་བ་དང༌། རོ་མ་མགྲིན་པར་ངལ་བསོ་བར་གསུངས་པ་ནི། དེ་གཉིས་ནས་ཁུ་ཁྲག་འཕེན་འཛིན་བྱེད་པས་དེ་སྟོན་གྱི་དེ་ཕན་ཆད་དུ་མི་འགྲོ་བ་མིན་པར་བཤད་དོ། །མན་སྙེ་ལས་གཙུག་ཏོར་དུ་རྩ་འཁོར་འདབ་མ་བཞི་པ་དང༌། གསང་གནས་སུ་འདབ་མ་སོ་གཉིས་དང༌། ནོར་བུར་འདབ་མ་བརྒྱད་པ་གསུམ་དང་གཞན་བཞི་སྟེ་འཁོར་ལོ་བདུནབཤད་ལ། ཕྱག་ཆེན་ཐིག་ལེར་མདུད་པ་སོ་གཉིས་པར་ཡང་གསུངས་ཏེ་གཡས་གཡོན་ལ་དགོངས་པས་བསྡོམས་ན་བཅུ་དྲུག་གོ །དེ་ལྟར་དབུ་མའི་རྩ་མདུད་རྣམས་ཀྱི་ནང་ནས་ཤིན་ཏུ་དཀའ་བ་ནི་སྙིང་གའི་རྩ་མདུད་ཡིན་ཏེ། རྒྱུད་རྡོར་ཕྲེང་ལས། སྙིང་གི་པདྨའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །སྟེང་འོག་ཡང་དག་


JLD006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ནི། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །དེ་ལའང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །དེ་ཡིས་ཐུར་སེལ་བཅོམ་བྱས་པས། །སྟེང་དུ་འགྲོ་བ་ཐོབ་མི་སྲིད། ཅེས་དང༌། སྟེང་མ་རྣམས་ཀྱང་ཐུར་དུ་འགྲོ །སྲོག་གིས་རབ་ཏུ་བཅོམ་ན་ཡང༌། །དེ་དག་རྣམས་ཀྱང་སྲོག་རྩའི་ནང༌། །ཞུགས་ནས་ཐུར་དུ་ཁ་བལྟས་པ། །དེ་དག་ཐུར་དུ་མི་འགྲོ་སྟེ། །མ་རིག་མདུད་པས་བཅིངས་པ་ན། ཞེས་གསུངས་སོ། །དེ་ལ་རྐང་པ་དང་པོ་གཉིས་ཀྱི་དོན་ནི་འཆར་པར་འགྱུར་ལ། སྟེང་འོག་གི་ནི་སྙིང་གའི་འཁར་ལོའི་སྟེང་ལ་བརྟེན་ནས་སྲོག་འཛིན་དང༌། འོག་གི་རྩ་ལ་བརྟེན་ནས་ཐུར་སེལ་རྒྱུའོ། །སྙིང་གའི་པདྨ་དེ་ལའང་འཁོར་ལོ་དེའི་དབུས་སུ་རྩ་དབུ་མ་ལ་རོ་རྐྱང་གཉིས་ཀྱིས་གཡས་གཡོན་ནས་མདུད་པ་གསུམ་གྱིས་དཀྲིས་ནས་གནས་སོ། །མདུད་པ་དེ་ནི་ཤིན་ཏུ་དབྱེ་བར་དཀའོ། །མདུད་པ་དམ་པོ་དེ་ཡིས་འོག་ནས་ཐུར་སེལ་སྙིང་གའི་དབུ་མའི་ནང་ནས་སྟེང་དུ་འགྲོ་བའི་བྱ་བ་བཅོམ་པས་ཏེ་བཀག་པས། རླུང་དེ་ལ་ལམ་དེ་ནས་སྟེང་དུ་འགྲོ་མི་ནུས་སོ། །དེ་བཞིན་དུ་སྲོག་འཛིན་ལ་སོགས་པའི་སྟེང་གི་རླུང་རྣམས་ཀྱང་སྲོག་རྩའི་ནང་དུ་ཞུགས་ཏེ་ཁ་ཐུར་དུ་བལྟས་ཏེ་འགྲོ་མོད་ཀྱང༌། སྔར་བཤད་པའི་ལམ་དེ་ནས་ཞུགས་ནས་ཐུར་དུ་འགྲོ་མི་ནུས་ཏེ། དེ་ནས་སྲོག་གིས་ཏེ་སྲོག་རླུང་འོག་ཏུ་འགྲོ་བའི་བྱ་བ་བཅོམ་པའི་ཕྱིར་ཏེ། རོ་རྐྱང་གི་མདུད་པས་དམ་པར་བཅིངས་པའི་ཕྱིར་རོ། །སྤྱོད་བསྡུས་ལས། །དཀྱིལ་འཁོར་བཞིའི་རླུང་རྣམས་འོག་གི་རྡོ་རྗེ་དང་པདྨའི་སྣ་རྩེ་


JLD006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྟེང་གི་སྣའི་སྒོར་རྒྱུ་བར་བཤད་ལ། ཁྱད་པར་དུ་ཐུར་སེལ་སྣ་གཡོན་ལ་རྒྱུ་བར་བཤད་པས། སྤྱིར་འོག་ན་གནས་པའི་རླུང་རྣམས་སྟེང་གི་སྣ་སྒོར་མི་འགྲི་བ་དང༌། སྟེང་ན་གནས་པའི་རླུང་རྣམས་འོག་གི་སྒོར་མི་འགྲོ་བ་མིན་གྱི། སྙིང་གའི་དབུ་མ་ནས་ཡར་མར་དུ་འགྲོ་མི་ནུས་པའི་དོན་ནོ། །དེས་ན་རྒྱུད་དེ་ཉིད་ལས། བདག་ཅེས་བྱ་བའི་སྒྲ་ཡི་རྟེན། །གང་གིས་ཡང་དག་ཤེས་པ་ཡིས། །སྲིད་པར་འཆིང་བའི་མཚན་ཉིད་ནི། །ཨ་ཧཾ་འཁོར་བའི་འཆིང་བ་ཡི། །དེ་ནི་ཡོངས་ཟད་གྲོལ་བའོ། ཞེས་ཨ་ཧཾ་ཞེས་པ་ངའམ་བདག་གོ་ཞེས་པའི་སྒྲའི་དོན་ཡོངས་སུ་ཤེས་ན་འཁོར་བའི་འཆིང་བ་གཅོད་པར་བཤད་ལ། ཡང་དེ་ཉིད་ལས། ཨ་ཧཾ་དང་བྲལ་སྐྱེས་བུ་ནི། །རྩ་བ་ཆད་པའི་ཤིང་བཞིན་ནོ། ཞེས་དེའི་དོན་ཤེས་པ་དང་བྲལ་བའི་སྐྱེས་བུ་ནི་རྩ་བ་རུལ་བའི་ཤིང༌ ལྟར་གསུངས་ནས། ཨ་ནི་སྲོག་གི་རླུང་དུ་བཤད། །དེ་བཞིན་ཐུར་སེལ་ཧཾ་དུ་བརྗོད། །དེ་གཉིས་གཅིག་ཏུ་གྱུར་པ་ན། །དེ་ནི་ཨ་ཧཾ་ཞེས་བྱར་གྲགས། ཞེས་སྲོག་ཐུར་གཉིས་གཅིག་ཏུ་བསྲེ་བར་གྱུར་པ་ནི་འདིའི་ལུགས་ཀྱིས་སྙིང་གའི་རྩ་མདུད་གྲོལ་བའི་གནས་དེར་བསྲེ་བ་ཡིན་པས་སྙིང་གའི་མདུད་པ་དབྱེ་དཀའ་བས་སྲོག་ཐུར་འདྲེར་མ་བཅུག་པ་དང༌། འདྲེས་ན་འདྲེས་ལུགས་ཇི་ལྟར་འོང་དང༌། མདུད་པ་དེ་འབྱེད་པའི་གདམས་པའི་གནད་རྣམས་ཤེས་པ་ནི་ཤིན་ཏུ་གལ་ཆེའོ། །དེ་ལ་ལྟེ་བ་དང་མགྲིན་པའི་འཁོར་ལོ་ནི་ཨེ་ཡིག་འབྲུ་གསུམ་གྱི་དབྱིབས་ཤེས་རབ་དང༌། སྙིང་ག་དང་སྤྱི་བོའི་འཁོར་ལོ་ནི་ཝཾ་ཡིག་ཟླུམ་པོའི་དབྱིབས་ཐབས་ཡིན་ལ། སྔ་མ་གཉིས་ཁ་


JLD006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བལྟ་ཞིང་ཕྱི་མ་གཉིས་ཐུར་དུ་བལྟ་སྟེ། སཾ་བྷུ་ཊ་ལས། སྤྱི་བོ་ལྟེར་སོན་འཁོར་ལོ་ནི། །ཨེ་ཡི་དབྱིབས་སུ་ཡང་དག་གནས། །སྙིང་དང་མགྲིན་པར་ཡང་དག་གནས། །ཝཾ་གི་རྣམ་པ་ལྟ་བུར་བརྗོད། ཅེས་དང༌། ཐབས་དང་ཤེས་རབ་རང་བཞིན་གྱིས། །སྟེག་དང་འོག་ཏུ་སྙོམས་པར་འཇུག །ཨེ་ཡིག་དང་ནི་ཝཾ་ཡིག་ནི། །གཉིས་གཉིས་སུ་ནི་བརྗོད་པ་ཉིད། ཅེས་གསུངས་ཏེ། རྐང་པ་བཞི་པོ་དེའི་དོན་མན་སྙེ་ལས་སྔར་ལྟར་བཤད་དོ། །གསུམ་པ་ནི། རླུང་དང་བྱང་ཆུབ་ཀྱི་སེམས་དཀར་དམར་ནི་རྩའི་སྔོན་ནས་ཀྱང་ཆགས་ལ། དེའང་ཕ་མ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་དབུས་སུ་བར་དོའི་རྣམ་ཤེས་ཞུགས་པ་ནི་སྙིང་ག་དང༌། དེ་ནས་ལུས་ཡན་མན་དུ་འཆགས་པ་སའི་དངོས་གཞིར་གསུངས་པས། ཐིག་ལེ་དཀར་གྱི་དང་པོའི་གནས་ནི་སྙིང་ག་ཡིན་ནོ། །ཕྱིས་རྩ་རྣམས་ཆགས་པའི་རྗེས་སུ་ནི་སྤྱི་བོའི་འཁོར་ལོར་བྱང་སེམས་དཀར་བོ་དང༌། ལྟེ་བར་དམར་བོ་གནས་ཏེ། མན་ངག་སྙེ་མ་ལས། ཐུགས་རྡོ་རྗེ་ནི་དྲི་ཟའི་སེམས་ཅན་གྱི་གནས་སྐབས་དོར་ནས་ཕ་མའི་ཁུ་བ་དང་རྡུལ་དང་ལྷན་ཅིག་ཏུ་གྱུར་པ་ཕན་ཚུན་ཕན་གདགས་བྱ་དང་ཕན་འདོགས་པ་པོ་ཉིད་ཀྱིས། དེ་ལྟ་དེ་ལྟར་གནས་སྐབས་ཡོངས་སུ་འགྱུར་པ་བརྒྱུད་པའི་ངོ་བོའི་ཕུང་པོ་ལྔ་རྣམས་ཉེ་བར་བསྐྱེད་དེ། སྐྱེ་བ་ལ་སོགས་པའི་གནས་སྐབས་རྣམས་སུའོ། །འོན་ཀྱང་གནས་སྐབས་སུ་མགོ་བོའི་མཚོ་སྐྱེས་སུ་ཁུ་བ་ཤས་ཆེ་རྡུལ་ཤས་ཆུང་བ་སྟེ། གསང་བའི་ཆུ་སྐྱེས་སུ་ལྡོག་པའོ། ཞེས་གསུངས་སོ། །གསང་བའི་ཆུ་སྐྱེས་ཀྱི་སྒྲས་ནི་ལྟེ་བའང་གཟུང་ལ།


JLD006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱི་བོར་ནི་དཀར་བོ་ཤས་ཆེ་བ་དང་དུས་རྟག་ཏུ་གནས་པས་དེའི་གནས་སུ་བཤད་ཀྱི། དེར་དམར་བོ་མེད་པ་དང་གནས་གཞན་དུ་དཀར་བོ་མི་གནས་པ་མིན་ནོ། །དེ་བཞིན་དུ་ལྟེ་བར་ཡང་དཀར་བོ་ཡོད་མོད་ཀྱང་ཤས་དམར་བོ་ཆེ་ཞིང༌། གཏན་དུ་བའི་གནས་ཡིན་པས་དམར་པོའི་གནས་སུ་བཞག་གོ །འོ་ན་སཾ་བྷུ་ཊ་ལས། །དེ་ནང་ཧཾ་གི་རྣམ་པ་ནི། །ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་དེ། །བརྟན་པའི་བདག་ཉིད་གཡོ་བའི་བདག །གསལ་དང་མི་གསལ་གཟུགས་ལས་ནི། །ས་བོན་གཟུགས་ཀྱིས་ཡང་དག་གནས། །ལུས་ཅན་རྣམས་ནི་ཀུན་གྱི་གཟུགས། །དེ་ཕྱིར་གདོད་ནས་རྫོགས་པ་ཉིད། ཅེས་ཀླད་པའི་ནང་གི་བྱང་སེམས་དཀར་བོ་ལུས་ཀུན་གྱི་རྩ་བར་བཤད་པ་ཅི་ཡིན་སྙམ་ན། འཇིག་རྟེན་ཀུན་ནི་ཕུང་བོ་ལྔའི་འཇིག་རྟེན་དང་བརྟན་པ་ནི་མིག་སོགས་དང་གཡོ་བ་ནི་སེམས་སེམས་བྱུང་ཡིན་ལ་དེ་དག་གི་རྩ་བར་གསུངས་པ་ནི། མན་སྙེ་ལས། བར་སྐབས་སུ་ཞེས་བཤད་པ་ལྟར་སྤྱི་བོའི་འཁོར་ལོར་བྱང་སེམས་དཀར་བོ་ཆགས་རྗེས་སུ་དེས་ལུས་ཀྱི་འཇིག་རྟེན་རྒྱས་པར་བྱེད་པ་ལ་དགོངས་སོ། །རྐང་པ་ཐ་མ་ལ་དཔྱིད་ཐིག་ཏུ་དེ་ལས་དང་པོ་ནས་བསྐྱེད་པའོ་ཞེས་བསྒྱུར་བའང་དེ་དང་འདྲ་སྟེ། དེ་ལྟ་མ་ཡིན་ན་སྦྱི་བོའི་འཁོར་ལོར་གནས་པས་དེ་ལྟར་བསྐྱེད་པར་བཤད་པ་དང་འགལ་ཏེ། རྩ་མ་ཆགས་པའི་གོང་དུ་སྤྱི་བོའི་འཁོར་ལོ་མེད་པའི་ཕྱིར་རོ། །དེས་ན་སེམས་རྟེན་གྱི་ཐིག་ལེ་ནི་རྣམ་ཤེས་ཞུགས་པའི་ཁུ་ཁྲག་དང་དེའི་རྒྱུན་ཡིན་ལ། དེའང་སྙིང་གའི་གནས་ན་གནས་པས། ཐུགས་ཀྱི་ས་བོན་སྙིང་ག་རུ་འགོད་པར་ལན་དུ་མ་ཞིག་ཏུ་གསུངས་སོ། །ལུས་


JLD006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་ཁམས་བཅུ་དྲུག་གི་གཙོ་བོ་ཁུ་ཁྲག་གཉིས་ཡིན་པར་གསུངས་ལ། དེ་གཉིས་ཀྱིས་སེམས་རྟེན་བྱེད་པའི་གནས་ནི་སྙིང་ག་དང༌། འབར་བ་དང་འཛག་པའི་ཁུ་ཁྲག་གི་གནས་ནི་སྤྱི་བོ་དང་ལྟེ་བའོ། །གཞན་ཡང་རྒྱས་པར་བྱེད་ན་སྔར་བཤད་པ་ལྟར་རྩ་བདུན་ཁྲི་ཉིས་སྟོང་ལ་ཚན་པ་གསུམ་དུ་བྱས་ནས་གཅིག་ནས་ཁུ་བ་དང་གཅིག་ནས་ཁྲག་དང་གཅིག་ནས་རླུང་འབབ་པར་གསུངས་ཏེ་ཤས་ཆེ་བའོ། །དེ་ལས་བསྡུས་ན། ཁུ་ཁྲག་རླུང་གསུམ་འབབ་པའི་རྩ་དོན་གཉིས། དེ་ལས་བསྡུས་ན་དེ་གསུམ་འབབ་པའི་རྩ་ཉེར་བཞི། དེ་ལས་བསྡུས་ན་དེ་གསུམ་འབབ་པའི་སྙིང་གའི་རྩ་བརྒྱད། དེ་ལས་བསྡུས་ན་རོ་མ་ལས་ཁྲག་དང༌། རྐྱང་མ་ལས་ཁུ་བ་དང་དབུ་མ་ལས་རླུང་འབབ་པར་གསུངས་ཏེ། རྒྱུད་རྡོར་ཕྲེང་ལས། གཡོན་པ་ཟླ་བ་བྱང་ཆུབ་འབབ། །གཡས་པ་ཁྲག་དང་ཉི་མ་འབབ། །ཤེས་བྱ་དབུས་སུ་རླུང་རྒྱུ་བ། །མེ་སད་བྱེད་པར་ཤེས་པར་བྱ། ཞེས་གསུངས་ལ། གཞན་རྣམས་ཀྱི་ཁུངས་ནི་བཤད་ཟིན་ཏོ། །རྒྱུད་འདིར་དབུ་མ་ལ་མེ་རྒྱུ་བའི་རྩར་ཡང་བཤད་ལ། དེའི་དོན་དུས་མེ་རྒྱུ་བ་ལ་འགྲེལ་པས་འཆད་དོ། །འོན་ཀྱང་དབུ་མ་ནས་རྒྱུ་བའི་རླུང་དེ་གཏུམ་མོའི་མེས་སད་བྱེད་དུ་གསུངས་ཏེ་འདི་ནི་འཆད་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལུས་སྤྱི་དང༌། བྱེ་བྲག་ཏུ་རླུང་དང་རྩ་དང་བྱང་ཆུབ་ཀྱི་སེམས་རིམ་གྱིས་ཆགས་ཏེ་མངལ་དུ་སྐྱེ་བ་རྫོགས་ནས། བཙས་པའི་འོག་ཏུ་ཇི་ལྟར་གནས་སྙམ་ན། མངལ་དུ་སྣ་བུག་ནས་རླུང་འབྱུང་འཇུག་གང་ཡང་མི་བྱེད་པར་གནས་ནའང༌། མངལ་


JLD006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་བཙས་མ་ཐག་ནས་རླུང་གཉིས་ཀྱང་འབྱུང་འཇུག་བྱེད་ལ། བཟའ་བཏུང་ལོངས་སྤྱོད་པ་རྣམས་ཀྱང་ལྟེ་བར་གནས་པའི་གཏུམ་མོའི་མེས་བཞུས་ནས་སྙིགས་མ་རྒྱུ་མཐུན་དུ་འགྱུར་ཞིང༌། དྭངས་མ་ལུས་ཀྱི་རྩ་གནས་རྣམས་སུ་རོ་རྐྱང་གཉིས་ཀྱིས་འབེབས་པས་ལུས་འཕེལ་བ་དང་གནས་པའི་རྒྱུར་འགྱུར་རོ། །ཞག་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་པརྒྱ་རྒྱུ་ཞིང༌། འོག་གི་སྒོར་སྐྱེས་པ་དང་བུད་མེད་ལ་ཁུ་ཁྲག་འབྱུང་བ་ནི་ལོ་བཅུ་གཉིས་དང་བཅུ་དྲུག་གི་མཚམས་ནས་ཡིན་པར་བཤད་དོ། །དམར་ཆའི་མེས་དཀར་ཆ་བཞུས་ནས་འོག་སྒོར་འབེབས་པའི་དམར་ཆ་ནི། སྤྱིར་ཁྲག་མེའི་ཁམས་ཀྱི་ངོ་བོ་ཡིན་པས་ལུས་ཀྱི་རྩ་ནང་ནས་རྒྱུ་བའི་ཁྲག་གི་ཁམས་ཐམས་ཅད་དང༌། བྱེ་བྲག་ཏུ་རོ་མ་ནས་རྒྱུ་བའི་ཁྲག་གི་ཁམས་དྲོད་ཀྱི་ངོ་བོར་འབར་བ་ཡོད་ཀྱང༌། གཏུམ་མོའི་གཙོ་བོ་ནི་དབུ་མ་ན་གནས་པའི་ཁྲག་ཡིན་ཏེ། གཏུམ་མོའི་མེ་སད་པར་བྱེད་པའི་རླུང་དབུ་མ་ནས་རྒྱུ་བ་ལ་བཤད་ལ། དེའི་གནད་ཀྱིས་དེས་སྦར་བར་བྱ་བའི་མེའང་རྩ་གཞན་གྱི་ནང་གི་མེ་མིན་ནོ། །དེའང་གཙོ་བོར་ལྟེ་བ་དང་དེའི་འོག་སུམ་མདོར་གནས་པའི་ཁྲག་ནི་ཁམས་ཡིན་ཏེ། ལྟེ་བར་གནས་པ་ནི་མང་དུ་བཤད་ལ། སཾ་བྷུ་ཊ་ལས། ཚངས་པའི་མེ་ནི་སུམ་མདོར་གནས། ཞེས་ཀྱང་གསུངས་ཏེ། སྔ་མ་ནི་ཨ་ཡིག་ཏུ་བཤད་ལ་ཕྱི་མ་ནི་ཀྵ་ཡིག་ཏུ་གསུངས་སོ། །ལྟེ་བའི་ཨ་ཐུང་དེའི་འཁོར་ལོའི་དབུས་སུ་གནས་པར་ལན་མང་དུ་གསུངས་ཤིང༌། འགྲེལ་པ་རྣམས་ལས་ཀྱང་ཨ་བ་ངྷཱུ་ཏཱིའི་ནང་དུ་འགོད་པར་གསུགས་པས་དབུ་མའི་ནང་གི་རྡུལ་གྱི་ངོ་བོ་ཡིན་ནོ། །དེའི་ཕྱིར་མེ་དེས་བཞུ་བར་བྱ་བའི་སྤྱི་བོའི་ཧཾ་ཡིག་ཀྱང་སྤྱི་བོའི་འཁོར་ལོའི་དབུས་ཨ་བ་ངྷཱུ་ཏཱིའི་ནང་ན་གནས་པའོ། །ལྟེ་བར་གཏུམ་མོའི་མེ་འབར་བ་


JLD006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུ་མའི་ནང་དུ་ཞུགས་པ་འཁོར་ལོ་སོ་སོའི་འདབ་མར་ཞུགས་ནས་འགྲོ་བས་ལུས་ཀུན་ལ་གཏུམ་མོ་འབར་བའང་འོང་ལ། དེས་རྩ་གནས་དེ་ཐམས་ཅད་ནས་བྱང་སེམས་རེ་ཞུ་བར་ཡང་བྱེད་དོ། །རོ་མར་རླུང་དང་ཁུ་བའང་འབབ་ཀྱང་ཁྲག་ཤས་ཆེ་བས་རྩ་དེར་ཁྲག་འབབ་པར་གསུངས་ལ། དེ་བཞིན་དུ་རྐྱང་མར་ཡང་དེ་གསུམ་ག་འབབ་ཀྱང་རོ་མ་ལ་བལྟོས་ཏེ་ཁུ་བ་ཤས་ཆེ་བས་དེས་འབབ་པའི་རྩར་གསུངས་སོ། །དབུ་མར་ཡང་དེ་གསུམ་ག་འབབ་ཀྱང་སེམས་ཀྱི་བཞོན་པའི་རླུང་མེ་སད་བྱེད་དེར་འབབ་པ་ཤས་ཆེ་བས་རླུང་འབབ་པ་དང་སེམས་འབབ་པ་ཞེས་གསུངས་ལ། རོ་རྐྱང་གཉིས་ལ་བལྟོས་ཏེ་ཁུ་བའང་དེར་འབབ་པ་ཤས་ཆེ་བས་ཤེས་རབ་ཟླ་བ་འབབ་པར་བཤད་པ། དེ་ནི་ཀུན་འདར་མར་རབ་གྲགས། ཞེས་གསུངས་སོ། །དེ་ལྟར་ན་གང་ཞུ་བར་བྱ་བ་ནི་ཁུ་བ་དང༌། དེ་ཞུ་བར་བྱེད་པ་ནི་ཁྲག་དང༌། ཁྲག་འབར་བྱེད་ནི་རླུང་ཡིན། དེ་གསུམ་གའི་གཙོ་བོ་ཡང་ཨ་བ་དྷཱུ་ཏཱི་ན་གནས་པ་ཡིན་ནོ། །རྒྱུད་རྡོ་རྗེ་ཕྲེང་བར་སྙིང་ག་དང་ལྟེ་བའི་འཁོར་ལོའི་དབུས་ན་མི་ཤིགས་པ་རེ་གནས་པར་བཤད་པ་ནི་ནཱ་ད་ལ་བཤད་དེ། བསྒྱུར་ན་སྒྲའམ་སྒྲ་ཙམ་ཞེས་པའོ། །སྤྱི་བོའི་ཧཾ་ཡིག་ལ་མི་ཤིགས་པར་སཾ་བྷུ་ཊ་ལས་བཤད་པས་མགྲིན་པའི་དབུས་སུའང་མི་ཤིགས་པའི་ནཱ་ད་ཤེས་པར་བྱའོ། །དེའང་རྒྱུད་རྡོར་ཕྲེང་ལས། མི་ཤིགས་ནཱ་དའི་གོ་འཕང་ཅན། །རྣམ་རྟོག་ཐམས་ཅད་རྣམ་པར་སྤངས། །སྦྲུལ་གྱི་ལྕེ་ལྟར་གཡོ་བ་དང༌། །ཚངས་ལ་སོགས་པའི་ཕ་མ་དང༌། །ཟད་པ་མ་ཡིན་གཡོ་བ་ཡིན། །འབྱུང་བའི་ཚོགས་ནི་རྣམ་པར་སྤངས། །གྲངས་བྲལ་ཟད་མེད་སྐྱེ་བ་མེད། །ལྟེ་བ་སྤྲུལ་བའི་འཁོར་ལོར་གནས།


JLD006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ནི་ཨ་ཐུང་ཞེས་གྲགས་པའི་གཏུམ་མོ་ཡིན་ཏེ། རྒྱུད་དེ་ཉིད་ལས། གང་ཕྱིར་མཁའ་འགྲོ་རྣམས་སྡུད་པ། །དེ་ཕྱིར་བསྡུས་པའི་མཁའ་འགྲོར་བརྗོད། །ལྟེ་བའི་དབུས་ན་རྟག་བཞུགས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། ཅེས་གསུངས་པའི་ཕྱིར་རོ། །འདི་ཉིད་སཾ་བྷུ་ཊར་བདག་མེད་མ་དང༌། །དཔྱིད་ཐིག་ཏུ་རྡོ་རྗེ་ཕག་མོར་ཡང་བཤད་པས་མཁའ་འགྲོ་མ་རྣམས་བསྡུས་པའི་ངོ་བོའོ། །ཡང་དེ་ཉིད་ལས། ཆོས་ཀྱི་འཁོར་ལོའི་པད་དབུས་ན། །སྒྲ་ཙམ་ཡང་དག་གནས་པ་ནི། །རྟོག་མེད་སྣང་བ་མེད་པ་དང༌། །གཉིས་སུ་མེད་ཅིང་དྲི་མ་མེད། །དཔེ་བྲལ་བྱ་བ་མེད་པ་དང༌། །གཞི་མེད་བླ་གབ་མེད་པ་དང༌། །ཡེ་ཤེས་དབང་ཕྱུག་མཆོག་ཏུའོ། །འབྱུང་དང་རྡུབ་པ་རྣམ་པར་སྤངས། ཞེས་གསུངས་སོ། །སྙིང་གའི་མི་ཤིགས་པ་འདས་མཚོན་པའི་དོན་ནི་དུ་མ་ཞིག་ཡོད་ཀྱང་ཀུན་རྫོབ་ཏུ་གནས་ཚུལ་ནི། ཡིད་ཀྱི་ཤེས་པའི་སེམས་དང༌། སེམས་དེའི་རྟེན་ཐིག་ལེ་དཀར་དམར་གཉིས་དང༌། རླུང་འོད་ཟེར་ལྔ་པ་འོད་གསལ་གྱི་རླུང་ཞེས་འགྲེལ་པ་ལས་བཤད། ལྷན་ཅིག་སྐྱེ་བའི་རླུང་ནི་ཞེས་དེ་ཁོ་ན་ཉིད་གྲུབ་པ་ལས་འབྱུང་བའོ། །དེ་ལ་སྙིང་གི་པདྨའི་སྦུབས་ཀྱི་མཁའ་ལ་བཞུགས་པའི་ཡེ་ཤེས་རྡོ་རྗེ་ཞེས་ཀྱང་ཟེར་རོ། །རྒྱུད་དེ་ཉིད་ལས། གཙོ་བོ་ཆེན་པོ་མི་བསྐྱོད་པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དོ། །དེར་ནི་རྟག་ཏུ་བཞུགས་པའི་ས། །སྲོག་གི་ཡེ་ཤེས་མིང་ཅན་ཏེ། ཞེས་སྲོག་འཛིན་གྱི་རླུང་ལ་གསུངས་ལ། འདི་སྣ་སྒོར་འབྱུང་འཇུག་མི་བྱེད་པར་གསུངས་པས་སྣ་བུག་གཉིས་ཀ་ནས་རྒྱུ་བའི་ཆུ་རླུང་ལ་སྲོག་འཛིན་དུ་བཤད་པ་དེ་མིན་གྱི། སྲོག་འཛིན་ཤིན་ཏུ་ཕྲ་བ་ས་ཆུ་ལ་ཐིམ་པ་ལ་སོགས་པའི་མཐར་


JLD006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རགས་པ་རང་བཞིན་ལ་ཐིམ་ནས་ཕྱིའི་སྣ་བུག་གི་རྒྱུ་བ་ཆད་ནས་སྟོང་པ་གསུམ་གྱི་དུས་དང་ཤི་བའི་འོད་གསལ་གྱི་དུས་སུའང་གནས་པའི་རླུང་དེ་ཡིན་ནོ། །འདི་ཉིད་ཡི་གེ་རུ་བཀོད་པ་ན་རྒྱུད་འདི་ལས་ཧཱུཾ་ཡིག་དང་ཨ་ཡིག་ཏུ་བཤད་པ་གཉིས་པོྱུང་། སཾ་བྷུ་ཊ་ལ་སོགས་པ་ནས་ཧཱུཾ་ཡིག་ཏུ་བཤད་ཤིན་ཏུ་མང་། སྤྱོད་བསྡུས་སུ་རྒྱུད་ཀྱི་ལུང་དྲངས་ནས་ཨ་ཡིག་ཏུ་བཤད་དོ། །འཁོར་ལོ་བཞིའི་ལྟེ་བར་བཀོད་པའི་ཡི་གེ་འདི་རྣམས་ལ་རྒྱ་གར་བ་དང་པོད་མང་པོས་གནས་དེ་ན་རྩ་ཡི་གེའི་རྣམ་པ་ཅན་རེ་ཡོད་པ་ཡིན་ཞེས་འདོད་དེ། དེ་ལྟ་ན་ཡི་གེ་མི་འཐུན་པ་མང་པོ་བཤད་པ་དང་འགལ་བས་མི་འཐད་དོ། །དེས་ན་མན་ངག་སྙེ་མ་ལས་ངོ་བོ་ནི་སྔར་བཤད་པའི་གཏུམ་མོའི་རྡུལ་ལ་སོགས་པ་ཡིན་ལ། དེ་ཨ་ཐུང་དང་ཧཱུཾ་རིང་བོ་དང་ༀ་ཤིན་ཏུ་རིང་བོར་བཤད་པ་ནི་གནས་དེ་དག་ན་རླུང་དང་རྩ་ཕྲད་པས་དེ་དག་གི་གདངས་ཀྱི་རྣམ་པ་ཅན་འབྱུང་བ་ཡིན་ལ། དབྱིབས་ཨ་ལ་སོགས་པ་བཤད་པ་ནི་བློས་བཏགས་བསྒོམ་པ་ལ་བཤད་དེ་ལེགས་པ་ཡིན་ནོ། །སྤྱོད་བསྡུས་སུ་མི་ཤིགས་པ་ལས་རླུང་འཇུག་གནས་ལྡང་གསུམ་གྱི་ངོ་བོར་གྱུར་པའི་ཡི་གེ་གསུམ་གྱི་གདངས་འབྱུང་བར་གསུངས་པ་ནི་སྙིང་གའི་མི་ཤིགས་པ་དེ་རྣམས་ཀྱི་རྟེན་ཡིན་པ་ལ་དགོངས་ཀྱི་ད་ལྟ་དེ་ནས་ལྡང་འཇུག་བྱེད་པར་སྟོན་པ་མིན་ནོ། །སྙིང་གའི་རྩ་མདུད་གྲོལ་བའི་གནས་དེར་རླུང་སེམས་ཐིམ་པ་ནི་རྣམ་རྟོག་བརྒྱ་རྩ་དང་བརྒྱད་ཅུ་འགོག་པའི་གནས་དམ་པ་ཡིན་པས། རྣམ་རྟོག་གིས་མི་བསྐྱོད་པས་མི་བསྐྱོད་པའི་ཞིང་དུ་བཤད་དེ་མི་བསྐྱོད་པ་ཐུགས་ཀར་འགོད་པའི་དགོས་པའང་དེས་ཤེས་པར་བྱའོ། །གནས་དེ་བདེ་བ་ཅན་གྱི་ཞིང་དུའང་


JLD006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དེ་བདེ་བ་ཆེན་པོ་སྐྱེ་བའི་གནས་ཀྱི་མཆོག་དང༌། བྱང་ཆུབ་ཀྱི་སེམས་ནི་འཆི་བ་འགོག་པས་ཚེ་དཔག་མེད་ཡིན་ལ། དེ་ལས་བྱུང་བའི་ཤེས་རབ་ཀྱི་འོད་མཐའ་ཡས་པའི་ཕྱིར་རོ། །འོད་དཔག་མེད་ཀྱི་ཞིང་དུའང་གསུངས་སོ། །མགྲིན་པའི་ནཱ་ད་ནི་ༀ་ཡིག་གིས་མཚོན་པའི་ཁྲག་དང་བྱེ་བྲག་ཏུ་ནི་རླུང་ངོ༌། །ནཱ་ད་དེ་དག་གིས་མཚོན་པའི་དོན་ནི་སྟོང་པ་དང་བདེ་སྟོང་དབྱེར་མེད་པ་ལ་སོགས་པ་མང་ངོ༌། །ལུས་ཆགས་ནས་གནས་པའི་ཚུལ་བཤད་ཟིན་ཏོ། །གཉིས་པ་ནི། དེ་ལྟར་ལུས་ཆགས་ནས་གནས་པ་དེ་མཐར་འཆི་བའི་ཚེ་སྡུད་པ་དང་ནུབ་པ་དང་ཐིམ་པའི་རིམ་པ་ལ་རྩ་སྡུད་པའི་རིམ་པ་ནི། རྒྱུད་རྡོར་ཕྲེང་ལས། གྲངས་ནི་བདུན་ཅུ་རྩ་གཉིས་པོརྗོད། །རེ་རེའང་འཁོར་ནི་སྟོང་སྟོང་ངོ༌། །ཐིམ་པ་ལོངས་སྤྱོད་བདག་པོར་འདོད། །གཙོ་བོ་ཡང་ནི་བསྡུས་པ་ལས། །གནས་རྣམས་ཀྱི་ནི་གྲངས་སུ་འགྱུར། །སླར་ཡང་བསྡུད་ནས་འགྲོ་བ་ནི། །གསུམ་དང་རྣམ་བརྒྱ་དབྱེ་བ་ཡིས། །ཉིན་དང་མཚན་མོའི་དབྱེ་བ་ཡིས། །ཐུན་ཚོད་སྐད་ཅིག་སྦྱོར་བ་ཡིས། །རྩ་རྣམས་གོང་ནས་གོང་དུ་ནི། །ནང་དུ་འགྲོ་བར་ཤེས་པར་བྱ། ཞེས་གསུངས་སོ། །དོན་གཉིས་རེ་རེ་ལ་སྟོང་སྟོང་དུ་འབྱེད་ཚུལ་ནི། གནས་ནས་ཉེ་བའི་དུར་ཁྲོད་ཀྱི་བར་བཅུ་ལ་རིགས་བརྒྱའི་དབྱེ་བས་འབྱེད་པ་དང༌། སླར་ཡང་བསྡུས་ནས་འགྲོ་བ་ནི་དོན་གཉིས་པོ་ཉེར་བཞིའི་ཁོངས་སུ་འགྲོ་བ་སྟེ་གཙོ་བོ་ཡང་ནི་ཞེས་པ་དང་འབྲེལ་ལོ། །གསུམ་དང་རྣམ་བརྒྱད་དབྱེ་བ་ནི་བརྒྱད་ལ་གསུམ་གྱིས་བསྒྱུར་ན་ཉེར་བཞིར་འགྲོ་བའོ། །ཉིན་མཚན་གྱི་དབྱེ་བ་ནི་ཆུ་ཚོད་སོ་གཉིས་ཏེ་དེར་ཉེར་བཞི་སྡུད་དོ། །ཐུན་ཚོད་ནི་རྩ་བརྒྱད་དེ་སོ་གཉིས་ཀྱང་དེར་སྡུད་དོ། །བརྒྱད་ནི་སྐད་ཅིག་མ་གཅིག་ལ་སྡུད་པར་འགྲེལ་པས་


JLD006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །གཙོ་བོ་ཡང་ནི་བསྡུས་ཞེས་སྔར་བཤད་པས་སླར་ཡང་བསྡུས་ཞེས་པ་ནི་ཉེར་བཞིའི་ཉིན་མཚན་ལ་ཐུན་བརྒྱད་དུ་ཕྱེ་བའི་རྩ་བརྒྱད་ལ་སྡུད་ཅིང༌། བརྒྱད་པོའང་རྩ་གསུམ་ལ་སྡུད་དོ། །སྐད་ཅིག་གི་དབྱེ་བ་ནི་སྔ་མ་ནས་ཕྱི་མར་སྡུད་པ་མྱུར་དུ་སྡུད་པའི་དོན་དུ་བྱས་ན་འཐད་པར་སེམས་སོ། །ཡང་དེ་ཉིད་ལས། གཙོ་བོ་གསུམ་པོ་སླར་ཡང་ནི། །སྦྱོར་བས་གཅིག་པ་ཉིད་དུ་འགྲོ། ཞེས་པས་ནི་རོ་རྐྱང་གཉིས་ཀྱང་དབུ་མ་གཅིག་པུར་འགྲོ་བའོ། །དེ་ལྟར་སྡུད་པ་ནི་རྩ་ནང་ནས་རླུང་སྡུད་ཚུལ་ལ་འགྲེལ་པས་འཆད་དོ། །དང་པོ་ལས་ཀྱི་རྣལ་འབྱོར་བས། །ཕྲ་བ་དེ་ནི་ཤེས་པར་དཀའ། །བསམ་གྱིས་མི་ཁྱབ་མཆོག་ཏུ་ཕྲ། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །བདེ་བ་ཀུན་གྱི་གཞི་གསང་བ། །སྲོག་གི་རྟེན་གྱི་མཚན་ཉིད་དང༌། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་དང༌། །དུས་ཀྱི་རྩར་ནི་རྣམ་པར་བཤད། །རོ་གཅིག་གོ་འཕང་བདག་ཉིད་ཅན། །རྣལ་འབྱོར་མ་ཡི་རྒྱུད་ལས་ཤེས། །ཞེས་རྩ་རྣམས་ཀྱིས་རྣམ་རྟོག་བསྐྱེད་པའི་ནུས་པ་རིམ་གྱིས་བསྡུས་ནས་དབུ་མར་ཐིམ་པ་དེ་རིམ་པ་དང་པོའི་རྣལ་འབྱོར་པས་རྟོགས་དཀའ་བར་གསུགས་པས་རྫོགས་རིམ་གྱི་རྣལ་འབྱོར་བའི་ཡུལ་དུ་བསྟན་ནོ། །དེའི་ཕྱིར་སྡུད་རིམ་འདི་རྫོགས་རིམ་བསྒོམས་པའི་སྟོབས་ཀྱིས་བསྡུས་པ་ཡིན་མོད་ཀྱང་འཆི་བའི་དུས་ལ་སྦྱོར་བ་མི་འགལ་ཏེ་ལམ་གྱིས་ཀྱང་འཆི་རིམ་བཞིན་དུ་སྡུད་པའི་ཕྱིར་རོ། །སྲོག་གི་རྟེན་གྱི་མཚན་ཉིད་ཅེས་པས་ནི་དབུ་མ་གཞན་གྱི་ནང་མིན་གྱི་སྲོག་རླུང་གི་རྟེན་སྙིག་གའི་རྩ་མདུད་ཀྱི་ནང་དུ་བསྟན་ཏོ། །འགྲེལ་པར། རྣལ་འབྱོར་མ་ཡི་ཞལ་ལས་ཤེས། ཞེས་བཏོན་ནས་ཡེ་ཤེས་ཀྱི་མཁའ་


JLD006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མའི་གདམས་ངག་ལས་རྟོགས་པར་བྱ་བར་འཆད་དོ། །རླུང་སྡུད་པའི་རིམ་པ་ནི། རྒྱུད་དེ་ཉིད་ལས། ཇི་ལྟར་ཟླ་བ་གཟས་བཟུང་ལྟར། །རླུང་རྣམས་རིམ་གྱིས་ཉམས་འགྱུར་པ། །སྔ་མ་བཞིན་དུ་གོང་ནས་གོང༌། །རང་གི་བདག་ཉིད་ཐིམ་པར་འགྱུར། །བཏང་བཟུང་སླར་ལ་འགྲོ་བར་བྱེད། །ཇི་ལྟར་མེས་བསྲེགས་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ ། ཞེས་གསུངས་ཏེ། བཏང་བཟུང་ནི་སྲོག་འཛིན་གྱི་རླུང་སྟེ་མཐར་དེ་ལ་ཐིམ་ནས་འགྲོ་བ་ནི་མེ་ཤི་བ་བཞིན་ནོ། །དེ་ལྟར་ན་རྩ་དང་རླུང་སྡུད་པའི་རིམ་པ་གཉིས་ཀྱིས་སྙིང་གར་སྡུད་པར་བཤད་ལ། དེའི་རྒྱུ་མཚན་གྱིས་བྱང་ཆུབ་ཀྱི་སེམས་དཀར་དམར་སྡུད་དགོས་པ་རྣམས་ཀྱང་སྙིང་གའི་སེམས་རྟེན་གྱི་ཐིག་ལེ་གཉིས་ཨ་ལ་སྡུད་ཅིང༌། དེ་ནས་དེ་གཉིས་པོྲལ་ནས་འཆིའོ། །སྔར་འོད་གསལ་ལས་རྣམ་ཤེས་དང་ལས་རླུང་སྐྱེ་བ་སོགས་བཤད་པའི་འོག་ཏུ། ཇི་ལྟར་སྐྱེ་བ་དེ་ལྟའི་གནས། །ཐིམ་ནས་འགྲོ་བའི་རང་བཞིན་ཉིད། ཅེས་སྔར་ཇི་ལྟར་སྐྱེས་པའི་རིམ་པ་བཞིན་དུ་སྡུད་པར་གསུངས་ལ། དང་པོར་སྙིང་ག་ནས་ཆགས་པ་བཞིན་དུ་མཐར་ཡང་དེར་སྡུད་པ་ཡིན་ནོ། །འོ་ན་དབང་བོ་ལྔ་དང་དེ་ལ་བརྟེན་པའི་ཡན་ལག་གི་རླུང་ལྔའི་སྡུད་རིམ་དང༌། རྣམ་གཞག་རིམ་པར་མིག་ནས་ལུས་དབང་གི་བར་སྔ་ཕྱིར་ཐིམ་པར་བཤད་པ་དང་འགལ་ཞིང༌། རྩ་བའི་རླུང་ལྔའི་ཐོག་མར་ཁྱབ་བྱེད་ཀྱི་རླུང་ཐིམ་དགོས་ན་དེའང་མི་འཐད་དེ། རྒྱུད་འདི་ཉིད་ལས། འཆི་བའི་མཐར་ནི་འབྱུང་བར་འགྱུར། ཞེས་གསུངས་པས་སོ་སྙམ་ན། དེ་ལ་ཁམས་བཞི་ཆགས་པ་དང་ཕུང་པོ་རྣམས་དང་དེ་ལས་སྐྱེ་མཆེད་ཆགས་པར་བཤད་པའི་ཐིམ་རིམ་ནི་ཡན་ལག་གི་རླུང་ལྔ་ཐིམ་པ་དང་དབང་བོ་ལྔ་ཐིམ་པ་ནི་གནས་གཅིག་ལ། དེ་ཉིད་སྐྱེ་མཆེད་


JLD006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པའང་ཡིན་ནོ། །དེའི་རྗེས་སུ་རྩ་བའི་རླུང་ལྔ་རིམ་གྱིས་སྡུད་པ་ནི་ཕུང་བོ་ཐིམ་པའི་དོན་ནོ། །དེ་ལྟར་ན་དང་པོར་ཡན་ལག་གི་རླུང་ཐིམ་པའི་རིམ་པ་བྱུང་ན། ཆགས་པའི་དུས་ཀྱི་རིམ་པ་ཅི་འདྲ་མ་འདྲ་བྱུང་ཡང་སྐྱོན་མེདདོ། །དེ་ལྟ་མ་ཡིན་ན་ཆགས་པའི་ཚེ་མཐར་རང་བཞིན་གྱི་རྟོག་པ་རྣམས་འབྱུང་བར་བཤད་ལ། ཐིམ་པའི་ཚེ་ས་ནས་རིམ་གྱིས་ཐིམ་པའི་འོག་ཏུ་རང་བཞིན་ཐིམ་པར་གསུངས་པ་དང་འགལ་བར་འགྱུར་རོ། །ཁྱབ་བྱེད་འཆི་བའི་དུས་མིན་པ་སྣ་བུག་ནས་མི་རྒྱུ་བར་གསུངས་པས་དཀྱིལ་འཁོར་གཞན་བཞི་སྣ་བུག་ནས་རྒྱུ་བ་ཆད་པའི་འོག་ཏུ་ཁྱབ་བྱེད་རྒྱུ་བར་མངོན་ནོ། །དེའི་རྒྱུ་བ་ལོག་པའི་ཚེ་རླུང་རང་བཞིན་ལ་ཐིམ་ཞེས་པའི་སྐབས་སོ། །དེ་ནས་སྣང་བ་གཉིས་རིམ་གྱིས་ཐིམ་པའི་མཐར་འཆི་བའི་འོད་གསལ་འཆར་ལ། དེ་དུས་སུ་སྲོག་རླུང་ཕྲ་མོ་ཡོད་ལ་དེའི་དུས་གཉིས་པ་ནས་རྣམ་ཤེས་འཕོ་བའི་ཚེ་སྙིང་གའི་སེམས་རྟེན་གྱི་རླུང་དང་ཐིག་ལེའང་གནས་ནས་འཕོའོ། །དེ་མ་ཐག་སྲོག་རླུང་ཤར་ཏེ་བར་དོ་གྲུབ་ནས་འཁོར་ལོ་བསྐོར་བ་བཞིན་དུ་འཁོར་ཏེ། རྒྱུད་རྡོར་ཕྲེང་ལས། སླར་ཡང་སྲོག་གི་རླུང་ཤར་ན། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེས་ནི་ལྷན་ཅིག་རྣམ་ཤེས་དང༌། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང༌། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། ཞེས་གསུངས་སོ། །འཆི་བའི་དུས་སུའང་རྩ་དང་རླུང་ལ་སོགས་པ་མཐར་སྙིང་གའི་རྩ་མདུད་གྲོལ་བའི་གནས་སུ་སྡུད་པའི་དབང་གིས་སྡུད་རིམ་དེ་ལྟར་འོང་ངོ༌། །རྡོར་ཕྲེང་གི་ལེའུ་གསུམ་པ་ལས། འཁོར་ལོ་གསུམ་ལ་ཁྱབ་པའི་


JLD006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རླུང༌། །ཆོས་ཀྱི་འཁོར་ལོར་རྟག་ཏུ་གནས། །སྲོག་ཅེས་བྱ་བས་འགྲོ་ལ་ཁྱབ། །རྣམ་རྟོག་མེད་པ་མཚན་ཕྱེད་ན། །ནམ་མཁའ་མཆོག་ལས་ཤར་ནས་ནི། །རླུང་གི་རང་བཞིན་འབྱེད་པར་བྱེད། །རླུང་དེ་དགུ་ཡི་རྣམ་པས་བརྒྱུད། །ཆོས་ཀྱི་འཁོར་ལོའི་རྣམ་ཐར་གནས། །མཚན་ཕྱེད་དུས་ནས་བརྩམས་ནས་ནི། །འཁོར་ལོ་དྲུག་ལ་དགུ་པདག་ཉིད། །ཉི་མ་ཕྱེད་ཀྱི་མཐའ་རུ་ནི། །རླུང་རྣམས་ཀྱང་ནི་ལྡང་བར་བྱེད། །ཉི་མ་ཕྱེད་ནས་བརྩམས་ནས་ནི། །འཁོར་ལོ་དྲུག་ལ་དགུ་པདག་ཉིད། །མཚན་ཕྱེད་ཀྱི་ནི་དུས་ཀྱི་མཐར། །རླུང་རྣམས་གསལ་བར་རྒྱུ་བ་ན། །དེ་གཉིས་གནས་ཀྱི་དབྱེ་བ་ཡིས། །སྣ་ཚོགས་པ་ཡི་རྟོགས་པར་འགྲོ། ཞེས་རླུང་བརྒྱ་རྩ་བརྒྱད་རྒྱུ་ཚུལ་གསུངས་སོ། །དེའང་ཁྱབ་བྱེད་ད་ལྟ་སྣ་བུག་ནས་རྒྱུ་བའི་བྱ་བ་མི་བྱེད་པས་དེ་དོར་བའི་ལྷག་མ་དགུ་འཁོར་ལོ་དྲུག་ལ་རྒྱུ་བའི་དབྱེ་བས་བརྒྱ་རྩ་བརྒྱད་དུ་བྱེད་པ་རྣལ་འབྱོར་རྒྱུད་ཀྱི་ལུགས་དང་། སྤྲུལ་བའི་འཁོར་ལོ་ལ་སོགས་པའི་འཁོར་བཞི་ལ་དགུ་བཞི་སོ་དྲུག་རྒྱུ་བ་ལ་འཇུག་གནས་ལྡང་གསུམ་གྱིས་བསྒྱུར་བས་བརྒྱ་རྩ་བརྒྱད་དུ་བྱེད་པ་རྣམས་མའི་རྒྱུད་ཀྱི་ལུགས་སུ་འགྲེལ་པས་འཆད་དོ། །འགྲེལ་པའི་གཞུང་ལ་ཉི་མ་ཕྱེད་ཅེས་པ་ནས། རླུང་རྣམས་གསལ་བར་རྒྱུ་བ་ན། ཞེས་པའི་བར་མེད་ལ། ཐུན་ཕྱེད་དུས་ནས་བརྩམས་ནས་ནི། །འཁོར་ལོ་དྲུག་ལ་དགུ་པདག་ཉིད། །ཐུན་ཕྱེད་ཀྱི་ནི་མཐའ་ཉིད་དུ། ཞེས་བཏོན་ནས། ཐུན་ཕྱེད་ནི་བསྟན་བཅོས་ལས་ཆུ་ཚོད་བཞིར་གྲགས་ལ་འཇིག་རྟེན་པ་ལ་དབྱུ་གུ་བརྒྱད་དུ་གྲགས་པར་འཆད་དོ། །ལེའུ་བཅུ་དྲུག་པ་ནས་ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུར་གསུངས་ལ། དབྱུ་གུ་ཡང་དེ་བཞིན་དུ་གསུངས་པ་ནི་འོད་གསལ་གྱི་ཆུ་ཚོད་བཞི་ཕྲི་བ་ཡིན་ཞེས་འཆད་དོ། །དེ་


JLD006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ན་ཉིན་ཞག་གཅིག་ལ་ཐུན་ཕྱེད་པ་བརྒྱད་དུ་བྱེད་ན་ཆུ་ཚོད་སོ་གཉིས་ལས་མེད་པས་ཉུངས་ལ། ཐུན་ཕྱེད་ཉེར་བཞིར་བྱེད་ན་ནི་མངས་ཤིང༌། ཐུན་ཕྱེད་བཅུ་དྲུག་ཏུ་བྱེད་ནའང་ཆུ་ཚོད་རེ་བཞིར་འགྱུར་པ་དང༌། འཁོར་ལོ་རེ་རེ་དང་རླུང་རེ་རེ་ཐུན་ཕྱེད་དུ་བྱེད་ནའང་མི་འགྲིག་གོ །དེས་ན་མཚན་ཕྱེད་དང་ཉིན་ཕྱེད་ཅེས་པའི་འགྱུར་ལེགས་པས། མཚན་ཕྱེད་ནས་ཉིན་ཕྱེད་ཀྱི་བར་ལ་ཆུ་ཚོད་སུམ་ཅུ་ཡོད་པ་དེ་ལ་དྲུག་གིས་བགོས་པས་ཆུ་ཚོད་ལྔ་ལྔ་ཐོབ་པས་དེའི་རིང་ལ་འཁོར་ལོ་རེ་ནས་རླུང་དགུ་དགུ་རྒྱུའོ། །དེའི་མགོ་ནི་ལྟེ་བ་ནས་འཛུགས་པར་བཤད་ཅིང་ནམ་མཁའ་མཆོག་ཀྱང་ལྟེ་བའི་དབུས་ལ་འཆད་མོད་ཀྱང་ཆོས་ཀྱི་འཁོར་ལོར་གནས་པའི་སྲོག་གི་རླུང་ནམ་མཁའ་ལ་ཤར་ནས་རྒྱུ་བར་གསུངས་པས་སྙིང་ག་ནས་མགོ་འཛུགས་པར་གསལ་ལོ། །རྣམ་རྟོག་མེད་པ་ནི་སྲོག་རླུང་བེམས་པོ་ལ་བྱེད་པ་དང༌། འབྱེད་པར་བྱེད་པ་ལ་འཇོམས་པར་བྱེད་ཅེས་འཆད་དོ། །འོན་ཀྱང་ཤར་ནས་ནི་འབྱེད་ཅེས་བཤད་དགོས་པས་རྒྱུ་བ་ལ་བྱའོ། །འགྲེལ་པར། ཆོས་ཀྱི་འཁོར་ལོའི་རྩ་དབྱེ་བ། ཞེས་བསྒྱུར་བ་ལྟར་ལེགས་པས། རླུང་དེ་དགུའི་གྲངས་ཀྱིས་རྒྱུ་བའི་རྒྱུ་མཚན་ཆོས་འཁོར་ལ་རྩ་འདབ་བརྒྱད་ལྟེ་བ་དང་དགུའི་དབྱེ་བས་ཡིན་པར་འཆད་དེ་ལེགས་སོ། །དེའང་འཁོར་ལོ་དྲུག་གི་དབུས་ནས་སྲོག་རླུང་དང༌། མེ་རླུང་གི་འཁོར་ལོ་གཉིས་མ་གཏོགས་པ་བཞི་ལ་རྩ་བའི་རླུང་ལྷག་མ་གསུམ་དང༌། ཡན་ལག་གི་རླུང་ལྔ་རང་རང་གི་རྩ་འདབ་བརྒྱད་པརྒྱད་ལ་རྒྱུ་བ་དང༌། མེའི་འཁོར་ལོའི་འདབ་མ་གསུམ་ལ་རྩ་དབུ་མ་ལ་བརྟེན་པའི་མདུད་པ་གསུམ་དང་འདབ་མ་གསུམ་སྟེ་དྲུག་དབུས་དང་བདུན་ནུ་མ་གཡས་གཡོན་གཉིས་ཀྱི་རྩ་གཉིས་ཏེ་དགུ་དང༌། རླུང་གི་འཁོར་ལོ་ལ་འདབ་མ་དྲུག་དང་དབུས་ཏེ་བདུན།


JLD006_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མ་གཡས་གཡོན་གྱི་མཚམས་ཀྱི་རྩ་གཉིས་ཏེ་དགུ་ལ་བརྟེན་ནས་རླུང་དགུ་དགུ་རྒྱུའོ། །དཀྱིལ་འཁོར་བཞིའི་རླུང་རྒྱུ་ཚུལ་གཞན་དང་འདྲ་ལ། ཡན་ལག་གི་རླུང་ལྔ་ནི་སྲོག་རླུང་གི་ངོ་བོར་གསུངས་པས་སྣ་གཉིས་ཀ་ནས་རྒྱུ་བའམ། ཡང་ན་ཆ་མཉམ་དུ་བྱའོ། །རིམ་པ་ནི་འགྲེལ་པ་ལྟར་ན་ལྟེ་བའི་རྗེས་སུ་སྙིང་ག་དེ་ནས་མེ་འཁོར་དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོ། དེ་ནས་རླུང་འཁོར་དེ་ནས་བདེ་ཆེན་གྱི་འཁོར་ལོ་དེ་ནས་ཡང་ལྟེ་བ་ནས་རྒྱུའོ། །ཡང་ན་སྙིང་གའི་རྗེས་ལ་མེ་འཁོར་ནས་རིམ་པ་བཞིན་ལྟེ་བའི་བར་དུ་བྱའོ། །རླུང་དེ་རྣམས་གནས་རྣམས་སུ་རྒྱུ་བ་ན་དུག་གསུམ་ལ་སོགས་པའི་རྣམ་རྟོག་བརྒྱ་རྩ་བརྒྱད་པསྐྱེད་པར་གསུངས་སོ། །དེ་ལྟར་ན་ཉིན་ཞག་གཅིག་གི་རླུང་ཡང་དང་པོ་སྙིང་ག་ནས་ཤར་ནས་མཐར་དེ་རུ་སྡུད་པ་ཡིན་ནོ། །ད་ནི་དེ་རྣམས་འཕགས་པ་ཡབ་སྲས་ཀྱི་གཞུང་དང་སྦྱར་བར་བྱ་སྟེ། སེམས་ཅན་ཀུན་གྱི་སྲོག་ཏུ་གྱུར་པའི་རླུང་འདི་ནི་རྣམ་ཤེས་ཀྱི་བཞོན་པ་སྟེ་དེ་ནི་རླུང་གི་ངོ་བོའོ། །དེ་ལ་དབྱེ་ན་སྲོག་འཛིན་ལ་སོགས་པའི་རླུང་ལྔའི་བདག་ཉིད་དེ་ལྔར་ཡོད་ལ། དེ་ཙམ་དུ་མ་ཟད་རྒྱུ་བ་ལ་སོགས་པ་ཡན་ལག་གི་རླུང་ལྔར་ཡང་དབྱེར་ཡོད་པས་བཅུའང་ཡིན་ནོ། །བྱེད་ལས་ནི་ལས་ཀུན་བྱེད་པ་ཞིག་སྟེ་གཞུང་འདི་ནི་དགོངས་པ་ལུང་སྟོན་དང་སྡོམ་འབྱུང་ལས་ཅི་རིགས་སུ་འབྱུང་ངོ༌། །དེ་ལ་ཐ་མལ་པ་དང་རྣལ་འབྱོར་བའི་རྒྱུད་ལ་རླུང་དང་ཡི་གེ་གསུམ་གྱིས་ལས་ཇི་ལྟར་བྱེད་པ་ནི། སྤྱོད་བསྡུས་སུ་རྒྱས་པར་གསུངས་ཏེ་རིམ་ལྔར་མི་གསལ་བ་གསལ་བར་བྱེད་པའོ། སྤྱོད་བསྡུས་སུ་རླུང་བཅུས་ཐ་མལ་པ་དང་རྣལ་འབྱོར་བའི་རྒྱུད་ལ་ལུས་གནས་པའི་ཚེ་བྱ་བ་བྱེད་ཚུལ་མང་དུ་གསུངས་ནས། མཐར་མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་རོ། །ཞེས་གསུངས་པའི་མི་ཤིགས་པ་ནི་སྔར་བཤད་པ་ལྟར་


JLD006_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ཐོབ་པ་ནི་སྡུད་པའི་རིམ་གྱིས་དེར་ཐིམ་པའོ། །ཡི་གེ་གསུམ་གྱི་བྱ་བ་སྟོན་པའི་སྐབས་སུའང་དེ་ལྟར་ལུས་ལ་གནས་པའི་སྐབས་སུ་ཐམས་ཅད་བྱས་ཏེ་མཐར་མི་ཤིགས་པར་ཞུགས་ནས་ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ་དེ་བཞིན་དུ་ཐམས་ཅད་བྱེད་དོ། །ཞེས་གསུངས་པའང་དེ་ཉིད་དོ། །རིམ་ལྔར་ཡང་། སོ་སོར་བརྗོད་པའི་སྔགས་འདི་དག །དངོས་མེད་ངོ་བོ་ལས་བྱུང་བའོ། །ཞེས་པས་འོད་གསལ་གྱི་རླུང་སེམས་ལ་ལྡང་འཇུག་གནས་གསུམ་འབྱུང་བར་བསྟན་ཞིང༌། རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་གཞག །ཅེས་པས་རླུང་རྣམས་མཐར་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་སྡུད་པར་བཤད་དོ། །དང་པོ་གཅིག་ནི་དགུ་དགུས་ན། ཞེས་པའི་ཚིགས་བཅད་གཉིས་དང༌། ཐུང་ངུ་མ་ལུས་ངག་ཏུ་འགྱུར། ཞེས་པས་ཀྱང་དོན་དེ་ཉིད་སྟོན་ཏེ། དེའང་རྟོགས་དཀའ་བས་སྤྱོད་བསྡུས་སུ་གསལ་བར་མཛད་དེ། ཨ་ཐུང་ངག་ཚིག་ཐམས་ཅད་ཀྱི་སྲོག་ཏུ་ཞུགས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཀྱི་བར་གྱི་ངག་ཐམས་ཅད་འགྲུབ་པའི་སྒོ་ནས་ཐུང་ངུ་ནི་ངག་མ་ལུས་པར་འགྱུར། ཞེས་པ་སྒྲ་པས་ཤེས་ཀྱང་དེའི་དེ་ཁོ་ན་ཉིད་མི་ཤེས་པ་དང༌། དེའང་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་སོགས་དང༌། བསམ་གཏན་ཐམས་ཅད་ཀྱི་སྒོར་གསུངས་པས་སྐྱེ་བ་མེད་པའི་དོན་ནི་དེའི་དེ་ཁོ་ན་དང༌། ཁྱད་པར་དུ་སྙིང་གི་དབུས་ན་གནས་པའི་ལྷན་ཅིག་སྐྱེས་པའི་ཨ་ཡིག་ཏུ་གསུངས་ཏེ། དེ་དག་གི་དོན་ནི་སྔར་བཤད་དོ། །དེས་ན་དགོངས་པ་ལུང་སྟོན་གྱིས་ཨ་ཐུང་ངག་ཀུན་གྱི་རྒྱུ་དང་ཁྱབ་བྱེད་དུ་གསུངས་པ་ནི་ངག་ཚིག་གི་སྲོག་ཏུ་ཞུགས་པ་ཙམ་མིན་གྱི། དེས་མཚོན་པའི་དོན་ལྷན་སྐྱེས་ཀྱི་རླུང་སེམས་སྙིང་


JLD006_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ག་ན་གནས་པ་དེ་ཉིད་འཁོར་འདས་ཀུན་གྱི་རྩ་བ་དང༌། དེར་རླུང་སེམས་འདུ་བ་ཤེས་པའི་དོན་ཡིན་ཏེ། རྒྱུད་དེ་ལས་སྔགས་གསུམ་པཏུས་པ་ནི་ཕྱིའི་སྔགས་ལ་མི་བྱེད་པར་ནང་གི་སྔགས་རླུང་འཇུག་གནས་ལ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དེའི་རྩ་བར་བཤད་པའི་ཨ་ཐུང་ནི་མི་ཤིགས་པའི་ཐིག་ལེ་ཡིན་པར་ཤེས་སོ། །སྤྱོད་བསྡུས་སུ་རིམ་ལྔར་མ་དྲངས་པའི་དགོངས་པ་ལུང་སྟོན་གྱི་གཞུང༌། ཇི་སྲིད་འཇིག་རྟེན་བརྟགས་པ་དང༌། ཞེས་པ་ནས། ས་བོན་ལྟ་བུར་བཤད་པ་ཡིན། ཞེས་པའི་བར་གྱིས་རླུང་གིས་ཐམས་ཅད་བསྐྱེད་པར་བསྟན་ནོ། །གསུམ་པ་ནི། དེ་ལྟར་སྐྱེ་ཤིའི་རིམ་པ་བཤད་པ་དེ་རྟོགས་པ་ལ་བརྟེན་ནས་ལུས་ལ་གནད་དུ་བསྣུན་པའི་ལམ་བསྐྱེད་ལུགས་ཇི་ལྟར་ཤེས་ཤེ་ན། རིམ་ལྟར། ཇི་ལྟར་ཆུ་འཛིན་དུ་མ་ནི། །དབྱིབས་དང་མདོག་ནི་སྣ་ཆོགས་རྣམས། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་རྣམས། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། ཞེས་སྔར་བཤད་པ་ལྟར་གྱི་འཁོར་བའི་རིམ་པ་མི་ཤེས་པས་འཁོར་བར་འབྱུང་བ་དང༌། ཡང་དེ་ཉིད་ལས། རང་བཞིན་སྣང་བའི་སྦྱོར་བ་ནི། །གང་གིས་སྐྱེ་བོ་ཉོན་མོངས་པས། །དེ་ཉིད་ཤེས་ནས་ཡེ་ཤེས་ཅན། །སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། ཞེས་རང་བཞིན་དང་སྣང་བ་གཉིས་རྒྱུ་འབྲས་སུ་སྦྱོར་བ་གང་གིས་སེམས་ཅན་ཉོམ་མོངས་པར་བྱས་པ་དེ་ཤེས་པའི་ཡེ་ཤེས་ཅན་ནི་གྲོལ་བར་གསུངས་ལ། སྤྱོད་བསྡུས་ལས་ཀྱང༌། དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་ནས་རང་བཞིན་སྣང་བའི་


JLD006_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འབྲངས་ནས། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་ལས་སུ་སྨྲ་བའི་སེམས་ཅན་རྣམས་འཁོར་བ་ཐོག་མ་མེད་པའི་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ཉོན་མོངས་པ་དང་ལས་ཀྱི་འཆིང་བས་དར་གྱི་སྲིན་བུ་བཞིན་དུ་རང་བཞིན་དུ་རང་ཉིད་ཀྱིས་སྡུག་བསྔལ་གྱི་ཕུང་བོ་མངོན་པར་འདུ་བྱས་ནས། སྐྱེ་བ་གཅིག་ནས་གཅིག་ཏུ་ཉེ་བར་བསགས་པའི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་ནས་ཡང་དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་པས་ཕུང་བོ་ཡོངས་སུ་སྤངས་ཏེ། རླུང་གི་ཁམས་ཀྱིས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲིད་པས་རྗེས་སུ་བཅིངས་ལ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་བའི་ཡིད་དང་ལྡན་པ། བྱིས་པ་ལོ་ལྔ་པ་དང་དྲུག་པ་ལྟ་བུ་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་ཀྱང་མི་ཟློག་པ། མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཞག་བདུན་ནི་འགྲོ་བའི་བར་དུ་གནས་ནས་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐུལ་བར་གྱུར་པས་རྒྱུ་དང་རྐྱེན་ཐོབ་ནས། འགྲོ་བ་ལྔ་རྣམས་སུ་ཟོ་ཆུན་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་ཅིང་འཁོར་བའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། ཞེས་གསུགས་སོ། །དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་པ་ནི་ཕུང་སོགས་རིམ་གྱིས་ཐིམ་ནས། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུག་རགས་པ་རང་བཞིན་ལ་ཐིམ། རང་བཞིན་སྣང་བ་ལ་ཐིམ། སྣང་བའང་མཆེད་པ་ལ་ཐིམ། མཆེད་པ་ཉེར་ཐོབ་ལ་ཐིམ་ཉེར་ཐོབ་འོད་གསལ་ལ་ཐིམ་


JLD006_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། དེའང་སྔར་བཤད་པ་ལྟར་རྩ་དང་རླུང་དང་ཁམས་སྡུད་དགོས་པ་རྣམས་རིམ་གྱིས་དབུ་མར་ཞུགས་ཏེ། སྙིང་གའི་དབུ་མའི་རྩ་མདུད་གྲོལ་བའི་གནས་སུ་མི་ཤིགས་པ་ལ་ཐིམ་པའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་ལས་བྱུང་བ་ནི་བར་དོ་དེ་ཤི་བའི་འོད་གསལ་ལས་བྱུང་བའོ། །དེ་ལྟར་ན་སྔགས་དང་མཚན་ཉིད་གཉིས་ཀའི་ལུགས་ཀྱིས་འཁོར་བར་འཇུག་རིམ་ཐུན་མོང་བ། སེམས་ཀྱི་དེ་ཁོ་ན་ཉིད་བདག་མེད་པའི་དོན་མ་རྟོགས་པར་བདག་ཏུ་བཟུང་བའི་དབང་གིས་ཉོན་མོངས་གཞན་རྣམས་བསྐྱེད་ཅིང༌། དེས་ལས་བསགས་ཏེ་འཁོར་བ་དང༌། བླ་མེད་ཀྱི་གཞུང་ནས་བཤད་པའི་ཐུན་མོང་མ་ཡིན་པའི་འཁོར་ཚུལ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལས་བྱུང་བའི་རླུང་གིས་རྣམ་རྟོག་བསྐྱེད་ནས་ལས་བསགས་ཏེ། སྐྱེ་བ་ལེན་པ་དང་མཐར་ཡང་དེ་ཉིད་དུ་རིམ་གྱིས་ཐིམ་པའི་ཚུལ་མ་ཤེས་ན་འཁོར་བར་འཆིང་ལ། དེ་གཉིས་ལེགས་པར་ཤེས་ནས་འཁོར་བ་ལས་གྲོལ་བར་གསུངས་སོ། །དེ་ལ་ཐུན་མོང་བའི་སྐྱེ་འཆའི་རིམ་པ་ཤེས་ན་དེ་ལྡོག་པ་ལ་བདག་མེད་པའི་ལྟ་བ་དབུ་མ་ནས་བཤད་པ་བཞིན་དུ་འཚོལ་དགོས་པར་ཤེས་ནས་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པར་བྱེད་དོ། །ཐུན་མོང་མ་ཡིན་པའི་སྐྱེ་འཆིའི་རིམ་པ་ཤེས་པ་ལ་བརྟེན་ནས་ནི། སྐྱེ་འཆི་ཟློག་པ་ལ་རྣམ་རྟོག་བསྐྱེད་པའི་ལས་ཀྱི་རླུང་བཟློག་པའི་ཐབས་ཁྱད་པར་ཅན་ཞིག་ཤེས་དགོས་པར་མཐོང་ངོ༌། །དེའང་འཁོར་བ་ལས་གྲོལ་བ་ཙམ་ལ་དེ་དགོས་པ་མ་ཡིན་ཏེ། ཉན་ཐོས་དང་རང་རྒྱལ་བས་ཀྱང་སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་མ་བརྟེན་ཀྱང་འཁོར་བ་ལས་གྲོལ་བ་ཐོབ་པའི་ཕྱིར་རོ། །དེས་ན་འཁོར་བར་འཁོར་བའི་རྒྱུ་ཉོན་མོངས་ཟད་པ་ཙམ་དུ་མ་ཟད་དེའི་བག་ཆགས་ཐམས་ཅད་ཀྱང་སྦྱོང་བར་འདོད་པ་ཡིན་ལ། དེའང་ཕ་རོལ་ཏུ་ཕྱིན་པ་ལྟར་བསྐལ་བ་མང་པོས་བསྒྲུབ་པ་མ་ཡིན་གྱི་མྱུར་དུ་འཚང་རྒྱ་བར་འདོད་པའོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་


JLD006_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་འཁོར་བར་འཆིང་བྱེད་རྣམས། བདག་འཛིན་ལས་སྐྱེ་བར་ཕར་ཕྱིན་གྱི་ཐེག་པར་གསུངས་པ་དེ་བཀག་ནས། དེ་རྣམས་ལས་ཀྱི་རླུང་ལས་སྐྱེ་བར་སྟོན་པ་མ་ཡིན་གྱི་བདག་ཏུ་འཛིན་པས་ཉེར་ལེན་གྱི་རྒྱུ་བྱས་ནས་དེ་དག་པསྐྱེད་པའི་ཚེ། ལས་ཀྱི་རླུང་གིས་དེའི་ལྷན་ཅིག་བྱེད་རྐྱེན་བྱེད་པས་དེའི་ནུས་པ་འགོག་པ་ཡིན་ནོ། །དེས་ན་བདག་ཏུ་འཛན་པས་འཁོར་བ་བསྐྱེད་པའི་ཉེར་ལེན་གྱི་ནུས་པ་འགོག་པའི་ཐབས་དམ་པ་བདག་མེད་རྟོགས་པའི་ཤེས་རབ་དང་བྲལ་ན། ལས་རླུང་གིས་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་རགས་པ་རེ་ཞིག་ལོག་ཀྱང༌། སྲིད་པ་ལས་གྲོལ་མི་ནུས་པས་གཉིས་ཀ་དགོས་སོ། །དེ་ལྟ་བུའི་ལམ་སྔ་མ་ལ་ནི་རྩད་ནས་འབྱིན་པའི་ནུས་པ་ཡིད་ལ། དེ་ལམ་ཕྱི་མ་དང་བསྡོམས་པ་ན་མྱུར་དུ་རྩད་ནས་འབྱིན་ནུས་པས་ལམ་མྱུར་བ་ཡིན་ནོ། །དེ་ལ་བླ་མེད་ཀྱི་རྒྱུད་གཉིས་དང་དེའི་དགོངས་འགྲེལ་ཁུངས་ཐུབ་ཀྱི་གཞུང་ནས་དངོས་སུ་བཤད་པ་གསལ་མི་གསལ་ཅི་ཡོད་ཀྱང༌། རྫོགས་རིམ་གྱི་དུས་སུ་ལས་ཀྱི་རླུང་རྩ་གཡས་གཡོན་ལ་རྒྱུ་བ་བཀག་ནས་དབུ་མར་བཅུག་སྟེ་ཞི་བར་བྱེད་པ་ལ་ཁྱད་པར་མེད་པར་མཐུན་ན། །རྣལ་འབྱོར་མའི་རྒྱུད་རྣམས་ལས་ནི་དེ་མང་དུ་གསལ་བར་གསུངས་ལ། རྣལ་འབྱོར་གྱི་རྒྱུད་གསང་བ་འདུས་པ་ལས་དངོས་སུ་མི་གསལ་ཡང༌། བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བས་ཡང་དང་ཡང་དུ་གསལ་བར་འཆད་པའི་ཕྱིར་རོ། །དེས་ན་རྫོགས་རིམ་གྱིས་འོད་གསལ་སྟོང་པ་ཉིད་ལ་འཇུག་པའི་རིམ་པ་ནི་འཆི་རིམ་བཞིན་དུ་འོང་སྟེ། སྔར་བཤད་པ་ལྟར་འཆི་བའི་དུས་སུའང་རླུང་ལ་སོགས་པ་དབུ་མར་སྡུད་པའི་རྒྱུ་མཚན་གྱིས་ཐིམ་རིམ་དེ་ལྟར་འབྱུང་བའི་ཕྱིར་རོ། །དངོས་པོ་ལ་དེ་ལྟར་གནས་ཀྱང་རྒྱུད་དང་དེའི་དགོངས་འགྲེལ་གྱི་བཤད་ཚུལ་ལ་ནི་གསང་འདུས་ཀྱི་སྐོར་མ་གཏོགས་པ་གཞན་དུ་གཞི་དུས་སུ་ཐིམ་རིམ་དང༌།


JLD006_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུས་ཀྱི་ཐིམ་རིམ་གྱིས་སྟོང་པ་བཞི་སྐྱེ་བ་མི་རྒྱས་སོ། །སྤྱོད་བསྡུས་ལས། ངག་དབེན་གྱི་སྐབས་སུ་རླུང་རྣམས་མཐར་མི་ཤིགས་པར་ཞུགས་ནས་འོད་གསལ་དངོས་པོ་མེད་པར་འཇུག་པ་དང༌། སེམས་དབེན་གྱི་སྐབས་སུ་སྔར་དྲངས་པ་ལྟར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུང་དྲངས་ནས། ཤི་བའི་འོད་གསལ་ལས་སྐྱེ་བའི་རིམ་པ་དང༌། དེ་དག་ལས་དོན་དམ་པའི་དཀྱིལ་འཁོར་འོད་གསལ་དུ་འཇུག་པར་བསྟན་པས་གཞི་དུས་ཀྱི་ཐིམ་རིམ་དང༌། མངོན་པར་བྱང་ཆུབ་པའི་སྐབས་སུ་ནང་གི་མངོན་བྱང་འཆད་པའི་སྐབས་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་སྐབས་སུ་ལམ་དུས་ཀྱི་ཐིམ་རིམ་གྱི་སྒོ་ནས་གསལ་དུ་འཇུག་ཚུལ་བསྟན་ནོ། །དཔལ་ཀླུའི་བྱང་ཆུབ་ཀྱིས་ལས་མཐའ་རྣམ་འབྱེད་དུ་ས་ཆུ་ལ་ཐིམ་པ་སོགས་གསལ་བར་བསྟན་ཞིང༌། རྣམ་གཞག་རིམ་པའི་དོན་དམ་པའི་དཀྱིལ་འཁོར་གྱི་སྐབས་སུ། གཞི་དུས་ཀྱི་དོན་དམ་པའི་དཀྱིལ་འཁོར་ལ་འཇུག་ཚུལ་དང༌། དེར་བཤད་པའི་རྡོ་རྗེ་ཕྲེང་བའི་དོན་དམ་པའི་དཀྱིལ་འཁོར་ལ་འཇུག་ཚུལ་བཤད་པ་ནི། མདོར་བྱས་སུ་ལྷག་མོས་འོད་གསལ་དུ་སྡུད་པ་ལ་གསུངས་པས་བསྐྱེད་རིམ་གྱི་ཐིམ་རིམ་དང༌། ཡང་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་ཚུལ་ལའང་བཤད་པས་རྫོགས་རིམ་གྱི་ཐིམ་རིམ་དང་གསུམ་ལ་བཤད་དོ། །སྒྲོན་གསལ་དུ་ཡན་ལག་དྲུག་གི་བཤད་པའི་སྐབས་སུ་ས་ཆུ་ལ་ཐིམ་པ་སོགས་ཀྱི་སྒོ་ནས་རྫོགས་རིམ་གྱི་ཐིམ་རིམ་འཆི་རིམ་བཞིན་དུ་གསུངས་སོ། །འདི་ལ་བརྩོན་འགྲུས་ཅན་ཚེ་འདི་ལ་འཚང་རྒྱ་བས་ཀྱང༌། ལས་རླུང་རིམ་གྱིས་དབུ་མར་བསྡུས་ཏེ་སྤྲོས་པ་བཅད་པའི་ཐིམ་རིམ་གྱི་སྒོ་ནས་འོད་གསལ་དུ་འཇུག་པ་མ་གོ་བས། འཆི་རིམ་བཞིན་དུ་བཤད་པའི་ལམ་རྣམས་ལེ་ལོ་ཅན་བར་དོར་འཚང་རྒྱ་བའི་ལམ་ཁོ་ན་ལ་སྔོན་གྱི་འདུས་པ་བ་ཁ་ཅིག་གིས་སྦྱོར་ཏེ།


JLD006_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་གྱི་གནད་མ་རྟོགས་པའོ། །དེ་ལྟར་འོད་གསལ་དུ་འཇུག་པ་འཆི་རིམ་གྱི་ཐིམ་རིམ་བཞིན་དུ་བྱེད་པ་ལ་ནི། འཆི་བ་ཆོས་སྐུར་བྱེད་པའི་ལམ་ཞེས་ཟེར་ལ། དེ་ལྟ་ན་དེའི་མཐར་འོད་གསལ་གྱི་ངང་ནས་ཆུ་ལས་ཉ་འཕར་བའི་ཚུལ་དུ། རླུང་སེམས་ཀྱི་སྐུར་བཞེངས་པ་ལ་བར་དོ་ལོངས་སྐུར་འཁྱེར་བ་དང༌། དེས་གདུལ་བྱའི་དོན་དུ་སྤྲུལ་པའི་སྐུ་བཟུང་བ་ལ་སྐྱེ་བ་སྤྲུལ་སྐུར་འཁྱེར་བཞེས་པའང་གདོན་མི་ཟ་བར་བྱ་དགོས་མོད་ཀྱང༌། ཚུལ་དེའང་རྒྱུད་དང་དགོངས་འགྲེལ་གཞན་ནས་གསང་འདུས་ཀྱི་སྐོར་ལྟར་ཅུང་མི་གསལ་ལོ། །སྐྱེ་ཤི་བར་དོ་གསུམ་ཇི་འདྲ་བ་དེ་འདྲ་བའི་རིམ་པ་གཉིས་ཀྱི་ལམ་རྒྱུད་ལ་བསྐྱེད་པ་ལ། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་ལམ་ཞེས་ཐ་སྙད་བྱེད་པས་བསྐྱེད་རིམ་གྱིས་འཆི་བ་ཆོས་སྐུར་འཁྱེར་བ་ནི་ལྷག་མོས་འོད་གསལ་དུ་སྡུད་པའི་རིམ་པ་རྣམས་སོ། །བར་དོ་ལོངས་སྐུར་འཁྱེར་བ་ནི་མངོན་བྱང་ལྔ་ལས་དང་པོའི་མགོན་པོ་བསྐྱེད་པའི་རིམ་པ་རྣམས་སོ། །སྐྱེ་བ་སྤྲུལ་སྐུར་འཁྱེར་བ་ནི་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་བ་ནས་སེམས་དཔའ་སུམ་བརྩེགས་ཀྱི་བར་ཡིན་ལ། དེ་མན་ཆད་ནི་སངས་རྒྱས་ཀྱི་མཛད་པ་དང་སྦྱོར་བ་ཡིན་ཏེ། རིམ་པ་དང་པོ་དང་གཞི་དུས་ཀྱི་སྐྱེ་འཆི་བར་དོ་རྣམས་ཆོས་མཐུན་སྦྱར་ནས་སྦྱར་གཞི་སྦྱོང་བྱེད་ངོ་འཕྲོད་པར་བྱེད་འདོད་ན་ལུགས་འདི་ལ་བརྟེན་ནས་གཞན་དག་ཀྱང་ཤེས་པར་བྱའོ། །འདི་རྣམས་རྒྱས་པར་རྣམ་གཞག་རིམ་པའི་འགྲེལ་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །དེ་ལ་རླུང་གནས་གཞན་དུ་རྒྱུ་བ་དབུ་མར་འཇུག་པའི་སྒོ་ནི་རྩ་བའི་འཁོར་ལོ་གར་ཡོད་པ་དེ་ན་རེ་རེ་ཡོད་དེ། དབུ་མ་ལས་གྱེས་པའི་རྩ་འདབ་རྣམས་ནི་དེ་དང་ཁོག་འབྲེལ་དུ་ཡོད་པས་དབུ་མ་ནས་འདབ་མར་རླུང་དང་


JLD006_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་འཕོ་བ་དང༌། འདབ་མ་ནས་དབུ་མར་དེ་གཉིས་ཚུར་ལ་འདུ་བའི་ཕྱིར་རོ། །འཁོར་ལོ་བཞི་ལ་དགའ་བ་རེ་རེ་འཇོག་པའང་དེ་དག་ཏུ་རྩ་འདབ་ནས་བྱང་ཆུབ་ཀྱི་སེམས་འདུ་ཐེབས་རེ་ཡོད་པའི་ཕྱིར་ཏེ། དཔེར་ན་དང་པོ་སྤྱི་བོར་འདུས་ནས་དེ་ནས་རྩ་འདབ་སོ་སོ་ལ་བབ་པ་རྣམས་སླར་ཡང་མགྲིན་པར་གནས་གཅིག་ཏུ་འདུ་བ་ལྟ་བུའོ། །དེས་ན་ཁུངས་ཐུབ་རྣམས་ཀྱིས་རླུང་སེམས་དབུ་མར་འཛུད་པའི་སྒོ་ཐ་དད་དུ་གསུངས་ཏེ། འདི་ལྟར་དུས་འཁོར་གྱི་སྐོར་རྣམས་སུ་ཐོག་མར་ལྟེ་བའི་གནས་སུ་བུམ་པ་ཅན་གྱི་རླུང་སྦྱོར་གྱིས་སྲོག་དབུ་མར་འཇུག་པར་གསུངས་ལ། བདེ་མཆོག་རིམ་ལྔར་ཐོག་མར་སྙིང་གར་ཐིག་ལེ་ལས་སེམས་བཟུང་ནས་དབང་པོའི་ཤེས་པ་རླུང་དང་བཅས་པ་སྡུད་པར་བཤད། འཇམ་དཔལ་ཞལ་ལུང་ལས་ཐོག་མར་སྙིང་གའི་ཐིག་ལེ་ལ་སེམས་འཛིན་ཞིང་དེ་ནས་ནོར་བུར་ཐིག་ལེ་ལ་སེམས་འཛིན་པར་གསུངས་པ་དང༌། ནག་པོ་སྤྱོད་དང་ཌོཾ་བི་པས་ཐོག་མར་ལྟེ་བར་གཏུམ་མོ་ལ་སེམས་གཏད་ནས་རླུང་སེམས་སྡུད་པར་བཤད་པ་ལྟ་བུ་རྣམས་ཡིན་ནོ། །འཕགས་པ་ཡབ་སྲས་ཀྱི་བཞེད་པས་བསྐྱེད་རིམ་གྱི་ཕྲ་ཐིག་བརྟན་པའི་འོག་ཏུ་ལུས་དབེན་གྱི་ངོ་བོ་སོར་སྡུད་བསམ་གཏན་སྔོན་དུ་བཏང་ནས་ཐོག་མར་སྲོག་རྩོལ་རྡོ་རྗེའི་བཟླས་པའི་སྒོ་ནས་རླུང་སེམས་དབུ་མར་འཇུག་པ་ཡིན་ནོ། །དོན་དེ་ལྟར་གནས་ཀྱང་དེ་ལྟར་ཡིན་པར་འཕགས་པ་དང་ཤཱཀྱ་བཤེས་གཉེན་དང་ཀླུ་བྱང་དང་ཟླ་བ་གྲགས་པའི་གཞུང་རྣམས་སུ་གསལ་བོར་མ་བཤད་ཅིང༌། འདུས་པའི་རྩ་རྒྱུད་དང་དིའི་རྒྱུད་ཕྱིར་མ་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཆུང་བ་དང༌། ལྷ་མོ་བཞིས་ཞུས་པའི་རྒྱུད་རྣམས་སུའང་གསལ་བར་མ་བྱུང་ངོ༌། །འོན་ཀྱང་བཤད་རྒྱུད་རྡོ་རྗེ་ཕྲེང་བས་ཤིན་ཏུ་གསལ་བར་བཤད་ལ།


JLD006_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ལྷས་སྤྱོད་བསྡུས་སུ་དགོངས་པ་ལུང་སྟོན་དྲངས་པའི་སྐབས་ཤིག་ལས་ཀྱང་ཅུང་ཟད་བཤད་པ་ཞིག་ཡོད་དོ། །རིམ་ལྔར། རྗེ་རྡོ་བཟླས་གནས་རྣལ་འབྱོར་བ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། ཞེས་རྡོར་བཟླས་ཀྱིས་སེམས་དབེན་གྱི་ཡེ་ཤེས་གསུམ་པསྐྱེད་པར་གསུངས་ལ། ཡང་རིམ་ལྔར། སྣང་བ་རླུང་གི་བཞོན་པས་ཆེས་ཆེར་གཡོས་ན་དེ་མ་ཐག་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་བར་གསུངས་པས། སྣང་བ་རྟོག་མེད་བསྐྱེད་པ་ལ་རང་བཞིན་གྱི་རྟོག་པ་རྣམས་བཅད་དགོས་པ་དང༌། དེ་གཅོད་པ་ལ་རང་བཞིན་གཡོ་བྱེད་ཀྱི་རླུང་བཅད་དགོས་པར་ཤེས་སོ། །དེ་ཤེས་ན་ཡེ་ཤེས་ཀྱི་སྐྱེད་བྱེད་རྡོར་བཟླས་ཀྱིས་ལས་རླུང་དང་རྣམ་རྟོག་འགོག་དགོས་པར་ཤེས་ཏེ། རྒྱུས་འབྲས་བུ་བསྐྱེད་པ་ལ་འབྲས་བུ་དེ་མངོན་དུ་འགྱུར་པའི་གེགས་བསལ་དགོས་པ་ནི་སྤྱིའི་ལུགས་ཡིན་པའི་ཕྱིར་རོ། །དོན་འདི་དཔལ་རྡོ་རྗེ་ཕྲེང་བར་གསལ་བར་གསུངས་ཏེ། རྣམ་རྟོག་རླུང་ནི་རྣམ་གཅོད་པ། ཞེས་པ་ནས། དེ་ནས་རྡོ་རྗེ་འདས་རིམ་མཆོག །ཅེས་པའི་བར་སྔར་དྲངས་པ་དང༌། དེའི་འཕྲོ་ནས། རྫོགས་རིམ་རྣལ་འབྱོར་ཡན་ལག་ནི། །རྣམ་པར་རྟོག་པ་འཇོམས་བྱེད་པ། །ཕྲ་བའི་དེ་ཉིད་བླ་ན་མེད། །ཆོ་ག་བཞིན་བསྒོམས་རྣལ་འབྱོར་བ། །བློ་དང་ལྡན་པས་སྔོན་བཞིན་བསྒོམ། །སྲིད་པའི་འཆིང་བ་གཅོད་པར་བྱེད། །རྣལ་འབྱོར་ཆེན་པོ་ཡེ་ཤེས་ཆེ། །དེ་ཉིད་ཆེན་པོ་རྨད་བྱུང་ཆེ། །ངེས་པར་བསྒོམས་པས་ཡང་དག་ནི། །རྣམ་རྟོག་རླུང་ནི་གཅོད་པར་བྱེད། ཅེས་སོ། །དེའང་རྣམ་རྟོག་སྐྱེད་པའི་རླུང་གི་གཙོ་བོ་སྲོག་ཐུར་གཉིས་ཡིན་ཞིང་དེ་གཉིས་སྐུའི་རྩ་རྐྱང་མ་དང་གསུང་གི་རྩ་རོ་མ་གཉིས་ནས་རྒྱུ་ལ། དབུ་མར་རླུང་རྒྱུ་བ་རྣམ་རྟོག་མེད་པའི་རླུང་


JLD006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། རྩ་དབུ་མ་དེ་གཉིས་ལས་མཆོག་ཡིན་པ་དང༌། རྣལ་འབྱོར་བས་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མར་རླུང་བཅུག་པ་གང་ཐོབ་པ་དེ་ནི་སེམས་ཅན་གྱི་དོན་བྱེད་ནུས་པ་དང་། དེར་རླུང་བཅུག་པ་དེར་གནས་པ་ནི་རླུང་བརྒྱ་རྩ་བརྒྱད་ལས་རྒྱལ་བ་ཡིན་ཏེ། བྱིས་པའི་རྣལ་འབྱོར་བ་བསྐྱེད་རིམ་པས་དེ་མི་ཤེས་པ་དང་། སྐད་ཅིག་གིས་མངོན་པར་བྱང་ཆུབ་པའི་འོད་གསལ་ནི་རླུང་དབུ་མར་བཅུག་པ་དེ་ཡིས་ཐོབ་པར་རྒྱུད་འདིར་གསུངས་སོ་ཞེས་གསུངས་ཏེ། སྟེང་འོག་ཡག་དག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །དེ་གཉིས་ཁོ་ན་རྟོགས་བཅས་ནས། །རླུང་གཉིས་སུ་ནི་གསལ་བར་གསུངས༌། །སྐུ་དང་གསུང་གི་སྙིང་བོ་གཉིས། །ལ་ལ་ན་དང་ར་ས་ན། །ཨ་བ་ངྷཱུ་ཏཱི་མཆོག་གི་རྩ། །དེ་གཉིས་དབུས་མ་མཆོག་གི་མཆོག །རྣམ་རྟོག་མེད་པའི་རླུང་གང་ཡིན། །རྟག་ཏུ་རྒྱུ་ཞིང་ཀུན་ལ་ཁྱབ། །རྣལ་འབྱོར་གང་ཐོབ་རྟག་ཏུ་ནི། །སེམས་ཅན་དོན་བྱེད་ནུས་པར་འགྱུར། །རླུང་གི་རང་བཞིན་བྱེ་བྲག་ནི། །བརྒྱ་དང་བརྒྱད་ལས་གང་རྒྱལ་བ། །དུས་ཀུན་ཏུ་ནི་རྒྱལ་ནས་གནས། །རྣལ་འབྱོར་བྱིས་པས་མི་ཤེས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །དེ་ཡིས་ཐོབ་པར་རྒྱུད་འདིར་གསུངས། །དེ་ནི་གང་ཚེ་སྐད་ཅིག་ཐོབ། །དེ་ནི་སྐད་ཅིག་མཆོག་ཏུ་གསུངས། ཞེས་གསུངས་ཤིང༌། རླུང་དབུ་མར་བཅུག་པ་དེ་ལ་ཇི་ལྟར་ཐོབ་པའི་རིགས་པ་སྟེ་སྦྱོར་བ་ནི་དང་པོར་བསྐྱེད་རིམ་མཐར་ཕྱུང་ནས། དེ་ནས་རྡོར་བཟླས་ཟླ་བ་དྲུག་ཏུ་བྱེད་པའོ། ཞེས་གསུངས་ཏེ། དེ་ཡང་ཇི་ལྟར་ཐོབ་པར་བྱེད། །དེ་ལ་རིགས་པ་རུ་ནི་བརྗོད། །ཐོག་མ་རྣལ་འབྱོར་བ་ཆེན་པོ། ཞེས་པ་ནས། ཧཱུཾ་བཟླས་པ་ནི་མཚུངས་མེད་བྱ། ཞེས་པའི་བར་སྔར་དྲངས་པ་ལྟར་འབྱུང་ཞིང༌།


JLD006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འཕྲོ་ནས། མཆོག་ཏུ་རྒྱུན་མི་འཆད་པར་ནི། །ཟླ་བ་དྲུག་ཏུ་བྱས་ནས་ཀྱང༌། །དེ་རྗེས་སྐད་ཅིག་དེ་ལ་འཐོབ། ཅེས་གསུངས་ཏེ། སྐབས་གཞན་མང་པོར་ཡང་རྡོར་བཟླས་ཟླ་བ་དྲུག་ཏུ་བྱས་པས་འགྲུབ་པར་གསུངས་སོ། །དགོངས་པ་ལུང་སྟོན་པ་ལས་ཀྱང༌། ཉི་ཟླ་རབ་ཏུ་སྦྱོར་བ་ལས། །དབུགས་ནི་འགྲོ་བ་ལ་ཁྱབ་པ། །བྱང་ཆུབ་སེམས་ནི་རླུང་གཅིག་པུ། །དགེ་དང་མི་དགེའི་འབྲས་སྤངས་ནས། །ནམ་མཁའ་འདྲ་བར་འགྱུར་པ་ཡིན། ཞེས་གསུངས་ཏེ། ཟླ་ཉི་ནི་རོ་རྐྱང་ངོ༌། །དེ་གཉིས་རབ་ཏུ་སྦྱོར་བ་ནི་དབུ་མར་དེ་གཉིས་ཀྱི་རླུང་གཅིག་ཏུ་བྱས་པ་སྟེ། འདིར་མི་གསལ་ཡང་འདུས་པའི་བཤད་རྒྱུད་རྡོར་ཕྲེང་ལས། ཟླ་བ་དང་ཉི་མ་རྒྱུ་བའི་རྩ་རོ་རྐྱང་གཉིས་ལ་བཤད་པས་སོ། །འགྲོ་བ་ལ་ཁྱབ་པའི་དབུགས་བྱང་ཆུབ་ཀྱི་སེམས་རླུང་ཞེས་གྲགས་པ་གཅིག་པུ་ལ་རྡོར་བཟླས་བྱས་པས། ལས་གཉིས་ཀྱི་དབང་གིས་འབྲས་བུ་འཁོར་བར་འཁྱམས་པ་སྤངས་ནས་ནམ་མཁའ་སྟེ་འོད་གསལ་ཇི་འདྲ་བ་དེ་འདྲ་བར་འགྱུར་པ་སྟེ་དེར་འཇུག་པའོ། །འགྱུར་རྙིང་ལས། དངོས་པོ་མེད་པས་འགྲོ་ཁྱད་པ། ཞེས་ཀྱང་འབྱུང་ངོ༌། །རྡོ་རྗེ་བཟླས་པས་སྲོག་དབུ་མར་འཇུག་པ་ནི་བདེ་མཆོག་རིམ་ལྔར་ཡང་གསུངས་ཏེ། ཉི་མ་དང་ཟླ་བའི་བདག་ཉིད་ཅན་གྱི་ལམ་སྟོང་པ་ཉིད་ཀྱི་རང་བཞིན་ནམ་མཁའ་སྟོང་པ་ཉིད་ཀྱི་ངོ་བོ། གང་ནས་བར་ཆད་མེད་པར་རླུང་འཇུག་པ་དང་འབྱུང་བར་འགྱུར་པའི་རླུང་མ་དང་རླུང་ལྷན་ཅིག་སྦྱར་ཏེ། གཅིག་ཏུ་བྱས་པའི་སེམས་གསུང་པར་བྱའོ། །སེམས་ཀྱི་བཞོན་པར་གྱུར་པའི་རླུང་དེས་ཀྱང་བློའི་གཞི་རང་ཁྱིམ་དུ་འཁྱེར་རོ། །ཤེས་རབ་བློ་ཐབས་སེམས་དང་གཅིག་ཏུ་འགྱུར་ཏེ་གཉིས་སུ་མེད་པའི་རང་བཞིན་དུ་སོན་པ་ནི་སངས་རྒྱས་ཐམས་


JLD006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྱེད་བྱེད་ཀྱི་རང་བཞིན་རྡོ་རྗེ་འཆང་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། ཞེས་གསུངས་སོ། །དེ་ལ་ཟླ་ཉི་ནི་རོ་རྐྱང་ངོ༌། །དེའི་བདག་ཉིད་ཅན་ནི་གང་ལ་དེ་གཉིས་འདུས་པ་དབུ་མའོ། །དེའི་ལམ་ནི་རྩ་དེའི་ཁོང་སྟོང་སྟེ་དེ་ཉིད་ནས་ངོ་བོའོ། །རྩའི་ལམ་གང་ནས་ཏེ་དེ་ནས་རྒྱུན་ལྡན་དུ་རླུང་འབྱུང་འཇུག་བྱེད་པའི་ལམ་དེ་དང་རླུང་གཉིས་གཅིག་ཏུ་སྦྱོར་བ་ནི་དབུ་མ་ནས་རྒྱུན་དུ་འཇུག་པར་བྱེད་པའོ། །དེ་ནས་རྒྱུ་བ་ལ་སེམས་གཏོད་པ་ནི་སེམས་འཛིན་པའོ། །དེ་ལྟར་བྱའི་འབྲས་བུ་ནི་རླུང་དབུ་མ་ནས་རྒྱུ་བ་དེས་ཀྱང་རང་གི་ཁྱིམ་སྙིང་གའི་དབུས་སུ་འཁྱེར་རོ། །རང་གི་ཁྱིམ་ཇི་འདྲ་སྙམ་ན་བློ་སྟེ་རྣམ་པར་རྟོག་པ་དང་རླུང་སེམས་ཀྱི་དང་པོའི་གཞིའོ། །ཡང་ན་བློ་ནི་སེམས་སོ། །དེའི་གཞི་ནི་དེའི་བཞོན་པའི་རླུང་སྟེ་དེ་རྣམས་རང་གི་ཁྱིམ་དུ་འཁྱེར་བའོ། །འདིས་དབུ་མ་ཉིད་ནས་བཟླ་དགོས་པར་བསྟན་ནོ། །རྡོ་རྗེའི་བཟླས་པ་ཉིད་ཀྱིས་ལྷན་ཅིག་སྐྱེས་པའི་རླུང་རང་གནས་སུ་གནས་པར་བྱས་ནས། ལས་རླུང་དང་རྣམ་རྟོག་ཐམས་ཅད་འགོག་པར་དེ་ཁོ་ན་ཉིད་གྲུབ་པ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། དེ་ཡོངས་སུ་མཉེས་པ་ལས་དེའི་བཀའ་ལུང་གིས་དེ་ལྟ་བུའི་རླུང་དབང་བོ་རྣམས་ལས་བཀུག་སྟེ། རྒྱུན་དུ་འཇུག་པ་དང་འབྱུང་བའི་བྱ་བ་བྱེད་པའི་ལམ་རྣལ་མ་ཉིད་དུ་གནས་པར་བྱེད་དོ། །དེས་ནི་ཡང་དག་པ་མ་ཡིན་པའི་རྟོག་པའི་ཚོགས་མཐའ་དག་འོབས་ཀྱིས་བསྐོར་བའི་ནང་དུ་དྲི་མ་དང་བཅས་པའི་སྲེད་པའི་ཆུའི་ཚོགས་ཀྱིས་བཀང་སྟེ། སྲིད་པའི་ཤིང་སྦངས་ཏེ་ཆུས་གཏོར་བས་བསྐྱེད་དེ། ཤིན་ཏུ་རིང་བ་སྐྱེས་པས་འདོད་པའི་འབྲས་བུ་མིག་དགའ་བ་སྐྱེད་པ་དང༌། རྣ་བ་བདེ་བར་བྱེད་པ་དང༌། དྲི་ཞིམ་པ་དང༌། རོ་ཞིམ་པ་དང༌། མཁྲང་ཞིང་སྦོམ་ལ་སྣ་ཚོགས་པ་མང་པོ་ཉམས་སུ་སྨྱོང་བར་བྱེད་པའི་རྒྱུ་གསར་དུ་སྐྱེ་བའི་སྲོད་པ་ལོག་པར་འགྱུར་རོ། །


JLD006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ལྷན་ཅིག་སྐྱེས་པའི་རྗེས་སུ་ཚོལ་ཏེ། དེར་གནས་ནས་ཕྱིར་རོལ་གྱི་བྱ་བ་ཐམས་ཅད་སྤོང་མོད་ཀྱི། དེར་ཡང་ལྷན་ཅིག་སྐྱེས་པའི་བྱ་བ་ཡོད་དོ། །དེ་ཉིད་ཀྱིས་འབྲེལ་ཞིང་ཉམས་སུ་མྱོང་བ་གཡོ་བའི་བདག་ཉིད་དུ་རྣམ་པར་གནས་སོ། །དེར་ཡང་ཁྱད་པར་མ་དམིགས་པས་ཉམས་སུ་མྱོང་བའི་དངོས་པོ་ལ་སླར་ཡང་ཉམས་སུ་མྱོང་བའི་རྗེས་སུ་ཆགས་པའི་འཇུག་པ་ལྡོག་པར་བྱེད་དོ། །མང་པོས་ཅི་ཞིག་བྱ་སྟེ། གང་གི་ཚེ་ཕྱི་རོལ་ཏུ་གྱུར་པའི་བརྟགས་པའི་རང་བཞིན་རྣམ་པར་བཅད་པ་དེའི་ཚེ་འདི་རང་གི་ངོ་བོ་ལ་གནས་པར་འགྱུར་རོ། །དེར་ཡང་གཉུག་མའི་ཡུལ་ཕྲ་མོ་ལ་འཇུག་པ་ལས་རྗེས་སུ་ཆགས་པ་ཟད་པས་འབད་པ་བཅོམ་ནས། བདག་ཉིད་ཀྱི་གནས་ལ་མངོན་པར་ཕྱོགས་པར་འགྱུར་རོ། །དེས་ནི་ཡོན་ཏན་མཐའ་དག་དང་ལྡན་པར་འགྱུར་པས་བརྟན་པའི་ཡོན་ཏན་དང་ལྡན་པར་འགྱུར་ཏེ། བརྟན་པས་ན་གཞན་གྱི་དོན་གྱི་ཡོན་ཏན་དང་ལྡན་པར་འགྱུར་རོ། །དཔེར་ན་ནམ་མཁའི་ངོས་སུ་ཁྱབ་པའི་ཆུ་འཛིན་གྱི་ཚོགས་སྟུག་པོ་དེངས་པར་གྱུར་པ་ན། གང་དུ་སོང་བ་མི་ཤེས་པ་དེ་བཞིན་དུ་རླུང་འདིའང་སྔར་རྒྱུན་མི་འཆད་པར་འབྱུང་བ་ལ། དེ་ལྟར་ཐིམ་པར་གྱུར་པ་ན་མཆོག་ཏུ་ལྡོག་ཅིང་ཚིམ་པ་ཐོབ་པས་གང་དུའང་འགྲོ་བར་མི་འགྱུར་རོ། །ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོགས་པར་འགྱུར་རོ། །ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཐུགས་ཚིམ་པར་བྱེད་པ་ཅི་ཞིག་ལྟར་སྟེ། འདི་ལས་འཁོར་བ་འདིར་ཐབས་ཐུགས་རྗེ་ཆེན་པོ་མང་དུ་རྒྱུན་མི་འཆད་པར་གོམས་པར་བྱས་པས། མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་རྒྱུ་ཐོབ་པ་ཡིན་


JLD006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། ཞེས་སོ། །རླུང་དབང་བོའི་སྒོར་རྒྱུ་བ་བཀུག་ནས་འབྱུང་འཇུག་གི་ལམ་ཉིད་དུ་གནས་པར་རམ་འཇོག་པར་བྱེད་དོ། །ལམ་ཇི་འདྲ་སྙམ་ན་རྣལ་མ་སྟེ་ཨ་བ་ངྷཱུ་ཏཱིའི་ལམ་དུའོ། །ཇི་ལྟར་འཇོག་ན་རྒྱུན་དུའོ། །དེ་ལྟར་བཞག་པའི་རླུང་གི་རྣལ་འབྱོར་དེས་ནི་སྲིད་པ་ལོག་པར་འགྱུར་རོ་ཞེས་སྦྱར་རོ། །ལྡོག་ལུགས་དེ་ཡང་རྡོར་བཟླས་བྱས་པས་རླུང་དང་སེམས་རྣམས་ལྟན་ཅིག་སྐྱེས་པའི་རླུང་མི་ཤིགས་པའི་ཐིག་ལེའི་རྗེས་སུ་ཚོལ་བ་སྟེ་དེར་འགྲོ་ཞིང་རྗེས་སུ་འཇུག་གོ །རླུང་སེམས་རྣམས་ལྷན་སྐྱེས་ཀྱི་རླུང་གི་གནས་དེར་གནས་པ་སྟེ་ཐིམ་ནས་ཕྱི་རོལ་གྱི་ཡུལ་ལ་འཇུག་པའི་བྱ་བ་ཐམས་ཅད་སྤོང་ངོ་། །དེ་ལྟ་ནའང་རླུང་གི་བྱ་བ་ཐམས་ཅད་མེད་པ་ནི་མ་ཡིན་ཏེ། རླུང་ཐིམ་པའི་གནས་དེར་ཡང་ལྷན་སྐྱེས་ཀྱི་རླུང་གི་བྱ་བ་ནི་ཡོད་དོ། །མདོར་ན་རྡོར་བཟླས་ཀྱིས་རླུང་སེམས་དབུ་མར་བསྡུས་ནས་ཕྱི་རོལ་གྱི་ཡུལ་ལ་མངོན་པར་ཞེན་པ་བཅད་པ་དེའི་ཚེ་ལྷན་སྐྱེས་ཀྱི་འདི་ལས་རླུང་གི་གཞི་མི་བྱེད་པར་རང་གི་ངོ་བོ་ལ་གནས་པར་འགྱུར་ལ། དེའི་ཚེ་མ་བཅོས་གཉུག་མའི་དོན་ཤིན་ཏུ་ཕྲ་བའི་དེ་ཁོ་ན་ཉིད་ལ་ཞུགས་པའི་དབང་ལས། རང་གི་གནས་ལ་མངོན་དུ་ཕྱོགས་ཏེ་འཇུག་པས་ཡོན་ཏན་ཐམས་ཅད་བསྐྱེད་དོ། །ལྷན་སྐྱེས་ཀྱི་རླུང་རང་གི་གནས་ལ་གནས་ཞེས་པའི་རང་གནས་ནི་བདེ་མཆོག་རིམ་ལྔ་དང་འདྲ་སྟེ། སྙིང་གའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེའི་གནས་སོ། །འདིས་ནི་ནམ་མཁར་ནམ་མཁའ་སྤྱོང་བ་བཞིན་དུ་སེམས་དང་འོད་གསལ་གཉིས་འཁྱུད་པའི་ཕྱག་རྒྱ་ཆེན་པོ་ནི། རྡོར་བཟླས་ཀྱི་རླུང་སྙིང་ག་རུ་ཐིམ་པར་བྱས་པའི་མཐུ་ལས་འབྱུང་བར་བཤད་དེ། བདེ་མཆོག་རིམ་ལྔའི་དོན་ཀྱང་དེ་ཡིན་ལ། འཕགས་པ་ཡབ་སྲས་ཀྱི་བཞེད་པའི་གནད་ཀྱང་དེ་ཡིན་ནོ། །ཚུལ་འདིའང་རྣལ་འབྱོར་མའི་ཞལ་གྱི་གདམས་པ་ལས་ཤེས་པར་བྱ་བར་བཤད་རྒྱུད་རྡོ་རྗེ་ཕྲེང་


JLD006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་གསུངས་ལ། བདེ་མཆོག་རིམ་ལྔ་ནི་རྣལ་འབྱོར་མ་ཡིས་སྦས་པ་རྙེད་པའི་གདམས་ངག་ཏུ་གསུངས་ཤིང༌། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་རྣམས་དབུ་རྒྱན་འདུས་པའི་ཞལ་ལས་བྱུང་བའི་གདམས་ངག་ནི་དེ་ཁོ་ན་ཉིད་གྲུབ་པ་ཡིན་ལ། དེ་གཉིས་ནས་འོད་གསལ་ཕྱག་རྒྱ་ཆེན་པོའི་གོ་འཕང་རྡོར་བཟླས་ཀྱིས་འགྲུབ་པའི་རྡོར་བཟླས་ནི་དབུ་མ་ཉིད་ནས་བྱ་བར་གསུངས་པ་འདི་འཕགས་པ་ཡབ་སྲས་ཀྱི་རྡོར་བཟླས་ཀྱི་མན་ངག་ཏུ་ཤེས་པར་གྱིས་ཤིག །དེ་ལྟར་བྱས་ན་དབང་བོའི་སྒོ་ནས་ཡན་ལག་གི་རླུང་ལ་རྡོར་བཟླས་བྱེད་པ་དང༌། དབུ་མ་ལ་དམིགས་པར་རང་ག་བའི་རྡོར་བཟླས་བྱེད་པ་དང༌། རྡོར་བཟླས་རླུང་དབུ་མར་འཇུག་པའི་རྩ་ལམ་སྤྱོང་བ་ཙམ་དུ་འདོད་པ་རྣམས་ནི་རྡོར་བཟླས་ཀྱི་གནད་མ་རྟོགས་པར་སྨྲ་བའོ། །བདེ་མཆོག་རིམ་ལྔ་ལས། མགལ་མེ་བསྐྱོད་པའི་རྣམ་པ་ཅན། །སེམས་ནི་ཡུལ་ལ་རབ་ཏུ་འཇུག །དེ་ནི་དེ་ལས་རྣམ་བཟློག་ནས། །མཚོན་དུ་མེད་པ་མཚོན་པར་བྱ། ཞེས་མགལ“མེའི་འཁོར་ལོ་ལྟར་ཤིན་ཏུ་གཡོ་ཞིང་གཟུང་དཀའ་བའི་སེམས་ཡུལ་ལ་བརྒྱུག་པ་རབ་ཏུ་བཟློག་ནས། ཐབས་གཞན་གྱིས་མཚོན་མི་ནུས་པའི་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་མཚོན་པར་བྱའོ་ཞེས་གསུངས་ནས། དེ་ཐབས་གང་གིས་མཚོན་དེ་ཉིད་ལས། སྒྲ་དང་ཐིག་ལེ་ལྡན་པའི་སེམས། །སྙིང་གར་གཞག་བྱ་དེ་ནས་འདིའི། །རྨོངས་པའི་རབ་རིབ་འཇོམས་མཛད་ནི། །མངའ་བདག་བཅོམ་ལྡན་འབྱུང་འགྱུར་ཏེ། ཞེས་གསུངས་ཏེ། སྙིང་གར་ཡིད་ཀྱི་ངོ་བོ་ཐིག་ལེ་སྒྲ་སྟེ་ནཱ་ད་དང་ལྡན་པ་ཞིག་བཞག་ནས། དེ་ལ་སེམས་གཡོ་མེད་དུ་བཞག་པས་ལྷན་སྐྱེས་འཆར་བར་གསུངས་སོ། །འདི་འདྲ་བའི་


JLD006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གནད་རྣམས་ནི་སྔར་བཤད་པ་ལྟར་སྙིང་གའི་གནད་ཤེས་པ་ལ་རག་ལས་སོ། །དེའང་གཞུང་དེར་ཀུན་གཞིའི་ངོ་བོ་སྙིང་གའི་ཐིག་ལེ་ལ་དབང་བོའི་ཤེས་པ་ལྔ་པཞག་ནས་སེམས་མི་གཡོ་བར་བྱེད་པར་གསུངས་ཏེ། དབང་བོའི་ཤེས་པ་ལྔ་ནི་སྔར་དབང་བོ་ལས་རླུང་བཀུག་པའོ། །རྣམ་ཤེས་དྲུག་པ་མ་སྨོས་པས་ཀུན་གཞི་ནི་དྲུག་པའི་ཡིད་ཡིན་གྱི་གཞན་དག་འདོད་པ་ལྟ་མིན་ནོ། །བདེ་མཆོག་རིམ་ལྔའི་རིམ་པ་ཐ་མ་ལས་ཀྱང༌། གཟུགས་སོགས་ཡུལ་རྣམས་ཀྱིས་དྲངས་ནས་ངོ་བོ་ཉིད་ཀྱིས་གཡོ་བའི་སེམས་སྙིང་གར་བརྟན་པར་བྱས་ན་ནམ་མཁའ་དང་འདྲ་བར་འགྱུར་པར་གསུངས་ཏེ། སེམས་མི་གཡོ་བར་གནས་པའི་སེམས་འཛིན་ཙམ་མིན་གྱི་སྙིང་གར་རླུང་སྡུད་པའི་ཐིམ་རིམ་ཤེས་པ་ཡིན་པས་སྙིང་གའི་གནད་ཤིན་ཏུ་གལ་ཆེ་ལ་རྟོགས་དཀའ་བ་ཡིན་ནོ། །དེ་ལ་རྣམ་ཤེས་དྲུག་ཡུལ་དྲུག་ལ་གཡོ་བ་ནི་རླུང་གི་བྱེད་པ་ཡིན་ལ། དེའང་སྙིང་ག་ན་ཡུལ་ཅན་དྲུག་ཡུལ་དྲུག་གཡོ་བྱེད་ཀྱི་རླུང་དྲུག་ཡོད་པ་དེ། དབང་བོ་དྲུག་ལ་བརྟེན་ནས་འཇུག་ལ། སྙིང་ག་ན་ཡུལ་དྲུག་གསལ་བར་བྱེད་པའི་རླུང་དྲུག་ཡོད་པ་དེས་ཀྱང་གཟུགས་སྒྲ་སོགས་གསལ་བར་བྱེད་དོ། །དེ་འཆར་བ་ན་རང་བཞིན་གྱི་རྟོག་པ་རྣམས་འཆར་ལ། །དེ་རྣམས་རང་གནས་སུ་ནུབ་པ་ན་རྟོག་པ་དེ་རྣམས་ནུབ་པ་ཡིན་ཏེ། རྒྱུད་རྡོར་ཕྲེང་ལས། སྙིང་གི་དབུས་གནས་བདེ་བའི་དངོས། །སངས་རྒྱས་ཉི་མ་གསལ་བའི་འོད། །གཟུང་དང་འཛིན་པའི་གཟུགས་ཀྱིས་ཀྱང་། །དེ་ནི་འོད་ཟེར་བཅུ་གཉིས་སོ། །འོད་འཕེལ་འོད་ཟེར་གཟི་བརྗིད་མ། །གསལ་བ་འབར་མ་འོད་དམར་མ། །མིག་ལ་སོགས་པ་ལ་བརྟེན་ནས། །ཕྱི་རོལ་གཟུགས་སོགས་འཛིན་པ་པོ། །འོད་ཟེར་འོད་མ་སྣང་བ་མ། །གསལ་མཛེས་གསལ་འོད་ཉི་མ་གསལ། །


JLD006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་གཟུགས་སོགས་རྣམ་པའོ། །དྲུག་པོ་འདི་དག་འོད་དུ་འདོད། །ལྷ་མོ་རྣམས་ནི་གང་ཤར་བ། །ཡེ་ཤེས་ཉི་མ་འཆར་བ་ཡིན། །དེ་དག་ཡང་དག་ནུབ་པ་ནི། །དེའི་ཡང་མཆོག་ཏུ་ནུབ་པའོ། །འཆར་བ་ནུབ་པ་རྣམ་ཆད་པ། །གོ་འཕང་མཆོག་ཏུ་ཤེས་པར་བྱ། །རྣལ་འབྱོར་ཆེན་པོ་ལེགས་པར་སད། །སངས་རྒྱས་ཉི་མའི་སྡོམ་པའོ། །ཞེས་སོ། །སྙིང་གི་དབུས་གནས་མི་ཤིགས་པའོ། །བདེ་བའི་དངོས་ནི་བདེ་བའི་རང་བཞིན་ནོ། །སངས་རྒྱས་ནི་རང་བཞིན་རྣམ་དག་གིའོ། །ཉི་མ་གསལ་བའི་འོད་ནི་འོད་གསལ་གྱི་རླུང་ངོ་། །འོད་དུ་འདོད་ཅེས་པ་ནི་དྲུག་ཚན་སྔ་མ་ཡང་ངོ༌། །ལྷ་མོ་ནི་རླུང་དེ་དག་གོ །ཡེ་ཤེས་ནི་སངས་རྒྱ་ཉི་མའོ། །རླུང་བཅུ་གཉིས་པོ་དེ་དག་ཕྱིན་ཅི་མ་ལོག་པར་ནུབ་པ་ནི་སངས་རྒྱས་ཉི་མ་དེའི་འང་ནུབ་པ་སྟེ་གོ་འཕང་མཆོག་གི་རྒྱུའོ། །འཆར་ནུབ་ཟད་ནས་གནས་པ་ནི་བྱང་ཆུབ་ཀྱི་གོ་འཕང་ངོ༌། །སངས་རྒྱས་ཉི་མའི་སྡོམ་པ་ནི་རླུག་བཅུ་གཉིས་སྙིང་གར་ནུབ་པའོ། །རླུང་འདི་རྣམས་ཕལ་ཆེར་སྲོག་གི་རྣམ་འགྱུར་ཡིན་ལ། དེའང་སྙིང་གའི་རྩ་འདབ་རྣམས་ཡུལ་ལྔ་འབབ་པའི་རྩར་བཤད་པས་དེ་དག་ནས་རྒྱུ་བའི་རླུང་དབང་བོའི་སྒོར་ཕྱིན་པ་ལས་གཟུང་འཛིན་དུ་འགྱུར་པའོ། །རྡོར་ཕྲེང་གི་སྐབས་གཞན་དུའང་དབང་ཤེས་རླུང་དང་འདྲེས་པ་བག་ཆགས་ཀྱིས་བསླད་པས་འཁོར་བར་འཁྱམས་པས་དེ་བཟློག་པའི་དོན་དུ་རྡོར་བཟླས་བྱ་བར་གསུངས་པས། རྡོར་བཟླས་ཀྱིས་དེ་རྣམས་སྙིང་གའི་དབུ་མའི་ནང་དུ་སྡུད་པའོ། །དེ་བཞིན་དུ། མི་ཕྱེད་རྡོ་རྗེ་ཞེས་ནི་བརྗོད། །དེ་ནི་རླུང་དུ་ཡོངས་སུ་གྲགས། །ཡི་གེ་ཨ་ནི་ཕྱེ་བ་ཡིས། །རྣལ་འབྱོར་མཆོག་གིས་


JLD006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་རྟོགས། །དེའི་རྟེན་སྙིང་གའི་པདྨ་ཡི། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཆོས་ཀྱི་འཁོར་ལོ་སྐལ་བ་བཟང༌། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དེ་ཡི་འདབ་མ་ལས་སྐྱེས་པ། །རྣམ་ཤེས་བརྒྱད་ནི་ཀུན་རྫོབ་པོ། །མིག་ལ་སོགས་པ་ཡང་དག་བརྟེན། །འགྲོ་བ་གསུམ་དུ་རྣམ་པར་སྤྱོད། །དེ་དག་འཇོམས་པ་རླུང་རྡོ་རྗེ། །བགེགས་མཐར་བྱེད་པ་ཞེས་ནི་བརྗོད། ཅེས་སྙིང་གའི་ཨ་ཡིག་སྲོག་རླུང་རྡོ་རྗེ་དང་དེའི་རྟེན་གྱི་པད་འདབ་ལ་གནས་པའི་རྣམ་ཤེས་བརྒྱད་པདྨ་ཡིན་ལ། དེ་གཉིས་ཨ་ཡིག་གིས་མདུད་པ་ཕྱེ་བའི་གནས་སུ་སྦྱོར་བ་ནི་རྡོ་རྗེ་པདྨ་གཉིས་མཉམ་པར་སྦྱོར་བར་བཤད་དོ། །དེ་ལྟར་ན་དཔལ་འདུས་པ་རྩ་བཤད་ཀྱི་ལུགས་ཀྱིས་རྣམ་ཤེས་དང་རླུང་གཉིས་མར་ལ་མར་བཞག་པ་བཞིན་དུ་འདྲེས་ནས་འཁོར་བར་འཁོར་བའི་བྱ་བ་བྱེད་དོ། །དེ་འགོག་པ་ལ་ལས་འགོག་དགོས་དེ་འགོག་པ་ལ་ཉོན་མོངས་པ་འགོག་དགོས། དེ་འགོག་པ་ལ་རང་བཞིན་གྱི་རྟོག་པ་རྣམས་དགག་དགོས། དེ་འགོག་པ་ལ་རང་བཞིན་གཡོ་བྱེད་ཀྱི་རླུང་དགག་དགོས། དེ་འགོག་པ་ལ་རྡོར་བཟླས་ཀྱིས་རླུང་རྣམས་དབུ་མར་བསྡུས་ནས་ས་ཆུ་ལ་ཐིམ་པ་ལ་སོགས་པའི་རིམ་གྱིས་ཐིམ་རིམ་རྣམས་བསྐྱེད་དགོས། དེའང་རླུང་རང་བཞིན་ལ་ཐིམ་པ་ནི་སྣ་བུག་དང་པོའི་སྒོར་རྒྱུ་བའི་རླུང་རགས་པ་ཐིམ་པ་ཡིན་ལ། དེ་ནས་རང་བཞིན་སྣང་བ་ལ་ཐིམ་པའི་དུས་སུ་རང་བཞིན་གཡོ་བའི་རླུང་ཡང་ཐིམ་པ་ཡིན་ཏེ་རང་བཞིན་གཡོ་བའི་རླུང་ཕྲ་བའོ། །དེ་ནས་སྟོང་པ་བཞིའི་སྔ་མ་རྣམས་ཕྱི་མ་ལ་ཐིམ་ནས་འོད་གསལ་མངོན་དུ་བྱེད་དོ། །འོ་ན་རྣལ་འབྱོར་མའི་རྒྱུད་ནས་ཕྱིའི་རྐྱེན་ལས་རྒྱ་དང་ནང་གི་རྐྱེན་རླུང་དང་གཏུམ་མོ་ལ་སོགས་པ་ལ་བརྟེན་ནས། དགའ་བ་བཞི་པསྐྱེད་པའི་མཐར་སྐྱེས་པའི་ལྷན་སྐྱེས་ཉིད་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱས་ནས་བདེ་བས་ལམ་


JLD006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོད་པ་གཙོ་བོར་འཆད་ཀྱི། ས་ཆུ་ལ་ཐིམ་པ་སོགས་ཀྱི་རིམ་པས་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་གཙོ་བོར་མི་འཆད་པ་དང༌། རྣལ་འབྱོར་གྱི་རྒྱུད་ཀྱི་སྐོར་ནས་ས་ཆུ་ལ་ཐིམ་པ་སོགས་ཀྱི་ཐིམ་རིམ་གྱི་སྒོ་ནས་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་གཙོ་བོར་འཆད་ཀྱི། ལྟེ་བའི་གཏུམ་མོའི་མེ་འབར་བས་སྤྱི་བོའི་བྱང་སེམས་བཞུས་པའི་འབར་འཛག་གིས་བསྐྱེད་པའི་བདེ་བས་ལམ་བགྲོད་པ་གཙོ་བོར་མི་འཆད་པ་ཅི་ཡིན་སྙམ་ན། འདི་ལ་ཁ་ཅིག་ཕ་རྒྱུད་པ་གཙོ་བོར་སྦྲོས་པ་ཐིམ་པའི་སྟོང་པ་ལམ་དུ་བྱེད་ལ། མ་རྒྱུད་པ་གཙོ་བོར་བདེ་བ་ལམ་དུ་བྱེད་པས། རྒྱུད་དེ་གཉིས་སུ་སྟོང་པ་བཞི་དང་དགའ་བ་བཞིའི་སྒོ་ནས་སོ་སོར་འཆད་པས་བདེ་བ་ཆེན་པོའི་ལམ་ནི་མ་རྒྱུད་ཀྱི་ཁྱད་ཆོས་ཡིན་པས་ཕ་རྒྱུད་རྣམས་རྣལ་འབྱོར་བླ་མའི་རྒྱུད་ཡིན་ཀྱང་བླ་མེད་མིན་ལ། མ་རྒྱུད་རྣམས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་འདོད་དོ། །གཞན་དག་ནི་ཕྱག་ཆེན་ཐིག་ལེ་ལས་སྣང་མཆེད་ཐོབ་གསུམ་དང་འོད་གསལ་བཞི་དགའ་བ་བཞིར་བཤད་པས། དགག་ཕྱོགས་རང་བཞིན་བརྒྱད་ཅུའི་སྦྲོས་པས་སྟོང་པའི་སྒོ་ནས་སྟོང་པ་བཞི་དང༌། སྒྲུབ་ཕྱོགས་བདེ་བ་བཞི་སྐྱེ་བའི་ངོས་ནས་དགའ་བ་བཞིབཤད་པར་འདོད་དོ། །ལ་ལ་ནི་མ་རྒྱུད་ལ་སེམས་དབེན་མན་ཆད་ཀྱི་ལམ་ལས་མེད་པས་དབང་བོ་བརྟུལ་བོ་བདེ་བའི་སྒོ་ནས་ཞི་གནས་དོན་དུ་གཉེར་བ་ལ་གསུངས་ལ། ཕ་རྒྱུད་ནི་ལྷག་མཐོང་དོན་དུ་གཉེར་བ་ལ་གསུངས་ཏེ། ཕྱི་གཟུང་བ་དང་ནང་འཛིན་པ་ལ་ཞེན་པ་དང་བདེན་གཉིས་ཐ་དད་དུ་འཛིན་པ་ནི། སྒྱུ་མ་དང་འོད་གསལ་དང་ཟུང་འཇུག་གིས་འགོག་ལ་དེ་ཕ་རྒྱུད་ནས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཕལ་མོ་ཆེས་ཕ་རྒྱུ་དང་མ་རྒྱུད་


JLD006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་མེད་ཀྱི་རྒྱུད་གསུམ་དུ་བྱས་ནས། རང་གང་ལ་ཞེན་ཆེ་བའི་རྒྱུད་གཉིས་མེད་གྱི་རྒྱུད་དུ་ནན་གྱིས་བསྒྲུབ་ལ། དེ་དག་གི་དོན་ཤེས་རབ་ཀྱི་ཆ་གཙོ་བོར་་བསྟན་པ་དང་ཐབས་ཀྱི་ཆ་གཙོ་བོར་སྟོན་པ་ནི་མ་དང་ཕའི་རྒྱུད་ཡིན་པས་རྒྱུད་དམན་པར་འདོད་ལ། ཐབས་ཤེས་གཉིས་ཀ་ཆ་མཉམ་དུ་སྟོན་པ་ནི་གཉིས་མེད་ཀྱི་དོན་ཡིན་པས་བཟང་བར་འདོད་དོ། །དེ་ལ་བདེ་སྟོང་ལ་ཐབས་ཤེས་སུ་བྱས་པའི་ཐབས་ཤེས་ལ་ནི་རྒྱུད་གཉིས་ཀ་འདྲ་བར་ནག་པོ་སྤྱོད་པས་བཤད་དེ་དུས་འཁོར་གྱི་ལུགས་ཀྱང་ཡིན་ནོ། །དེའི་ཕྱིར་དེ་གཉིས་ལ་བལྟོས་ནས་ཐབས་ཤེས་ཀྱི་རྒྱུད་སོ་སོར་འཇོག་པ་མིན་པས་ལུགས་དང་པོ་དང་གསུམ་པ་རྣམས་མི་འཐད་དོ། །བཞི་པ་ལའང་བརྗོད་པར་བྱ་སྟེ། བདེ་སྟོང་ལ་ཐབས་སུ་བྱས་པའི་ཐབས་ཤེས་རེ་རེ་གཙོ་བོར་སྟོན་པ་ལ་བྱེད་ན་ནི། གཙོ་བོའི་དོན་གསལ་བ་དང་རྒྱས་པ་ལ་བྱེད་ན་བཟློག་ནས་སྨྲས་ན་ལན་ཅི་ཡོད། །གཙོ་བོའི་དོན་ལམ་གྱི་སྲོག་ཡིན་པ་ལ་བྱེད་ན། གཉིས་ཀས་ཀྱང་བདེ་སྟོང་དབྱེར་མེད་ལམ་གྱི་རྐང་དུ་འདོད་པས་མི་རིགས་སོ། །དགུག་གཞུག་ལ་སོགས་པའི་བྱ་བ་ལ་ལྷ་ཕོ་འགྲོ་བ་དང་མོ་འགྲོ་བའི་ཐབས་ཤེས་ལ་བྱེད་ན་ནི། །ལྷ་ཕོ་མོ་གཉིས་ཀས་དགུས་གཞུག་ལ་སོགས་པའི་བྱ་བ་བྱེད་པ་བསྟན་པས། རྒྱུད་མཆོག་ཏུ་གྱུར་པ་ལ་ཁྱད་ཆོས་ཅི་ཞིག་ཡོད། ཁམས་དག་པའི་ལྷ་མོ་དང་ཕུང་བོ་དག་པའི་ལྷ་ཕོ་གཉིས་དཀྱིལ་འཁོར་ལ་གཙོ་བོར་བྱེད་མི་བྱེད་ཀྱི་ཐབས་ཤེས་ལ་བྱེད་ནའང༌། དཀྱིལ་འཁོར་ལ་རིགས་ལྔ་འགོད་པའི་གནས་སུ་ལྷ་མོ་རྣམས་འགོད་པ་ལྟ་བུ་ལ་བྱ་དགོས་པས་དེ་ལྟ་ནའང་སྔ་མ་ལྟར་དེ་ཁྱད་ཆོས་སུ་ཅིས་འགྱུར། གཞན་ཡང་བདེ་བ་ཆེན་པོའི་ལམ་གཙོ་བོར་སྟོན་པ་ནི་རྣལ་འབྱོར་གྱི་རྒྱུད་གསང་བ་འདུས་པའི་དོན་ཡིན་པར་གསང་བ་གྲུབ་པ་


JLD006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱས་པར་བཤད་པ་དང་ཡང་འགལ་ལོ། །འོ་ན་གང་ཡིན་སྣམ་ན། སངས་རྒྱས་སྒྲུབ་བྱེད་ཀྱི་ལམ་གྱི་གཙོ་བོ་ནི་རྫོགས་རིམ་ཡིན་ལ། དེ་ལའང་ཐབས་དང་ཐབས་བྱུང་གཉིས་ཀྱི་ཕྱི་མ་གཙོ་བོ་ཡིན་ནོ། །དེ་ནི་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་རྒྱུ་ཐབས་ཤེས་གཉིས་པོདེ་སྟོར་དབྱེར་མེད་ཀྱི་སྟེང་ནས་སྟོན་པ་ལ་འདྲ་མོད་ཀྱང༌། གཞན་ལུས་ཤེས་རབ་མའི་མཚན་ཉིད་དང་དབྱེ་བ་དང་བརྟག་པའི་ཐབས་དང་བསྟེན་པའི་ཚུལ་དང༌། དེ་ལ་བརྟེན་ནས་བྱུང་བའི་དགའ་བ་བཞིས་ལམ་བགྲོད་ལུགས་གཙོ་བོར་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དང༌། རང་ལུས་ཐབས་ལྡན་གྱི་དབང་དུ་བྱས་ནས། དང་པོར་ཤི་བའི་འོད་གསལ་ལས་སྐྱེས་པའི་རིམ་པ་དང༌། དེ་ནས་སྡུད་པའི་འཆི་རིམ་བསྟན་ནས་དེ་ཇི་བཞིན་དུ་སྟོང་པ་བཞིས་ལམ་བགྲོད་ཚུལ་གཙོ་བོར་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །ཆགས་ལམ་གྱིས་ཆགས་པ་ལམ་དུ་བྱ་བའི་ཕྱིར་དུ་གསུངས་པའི་ལམ་ནི། གཉིས་ཀ་ལ་འདྲ་མོད་ཀྱང་ཆགས་པ་ལམ་དུ་བྱས་པ་ལ་བརྟེན་ནས་བདེ་བ་ཆེན་པོ་སྐྱེ་ལུགས་དང༌། དེ་ཉིད་ཀྱིས་མཆོག་འགྲུབ་ལུགས་གཙོ་བོར་བཤད་པ་ན། ཚུལ་དེ་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་ལ་མེད་པའི་ཁྱད་ཆོས་སུ་མཐོང་ཞིང༌། དེའང་ལམ་ཤིན་ཏུ་འཇུག་པ་བདེ་ལ་མྱུར་བར་མཐོང་ནས་ལམ་འདི་ལ་མཆོག་ཏུ་གུས་པ་སྐྱེ་ཞིང་བརྩོན་འགྲུས་ཀྱང་འབར་བར་འགྱུར་རོ། །དེ་ནས་ལམ་དེས་འབྲས་བུ་འགྲུབ་པ་མྱུར་བ་དག་པདེ་བ་ཙམ་དུ་མ་ཟད་འགྲུབ་པའི་རིམ་པ་ལའང་ཐུན་མོང་མ་ཡིན་པའི་ཁྱད་པར་འདི་ལྟར་ཡོད་ཅེས་སྟོན་པ་ན་ཐབས་རྒྱུད་ལྟར་བསྟན་དགོས་སོ། །འདི་ལྟར་བསྟན་པ་ན་དང་པོའི་ཐབས་ལ་བརྟེན་པའི་ལམ་བདེ་བ་དང་མྱུར་བར་མ་ཟད་ས་ལ་སོགས་པ་རིམ་གྱིས་ཐིམ་པའི་ཡང་ཉེ་རྒྱུ་རུ་མཐོང་ངོ༌། །


JLD006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་དེ་ཐོག་མར་བསྐྱེད་དེ་དེས་རྒྱུད་སྨིན་པར་བྱས་པ་ནི་སྦྲོས་པ་སྡུད་པའི་རྫོགས་རིམ་གྱི་རྒྱུའི་གཙོ་བོ་ཡིན་པས། བསྐྱེད་རིམ་གྱིས་རྒྱུད་སྨིན་པར་བྱེད་པ་དེ་ལ་རག་ལས་པའི་ཕྱིར་རོ། །གསང་བ་གྲུབ་པ་ལས་འདུས་པའི་གླེང་གཞིའི་དོན་རྣལ་འབྱོར་མའི་རྒྱུད་དང་ཁྱད་པར་མེད་པར་བསྟན་ཞིང༌། དེ་གོམས་པས་སྒྱུ་མའི་སྐུ་འགྲུབ་པར་གསུངས་པས་ལམ་ལོགས་པའང་མིན་ནོ། །དེ་ལྟར་ན་རྒྱུད་གཉིས་ལ་འཇུག་པའི་རིམ་པ་ནི་དང་པོར་མའི་རྒྱུད་དང་དེ་རྗེས་རྣལ་འབྱོར་གྱི་རྒྱུད་ལ་འཇུག་པར་བྱའོ། །རྡོར་བཟླས་གོམས་པས་ཙཎྜ་ལི་འབར་ནས་དགའ་བ་བཞི་པསྐྱེད་པར་གསུངས་པའི་ཕྱིར། རྡོར་བཟླས་ཀྱི་དུས་སུའང་དགའ་བཞི་པསྒོམ་པ་ནི་ཡོད་དོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། རིམ་པ་ལྔ་པའི་མཚན་ཉིད་དོ། །དང་པོ་ནི། རླུང་གི་དེ་ཉིད་ནི་སྤྱོད་བསྡུས་ལས། སྲོག་དང་རྩོལ་བའི་བརྟག་པའོ། ཞེས་གསུངས་ཏེ། སྲོག་རྩོལ་ནི་རླུང་ཙམ་མོ། །བརྟག་པ་ནི་གཏན་ལ་འབེབས་པ་སྟེ། ངོ་བོ་དང་དབྱེ་བ་དང་རྒྱུ་ཚུལ་ལ་སོགས་པ་ཤེས་པར་བྱེད་པའོ། །དེའི་གཙོ་བོ་ནི་སྔར་བཤད་པའི་མི་ཤིགས་པ་ལས་སྦྲོ་བསྡུ་བྱེད་ཚུལ་ལོ། །རིམ་གྱིས་ནི་ཞེས་པ་དེ་སྔོན་དུ་བཏང་ནས་ཞེས་པའི་དོན་ཏོ། །སྔགས་ཀྱི་དེ་ཉིད་ནི་བརྡ་ལ་སོགས་པ་འོག་ནས་འཆད་པ་རྣམས་སོ། །སྤྱོད་བསྡུས་ལས། སྔགས་ནི་དབྱངས་གསལ་གྱི་རྒྱུ་ལས་བྱུང་བའི་སྦྲུལ་ལ་སོགས་པ་དང༌། དེའི་དེ་ཉིད་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་ལ་འཆད་དེ། མི་ཤིགས་པ་ལས་བྱུང་བ་དང་དེར་སྡུད་པ་གཙོ་བོའི་དོན་ནོ། །ཡང་ངག་འཇུག་ནི་སྔ་མ་ཤེས་པའི་རྗེས་སུ་ཕྱི་མ་ཤེས་པར་བྱེད་པའོ། །སྔགས་ཀྱི་བསྐྱེད་པ་ནི་སྔགས་ཐམས་ཅད་སྐྱེས་པ་དང་བུད་མེད་དང་མ་


JLD006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ནིང་གི་ངོ་བོ་ཉིད་ཡི་གེ་གསུམ་ལ་འཇུག་པའོ་ཞེས་གསུངས་པ་ལྟར་རོ། །དེ་རྟོགས་ནས་རླུང་སྔགས་དབྱེར་མི་ཕྱེད་པར་ཟློ་བའི་རྡོ་རྗེའི་བཟླས་པ་ལ་ནི་སློབ་བོ། །འོག་ནས་འཆད་པ་ལྟར་རྡོ་རྗེ་བཟླས་པ་མཐར་ཕྱིན་པ་ལ་གནས་པའི་རྣལ་འབྱོར་བ་ནི། སེམས་ལ་དམིགས་པའི་སྟོང་པ་གསུམ་གྱི་ཡེ་ཤེས་ཐོབ་པར་འགྱུར་ཏེ་འཆད་པར་འགྱུར་རོ། །སེམས་དམིགས་ལ་ཆོས་ཅན་གྱི་སེམས་ལ་དམིགས་པ་དང་སེམས་ཀྱི་ཆོས་ཉིད་ལ་དམིགས་པ་གཉིས་པོྱས་ནས་སེམས་དབེན་གྱི་ཡེ་ཤེས་ནི་སྔ་མ་ཡིན་གྱི་ཕྱི་མ་མིན་ཏེ། ཡིན་ན་འོད་གསལ་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་གསུང་མོད་ཀྱང་མི་འཐད་དེ། འོད་གསལ་གྱི་སྐབས་སུ་ནི་མངོན་སུམ་དུ་རྟོགས་པ་ཡིན་པས་སྐྱོན་མེད་པའི་ཕྱིར་རོ། །སྐབས་འདིར། སེམས་ལ་དམིགས་པའི་རྣལ་འབྱོར་བས། །སྒྱུ་མའི་ལུས་ནི་ཐོབ་པར་འགྱུར། ཞེས་སྔ་མའི་འགྲོས་ཀྱིས་ཁ་བསྐང་ངོ༌། །ཐོབ་ལུགས་ནི་འཆད་པར་འགྱུར་རོ། །དེ་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ཡང་དག་པའི་མཐའ་འོད་གསལ་གྱིས་ནི་རྣམ་པར་སྦྱང་བར་བྱ་བ་སྟེ། སྒྱུ་མ་འོད་གསལ་དུ་བཅུག་པའི་སྒོ་ནས་སྒྱུ་ལུས་ཀྱི་འོད་གསལ་ཐོབ་པར་བྱ་བའོ། །དེ་སྐད་དུའང༌། རང་བྱིན་བརླབ་པའི་རིམ་པ་ཡིས། །གང་ཕྱིར་འོད་གསལ་ཐོབ་འགྱུར་པ། ཞེས་འཆད་པར་འགྱུར་རོ། །འོད་གསལ་བ་ཡང་དག་མཐའ་ལས་ལུགས་བཟློག་ཏུ་ལངས་ནས་ནི། གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་ཐོབ་པར་འགྱུར་རོ། །སྤྱོད་བསྡུས་སུ་ལུས་དབེན་ལ་བསླབས་ནས་རྡོ་རྗེ་བཟླས་པ་ལ་སློབ་པའི་རིམ་པའང་གསུངས་པའི་ལུས་དབེན་ནི། ལུས་དང་ངག་དང་ཡིད་རྣམ་པར་


JLD006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པའི་ཐོས་པ་འཛིན་པ་ཞེས་འོག་ནས་གསུངས་པས། འཕགས་པས་ཀྱང་མིང་ཙམ་གསུངས་སོ། །རིམ་ལྔར་འདིའི་མི་གསལ་བ་གསལ་བར་སྤྱོད་བསྡུས་སུ་གསུངས་སོ། །རྒྱ་གར་བ་མང་པོས་ལུས་དབེན་བསྐྱེད་རིམ་དུ་བསྡུས། ཁ་ཅིག་གིས་རིགས་བརྒྱ་ནས་རིགས་གསུམ་གྱི་བར་རྣམས་བསྐྱེད་རིམ་དང༌། རིགས་གཅིག་པ་རྫོགས་རིམ་དུ་སྡུད་དེ། སྤྱོད་བསྡུས་ལས། ཕུང་བོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བཤད་མ་ཐག་པ་ནི་ལུས་རྣམ་པར་དབེན་པ་སྟེ། དེ་ལ་ལྷ་རྣམ་པར་དགོད་པ་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ། རགས་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། ཞེས་གསུངས་སོ། །ཐམས་ཅད་ཀྱི་ཞེས་པ་ནི་རིམ་པ་གཉིས་ཀ་ལ་བྱ་དགོས་ཏེ་དེའི་འོག་ཏུ་ངག་དབེན་ཤིན་ཏུ་ཕྲ་བས་བསྐྱེད་རིམ་པའི་ཡུལ་མིན་པར་བསྟན་པས་ཤེས་སོ། །དེས་ན་ལུས་དབེན་ནི་བསྐྱེད་རྫོགས་གཉིས་ཀའི་ཡིན་ནོ་ཞེས་ཟེར་རོ། །དེས་ན་ལུས་དེ་ལ་ལྷ་དགོད་པ་རིམ་པ་གཉིས་ཀའི་ཐུན་མོང་ཡིན་པར་སྟོན་གྱི་ལུས་དབེན་ཐུན་མོང་བར་བཞེད་པ་མིན་ཏེ། ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པའི་འོག་ཏུ་ལུས་དབེན་ལ་འཇུག་པར་གསུངས་པའི་ཕྱིར་དང༌། བདག་བྱིན་བརླབས་ཀྱི་སྐབས་ནས། བསྐྱེད་པའི་རིམ་པ་ནས་བརྩམས་ཏེ་ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་ཞེས་ཏེ་གཉིས་སོ་སོར་བཤད་པའི་ཕྱིར་རོ། །དེས་ན་ལུས་དབེན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཉིད་རིགས་བརྒྱ་དང་རིགས་ལྔ་དང་རིགས་གསུམ་དང་རིགས་གཅིག་ཏུ་ལྟ་བ་ཡིན་ཏེ། མཉམ་སྦྱོར་དང་ནམ་མཁའ་དང་མཉམ་པའི་ལུང་དྲངས་པས་ཤེས་སོ། །དེས་ན་ཕུང་བོ་ལྔ་ཁམས་ལྔ་དབང་བོ་ལྔ་ཡུལ་ལྔ་ནི་དབེན་གཞིའི་ལུས་ཡིན་ལ། དེ་ཉིད་ལྷན་ཅིག་སྐྱེས་པའི་རྣམ་འཕྲུལ་དུ་ལྟ་ཞིང༌། དེའང་


JLD006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་ངོ་བོར་བལྟ་བ་ནི་ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །འདིའང་ཕྲ་མོའི་རྣལ་འབྱོར་མཐར་ཕྱིན་ནས་བསྒོམ་ལ། དེའི་ཚེ་འོག་སྒོའི་ཕྲ་མོ་ལ་བརྟེན་ནས་དགའ་བ་བཞི་པསྐྱེད་ནུས་པས། དེར་སྐྱེས་པའི་ལྷན་སྐྱེས་ཀྱི་ངོ་བོར་བལྟ་བའི་ཆ་ནས་རྫོགས་རིམ་དང༌། སྤྱིར་ཕུང་བོ་སོགས་ལྷར་ལྟ་བའི་ཆ་ནས་བསྐྱེད་རིམ་དུ་བྱེད་དོ། །ཕྱི་མ་འདིའང་ལུས་དབེན་དུ་བྱས་ནས་བསྐྱེད་རིམ་དུ་སྡུད་ནའང་སྐྱོན་ཆུང་བར་སྣང་ངོ༌། །དེ་འདྲ་བའི་རྫོགས་རིམ་གྱི་ལུས་དབེན་དེ་ལ་སོར་སྡུད་དང་བསམ་གཏན་གཉིས་སུ་བྱེད་པས། སྲོག་རྩོལ་གྱི་སྔོན་དུ་སོར་བསམ་འགྲོ་བར་གསུངས་པ་དང༌། སྲོག་རྩོལ་གྱི་སྔོན་དུ་ལུས་དབེན་འགྲོ་བར་གསུངས་པ་གཉིས་དོན་གཅིག་གོ །གཉིས་པ་ནི། ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པ་ནི་སླར་ཞིང་སྟེ་སླར་ཡང་ལམ་གང་ལའང་མི་སློབ་བོ། །འོ་ན་འདིའི་ཟུང་འཇུག་རྫོགས་པའི་སངས་རྒྱས་ཀྱི་ཟུང་འཇུག་ཡིན་ནམ་སྙམ་ན། འོད་གསལ་ཐོག་མར་ཐོབ་པའི་རྗེས་ཀྱི་ཟུང་འཇུག་ནི་སློབ་པའི་ཟུང་འཇུག་ཡིན་པས་འདིའང་སློབ་པའི་ཟུང་འཇུག་གོ །སློབ་མི་སློབ་ཀྱི་ཟུང་འཇུག་གཉིས་ཡོད་པར་ནི་འོག་ནས་གསུངས་ལ། རྡོ་རྗེ་ཕྲེང་བ་ལས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཇི་ལྟར་ཐོབ་ཅེས་ཞུས་པའི་ལན་དུ་ཟུང་འཇུག་གིས་ཐོབ་པར་གསུངས་པས་ཟུང་འཇུག་ལ་གཉིས་ཡོད་དོ། །ཡང་དག་མཐའ་ལས་ལངས་ནས་ཟུང་འཇུག་ཐོབ་པར་གསུངས་པ་ཡང་སློབ་པའི་ཟུང་འཇུག་གི་སྐབས་ཡིན་ལ། མི་སློབ་པའི་སྐབས་སུ་ནི་ཡང་དག་མཐའ་ལ་མཉམ་པར་བཞག་བཞིན་དུ་ཟུང་འཇུག་གི་སྐུ་འགྲུབ་བོ། །དེས་ན་གང་ལའང་མི་སློབ་པ་ནི་ཟུང་འཇུག་མན་ཆད་ཀྱི་ལམ་ལ་ལེགས་


JLD006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསླབས་ཟིན་པའི་ཕྱིར་དང༌། ཟུང་འཇུག་ཉིད་གོམས་པར་བྱས་པས་སངས་རྒྱས་འགྲུབ་པའི་ཕྱིར་གསར་དུ་མི་སློབ་བོ། །གཞུང་འདི་རྣམས་ཀྱིས་སློབ་མི་སློབ་ཀྱི་ཟུང་འཇུག་འདྲེས་མར་འཆད་པས་གཉིས་ཀ་དང་སྦྱར་རོ། །ཟུང་འཇུག་གི་གོ་འཕང་ཐོབ་པ་འདི་ནི་ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་ཡིན་ལ། རྡོ་རྗེ་འཛིན་པ་ཆེན་པོའང་དེ་ཡིན་ནོ། །ལཀྵྨཱིས་ཟུང་འཇུག་རྫོགས་རིམ་དངོས་ཡིན་ལ་གཞན་རྣམས་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའི་རྫོགས་རིམ་ཞེས་འཆད་དོ ། རྣམ་པ་ཀུན་གྱི་ཞེས་པ་གཉིས་སློབ་པའི་ཟུང་འཇུག་ལ་སྦྱར་ན། མཚན་དཔེས་སྤྲས་པའི་ཟུང་འཇུག་གི་སྐུ་འོད་གསལ་ཐོབ་པའི་དེ་མ་ཐག་ནས་འབྱུང་ཞེས་སྦྱར་ལ། མི་སློབ་པའི་ཟུང་འཇུག་ལ་སྦྱར་ན། འོད་གསལ་མཐར་ཐུག་པ་ཐོབ་པ་དེ་ནས་མཚན་དཔེ་མཐར་ཐུག་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པར་འགྱུར་རོ། །འདས་དང་ཞེས་པ་བཞིའང་འོད་གསལ་ཐོག་པ་ལ་བལྟོས་ཏེ་རིམ་གྱིས་དང་ཅིག་ཅར་དུ་དུས་གསུམ་མཐོང་བ་སློབ་མི་སློབ་གཉིས་ལ་ཇི་རིགས་པར་སྦྱར་རོ། །གསུམ་པ་ནི། འོ་ན་རླུང་གི་དེ་ཉིད་ལ་སོགས་པ་འདི་དག་རྒྱུད་གང་ན་ཡོད་པ་ཡིན་ཞེ་ན། ཕུན་སུམ་ཚོགས་པའི་དཔལ་དང་ལྡན་ཞིང་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་འདུས་པའི་རྩ་བའི་རྒྱུད་དུ་ནི་རླུང་གི་དེ་ཉིད་ལ་སོགས་པ་འདི་དག་གནས་པས་འདུས་པ་ལས་ཤེས་པར་བྱའོ། །རྒྱུད་དེ་ནས་གསལ་བོར་བཤད་ཡོད་དམ་སྙམ་ན། རྒྱས་བཏབ་པ་སྟེ་སྦས་པའི་ཚུལ་གྱིས་གནས་པས་གསལ་བོར་མེད་དོ། །འདིས་ནི་མཐར་ཐུག་པའི་གདམས་ངག་རིམ་པ་ལྔའམ་ཡན་ལག་དྲུག་གི་རྣལ་འབྱོར་གྱི་ཡོད་པ་ནི་འདུས་པའི་རྩ་རྒྱུད་ཡིན་པར་བསྟན་ཏོ། །


JLD006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། འོ་ན་འདུས་པའི་རྩ་རྒྱུད་ན་ཡོད་དུ་ཆུག་ཀྱང༌། རྒྱས་བཏབ་ནས་ཤིན་ཏུ་མི་གསལ་ན། དེ་ཐབས་གང་ལས་རྟོགས་པར་བྱ་ཞེ་ན། བླ་མ་མཚན་ཉིད་དང་ལྡན་པའི་ཞལ་ལས་ཤེས་པར་བྱའོ། །ཞལ་ལས་ཤེས་ལུགས་ནི། རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་བཞིའི་རྗེས་སུ་འབྲངས་ནས། བླ་མས་བསྟན་པ་ལས་ཤེས་པར་བྱེད་པའོ། །འདིས་ནི་མན་ངག་མཐར་ཐུག་པ་རྣམས་རྒྱུད་ན་མ་བྲིས་པར་བླ་མའི་ཞལ་ཤེས་སུ་བཞག་ཅེས་སྟོན་པ་མིན་ཏེ། དེ་རྣམས་རྩ་རྒྱུད་ན་མི་གསལ་བར་བཞུགས་པ་དེ་བཤད་རྒྱུད་ཀྱིས་གསལ་བར་སྟོན་པར་གསུངས་པས། ཡོད་པ་ནི་རྒྱུད་སྡེ་གཉིས་པོ་དེ་ཉིད་ཡིན་པར་བསྟན་ཅིང༌། དེ་ལྟར་ཡོད་ཀྱང་རྩ་བཤད་ཀྱི་རྒྱུད་སྦྱར་ནས་ཕྱིན་ཅི་མ་ལོག་པར་འཆད་ཤེས་པའི་བླ་མ་མེད་ན་རྟོགས་མི་ནུས་པས་བླ་མས་བཤད་དགོས་ཞེས་པའི་དོན་ནོ། །དེས་ན་རྒྱུད་ཡོངས་སུ་རྫོགས་པར་བཤས་པར་ཡང་བྱེད་པ། དེ་ཙམ་གྱིས་ད་དུང་མན་ངག་གི་གནད་མཐར་ཐུག་པ་མི་ཤེས་པར་ཟུར་དུ་བཙལ་དགོས་ཞེས་སྨྲ་བ་ནི་ཕན་ཚུན་འགལ་བའི་ཁུར་ཡིན་པས་རྒྱུད་ཀྱི་གཞུང་བཤད་རྫོགས་པར་ཤེས་ཀྱང་མན་ངག་མཐར་ཐུག་ཟུར་ནས་བཙལ་དགོས་ན། མན་ངག་དེ་ཡོད་པ་རྒྱུད་དེ་མིན་པར་སོང་ལ། དེ་མི་འདོད་ན་ནི་རྒྱུད་ཀྱི་གཞུང་བཤད་ད་དུང་མ་རྫོགས་ཞེས་སྨྲ་བར་མི་རིགས་སོ། །དེའི་ཕྱིར་གདམས་ངག་གི་གནད་མཐར་ཐུག་པ་རྣམས་ཀྱང་གདམས་ངག་གི་ལུས་རྣམས་རྒྱུད་སྡེ་ལ་སོགས་པའི་གཞུང་ཆེ་བ་ན་ཡོད་པའི་ཟུར་སྒྲོན་དགོས་པ་རྣམས་བླ་མའི་མན་ངག་གིས་སྒྲོན་ན་ལེགས་པ་ཡིན་ནོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བར་ཕྱག་ན་རྡོ་


JLD006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་རྡོ་རྗེ་འཆང་ལ་དྲི་བ་བརྒྱད་ཅུ་གྱ་གཉིས་དྲིས་པ་རྣམས་ཀྱང་གཙོ་བོར་གསང་འདུས་སུ་བརྡ་ཙམ་གྱིས་མི་གསལ་བར་གསུང་བ་ལ་ཐེ་ཚོམ་གཅོད་པ་ཡིན་ཏེ། དེ་ཉིད་ལས། རྡོ་རྗེ་ཕྲེང་བ་མངོན་རྟོགས་པ། །དེ་ཉིད་ཅུང་ཟད་འདྲི་འཚལ་གྱིས། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །ཁྱོད་ཀྱིས་བདག་ལ་བསྟན་དུ་གསོལ། །དཔལ་ལྡན་འདུས་པར་བརྡ་ཙམ་གྱིས། །རྣལ་འབྱོར་བླ་ན་མེད་རྒྱུད་དུ། །ཐུབ་པ་ཆེན་པོས་ཆོས་ཕུང་བོ། །བརྒྱད་ཁྲི་དང་ནི་བཞི་སྟོང་ངོ༌། །དེ་སྐད་སྨྲས་ནས་མདུན་འདུག་སྟེ། །ཞེས་སོ། །འགྲེལ་པས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པསྡུས་པའི་ངོ་བོ་རྣལ་འབྱོར་བླ་ན་མེད་པའི་དཔལ་གསང་བ་འདུས་པ་ལ་རྡོ་རྗེ་ཕྲེང་བ་འདི་བར་འཚལ་ཞེས་འཆད་དོ། །བཤད་རྒྱུད་ཤིན་ཏུ་གསལ་བས་འདི་རྣམས་ནི་བཅོམ་ལྡན་འདས་ཉིད་ཀྱིས་རྩ་རྒྱུད་ཀྱི་རང་འགྲེལ་མཛད་པ་ཡིན་པས་འགྲེལ་པའི་མཆོག་ཏུ་ཤེས་པར་གྱིས་ཤིག །སྒྲོན་གསལ་ལས་ཀྱང༌། དཔལ་ལྡན་རྒྱུད་རྒྱལ་རྣལ་འབྱོར་རྒྱུད་ཀྱིས་ཤིན་ཏུ་གསལ་བར་རྣམ་ཕྱེ་ལེགས་བཤད་པ། །མཐའ་དྲུག་གི་ནི་འཆིང་བས་བཅིངས་པས་རྒྱལ་སྲས་ཡུལ་གྱུར་རྒྱལ་བའི་འདུས་གང་ཡིན། སངས་རྒྱས་ཀུན་གྱིས་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། ཞེས་གསུངས་ཏེ། རྒྱལ་བས་བཤད་རྒྱུད་ཀྱིས་གསལ་བར་ཕྱེ་བར་མ་ཟད། མགོན་པོ་ཀླུ་སྒྲུབ་ལྟ་བུས་རྩ་བཤད་གཉིས་ཤན་སྦྱར་ནས་ཀྱང་ལེགས་པར་བཤད་པའི་གདམས་ངག་རིམ་ལྔ་ལྟ་བུ་ནས་མ་ཟིན་པའི་གདམས་ངག་མཐར་ཐུག་པ་ལོགས་སུ་རྩད་གཅོད་པ་ནི་རང་ཉིད་བློ་གྲོས་ཆུང་བར་སྟོན་པ་ཙམ་དུ་ཟས་པས། བླ་མ་དམ་པ་ལ་བརྟེན་ནས་ཡུན་རིང་དུ་གཞུང་དེ་དག་


JLD006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་རྟོགས་ན་ཅི་མ་རུང་སྙམ་དུ་བསམས་ནས། བསག་སྦྱང་གི་སྒོ་རྒྱ་ཆེན་པོའི་ལྷན་ཅིག་བྱེད་རྐྱེན་ཅན་གྱི་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་འབད་ནས་རྒྱུད་ཤིང་རྟ་ཆེན་པོའི་དགོངས་འགྲེལ་གྱི་གཞུང་རྣམས་གདམས་ངག་གི་མཆོག་ཏུ་འཆར་བའི་ངེས་པ་ཅི་སྐྱེ་བྱའོ། །གཉིས་པ་ལ་གཉིས། རླུང་གི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དང་པོ་ལ་གཉིས། རྩ་རྒྱུད་ལས་གསུངས་ཚུལ་དང༌། དེ་བཤད་རྒྱུད་ཀྱིས་བསྟན་ཚུལ་ལོ། །དང་པོ་ནི། རིམ་པ་ལྔ་པསྟན་པར་བྱ་བ་དེ་ལ་སྟེ་དེའི་ནང་ནས་རིམ་ལྔའི་དང་པོ་ཁོ་ནར་དེ་ཉིད་དུ་རླུང་གི་དེ་ཁོ་ན་ཉིད་མདོར་བསྡུས་ནས་མི་གསལ་བའི་ཚུལ་གྱིས་སྟོན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། ཞེས་གསུངས་སོ། །ཡང་ན་རླུང་གི་དེ་ཉིད་སྟོན་པའི་ཁུངས་གཉིས་ལས་དང་པོ་ཉིད་དུ་རྩ་རྒྱུད་ལ་འཇུག་པར་བྱ་སྟེ། དེ་ནི་མདོར་བསྟན་པ་ཡིན་ལ། བཤད་རྒྱུད་ནི་དེ་འཆད་བྱེད་འགྲེལ་པ་ལྟ་བུ་ཡིན་པའི་ཕྱིར་རོ། །ཁུངས་དགོད་པ་ནི། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། ཞེས་པའི་རྐང་པ་བཞི་ནི་རྩ་རྒྱུད་ཀྱི་ལེའུ་དྲུག་པ་དང༌། རིན་ཆེན་ཆེན་པོ་ཁ་དོག་ལྔ། ཞེས་པ་བཞི་ནི་ལེའུ་གསུམ་པ་ལས་གསུངས་སོ། །འདི་ནི་དགོངས་པས་བཤད་པའོ། ཞེས་ཚིགས་བཅད་འདི་གཉིས་མཐའ་དྲུག་གི་ནང་ནས་དགོངས་བཤད་དུ་གསུངས་ལ། སྤྱོད་བསྡུས་སུ་ཚིགས་བཅད་ཕྱི་མ་འདི་ལ་མཐའ་དྲུག་གི་ནང་ནས་དྲང་དོན་དང་ངེས་དོན་གྱི་བཤད་པ་མཛད་ཅིང༌། སྒྲོན་གསལ་ལས་དང་པོ་ལ་དྲང་ངེས་དང་གཉིས་པ་ལ་ཚུལ་བཞིའི་བཤད་པ་མཛད་དོ། །དེ་ལྟ་ནའང་འགལ་བ་མེད་དེ། འདི་ལྟར་འཇིག་རྟེན་གྱི་ཐ་སྙད་ལ་རླུང་ལ་


JLD006_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་གྱི་སྒྲ་འགལ་བའི་ཆ་ནས་དགོངས་བཤད་དུ་གསུངས་ཤིང༌། ཡང་དག་པའི་དོན་རྫོགས་རིམ་པའི་ཕྲ་མོའི་རྣལ་འབྱོར་མི་མངོན་པར་ཁོང་དུ་སྦས་ནས། དངོས་སུ་བསྐྱེད་རིམ་པའི་ཕྲ་མོའི་རྣལ་འབྱོར་བསྟན་པས་དྲང་ངེས་སུ་བཤད་པས་ཀྱང་ཆོག་གོ །ངག་དོན་ཞིབ་ཏུ་ཕྱེ་ན་ཚུལ་བཞིའི་བཤད་པ་འཇུག་ཀྱང་བསྡུ་ན་བསྐྱེད་རྫོགས་གཉིས་སུ་འདུ་བས་དྲང་ངེས་སུ་བཤད་པས་ཆོག་པའི་ཕྱིར་རོ། །དེ་ལྟར་འཕགས་པས་རྩ་རྒྱུད་ཀྱི་སྐབས་གཉིས་དྲངས་ལ། འཕགས་པ་ལྷས་ལེའུ་གསུམ་པའི་གཞུང་ཙམ་ལས་མ་དྲངས་ཀྱང་རྩ་རྒྱུད་རླུང་གི་དེ་ཉིད་སྟོན་པའི་ཚིག་གཞན་མེད་པ་ནི་མ་ཡིན་ཏེ། ལེའུ་དང་པོར་གཟུངས་དཀྱིལ་གྱི་ལྷ་མོ་དགུ་སྤྲུལ་བ་དགོངས་པ་ལུང་སྟོན་དུ། དེ་ནས་དེ་བཞིན་གཤེགས་ཀུན་དང༌། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དེ་བཞིན་གཤེགས་པ་བདག་པོ་དེ། །མཉེས་པའི་ཕྱིར་ནི་ཞུགས་པར་གྱུར། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། །ཁྱབ་དང་མཉམ་གནས་དེ་བཤད་དང༌། །ཀླུ་དང་རུས་སྦལ་རྩངས་པ་དང༌། །ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །དེ་དག་པདག་གཟུགས་བུད་མེད་དུ། །སླར་ཡང་སྤྲུལ་བར་མཛད་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །འོ་ན་ལྷ་མོ་དགུ་ལས་མེད་པ་དང་རླུང་བཅུ་གཉིས་གྲངས་མ་མཐུན་ནོ་སྙམ་ན། རྒྱུད་ཕྱི་མ་ལས། ལྷ་མོ་དགུ་དང་ནམ་མཁའི་ཁམས། །མེ་ཏོག་ཅེས་ནི་བཤད་པ་ཡིན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །རིགས་ཀྱི་རིམ་གྱིས་དགོད་པར་བྱ། ཞེས་གསུངས་པའི་ལྷ་མོ་དགུ་ནི། །ཁྱབ་བྱེད་མ་གཏོགས་པའི་རླུང་དགུ་དང་ནམ་མཁའི་ཁམས་ནི་ཁྱབ་བྱེད་ཀྱི་རླུང་དུ་འགྲེལ་པས་བཤད་ནས་བཅུར་བྱས་པ་ལྟར།


JLD006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བྱེད་ནམ་མཁའི་ཁམས་ཀྱི་ཁམས་བཞི་ཆར་ལ་ཁྱབ་པ་བགྲངས་པས་བཅུར་འགྱུར་རོ། །སྐུ་གསུངས་ཐུགས་ནི་ལྡང་འཇུག་གནས་གསུམ་དང༌། རིགས་ཀྱི་རིམ་པ་ནི་ཡི་གེ་གསུམ་དུ་ཤེས་པར་བྱ་བར་འགྲེལ་པས་བཤད་དེ། དེ་ལྟར་ན་རླུང་བཅུ་ཡང་རྩ་རྒྱུད་ཀྱིས་གསུགས་སོ། །སྔོན་བྱུང་ལ་རྣམ་སྣང་ལ་སོགས་པ་རྣམས་རྡོ་རྗེ་འཆང་གི་སྐུ་ལ་ཞུགས་པའི་འོག་ཏུ་བུད་མེད་དུ་སྤྲུལ་བ་རྡོ་རྗེ་འཆད་ལ་དགྱེས་པ་བསྐྱེད་པའི་ཕྱིར་ཡིན་པར་གསུངས་ལ། དེ་ཉིད་མ་འོངས་པའི་སྒྲུབ་པ་པོས་ཆགས་པ་ལམ་དུ་བྱས་ན་བྱང་ཆུབ་སྒྲུབ་པའི་དོན་དུ་མདོ་བསྲེ་ལས་གསུངས་ཏེ། དགའ་བ་བཞིའི་སྒོ་ནས་དགྱེས་པ་བསྐྱེད་པའོ། །དེ་དག་པསྐྱེད་པའི་དུས་ཀྱི་འདོད་ཆགས་ཆེན་པོའི་ཚུལ་དྲང་ངེས་ཀྱི་བཤད་པ་གཉིས་པོྱས་པའི་ངེས་དོན་གྱི་སྐབས་སུ་སྟོང་པ་གསུམ་པསྐྱེད་པར་སྒྲོན་གསལ་ལས་གསུངས་སོ། །དེ་ལྟར་ན་ཕྱིའི་རིག་མ་ལ་བརྟེན་ནས་ཡེ་ཤེས་གསུམ་པསྐྱེད་པ་ལྟར་ནང་གི་རྡོར་བཟླས་ཀྱི་རླུང་གིས་ཀྱང་བསྐྱེད་པས་བུད་མེད་དང་རླུང་གཉིས་ཀ་ལ་བཤད་དོ། །གཉིས་པ་ལ་གསུམ། ལྷ་མོ་བཞིས་ཞུས་ཀྱིས་ངེས་པར་བསྟན་པ། རྒྱུད་ཕྱི་མས་གསལ་བར་གསུངས་པ། རྡོ་རྗེ་ཕྲེང་བས་སོ་སོར་ངེས་པར་བསྟན་པའོ། །དང་པོ་ནི། སྔར་དྲངས་པའི་རྩ་རྒྱུད་ཀྱི་ལུང་རྡོ་རྗེ་ལྟར་དབྱེ་དཀའ་བའི་རྡོ་རྗེའི་ཚིག་འདིའི་ངེས་པར་བསྟན་པ་ནི། ལྷ་མོ་བཞིས་ཞུས་པ་ཞེས་པ་འདུས་པའི་བཤད་པའི་རྒྱུད་དུ་གསུངས་སོ། །འདི་ལ་ལཀྵྨཱིས། གང་དེ་སྟེ་གང་གི་ཕྱིར་ལྷ་མོ་ཁྱད་ཀྱིས་བདག་ལ་རླུང་གི་དེ་ཁོ་ན་ཉིད་དྲིས་པ་དེའི་ཕྱིར་ཁྱོད་ལ་གསང་བ་དེ་བདག་གིས་བཤད་པར་བྱའོ། །དེ་ཇི་ལྟ་བུ་སྙམ་ན། སྙིང་བོ་ནི་བསྐྱེད་རིམ་མོ། །དེ་ལས་ཀྱང་སྙིང་བོ་ནི་རྫོགས་རིམ་མོ། །


JLD006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ནི་རླུང་གི་དེ་ཁོ་ན་ཉིད་དེ། ཁྱད་པར་དང་ལྡན་པའི་ཕྱིར་དང༌། དེ་མེད་ན་དེ་ལ་འཇུག་པར་མི་འགྱུར་པའི་ཕྱིར་དང༌། ཕྲ་མོ་ཡིན་པའི་ཕྱིར་རོ། །རྟོག་པའི་རྣལ་འབྱོར་བ་ལ་སྦས་པས་གསང་བའོ། །སངས་རྒྱས་ཏེ་ཕུང་བོ་ལྔ་པོ་ཀུན་གྱི་བདག་ཉིད་ལ་ཁྱབ་བྱེད་དུ་གནས་པའོ་ཞེས་འཆད་དོ། །སངས་རྒྱས་ཀུན་གྱི་སྣོད་མིན་ལ་གསང་བའི་ལམ་དེ་ནི་ངས་རབ་ཏུ་བཤད་པར་བྱའོ། །ལྷ་མི་ཞེས་པ་ནི་འབོད་པའོ། །དེ་ཇི་འདྲ་བ་ཞིག་སྙམ་ན། སྙིང་བོ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་དུ་འཇུག་པའི་ཐབས་རྣམས་སོ། །དེ་ལས་ཀྱང་སྙིང་བོར་གྱུར་པ་མཆོག་ནི་རླུག་འགྲོ་འོང་གི་བཟླས་པའོ། །དེ་འདྲ་བའི་བཟླས་པ་གང་ཡིན་པ་དེ་ནི། ལུས་ཅན་ཐམས་ཅད་ལ་བདག་ཉིད་དེ་རང་བཞིན་གྱིས་གནས་པ་སྟེ། རྡོར་ཕྲེང་ལས། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །སྲོག་དང་རྩོལ་བ་ལ་བརྟེན་པ། །གསང་སྔགས་རྒྱལ་བོ་ཟློས་བཞིན་དུ། །མི་ཤེས་བསམ་གཏན་ཀློག་པ་སྤང་། ཞེས་པ་ལྟར་རོ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། ཞེས་པ་ནི་རྩ་རྒྱུད་དུ་ཡུངས་ཀར་གྱི་སྒྲས་བསྟན་པ་དེ་འཆད་པར་བཞེས་ནས་བཤད་བྱར་བཀོད་པའོ། །འབྲུ་ཚོད་ཙམ་དེ་ཉིད་ནི་ཡེ་ཤེས་ལྔའི་དངོས་པོ་སྟེ་ངོ་བོའོ། །ཞེས་བཤད་དོ། །འོ་ན་ཡུགས་ཀར་གྱི་དོན་ཡེ་ཤེས་ལྔའི་ངོ་བོར་གསུངས་པས་རླུང་ལ་ཇི་ལྟར་དུ་གོ་སྙམ་ན། རིན་པོ་ཆེ་ཁ་དོག་སྣ་ལྔ་པ་བསྒོམ་པར་གསུངས་པ་དེ་སྙིང་བོ་མཆོག་ཏུ་གསུངས་པས་རྫོགས་རིམ་གྱི་ཡིན་པར་ཤེས་ལ། རིམ་ཆེན་ཁ་དོག་སྣ་ལྔ་པ་ཞེས་པ་ཡེ་ཤེས་ལྔའི་ངོ་བོར་གོ་ཞིང༌། དེའང་རང་བཞིན་གྱིས་ཀུན་ལ་གནས་པ་དང༌། གནས་དེ་སྣའི་རྩེ་མོར་བསྒོམ་པར་གསུངས་པས་རླུང་འོད་ཟེར་ལྔའི་འབྱུང་འཇུག་བསྒོམ་པ་


JLD006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་གྱི་དོན་དུ་ཤེས་སོ། །རླུང་འོད་ཟེར་ལྔ་པོ་ཡེ་ཤེས་ལྔར་བཤད་པ་ནི་རིགས་ལྔར་གོ་ལ། རིགས་ལྔ་པོ་དེའི་དབུས་ན་གནས་པའི་ལྷ་ནི་སྙིང་གའི་མི་བསྐྱོད་པར་གོ་བས་དེའི་ངོ་བོའི་སྲོག་རླུང་ངོ༌། །དེ་གསལ་བ་ནི་རིགས་པའི་སྲོག་རླུང་ཀུན་ལ་དབང་བྱེད་པའོ། །མི་གསལ་བ་ནི་ཕྲ་བའི་སྲོག་རླུང་མི་ཤིགས་པའི་ཐིག་ལེའོ། །རྒྱུད་དེས་ནི་རླུང་འགྲོ་འོང་གི་བཟླས་པ་དེ་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་ཐབས་རྣམས་ཀྱི་མཆོག་དང༌། རླུང་གི་གཙོ་བོ་སྲོག་རླུང་ནི་མི་ཤིགས་པའི་ཐིག་ལེ་ཡིན་པར་གསུངས་པས། །ལུས་ལ་གནད་དུ་བསྣུན་པའི་རྩ་རླུང་ཐིག་ལེའི་གདམས་པ་རྣམས་ཀྱི་སྙིང་བོ་ལས་ཀྱང་ཡང་སྙིང་མཆོག་ནི་རྡོར་བཟླས་ཡིན་པ་ལ་ངེས་པ་དྲང་དགོས་ཤིང༌། དེའི་གནད་མཐར་ཐུག་པ་ཡང་སྙིང་ག་ན་ཡོད་པར་ཤེས་པར་གྱིས་ཤིག །གཉིས་པ་ནི། འདུས་པའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པར་ཡང་རྩ་རྒྱུད་ཀྱིས་རིན་ཆེན་ཁ་དོག་སྣ་ལྔ་པ་ཡུངས་ཀར་གྱི་ཚད་ཙམ་སྒོམ་པར་གསུངས་པའི་དོན་རླུང་འགྲོ་འོང་གི་རྡོར་བཟླས་ཡིན་པའི་དོན་འདི་ཉིད་གསལ་བར་གསུངས་ཏེ་ཞེས་མཚམས་སྦྱོར་བའོ། །ཡང་གི་སྒྲས་ནི་སྔ་མས་རྩ་རྒྱུད་ཀྱི་དོན་གཏན་ལ་ཕབ་པར་མ་ཟད་པའོ། །རིན་ཆེན་ཁ་དོག་སྣ་ལྔ་པ། ཞེས་པ་ནི་རྩ་རྒྱུད་དུ་གསུངས་པ་བཤད་བྱར་བཀོད་པ་ཡིན་པས། དེའི་དོན་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་ཡིན་པར་རྒྱུད་ཕྱི་མ་འདིར་བཤད་དོ། །འདིས་ནི་སྟེང་གི་སྣ་སྒོར་གྱེན་དུ་འགྲོ་བའི་ཁ་དོག་སྣ་ལྔ་པ་བསྟན་ཏེ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དོ། །དེ་ཉིད་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས་ཏེ་སྣ་སྒོ་གཡས་པར་མེ་དང་གཡོན་པར་རླུང་དང་གཉིས་ཀ་ནས་ས་དང་ཆུའི་


JLD006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དང༌། ཁྱབ་བྱེད་ནམ་མཁའི་རླུང་དུ་འགྱུར་པས་འབྱུང་བ་ལྔའི་ངོ་བོ་ཉིད་དོ། །དེ་ཉིད་རང་གི་རྡོ་རྗེའི་བུ་ག་ལས་ཕྱུང་ནས་རིག་མའི་པདྨའི་སྣ་རྩེར་གོང་བུ་སྟེ་ཐིག་ལེའི་གཟུགས་ཀྱིས་བརྟག་པ་སྟེ་བསྒོམ་པར་བྱའོ། །རང་གི་སྙིང་གའི་པདྨ་ལ་ཨ་ཐུང་བསམས་ནས་ནི་མི་ཤིགས་པའི་ཐིག་ལེ་དེར་སྲོག་སྟེ་རླུང་རྣམས་ཕྱིར་མི་རྒྱུ་བར་གྱུར་པར་བཞག་གོ །རང་སྔགས་ནི་འཇུག་ལྡང་གནས་གསུམ་སྔགས་གསུམ་གྱི་ངོ་བོ་ཟློས་པའོ། །རྒྱུད་འདིས་རྩ་རྒྱུད་ཀྱི་སྣ་རྩེ་ཞེས་པ་དེ་ལ་གདོང་གི་སྣ་རྩེ་དང་གསང་བའི་སྣ་རྩེ་དང་སྙིང་གའི་སྣ་རྩེ་གསུམ་དུ་བྱས་ནས། སྟེང་གི་སྒོར་རྡོ་རྗེའི་བཟླས་པ་དང༌། འོག་གི་སྒོར་ཐིག་ལེའི་རྣལ་འབྱོར་དང༌། སྙིང་གར་མི་ཤིགས་པའི་ཐིག་ལེ་ལ་རླུང་སྡུད་པའི་ཚུལ་གྱིས་སྲོག་རྩོལ་གསུམབཤད་དེ་སྣ་རྩེ་གསུམ་དང་ཡུངས་ཀར་གྱི་འབྲུ་ཚོད་ཙམ་གྱི་ཐིག་ལེ་གསུམ་དུ་འགྱུར་རོ། །རྒྱུད་རྡོ་རྗེ་ཕྲེང་བར། ཆགས་ཅན་གྱིས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་དང་ཞེ་སྡང་ཅན་གྱིས་སྙིང་གར་སྔགས་ཀྱི་ཐིག་ལེ་དང༌། གཏི་མུག་ཅན་གྱིས་སྟེང་སྒོར་འོག་ཀྱི་ཐིག་ལེ་བསྒོམ་པར་གསུངས་ཏེ། གང་ཟག་གསུམ་སོ་སོ་བའི་ལམ་དུ་བཤད་དོ། །འཇམ་དཔལ་ཞལ་ལུང་གི་དགོངས་པ་ནི། དང་པོར་སྙིང་གར་སྔགས་ཀྱི་ཐིག་ལེ་བསྒོམ་སྟེ་རང་སྔགས་ཞེས་པ་གཉིས་ཀྱི་དོན་དང༌། དེ་ནས་ནོར་བུའི་སྣ་རྩེར་གསང་བའི་ཐིག་ལེ་བསྒོམ། དེ་ནས་སྟེང་སྒོར་སྤྲུལ་བའི་ཐིག་ལེ་ཞེས་པ་རླུང་ལ་རྡོར་བཟླས་བྱེད་པར་བཤད་པས་གང་ཟག་གཅིག་གིས་རིམ་ཅན་དུ་གསུམ་ག་བསྒོམ་པའོ། །སྒྲོན་གསལ་དང་དེའི་རྗེས་འབྲང་ནཱ་རོ་བས་སྔར་བཤད་པ་བཞིན་དུ་བཤད་ལ། སྤྱོད་བསྡུས་ལས། དཀྱིལ་འཁོར་བཞིའི་རླུང་ལྡང་འཇུག་གནས་


JLD006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡི་གེ་གསུམ་དང་སྦྱར་ནས་ཟློ་བའི་དོན་འདི་ཉིད། རང་སྔགས་ཞེས་པའི་རྐང་པ་གཉིས་མ་གཏོགས་པ་རྐང་པ་དྲུག་གི་དོན་དུ་བཤད་དོ། །དེའི་ཕྱིར་ཡེ་ཤེས་ལྔ་ཞེས་པའི་ཚིགས་བཅད་ཀྱི་དོན་ནི་སྟེང་སྒོར་རྡོར་བཟླས་བྱེད་པ་ལའང་སྦྱར་དགོས་པས་གཉིས་སུ་དྲང་ངོ༌། །རང་ལྷ་ཡབ་ཡུམ་དུ་བསྒོམས་པའི་རིག་མའི་པདྨར་རྫས་ཀྱི་ཐིག་ལེ་བསྒོམ་པ་འདི། རིམ་པ་དང་པོའི་སྐབས་སུ་འོག་སྒོར་ཐིག་ལེ་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བཤད་པ་དང་མི་གཅིག་སྟེ་དེ་ནི་ཐིག་ལེའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ཡིན་ལ། འདིར་ནི་ཐིག་ལེ་ཙམ་ཞིག་བསྒོམ་པ་ཡིན་ནོ། །དེ་བསྒོམས་པས་ས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས་རྣམས་འཆར་བར་ཞལ་ལུང་ལས་གསུངས་ཏེ་འདིས་ཀྱང་སྲོག་དབུ་མར་སྡུད་པ་ཡིན་ནོ། །ལཀྵྨཱིས་རྣལ་འབྱོར་བ་ཕོ་མོ་གཉིས་ཀྱིས་རང་རང་གསང་བའི་སྣ་རྩེར་ཐིག་ལེ་སོ་སོར་བསྒོམ་པ་ཡེ་ཤེས་ལྔ་ཞེས་པའི་རྐང་པ་བཞིའི་དོན་དུ་བྱས་ཏེ་ཆགས་ཅན་གྱི་ཕྲ་མོའི་རྣལ་འབྱོར་དང༌། རིན་ཆེན་ཞེས་པ་རྐང་པ་བཞིས་སྙིང་གར་ཧཱུཾ་ཡིག་བསྒོམ་པ་ཞེ་སྡང་ཅན་གྱི་དབང་དུ་བྱས་པར་བཤད་ནས་རྒྱུད་ཕྱི་མའི་ལུང་དེ་དག་སྟེང་གི་སྣ་སྒོར་རླུང་བསྒོམ་པ་ལ་མ་སྦྱར་བ་ནི། སྤྱོད་བསྡུས་དང་སྒྲོན་གསལ་དང་འགལ་བར་སྣང་ངོ༌། །འོ་ན་རྡོ་རྗེ་ཕྲེང་བར་སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་པསྒོམ་པ་དེ་གང་ཟག་སོ་སོའི་ལམ་དུ་བཤད་པ་ཇི་ལྟར་ཡིན་ཞེ་ན། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་པསྒོམ་པར་གསུངས་པ་དེ་དུག་གསུམ་ཤས་ཆེ་བའི་གང་ཟག་གིས་གཙོ་བོར་བསྒོམས་ན་ཡོན་ཏན་སྐྱེ་མྱུར་བས་གཙོ་བོར་གང་བསྒོམས་པ་ལ་དགོངས་སོ། །འཆད་པར་འགྱུར་པ་ལྟར་རྡོར་བཟླས་ཀྱི་སྲོག་དབུ་མར་


JLD006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པའི་རྗེས་སུ་སྙིང་གར་བསམས་ནས་ནི། སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་གསུངས་པ་བཞིན་དུ་མི་ཤིགས་པའི་ཐིག་ལེ་ཨ་ཐུང་ལ་སྡུད་པའི་གདམས་ངག་ཤེས་དགོས་སོ། །རྡོ་རྗེ་ཕྲེང་བའི་འགྲེལ་པ་ལས་ཀྱང༌། འདིར་ཡང་གདམས་ངག་སྟེ། དང་པོ་ཉིད་ན་རིམ་པ་ལྔ་ལ་བརྟེན་ནས་གྲངས་ལ་སོགས་པའི་རིམ་པ་རླུང་གི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ནི་ཉིད་དག་ནི་ཐུན་ཕྱེད་ཕྱེད་ཀྱི་བར་དུ་རྣལ་འབྱོར་རྣམ་པ་གསུམ་ལ་བལྟོས་ནས་ཐིག་ལེ་གསུམ་པོ་རིམ་པ་བཞིན་དུ་ཉེ་བར་མཚོན་པར་བྱས་ནས། “ཕྱི་ནས་འཇུག་པ་དང་ལྡང་བ་དག་ལ་རིམ་པ་དེ་ཉིད་ཀྱི་ཨ་ཡིག་གི་རྣམ་པས་གནས་པའི་རླུང་ལ་ངེས་པར་སྦྱར་ནས་དེ་ཉིད་དུ་ཐིག་ལེའི་ངོ་བོ་བསྒོམས་པས། རླུང་ཕྲ་མོས་ཉེ་བར་མཚོན་ནས་དེ་ཉིད་དུ་བསྐལ་བའམ་བསྐལ་བ་སྟོང་གི་བར་དུ་གནས་པར་བྱ་ཞེས་བཤད་དོ། །སྦྱོར་བ་ཡན་ལག་དྲུག་གི་སྲོག་རྩོལ་རྒྱུད་ཕྱི་མར་གསུངས་པའི་རླུང་གི་རྣལ་འབྱོར་གྱིས་སྲོག་དབུ་མར་འཇུག་ལུགས་ནི། འཕགས་པ་ཡབ་སྲས་རྣམས་རྡོར་བཟླས་ཉིད་ལ་མཛད་པས། རྒྱུད་ཕྱི་མས་ཀྱང་རྩ་བའི་རྒྱུད་ཀྱི་དོན་དེ་ལྟར་དུ་བཀྲལ་ཏེ་འདིས་རླུང་རྣམས་མི་ཤིགས་པའི་ཐིག་ལེ་ལ་སྡུད་པར་བཤད་པ་འདི་ནི་རླུང་གི་དེ་ཁོ་ན་ཉིད་མཐར་ཐུག་པར་ཤེས་པར་བྱའོ། །གསུམ་པ་ནི། རླུང་འགྲོ་འོང་གི་བཟླས་པ་འདི་ཉིད་དཀྱིལ་འཁོར་རྣམས་ཀྱི་སོ་སོར་ངེས་པར་བསྟན་པ་ནི། རྡོ་རྗེ་ཕྲེང་བ་ཞེས་བྱ་བ་བཤད་པའི་རྒྱུད་དུ་གསུངས་སོ་ཞེས་སྦྱར་རོ། །ཡང་ནི་སྔ་མ་གཉིས་ཀྱིས་སྟེང་སྒོའི་རླུང་སྤྱི་ལ་བཤད་པ་ཙམ་དུ་མ་ཟད་པའོ། །འདི་ལ་བཞི། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ། དེ་རྟོགས་དཀའ་བར་བསྟན་པའོ། །དང་པོ་ནི། རྩ་བའི་རྒྱུད་ལས། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། ཞེས་བྱ་བ་འདི་ནི་སྲོག་སྟེ་


JLD006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་རྩོལ་བ་སྟེ་རིང་དུ་སྤྲོ་བའི་བརྟག་པ་སྟེ་མཚོན་བྱེད་ཡིན་ནོ། །སྲོག་གི་རྩོལ་བའམ་སྲོག་དང་རྩོལ་བ་དེ་ཉིད་ལ་སངས་རྒྱས་ལྔའི་རང་བཞིན་འོད་ཟེར་ལྔ་རྣམ་པར་གནས་སོ། །འོད་ལྔ་སངས་རྒྱས་ངོ་བོར་བསྒོམ། ཞེས་འདོན་པ་ལྟར་ན་རླུང་འོད་ཟེར་ལྔ་སངས་རྒྱས་ལྔར་ཤེས་པར་བྱ་བའི་དོན་ནོ། །རྡོ་རྗེ་ཕྲེང་བ་ལས། སྣ་ཡི་རྩེ་མོ་དེ་ཉིད་མཆོག །རླུང་ལྔ་ཡི་ནི་རང་ངོ་བོ། །རླུང་གི་ཐིག་ལེ་ཞེས་ནི་བཤད། །ཡང་དག་དེ་ཉིད་གསལ་བ་ཡང༌། །སྣ་རྩེར་ཡུངས་ཀར་དེ་ཡང་ནི། །རྒྱུད་གཞན་རྣམས་སུ་གསུངས་པ་ནི། །སྣ་རྩེར་ཡུངས་ཀར་ཞེས་པ་ནི། །སྲོག་དང་རྩོལ་བའི་བརྟག་པ་སྟེ། ཞེས་དང་པོ་བཞིས་འོད་ཀྱི་ཐིག་ལེ་བསྒོམ་པའི་གནས་དང༌། དེ་ནས་བཞིས་འདུས་པ་ལ་སོགས་པའི་རྒྱུད་གཞན་དུ་གསུངས་པའི་དགོངས་པ་བཤད་དོ། །སྣ་རྩེར་ཞེས་པ་དེ་སྣ་རྩེ་གསུམ་ལས་གང་ཡིན་སྙམ་ན། སྟེང་གི་སྣ་ལས་ངེས་པར་འབྱུང་བ་ཡིན་ལ། འབྱུང་ཚུལ་ནི་རྣམ་པ་བཞིར་འགྱུར་རོ་ཞེས་སྦྱར་རོ། །ཇི་ལྟར་ཞེ་ན། སྣ་བུག་གཡོན་པ་དང་གཡས་པ་རེ་རེ་བ་གཉིས་དང་བུག་གཉིས་ཀ་ནས་དུས་མཉམ་དུ་རྒྱུ་བ་དང་དལ་བར་རྒྱུ་བ་བཞིའོ། །འདི་རྒྱུ་བའི་ལམ་ལ་བྱེད་ན་གསུམ་ལས་མེད་ལ། རྒྱུ་ཚུལ་གྱིས་བྱེད་ན་སྔ་མ་གསུམ་ལ་རྒྱུ་ཚུལ་མ་བཤད་པས་བཞིར་བྱེད་པ་ཇི་ལྟར་ཡིན་སྙམ་ན། གཡས་གཡོན་རེས་འཇོག་ཏུ་རྒྱུ་བ་གཉིས་དང་གཉིས་ཀ་ནས་དུས་མཉམ་དུ་རྒྱུ་བ་གཉིས་སུ་ཕྱེ་ནས་བཞིར་བྱེད་ལ། གཉིས་ཀ་ནས་རྒྱུ་བ་ལ་ནི་དྲག་ཞན་དུ་རྒྱུ་བ་གཉིས་ཡོད་པས། དལ་བ་ཞེས་གསུངས་པས་སྔ་མ་དེ་ལས་དྲག་པར་རྒྱུ་བ་གོ་བར་ནུས་སོ། །དེས་ན་གཉིས་ཀ་དང་ཞེས་པ་སོ་སོར་གཅོད་པ་མིན་གྱི་དེ་ནས་རྒྱུ་བ་ལ་དྲག་ཞན་གཉིས་སུ་འབྱེད་པའོ། །རྒྱུ་


JLD006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞི་པོ་དེ་ནང་གི་དུས་ནི་ཡིན་པར་རྒྱུད་འདིར་བཤད་ཅེས་གསུངས་པ་ནི། ཉིན་ཞག་གཅིག་གི་དུས་ངོས་འཛིན་པ་ལ་ཕྱིའི་ཆུ་ཚོད་ལ་སོགས་པས་འཛིན་པའི་དོད་ནང་དུ་དབུགས་རྒྱུ་བའི་གྲངས་ཀྱིས་འཛིན་པར་ནུས་པའོ། །འོ་ན་སྣ་བུག་ནས་འགྲོ་འོང་བྱེད་པའི་རླུང་བཞི་པོ་དེ་གནས་ཇི་འདྲ་ཞིག་ནས་འགྲོ་འོང་བྱེད་པ་ཡིན་ཞེ་ན། སྣ་བུག་གཡས་ནས་རྒྱུ་བ་ནི་ལྐོག་མ་སྟེ་མགྲིན་པའི་པདྨ་ནས་འགྲོ་འོང་སྟོན་པ་སྟེ་བྱེད་ལ། དེ་བཞིན་དུ་སྣ་བུག་གཉིས་ཀ་ནས་དལ་བར་རྒྱུ་བ་ནི་སྙིང་གའི་པདྨ་དང༌། སྣ་བུག་གཡོན་ནས་རྒྱུ་བ་ནི་ལྟེ་བའི་པདྨ་དང་སྣ་བུག་གཉིས་ཀ་ནས་དྲག་པར་རྒྱུ་བ་ནི་གསང་བའི་པདྨ་ནས་འགྲོ་འོད་བྱེད་དོ་ཞེས་གསུངས་པས་རླུང་དེ་བཞིའི་གནས་ཀྱང་དེ་དག་ཏུ་བསྟན་ནོ། །འདིས་ནི་སྣ་སྒོར་རྒྱུ་བའི་རླུང་བཞི་པོ་དེ་ནང་ནས་འོང་བའི་ཚེ་གནས་དེ་དག་ནས་འོང་བ་དང་ནང་དུ་ལྡོག་པའི་ཚེ་གནས་དེ་དག་ཏུ་ཞུགས་ནས། གནས་དེ་དག་མན་ཆད་ནས་འོང་བ་དང་མན་ཆད་དུ་འགྲོ་བ་འགོག་པ་མིན་ཏེ། སྤྱོད་བསྡུད་ལས། སྟེང་དུ་འགྲོ་བའི་རླུང་དེ་རྣམས་འོག་གི་སྣ་སྒོ་གཉིས་ནས་བྱུང་ནས་འགྲོ་བར་གསུངས་པའི་ཕྱིར་རོ། །དེས་ན་གནས་དེ་རྣམས་རླུང་དེ་དག་གི་སྡོད་པའི་གནས་སུ་སྟོན་པ་ཙམ་སྟེ། དཔེར་ན་མེ་རླུང་སྣ་བུག་གཡས་ནས་མི་རྒྱུ་བའི་དུས་སུ་མགྲིན་པར་གནས་པ་བཞིན་ནོ། །རླུང་བཞི་རྒྱུ་བའི་གོ་རིམ་འོག་ནས་འཆད་པའི་རིམ་པ་ཇི་བཞིན་དུ་རྒྱུ་བའི་ཚེ་རླུང་བཞི་པོ་རེ་རེ་ཡུན་ཇི་ཙམ་ཞིག་དུ་གནས་སྙམ་ན། ཐུན་ཕྱེད་ཕྱེད་ཀྱི་དུས་སུ་གནས་ནས་རྒྱུའོ། །འདི་ལ་འགྱུར་ནི། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །གོ་རིམ་ཇི་བཞིན་གནས་པར་བསྟན། ཞེས་རྒྱུད་ལས་གསུངས་ལ། མན་སྙེར། ཐུན་ཕྱེད་དུས་སུ་རིམ་འོངས་པས། །གོ་རིམ་ཇི་བཞིན་གནས་པར་བྱེད། ཅེས་བསྒྱུར་བ་ལེགས་སོ།


JLD006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལཀྵྨཱི་དང་ཨ་ལམ་ཀ་ཀ་ལ་ཤས་ནི། ཉིན་མོའི་ཐུན་བཞིའི་དང་པོ་མེ་དང་གཉིས་པ་ལ་རླུང་དང་ཉིན་གུང་ནས་བརྩམས་པའི་གསུམ་པ་ལ་ས་དང་བཞི་པ་ལ་ཆུ་སྟེ་བཞི་དང་མཚན་མོ་ལའང་དེ་ལྟར་བཞི་སྟེ་བརྒྱད་དོ། །དེའང་ཐུན་རེ་ལ་ཆུ་ཚོད་བརྒྱད་པརྒྱད་ཡོད་པའི་ཐུན་ཚོད་རེ་རེ་ལ་ལྡང་འཇུག་གནས་གསུམ་དང་བྲལ་བའི་འོད་གསལ་གྱི་ཆུ་ཚོད་ཕྱེད་ཕྱེད་འཆར་བས་ཆུ་ཚོད་ཕྱེད་དང་བརྒྱད་དུ་འགྱུར་ལ། ཐུན་ཕྱེད་ནི་རགས་པར་ན་བརྒྱད་དང་ཞིབ་ཏུ་ན་དེའི་ཕྱེད་དུ་འཆད་དེ། རྒྱུད་འདིར་ཞག་གཅིག་ལ་ཆུ་ཚོད་དང་དབྱུ་གུ་དྲུག་ཅུ་ལས་མ་བཤད་པས་དེའི་དབང་དུ་བྱས་ནས་རེ་བཞིར་བཤད་པ་དང་འགལ་བ་སྤངས་པའོ། །རྒྱུད་འདི་དང་གདན་བཞི་དང་རྡོ་རྗེ་མཁའ་འགྲོར་ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུར་བཤད་དེ་དབྱུ་གུ་ཡང་དེ་དང་འདྲ་བར་འདིར་བཤད་དོ། །ཀྱེ་རྡོ་རྗེ་དང་སྡོམ་འབྱུང་ལས། ཞག་གཅིག་ལ་ཆུ་ཚོད་སོ་གཉིས་དང་དབྱུ་གུ་རེ་བཞི་དང་འཕོ་བ་བཅུ་དྲུག་ཏུ་བཤད་དོ། །འདི་དང་གཉིས་མེད་རྣམ་རྒྱལ་དུ་དཀྱིལ་འཁོར་རེ་རྒྱུ་བའི་ཡུན་ཐུན་ཕྱེད་དུ་བཤད་ལས། དགོངས་པ་ལུང་སྟོན་དུ་དཀྱིལ་འཁོར་བཞི་པོ་རེ་རེ་རྒྱུ་བའི་ཡུན་ཚད་རླུང་འབྱུང་འཇུག་དགུ་པརྒྱར་བྱས་ནས་ཞག་གཅིག་ལ་དགུ་པརྒྱ་བོ་ཚན་པ་ཉེར་བཞིར་བཤད་ལ། དེ་རྣམས་ཕྱོགས་གཅིག་ཏུ་རིམ་ལྔར་དྲངས་པ་རྣམས་བསྟུན་དགོས་པས། དཀྱིལ་འཁོར་རེ་རེ་ཐུན་ཕྱེད་ཕྱེད་དུ་གནས་པར་གསུངས་པའི་ཐུན་ཕྱེད་ནི་རླུང་དགུ་པརྒྱ་བ་རེ་རེ་ལ་བྱའོ། །འོ་ན་རྡོར་ཕྲེང་ལས་ཉིན་ཞག་གཅིག་ལ་ཐུན་བརྒྱད་དུ་བཤད་པ་འགལ་ལོ་ཞེ་ན། དེ་ནི་ཕྱིའི་ཐུན་ཚོད་བརྒྱད་དང་ནང་གི་སྙིང་གའི་རྩ་བརྒྱད་སྦྱར་བའི་དབང་དུ་བྱས་ལ། ཐུན་ཕྱེད་ཉེར་བཞིར་ཕྱེད་པ་ནི་ནང་གི་དཀྱིལ་


JLD006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རེ་རེའི་རླུང་རྒྱུ་བའི་ཡུན་ཚད་ཀྱི་དབང་དུ་བྱས་པའོ། །དེས་ན་ཉིན་མོའི་ཐུན་བཞི་ལ་དཀྱིལ་འཁོར་ཆེ་བ་བཅུ་གཉིས་ཡོད་པས་དཀྱིལ་འཁོར་བཞིས་ཉིན་མོའི་ཐུན་རྫོགས་པ་མི་འཐད་དེ་མཚན་མོ་ལའང་ངོ༌། །འོ་ན་རླུང་དགུ་པརྒྱ་བ་ཕྲག་རེས་ཐུན་ཕྱེད་དུ་གནས་པར་གསུངས་པ་དེ་འཕོ་བའི་ཚད་དུ་ནི་བྱ་དགོས་ལ། དེ་ལྟ་ན་སྣ་བུག་གཅིག་ནས་གཅིག་ཏུ་འཕོ་བ་ལ་བྱེད་ན། ཞག་གཅིག་ལ་སྣ་བུག་གི་འཕོ་བ་ཉེར་བཞི་ཡོད་པར་འགྱུར་ལ། དཀྱིལ་འཁོར་གཅིག་ནས་གཅིག་ཏུ་འཕོ་བ་ལ་བྱེད་ནའང་མི་འཐད་དེ། གྱེན་རྒྱུ་དང་མཉམ་གནས་ཀྱི་རླུང་ལ་ནི་སྣ་བུག་མ་འཕོས་ན་དཀྱིལ་འཁོར་འཕོ་བ་མེད་ལ་འཕོ་བ་འདིའང་རླུང་སྤྱིའི་དབང་དུ་མཛད་པའི་ཕྱིར་རོ་ཞེ་ན། འདི་ལ་མན་སྙེར་ཐུན་ཚོད་ཕྱེད་ལ་ས་ཆུ་མེ་རླུང་གི་དཀྱིལ་འཁོར་བཞི་པོ་རེ་རེ་ལ་ཉིས་བརྒྱ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་རྣམས་འབབ་ཅིང་སླར་ཡང་ཐུན་ཚོད་ཕྱེད་ལ་བཞི་པོ་སྔར་ལྟར་སྣ་བུག་གཅིག་ཏུ་བབས་ནས་དེའེི་རྗེས་སུ་བུ་ག་གཞན་དུ་འབབ་བོ་ཞེས་བཤད་དོ། །དེའི་ལྟར་ན་སྣ་བུག་གཡས་སུ་མེ་རླུང་དགུ་པརྒྱ་པ་ཕྲག་གཅིག་བརྒྱུས་པའི་རྗེས་སུ་དཀྱིལ་འཁོར་གཞན་གྱི་དགུ་པརྒྱ་པ་ཕྲག་གཅིག་རྒྱུ་ན་གཞུང་དང་འགལ་ལ། དེ་ཉིད་བསྐྱར་ནས་རྒྱུ་ན་དགུ་པརྒྱ་པ་ཕྲག་གཉིས་སུ་གཅོད་པའི་རྒྱུ་མཚན་གང་ཡིན། མེའི་མེ་གོས་དཀར་མོ་རྒྱུ་བ་ནས་མེའི་ཆུ་མཱ་མ་ཀཱི་རྒྱུ་བའི་བར་གྱི་དཀྱིལ་འཁོར་ཆུང་བ་བཞི་པརྒྱུས་ཟིན་པའི་འོག་ཏུ་སླར་ཡང་མེའི་མེ་གོས་དཀར་མོ་རྒྱུ་བ་སོགས་རྟོགས་པའི་ཕྱིར་ཡིན་ནོ་ཞེ་ན། དཀྱིལ་འཁོར་ཆེ་བ་རེ་རེ་རྒྱུ་བའི་ཡུན་ཚད་མ་བསྟན་པར་འགྱུར་པས་མེ་འཐད་དོ། །གཞན་ཡང་རླུང་སྟོང་ཕྲག་བརྒྱད་པརྒྱ་རེས་སྣ་བུག་གཡས་གཡོན་དུ་འཕོ་བའི་འཕོ་བ་བཅུ་གཉིས་པོྱེད་ན། རླུང་བཞི་པོ་རེ་རེ་ལ་འཕོ་


JLD006_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསུམ་གསུམ་པྱེད་དགོས་ལ། དེའི་ཚེ་སྲོག་ཐུར་གྱི་སྟོང་པརྒྱད་པརྒྱ་བ་ཚན་པ་དྲུག་པོ་དེ་མཉམ་རྒྱུ་བྱ་རུ་དགོས་པས། ཞག་གཅིག་སྣ་བུག་གི་འཕོ་བ་དྲུག་ཏུ་འགྱུར་རོ། །དེས་ན་སྤྱིར་རླུང་གི་འཕོ་བ་འདི་ལ་རྩ་འདབ་གཅིག་ནས་གཅིག་ཏུ་འཕོ་བ་དང༌། རླུང་གཅིག་ནས་གཅིག་ཏུ་འཕོ་བ་དང༌། སྣ་བུག་གཅིག་ནས་གཅིག་ཏུ་འཕོ་བ་སྟེ་གསུམ་སྣང་ངོ༌། །དང་པོ་ནི་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་པརྒྱ་རྒྱུ་བ་ལ། ལྟེ་བའི་རྩ་འདབ་རེ་བཞི་ནས་ཅི་ཙམ་རེ་རྒྱུ་བའི་དབང་དུ་བྱས་ན་དབུགས་སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་རྩ་འདབ་གཅིག་ལ་བརྒྱུས་ཟིན་པའི་འོག་ཏུ་གཉིས་པ་སོགས་སུ་འཕོས་ནས་དེ་བཞོན་དུ་རྒྱུའོ། །དེའི་ཚེ་ལྟ་བའི་རྩ་འདབ་གཅིག་ལ་རྒྱུ་བ་དེ་ཉིས་འགྱུར་ཞིག་སྤྱི་བོའི་རྩ་འདབ་གཅིག་ལ་རྒྱུ། དེ་གཅིག་ལ་རྒྱུ་བའི་ཉིས་འགྱུར་མགྲིན་པའི་རྩ་འདབ་གཅིག་ལ་རྒྱུ། དེ་གཅིག་ལ་རྒྱུ་བའི་ཉིས་འགྱུར་སྙིང་གའི་རྩ་འདབ་གཅིག་ལ་རྒྱུ་བར་བཤད་དོ། །དེ་ལྟ་བུའི་རྩ་འདབ་གཅིག་ནས་གཅིག་ཏུ་འཕོས་ཀྱང་རླུང་གི་དཀྱིལ་འཁོར་ཆེ་ཆུང་བཞི་དང་སྣ་བུག་གཡས་གཡོན་གཅིག་ནས་གཅིག་ཏུ་འཕོས་པའི་ངེས་པ་མེད་དོ། །ལྟེ་བའི་འཁོག་ལོ་རིམ་པ་གསུམ་པ་ལ་རྩ་འདབ་བཅུ་གཉིས་ཡོད་པའི་རེ་རེ་ནས་འཕོས་ན་སྣ་སྒོ་གཡས་གཡོན་དུ་འཕོ་བ་དུས་འཁོར་ལས་གསུངས་སོ། །གཉིས་པ་ནི་དཔེར་ན་སྣ་བུག་གཡས་ནས་མེ་རླུང་རྒྱུ་བའི་ཚེ་ཐོག་མར་ཉིས་བརྒྱ་ཉེར་ལྔ་རྒྱུ་བ་ནི་མེའི་མེ་ཡིན་ལ། དེ་རྫོགས་པ་ན་མེའི་རླུང་དུ་འཕོ་སྟེ་གྲངས་སྔར་བཞིན་ནོ། །དེ་བཞིན་དུ་མེའི་ས་དང༌། དེ་ནས་མེའི་ཆུ་ལའང་གྲངས་དེ་ཙམ་རྒྱུ་བ་ནི། འབྱུང་བ་ཆུང་བའི་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་འཕོས་པ་


JLD006_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། མེ་རླུང་དགུ་པརྒྱ་པ་ཕྲག་གཅིག་རྫོགས་པ་ན་སྣ་བུག་གཡོན་པའི་རླུང་གི་དཀྱིལ་འཁོར་རྒྱུ་བ་ནི། །འབྱུང་བ་ཆེ་བའི་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་འཕོས་པ་སྟེ། འདི་ལ་དཀྱིལ་འཁོར་དང་སྣ་སྒོ་འཕོས་པ་དུས་མཉམ་དུ་འབྱུང་ངོ༌། །འདིའི་འབྱུང་བ་ཆུང་བ་འཕོ་མཚམས་ནི་རླུང་ཞེས་སོགས་སུ་སྦྱར་ཏེ་སྔར་དང་འདྲའོ། །དེ་ནས་སྣ་བུག་གཉིས་ཀ་ནས་ཐད་སོར་དྲག་ཏུ་རྒྱུ་བའི་རླུང་དགུ་པརྒྱ་པ་ཕྲག་གཅིག་རྒྱུ་བའི་དུས་སུ་སའི་ས་སྦྱན་མའི་རླུང་ཉིས་བརྒྱ་ཉེར་ལྔ་ཐོག་མར་རྒྱུ་བ་སོགས་ཀྱི་སྒོ་ནས་འབྱུང་ཆུང་གི་དཀྱིལ་འཁོར་འཕོས་མཚམས་སྔར་དང་འདྲ་ལ། དཀྱིལ་འཁོར་ཆེ་བ་དེ་རྫོགས་མ་ཐག་སྣ་གཉིས་ཀ་ནས་ཆུ་རླུང་དགུ་པརྒྱ་པ་ཕྲག་གཅིག་རྒྱུ་སྟེ་དཀྱིལ་འཁོར་ཆེ་བ་གཅིག་ནས་གཅིག་ཏུ་འཕོ་པའོ། །འདི་ལ་སྣ་བུག་འཕོ་བ“་མེད50་དེ་སྔ་མ་བཞིན་སྣ་བུག་གཉིས་ཀ་ནས་རྒྱུ་བའི་ཕྱིར་རོ། །འདུས་པའི་བཤད་རྒྱུད་རྣམས་ཀྱིས་དཀྱིལ་འཁོར་བཞི་པོ་འདི་རྒྱུན་གཅིག་ལ་རྒྱུ་བའི་ཡུན་ཚད་ཐུན་ཕྱེད་པར་འདྲ་བ་དང༌། དེ་ཡང་རླུང་འབྱུང་འཇུག་བརྒྱ་པ་རེར་འདྲ་བ་དང༌། དེ་འདྲ་བ་ཚན་པ་ཉེར་བཞིར་གསུངས་པས། རླུང་བཞི་པོ་རེ་རེ་ལ་དཀྱིལ་འཁོར་ཆེ་བ་དྲུག་དྲུག་ཆུང་བ་ཉེར་བཞི་རེ་ཡོད་དོ། །དེ་ལ་ནི་སྣ་བུག་གཡས་གཡོན་རེས་འཇོག་ཏུ་འཕོ་བ་བཅུ་གཉིས། གཉིས་ཀ་ནས་མཉམ་དུ་རྒྱུ་བ་བཅུ་གཉིས་སུ་འགྱུར་རོ། །འདི་ལ་འཕོ་བ་ཉེར་བཞི་ཞེས་པའི་ཐ་སྙད་བྱེད་ནའང་སྣ་བུག་གཡས་གཡོན་དང་དཀྱིལ་འཁོར་གྱི་འཕོ་བ་གཉིས་ཀའི་དབང་དུ་བྱའོ། །གསུམ་པ་ནི། རྒྱུད་རྡོར་ཕྲེང་དང་དགོངས་པ་ལུང་སྟོན་དང་གཉིས་མེད་རྣམ་རྒྱལ་གྱི་ལུགས་ཀྱིས། །རླུང་སྣ་བུག་གཡས་གཡོན་དུ་འཕོ་བ་བཅུ་གཉིས་ཡིན་ཏེ་གྱེན་རྒྱུ་དང་མཉམ་གནས་ཁོ་ནའི་དབང་དུ་


JLD006_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་རླུང་དགུ་པརྒྱ་རེ་བྱེད་དོ། །དུས་འཁོར་ལས། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་གཡས་ཀྱི་རྩ་འདབ་དྲུག་ལ་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་སྡུད་རིམ་གྱི་སྒོ་ནས་འཕོ་ཆེན་དྲུག །གཡོན་གྱི་རྩ་འདབ་དྲུག་ལ་ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་ཁམས་དྲུག་པསྐྱེད་རིམ་གྱི་སྒོ་ནས་འཕོ་ཆེན་དྲུག་སྟེ་སྣ་སྒོ་གཡས་གཡོན་དུ་འཕོ་བ་བཅུ་གཉིས་སོ། །དེ་རྣམས་རེ་རེ་ལའང་འབྱུང་བ་ཆུང་བའི་དབང་དུ་བྱས་པའི་འཕོ་ཆུང་རྣམས་ཀྱང་ཡོད་དེ་རླུང་གཅིག་ནས་གཅིག་ཏུ་འཕོ་བ་ཙམ་མོ། །དེའི་འཕོ་མཚམས་སུ་བཅུ་གཅིག་བཞི་ཆ་རེ་ཡོད་པ་བསྡོམས་པས་འཕོ་ཆེན་གྱི་མཚམས་སུ་ང་དྲུག་དང་བཞི་ཆ་རེ་ཡོད་ལ། དེ་བསྡོམས་པས་ཉིན་ཞག་གཅིག་ལ་དྲུག་པརྒྱ་དང་དོན་ལྔ་དབུ་མ་ནས་རྒྱུ་སྟེ་མཉམ་རྒྱུའོ། །འདི་ལ་མན་སྙེར། རྡོར་ཕྲེང་དང་དགོངས་པ་ལུང་སྟོན་དང་གཉིས་མེད་རྣམས་རྒྱལ་རྣམས་ཀྱིས་ཁམས་ཀྱི་དཀྱིལ་འཁོར་སོ་སོར་རྒྱུ་བ་ལ་ས་ཆུ་མེ་རླུང་གི་དཀྱིལ་འཁོར་མ་གཏོགས་པ་ནམ་མཁའི་རླུང་ལོགས་སུ་རྒྱུ་བར་བཤད་ཅིང༌། ནམ་མཁའི་རླུང་ཁྱབ་བྱེད་དེ་བཞི་ལ་ཁྱབ་པའི་ཚུལ་གྱིས་རྒྱུ་བ་ཙམ་ཡིན་པས། ནམ་མཁའི་རླུང་ལོགས་སུ་རྒྱུ་བར་གསུངས་པ་ནི་ཉི་མའི་ཤིང་རྟ་ལ་སོགས་པའི་མུ་སྟེགས་ངེས་དོན་ལ་གཞུག་པའི་ཐབས་སུ་ལྡེམ་པོའི་ངག་གིས་གསུང་བར་འཆད་ཅིང༌། དབུ་མ་ནས་རྒྱུ་བའི་རླུང་ཡང་དཀྱིལ་འཁོར་བཞི་ལས་ལོགས་པ་མེད་པར་འཆད་དོ། །འདུས་པའི་བཤད་རྒྱུད་གཉིས་སུ་གསུངས་པ་ནི་སྒྲ་ཇི་བཞིན་པའི་དོན་དུ་འཕགས་པ་ཡབ་སྲས་ཀྱིས་བཤད་ཅིང༌། དེའི་སྒྲ་ཇི་བཞིན་པ་དང་དུས་འཁོར་ནས་བཤད་པ་གཉིས་ཁུངས་ཅུང་མི་མཐུན་པར་ནི་སྣང་ངོ༌། །དེར་མ་ཟད་དེ་གཉིས་ཀ་ཀྱཻ་རྡོར་དང་སྡོམ་


JLD006_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལས་འཕོ་བ་བཅུ་དྲུག་ཏུ་བཤད་པའང་མི་མཐུན་པར་སྣང་སྟེ། དེའི་དོན་ནི་རྩ་འདབ་དང་རླུང་གི་འཕོ་བའང་མིན་པས་སྣ་སྒོའི་འཕོ་བ་ལ་བྱ་དགོས་པར་འདྲའོ། །གཉིས་པ་ནི། སྣ་གཡས་པ་ནས་རྒྱུ་བའི་རླུང་གི་ཁམས་ནི་པདྨའི་རིགས་ཀྱི་གཙོ་བོར་གྱུར་པའི་མགོན་པོ་འོད་དཔག་མེད་དེ་མེའི་དཀྱིལ་འཁོར་ཁ་དོག་དམར་ཞིང་གསལ་བའི་ངོ་བོ་ཉིད་དོ། །རླུང་གི་རླུང་དོན་གྲུབ་ཀྱི་ངོ་བོ་ནས་སྔོན་ལ་བཤད་པར་བྱ་བ་ཡིན་ཀྱང་འོད་དཔག་མེད་གསུང་རྡོ་རྗེ་ཡིན་ལ་རླུང་ཡང་ངག་ཡིན་པས་དེ་ནས་ཐོག་མར་བཤད་དེ་དེའང་དང་པོར་སྒོམ་པའི་དུས་སུ་དེ་ནས་བསྒོམ་པར་བྱ་བ་ཤེས་པའི་ཕྱིར་ཡིན་པར་རཏྣ་རཀྵི་ཏས་སོ། །འོན་ཀྱང་རྡོ་རྗེ་ཕྲེང་བའི་སྐབས་གཉིས་སུ་གཡོན་པ་དང་པོར་བཤད་ལ། དེ་འཆང་པའི་སྐབས་གཉིས་སུ་གཡས་པ་སྔོན་ལ་བཤད་ཅིང༌། སྤྱོད་བསྡུས་ལས་གཡོན་པ་ཐོག་མར་བཤད་པས་མ་ངེས་སོ། །འོན་ཀྱང་དགོངས་པ་ལུང་སྟོན་དུའང་མེ་རླུང་སྔོན་དུ་བཤད་ནས་དེ་འདྲ་བ་ཉེར་བཞི་རིམ་གྱིས་བྱུང་བས་ཉི་ཁྲི་ཆིག་སྟོང་དྲུག་པརྒྱ་རྒྱུ་བར་བཤད་པས་ཉིན་ཞག་གཅིག་གི་ཐོག་མ་མེ་རླུང་ནས་རྒྱུ་ཞིང༌། ཐ་མ་ཆུ་རླུང་གིས་སྡུད་པ་ཡིན་ནོ། སྣ་གཡོན་པ་ནས་འབྱུང་བའི་རླུང་གི་ཁམས་ནི་ལས་ཀྱི་རིགས་ཀྱི་མགོན་པོ་སྟེ་གཙོ་བོ་དོན་ཡོད་གྲུབ་པའི་རྒྱུ་བ་ཡིན་ཏེ། མིང་རླུང་གི་དཀྱིལ་འཁོར་ཞེས་བྱ་བ་མདོག་ལྗང་སེར་དུ་སྣང་བའི་ངོ་བོ་ཉིད་འོད་ཟེར་ནག་པོ་ཅན་ནོ། །རྡོ་རྗེ་ཕྲེང་བའི་འགྲེལ་པར་ཁམས་ཞེས་པ་རྣམས་ལ་འོད་ཅེས་འབྱུང་ལ། སྔ་མ་མཉམ་གནས་དང་གཉིས་པ་གྱེན་རྒྱུར་འཆད་པ་ནི། རྒྱུད་དེ་ཉིད་ལས། སྟོད་དུ་རྒྱུ་བ་ལྐོག་མར་གནས། །འོད་དཔག་མེད་ཀྱི་རང་བཞིན་ནོ། །མཉམ་གནས་ལྟེ་བའི་པདྨར་གནས། །འོད་དཔག་མེད་ཀྱི་རང་བཞིན་ནོ། །མཉམ་གནས་ལྟེ་བའི་པདྨར་གནས། །དོན་ཡོད་གྲུབ་པའི་རང་བཞིན་


JLD006_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། ཞེས་གསུངས་པ་དང༌། སྤྱོད་བསྡུས་ལས་ཀྱང་དེ་བཞིན་དུ་བཤད་པ་དང་འགལ་ལོ། །སྣའི་བུ་ག་གཉིས་ཀ་ནས་འབྱུང་བའི་རླུང་གི་ཁམས་ནི་རིན་ཆེན་གྱི་རིགས་ཀྱི་མགོན་པོ་རིན་ཆེན་འབྱུང་ལྡན་གྱི་རྒྱུ་བ་ཡིན་ཏེ། དབང་ཆེན་གྱི་སྟེ་སའི་དཀྱིལ་འཁོར་གསེར་གྱི་མདོག་ཏུ་སྣང་བའི་འོད་ཟེར་སེར་པོའི་ངོ་བོ་ཉིད་དོ། །དལ་ཞིང་རྒྱུ་བ་མེད་པ་སྟེ་རྒྱུ་བ་བུལ་བའི་རླུང་གི་ཁམས་ནི་རྡོ་རྗེའི་རིགས་ཀྱི་མགོན་པོ་མི་བསྐྱོད་པའི་རྒྱུ་བ་སྟེ་གསལ་བའི་རང་བཞིན་ཆུའི་དཀྱིལ་འཁོར་བའི་ཤེལ་ལྟར་སྣང་བའི་འོད་ཟེར་དཀར་པོའི་ངོ་བོ་ཉིད་དོ། །སྤྱོད་བསྡུས་ལས། སྐད་ཅིག་ཆུ་བོའི་དཀྱིལ་འཁོར་ཏེ། ཞེས་བསྒྱུར་བ་ནི་དེའི་བཤད་པ་ལྟར་ན་གསལ་བ་ཞེས་པར་འོང་རྒྱུ་ཡིན་གྱི་སྐད་ཅིག་གི་དོན་མེད་དོ། །མན་སྙེར་བསྒྱུར་བ་ལ་དང་པོ་གསུམ་གྱི་ཁམས་ཞེས་པ་ལ་འོད་ཅེས་འབྱུང་ལ། བཞི་པ་ལ། དལ་ཞིང་དམན་པར་རབ་རྒྱུ་བ། ཞེས་བསྒྱུར་ཏེ་ལེགས་སོ། །རིམ་ལྔ་དང་སྤྱོད་བསྡུས་ལས། དམ་ཞིང་རྒྱུ་བ་མེད་པའི་ཁམས། ཞེས་དང༌། རྒྱུད་ཉིད་ལས། དལ་ཞིང་རྒྱུ་བ་ཆུ་ཡི་ཁམས། ཞེས་བསྒྱུར་བ་དང༌། ཆག་གིས། དྲང་ཞིང་དལ་བར་རྒྱུ་བའི་ཁམས། ཞེས་བསྒྱུར་བ་རྣམས་མི་ལེགས་སོ། །མན་སྙེར་གཉིས་པ་ལ། ལྗང་སྔོན་དུ་ནི་རབ་སྣང་བ། ཞེས་བསྒྱུར་བ་ཡང་ལེགས་སོ། །ལཀྵྨཱིས་སྲོག་རླུང་ནག་པོར་བཤད་པ་ནི་རྒྱུད་འདི་དང་མི་མཐུན་ནོ། །ལུས་ཀུན་ལ་གནས་པའི་དོན་ལཀྵྨཱིས་ལུས་ཀྱི་རྩའི་ཚོགས་ཕྲ་མོ་ཀུན་ལ་གནས་པ་ལ་བཤད། རྡོར་ཕྲེང་འགྲེལ་པར་ལུས་ཀྱི་ཕྲ་བའི་རྒྱུས་པའི་ཚོགས་ལ་གནས་པ་ལ་བཤད་ཀྱང༌། སྤྱོད་


JLD006_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་སུ་ལུས་ཀྱི་ཚིགས་ཀུན་ལ་གནས་པ་ལ་བཤད་པ་ཉིད་རྒྱུད་དེ་ལས་ཀྱང་གསུངས་སོ། །རླུང་དེ་ནི་བྱ་བ་བྱེད་ཡིན་ལ་བྱ་བ་ཀུན་ལ་འཇུག་པ་སོགས་ནི་ལཀྵྨཱིས་རླུང་གཞན་ཐམས་ཅད་ཀྱི་འཇུག་ལྡང་གནས་པ་ལ་སོགས་པའི་འཇུག་པ་ལ་གཞིར་གྱུར་པ། བཅུད་ཀྱི་སྤྱོད་ལམ་བཞི་ལ་སྣོད་ཀྱི་འཇིག་རྟེན་ལྟ་བུའོ། །དེའི་ཕྱིར་སའི་ཁམས་གཟུགས་ཕུང་གི་རྣམ་པར་དག་པ་རྣམ་སྣང་གི་ངོ་བོར་གསུངས་ཏེ། གཟུགས་ཕུང་གི་ཚོར་བ་ལ་སོགས་པའི་གཞིར་གྱུར་པའི་ཕྱིར་རོ། །རླུང་དེ་ལ་རྟག་ཏུ་བྱ་བ་མེད་པས་འཆི་བའི་ལུས་ལས་འབྱུང་བ་ཁོ་ན་ལས་ཡིན་ནོ་ཞེས་འཆད་དོ། །བྱ་བ་ཀུན་ལ་འཇུག་པ་ནི་སྔར་ལྟར་རམ་ཡང་ན་སྤྱོད་ལམ་གནས་པ་སོགས་ལ་འཇུག་པ་མ་གཏོགས་རྡོར་ཕྲེང་འགྲེལ་པ་ཡང་སྔར་དང་འདྲའོ། །འོན་ཀྱང་རྒྱུད་ཉིད་ལས། ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་ལ་སོགས། །ཚིགས་རྣམས་ཀུན་ཏུ་ཁྱབ་པའི་ཕྱིར། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། ཅེས་གསུངས་པ་ལྟར་ནི་བྱ་བ་ཀུན་ལ་འཇུག་པའོ། །རླུང་འདི་སྔར་བཤད་པའི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ། མི་འབྱུང་ཞིང་ཁྱབ་པའི་འོད་ཟེར་ཅན་ནི་རྣམ་སྣང་སྟེ། ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ་ཞེས་སྤྱོད་བསྡུས་ལས་གསུངས་སོ། །སྤྱོད་བསྡུས་ལས། ཁམས་ཀུན་ཡང་དག་འབྱུང་བ་ནི། ཞེས་པ་ལ་རྒྱུད་ལས། ཁམས་ཀུན་ལས་ནི་ཡང་དག་འབྱུང་། ཞེས་བསྒྱུར་བ་ལྟར་འགྲེལ་པས་ཀྱང་མེ་ལ་སོགས་པའི་ཁམས་བཞི་ལ་བརྟེན་ནས་འབྱུང་བ་ལ་བཤད་དོ། །རྟེན་དང་བརྟེན་པར་བཟུང་བ་ནི་ཞེས་པ་ལ་རྟེན་དང་བརྟེན་པའི་འཛིན་པ་སྟེ། ཞེས་བཏོན་ནས་རྟེན་ལ་བརྟེན་པའི་རླུང་བཞི་པོ་འཛིན་པའི་ཁྱབ་བྱེད་


JLD006_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཤད་དོ། །འཆི་བ་ཞེས་པའི་དོན་རྟག་ཏུ་དེའི་ལས་མེད་པས་འཆི་བའི་དུས་སུ་ཕྱིར་འབྱུང་བ་ཉིད་དེའི་བྱ་བའོ་ཞེས་འཆད་དོ། །དེ་ལྟར་འཆི་བའི་དུས་སུ་ཕྱིར་མི་འབྱུང་བ་ནི་མི་འབྱུང་ཞིང་ཞེས་པའི་དོན་དུ་སྣང་བས་ཁམས་བཞི་ལ་ཁྱབ་པ་ནི་དེ་རྣམས་སྣ་སྒོར་རྒྱུ་བའི་ཚེ་ཁྱབ་པའི་ཚུལ་གྱིས་རྒྱུ་བ་མིན་གྱི་ནང་ན་གནས་པའི་ཁམས་བཞི་ལ་ཁྱབ་པའོ། །སྤྱོད་བསྡུས་ལས། རླུང་བཅུ་པོ་འབྱུང་བ་དང་བརྡུབས་པར་འགྱུར་ཞེས་པ་དང་མི་འགལ་ཏེ། འཆི་བའི་དུས་སུ་འབྱུང་རྡུབ་ཏུ་འགྱུར་པ་ལ་དགོངས་པའི་ཕྱིར་རོ། །དེས་ན་མན་སྙེར་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ལ་རྩ་སོ་གཉིས་ཀྱིས་བགོས་པའི་ཚེ། བདུད་བྲལ་མའི་ཐོབ་སྐལ་ལ་རླུང་བདུན་པྱུང་ཞིང་ལྷག་མ་རླུང་གཅིག་ཡོད་པ་དེའི་ཕྱེད་ཀྱང་དེར་རྒྱུ་ལ། ཞག་གཅིག་ལ་དེ་འདྲ་གོ་དྲུག་ཡོད་པ་བསྡོམས་པས་རླུང་བདུན་པརྒྱ་དང་ཉི་ཤུ་བདུད་བྲལ་མ་ནས་རྒྱུ་བ་ནི་འཆི་རླུང་ཁྱབ་བྱེད་ཀྱི་རླུང་དུ་བཤད་པ་ནི་འཐད་པར་མ་མཐོང་ངོ༌། །རྩ་གསུམ་པོ་གང་ནས་དཀྱིལ་འཁོར་བཞིའི་རླུང་རྒྱུ་བ་བཤད་རྒྱུད་རྣམས་ནས་གསལ་བར་མེད་ཀྱང་སྲོག་ཐུར་གཉིས་རོ་རྐྱང་གཉིས་ལ་རྒྱུ་བར་མངོན་ཏེ། རྒྱུད་རྡོར་ཕྲེང་ལས། སྟེང་འོག་ཡང་དག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །དེ་གཉིས་ཁོ་ན་རྟོག་བཅས་པའི། །རླུང་གཉིས་སུ་ནི་གསལ་བར་གསུངས། །སྐུ་དང་གསུང་གི་སྙིང་བོ་གཉིས། །ལ་ལ་ན་དང་ར་ས་ན། ཞེས་དང༌། རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ ། རྣམ་རྟོག་མེད་པའི་རླུང་ཆེན་པོ། །སྐུ་གསུང་རྡོ་རྗེ་བཅད་ནས་ནི། །རྣམ་རྟོག་མེད་པ་བདེ་བ་སྟེར། ཞེས་སྲོག་ཐུར་སྟེང་འོང་གི་


JLD006_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལ་བརྟེན་ནས་རྒྱུ་བ་ནི་རྟོག་པའི་རླུང་དང་སྐུ་དང་གསུང་གི་རླུང་བཅད་པ་ན་རྣམ་རྟོག་གི་རླུང་གཅོད་པ་དང༌། དེ་གཉིས་ཀྱང་རོ་རྐྱང་གི་རླུང་ལ་གསུངས་པས་སྲོག་ཐུར་གཉིས་དེ་གཉིས་ནས་རྒྱུ་བར་ཤེས་སོ། །འགྲེལ་པས་ཀྱང་རྩ་གཉིས་ཀྱི་རྒྱུ་བ་སྲོག་དང་ཐུར་སེལ་གྱི་བདག་ཉིད་ཅན་ཞེས་བཤད་དོ། །རྒྱུ་ཚུལ་ནི་དེ་གཉིས་རེ་རེ་རྒྱུ་བའི་ཚེ་ཡང་རོ་རྐྱང་གཉིས་ཀ་ནས་རྒྱུ་བར་མངོན་ཏེ། སྣ་བུག་གཉིས་ཀ་ནས་རྒྱུ་བར་བཤད་པའི་ཕྱིར་རོ། །ཨ་བ་དྷཱུ་ཏཱིའི་རྩ་མདུད་སྙིང་ག་ན་གནས་པ་བཅད་པའི་རྗེས་སུ་རྩ་དེའི་ནང་ཁོ་ནར་གནས་པར་བཤད་ཅིང༌། ལེའུ་དྲུག་པར་སྙིང་གའི་རྩ་མདུད་ཀྱིས་བསྡམས་པས་དོའི་ཐད་དུ་སྲོག་རླུང་འོག་དང་ཐུར་སེལ་སྟེང་དུ་འགྲོ་མི་ནུས་པར་གསུངས་པས། སྙིང་གའི་འཁོར་ལོའི་དབུས་ཀྱི་དབུ་མ་ནས་དེ་གཉིས་འགྲོ་འོང་བྱེད་པ་ནི་འཆི་བའི་སྐབས་དང་རྡོར་བཟླས་ཀྱིས་རྩ་མདུད་དེ་བཀྲོལ་བ་མ་གཏོགས་པར་བྱ་མི་ནུས་སོ། །གྱེན་རྒྱུ་དང་མཉམ་གནས་ནི་རོ་རྐྱང་རེ་རེ་བ་ལ་རིམ་པ་བཞིན་དུ་རྒྱུ་བར་མངོན་ནོ། །སྲོག་འཛིན་ཕྲ་བ་སྙིང་གའི་རྩ་མདུད་ཀྱི་ནང་ན་གནས་ཀྱང་སྲོག་འཛིན་ད་ལྟ་འགྲོ་འོང་བྱེད་པ་ནི་སྙིང་གའི་རྩ་མདུད་ཀྱི་གོང་ན་གནས་ཤིང་ཐུར་སེལ་སྙིང་གའི་རྩ་མདུད་མན་ཆད་ཀྱི་རྩ་ལ་གནས་པ་ལ་དགོངས་ནས། སྟེང་འོག་བརྟེན་ནས་རྒྱུ་ཞེས་གསུངས་ཀྱི་སྲོག་སྟེང་དུ་བརྒྱུས་ནས་འོག་ཏུ་མི་རྒྱུ་བ་དང་ཐུར་སེལ་ཐུར་དུ་བརྒྱུས་ནས་སྟེང་དུ་མི་རྒྱུ་བ་མིན་ནོ། །སྣ་རྩེ་གསུམ་གཏན་ལ་དབབ་པའི་ལེའུའི་འགྲེལ་པ་ལས། སྣའི་སྒོ་ལས་བྱུང་བ་ཞེས་པ་གཉིས་ཡོད་པའི་དང་པོ་སྟེང་གི་སྣ་སྒོ་ལ་འཆད་པ་ནི་སྤྱོད་བསྡུས་མ་ངེས་པར་སྣང་ལ། གཡས་པ་ནས་འབྱུང་བའི་ཁམས་ཞེས་སོགས་ཀྱི་ཁམས་རྣམས་རླུང་ལ་འཆད་པ་དང༌། སྣ་གཡས་པ་ནས་བྱུང་བ་གྱེན་རྒྱུ་དང་གཡོན་པ་ནས་འབྱུང་


JLD006_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཉམ་གནས་ལ་འཆད་པ་ནི་སྤྱིར་ལེགས་ཀྱང་ལེའུ་བཅུ་གཉིས་པའི་རང་གི་བཤད་པ་དང་མི་མཐུན་ནོ། །དལ་ཞིང་རྒྱུ་བ་མེད་པའི་དོན་སྟེང་དུ་རྒྱུ་བ་མེད་པ་ལ་འཆད་པ་ཡང་སྤྱོད་བསྡུས་མ་ངེས་པའོ། །སྤྱོད་བསྡུས་ལས་ཁམས་ཀྱི་དཀྱིལ་འཁོར་རེ་རེ་ཡང་འོད་ཟེར་ལྔ་པ་ཅན་དུ་གསུངས་ལ་དཀྱིལ་འཁོར་གཅིག་ཀྱང་ཁམས་བཞི་ལ་ཁྱབ་པར་གསུངས་ལ། །བོད་ཁ་ཅིག་གཡས་པ་ནས་འབྱུང་ཞེས་སོགས་སྣ་བུག་གཅིག་གི་གཡས་གཡོན་སོགས་ཡིན་ཞེས་པ་སྤྱོད་བསྡུས་དང་འགལ་བས་མི་འཐད་ཀྱང༌། ལཀྵྨཱི་དང་ཨ་ལམ་ཀ་ཀ་ལ་ཤས་སྣ་བུག་རེ་རེའི་འབྱུང་བ་བཞིའི་རླུང་ཡང་དེའི་གཡས་དང་གཡོན་དང་དབུས་ནས་རྒྱུ་བར་བཤད་པ་ལེགས་སོ། །འདུས་པའི་བཤད་རྒྱུད་རྣམས་ནས་སྟེང་འོག་ལ་སོགས་པའི་རྒྱུ་ཚུལ་མི་གསལ་བ་དང༌། སཾ་བྷུ་ཊ་ལས་མེ་གྱེན་དང་རླུང་གསེགས་དང་ས་དྲང་པོར་དང་ཆུ་འོག་ཏུ་རྒྱུ་བར་བཤད་དོ། །དེ་ལྟ་ན་འཕགས་པས་ནི་རྡོར་ཕྲེང་གི་ལེའུ་བཅུ་གཉིས་པ་ནས་དྲངས་ལ། འཕགས་པ་ལྷས་ནི་སྣ་རྩེ་གསུམ་གཏན་ལ་དབབ་པའི་ལེའུ་ནས་དྲངས་ཏེ་དོན་འདྲའོ། །གསུམ་པ་ནི། སྔར་བཤད་པ་ལྟར་རླུང་གི་དེ་ཁོ་ན་ཉིད་གསལ་བར་བཤད་པ་འདི་ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་ཡིན་ཏེ། རླུང་ལྔ་དེ་བཞིན་གཤེགས་པ་ལྔ་དང་སྦྱར་བ་ལས་དཔགས་ཏེ་ཤེས་བར་བྱའོ། །བཞི་པ་ནི། དེ་འདྲ་བའི་རླུང་གི་རྣལ་འབྱོར་འདི་ནི་རྩ་རླུང་གི་དེ་ཁོ་ན་ཉིད་སྟོན་པའི་ལུང་དང་བྲལ་བའི་རྟོག་གེ་པ་ཡིས་མི་ཤེས་སོ། །དེར་མ་ཟད་རྣལ་འབྱོར་བ་བྱིས་པ་སྟེ་ལས་དང་པོ་པ་བསྐྱེད་རིམ་པའི་ཡང་སྤྱོད་ཡུལ་མིན་ནོ། །འདིས་བསྐྱེད་རིམ་པས་ཐོས་བསམ་གྱི་སྒོ་ནས་མི་ཤེས་པར་སྟོན་པ་མ་ཡིན་གྱི་ཇི་སྲིད་དུ་བསྐྱེད་པའི་རིམ་པ་མཐར་ཕྱིན་ནས་


JLD006_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་རིམ་པ་ལ་ཞུགས་པ་དེ་སྲིད་དུ་རྣལ་འབྱོར་འདི་མཚན་ཉིད་ཚང་བར་རྒྱུད་ལ་མི་སྐྱེ་བའི་དོན་ཏོ། །དེ་ལྟར་རྒྱུད་འདིས་རྩ་རྒྱུད་ཀྱི་དོན་གསལ་བར་འཆད་པར་མ་ཟད་ལྷ་མོ་བཞིས་ཞུས་ལས་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་བཤད་པ་དང༌། རྒྱུད་ཕྱི་མ་ལས་ཡེ་ཤེས་ལྔ་དང་འབྱུང་བ་ལྔའི་ངོ་བོ་ཉིད་ཅེས་སོ་སོར་མ་ཕྱེད་པར་སྤྱིར་གསུངས་པ་རྣམས་སོ་སོར་ལེགས་པར་ཕྱེ་ནས་འཆད་པས་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་རླུང་འོད་ཟེར་ལྔ་པ་བསྒོམ་ཚུལ་གསལ་བར་སྟོན་ནོ། །གཞན་ཡང་རྒྱུད་ཕྱི་མ་ལས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམ་པ་མདོ་ཙམ་དུ་བཤད་པ་ཡང་རྒྱུད་འདིའི་ཐིག་ལེ་གསུམ་དང་སྣ་རྩེ་གསུམ་གྱི་ལེའུ་ནས་གསལ་བར་སྟོན་ལ། ཁྱད་པར་སྙིང་གའི་མི་ཤིགས་པའི་ཐིག་ལེར་རླུང་རྣམས་སྡུད་ལུགས་ནི་རྒྱུད་ཉིད་ཀྱི་སྐབས་དུ་མ་ཞིག་ནས་རྩ་ལ་དུ་བཏོན་ནས་འཆད་པས་རྡོ་རྗེ་བཟླས་པའི་གནད་མཐའ་དག་པར་ཤེས་འདོད་ན་བཤད་པའི་རྒྱུད་འདིའི་རྗེས་སུ་འབྲངས་ནས་བླ་མའི་ཞལ་ལས་ཤེས་པར་གྱིས་ཤིག །རླུང་གི་དེ་ཁོ་ན་ཉིད་བཤད་ཟིན་ཏོ། །གཉིས་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། རླུང་གི་དེ་ཉིད་བཤད་ཟིན་ནས་སྔགས་ཀྱི་དེ་ཉིད་འཆད་པ་སྐབས་སུ་བབས་པས། ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་མདོར་བསྟན་པ་སྟེ་མི་གསལ་བའི་ཚིག་འདུས་པའི་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། དེ་ཡང་ལེའུ་བཅུ་པ་ལས་གསུངས་སོ་ཞེས་སྦྱར་རོ། །གང་ན་སྔགས་བསྡུས་པ་ༀ་ཨཱཿ ཧཱུཾ་ཞེས་པ་འདི་གསུངས་སོ། །འདི་གསུམ་སྔགས་ཀུན་འདུས་པར་འགྲོ་ཚུལ་ནི། སྦྱོད་བསྡུས་ལས། དེ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་མི་ཤིགས་པ་ལས་


JLD006_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཡི་གེ་གསུམ་སྟེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་གི་ངོ་བོ་ཉིད་མན་ངག་ཇི་ལྟར་ཐོབ་པས་ཡི་གེ་གསུམ་ལ་རབ་ཏུ་འཇུག་གོ །དེས་ན་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོའོ། ཞེས་སྦྲུལ་ལ་སོགས་པའི་སྔགས་ཐམས་ཅད་ནི། བུད་མེད་དང་སྐྱེས་པ་དང་མ་ནིང་གི་གོ་བོ་ཉིད་ཀྱིས་ཡི་གེ་གསུམ་ལ་འཇུག་པ་ནི་སྔགས་རྣམས་བསྡུས་པའི་དོན་ཏོ། །མན་ངག་ཇི་ལྟར་ཐོས་པས་ཞེས་པ་ནི་སྔགས་རྣམས་དེ་གསུམ་ལ་འཇུག་པའི་ཚུལ་གྱི་མན་ངག་ཇི་ལྟ་བ་བཞིན་དུ་ཐོབ་པ་སྟེ་ཤེས་པས་དེར་སྡུད་ཅེས་པའོ། །དེའང་སྤྱོད་བསྡུས་ལས། ཨཱ་ལི་ཀཱ་ལི་རྣམས་ཀྱིས་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱིས་ཡི་གེ་གསུམ་པསྐྱེད་ལ། ཞེས་འབྱུང་བ་ཙམ་མ་གཏོགས་པ་འཕགས་པ་དང་འཕགས་པ་ལྷ་དང་ཀླུ་བྱང་དང་ཤཱཀྱ་བཤེས་གཉེས་དང་ཟླ་བ་གྲགས་པ་ལྔ་པོ་གང་གི་གཞུང་དུའང་དབྱངས་གསལ་གྱི་སྔགས་ཀྱིས་བུད་མེད་ལ་སོགས་པའི་ཚུལ་གྱིས་ཡི་གེ་གསུམ་པསྐྱེད་ལུགས་གསལ་བར་མ་བྱུང་ངོ༌། །འདི་ལ་ཁ་ཆེའི་མཁས་པ་ལཀྵྨཱིས་བུད་མེད་ལ་སོགས་པའི་རྟགས་སྒྲ་པ་ལ་སོགས་པས་བྱས་པ་ནི་རྟགས་འཁྲུལ་བ་ཅན་སླུ་བ་ཡིན་པས་དེ་འདིར་མི་འཛིན་པས། འདིར་ནི་ཁྱབ་པར་བྱ་བ་ལ་ཐབས་དང་ཁྱབ་པར་བྱེད་པ་ལ་ཤེས་རབ་ཏུ་འཇོག་པ་ལས་གཞན་པའི་སྐྱེས་པ་དང་བུད་མེད་ཀྱི་རྟགས་མེད་དོ། །དེའི་ཕྱིར་ཆོས་ཉིད་ནི་ཁྱབ་པར་བྱེད་པས་ཤེས་རབ་དང༌། ཆོས་ཅན་ནི་ཁྱབ་པར་བྱ་བས་ཐབས་ཡིན་གྱི། ཐབས་ཀྱིས་ཤེས་རབ་ལ་ཁྱབ་པར་བྱེད་པ་མ་ཡིན་ཏེ། ཐབས་དེ་ནི་ཤེས་རབ་དེས་བཙལ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཨཱ་ལི་ནི་ཀཱ་ལི་ལ་ཁྱབ་པར་བྱེད་པས་ཤེས་


JLD006_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ངོ་བོ་ཡིན་པས་བུད་མེད་ཅེས་བྱ་ལ། ཀཱ་ལི་ནི་ཁྱབ་པར་བྱ་བས་ཐབས་ཀྱི་ངོ་བོ་ཡིན་པས་སྐྱེས་པ་ཞེས་བྱ་ཞིང༌། ཡ་ར་ལ་ཝ་བཞི་ནི་སྣོད་ཀྱི་རང་བཞིན་ཏེ། དེའི་ཕྱིར་བུད་མེད་དང་སྐྱེས་པ་གཉིས་གང་ཡང་མིན་པས་མ་ནིང་ཞེས་བྱའོ། །དེ་ལ་ཨ་ནས་བརྩམས་ཏེ་ཚེག་དྲག་གི་བར་དུ་བསྡུས་ན་གནས་པའི་དབྱངས་ཀུན་བསྡུས་པ་ཡིན་པས་ཨ་ནི་བུད་མེད་དོ། །ཀ་ནས་བརྩམས་ནས་ཧའི་བར་དུ་གོ་ལྡོག་པའི་རིམ་པས་བསྡུས་ན་ཧཱུཾ་ནི་སྐྱེས་པའོ། །ཡ་ར་ལ་ཝའི་ཐ་མ་ཡི་གེ་ཨ་དང་མཚམས་སྦྱར་ཞིང་དེ་རྣམས་ཀྱང་སྣ་ལས་འབྱུང་བའི་ཕྱིར། རྗེས་སུ་འབྱུང་བའི་དབྱངས་ལ་ༀ་ཞེས་པ་ནི་མ་ནིང་ངོ༌། ཞེས་དབྱངས་གསལ་གྱི་སྔགས་རྣམས་ཀྱིས་སྐྱེས་པ་བུད་མེད་མ་ནིང་གི་ཚུལ་གྱིས་ཡི་གེ་གསུམ་པསྐྱེད་ཚུལ་དེ་ལྟར་འཆད་དོ། །ཡི་གེ་གསུམ་པོ་དེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྣམ་སྣང་གསུང་འོད་དཔག་མེད་ཐུགས་མེ་བསྐྱོད་པ་གསུམ་གྱི་གསང་བ་སྟེ་སྙིང་བོ་ཡིན་ལ། དེས་སྔགས་ཏེ་ལྷ་ཐམས་ཅད་ཀྱི་སྙིང་བོ་སྟེ་ཐུགས་ཀུན་ཏུ་བསྐུལ་བ་སྟེ་སད་པར་བྱེད་ཅིང་དགོངས་པར་བྱེད་དོ། །མཆོག་ཏུ་གསང་བ་ནི་སྣོང་མིན་ལའོ། །གང་གིས་གསུངས་ན། རྡོ་རྗེ་འཆང་ཉིད་ཀྱི་ཚིག་གི་ལམ་སྟེ་ཞལ་ནས་ངེས་པར་བརྗོད་པ་སྟེ་གསུངས་སོ། །ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཞེས་པ་ནི་སྐུ་དང་ཐུགས་ལས་ཀྱང་གསང་བའི་གསུང་གིས་སོ་ཞེས་ལཀྵྨཱིས་འཆད་དོ། །འོན་ཀྱང་ཞལ་ནས་གསུངས་པ་དེ་ཉིད་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བ་ཡིན་པས་མི་འགལ་ཏེ། སྤྱོད་བསྡུས་ལས། དེ་ལ་སྐུ་རྡོ་རྗེར་གྱུར་ནས་རྐན་དང་མཆུ་སྦྱར་བ་དང་ལྕེའི་ཚོགས་པར་གྱུར་པ་ལས་གསུང་རྡོ་རྗེ་ལ་འཇུག་པར་འགྱུར་རོ། །ཐུགས་རྡོ་རྗེ་ནི་དེ་ལ་སྐུལ་བར་བྱེད་པ་ཡིན་ཏེ།


JLD006_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་བཞིན་ནོ། །རྡོ་རྗེའི་ཚིག་འདིས་རིམ་པ་གཉིས་ཀྱི་རྣལ་འབྱོར་བས་སྐུ་གསུང་ཐུགས་ཀྱི་སྙིང་བོ་གསུམ་གྱིས་རྒྱལ་བ་རྣམས་ཀྱི་ཐུགས་སྐུལ་བར་བྱེད་པ་གཉིས་གསུངས་པའི་ཕྱི་མ་འདིར་འཆད་པའོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་སྔགས་ཀྱི་དེ་ཉིད་ནི་དོན་ཞེས་པ་རྐང་པ་བཞིའོ། །དེ་ལ་དོན་ནི་རླུང་གསུམ་མོ། །རྟོགས་པ་ནི་དེ་ཡི་གེ་གསུམ་དུ་རྟོགས་པའོ། །བཟླས་པ་ནི་དེ་གཉིས་དབྱེར་མེད་དུ་བགྲང་བ་སྟེ་དེ་ནི་རྡོ་རྗེའི་བཟླས་པར་བཤད་དོ། །དེ་ཡང་དུས་ཡི་གེ་གསུམ་དང་སངས་རྒྱས་ལྔའི་ངོ་བོར་བཤད་པའི་རླུང་ལྔ་དབྱེར་མི་ཕྱེད་པར་བརྟགས་པ་དང་རླུང་སྔགས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པ་བཟང་བོ་ཡིས་བཟླས་པའོ། །སངས་རྒྱས་ཀྱིས་ཞེས་པའི་དོན་ནི་སངས་རྒྱས་སུ་ཞེས་པའོ། ལཀྵྨཱིས་རླུང་གསུམ་གྱི་དོན་རྟོགས་ནས་སྔགས་དང་རླུང་དང་ལྷ་ལ་སོགས་པ་གཉིས་སུ་མེད་པར་བྱེད་པའི་རང་བཞིན་དུ་དུས་གསུམ་གྱི་སངས་རྒྱས་ཀྱིས་བརྟགས་པ་སྟེ་ཡོངས་སུ་ཤེས་པའི་བཟླས་པ་ནི་རྡོ་རྗེའི་བཟླས་པར་བཤད་ལ། རྟེན་འབྱུང་ཡིན་པས་གང་ཟག་དང་ཆོས་ཀྱི་བདག་གི་ངོ་བོ་ཉིད་མེད་པའི་རང་བཞིན་ཡིན་པས་དེའི་སྒོ་ནས་བཟླས་པ་ཞི་བ་སོགས་ཀྱི་ལས་བསྒྲུགས་པས་བཟང་བོའི་ཞེས་འཆད་དོ། །རྩ་རྒྱུད་ཀྱི་ལེའུ་བདུན་པ་ལས་ཀྱང་གསུངས་པ་ནི། སློང་མོ་ཞེས་པ་བཞིའོ། །བིཀྵ་ཞེས་པ་སློང་མོ་ཡིན་ལ་དེ་ལ་བི་ན་ནི་ཐ་དད་དང༌། ཨཀྵ་ར་ཞེས་པ་ཡི་གེ་སྟེ། ཡི་གེ་དང་རླུང་ཐ་དད་དུ་ཟློ་བ་ནི་སློང་མོ་ཟ་བའོ། །དེ་ལྟ་བུ་དེ་མི་བྱེད་པ་ནི་སློང་མོ་ཟ་ཞིང་མི་ཟླ་ཞེས་པ་གཉིས་ཀྱི་དོན་ནོ། །དེ་ནས་གཉིས་ཀྱི་དོན་ནི་ཐ་མི་དད་དུ་ཟློ་བའི་ཚེའང་འདོད་ཡོན་གྱི་རང་བཞིན་ཤེས་པས་ལོངས་


JLD006_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ཅིང༌། སྔགས་རྡོ་རྗེ་བཟླས་པའི་ཡན་ལག་ལྷའི་རྣལ་འབྱོར་མ་ཉམས་པར་བྱས་ལ་བཟླ་ཞེས་པའོ། །དེ་ལྟར་ལྟ་ཐམས་ཅད་ཀྱི་ཐུགས་བསྐུལ་བའི་ཡི་གེ་གསུམ་གྱི་བཟླས་པ་དང་། ངོ་བོ་ཉིད་མེད་བཟང་བོ་ཡིས་དུས་གསུམ་སངས་རྒྱས་ཀྱིས་བརྟགས་པའི་དོན་རྟོགས་པའི་བཟླས་པ་ནི་རྡོ་རྗེའི་བཟླས་པར་བཤད་པ་དང་། བསླང་བ་ལ་ཆགས་པ་དང་སློང་མོའི་ཟས་ཟ་ཞིང་ཟློ་བ་མི་བྱ་ཞེས་གསུངས་པ་རྣམས་ཀྱི་ངེས་དོན་གྱི་སྔགས་ཀྱི་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་བཤད་བྱར་བཀོད་པའོ། །གཉིས་པ་ལ་བཞི། དགོངས་པ་ལུང་སྟོན་གྱིས་ངེས་པར་བསྟན་ཞིང་སོ་སོར་ངེས་པར་བསྟན་པ། རྒྱུད་ཕྱི་མས་ནང་གི་དུས་གསལ་བར་བྱེད་པ། སླར་ཡང་དགོངས་པ་ལུང་སྟོན་གྱིས་ཕྲ་མོའི་རྣལ་འབྱོར་གསལ་བར་བྱས་པ། གཉིས་མེད་རྣམ་རྒྱལ་གྱིས་ཀྱང་སྔགས་ཀྱི་དེ་ཉིད་བཤད་པའི་ཚུལ་ལོ། །གཉིས་པ་ནི། དེ་བ་ཞེས་པ་ནས་མ་ཉམས་བཟླས་ཞེས་བྱ་བའི་མདོར་བསྟན་པའི་ཚིག་བཞིའི་དོན་བཤད་རྒྱུད་རྣམས་ཀྱིས་རིམ་པ་བཞིན་འཆད་ལ། ཐོག་མར་རྩ་རྒྱུད་ཀྱི་དོན་མདོ་ཙམ་དུ་བསྟན་པའི་ངེས་པར་བསྟན་པ་དང་། དེ་ནས་དེ་རྣམས་ཞིབ་ཏུ་ཕྱེ་ནས་བསྟན་པའི་སོ་སོར་ངེས་པར་བསྟན་པ་ནི། འདུས་པའི་བཤད་རྒྱུད་རྩ་རྒྱུད་ཀྱི་དགོངས་པ་གསལ་བར་འཆད་པས་དེའི་དོན་ལུང་སྟོན་པ་ཞེས་བྱ་བ་དེར་གསུངས་པ་དེ་ལ་འཇུག་པར་བྱ་སྟེ་ཞེས་མཚམས་སྦྱར་རོ། །འདི་ལ་གཉིས། སྡུད་པ་པོས་ཞུས་པ་དང༌། སྟོན་པ་པོས་དེའི་ལན་བསྟན་པའོ། །དང་པོ་ལ་གཉིས། ཞུ་བ་དངོས་དང༌། ཞུ་དགོངས་པའི་རྒྱུ་མཚན་ནོ། །དང་པོ་ནི། དེས་ན་སླར་ཡང་གསལ་ལོ་ཞེས་སྦྱར་རོ། །གང་ལ་ན་དཔལ་ལྡན་རྣམ་པར་སྣང་མཛད་ཆེན་པོ་ཁྱབ་བདག་རྡོ་རྗེ་འཆང་ལ་ནིའོ། །གང་གིས་ན་ཕྱག་ན་རྡོ་


JLD006_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སོ། །ཅི་ཞིག་གསོལ་ན། སེམས་ཅན་ཐམས་ཅད་བསྐྱེད་པ་པོར་གྱུར་པའི་སྣ་ཚོགས་པའི་གཟུགས་ཅན་ཏེ་རྣམ་པ་ཅན་གྱི་སེམས་འདི་ནི་བསྟན་དུ་གསོལ་ཞེས་སྦྱར་བའོ། །སེམས་ཇི་འདྲ་ཞེ་ན། རང་བཞིན་གྱིས་གྲུབ་པ་མེད་ཀྱང་དེ་ལ་བརྟེན་པ་ལས་སྲིད་པ་ཞེས་བྱ་བའི་འཁོར་བ་སྐྱེ་བའོ། །འགྱུར་རྙིང་ལས། དེ་བས་དངོས་པོ་མེད་ཀྱང་གྱུར། །དངོས་པོ་དག་ཏུ་རབ་ཏུ་གྲགས། ཞེས་འབྱུང་ལ། དེ་དག་གི་དོན་ནི་ལཀྵྨཱིས། རྐང་པ་སྔ་མ་གཉིས་ཀྱིས་སེམས་སྣ་ཚོགས་པའི་གཟུགས་སུ་འབྱུང་བར་བསྟན་པས་རྣམ་པ་དང་བཅས་པའི་སེམས་ཙམ་པའི་ལུགས་བསྟན་ནས་རྐང་པ་གསུམ་པས་སེམས་ལ་རྣམ་པར་ཤེས་པའི་དངོས་པོ་སྟེ་རང་བཞིན་མེད་དེ་ཕྱི་རོལ་གྱི་དོན་མེད་པས་རྣམ་པ་རྣམས་བརྫུན་པར་གྲུབ་ལ་དེ་དང་ཐ་མི་དད་པ་དེ་བས་ནའོ། ཞེས་ལུགས་སྔ་མ་སེལ་བར་བྱེད་དོ། །རིག་པར་བྱེད་པས་ན་སེམས་སོ་ཞེས་གསུངས་པའང་ཀུན་རྫོབ་པའི་དངོས་པོ་དག་ཏུ་གྲགས་པ་ཡིན་གྱི་དོན་དམ་པར་མིན་ནོ། །དེས་ནི་རང་བཞིན་མེད་པ་ཁོ་ནའི་གྲུབ་མཐའ་བཞག་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནམ་མཁའ་དང་མཉམ་པ་འོད་གསལ་བའི་རང་བཞིན་ལེགས་པར་བསྟན་དུ་གསོལ། ཇི་མཛད་ནས་ཤེ་ན་རྗེས་སུ་མྱོང་མཛད་པ་སྟེ་སྟོན་པ་ཉིད་ཀྱིས་མངོན་སུམ་དུ་མཛད་ནས་བསྟན་དུ་གསོལ་ལོ། །ཅིའི་དོན་དུ་ན། འགྲོ་བའི་དོན་ནི་མཛད་པ་སྟེ་མ་འོངས་པའི་སེམས་ཅན་གྱི་དོན་དུའོ་ཞེས་འཆད་དོ། །སེམས་འདི་ནི་བསྟན་དུ་གསོལ་ཞེས་ཞུ་བའི་དོན་ནི་ནམ་མཁའ་དང་མཉམ་པ་སྟེ་འདྲ་བའི་གསལ་གྱི་བྱང་ཆུབ་ཀྱི་སེམས་ལེགས་པར་ཏེ་ཕྱིན་ཅི་མ་ལོག་པར་རྗེས་སུ་མྱོང་བར་


JLD006_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ཐབས་གང་ཡིན་པ་དེ་སྟོན་ཅིག་ཅེས་པའི་དོན་ཏོ། །གང་གིས་ན་འགྲོ་བའི་དོན་ནི་མཛད་པ་པོས་སོ། །གང་ལ་སྐྱེ་བོ་མཆོག་ལ་སྟེ་རིན་པོ་ཆེ་ལྟ་བུའི་གང་ཟག་ལའོ། །རང་བཞིན་མེད་ཀྱང་དེ་ལས་སྲིད་པ་སྐྱེ་ཞེས་པ་ནི་དེ་མི་འགལ་བའི་ཚུལ་འདྲི་བ་ཡིན་གྱི་རང་བཞིན་མེད་ཀྱང་བྱ་བྱེད་མི་འགལ་བའི་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཐབས་འདྲི་བར་འདོད་ནས་དེ་སྐད་སྨྲས་པའོ། །གཉིས་པ་ནི། དེ་འདྲ་བ་དེ་དྲི་དགོས་པའི་རྒྱུ་མཚན་ནི་མ་འོངས་པ་ན་རིམ་པ་དང་པོའི་སྒྲུབ་ཐབས་ཀྱི་ཆོ་ག་ཙམ་ཞིག་ནི་ཤེས་ནས་རྒྱུད་ཀྱི་ངེས་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས། འདི་ལྟར་བདག་ནི་རྡོ་རྗེ་སློབ་དཔོན་ནོ། །བདག་གིས་ཇི་སྐད་བསྟན་པའི་ཆོས་འདི་ཉིད་ཡིན་གྱི་འདི་ལས་གཞན་ནི་མིན་ནོ་ཞེས་སློབ་མ་ལ་སྨྲས་ནས་དེ་ཁོ་ན་ཉིད་རྟོགས་སུ་མི་འཇུག་པས་བྱིས་པ་རྣམས་འཇིག་པ་སྟེ་ཉམས་པར་བྱེད་དོ། །དེས་ནི་དགོངས་པས་བཤད་པའི་བྱད་ཆུབ་ཀྱི་སེམས་འོད་གསལ་མངོན་དུ་འགྱུར་པའི་ཐབས་ནི་དོན་ཇི་ལྟ་བ་བཞིན་དུ་མི་རྟོགས་པའི་ཚུལ་ནི། སྤྱོད་བསྡུས་ལས། སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་གང་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་ལས་སྔགས་ཙམ་གསུངས་ཀྱི་སྔགས་བཏུ་བ་ནི་མ་བསྟན་ནོ། །བཤད་པའི་རྒྱུད་ལས་ནི། སྔགས་བཏུ་བ་དང༌། སྔགས་ཀྱི་བརྡ་དང་། སྔགས་ཀྱི་དོན་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་བདེན་པ་ཁོ་ནར་གསུངས་སོ། །དེས་ན་བཤད་པའི་རྒྱུད་མ་རྟོགས་ཤིང་ཕྱི་རོལ་གྱི་གསང་སྔགས་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཤེས་པར་མི་འགྱུར་ཏེ། ཞེས་དགོངས་པ་ལུང་སྟོན་གྱིས་བཤད་པ་ལྟར་མ་རྟོགས་ན། བཟླས་པར་བྱ་བའི་སྔགས་ཐམས་ཅད་ངག་དང་ཡིད་ཀྱིས་ཟློ་

ཤོག་ལྷེབ་ ༣༠༡ ནས་ ༣༦༣ བར།


JLD006_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱི་རོལ་གྱི་སྔགས་སུ་འཛིན་པ་ལ་གསུངས་སོ། །དེ་ལྟར་ན་སེམས་ཅན་བསྐྱེད་པའི་རྒྱུ་སེམས་བསྟན་དུ་གསོལ་ཞེས་པ་དེ། འཇིག་རྟེན་ཐམས་ཅད་གང་གི་རྣམ་འཕྲུལ་དུ་སོང་བའི་རླུང་དང་སེམས་གཉིས་དབྱེར་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་རྡོར་བཟླས་སུ་འགྲོ་བའི་ཚུལ་བཤད་དུ་གསོལ་ཞེས་པར་འགྱུར་ཏེ། ཟ་ཧོར་གྱི་མཁས་པ་བཙུམ་མོ་ཅན་དང་མཐུན་ནོ། །དེ་ལྟར་སྤྱོར་ན་བྱང་ཆུབ་སེམས་ནི་མཁའ་མཉམ་པ། ཞེས་པ་གཉིས་སྟོན་པའི་བསྟོད་པར་སྦྱར་རོ། །གཉིས་པ་ལ་གསུམ། ལན་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུས་ཏེ་རྡོར་བཟླས་སུ་འགྲོ་ཚུལ་བསྟན་པའོ། །དང་པོ་ནི། གསང་བདག་གིས་ཞུས་པའི་རྗེས་དེ་ནས། བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཐུབ་པ་ཆེན་པོས་ཞུས་པ་ལེགས་སོ། ཞེས་ལན་གསུམ་དུ་གསུང་བར་མཛད་ནས་ཕྱག་ན་རྡོ་རྗེ་ལ་འཆད་པ་འདི་གསུངས་སོ། །རྣམ་པར་མི་རྟོག་པའི་དོན་ནི་རླུང་སེམས་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་རབ་ཏུ་ཕྱེ་ནས་བཤད་པར་བྱའོ། །དེའང་གང་ན་སོ་སོར་བརྗོད་པ་དང༌། དམིགས་པ་ཞེས་པ་དང༌། བརྡ་དང་དོན་དམ་པའོ། །དེ་ལ་སོ་སོར་བརྗོད་པ་མི་ཐམས་ཅད་ཀྱི་ངག་ལ་ཐུམ་མོང་དུ་ཡོད་པའི་ཨཱ་ལི་ཀཱ་ལི་སྔགས་བཏུ་བའི་གཞིར་གྱུར་པའོ། །སྤྱོད་བསྡུས་ལས། སྔགས་བཏུ་བ་དང་ཞེས་གསུངས་པ་དེ་འདི་ལ་བྱ་དགོས་པས་ལཀྵྨཱིས་དེ་ལྟར་བཤད་པ་ལེགས་སོ། །འདི་ལ་འགྱུར་ཁ་ཅིག་ལས་ཚིག་གིས་བརྗོད་པ་ཞེས་འབྱུང་ངོ༌། །དམིགས་པར་བཤད་པ་རྣམ་སྣང་ལ་སོགས་པའི་སངས་རྒྱས་ཏེ་རྗོད་བྱེད་ཀྱི་སྒོ་ནས་བརྗོད་བྱའི་དོན་གང་དམིགས་པར་འགྱུར་པ་དེ་དམིགས་


JLD006_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། ཡི་གེ་གསུམ་ལ་སོགས་པ་རྡོ་རྗེ་གསུམ་ལ་སོགས་པའི་ལྷ་རྟོགས་པར་བྱེད་པས་དེ་ནི་སྔགས་ཀྱི་དོན་དུ་ལཀྵྨཱིས་འཆད་དེ། སྤྱོད་བསྡུས་ལས། སྔགས་ཀྱི་དོན་ཞེས་གསུངས་པ་དེ་འདི་ལ་བྱ་དགོས་ཤིང་དེ་དང་མཐུན་པས་ལེགས་སོ། །བརྡ་ནི་སྔགས་ཀྱི་བརྡའང་མིང་དེ་ཉིད་དུ་བཤད་ཅེས་སྔགས་ཀྱི་མིང་སྦྲུལ་ལ་སོགས་པའོ། །སྔགས་ཀྱི་དོན་དམ་པ་སྟེ་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་དོ། །གཉིས་པ་ལ་གཉིས། སྔགས་ཀྱི་རྩ་བ་ཨ་ཐུང་གི་ཆེ་བ་དང༌། སྔགས་བཞིབཤད་པའོ། །དང་པོ་ནི། དབྱངས་གསལ་ཐམས་ཅད་བསྐྱེད་པའམ་ཡང་ན་དེ་ལས་སྔ་བའི་དང་པོ་མེད་པས་དང་པོའང་ཡིན་ལ། ཡི་གེ་ཐམས་ཅད་ཨ་ལ་ཞུགས་པས་གཅིག་ཀྱང་ཡིན་པས་ན། དང་པོ་གཅིག་སྟེ་ཨ་ཐུང་ངོ༌། །དགུ་ནི་དབྱངས་ལ་རིང་ཐུང་གི་ཡི་གེ་བརྒྱད་ཚན་གཉིས་སུ་ཕྱེ་བ་དང༌། གསལ་བྱེད་ལ་ཀ་ཙ་ཊ་ཏ་བའི་སྟེ་ཚན་ལྔ་དང༌། མཐར་གནས་ཀྱི་སྡེ་ཚན་ཡ་སྡེ་དང༌། དྲོད་ཀྱི་ཡི་གེ་ཤའི་སྡེ་ཚན་ནོ། །དེའི་དབུས་ན་གནས་པ་ནི་ཨ་ཐུང་སྟེ་དེ་མེད་ན་དེ་རྣམས་ལ་སྲོག་མེད་པས་བརྗོད་མི་ནུས་པའི་ཕྱིར་རོ། །གང་ཞིག་སྡེ་ཚན་དགུ་དང་ཨ་ཡིག་སྟེ་བཅུ་ཡིས་མ་བཅིངས་པའི་ཨ་ཡིག་གིས་མཚོན་པའི་འོད་གསལ་དེ་ནི་འཁོར་བའི་བག་ཆགས་ཀྱིས་བཅིངས་པ་མེད་པ་ཞེས་བྱ་སྟེ། དེ་ཤེས་པའི་རྣལ་འབྱོར་བ་དེ་ཡིས་ནི་མཆོག་གི་གནས་དབྱངས་དང་པོའི་རང་བཞིན་གྱིས་བཏུ་པའི་ངག་གིས་སྤྲོས་པ་ཤེས་པ་དང༌། ཡང་མཆོག་གི་གནས་མི་འཇིག་པ་དང་མི་འགྱུར་པ་ཤེས་སོ། །དེ་ཉིད་རྒྱས་པར་འཆད་པ་ནི་དབྱངས་ཞེས་སོགས་ཏེ་དབྱངས་ནི་བཅུ་དྲུག་དང༌། གསལ་བྱའམ་གསལ་བྱེད་ནི་ཀ་ནས་ཧའི་བར་ཡང་ཡི་གེ་ནི་ཡ་ར་ལ་ཝ་སྟེ་མ་ནིང་གི་ཡི་གེ་༽


JLD006_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའོ། །གྲངས་དགུའི་རྗེས་སུ་འཇུག་པ་ནི་སྔར་བཤད་པ་ལྟར་རོ། །དེ་རྣམས་ཕན་ཚུན་དུ་སྦྱོར་བ་རྣམས་ཨས་བཅིངས་པའི་རང་བཞིན་དུ་གང་གིས་ཤེས་པ་དེ་ནི་འགྲོ་བའི་བླ་མ་སྟེ་སློབ་དཔོན་དུ་འགྱུར་རོ། ཞེས་ལཀྵྨཱིས་བཤད་དོ། །བདག་གིས་ནི་འདི་ལྟར་མཐོང་སྟེ་དབྱངས་བཅུ་དྲུག་གི་དང་པོའང་ཡིན་ལ་ཡི་གེ་གཅིག་ཀྱང་ཡིན་པས་ན་དང་པོ་གཅིག་ནི་ཨ་ཐུང་ངོ༌། །དེ་ནི་དགུའི་དབུས་ན་གནས་པ་དང་བཅུ་ཡིས་མ་བཅིངས་པ་ནི་སྔར་བཞིན་ཏེ། ཡི་གེ་དེས་ཡི་གེ་གཞན་ཐམས་ཅད་འཆིང་ཞིང་ཁོ་ཉིད་རང་གཞན་གང་གིས་ཀྱང་མ་བཅིངས་ཞེས་པའོ། །ཨ་ཐུང་དགུའི་དབུས་ན་གནས་ཞེས་པའི་དགུ་འཆད་པ་ནི། དབྱངས་དང་ཞེས་པ་ནས་གྲངས་དགུ་ཞེས་པའོ། །དགུའི་དབུས་ན་གནས་པ་འཆད་པ་ནི་རྗེས་སུ་འཇུག་པ་ཞེས་པའོ། །དབྱངས་གསལ་དང་ཡི་གེ་སོ་སོར་བྱེད་མི་དགོས་སོ། །ཡི་གེ་དང་ཡི་གེ་རང་གཞན་གང་གིས་ཀྱང་མ་བཅིངས་པ་ནི་སྔར་བཤད་ལ། དེས་གཞན་རྣམས་འཆིང་བ་ནི་ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར་ཞེས་པས་འཆད་དེ། དབྱངས་གསལ་རྣམས་ཕན་ཚུན་སྦྱར་ཏེ་ཚོགས་ནས་བསྟན་བཅོས་ཆེན་པོའི་བར་དུ་གྲུབ་པ་ཐམས་ཅད་ཨ་ཡིས་བཅིངས་ཞེས་པའི་དོན་ཡིན་པས་ཁ་ཅིག་གིས་ཕན་ཚུན་སྦྱོར་བས་མ་བཅིངས་པ་ཞེས་བསྒྱུར་བ་ནི་ཨ་ཐུང་དགག་ཚིག་ཏུ་བྱས་པའི་འཁྲུལ་བ་ཡིན་ནོ། །དེ་ཤེས་པ་ནི་མཆོག་གི་གནས། ཞེས་པ་ནི། གང་གིས་ཤེས་ཏེ་འགྲོ་བའི་བླ་མ། ཞེས་པས་འཆད་དེ། དེ་འདྲའི་ཨ་ཐུང་གིས་ཤེས་པ་དེ་ནི་མཆོག་གི་གནས་ཞེས་པའམ་བླ་མ་སྟེ་གོང་མའི་གནས་ཞེས་པའི་དོན་ནོ། །གལ་ཏེ་འདིར་ཨ་ཐུང་ངག་


JLD006_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཐམས་ཅད་ཀྱི་སྲོག་ཏུ་ཞུགས་ནས་གཞན་འཆིང་ཞིང་ཁོའི་སྲོག་ཏུ་ཡི་གེ་གཞན་འཇུག་མི་དགོས་པ་ཤེས་པ་ལ་དེ་འདྲ་བའི་བསྔགས་པ་བྱེད་པ་མི་རིགས་ཏེ། དེ་ཙམ་ནི་བྱ་ཀ་ར་ཎ་པ་རྣམས་ཀྱིས་ཀྱང་ཤེས་པས་ཕྱི་རོལ་པ་དང་ཐུན་མོང་བའི་ཤེས་བྱ་དམན་པ་ཡིན་པའི་ཕྱིར་རོ། །གཞན་ཡང་འདིར་སྔགས་བཏུ་བ་སོགས་ཐམས་ཅད་ནང་ལ་སྦྱར་ནས་སྔགས་ཀྱི་དེ་ཁོ་ན་ཉིད་འཆད་པའི་སྐབས་སུ་ཕྱི་རོལ་གྱི་རྣམ་གཞག་འདི་འདྲ་འཆད་པར་མི་རིགས་ཏེ། བཟླས་བྱའི་སྔགས་རྣམས་ཕྱི་རོལ་གྱི་སྔགས་ཙམ་དུ་འཛིན་པ་ལྡོག་པའི་སྐབས་ཡིན་པའི་ཕྱིར་རོ་ཞེ་ན། རྟོག་པ་དང་ལྡན་པ་ལ་འདི་འདྲའི་དོགས་པ་སྐྱེ་བ་ལེགས་པས་དེའི་ལན་བཤད་པར་བྱའོ། །འདིར་བཤད་རྒྱུད་ལས་ཨ་ཐུང་སྔགས་ཀུན་གྱི་རྩ་བར་བཤད་པ་ཙམ་ཞིག་འཕགས་པས་དྲངས་ཀྱི་དེའི་བཤད་པ་མ་མཛད་དོ། །འཕགས་པ་ལྷས་དང་པོ་གཅིག་ནི་ཞེས་སོགས་དྲངས་པ་ལ་གཞན་ལ་ཚིག་འགྲེལ་མ་མཛད་པར། ཐུང་ངུ་མ་ལུས་ངག་ཏུ་འགྱུར། ཞེས་པའི་དོན་དྲིས་ལན་གྱིས་རྒྱ་ཆེར་གཏན་ལ་ཕབ་སྟེ། དེ་ནི་ཨ་ཐུང་གི་གནས་མཐར་ཐུག་པ་སྟོན་པས་དེ་ཤེས་དགོས་སོ། །དེ་ཡང་སྤྱོད་བསྡུས་ལས། འདི་ནས་གསུང་རབ་འཆད་པ་དག་ནི་བྱཱ་ཀ་ར་ཎའི་ཚིག་སྔོན་དུ་བྱས་ནས་སྒྲའི་དོན་ཙམ་འབའ་ཞིག་གི་རྗེས་སུ་འབྲངས་ཀྱི། ཡང་ཡི་གེས་བརྗོད་པ་གང་དུ་གང་གི་ཕྱིར་ཇི་ལྟར་རབ་ཏུ་འཇུག་པ་ཤེས་པ་ནི་མ་ཡིན་ནོ། །ཡི་གེའི་དེ་ཁོ་ན་ཉིད་ཇི་ལྟ་བ་ཉིད་ནི་མི་ཤེས་ཏེ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །བསྟན་པའི་རིམ་གྱིས་དེ་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་ཡིས། ཉོན་ཅིག་ཅེས་ཐུང་ངུ་མ་ལུས་པའི་ངག་ཏུ་འགྱུར་པའི་འགྱུར་ཚུལ་དྲིས་པའི་ལན་དུ་


JLD006_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ལ་གསུང་རབ་འཆད་པ་ནི། བཤད་རྒྱུད་ཀྱིས་བཤད་པ་ལྟར་དུ་ཨ་ཐུང་གི་དེ་ཁོ་ན་ཉིད་ཁུང་དུ་མ་ཆུད་པའི་རང་སྡེ་ཐམས་ཅད་ཡིན་ཏེ། རྣལ་འབྱོར་བླ་མེད་ལ་ཞུགས་ཀྱང་བཤད་རྒྱུད་ཀྱི་དགོངས་པའི་དོན་མི་ཤེས་པ་རྣམས་ཀྱིས་ཀྱང་འདིའི་དོན་མི་ཤེས་པར་གསུངས་ན་དེ་ལས་འོག་མའི་གསུང་རབ་འཆད་པ་རྣམས་ཀྱིས་ལྟ་ཅི་སྨོས་པའི་ཕྱིར་རོ། །དེ་དག་གིས་ཇི་ཙམ་ཞིག་ཤེས་ལ་ཇི་ཞིག་མི་ཤེས་སྙམ་ན། སྒྲའི་གཞུང་ལ་བརྟེན་ནས་དབྱངས་གསལ་དང་ཨ་ཐུང་གི་སྒྲའི་དོན་ཙམ་འགའ་ཞིག་ཤེས་ཀྱི། ཡི་གེ་ཨ་ཐུང་གི་དེ་ཁོ་ན་ཉིད་ཇི་བཞིན་དུ་མི་ཤེས་སོ། །དེ་ཡང་ཨ་ཐུང་གི་ཡི་གེ་བརྗོད་པའི་དོན་ཡི་གེ་གང་དུ་འཇུག་པ་སོགས་མི་ཤེས་པའོ། །མི་ཤེས་པའི་རྒྱུ་མཚན་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་འོག་མ་པ་རྣམས་ལ་སྤས་པའི་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་གཞན་གྱིས་མི་ཤིས་པ་ཤེས་པར་བྱ་བའི་ཕྱིར་འོག་ནས་འཆད་པའི་རིམ་གྱིས་ཡི་གེའི་དེ་ཁོ་ན་ཉིད་དེ་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་སོ། །འོག་ནས་བཤད་པའི་རིམ་པ་ནི། མ་ལུས་ངག་ཅེས་པའི་ངག་གམ་སྒྲ་ནི་དབྱངས་གསལ་གྱི་ཡི་གེ་ཞེ་དགུའོ། །དེ་མ་ལུས་པ་ནི་དབྱངས་གསལ་ཐམས་ཅད་བསྡུས་པ་དང་སོ་སོ་བ་མཐའ་དག་དང་དེ་གཉིས་སོ་སོ་ཡི་གེ་དང་ཐིག་ལེ་དང་ཚེག་དྲག་དང༌། ཀུན་ཕན་དང་སྐད་ཀྱི་དབྱིངས་དང་རྣམ་དབྱེ་དང་རྐྱེན་ལ་སོགས་པ་ནས་བཤད་པའི་མཐར་ཐུག་པའོ། །དེ་དག་ནི་བྱཱ་ཀ་ར་ཎ་ཞེས་པའི་མིང་གི་བརྡས་བཤད་པས་ཤེས་སོ། །དེ་བས་ན་ཚིག་དང་ངག་ནས་བསྟན་བཅོས་ཆེན་པོའི་བར་དུ་གྲུབ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྫོགས་པར་བྱེད་དོ། །ལང་ཀར་གཤེགས་པ་ལས།


JLD006_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་ལ་བརྟེན་ནས་མུན་ཁུང་དུ་ནོར་བལྟ་བ་བཞིན་དུ་ཚིག་གི་རྣམ་པར་རྟོག་པའི་མར་མེད་ཀྱང་རྣམ་རྟོག་དང་བྲལ་བའི་སོ་སོ་རང་གིས་རིག་པའི་ཡུལ་ལ་འཇུག་པར་གསུངས་སོ། །དེ་ལྟ་བུའི་ངག་ཚིག་ཏུ་གཏོགས་པའི་ཡི་གེ་རྣམས་ཀྱི་དོན་སོ་སོར་རྣམ་པར་ཤེས་པ་ནི་ཨ་ཐུང་གི་ཡི་གེའི་མཐུ་ཡིན་ཏེ། དེ་དང་མི་ལྡན་ན་ཀ་ལ་སོགས་པ་རྣམས་ཚིག་ཏུ་མི་འགྱུར་པའི་ཕྱིར་ཏེ། མཐའ་ཅན་ཡིན་པའི་ཕྱིར་རོ། །འདི་ལ་ཆག་གིས། ཧ་མཐའ་ཡིན་པའི་ཕྱིར་རོ། ཞེས་བསྒྱུར་རོ། །དེ་དག་གིས་ནི་ཨ་ཐུང་ངག་མ་ལུས་པའི་ཁོང་ན་གནས་པ་བཤད་པ་དང་པོ་གཅིག་ནི་དགུ་དབུས་ན་ཞེས་སོགས་རྐང་པ་བརྒྱད་ཀྱི་དངོས་ཟིན་གྱི་དོན་བཤད་ལ་དེའང་སྒྲ་པ་ཐུན་མོང་བའི་ཤེས་བྱར་བསྟན་ནོ། །དེ་ནས་ཨ་ཐུང་གི་དེ་ཁོ་ན་ཉིད་འཆད་པ་ལ། མཚན་བརྗོད་ལས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་པའི་རྐང་པ་དྲུག་དང༌། བསམ་གཏན་མ་ལུས་པའི་སྒོའི་ས་བོན་གྱི་ཚིག །ཡི་གེ་ཨ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་དང༌། ཨ་དེ་ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པར་ཡང་གསུངས་ཏེ་ཞེས་པའི་ཤེས་བྱེད་དུ། །རྡོ་རྗེ་དཀྱིལ་འཁོར་རྒྱན་ཞེས་བྱ་བའི་རྒྱུད་ལས། སྙིང་གི་དབུས་ན་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། ཞེས་པས་ཨ་གསལ་བར་སྟོན་པར་གསུངས་ཤིང༌། དེ་ནས་ལང་གཤེགས་ལས། བྱང་ཆུབ་སེམས་དཔའ་དོན་ལ་རྟོན་དགོས་ཀྱི་ཚིག་ལ་རྟོན་པར་མི་བྱའོ། །ཚིག་ལ་རྟོན་ན་ནི་རང་གཞན་གཉིས་ཀ་དོན་དམ་ལས་ཉམས་པར་བྱེད་དོ། །ལ་ལས་སོར་མོའི་རྩེ་མོས་གཞན་ལ་དོན་གཅིག་སྟོན་པ་ན་དེས་མཚོན་པར་བྱ་བའི་དོན་ལ་མི་ལྟ་


JLD006_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཚོན་བྱེད་སོར་མོའི་རྩེ་མོ་ཁོ་ན་ལ་བལྟ་བ་བཞིན་དུ་སྒྲ་ཇི་བཞིན་པར་ཞེན་པའང་དེ་དང་འདྲ་བས་དོན་འདོད་པས་དེ་སྤང་བར་བྱའོ། ཞེས་པ་དྲངས་སོ། །ལུང་དེ་འདིར་སྦྱོར་ཚུལ་ནི་ཨ་ཐུང་ངག་མ་ལུས་པའི་ཁོང་དུ་ཞུགས་པ་ཙམ་ཤེས་པར་བྱེད་ཀྱི་ཨའི་དེ་ཁོ་ན་ཉིད་མི་འཚོལ་བ་ནི་སྔར་གྱི་དཔེ་དེ་དང་འདྲ་བས་ཡི་གེ་དེའི་དེ་ཉིད་བཙལ་བར་བྱའོ། །དེའི་དོན་གང་ཡིན་ན། འདིར་སྔགས་ཀྱི་རྩ་བར་གསུངས་པའི་ཨ་ཐུང་ནི་སྙིང་གའི་འཁོར་ལོའི་དབུས་ཨ་བ་དྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ཐིག་ལེའོ། །དེའང་མི་འགྱུར་པ་དང་མཆོག་དང་ཕྲ་བས་ཨ་ནི་གཙོ་བོ་དམ་པའོ། །ཨ་ནི་དབྱངས་གསལ་གྱི་ཡིག་འབྲུ་ཀུན་གྱི་མཆོག་དང་དོན་ཆེན་པོ་ཅན་དུ་གསུངས་པའང་དེ་ལ་ཟེར་ལ། ཡི་གེ་དམ་པ་ཡིན་ཤེས་པའང་མི་འགྱུར་པ་དང་མཆོག་གི་དོན་ཡིན་ཏེ། ཡི་གེའི་སྐད་དོད་ཨ་ཀྵ་ར་ནི་འགྱུར་མེད་དང༌། དམ་པའི་སྐད་དོད་པ་ར་མ་ནི་དམ་པ་དང་མཆོག་གཉིས་ཀ་ལ་འཇུག་པའི་ཕྱིར་རོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། ཅེས་པ་ལ་ཆག་གིས། སྲོག་ཆེན་པོ་ནི་ཡེ་གེ་མེད། ཅེས་བསྒྱུར་བས་མི་ཤིགས་པའི་ཐིག་ལེའི་རླུང་ནི་སྲོག་གི་རླུང་མཆོག་ཡིན་པ་དང་ཡི་གེ་མེད་པ་ནི་ཡིག་འབྲུའི་རྣམ་པར་མེད་པའོ། །ཚིག་ཏུ་བརྗོད་པ་སྤངས་པའང་ངག་གང་གི་རྣམ་པར་རྟོག་པའི་ཡུལ་མིན་པའོ། །བརྗོད་པ་ཀུན་གྱི་རྒྱུ་དང་ཚིག་ཀུན་གསལ་བར་བྱེད་པ་ནི་དེ་རླུང་རྣམས་ཀྱི་རྩ་བའི་རྒྱུ་ཡིན་པས་དེ་ལ་བརྟེན་ནས་འབྱུང་བའི་རླུང་གིས་ངག་ཚིག་བསྐྱེད་པའི་ཕྱིར་རོ། །ཨ་ནི་མ་སྐྱེས་ཞེས་པའི་དོན་ནི་འོད་གསལ་གྱི་དོན་ཨའི་དོན་དུ་སྟོན་པ་ཡིན་ལ་དེ་ཡང་སྙིང་གའི་མི་ཤིགས་པའི་ཨ་ཡིག་གི་དོན་མངོན་དུ་གྱུར་ན་དེ་ཁོ་ན་ཉིད་ཀྱི་རྟོགས་པ་ལ་བཤད་ཀྱི། སྤྱིར་སྐྱེ་མེད་


JLD006_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཙམ་ཞིག་སྟོན་པ་མིན་ཏེ། དེ་ཙམ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཐུན་མོང་བ་ཡན་པས། དེ་ཤེས་པ་བཤད་རྒྱུད་ལ་རག་ལས་པ་མི་འཐད་པའི་ཕྱིར་རོ། །དེས་ན་ཨ་ཞེས་བྱ་བ་ནི་ཞེས་དྲངས་པའང་རྒྱུད་རྣམས་ནས་འབྱུང་བ་དྲངས་པ་ཡིན་གྱི་མདོ་ནས་འབྱུང་བ་མིན་ནོ། །དེའི་ཕྱིར་ཨ་ཡིག་གི་དེ་ཁོ་ན་ཉིད་ཀྱི་དོན་རྣལ་འབྱོར་བླ་མེད་ལ་ཞུགས་པ་མ་གཏོགས་པས་མི་ཤེས་པར་བཤད་པ་དང་མི་འགལ་ལོ། །དེ་ལྟར་སྔགས་ཀྱི་རྩ་བ་ཨ་ཐུང་མི་ཤིགས་པའི་ཐིག་ལེ་ལ་བཤད་པའི་གནད་ཀྱིས་དབྱངས་གསལ་གྱི་ཡི་གེའི་སྔགས་རྣམས་ཀྱང་ཕྱིའི་ཡི་གེ་མིན་གྱི་རླུང་ལ་བྱའོ། །དེ་ལྟར་ན་ངག་གི་སྤྲོས་པ་སྐྱེད་པའི་རླུང་རྣམས་གང་དུ་འཇུག་པའི་གནས་ནི་མི་ཤིགས་པའི་ཡིན་པར་ཤེས་ཏེ། སྤྱོད་བསྡུས་ལས། རླུང་གི་དེ་ཉིད་སྟོན་པའི་སྐབས་སུ་རླུང་བཅུ་པོ་མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་གསུངས་པའི་ཕྱིར་དང༌། ཡི་གེ་གསུམ་གྱི་བྱ་བ་སྟོན་པའི་སྐབས་སུའང་དེ་ལྟར་ལུས་ལ་གནས་པའི་གནས་སྐབས་སུ་ཐམས་ཅད་བྱས་ཏེ་མཐར་མི་ཤིགས་པར་ཞུགས་ནས་ཞེས་གསུངས་པའི་ཕྱིར་རོ། །དེ་ཤེས་ན་གང་གི་ཕྱིར་འཇུག་པའང་ཤེས་ཏེ་མི་ཤིགས་པར་ཞུགས་ནས་དངོས་པོ་མེད་པར་འགྱུར་པར་གསུངས་པའི་དངོས་པོ་མེད་པ་ནི་འོད་གསལ་ཡིན་པས། འོད་གསལ་མངོན་དུ་བྱ་བའི་ཕྱིར་དུ་འཇུག་གོ །དེ་ཤེས་ན་ཇི་ལྟར་འཇུག་པའི་འཇུག་རིམ་ཡང་ཤེས་ཏེ། ས་ཆུ་ལ་ཐིམ་པ་སོགས་ཀྱི་ཐིམ་རིམ་གྱིས་འོད་གསལ་དུ་འཇུག་པར་གསུངས་པའི་ཕྱིར་རོ། །རིམ་པ་དེས་རླུང་དང་ཀུན་རྟོག་རྣམས་མི་ཤིགས་པའི་ཐིག་ལེར་སྡུད་པའི་སྡུད་བྱེད་ནི་རྡོ་རྗེའི་བཟླས་པ་ཡིན་པས་ཨ་ཐུང་སྔགས་ཀྱི་རྩ་བར་གསུངས་པའི་གནད་ཤེས་པ་དེ། འགྲོ་བ་


JLD006_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་བཀུར་བའི་གནས་མཆོག་ཏུ་གསུངས་པ་ནི་དེ་ལྟར་ཡིན་པར་ཤེས་པར་གྱིས་ཤིག །ཐུང་ངུ་མ་ལུས་ངག་ཏུ་འགྱུར་པ་དྲིས་པའི་ལན་གྱི་དོན་ནི་རླུང་གི་དེ་ཉིད་ལྡང་འཇུག་གནས་གསུམ་དང་སྔགས་ཀྱི་དེ་ཉིད་ཡི་གེ་གསུམ་དང་སྦྱོར་བའི་ཚེ། སྒྲའི་དེ་ཉིད་ནས་མཁའ་དང་འདྲ་བའི་སྟོང་པར་ཤེས་ནས་ཟློ་བ་ལ་འཆད་པ་རྣམས་ཀྱིས་ནི། སྔགས་ཀྱི་དེ་ཉིད་ཀྱི་མཐར་ཐུག་པ་ཨ་ཐུང་སྔགས་ཀྱི་རྩ་བར་གསུངས་པའི་དོན་མ་རྟོགས་པ་ཡིན་ནོ། །རྒྱུད་ཕྱི་མ་ལས། སྙིང་གར་བསམས་ནས་ནི། སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་པའི་དོན་སྒྲོན་གསལ་ལས། སྙིང་གའི་པདྨར་ཨ་ཐུང་བསམས་ལ་མི་ཤིགས་པའི་ཐིག་ལེར་གཏོགས་པར་དགོད། ཅེས་གསུངས་པ་དང༌། །རྡོར་ཕྲེང་ལས། རྫས་ཀྱི་ཐིག་ལེ་ཁོང་ཆུད་པ། །ཐིག་ལེ་གཉིས་ཏེ་སྔགས་དང་རླུང༌། །སྔགས་ཀྱི་ཐིག་ལེ་དེ་ཉིད་མཆོག །ཐིག་ལེ་གཉིས་ནི་འོད་དང་རྫས། ཞེས་རྫས་ཀྱི་ཐིག་ལེ་གང་གི་ཁོངས་སུ་འདུ་བའི་རླུང་སྔགས་ཀྱི་ཐིག་ལེ་གཉིས་ཀྱི་ནང་ནས། སྔགས་ཀྱི་ཐིག་ལེ་མཆོག་ཏུ་གསུངས་པ་རྣམས་ཀྱང་དགོངས་པ་ལུང་སྟོན་དང་དགོངས་པ་གཅིག་གོ །འོ་ན་དང་པོ་གཅིག་ན་ཞེས་སོགས་ལ་མཚོན་བྱེད་དཔེའི་ཨ་ཐུང་གི་བཤད་པ་སྔར་ལྟར་ཡིན་ན་མཚོན་བྱ་དོན་གྱི་ཨ་ཐུང་ལ་བཤད་ན་ཇི་ལྟར་སྙམ་ན། དང་པོ་ནི་ལུས་ཆགས་པའི་དང་པོར་བྱུང་བའོ། །གཅིག་ནི་སྲོག་འཛིན་ཕྲ་བ་ལྷན་སྐྱེས་ཀྱི་རླུང་སེམས་སོ། །དགུ་ནི་རྩ་བའི་རླུང་ལྷག་མ་བཞི་དང་ཡན་ལག་གི་རླུང་ལྔའོ། །དེའི་དབུས་ན་ཞེས་པ་ནི་དེ་ཀུན་གྱི་རྩ་བར་གནས་པའོ། །བཅུ་ཡིས་མ་བཅིངས་པ་ནི་སྲོག་འཛིན་རགས་པ་དང་བཅུ་ཡིས་དེ་ལ་


JLD006_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མ་བྱས་པའོ། །དབྱངས་གསལ་གྱི་ཡི་གེ་རྣམས་ནི་རླུང་དང་རང་བཞིན་རྣམས་སོ། །དེའི་རྗེས་སུ་འགྲོ་བ་དང་དེ་རྣམས་ཨས་བཅིངས་པ་ནི་དེ་རྣམས་ཀྱི་རྩ་བར་གནས་པ་སྟེ། དགོངས་པ་ལུང་སྟོན་ལས། ཇི་སྲིད་འཇིག་རྟེན་བཏགས་པ་དང༌། །དེ་བཞིན་བཏགས་པ་སྣ་ཚོགས་རྣམས། །རྣམ་རྟོག་བྱང་ཆུབ་སེམས་ཞེས་པའི། རླུང་ལས་རྟག་ཏུ་འབྱུང་བ་ཡིན། །བདེ་སྡུག་ལ་སོགས་ཆོས་རྣམས་ཀྱི། །ས་བོན་ལྟ་བུར་བཤད་པ་ཡིན། ཞེས་སོ། །གཉིས་པ་ལ་བཞི། སྔགས་བཏུ་བ། སྔགས་ཀྱི་དོན། སྔགས་ཀྱི་བརྡ། སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དང་པོ་ནི། འབྱུང་བའི་མཐའ་ནི་ཡི་གེ་ཧ་སྟེ། འབྱུང་བ་དང་དྲོ་བའི་སྡེ་ཚན་གཉིས་ཀའི་མཐའ་ལ་འབྱུང་བའི་མཐའ་ཞེས་པར་གྱི་མི་མངོན་པའི། །ཆ་ལ་སོགས་པ་ནི་ཨའོ། །འདི་ལ་ཆག་གིས་ཆའི་དང་པོ་ཞེས་བསྒྱུར་བ་ལེགས་ཏེ་སོགས་ཀྱི་སྐད་དོད་དང་པོ་ལའང་འགྲོ་ཞིང་དབྱངས་ཀྱི་དང་པོ་འདི་འཐུ་བ་ཡིན་བའི་ཕྱིར་རོ། །དེས་ན་ཆ་ནི་དབྱངས་ཡིན་ལ་དེའི་དང་པོ་ཞེས་པར་འགྱུར་པས་ལཀྵྨཱིས་ཆ་ལ་སོགས་པ་ཨ་ལ་བཤད་དོ། །བཅུ་དྲུག་པ་ནི་དབྱངས་ཐ་མ་ཨ་ཚེག་དྲག་ཅན་ནོ། །དེ་གཉིས་མཚམས་སྦྱར་ན་ཨཱཿཚེག་དྲག་ཅན་རིང་པོའོ། །ལྔ་པ་ལྔ་ནི་ཀ་ནས་མའི་བར་ཉེར་ལྔ་ཡིན་ལ་དེའི་ཐ་མ་ནི་མ་ཡིན་ནོ། །མ་ཡིག་དེ་རྗེས་སུ་ང་རོར་བྱས་ནས་ཧ་ཡིག་དང་སྦྱར་རོ། །བཞི་ནི་གསུམ་དུ་ཞེས་པ་ནི་བཞི་གསུམ་པཅུ་གཉིས་ཡིན་ལ་ངེས་པར་སྦྱར་ཞེས་པའི་སྦྱར་བའི་དོན་ནི་ལྷན་ཅིག་པ་ཡིན་པས་བཅུ་གཉིས་པོ་དེ་གང་དང་ལྷན་ཅིག་པ་ནི་བཅུ་གསུམ་པའི་དབྱངས་ཡིག་ཨོའོ། །དེའང་ཡི་གེ་ཨཾ་བཅས་ཞེས་པའི་དོན་ཐིག་ལེ་དང་ལྡན་པར་བྱའོ། །


JLD006_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཆགས་གིས་རྗེས་སུ་དབྱངས་བཅས་ཞེས་བསྒྱུར་བ་ལེགས་པས་ཨོ་ཡིག་རྗེག་སུ་ང་རོ་དང་བཅས་པས་ༀ་མོ། །རིང་པོ་ནི་ཨུ་ཡིག་རིང་པོ་ཡིན་ལ་དེ་ཧ་ཡིག་དང་བཅས་པས་ཧཱུཾ་མོ། །དེ་ལྟར་བཏུས་ནས་ཉེ་བར་བསྡུ་བ་བཤད་པ་ནི་ཡོན་ཏན་ཞེས་སོགས་ཏེ། སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་གསུམ་ནི་ཡི་གེ་གསུམ་སྟེ། སྙིང་སྟོབས་ལུས་ཏེ་རྡུལ་ནི་ངག །མུན་པ་སེམས་ཞེས་གསུངས་པ་ལྟར་རོ། །སྦྱོར་བ་ནི་དེ་གསུམ་འབྲེལ་བའོ། །ཕྱིས་དང་མཚུངས་པ་ནི་དེ་གསུམ་ཕྱིས་པ་བཞིན་དུ་བྱ་བའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་ཡི་གེ་གསུམ་པོ་རེ་རེ་ལའང་ཡི་གེ་གསུམ་གསུམ་ཡོད་ལ། ཀུན་ལ་ཁྱབ་བྱེད་དུ་གནས་པ་ནི་ཡི་གེ་ཨའོ། །དེ་ལ་ཕྱག་འཚལ་བའི་ཡི་གེ་གསུམ་ནི་ཨ་དང་ཨོ་དང་མའོ། །འདི་འཐུ་བའི་དུས་སུ་ཨ་ཟུར་དུ་མ་བཏུས་ཀྱང་ཨོའི་ཁོང་ན་ཡོད་པ་ལ་བསམས་སོ། །ངག་གི་དབང་ཕྱུག་གི་གསུམ་ནི་ཨ་དང༌། ཨ་དང་ཚེག་དྲག་གོ །སྤྲིན་སྒྲའི་གསུམ་ནི་མགོ་བོ་དང་སྲོག་མེད་པའི་ཧ་དང་ཞབས་སྐྱེད་དོ། །དེ་ལ་ཨོ་དང་རྗེས་སུ་ང་རོ་མ་ཡིག་གཉིས་གསུང་གི་ས་བོན་ལ་ཐིམ་པ་དང༌། ངག་གི་དབང་ཕྱུག་གི་ཐིག་ལེ་གཉིས་ཐུགས་ཀྱི་ཐིག་ལེ་ལ་ཐིམ་མོ། །ཞབས་སྐྱེད་ནི་ཧ་ལ་དང་ཧའང་ཐིག་ལེ་ལ་དང་ཐིག་ལེའང་མགོ་བོ་ལ་ཐིམ་སྟེ། མགོ་བོ་ནི་ཨ་ཡིག་གོ །འདི་ནི་ཧའི་སྲོག་ཡིག་ལ་བསམས་སོ། །དེ་ལྟར་ཨ་བཞི་ལུས་པའི་སྐུའི་ཨ་ནི་གསུང་གི་ཨ་དང༌། དེ་རང་གི་ཚེག་དྲག་གི་ཨ་དང་དེ་ཐུགས་ཀྱི་ཨ་ལ་ཐིམ་ནས་ཨ་ཐུང་གཅིག་པུ་ལུས་སོ། །ཨ་ཐུང་ངུ་དེ་ནི་ཡི་གེ་དང་ངག་ཚིག་ལ་སོགས་པའི་ངག་གི་སྤྲོས་པ་མ་ལུས་པའི་གཟུགས་


JLD006_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྱུར་རོ། །ཡང་ན་ཕྱིས་པ་ནི་མི་མངོན་པ་ཙམ་སྟེ། །སྐུའི་ས་བོན་གསུང་ལ་དང་དེ་ཐུགས་ཀྱི་ས་བོན་ལ་ཐིམ། དེའི་ཞབས་སྐྱེད་ནི་ཧ་ལ་ཐིམ། ཧའི་སྲོག་གི་ཨ་བཏོན་ནས་སྲོག་མེད་ནི་མགོ་བོ་ལ་དང་དེ་ཐིག་ལེ་ལ་དང་ཐིག་ལེ་ཨ་ལ་ཐིམ་པར་བྱའོ། །ཨ་ཐུང་དེ་ཐམས་ཅད་བསྡུས་པས་དུ་མ་མིན་པ་ངག་ཐམས་ཅད་འབྱུང་བས་གཅིག་མ་ཡིན་ནོ་ཞེས་ལཀྵྨཱིས་བཤད་དོ། །སྤྱོད་བསྡུས་སུ་ཡི་གེ་གསུམ་པོ་རེ་རེའང་ཡི་གེ་གསུམ་གསུམ་ལས་བྱུང་བར་གསུངས་པ་མ་གཏོགས་ཡི་གེ་གང་ཡིན་མི་གསལ་ལ། རྡོ་རྗེ་ཕྲེང་བའི་སྔགས་ཀྱི་དེ་ཁོ་ན་ཉིད་གསུངས་པའི་ལེའུ་ལས། དབྱངས་དང་པོའི་ཡི་གེ་ཨ་དང་དབྱངས་དྲུག་པ་ཨུ་དང༌། ཀ་ཙ་ཊ་ཏ་པའི་སྡེ་ཚན་ཐ་མའི་ཐ་མ་མ་ཡིག་དང་ལྡན་པར་བྱས་པས་ༀ་དང༌། དབྱངས་ཐོག་མའི་ཡི་གེ་ཨ་ཉིས་འགྱུར་དུ་བྱས་པ་དང༌། ཨུཥྨ་ནའི་ཆ་དང་ལྡན་པ་སྟེ་ཡི་གེ་གསུམ་ལས་ཨ་རིང་པོར་གསུངས་སོ། །ཨུཥྨ་ནའི་ཆ་ནི་འགྲེལ་པས་ཧ་སྲོག་མེད་ལ་བྱས་ནས་ཚེག་དྲག་གི་གནས་སུ་དེ་བཞག་པར་བཤད་དོ། །ཨུཥྨ་ནའི་མཐའི་ཆ་དང༌། དབྱངས་དྲུག་པ་ཨུ་རིང་བོ་དང་མ་ཡིག་གསུམ་ལས་ཧཱུཾ་བཏུས་སོ། །འགྲེལ་པས་ཨུཥྨ་ནའི་མཐའ་ཧ་ཡིག་དང་ཆ་ནི་སྟེང་གི་ཟླ་ཚེས་ལ་བྱས་སོ། །སྐུ་གསུང་ཐུགས་ཀྱི་སྙིང་བོ་བཤད་པའི་ལེའུ་ལས། ཨ་དང་ཨོ་དང་མ་གསུམ་ལས་ༀ་བཏུས་པ་ལ་འགྲེལ་པས་ཨུ་ཡིག་བཏུས་སོ། །ཨཱཿལ་ཨ་གཉིས་དང་ཧ་གསལ་བར་བཏུས་ལ་ཧཱུཾ་ཡིག་ནི་སྔ་མ་དང་འདྲའོ། །དེ་ལྟར་དབྱངས་གསལ་ལས་ཡི་གེ་གསུམ་པཏུས་པས་དེ་ཉིད་བཤད་པ་ནི་ཡི་གེ་ཞེས་སོགས་ཏེ། དབྱངས་གསལ་གྱི་ཡི་གེ་གང་ཞིག་སྔར་བཤད་པ་དང༌། ཡི་གེ་གང་ཞིག་ཞི་བ་ལ་སོགས་ལ་མངོན་པར་ཕྱོགས་པ་སྟེ་གཙོ་བོར་གྱུར་པ་ཡ་ར་


JLD006_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཝ་དེ་རྣམས་ཐམས་ཅད་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོར་ཤེས་པར་བྱའོ། །དེར་ཤེས་པར་བྱ་བར་མ་ཟད་སྐད་ཀྱི་ཁམས་ཏེ་བྱིངས་དང་སོགས་ཀྱིས་བསྡུས་པ་དང་བྱེད་ཚིག་དང་བྱེད་པ་པོ་ལ་སོགས་པ་ནས་བརྒྱད་ཁྲི་བཞི་སྟོང་གི་བར་དུ། སྣ་ཚོགས་པའི་སྐད་ལ་སོགས་པའི་གཟུགས་སུ་རབ་ཏུ་བརྟགས་པ་ཡིན་ནོ། །ཡང་ན་ཁམས་གསུམ་དང་སོགས་པས་སྐུ་གསུམ་རྩ་གསུམ་ལ་སོགས་པའི་རང་བཞིན་དུ་བརྟགས་པ་ཡིན་ནོ། །དེ་གསུམ་གྱི་ལས་སྟོན་པ་ནི་འོག་དང་ཞེས་སོགས་ཏེ། ༀ་ནི་ནང་དུ་འཇུག་པས་འོག་ཏུ་འགྲོ་ལ། ཧཱུཾ་ནི་ཕྱིར་ལྡང་བས་སྟེང་དུ་འགྲོའོ། །བཅས་པ་ནི་མཉམ་པར་གནས་པ་སྟེ་ཨ་ཡིག་གོ །འོ་ན་རང་བཞིན་གྱི་གནས་པའི་རླུང་ལ་འོག་དང་སྟེང་ལ་སོགས་པའི་དབྱེ་བ་ཅི་དགོས་ཤེ་ན། འཇུག་པ་སོགས་རང་བཞིན་གྱིས་གྲུབ་ཀྱང་བྱིས་པ་མི་ཤེས་པས། ཡན་ལག་མ་ཉམས་པ་ཉིད་དུ་ཤེས་ནས་བློ་ཡིས་ནི་རླུང་སྔགས་དབྱེར་མེད་པར་ངེས་པར་སྦྱར་ན་རྣལ་འབྱོར་བ་ལ་རང་བཞིན་གསལ་བར་བྱེད་དོ། །དེས་ན་མ་ཐོབ་པ་ཐོབ་པ་མིན་གྱི་མི་ཤེས་པ་ཤེས་པས་རྫོགས་རིམ་མོ་ཞེས་ལཀྵྨཱིས་བཤད་དོ། །བརྗོད་པའི་སྔགས་ཏེ་སྔར་ལྟར་སྔགས་བཏུས་པ་འདི་ནི་དངོས་པོ་སྟེ་རང་བཞིན་མེད་པའི་ངོ་བོ་འོད་གསལ་ལས་བྱུང་བའོ། །འདིས་ནི་ཡི་གེ་གསུམ་གྱི་སྔགས་བཏུས་པ་དེ་སྔགས་བཏུ་གཞན་དང་མི་འདྲ་བར་སྟོན་ཏེ། འདི་ལྟར་སྔགས་བཏུ་གཞན་ལྟར་ན་དབྱངས་གསལ་ལས་བཏུས་པའི་སྔགས་དེ་དག་གམ་ཡིད་ཀྱིས་ཟློ་བའི་སྔགས་ཡིན་ལ། །འདིར་ནི་འོད་གསལ་མི་ཤིགས་པའི་ཐིག་ལེ་ལས་འབྱུང་བའི་རླུང་གི་ལྡང་འཇུག་གནས་པ་གསུམ་གྱི་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའོ། །འོ་ན་དེ་ཙམ་


JLD006_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བཤད་པས་ཆོག་མོད་ཡི་གེ་གསུམ་གྱི་སྔགས་བཏུ་བ་ཅི་ཞིག་དགོས་ཤེ་ན། བཟླས་བྱའི་སྔགས་ཐམས་ཅད་ཡི་གེ་གསུམ་དུ་འདུས་ཚུལ་བསྟན་པའི་སྒོ་ནས་འཐུ་བ་ཡིན་ལ། དེས་ནི་བཟླས་པས་སྔགས་ཇི་སྙེད་པ་ཞིག་གསུངས་པ་ཐམས་ཅད་ཀྱིས་གང་བསྒྲུབ་པར་བྱ་བའི་དངོས་གྲུབ་ཐམས་ཅད་འགྲུབ་པར་སྟོན་པ་ཡིན་པས་སྔགས་བཏུ་བ་དགོས་སོ། །དེ་ལ་འགྱུར་ཁ་ཅིག་ལས། གང་གི་ཕྱིར་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད་ཀྱི་སྔགས་ཐམས་ཅད་མན་ངག་ཇི་ལྟར་ཐོབ་པས་ཡི་གེ་གསུམ་ལ་རབ་ཏུ་འཇུག་གོ །ཞེས་འབྱུང་བ་ལྟར་ན། ཀཱ་ལི་རྣམས་སྐྱེས་པ་དང༌། རྀ་རཱྀ་ལྀ་ལཱྀ་བཞི་མ་ནིང་དང་། དེ་དོར་བའི་དབྱངས་ལྷག་མ་བུད་མེད་དོ། །དེ་འདྲ་བའི་ངོ་བོར་གྱུར་པའི་སྦྲུལ་ལ་སོགས་པའི་སྔགས་ཐམས་ཅད་ཡི་གེ་གསུམ་ལ་སྡུད་པའི་མན་ངག་ནི། སྔགས་རྣམས་གང་གིས་སྔགས་སུ་གྱུར་པའི་ལྷ་ནི་མཐའ་ཡས་ཀྱང་བསྡུ་ན་རྡོ་རྗེ་གསུམ་དུ་འདུ་བས་དེ་དག་གིས་སྔགས་ཀྱང་རྡོ་རྗེ་གསུམ་གྱི་སྙིང་བོ་གསུམ་དུ་འདུ་སྟེ། རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་བོ་གསང་བ། སྔགས་ཐམས་ཅད་སྐུལ་བར་བྱེད་པ། ཞེས་གསུངས་པ་བཞིན་ནོ། །ཡང་ན་སྔགས་རྣམས་ནི་ལྷ་སྤྱན་འདྲེན་པ་སྟེ་བོད་པ་དང༌། བཞུགས་སུ་གསོལ་བ་སྟེ་བོས་ནས་བྱིན་གྱིས་རློབ་པ་དང༌། གཤེགས་སུ་གསོལ་བ་སྟེ་རང་རང་གི་ལས་ལ་བསྐུལ་བའི་སྔགས་གསུམ་དུ་འདུ་ཞིང༌། དངོས་གྲུབ་སྟེར་བའི་ལྷའང་རིགས་ལྔ་རུ་འདུ་བས། འདིར་ཡང་རླུང་འོད་ཟེར་ལྔ་དབང་དུ་འདུས་ན་མཆོག་སྟེར་ཞིང༌། དེའི་ཐབས་ཀྱང་ལྡང་འཇུག་གནས་གསུམ་གྱི་སྔགས་བགྲང་བ་ཉིད་ཡིན་པའི་ཕྱིར། སྔགས་ཐམས་ཅད་ཡི་གེ་གསུམ་དུ་འདུ་ཞིང་དེ་གསུམ་སྔགས་ཀུན་གྱི་བདག་


JLD006_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཤད་དོ། །གཉིས་པ་ནི། སྔར་སྔགས་བཏུ་བ་བཤད་ཟིན་ནས། སྔགས་ཀྱི་དོན་ནི་དེ་ལས་ཞེས་སོགས་ཀྱིས་སྟོན་ཏེ། ཡི་གེ་གསུམ་པོ་དེ་ལས་སམ་དེ་ནི་ཡོངས་སུ་གྱུར་པས་ལྷའི་གཟུགས་སུ་ཉེ་བར་དམིགས་པ་གང་ཡིན་པ་དེ་ནི་སྔགས་ཀྱི་དོན་ཏོ། །ཡོངས་སུ་གྱུར་ལུགས་ནི། ༀ་ཡིག་ཡོངས་སུ་གྱུར་པ་ལས་རྣམ་སྣང་བསྐྱེད་པ་སོགས་ལ་ལཀྵྨཱིས་འཆད་དོ། །དེ་ནི་བསྐྱེད་རིམ་པའི་སྔགས་དོན་ཡིན་ཀྱང་འདིར་རྫོགས་རིམ་པའི་སྔགས་དོན་གཙོ་བོ་ཡིན་པས་དེ་ཙམ་གྱིས་མི་ཆོག་གོ །དེས་ན་ཡི་གེ་གསུམ་གྱི་སྔགས་ནི་རླུང་ལྡང་འཇུག་གནས་གསུམ་ཡིན་ལ། དེ་ཡོངས་སུ་གྱུར་པ་ནི་ལྡང་འཇུག་དང་བྲལ་ནས་ཡེ་ཤེས་གསུམ་དང་དབྱེར་མི་ཕྱེད་པར་གྱུར་པའི་རླུང་ངོ༌། །དེ་ལས་ལྷའི་གཟུགས་སུ་དམིགས་པ་ནི་རླུང་སེམས་གཉིས་པོ་དེ་ལས་སྒྱུ་མའི་སྐུར་ལངས་ཏེ། བདག་བྱིན་བརླབས་ཀྱི་རིམ་པ་ལས། །རླུང་དང་ཡང་དག་ལྡན་པ་ཡི། །རྣམ་ཤེས་གསུམ་པོ་དེ་ཉིད་སླར། །རྣལ་འབྱོར་བ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་ཞེས་དེ་ལ་འཆད། ཅེས་གསུངས་པ་ལྟར་རོ། །དེ་ལྟར་ན་སྔགས་ཀྱི་ཡི་གེ་རྣམས་ཀྱིས་ལྷའི་སྐུ་བསྐྱེད་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པའི་ཡི་གེ་ཐམས་ཅད་ཡི་གེ་གསུམ་དུ་འདུ་ཞིང༌། དེ་གསུམ་ཡང་རླུང་གསུམ་ཡིན་ལ་དེ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་བསྐྱེད་ལུགས་ནི་སྒྱུ་མའི་སྐུ་འགྲུབ་ཚུལ་འདི་ཉིད་དེ། དེ་ལྟར་བཤད་པ་རྣམས་ཀྱི་སྙིང་བོར་ཤེས་དགོས་སོ། །གསུམ་པ་ནི། སྔགས་ཀྱི་བརྡ་ནི་མིང་ཡིན་ལ་དེའང་ཇི་ལྟ་བུ་སྙམ་ན། དེ་ཉིད་གསུམ་གསུམ་གནས་པ་སྟེ་དེ་ཁོ་ན་ཉིད་གསུམ་གྱི་བརྡར་བྱས་པ་སྟེ་སྐུ་གསུང་ཐུགས་ཀྱི་དེ་ཉིད་དོ། རང་བཞིན་ནི་སྔགས་རྣམས་ཀྱི་


JLD006_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཏེ། དེ་བཟླས་པ་ནི་ཡི་གེ་གསུམ་སྦྱར་བ་དང་མ་སྦྱར་བའི་མཚན་ཉིད་དེ་དེའང་བརྡ་ཡིན་ནོ། །སྦྲུལ་ལ་སོགས་པའི་བརྡ་རྣམས་ནི་ཡི་གེ་གསུམ་ལ་རག་ལས་པས་སྔགས་ཀྱི་བརྡ་བསྟན་ཏོ། ཞེས་ལཀྵྨཱིས་བཤད་དོ། །འདི་ལྟར་ཡིན་ཏེ་སྦྲུལ་ལ་སོགས་པའི་སྔགས་ཀྱི་བརྡ་རྣམས་ནི་བསྐྱེད་རིམ་པའི་བརྡ་ཡིན་ལ། འདིར་ནི་སྔགས་ཀྱི་བརྡ་ཡིས་ཏེ་བརྡས་ནི་རླུང་གི་དེ་ཁོ་ན་ཉིད་ལྡང་འཇུག་གནས་གསུམ་དུ་གདོད་མ་ནས་གནས་པ་དེ་རང་བཞིན་གྱིས་བཟླས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱའོ། །བཞི་པ་ནི། སྔར་བཤད་པ་ལྟར་ཨ་ཐུང་གི་ཡི་གེས་བཤད་པ་སྟེ་མཚོན་པའི་ཡེ་ཤེས་ནི་སངས་རྒྱས་མི་བསྐྱོད་པའི་སྙིང་བོར་གྱུར་པ་སྔགས་ཀྱི་ཐིག་ལེ་ཡིན་ལ། དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་ནོ། །མི་ཤིགས་པའི་ཐིག་ལེ་ལ་ཡེ་ཤེས་ཞེས་པ་ནི། རྒྱུད་རྡོར་ཕྲེང་ལས། སྙིང་གི་པདྨའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། ཞེས་དང༌། སྲོག་གི་རླུང་ནི་མཆོག་ཡིན་ནོ། །སྟོང་ཉིད་ཡེ་ཤེས་མིང་ཅན་ཏེ། ཞེས་དང༌། སྙིང་གི་དབུས་གནས་བདེ་བའི་དངོས། །སངས་རྒྱས་ཉི་མ་གསལ་བའི་འོད། །ཅེས་ཀྱང་གསུངས་སོ། །སྤྱོད་བསྡུས་ལས། རང་བཞིན་བཟླས་པའི་མཚན་ཉིད་དོ། །ཞེས་པའི་མཇུག་ཏུ། མིང་མེད་བརྗོད་དུ་མེད་པ་སྟེ། །བྱང་ཆུབ་སེམས་མཆོགའདི་ཡིན་ནོ། །གསུམ་པོ་དེ་ཉིད་གཅིག་གྱུར་པ། །འགྲོ་བ་མེད་ཅིང་འོང་བ་མེད། །འགག་མེད་རབ་ཏུ་ཞི་བ་སྟེ། །རྟག་དང་ཆག་པ་རྣམ་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པའི། །རྟོག་པ་ནམ་མཁར་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོར་རང་རིག་མཚན་ཉིད་དོ། །རྣལ་འབྱོར་རིག་པས་ཉལ་སོགས་དང༌། །


JLD006_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཐམས་ཅད་ཉིད་དུ་ཡང༌། །མིང་མེད་བརྗོད་དུ་མེད་པ་དང༌། །དུས་གསུམ་པཟླས་པ་རྟག་ཏུ་བཟླ། །གོས་དཀར་ལ་སོགས་བཟླས་བཤད་པ། ཞེས་དྲངས་ནས་ཨ་ཡིག་ཅེས་པ་ནས་མ་ཉམས་བཟླས་པའི་བར་མ་དྲངས་སོ། །དེ་ལ་མིང་གིས་བརྗོད་པ་སྟེ་བཟླས་པར་བྱར་མེད་པའི་རྡོར་བཟླས་ཀྱི་རླུང་གི་འགྲོ་འོང་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཆོག་ཡིན་ནོ། །ཞེས་པས་སྔར་བྱང་ཆུབ་ཀྱི་སེམས་དྲིས་པའི་ལན་བསྟན་ནོ། །ལྡང་འཇུག་གནས་གསུམ་པོ་སྔར་བཤད་པ་དེ་ཉིད་མི་ཤིགས་པའི་ཐིག་ལེར་ཐིམ་ནས་གཅིག་ཏུ་གྱུར་པ་ན། འགྲོ་འོང་ལ་སོགས་པའི་སྤྲོས་པའི་མཐའ་དྲུག་སྤངས་པའི་ནམ་མཁའ་སྟེ་སྟོང་པ་ཉིད་དུས་གསུམ་མཁྱེན་པའི་རྒྱལ་བ་རྣམས་ཀྱིས་ཀྱང་མ་བྱས་པ་དེ་དང་རྟོག་པ་སྟེ་བློ་གཉིས་དབྱེར་མེད་པར་རྗེས་སུ་ཞུགས་པ་འདི་ཁོ་ན་དོན་དམ་པ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེས་ན་རྡོ་རྗེ་བཟླས་པའི་རྣམ་འབྱོར་ཤེས་པས། འགྲོ་ཉལ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་ངག་གིས་བརྗོད་དུ་མེད་ཅིང་ལྡང་འཇུག་གནས་པའི་དུས་གསུམ་དང་ཡི་གེ་གསུམ་སོ་སོར་འཛིན་པ་ལས་འདས་པའི་རྡོ་རྗེའི་བཟླས་པ་རྟག་ཏུ་བཟླ་སྟེ། དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་མངོན་དུ་འགྱུར་པའི་ཐབས་ཡིན་པས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་གཞུང་འདི་དག་གིས་གསལ་བར་བསྟན་པ་དྲངས་པའོ། །གསུམ་པ་ལ་གཉིས། །རྒྱུད་ཀྱི་ཚིག་དོན་ཙམ་བཤད་པ་དང༌། དེའི་མཐའ་བཅད་པའོ། །དང་པོ་ནི། ཧཱུཾ་ཡིག་གིས་སེམས་ཅན་ཏེ་འོད་ཟེར་ཕྱིར་ཡང་དག་པར་སྤྲོ་བར་བྱེད་དེ། དེས་སེམས་ཅན་རྣམས་སངས་རྒྱས་ཀྱི་གཟུགས་སུ་བྱས་པར་རབ་ཏུ་བརྟགས་པ་སྟེ་བསྒོམ་མོ། །ༀ་ཡིག་གིས་ནི་སེམས་ཅན་སངས་རྒྱས་ཀྱི་གཟུགས་སུ་བྱས་པ་རྣམས་


JLD006_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ནང་དུ་ཡང་དག་པར་སྡུད་པ་དང༌། ཡི་གེ་ཨཱཿ ནི་གནས་སུ་གནས་པར་བྱེད་པ་ནི་བསྐྱེད་རིམ་པས་སྒོམ་ལ། །འདིར་ནི་ༀ་གྱིས་རླུང་ནང་དུ་འཇུག་པ་ཉིད་དང༌། ཨཱཿ ས་རླུང་ནང་དུ་གནས་པ་དང༌། ཧཱུཾ་ཡིག་གིས་ཕྱིར་ལྡང་བའི་རིམ་པས་ཀྱང་སྔགས་ཏེ་རྡོར་བཟླས་ཀྱི་ཡན་ལག་མ་ཉམས་པར་བྱས་པའི་ངང་ནས་བཟླ་བར་བྱའོ། དེའང་ཤེས་རབ་ལྷ་མོ་བཞིའི་རླུང་དང་། ཐབས་མགོན་པོ་བཞིའི་རླུང་གི་གཞིར་གནས་པ་སྟེ་རླུང་དེ་གཉིས་གཞིར་བྱས་ལ་བྱའོ། །ཡང་ན་ཡི་གེ་གསུམ་གྱིེས་སྤྲོ་བསྡུ་དང་གནས་པར་བྱེད་པའི་སེམས་ཅན་ནི་རླུང་ལ་བྱ་ལ། སྤྲོ་བསྡུ་དང་གནས་པར་བྱེད་ཚུལ་ནི་འཇུག་པ་སོགས་དང་སྦྱར་རོ། །ལཀྵྨཱིས་བསྐྱེད་རིམ་པ་ལ་སྤྲོ་བསྡུ་དང་གནས་པས་སངས་རྒྱས་ཀྱི་གཟུགས་རྫོགས་པར་བྱེད་ལ། རྫོགས་རིམ་པ་ལ་ནི་དེ་རྣམས་རང་བཞིན་གྱིས་གྲུབ་པས་སྔ་མ་དོན་མེད་པར་སྟོན་པ་ནི་ཧཱུཾ་ཡིག་ཅེས་པ་བཞིའོ། །འཇུག་པ་ཞེས་སོགས་ཀྱིས་རྡོར་བཟླས་ཀྱི་བྱ་བའི་སྒོ་ནས་རང་བཞིན་སྟོན་ལ། ཤེས་རབ་ནི་ཨ་དང་ཐབས་ནི་ཧཱུཾ་དང་གཞི་ནི་ༀ་ལ་འཆད་དོ། །གོས་དཀར་ཞེས་པ་གཉིས་ཀྱིས་ནི་ཤེས་རབ་ལྷ་མོ་རེ་རེའི་རླུང་གི་གྲངས་ཉིས་བརྒྱ་ཉེར་ལྔ་ལྟ་བུ་སྟོན་ལ། བཞི་པོས་ཞེས་པ་གཉིས་ཀྱིས་ནི་དེ་བཞི་དྲིལ་བས་ཐབས་མགོན་པོ་རེའི་རླུང་གི་གྲངས་སྟོན་པའོ། །དགུ་པརྒྱ་དག་ཏུ་ཞེས་པ་ནས་ཉི་ཤུ་རྩ་བཞི་ཞེས་པས་ནི་ཞག་གཅིག་ལ་ཐུན་ཕྱེད་པ་ཉེར་བཞིར་སྟོན་ནོ། །རིམ་གྱིས་ནི་ཞེས་སོགས་ཀྱི་དོན་ནི་ཞག་གཅིག་གི་བཟླས་པའི་གྲངས་སྟོན་པའོ། །འདིའི་རྗེས་སུ། རྣལ་འབྱོར་བསྒོམ་པའི་བར་ཆད་ཅན། ཞེས་སོགས་དགོངས་པ་ལུང་སྟོན་གྱི་ལུང་འོག་ཏུ་དྲངས་བ་དེ་རྣམས་འོང་རྒྱུར་སྣང་བ་ལ། བར་དུ་བཅད་ནས་དྲངས་པ་ནི་རྒྱ་གར་གྱི་དཔེ་ཅུང་མ་


JLD006_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ལས་བསྒྱུར་བར་མངོན་ནོ། །གཉིས་པ་ལ་གཉིས། རྡོར་བཟླས་བྱེད་པའི་རིམ་པ། རྡོར་བཟླས་བྱས་པས་གང་བསྒྲུབ་པའོ། །དང་པོ་ལ་གསུམ། རྡོར་བཟླས་བྱེད་པའི་གནས། རྡོར་བཟླས་བྱེད་པའི་སྦྱོད་ལམ། རྡོར་བཟླས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཕྲེང་བ་ལས། སྐྱེ་བོས་དབེན་པ་ལྷ་ཡི་གནས། །སྒྲ་ཡི་ཚེར་མ་རྣམས་དང་བྲལ། །སྐྱེ་བོའི་ཚོགས་ནི་མེད་པ་དང༌། །གེགས་མེད་སྐལ་བཟང་ཉམས་དགའ་བ། །སྐྱེད་མོས་ཚལ་གཞི་བདེ་བ་ཆེ། །འདོད་པ་ལྔ་ལ་ལོངས་སྤྱོད་པས། །སྔགས་ཀྱི་གཙོ་བོ་འགྲུབ་པར་འགྱུར། ཞེས་གསུངས་སོ། །ལྷའི་གནས་ནི་ལྷའི་ཁང་བ་ལ་སོགས་པའོ། །ཅ་ཅོའི་སྒྲ་དང་སྦྲུལ་དང་སྟག་ལ་སོགས་པའི་ཚེར་མ་དང་བྲལ་བ་དང༌། གདུག་པ་ཅན་གྱི་འབྱུང་བོ་དང་གདོན་གྱི་བགེགས་མེད་པའོ། །གཉིས་པ་ནི། དེ་ཉིད་ལས། འདིར་ནི་གཞན་ཡང་བཤད་ཀྱིས་ཉོན། །སྤྱོད་ལམ་བདེ་བ་ཆེན་པོའི་གནས། །གང་གིས་དངོས་གྲུབ་མཆོག་ཏུ་འགྱུར། །སྒྲུབ་པོ་བདེ་བའི་སྟན་འདུག་ནས། །མིག་གཉིས་སྣ་རྩེར་གཏད་བྱས་ནས། །ཕྲག་གོང་མཉམ་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་འབྱུང་རྡོབ་གློད་ནས་ནི། །ཅུང་ཟད་ཅུང་ཟད་རྩོལ་བྲལ་བས། །ཇི་ལྟ་བ་བཞིན་འབྱུང་རྡུབ་ནི། །སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་པ། ཞེས་གསུངས་སོ། །སྣ་ནི་ལྟེ་བའི་ཆེད་དུ་གནས། ཞེས་འདོན་པ་ལྟར་ན་སྣའི་རྩེ་ནས་ལྟེ་བ་མཐོང་བའི་ཆེད་ཙམ་ལ་འཆད་དོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ཡི་གེ་དང་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས།


JLD006_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྡོ་རྗེ་ཕྲེང་བ་ལས། བགྲང་བྱ་དབུགས་ཀྱི་དབྱེ་བ་ཡིས། །དེ་བཞིན་རླུང་ནི་དཔྱད་པར་བྱ། །གནས་ཀྱི་དབྱེ་བས་རྩ་རྣམས་ནི། །དུས་ཀྱི་དབྱེ་བའི་རྟོག་པ་དང༌། །རླུང་རྣམས་ཀྱི་ནི་ལྡོག་པ་དང༌། །རྟོག་པ་དང་བཅས་སྤངས་པ་སྟེ། །དེ་ལྟར་མདོར་བསྡུས་རྣམ་དྲུག་གིས། །འབྱུང་དང་འཇུག་པ་རྗེས་སུ་དྲན། ཞེས་རླུང་ལྡང་འཇུག་དྲན་པ་ནི་རྣམ་པ་དྲུག་གིས་བྱ་བར་གསུངས་སོ། །དྲུག་ནི་རྐང་པ་དང་པོའི་མཐར་རླུང་ནི་དཔྱད་པར་བྱ་ཞེས་སྦྱར་ཏེ་ལྷག་ཆད་དང་འདྲེས་པའི་སྐྱོན་སྤངས་ནས། བགྲང་བྱའི་དབུགས་ཀྱིས་གྲངས་ཉི་ཁྲི་ཆིག་སྟོང་དྲུག་པརྒྱར་བྱས་པའི་དབྱེ་བ་ཡིས་རླུང་ལ་དཔྱོད་པར་བྱེད་པ་ནི་དག་པོ་བགྲང་བའོ། །བགྲང་ལུགས་སྐྱོན་གསུམ་དང་བྲལ་བ་དེ་བཞིན་དུ་ཐུན་སོ་སོ་ལ་རླུང་རྣམ་པར་དཔྱོད་པ་ནི་གཉིས་པ་རྗེས་སུ་འགྲོ་བའོ། །རླུང་སྐྱེ་བའི་གནས་རྩའི་དབྱེ་བས་རྩའི་འཁོར་ལོ་རྣམས་ནི་རྟོག་པ་དང་ཞེས་སྦྲེལ་ཏེ་གསུམ་པ་གནས་ལ་རྟོག་པའོ། །རྩ་ལ་བརྟེན་ནས་རླུང་བརྒྱ་རྩ་བརྒྱད་རྒྱུ་བའི་མཚན་ཉིད་དུས་སོ་སོའི་དབྱེ་བས་རྟོག་པར་བྱེད་པ་ནི་བཞི་པ་མཚན་ཉིད་ལ་རྟོག་པའོ། །ལས་དང་པོ་བའི་རྣལ་འབྱོར་གྱི་ངོ་བོས་རྣམ་རྟོག་བསྐྱེད་པའི་རླུང་ལྡོག་པར་རྩོམ་པ་རིམ་གྱིས་ལྡོག་པ་ནི་ལྔ་པ་ལྡོག་པའོ། །རྟོག་བཅས་ཀྱི་རླུང་ལྡོག་ནས་གནས་པ་ནི་དྲུག་པ་ཡོངས་དག་གོ །གཉིས་པ་ལ་དྲུག་ལས་དང་པོ་བགྲང་བ་ནི། དེ་ཉིད་ལས། ཐོག་མར་འབྱུང་དང་རྡུབ་པ་རྣམས། །ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་དང་མཚན་མོ་ངེས་པ་ནི། །ཇི་སྲིད་གྲངས་ནི་ཐོབ་པའི་གནས། །ཉིན་ཞག་ཉི་ཤུ་རྩ་བདུན་དུ། །གྲངས་ནི་རྗེས་སུ་སྦྱོར་བ་ཡིས། །གྲངས་ནི་


JLD006_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྟན་པ་ཡིན། ཞེས་གསུངས་སོ། འདིར་འགྲེལ་པས་མོས་པ་ལས་བྱུང་བའི་སྒྱུ་མའི་ལུས་སུ་དམིགས་ནས་རྡོར་བཟླས་བྱེད་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཞེས་འོག་ནས་གསུང་བའི་དོན་དུ་བཞེད་ཀྱང༌། ལུས་དབེན་གྱི་གསང་ཆེན་རིགས་གཅིག་གི་ཏིང་ངེ་འཛིན་ལ་བརྟེན་ནས་བྱེད་པ་ལེགས་སོ། །དེ་ལྟར་ཉིན་ཁྲི་དང་བརྒྱད་པརྒྱ་དང་མཚན་མོ་ཡང་དེ་བཞིན་དུ་ལུང་འབྱུང་འཇུག་གི་གྲངས་རབ་ཏུ་བརྟགས་པས་ཇི་སྲིད་གྲངས་དེ་ལ་ངེས་པ་ཐོབ་པའི་བར་དེ་སྲིད་དུ་བཟླ་སྟེ། དེའང་ཞག་ཉེར་བདུན་ནོ། །འདི་ནི་གཉིད་དང་བཟའ་བཏུང་བཅག་ནས་ཉིན་མཚན་པར་མ་ཆད་དུ་རྟོག་དགོས་ན་སྒྲུབ་མི་ནུས་ཤིང༌། དེ་ལྟར་མ་བྱས་ན་ཉི་ཁྲི་ཆིག་སྟོང་དྲུག་པརྒྱའི་གྲངས་ཐམས་ཅད་བརྟག་མི་ནུས་སོ། །དེའི་ཕྱིར་སྐབས་དེ་རྣམས་མ་གཏོགས་པའི་ཉིན་དང་མཚན་གྱི་ཆ་སོ་སོར་ཕྱེ་ནས་གྲངས་བརྟགས་པས་རགས་རྩིས་ལ་ངེས་པ་རྙེད་རྙེད་དུ་སྦྱོང་བའོ། །གཉིས་པ་རྗེས་སུ་འགྲོ་བ་ནི། དེ་ཉིད་ལས། ཐུན་མཚམས་ཀྱི་ནི་རབ་དབྱེ་བས། །དེ་ནས་རྗེས་འགྲོའི་བཟླས་པ་ནི། །ཐུན་ཚོད་སོ་སོར་སྲོག་རྣམས་དང༌། །སྲོག་དང་རྩོལ་བ་བརྟག་པ་སྟེ། །ཉིས་སྟོང་པདུན་པརྒྱའི་གྲངས་ཀྱིས་ནི། །ཡང་དག་པར་ནི་ངེས་གཟུང་བྱེད། །ཡོངས་སུ་དཔྱོད་པའི་རྣམ་པ་ཡིས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །ཉིན་དང་མཚན་དུ་ངེས་པར་ནི། ཞེས་དེ་ལྟར་ཉིན་མཚན་གཉིས་སུ་ཕྱེ་བའི་རགས་པའི་གྲངས་ངེས་རྙེད་ནས། ཐུན་ཚོད་རེ་རེ་ལ་རླུང་ཉིས་སྟོང་པདུན་པརྒྱ་རེ་རྒྱུ་བའི་གྲངས་ཕྱིན་ཅི་མ་ལོག་པར་ངེས་པར་འཛིན་པར་བྱེད་དེ། ཞག་ཉེར་བདུན་གྱི་པར་དུ་མེ་ལ་སོགས་པའི་དཀྱིལ་འཁོར་བཞིའི་དབྱེ་


JLD006_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཉིན་མཚན་གཉིས་ཀྱི་ཐུན་ཚོད་སོ་སོའི་རླུང་ཡོངས་སུ་དཔྱོད་པའི་རྣམ་པ་ཡིས་བགྲང་བར་བྱའོ། །འགྲེལ་པའི་འགྱུར་ལས། ཐུན་ཚོད་རེ་རེར་སྲོག་དང་ནི། །རྩོལ་བ་ལ་ནི་བརྟག་པ་སྟེ། ཞེས་འབྱུང་ངོ༌། །འགྲེལ་པས་ཐུན་ཚོད་རེ་རེའི་ཚད་འཇིག་རྟེན་པ་ལ་གྲགས་པ་ལྟར་ཉིན་མཚན་གྱི་དབྱེ་བས་བརྒྱད་དམ། ཕལ་ཆེར་ཆུ་ཚོད་བརྒྱད་པརྒྱད་ལ་བྱས་ནས། རླུང་དགུ་པརྒྱ་པ་གཅིག་ལ་འཇུག་ལྡང་གནས་གསུམ་གྱིས་བསྒྱུར་བས་བརྒྱ་ཕྲག་ཉེར་བདུན་དུ་བྱེད་པ་ཉིད་སྟོང་པདུན་པརྒྱའི་དོན་དུ་བཤད་དོ། །འདི་ནི་མི་འཐད་དེ། ཆུ་ཚོད་བརྒྱད་ཚན་རེའི་ཡུན་རླུང་དགུ་པརྒྱ་རེས་མི་རྫོགས་པར་སྔར་བཤད་པའི་ཕྱིར་དང༌། རླུང་དགུ་རེའི་དུས་ཚད་ནི་དགོངས་པ་ལུང་སྟོན་ལས་ཐུན་ཕྱེད་རེར་གསུངས་པས། ཐུན་ཚོད་ཀྱི་ཚད་མིན་པའི་ཕྱིར་དང༌། རླུང་དགུ་པརྒྱ་པོ་རེ་རེ་ལ་འབྱུང་འཇུག་གཉིས་གཉིས་ལས་མེད་པས་འཇུག་ལྡང་གནས་པ་གསུམ་གསུམ་གྱིས་བསྒྱར་བ་མི་འཐད་པའི་ཕྱིར་དང༌། འདིར་རླུང་གི་གྲངས་རྣམས་ནི་འབྱུང་འཇུག་གཉིས་གཉིས་ལ་རེ་རེ་བརྩི་བའི་སྐབས་སུ་སྣང་བའི་ཕྱིར་ཏེ། ཉི་ཁྲི་ཆིག་སྟོང་དྲུག་པརྒྱ་བཞིན་ནོ། །དེས་ན་ཐུན་ཚོད་ནི་སྐབས་འདིར་ཉིན་ཞག་གཅིག་གི་བརྒྱད་ཆ་ཡིན་ལ། དེའི་ཡུན་ལ་རླུང་ཉིས་སྟོང་པདུན་པརྒྱ་རེ་རྒྱུ་བ་གྲངས་བགྲང་བའོ། །གསུམ་པ་གནས་ཀྱི་དབྱེ་བ་ནི། དེ་ཉིད་ལས། དེ་ནས་གནས་པ་འབད་པ་ཡིས། །ཐ་དད་དུ་ནི་རབ་ཏུ་བརྟག །རྩ་ཡི་འཁོར་ལོ་རྒྱུ་བ་ཡིས། །འབྱུང་དང་རྡུབ་པ་ངེས་པར་ནི། །ངེས་པར་བཟུང་བའི་སྦྱོར་བ་ལས། །རྩ་ཡི་འཁོར་ལོ་དཔྱད་པར་བྱ། །དེ་ནི་འཁོར་ལོ་རྩ་དབྱེ་བས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། ཞེས་སོ། །


JLD006_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པས་འདི་སྔར་བཤད་པ་བཞིན་དུ་རྩ་འཁོར་དྲུག་པོ་རེ་རེ་ལ་རླུང་དགུ་དགུ་རྒྱུ་བ་ངེས་པར་བྱེད་པ་ལ་བཤད་ནས་བཞི་པ་རླུང་བརྒྱ་རྩ་བརྒྱད་ཀྱིས་བསྐྱེད་པའི་རྣམ་རྟོག་གི་རྒྱུ་བ་ངེས་པར་བྱེད་པ་ལ་བཤད་དོ། །ཐུན་ཚོད་རེ་རེ་ལ་རླུང་ཇི་ཙམ་རྒྱུ་བ་ངེས་པའི་རྗེས་དེ་ནས། རླུང་སྐྱེ་བའི་གནས་རྩའི་འཁོར་ལོ་ལ་རླུང་རྒྱུ་བའི་ཚུལ་འབྱུང་རྡུབ་བགྲངས་ནས་ངེས་པར་བྱེད་དེ། དེའང་རྩ་འདབ་འདི་ལས་རླུང་འདི་རྒྱུའོ་ཞེས་ངེས་པར་བཟུང་བ་ལས། སྔར་བཤད་པ་ལྟར་ལྟེ་བའི་རྩ་འདབ་བཞི་ལ་རླུང་རྒྱུ་བ་ན་སྤྱི་བོའི་གཉིས་ལ་རྒྱུ་བ་སོགས་ངེས་པར་བྱེད་པ་ཡིན་པར་མཐོང་ངོ༌། །སྔ་མ་གཉིས་ཕྱིའི་དུས་ཚོད་ལ་རླུང་གི་གྲངས་ངེས་པར་བྱེད་པས་རགས་པའི་ཕྱིར། རླུང་དང་རྩའི་ཁ་དོག་གསལ་བར་མ་མཐོང་ཡང་ངེས་ནུས་ལ། འདི་ནི་རླུང་དང་རྩའི་ཁ་དོག་མཐོང་ནས་རྩ་སོ་སོའི་རྒྱུ་བ་སོ་སོར་ངེས་པར་བྱེད་པའོ། །འདི་ལའང་ཞག་ཉེར་བདུན་རེ་ལ་ཞེས་པ་དང་ཡོངས་སུ་དཔྱོད་ཅེས་པ་གཉིས་སྦྲེལ་ལོ། །འདི་ལ་གནས་ཀྱི་དབྱེ་བས་རྟོག་པ་ཞེས་ཐ་སྙད་བྱས་ན་ལེགས་སོ། །བཞི་པ་མཚན་ཉིད་ལ་རྟོག་པའམ་དུས་ཀྱི་དབྱེ་བའི་རྟོག་པ་ནི། དེ་ཉིད་ལས། དེ་ནས་མཚན་ཉིད་ཡང་དག་ནི། །གནས་ཀྱི་དབྱེ་བས་བརྟག་པར་བྱ། །གནས་ནི་སོ་སོར་རྣམ་བརྟགས་རྣམས། །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །རྣམ་རྟོག་མེད་པ་སྦྱོར་བ་མཆོག །རྟོག་པ་སྤངས་པའི་བདག་ཉིད་ཅན། །དངོས་པོ་ཀུན་གྱི་རང་བཞིན་བདག །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །འདི་ནི་ཡང་དག་རྣལ་འབྱོར་མཆོག །ཉིན་ཞག་ཉི་ཤུ་རྩ་བདུན་གྱིས། །མཚན་ཉིད་སྒོམ་པའི་རྣལ་འབྱོར་བ། །ཇི་ལྟར་གནས་


JLD006_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པ་རབ་བསྒོམས་པས། ཞེས་སོ། །རླུང་གི་གནས་རྩའི་འཁོར་ལོ་དྲུག་ནི་སོ་སོར་བརྟགས་ནས་དེ་རེ་རེ་ལ་སྔར་བཤད་པ་ལྟར་དགུ་དགུ་རྒྱུ་བའི་སྒོ་ནས་ཞག་གཅིག་ལ་བརྒྱད་ཀྱིས་ལྷག་པའི་བརྒྱ་རྒྱུ་བ་ངེས་པར་བྱ་སྟེ། འདིའང་རྩ་དང་རླུང་ཁ་དོག་རྒྱུ་བ་གསལ་བར་མཐོང་ནས་མིན་ནོ། །རྣམ་རྟོག་མེད་པར་བྱེད་པའི་རླུང་གི་སྦྱོར་བ་སྟེ་རྣལ་འབྱོར་དེ་དག་གི་མཆོག་སྟེ་དངོས་པོ་ཀུན་གྱི་རང་བཞིན་འོད་གསལ་རྣམ་རྟོག་སྤངས་པའི་བདག་ཉིད་ཅན་དུ་འཇུག་པའི་ཐབས་སོ། །བརྒྱད་ཀྱིས་ལྷག་པའི་རླུང་བརྒྱ་རྒྱུ་ངེས་པར་བྱེད་པའི་ཡང་དག་པའི་རྣལ་འབྱོར་འདི་ནི་མཆོག་གོ །བསྒོམས་པས་རླུང་ངེས་པར་བྱེད་ཅེས་སྦྱར་རོ། །འགྲེལ་པས། རྣམ་རྟོག་བརྒྱ་རྩ་བརྒྱད་ངེས་པ་ལ་སྦྱོར་བ་ལྟར་ན་རྣམ་རྟོག་མེད་པ་ནི་དོན་དམ་པར་ཉོན་མོངས་ཀྱིས་སྟོང་པའོ། །མཆོག་ནི་ནམ་མཁའ་དང་མཉམ་པའོ། །སྦྱོར་བ་ནི་དོན་དམ་པར་ཉེ་བར་ཞི་བའོ། །དེའི་ཕྱིར་རྣམ་རྟོག་སྤངས་པའོ། །དངོས་པོ་ཀུན་གྱི་རང་བཞིན་ཤེས་པ་ཉིད་དེ་དང་དེར་སྣང་བ་དང༌། བརྒྱ་དང་བརྒྱད་ནི་རྟོག་པ་རྣམས་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ལ་བཤད་དོ། །ལྔ་པ་རླུང་ལྡོག་པ་ནི། དེ་ཉིད་ལས། རྟོག་དང་བཅས་པའི་རྣམ་འབྱོར་བས། དེ་ལས་རྣལ་འབྱོར་ལོག་ནས་ནི། །མི་རྟོག་པ་ཡི་རླུང་ཆེན་པོ། །རྩ་ཡི་འཁོར་ལོར་རྣམ་པར་རྒྱུ། །དེ་ནས་ཉོན་མོངས་ཀུན་སྦྱོར་ལས། །ངེས་པ་ལས་ནི་དོན་དམ་པ། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །ལས་དང་པོ་ཡི་སྦྱོར་བ་ཡིས། །ལོག་པར་བློ་དང་ལྡན་པས་བསྒོམ། །ཞེས་སོ། །རྣལ་འབྱོར་བ་རྟོག་པ་བརྒྱ་རྩ་བརྒྱད་དང་བཅས་པ་དེ་ལས་ལོག་ནས་རྣམ་པར་མི་རྟོག་པའི་རླུང་ཆེན་པོ་རྩའི་འཁོར་ལོ་རྒྱུ་བ་དེ་ནས། ཉོན་མོངས་ཏེ་རྣམ་རྟོག་ཡུལ་དང་ཀུན་ཏུ་


JLD006_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལས་ཟློག་པའི་དོན་དམ་པ་ངེས་པ་ལས་ནི་རྣམ་རྟོག་བསྐྱེད་པའི་རླུང་ལྡོག་པར་འགྱུར་རོ། །དེའི་ཕྱིར་རྡོར་བཟླས་མཐར་ཕྱིན་པ་ལ་མོས་པའི་ལས་དང་པོ་པའི་སྦྱོར་བ་སྟེ་རྣལ་འབྱོར་གྱིས་ཞག་ཉེར་བདུན་ལ་རྣམ་རྟོག་བསྐྱེད་པའི་རླུང་ལོག་པར་བློ་དང་ལྡན་པས་བསྒོམ་པར་བྱའོ། །འདི་ནི་རླུང་ངམ་རྣམ་རྟོག་བརྒྱ་རྩ་བརྒྱད་ངེས་པའི་རྗེས་དེ་ནས་སྔར་བཞིན་རྡོ་རྗེའི་བཟླས་པ་ཞག་ཉེར་བདུན་དུ་བྱས་པས། །རྣམ་རྟོག་བསྐྱེད་པའི་སྲོག་ཐུར་གྱི་རླུང་རྣམས་རིམ་གྱིས་དབུ་མར་འཇུག་པའོ། །དྲུག་པ་ཡོངས་དག་ནི། དེ་ཉིད་ལས། དེ་ནས་རྣམ་དག་དེ་དག་ཀྱང༌། །ཡང་དག་རྣལ་འབྱོར་སྟོབས་ཀྱིས་ནི། །སྲོག་དང་རྩོལ་བའི་རྣམ་འབྱོར་རྣམས། །ཀུན་ནས་རབ་ཏུ་སྤངས་ནས་ནི། །རླུང་གི་དེ་ཉིད་ཁོ་ནའི་རྒྱུ། །རྣལ་འབྱོར་མཆོག་ནི་བསྒོམ་པར་བྱ། །གཉིས་མེད་མཆོག་གི་རྣལ་འབྱོར་གྱིས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །རླུང་གི་དེ་ཁོ་ན་ཉིད་རྟེན། །གཡེང་བའི་སེམས་ནི་དག་པར་འགྱུར། ཞེས་སོ། །རླུང་ལྡོག་པའི་རྗེས་དེ་ནས་རྣམ་དག་པསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། སྲོག་དང་རྩོལ་བ་སྟེ་རླུང་འབྱུང་འཇུག་བགྲང་བའི་རྣལ་འབྱོར་རྣམས་རབ་ཏུ་སྤངས་ནས་ཡང་དག་པའི་རྣལ་འབྱོར་གྱི་སྟོབས་ཀྱིས་རྣལ་འབྱོར་དྲུག་གི་ནང་ནས་མཆོག་ཏུ་གྱུར་པ་ཡོངས་དག་གི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ནི་རླུང་གི་དེ་ཁོ་ན་ཉིད་མཐར་ཐུག་པ་འོད་གསལ་གྱི་རླུང་ལ་རླུང་གཞན་དང་རྣམ་རྟོག་རྣམས་སྡུད་པའི་རྒྱུ་སྟེ་གཉིས་སུ་མེད་པའི་རྣལ་འབྱོར་མཆོག་ཡོངས་དག་གི་རྣལ་འབྱོར་གྱིས་ཞག་ཉེར་བདུན་གྱི་བར་ལ་བསྒོམ་མོ། །དེས་ནི་ཕྱི་རོལ་ཏུ་གཡེང་བའི་རླུང་དང་ཀུན་རྟོག་


JLD006_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དག་པར་འགྱུར་རོ། །འདི་ནི་སྔ་མ་ལྔས་རླུང་ཐམས་ཅད་དབུ་མར་ཚུད་པའི་རྗེས་སུ་འབྱུང་འཇུག་མི་བགྲང་བར་སྙིང་གའི་མི་ཤིགས་པའི་ཐིག་ལེ་ཨ་ཡིག་ལ། རླུང་རྣམས་བསྡུས་ནས་དེར་སེམས་གཏད་དེ་བསྒོམས་པས་རླུང་ཀུན་རྟོག་རྣམས་ཞི་བར་བྱེད་པས་ཡོངས་དག་ཅེས་བྱའོ། །མདོར་ན་རྡོར་བཟླས་འདི་ལ་ཐོག་མར་རླུང་དབུ་མར་འཇུག་པ་ཞིག་དང༌། ཚུད་པའི་རྗེས་སུ་སྙིང་གའི་མི་ཤིགས་པ་ལ་དེ་རྣམས་སྡུད་པ་ཞིག་དང་གཉིས་ཤེས་དགོས་ཏེ། བཙུད་པའི་དགོངས་པ་ནི་དེ་ཡིན་པའི་ཕྱིར་རོ། །འགྲེལ་པས་དེ་དག་ཅེས་པ་རླུང་དེ་རྣམས་ཞེས་དང༌། རྣལ་འབྱོར་གྱི་སྟོབས་དང་དངོས་པོ་མེད་པ་བསྒོམ་པའམ་ཡིགེ་གསུམ་པསྒོམ་པ་དང༌། སྲོག་དང་རྩོལ་བའི་རྣམ་རྟོག་རྣམས་ཞེས་བཏོན་ནས་ཟག་བཅས་ལ་ཕྱོགས་པ་ལས་ལོག་ནས་ཟག་མེད་ཀྱི་དགེ་བ་བསྒོམས་པས་སླར་མི་སྐྱེ་བར་བཀག་པ་ནི་ཀུན་ནས་སྤངས་པའི་དོན་དུ་འཆད་མོད་ཀྱང༌། རྡོར་བཟླས་བསྒོམ་པའི་ཚུལ་བཤད་རྒྱུད་ཀྱིས་རྒྱས་པར་བཀྲལ་བ་ལ་དྲུག་ལས་མ་བྱུང་ལ། འདི་དྲུག་གི་ནང་དུ་རླུང་དབུ་མར་བཙུད་པའི་རྗེས་སུ་མི་ཤིགས་པ་ལ་སྡུད་པའི་རྣལ་འབྱོར་གཅིག་མེད་ན་གཞན་ནས་ཀྱང་མི་རྙེད་ལ། རྣམ་རྟོག་གི་རླུང་ལོག་ནས་མི་རྟོག་པའི་རྩའི་འཁོར་ལོར་རྒྱུ་བའི་རྗེས་ལ་འདི་ལྟར་བསྒོམ་དགོས་ཞེས་པའི་སྒོམ་ཚུལ་ཡང་འཆད་པར་འགྱུར་པས་མི་འཐད་དོ། །སྒྲོན་གསལ་ལས། སྲོག་རྩོལ་གྱི་སྐབས་སུ་སྙིང་གར་ཨ་ཐུང་བསམས་ནས་སྲོག་ནི་ཐིག་ལེར་གྱུར་པར་བཞག་ཅེས་པའི་དོན་མི་ཤིགས་པའི་ཐིག་ལེར་སྲོག་སྟེ་རླུང་རྣམས་སྡུད་པར་བཤད་པའི་དོན་ཡང་འདི་ཡིན་ནོ། །དེས་ན་འགྱུར་ཡང་། སྲོག་དང་རྩོལ་བའི་རྣལ་འབྱོར་རྣམས། ཀུན་ནས་


JLD006_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་སྤངས་ནས་ནི། ཞེས་བསྒྱུར་བ་ཉིད་ལེགས་སོ། །རྡོ་རྗེ་ཕྲེང་བའི་སྐབས་མང་པོར་སྔགས་ཀྱི་དེ་ཉིད་དམ་རྡོ་རྗེ་བཟླས་པ་ཟླ་བ་དྲུག་པྱ་བར་གསུངས་པའི་ཟླ་བ་རེ་རེ་ལ་ཇི་ལྟར་བྱ་བའི་ཚུལ་དང་རླུང་གི་ཉམས་མྱོང་ཇི་ལྟར་སྐྱེ་བའི་རིམ་པ་ནི་སྔར་བཤད་པ་དེ་བཞིན་དུ་རིག་པར་བྱ་ཡི། བཤད་པའི་རྒྱུད་ཀྱིས་ལེགས་པར་གཏན་ལ་ཕབ་པ་འདི་འདྲ་བའི་རྣམ་གཞག་མ་ངེས་པར་རྡོར་བཟླས་ཀྱི་སྒོམ་ཚུལ་མ་བཤད་པ་གཞན་ལ་མན་ངག་ཏུ་བྱེད་པས་ནི། བློ་གྲོས་ཆེན་པོ་བཤད་པའི་རྒྱུད་ལ་དྲིས་པ་རྣམས་མགུ་བར་མི་ནུས་ཏེ། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཞལ་ལས་རྟོགས་པར་བྱ། ཞེས་གསུངས་པའི་དོན་མ་རྙེད་པའི་ཕྱིར་རོ། །གཉིས་པ་ནི། རྡོ་རྗེ་བཟླས་པའི་རིམ་པ་ལས། རྩ་རྒྱུད་ཀྱིས་སྔགས་ཐམས་ཅད་བསྡུས་པ་ཡིགེ་གསུམ་དུ་གསུངས་པ་དེ་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་པ་དང༌། དེའང་དགོངས་པ་ལུང་སྟོན་གྱིས་བཤད་པར་གསུངས་ལ། དགོངས་པ་ལུང་སྟོན་གྱིས་རླུང་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་གྱི་ངོ་བོར་ཟློ་བར་གསུངས་སོ། །རྡོ་རྗེ་ཕྲེང་བ་ལས། དངོས་ཟིན་ལ་རླུང་ལ་ལྡང་འཇུག་གཉིས་མ་གཏོགས་པ་གནས་པ་ཟུར་དུ་མ་བཤད་ཅིང༌། དེ་གཉིས་ཀྱང་ལེའུ་དྲུག་པ་ལས། ཧཱུཾ་ཧོཿ གཉིས་དང་སྦྱར་ནས་ཟློ་བ་དང༌། དེ་ལ་སྔགས་ཀྱི་དེ་ཉིད་དུ་གསུངས་སོ། །ལེའུ་བཅོ་ལྔ་པ་ལས་ནི། སྔར་བཤད་པ་ལྟར་ཡི་གེ་གསུམ་གྱི་སྔགས་བཏུས་ཤིང་། དེའང་ཡི་གེ་གསུམ་ཙམ་འདོན་པའི་ཆེད་མིན་གྱི་རླུང་གི་དེ་ཉིད་ལ་མཁས་པར་བྱ་བ་དང་། དེའང་ཟླ་བ་དྲུག་ཏུ་བཟླས་པས་འགྲུབ་པར་གསུངས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་གསུངས་པའི་ལེའུ་


JLD006_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །སྔགས་ནི་གསུམ་གྱིས་བཟླས་བརྗོད་བྱ། །དེ་ཡིས་མྱུར་དུ་དངོས་གྲུབ་འགྱུར། །རླུང་གི་དེ་ཉིད་ཕ་རོལ་ཕྱིན། ཞེས་དང༌། དེ་ཉིད་ཀུན་གྱི་དོན་བསྡུས་པ། །སྙིང་གའི་པདྨ་མཆོག་ཏུ་གསལ། །ཟླ་དྲུག་པཟླས་པས་འགྲུབ་པར་ནི། །འགྱུར་ཏེ་གཞན་དུ་མ་ཡིན་ནོ། ཞེས་གསུངས་སོ། །དེ་ན་ལྡང་འཇུག་གནས་པ་གསུམ་རེ་རེ་དང་ཡི་གེ་གསུམ་རེ་རེ་ནས་སྦྱོར་བ་མི་གསལ་ཡང༌། དགོགས་པ་ནི་དེ་ལྟར་ཡིན་ཏེ། འཕགས་པ་ལྷས། དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། ཞེས་རྡོར་ཕྲེང་ལས་གསུངས་པའི་དོན་བཀྲལ་བ་ན། རླུང་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་སྦྱར་ནས་ཟློ་བའི་དོན་དུ་བཤད་པའི་ཕྱིར་རོ། །ལཀྵྨཱི་དང་ཨ་ལམ་ཀ་ཀ་ལ་ཤས། །གསང་བའི་པདྨར་འགྲོ་འོང་སྟོན། ཞེས་པའི་སྐབས་སུ་འགྲོ་བ་དང་མི་འགྲོ་བ་དང་འོང་བ་ཞེས་བྱ་རྒྱུ་ལ་འགྲོ་འོང་ཞེས་པར་གྱི་ཚིག་མི་མངོན་པར་བྱས་པའོ་ཞེས་འཆད་དོ། །གཞན་ཡང་རྡོར་ཕྲེང་ལས། རྡོར་བཟླས་ཀྱི་སྐབས་སུ་ཡི་གེ་ཧ་ཟློ་བ་དང༌། ཧཱུཾ་ཡིག་ཟློ་བར་གསུངས་པའི་སྔ་མ་ནི་རླུང་ཉིད་ལ་བྱེད་པར་སྔར་བཤད་ཟིན་ལ། ཕྱི་མ་ཡང་སྔགས་ཀྱི་དེ་ཉིད་ཀྱི་ཕྱོགས་གཅིག་གི་མཚོན་བྱེད་ཡིན་པར་བཤད་ཟིན་ཏོ། །འོ་ན་རྣལ་འབྱོར་བས་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་པརྒྱ་བཟླ་བར་ནི་བཤད་ལ། དེ་ནི་རླུང་འབྱུང་འཇུག་གཉིས་གཉིས་ལ་རེ་རེར་བྱས་པའི་གྲངས་ཡིན་ལ། དེ་གཉིས་ལས་མ་གཏོགས་པའི་གནས་པའི་དུས་མེད་པའི་ཕྱིར་ཨ་དང་གནས་པ་སྦྱར་ནས་ཇི་ལྟར་བཟླ་སྙམ་ན། བོད་ཀྱི་བླ་མ་སྔོན་དུས་པ་རྣམས། ལྡང་འཇུག་གཉིས་ཀྱི་


JLD006_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཅུང་ཟད་གནས་པ་རེ་བྱས་ལ་ཨ་དང་སྦྱར་གསུང་ངོ༌། །དེ་ལ་ཕྱིས་ཀྱི་བླ་མ་ཁ་ཅིག་ན་རེ། དེ་ལྟ་ན་རང་ག་བའི་བཟླས་པར་བཤད་པ་དང་འགལ་ཞིང་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་པརྒྱར་བཤད་པ་མ་ཚང་བའི་སྐྱོན་དུ་འགྱུར་པས། ཆེད་དུ་འཛིན་པ་མི་བྱ་བར་བཟླ་ཞེས་འདོད་དོ། འདི་ལའང་བརྒལ་བ་དེ་ཉིད་དུ་ད་དུང་འཇུག་པས་དེའི་ལན་ད་དུང་སྨྲ་དགོས་ཤིང༌། དེ་ལྟ་ན་རང་གར་རྒྱུ་བ་ལ་ལྡང་འཇུག་གཉིས་མ་གཏོགས་པའི་གནས་པ་མེད་པས་ཨ་ཡིག་གནས་པ་དང་སྦྱོར་བའི་རླུང་གི་གནས་པ་དེ་སྨྲ་དགོས་སོ། །གལ་ཏེ་རླུང་རྡུབ་པ་རྫོགས་ནས་སྣ་བུག་ཏུ་ཕྱིར་མ་བྱུང་བའི་བར་སྐབས་ཡོད་པས་དེའོ་སྙམ་ན། ནང་དུ་འཇུག་པ་རྫོགས་མ་ཐག་ཕྱིར་རྒྱུ་བའི་མགོ་ཟུག་པས་དེ་གཉིས་ལ་ནི་བར་སྐབས་མེད་ལ། ནང་ནས་སྣ་བུག་ཏུ་མ་སླེབ་པའི་བར་ལ་གནས་པར་བྱེད་ན། སྣ་བུག་ནས་ནང་དུ་ཞུགས་མ་ཐག་ནས་རང་གནས་སུ་མི་སླེབ་པར་ཡང་གནས་པར་བྱ་དགོས་པས་འགྲོ་འོང་ལ་གནས་པའི་མིང་བཏགས་པ་ཙམ་མོ། །དེས་ན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་པརྒྱར་བཤད་པ་ནི། རླུང་འགྲོ་འོང་གཉིས་མ་གཏོགས་པ་གནས་པ་ཟུར་དུ་མ་བྱས་པའི་ལུགས་ཡིན་ལ། རང་ག་བར་འཇུག་པའི་བཟླས་པའང་དེ་ཉིད་ཡིན་ནོ། །ཡི་གེ་གསུམ་དང་སྦྱོར་བའི་ཚེ་ནི་ༀ་དང་ཧཱུཾ་ལས་ལོགས་སུ་ཨ་ཡོད་པ་བཞིན་དུ་འཇུག་ལྡང་གཉིས་ལས་ལོགས་སུ་གནས་པ་བྱ་དགོས་པས་ནང་དུ་རྡུབས་ཟིན་པའི་དེ་མ་ཐག་ཏུ་ནང་དུ་གནས་པ་རེ་ཆེད་དུ་བྱས་ནས་ཕྱིར་ལྡང་བ་ཧཱུཾ་དང་སྦྱར་རོ། །དེ་ཙམ་གྱིས་རང་ག་བའི་བཟླས་པར་བཤད་


JLD006_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འགལ་ན། ཡི་གེ་གསུམ་དང་སྦྱོར་བའང་རང་བཞིན་པའི་རླུང་ལ་མེད་པས་དེའང་དེ་དང་འགལ་བས་རྡོར་བཟླས་མ་ཡིན་པར་འགྱུར་རོ། །གཉིས་པ་ལ་གསུམ། སྙིང་གའི་རྩ་མདུད་རྡོར་བཟླས་ཀྱིས་འགྲོལ་བར་བསྟན་པ། དེ་ཉིད་རྩ་མདུད་གྲོལ་བ་གཞན་ལས་མཆོག་ཡིན་ཚུལ། རྡོ་རྗེ་བཟླས་པ་གཅིག་ཏུ་གསུངས་པའི་རྒྱུ་མཚན་ནོ། །དང་པོ་ནི། རྒྱུད་རྡོར་ཕྲེང་གི་ལེའུ་དྲུག་པ་ལས། སྔགས་ཀྱི་དེ་ཉིད་ཀྱིས་དེ་འབྱེད། །རྣལ་འབྱོར་མདུད་པ་བཀྲོལ་ནས་ནི། །རླུང་གི་དེ་ཉིད་རིག་པ་དེ། །ཁྱད་པར་དབྱེ་བའི་སྦྱོར་བ་ཡིས། །སྦྱོར་བ་དེ་ཡང་མི་རིགས་གོ །ཞེས་སྔགས་ཀྱི་དེ་ཉིད་རྡོར་བཟླས་ཀྱིས་རྩ་མདུད་འབྱེད་ཅིང་དེའང་གཞན་གྱིས་མི་རིག་པས་རྟོགས་དཀའ་བ་དང་དོན་དེ་རྣལ་འབྱོར་མའི་དྲིན་གྱིས་ཞལ་ནས་ཞལ་དུ་བརྒྱུད་པར་གསུངས་སོ། །དེ་ནས་གསང་བདག་གིས། ཐིག་ལེའིདབྱེ་བ་རིགས་བཅས་པས། །གང་ཤེས་མྱུར་དུ་རྣལ་འབྱོར་མཆོག །སྦྱོར་བས་མདུད་པ་འབྱེད་པར་བྱེད། །ཁམས་གསུམ་པ་ཡི་འགྲོ་བ་འདི། །མྱུར་དུ་དངོས་གྲུབ་མཆོག་ཏུ་འགྲོ ། ཞེས་ཐིག་ལེའི་དབྱེ་བ་རིགས་པ་དང་བཅས་པ་གང་གིས་ཤེས་པས་རྩ་མདུད་ཕྱེ་ནས་དངོས་གྲུབ་མཆོག་ཏུ་མྱུར་དུ་འགྲོ་བ་བསྟན་དུ་གསོལ་ཞེས་ཞུས་པའི་ལན་དུ། སྙིང་གི་པདྨའི་སྦུབས་མཁའ་ལ། ཞེས་སོགས་སྔར་དྲངས་པ་ལྟར་གསུངས་ཏེ་སྙིང་གའི་དབུས་ཀྱི་རྩ་མདུད་ཀྱི་དབུ་མའི་སྦུབས་ན་མི་ཤིགས་པའི་ཐིག་ལེ་ཡོད་པ་དང༌། རྩ་དེའང་འབྱེད་དཀའ་བའི་མདུད་པ་གསུམ་གྱིས་དཀྲིས་ནས་ཡོད་པ་དང༌། མདུད་པ་དེས་སྲོག་ཐུར་གཉིས་ནས་འགྲོ་བའི་གོ་སྐབས་བཀག་པས་ཡན་


JLD006_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མན་དུ་རྒྱུ་མི་ནུས་པར་གསུངས་ཤིང༌། ཡང་རྣམ་ཤེས་ཀྱི་ཤིང་རྟའི་རླུང་བག་ཆགས་ཀྱིས་བསླད་པས་འཁོར་བར་འཁྱམས་པས་དེ་བཟློག་པའི་ཕྱིར་ཐིག་ལེའི་དབྱེ་བ་སྟེ་སྔགས་ཀྱི་དེ་ཉིད་བསྒོམ་པ་ལ་འབད་པར་གྱིས་ཤིག་ཅེས་གསུངས་ནས། མ་རིག་གཞན་གྱིས་མི་ཤེས་པ། །དབུས་ཀྱི་མདུད་པ་དེ་ཡང་ནི། །དེ་ཕྱེ་ན་ནི་དངོས་གྲུབ་འགྱུར། ཞེས་གསུངས་ཤིང༌། དེ་ནས་མར་འདོད་པས་ཆུ་སྲུབ་པ་དང༌། རྒྱ་མཚོའི་ཕ་མཐའི་ས་ལ་འགྲོ་བར་འདོད་པས་ལམ་རྒྱུས་མི་འདྲ་བར་འགྲོ་བ་ནི་དཀའ་བ་སྤྱོད་པ་ཙམ་དུ་ཟད་ཀྱིས་འདོད་པའི་འབྲས་བུ་མེད་པ་བཞིན་དུ། མན་ངག་དང་བྲལ་བའི་སྒྲུབ་པ་པོས་འབད་ཀྱང༌། འདོད་པའི་འབྲས་བུ་མེད་པས་དཀའ་བ་ཆེར་བྱེད་པ་ཙམ་དུ་ཟད་དོ། །དེས་ན་རྣལ་འབྱོར་མའི་ཞལ་དང་བླ་མའི་ཞལ་ནས་བརྒྱུད་པའི་མན་ངག་བསླབ་བོ་ཞེས་གསུངས་པ་ན། གསང་བདག་གིས་གདམས་ངག་དེ་གསུང་བར་ཞུས་སོ། །དེའི་ལན་དུ་སྐལ་མེད་ཀྱི་བསམ་པའི་དབང་གིས་རྒྱུད་ཀུན་ཏུ་སྦས་ནས་གང་དུའང་གསལ་བར་མ་བྱས་པ་བཤད་པར་བྱའོ་ཞེས་གསུངས་ནས་ཧཱུཾ་དང་ཧོཿ ཡི་རྡོར་བཟླས་བཤད་དོ། །འདི་ནི་མཚོན་པ་ཙམ་སྟེ་ཡི་གེ་གསུམ་གྱི་རྡོར་བཟླས་ཀྱང་དེ་དང་འདྲའོ། །དེ་གཉིས་ཀྱི་མིང་ལ་སྒྲ་དང་ཐིག་ལེ་ཞེས་གསུངས་པའི་དོན་འགྲེལ་པས་སྙིང་གའི་མདུད་པའི་སྟེང་དུ་སྒྲ་སྟེ་ཧཱུཾ་དང་སྨིན་མཚམས་ཀྱི་དབུས་སུ་ཐིག་ལེ་སྟེ་ཧོཿ བསྒོམ་པ་དང་དང་པོར་ལྡང་འཇུག་གི་རླུང་གཉིས་ལ་ཧཱུཾ་དང་ༀ་གྱི་སྒོ་ནས་སེམས་བཟུང༌། དེ་ནས་དབུ་མ་ནས་རྒྱུ་བའི་རླུང་ང་དྲུག་རྐང་པཅས་ལ་སེམས་


JLD006_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའི་རྗེས་ལ་ཨ་ཡིག་ལ་བཞག་གོ །དེའང་ཚེག་དྲུག་གཉིས་ལ་མོས་པས་སོ། །དེ་གཉིས་ཀྱང་ཧཱུཾ་ཧོཿ གཉིས་ལ་མོས་པར་བྱའོ། །ཡི་གེ་གསུམ་པོ་དེ་ཉིད་ལ་ཞུགས་ཏེ་ཧཱུཾ་ཡིག་ཀྱང་ཆ་ཤས་སུ་བརྟགས་པས་ཐིག་ལེ་སྨིན་མའི་དབུས་སུ་གནས་པ་ལ་རླུང་གི་ངོ་བོས་བསྡུ་བར་བྱའོ་ཞེས་པ་མན་ངག་ཏུ་འཆད་དོ། །དེ་ལྟར་ན་རླུང་དབུ་མར་ཞུགས་པའི་སྤྱི་ཙམ་མིན་གྱི་དབུ་མའི་བྱེ་བྲག་ཁྱད་པར་ཅན་དགྲོལ་དཀའ་བའི་སྙིང་གའི་རྩ་མདུད་བཀྲོལ་ནས་དེའི་གནས་སུ་རླུང་རྣམས་འཇུག་དགོས་ཤིང༌། དེ་ནི་རྡོར་བཟླས་སྔགས་ཀྱི་དེ་ཉིད་གཅིག་པུས་བྱེད་པར་གསུངས་སོ། །གཉིས་པ་ལ་གཉིས། རྡོ་རྗེ་གསུམ་གྱི་ཡི་གེའི་དོན་བཤད་པའི་སྒོ་ནས་རླུང་དབུ་མར་འཇུག་པ་བསྟན་པ་དང༌། དེ་གསུམ་གྱི་ནང་ནས་གཙོ་བོ་གང་ཡིན་ངོས་བཟུང་བའོ། །དང་པོ་ནི། རྒྱུད་རྡོར་ཕྲེང་གི་སྐུ་གསུང་ཐུགས་ཀྱི་སྙིང་བོ་བཤད་པའི་ལེའུ་ལས། དང་པོ་ༀ་ཡིག་གི་དོན་བཤད་པའི་སྐབས་སུ། ༀ་ནི་སྐུ་ཡི་རྡོ་རྗེ་ཡི། །སྙིང་བོ་རུ་ནི་ཡང་དག་པཤད། །ཡི་གེ་ཨ་ནི་ཡི་གེ་ཨོ། །ཡི་གེ་མ་ཞེས་བྱ་བ་གསུམ། ཞེས་ༀ་གྱི་ཡི་གེ་གསུམ་ངོས་བཟུང་སྟེ་འགྲེལ་པར་ༀ་ཡིག་མེད་པར་ཨུ་ཡིག་ཡོད་པ་ནི་ལེའུ་བཅོ་ལྔ་པ་དང་མཐུན་ནོ། །དེ་ལ་ཨ་ཡིག་གི་དོན་ནི་དེ་ཉིད་ལས། ཨ་ནི་ཆོས་འཁོར་པདྨར་གནས། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །འདི་ཉིད་ཁོ་ན་རླུང་ཆེན་པོ། །སྲོག་ཅེས་བྱ་བ་ཐམས་ཅད་གསུངས། །ཞེས་པའི་དོན་ནི་སྙིང་ག་ནས་སྨིན་དབུས་ཀྱི་རླུང་གི་འཁོར་ལོའི་བར་ལ་ཁྱབ་པའི་སྲོག་འཛིན་གྱི་རླུང་སྟེ། དེས་རླུང་ཐམས་ཅད་བསྡུས་ཞེས་འགྲེལ་པར་འབྱུང་ངོ༌། །ཨུ་ཡིག་གི་དོན་ནི། དེ་ཉིད་ལས། །ཨོ་ནི་ལོངས་སྤྱོད་


JLD006_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོར་གནས། །མེ་དང་ཉི་མ་འདྲ་བ་ཡི། །མགྲིན་པའི་མཐར་གནས་སྤྱི་གཙུག་མཐར། །ཁྱབ་པ་གཟི་བརྗིད་ཀྱི་ནི་ལུས། །ཞེས་གསུངས་སོ། །འགྲེལ་པར་ཨུ་ནི་ཞེས་འབྱུང་བས་ཨུ་ཡིག་གི་དོན་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོའི་བར་དུ་ཁྱབ་པར་གནས་པ། མེ་དང་ཉི་མའི་འོད་དང་མཚུངས་པའོ། །གཟི་བརྗིད་ཀྱི་ལུས་ནི་འབར་བའི་ངོ་བོའོ། །འདིས་མགྲིན་པའི་འོད་ཟེར་དམར་པོའི་ངོ་བོ་ཉིད་ཀྱི་གྱེན་རྒྱུའི་རླུང་ཨུ་ཡིག་གི་དོན་དུ་བསྟན་ནོ། །མ་ཡིག་གི་དོན་ནི། བདེ་ཆེན་འཁོར་ལོ་ཞེས་བྱར་གནས། །ཡི་གེ་མ་ནི་ཐིག་ལེ་ཙམ། །མཐོ་བའི་ཚད་ནི་སོར་བཅུ་གཉིས། །རྒྱལ་བོ་གཙུག་ཏོར་གནས་ནས་གནས། ཞེས་སོ། །དེ་ལ་སྨིན་མཚམས་ནས་ཡར་ལ་སོར་བཅུ་གཉིས་སུ་མཐོ་བའི་ཚད་གཙུག་ཏོར་གྱི་གནས་ན་གནས་པའི་ཐིག་ལེ་མ་ཡིག་གི་དོན་ནོ། །རྐང་པ་ཐ་མ་ལ་འགྲེལ་པས་བརྒལ་བར་བྱས་ནས་སྟེང་དུ་གནས་ཞེས་འབྱུང་ངོ༌། །ཧཱུཾ་ཡིག་གི་སྐབས་སུ། དེ་དག་གཅིག་གྱུར་སྙིང་ག་ལ། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། །ཅེས་གསུངས་ནས་གཞན་གཉིས་ལ་དེའི་དོད་རེ་མ་གསུངས་ཀྱང༌། དེ་ལ་དཔགས་ནས་གོ་ནུས་པས། འདིར་ཡང་། དེ་དག་གཅིག་གྱུར་སྤྱི་བོ་ལ། །སྐུ་ཡི་ས་བོན་དུ་ནི་བརྗོད། ཅེས་སྦྱར་རོ། །དེ་ལྟར་བྱས་ན་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ལྟེ་བར་རང་གནས་ཀྱི་ཐིག་ལེ་དང་སྲོག་འཛིན་དང་གྱེན་རྒྱུ་དང་གསུམ་གཅིག་ཏུ་བསྡུས་པ་ནི་སྐུ་རྡོ་རྗེའི་ཡི་གེ་ༀ་གྱི་དོན་ནོ། །ཨཱཿ ཡིག་ལ་ཨ་གཉིས་དང་ཧ་དང་གསུམ་ཡོད་པའི་ཨ་ཡིག་སྔ་


JLD006_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དོན་སྔར་དང་འདྲ་སྟེ། ཡི་གེ་ཨ་ནི་སྔར་བཤད་ཟིན། །སྲོག་གི་རླུང་ནི་མཆོག་ཡིན་ནོ། ཞེས་གསུངས་སོ། །ཨ་ནི་ཆོས་འཁོར་པདྨ་ལས། །མགྲིན་པར་ཡི་གེ་ཨ་ཉིས་འགྱུར། ཞེས་པ་ནི་སྲོག་རླུང་སྙིང་གའི་པདྨ་ལས་བྱུང་ནས་མགྲིན་པ་དང་གཉིས་ཀ་ལ་ཁྱབ་པར་བྱེད་པས། ཨ་ཡི་ཉིས་འགྱུར་གྱི་ཨཱ་རིང་བོ་སྟེ་ཨ་ཡིག་གཉིས་ཀའི་དོན་གཅིག་ཏུ་བྱས་པས་ཨ་རིང་བོར་སོང་བའོ། །སྲོག་ཉིད་དང་ནི་ཐུར་སེལ་བ། །ཡི་གེ་ཧ་ཡིས་ཀུན་ནས་ནི། །མགྲིན་པའི་དབུས་ན་གནས་པ་བཅིངས། ཞེས་པ་ནི། གསུང་གི་རྡོ་རྗེའི་ཡི་གེ་གསུམ་པ་ཧ་ཡིག་གིས་ཀུན་ནས་བསྟན་པའི་དོན་ཐུར་སེལ་གྱི་རླུང་ངོ༌། །ཡི་གེ་གསུམ་གྱི་དོན་གཅིག་ཏུ་གྱུར་པ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བར་ཨཱཿ ཡིག་ཡིན་པས། མགྲིན་པའི་འཁོར་ལོའི་དབུས་ན་གནས་པ་གྱེན་རྒྱུ་དང་སྲོག་ཐུར་གཉིས་དང་གསུམ་པོ་གནས་དེར་བཅིངས་པ་སྟེ་གཅིག་ཏུ་བྱས་པ་ནི་གསུང་རྡོ་རྗེའི་ཡི་གེ་ཨཱཿ ཡིག་གི་དོན་དུ་ཤེས་པར་བྱའོ། །ཧཱུཾ་ཡིག་ལ་ཧ་དང་ཨུ་དང་མ་གསུམ་ཡོད་པའི་ཧ་ནི། ཧ་ནི་ཐུར་སེལ་མིང་ཅན་རླུང༌། །བཤད་སྒོ་གསང་བའི་དབུས་ན་གནས། ཞེས་གསུངས་ཏེ་བཤད་སྒོ་ནས་གསང་གནས་ཀྱི་པདྨའི་དབུས་པར་དུ་གནས་པའི་ཐུར་སེལ་ནི་ཧ་ཡིག་གི་དོན་ནོ། །ཡི་གེ་ཨུ་ནི་སྟེང་འགྲོའི་རླུང༌། །མགྲིན་པའི་པདྨའི་དབུས་ན་གནས། ཞེས་པ་ནི། མགྲིན་པའི་པདྨའི་དབུས་ན་གནས་པའི་སྟེང་འགྲོ་སྟེ་གྱེན་རྒྱུའི་རླུང་ནི་ཨུ་ཡིག་གི་དོན་ནོ། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་བར་རླུང་གི་འཁོར་ལོ་ལ། ཞེས་པ་ནི་སྨིན་མཚམས་རླུང་གི་འཁོར་ལོའི་བར་དུ་ཁྱབ་པའི་སྲོག་འཛིན་གྱི་རླུང་ནི་མ་ཡིག་གི་དོན་ནོ། །དེས་ན་དེ་དག་གཅིག་


JLD006_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཞེས་སོགས་གསུངས་ཏེ། སྲོག་ཐུར་གཉིས་དང་གྱེན་རྒྱུ་གསུམ་སྙིང་གའི་པདྨའི་ལྟེ་བར་གཅིག་ཏུ་གྱུར་པ་ནི་ཐུགས་རྡོ་རྗེའི་ཡི་གེ་ཧཱུཾ་ཡིག་གི་དོན་ནོ། །དེ་དག་གིས་ནི་ཡི་གེ་གསུམ་འདུས་པ་ལས་ༀ་ཡིག་སོགས་གསུམ་དུ་གྱུར་ནས་གནས་གསུམ་ན་གནས་པའི་ངེས་དོན་གྱི་བཤད་པ་བྱས་པས་འཁོར་ལོ་གསུམ་གྱི་ལྟེ་བའི་དབུ་མའི་ནང་དུ་སྲོག་ཐུར་དང་གྱེན་རྒྱུའི་རླུང་རྣམས་ཚུད་པ་རྡོ་རྗེ་གསུམ་གྱི་ཡིག་དོན་དུ་བཤད་དེ། འཁོར་ལོ་གསུམ་གྱི་དབུས་ཀྱི་རྩ་མདུད་གསུམ་གྲོལ་བའི་གནས་སུ་རླུང་རྣམས་ཚུད་པ་ཡི་གེ་གསུམ་གྱི་དོན་དུ་བསྟན་པའོ། །གཉིས་པ་ལ་གཉིས། སྙིང་གའི་དབུས་ན་རླུང་གསུམ་སྦྱོར་བ་གཙོ་བོ་ཡིན་པའི་ཚུལ་དངོས་དང༌། རླུང་འགོག་པའི་ཐབས་བཤད་པའོ། །དང་པོ་ནི། དེ་ནས་གསང་བདག་གིས། །རྡོ་རྗེ་གསུམ་གྱི་ཡིག་དོན་དང༌། །གནས་ཀྱི་དབྱེ་བ་རྟོགས་ལགས་ན། །འདི་རྣམས་དབུས་ན་བདག་པོ་གང༌། །ཇི་ལྟ་བུ་ཞིག་གཙོ་བོར་གསུངས། །ཞེས་རྡོ་རྗེ་གསུམ་གྱི་ཡི་གེའི་དོན་རླུང་རྣམས་གཅིག་ཏུ་སྦྱོར་བ་གསུམ་དང༌། གང་དུ་སྦྱོར་བའི་གནས་སྤྱི་བོ་ལ་སོགས་པ་གསུམ་རྟོགས་ལགས་ན། གསུམ་པོ་འདི་རྣམས་ཀྱི་དབུས་ན་སྟེ་ནང་ནས་བདག་པོ་གང་ཡིན། ཇི་འདྲ་ཞིག་གཙོ་བོར་བཞེད་ཅེས་དྲིས་སོ། །དེའི་ལན་དུ། གསང་བ་མཆོག་ཏུ་གསང་བ་ཡི། །སྦས་པའི་དོན་ནི་ཁྱོད་འདྲི་བ། །རྒྱུད་རྣམས་ཀུན་ཏུ་མ་གསུངས་པ། །རབ་ཏུ་བཤད་ཀྱིས་མཉན་པར་གྱིས། ཞེས་གསུངས་ཏེ། སྙིང་མགྲིན་སྤྱི་བོའི་འཁོར་ལོ་གསུམ་གྱི་དབུས་


JLD006_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་མདུད་གྲོལ་བའི་གནས་སུ་སྲོག་ཐུར་ལ་སོགས་པའི་རླུང་རྣམས་བསྲེས་པ་འདི་གསུམ་གྱི་ནང་ནས་གནད་འདི་ཆེ་ཞེས་པ་ནི་གསང་བ་ལས་ཀྱང་ཆེས་གསང་བ་རྒྱུད་གཞན་དུ་སྤས་པ་ཡིན་པས་དེ་བཤད་དོ། ཞེས་གསུངས་ཏེ། འདིའི་དོན་ལ་ངེས་པ་རྙེད་དགོས་སོ། །དེ་ནས། ཐུགས་ཀྱི་ས་བོན་བདག་པོ་སྟེ། །ཀུན་གྱི་ནང་ནས་རྣམ་རྟོག་མེད། །གང་ཕྱིར་གཙོ་བོ་གཞན་རྣམས་ནི། །འགྲིབ་དང་དེ་བཞིན་འཕྲོག་པར་བྱེད། །ཅེས་གསུངས་ཏེ། གསུམ་པོ་ཀུན་གྱི་ནང་ནས་ཐུགས་ཀྱི་ས་བོན་གྱི་དོན་སྙིང་གའི་རྩ་མདུད་གྲོལ་བའི་ནང་དུ་རླུང་གསུམ་གཅིག་ཏུ་བྱེད་པ་ནི་བདག་པོ་སྟེ། ཞེས་པ་ནི་དྲི་བ་སྔ་མའི་ལན་ནོ། །དེ་ཉིད་གཙོ་བོ་ཡིན་ནོ་ཞེས་པ་ནི་ཕྱི་མའི་ལན་ནོ། །དེའི་རྒྱུ་མཚན་གང་གི་ཕྱིར་ན། གནས་སྙིང་གའི་མདུད་པ་གྲོལ་བའི་གནས་སུ་རླུང་གཅིག་ཏུ་བྱེད་པ་དེ་རྣམ་པར་རྟོག་པ་དང་རྣམ་རྟོག་བསྐྱེད་པའི་རླུང་ཐམས་ཅད་མེད་པ་སྟེ་གཅོད་པར་བྱེད་པའི་ཕྱིར་ཏེ། རྣམ་རྟོག་མེད་པ་ལས་གཞན་རྣམ་རྟོག་དང་དེའི་རླུང་རྣམས་ནི་དེས་འགྲིབ་པར་བྱེད་པ་དང་འཕྲོག་པར་བྱེད་པའི་ཕྱིར་རོ། །དེ་ནི་དྲི་བའི་སྐབས་སུ་བདག་པོ་གང་ཡིན་གཙོ་བོར་ཇི་འདྲ་ཞིག་གསུངས་ཞེས་དྲིས་པའི་ལན་དང་སྦྱར་བ་ཡིན་ནོ། །ཡང་ན་གཙོ་བོ་གཞན་ནི་ཐུགས་རྡོ་རྗེ་ལས་གཞན་པ་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་སྟེ། དེ་གཉིས་ཀྱི་གནས་སུ་གྱུར་པའི་སྤྱི་བོ་དང་མགྲིན་པའི་རྩ་མདུད་རྣམས་ཐུགས་རྡོ་རྗེའི་རྩ་མདུད་གྲོལ་བ་དེས་འཇིག་པར་བྱེད་པ་ནི་རིམ་པ་བཞིན་དུ་འགྲིབ་པ་དང་འཕྲོག་པར་བྱེད་པའི་དོན་དུ་སྦྱར་རོ། །འགྲེལ་པས། ཡི་གེ་གསུམ་གྱི་ནང་ནས་ཧཱུཾ་ཡིག་གཙོ་བོ་ཡིན་ཏེ།


JLD006_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ནི་སེམས་ལ་རག་ལས་པའི་ཕྱིར་རོ། །ཀུན་གྱི་ནང་ནས་ཞེས་པའི་དོན་ཀུན་བྱང་གི་གནས་སྐབས་གཉིས་པོ་ཐམས་ཅད་ལ་རྣམ་རྟོག་གིས་སེམས་ཀྱི་རང་བཞིན་ལ་གོས་པ་མེད་པ་དང༌། གང་གི་ཕྱིར་ཏེ་ལུས་ངག་དང་སེམས་ཀྱི་ས་བོན་གང་ལས་བྱུང་བའི་རྣམ་རྟོག་བརྒྱ་རྩ་བརྒྱད་འགྲིབ་པ་དང་རླུང་རྣམས་འཕྲོག་པར་བྱེད་པ་ནི། རང་བཞིན་ཡོངས་སུ་ཤེས་ནས་སྤང་བར་འཆད་དེ། ཡི་གེ་གསུམ་གྱི་དོན་སྔར་བཤད་པ་གསལ་བོར་མ་མཁྱེན་ཞིང༌། སྙིང་གའི་དབུ་མའི་གནད་གཏན་མ་རྟོགས་པར་སྣང་ངོ༌། །དེ་ལྟར་རྒྱུ་མཚན་དེས་ནི་སྤྱི་བོ་དང་མགྲིན་པའི་དབུས་ཀྱི་ཨ་བ་དྷཱུ་ཏཱིའི་ནང་དུ་རླུང་འཇུག་ནུས་ཀྱང་སྙིང་གའི་རྩ་མདུད་འཇིག་མི་ནུས་པས་རྣམ་རྟོག་ཀུན་གཅོད་མི་ནུས་པར་བསྟན་ནོ། །དེ་ནས། རྣམ་པར་རྟོག་པའི་རླུང་གཉིས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །སྣ་ཡི་བུ་ག་ལས་ནི་རྒྱུ། །ལུས་ལ་རྟག་ཏུ་འབྱུང་བར་བྱེད། འགྲོ་བ་དྲུག་གི་འཁོར་ལོའི་ལམ། །གང་གི་སྟོབས་ཀྱིས་ཁྱབ་པར་བྱེད། ཅེས་གསུངས་པ་ནི། གཅད་བྱ་རྣམ་རྟོག་གི་རླུང་བསྟན་པར་བཞེད་ནས་བཤད་པ་ཡིན་ཏེ་རླུང་གཉིས་ནི་སྲོག་དང་ཐུར་སེལ་ལོ། །ལྷག་མ་ནི་གོ་སླའོ། །དེ་ནས། གསུམ་པ་རྣལ་འབྱོར་པ་ཡིས་རྟོགས། །རྣམ་རྟོག་མེད་པ་རྨད་བྱུང་ཆེ། །རླུང་རྣམས་ཐམས་ཅད་འགོག་པས་ན། །སྐྱེ་བ་དེ་ཉིད་རྟོགས་པའོ། །ཞེས་གསུངས་ཏེ། གསུམ་པ་ནི་ཐུགས་རྡོ་རྗེའི་ཡིག་དོན་སྙིང་གའི་རྩ་མདུད་གྲོལ་བའི་གནས་སུ་རླུང་བཅུག་པའོ། །རྟོགས་


JLD006_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྣལ་འབྱོར་བ་ལ་དེ་མངོན་དུ་འགྱུར་པའོ། །དེའི་ཚེ་རྣམ་རྟོག་མེད་པ་རྨད་དུ་བྱུང་བ་སྟེ་ངོ་མཚར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་ཞེས་སྦྱར་རོ། །དེ་ཉིད་རྟོགས་པ་ནི་རྨད་བྱུང་གི་དོན་ནོ། །རྒྱུ་མཚན་ནི་རླུང་དང་རྣམ་རྟོག་ཐམས་ཅད་འགོག་པ་སྟེ་མི་ཤིགས་པ་ལ་སྡུད་ནུས་པའི་ཕྱིར་རོ། །འདི་ནི་སྔར་ཐུགས་ཀྱི་ས་བོན་བདག་པོར་བཤད་པའི་རྒྱུ་མཚན་གསལ་དུ་བཏང་བ་ཡིན་ནོ། །གཉིས་པ་ལ་གསུམ། ཐབས་དངོས་དང༌། ཐབས་ལས་བྱུང་བའི་འབྲས་བུ་དང༌། དེའི་རྟགས་བཤད་པའོ། །དང་པོ་ནི། དེ་ནས། རླུང་ནི་ཐམས་ཅད་འགོག་པས་ན། །ཡང་དག་རིགས་པ་བདག་གིས་བཤད། ཅེས་འབྱུང་སྟེ་འགྲེལ་པ་ལས། རླུང་ནི་ཐམས་ཅད་འགོག་པ་ཡང༌། ཞེས་འབྱུང་བ་ལེགས་སོ། །དོན་ནི་རླུང་ཐམས་ཅད་འགོག་པའི་རིགས་པ་སྟེ་ཐབས་ཀྱང་བདག་གིས་བཤད་དོ་ཞེས་པ་སྟེ། སྙིང་གའི་རྩ་མདུད་བཀྲོལ་ནས་དབུ་མར་རླུང་འགོག་པའི་ཐབས་འཆད་པའོ། །དེ་ནས། སྤྲུལ་བ་ཆོས་ཀྱི་འཁོར་ལོའི་དབུས། །འདིར་ནི་པདྨ་གཉིས་སུ་གསུངས། །དྲུག་ཅུ་རྩ་བཞི་པརྒྱད་འདབ་གཉིས། །སྟེང་དང་འོག་ཏུ་ཁ་བལྟས་བཞིན། །ཞེས་གསུངས་ཏེ་རེ་བཞིའི་འདབ་མ་ནི་སྤྲུལ་བའི་འཁོར་ལོ་ལ་ཡིན་ལ། བརྒྱད་ཀྱི་འདབ་མ་ནི་ཆོས་ཀྱི་འཁོར་ལོ་ལ་སྟེ་དེ་ལྟར་གཉིས་སོ། །རྐང་པ་བཞི་པ་ལ་འགྲེལ་པས་དེ་དག་ཟ་མ་ཏོག་བཞིན་གནས་ཞེས་འབྱུང་བ་ལེགས་ལ། དེའི་དོན་ནི་སྙིང་གའི་པདྨ་ཁ་ཐུར་བལྟ་དང༌། ལྟེ་བའི་པདྨ་ཁ་སྟེང་དུ་བལྟ་བར་སཾ་བྷུ་ཊ་ལས་བཤད་པ་ལྟར་གནས་པས་ཟ་མ་ཏོག་ཁ་སྦྱོར་དང་འདྲ་བར་གནས་པའོ། །


JLD006_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཡང་དག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །དེ་གཉིས་ཁོ་ན་རྟོག་བཅས་པའི། །རླུང་གཉིས་སུ་ནི་གསལ་བར་གསུངས། །སྐུ་དང་གསུང་གི་སྙིང་བོ་གཉིས། །ལ་ལ་ན་དང་ར་ས་ན། །ཨ་བ་དྷཱུ་ཏཱི་མཆོག་གི་རྩ། །ཞེས་གསུངས་ཏེ། གཞན་སླ་ལ་འགྲེལ་པས་སྲོག་ཐུར་གཉིས་སྐུ་དང་གསུང་གི་སྙིང་བོར་བཤད་པ་ནི། འདི་ཉིད་ལས། ལ་ལ་ན་དང་ར་ས་ན། ཨ་བ་དྷཱུ་ཏཱི་ཞེས་བྱའི་མིང༌། །སྐུ་གསུང་ཐུགས་ཀྱི་རང་བཞིན་དང༌། ཞེས་ལ་ལ་ན་སྐུ་དང་ར་ས་ན་གསུང་དུ་བཤད་པ་དང་མི་མཐུན་པས། རྩ་གཉིས་དང་སྐུ་གསུང་གཉིས་སྦྱོར་བ་ཡིན་གྱི་རླུང་གཉིས་དང་སྦྱོར་བ་མིན་ནོ། །དེ་ནས། དེ་གཉིས་དབུ་མ་མཆོག་གི་མཆོག །རྣམ་རྟོག་མེད་པའི་རླུང་གང་ཡིན། །རྟག་ཏུ་རྒྱུ་ཞིང་ཀུན་ལ་ཁྱབ། །རྣལ་འབྱོར་གང་ཐོབ་རྟག་ཏུ་ནི། །སེམས་ཅན་དོན་བྱེད་ནུས་པར་འགྱུར། །རླུང་གི་རང་བཞིན་བྱེ་བྲག་ནི། །བརྒྱ་དང་བརྒྱད་ལས་གང་རྒྱལ་བ། །དུས་ཀུན་ཏུ་ནི་རྒྱལ་ནས་གནས། །རྣལ་འབྱོར་བྱིས་པས་མི་ཤེས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །དེ་ཡིས་ཐོབ་པར་རྒྱུད་འདིར་གསུངས། །དེ་ནི་གང་ཚེ་སྐད་ཅིག་འཐོབ། །དེ་ནི་སྐད་ཅིག་མཆོག་ཏུ་གསུངས། །དེ་ཡང་ཇི་ལྟར་ཐོབ་པར་བྱེད། །དེ་ལ་རིགས་པ་རུ་ནི་བརྗོད། །ཐོག་མ་རྣལ་འབྱོར་བ་ཆེན་པོ། །བློ་བཟང་གིས་ནི་ཞི་གནས་བསྒོམ། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །ཁྲོ་བོའི་ཕྱག་རྒྱ་བྱས་ནས་ཀྱང༌། །དབང་བོ་ཡི་ནི་སྒོ་དགུ་


JLD006_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐམས་ཅད་དུ་ནི་ཀུན་སྡོམ་པ། །ཧཱུཾ་བཟླས་པ་ནི་མཚུངས་མེད་བྱ། །མཆོག་ཏུ་རྒྱུན་མི་འཆད་པར་ནི། །ཟླ་བ་དྲུག་ཏུ་བྱས་ནས་ཀྱང༌། །དེ་རྗེས་སྐད་ཅིག་དེ་ལ་ཐོབ། །ཅེས་གསུངས་ཏེ། འོད་གསལ་མངོན་པར་བྱང་ཆུབ་པ་དེ་རྩ་དབུ་མར་རླུང་ཆུད་པས་འཐོབ་པ་དང༌། །དེ་ལ་ཐོག་མར་བསྐྱེད་རིམ་མཐར་ཕྱུང་ནས་དེ་ནས་རྡོ་རྗེ་བཟླས་པ་ཟླ་བ་དྲུག་པྱས་པས་འཐོབ་པར་བསྟན་ཏེ། སྔར་རླུང་འགོག་པའི་ཐབས་བཤད་ཅེས་པའི་ཐབས་ནི་འདིའོ། །དེ་དག་གི་དོན་སྔར་ཡང་བཤད་ཟིན་ཏོ། །དེ་ནས། གང་ཕྱིར་དེ་ནི་བཟླས་བྱས་ན། །སྙིང་གའི་པདྨའང་སྟེང་བལྟས་འཇིག །དེ་ནས་གསང་བའི་པདྨ་ཡི། །ཁ་སྦྱོར་བ་ནི་བྱེ་ནས་ཀྱང༌། །རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ། །ཞེས་གསུངས་ཏེ། ཟླ་བ་དྲུག་ཏུ་རྡོར་བཟླས་རྒྱུན་མི་འཆད་དུ་བྱས་པའི་རྗེས་ལ་མངོན་པར་བྱང་ཆུབ་པ་འོད་གསལ་འཐོབ་པའི་ཚུལ། གང་ཕྱིར་ཏེ་འདི་ལྟར་རྡོར་བཟླས་དེ་བཟླས་པར་བྱས་ན། དེའི་མཐར་སྙིང་གའི་པདྨའི་རྩ་མདུད་འཇིག་གོ །དེར་མ་ཟད་ཁ་སྟེང་དུ་བལྟས་པའི་སྤྲུལ་བའི་འཁོར་ལོའི་རྩ་མདུད་ཀྱང་འཇིག་གོ །དེ་ནས་གསང་གནས་ཀྱི་པདྨའི་རྩ་མདུད་ཀྱི་ཁ་སྦྱོར་བའང་བྱེ་ནས་འགྲོའོ། །དེའི་ཚེ་རྣམ་པར་རྟོག་པའི་རླུང་སྲོག་ཐུར་གཉིས་རྩ་གཞན་ལ་རྒྱུ་བ་རྣམ་པར་བཅད་ནས་དབུ་མར་འགྲོའོ། །འགྲེལ་པར། སྙིང་གའི་པདྨའི་སྟེང་བལྟས་འགྲོ ། ཞེས་བཏོན་ནས་ཟ་མ་ཏོག་ལྟ་བུ་དེའི་ཁ་བྱེ་བས་སྟེང་ཕྱོགས་སུ་འགྲོ་བས་ཏེ་ཁ་གབ་བྱེ་བར་འགྱུར་རོ། །དེ་ནས་གསང་བའི་པདྨ་སྤྲུལ་བའི་འཁོར་


JLD006_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བྱེ་བ་སྟེ་ཟ་མ་ཏོག་བཅིངས་པ་ལྟ་བུ་དེ་བཟློག་པ་ལ་འཆད་དེ། ཁ་སྦྱོར་བྱེ་བའི་དོན་སྔར་བཤད་པའི་ཟ་མ་ཏོག་ལྟར་གནས་པའི་ཁ་སྦྱོར་དེ་བྱེ་བ་ལ་འདོད་དོ། །དེ་ནི་སྟེང་འོག་ཏུ་བལྟ་བ་ཙམ་ཡིན་གྱི་རྩ་འཁོར་གཉིས་ཁ་སྦྱོར་དུ་ཡོད་པ་མིན་པས་འདིར་ནི་མདུད་པ་འཇིག་པ་ཡིན་ཏེ། རྒྱུད་ཀྱི་སྐབས་མང་པོར་རྡོར་བཟླས་ཀྱིས་མདུད་པ་འབྱེད་པ་དང་མདུད་པ་འཇིག་པ་དང་མདུད་པ་འཇོམས་པར་གསུངས་པའི་ཕྱིར་རོ། །རྒྱུད་འདིར་རྩ་འཁོར་དྲུག་བཤད་པའི་ནང་དུ་གསང་གནས་ཀྱི་རྩ་འཁོར་ལ་བཤད་ཀྱང༌། ལྐོག་མ་སྙིང་ག་ལྟེ་བ་དང༌། །གསང་བའི་པདྨར་འགྲོ་འོང་སྟོན། ཞེས་པའི་སྐབས་སུ་ལྟེ་བ་ལས་ལོགས་སུ་གསང་གནས་ཀྱི་པདྨའམ་འཁོར་ལོ་བཤད་པས་སྙིང་གའི་པདྨའང་སྟེང་བལྟས་འཇིག །ཅེས་འདོན་པ་ལྟར་ལེགས་སོ། །དེས་ན་སྙིང་གའི་པདྨ་དང་སྟེང་བལྟས་སོ་སོར་བྱས་ལ་འགྲོ་ཞེས་མི་བྱ་བར་འཇིག་པའི་དོན་དུ་བཤད་དོ། །སྙིང་གའི་རྩ་མདུད་ཞིག་པས་ལྟེ་བ་དང་གསང་བའི་རྩ་མདུད་འཇིག་པར་འདིར་བསྟན་ལ། ལོངས་སྤྱོད་དང་བདེ་ཆེན་གྱི་འཁོར་ལོའི་རྩ་མདུད་འཇིག་པར་སྔར་བཤད་ཅིང་སྨིན་མཚམས་ཀྱི་རྩ་མདུད་འཇིག་པར་འཆད་པར་འགྱུར་པས། སྙིང་གའི་རྩ་མདུད་གྲོལ་བའི་མཐུས་རྩ་མདུད་གཞན་ཐམས་ཅད་འགྲོལ་བར་བསྟན་ནོ། །རྒྱུད་འདིར་སྙིང་ག་ལ་རྩ་མདུད་བཤད་པ་མ་གཏོགས་པ་གཞན་རྣམས་དེ་བཞིན་དུ་མི་གསལ་ཡང༌། དེ་དག་ལ་རྩ་མདུད་མི་བཞེད་པ་མིན་ཏེ། གསང་བའི་པདྨ་ཡི། །ཁ་སྦྱོར་བ་ནི་


JLD006_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་ནས་ཀྱང༌། ཞེས་གསུངས་པའི་ཁ་སྦྱོར་ནི་རྩ་མདུད་ཡིན་ལ། ཀྱང་གི་དོན་ནི་དེའང་བྱེ་ཞེས་པའི་དོན་ཡིན་པས། སྟེང་བལྟས་འཇིག །ཅེས་པར་ཁ་སྦྱོར་ཞིག་པ་ཡིན་པས། ལྟེ་བ་དང་གསང་གནས་ལའང་རྩ་མདུད་ཡོད་པར་བསྟན་ནོ། །དེས་ན་འཁོར་ལོ་གཞན་ལའང་རྩ་མདུད་ཡོད་པར་དཔག་ནུས་སོ། །སྟེང་དང་འོག་ཏུ་ཁྱབ་པ་ཉིད། །སོ་སོར་ལུ་གུ་རྒྱུད་ཚུལ་དུ། །རྩ་རྣམས་ཀུན་ལ་ཁྱབ་ནས་ནི། །ཞེས་སྔར་དྲངས་པ་འདིས་ཀྱང་རྩ་གསུམ་ལུ་གུ་རྒྱུད་ཀྱི་ཚུལ་དུ་སྟེང་འོག་ཏུ་ཁྱབ་པར་གསུངས་ཏེ། ལུ་གུ་རྒྱུད་ནི་ལྕགས་སྒྲོག་གི་རྣམ་གྲངས་ཡིན་པས་རོ་རྐྱང་གཉིས་ཀྱིས་ཨ་བ་དྷཱུ་ཏཱི་ལ་འཁྱུད་པའི་རྩ་མདུད་སྟོན་པའོ། །གཉིས་པ་ནི། དེ་ནས། རྣམ་རྟོག་མེད་པའི་རླུང་ཆེན་པོ། །སྐུ་གསུང་རྡོ་རྗེ་བཅད་ནས་ནི། །རྣམ་རྟོག་མེད་པ་བདེ་བ་སྟེར། །སྔགས་ཀྱི་དེ་ཉིད་ཀྱིས་ནི་འཐོབ། །ཨ་བ་དྷཱུ་ཏཱིའི་རྒྱུན་ལ་གནས། །སྨིན་དབུས་རླུང་གིས་ཕྱེ་བྱས་ནས། །དེ་ཐོབ་ཐོབ་བྱས་དགའ་བ་ནི། །རྒྱུན་དུ་འཆར་ཞིང་མི་ཟད་པ། །ཆགས་སོགས་བྲལ་ཞིང་ཞི་བ་དང༌། །རང་རིག་བདེ་བ་ཆེན་པོ་ཡི། །ཞེས་སྐུ་དང་གསུང་གི་རྡོ་རྗེའི་རྩ་གཉིས་ལ་རྒྱུ་བའི་རྣམ་རྟོག་གི་རླུང་གཉིས་པོཅད་ནས། མི་རྟོག་པའི་རླུང་ཆེན་པོ་དབུ་མར་ཞུགས་པས་རྣམ་རྟོག་མེད་པའི་བདེ་བ་ཆེན་པོ་སྟེར་བ་ནི། སྔགས་ཀྱི་དེ་ཁོ་ན་ཉིད་རྡོར་བཟླས་ཀྱིས་ཐོབ་པར་བྱེད་པར་གསུངས་སོ། །སྨིན་མའི་དབུས་ཀྱི་རླུང་གི་འཁོར་ལོའི་རྩ་མདུད་དབུ་མར་ཞུགས་པའི་རླུང་གིས་ཕྱེ་ནས་ཨ་བ་དྷཱུ་ཏཱི་གཅིག་པུའི་རྒྱུན་ཏེ་ལམ་ལ་


JLD006_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གནས་པར་འགྱུར་རོ། །དེ་ཐོབ་པ་ན་ཐོབ་པ་དེས་བྱས་པ་སྟེ་དེས་བསྐྱེད་པའི་དགའ་བའམ་བདེ་བ་ཆེན་པོ་ནི་རྒྱུན་དུ་འཆར་ཞིང་མི་ཟད་པ་འབྱུང་ཞེས་པས་བདེ་བ་སྐྱེས་པ་དེ་བརྟན་པར་གསུངས་སོ། །ཆགས་སོགས་ནི་རྒྱུད་འདིའི་ལེའུ་གསུམ་པར་བཤད་པའི་དུག་གསུམ་ལ་སོགས་པའི་རྟོག་པ་བརྒྱ་རྩ་བརྒྱད་དེ། །དེ་རྣམས་ཞི་བ་དང་རྣལ་འབྱོར་བ་རང་གིས་རིག་གི་གཞན་གྱིས་མི་རིག་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་འཆར་རོ། །རྡོར་བཟླས་ཀྱིས་རླུང་དབུ་མར་བཅུག་པས་བདེ་བ་ཆེན་པོ་སྐྱེ་བའི་བདེ་བ་ནི། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བ་ཡིན་ལ། དེ་འཇུ་བ་ལ་ལྟེ་བའི་གཏུམ་མོའི་མེ་འབར་དགོས་པས་རླུང་དབུ་མར་ཞུགས་པས་མེ་སྦོར་ལུགས་ཇི་ལྟར་ཡིན་སྙམ་ན། འདི་ནི་གནད་ཤིན་ཏུ་ཆེ་སྟེ། འདི་མ་ཤེས་ན་རྡོར་བཟླས་ཀྱིས་དགའ་བ་བཞི་ཞེས་པའམ་སྟོང་པ་བཞིའི་ཡེ་ཤེས་བསྐྱེད་ཚུལ་མི་ཤེས་པས། རྡོར་བཟླས་ཀྱིས་སེམས་དབེན་གྱི་ཡེ་ཤེས་བསྐྱེད་པའི་གོ་རིམ་ལ་ངེས་པ་མི་རྙེད་དེ། །དེའི་ཕྱིར་ཐོག་མར་རྡར་བཟླས་ཀྱིས་གཏུམ་མོ་སྦོར་བ་དང་དེས་ཀུན་རྟོག་ཐམས་ཅད་འཇོམས་པར་བཤད་པ་ནི། རྡོར་ཕྲེང་ལས། གང་ཕྱིར་མཁའ་འགྲོ་རྣམས་སྡུད་པ། །དེ་ཕྱིར་བསྡུས་པའི་མཁའ་འགྲོར་བརྗོད། །ལྟེ་བའི་དབུས་ན་རྟག་བཞུགས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་པོའི་མེ་འབྱུང་བས། །ཀུན་རྟོག་ཐམས་ཅད་འཇོམས་པར་བྱེད། །འཆར་བས་ཕུང་བོའི་རྣམ་རྟོག་ནི། །བསྲེག་བྱས་བར་ཆད་མེད་པའི་ལུས། །


JLD006_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་ཁམས་ཀྱི་རྣམ་རྟོག་ནི། །བསྡུས་ནས་སླར་ཡང་རང་བཞིན་གྱིས། །གཟུང་དང་འཛིན་པའི་རྣམ་རྟོག་ནི། །དེ་རྗེས་དེ་ན་སླར་ཡང་སྡུད། །དེ་ལྟར་གང་ལ་ཕྱེ་ལེབ་བཞིན། །འཆིང་བ་ཐམས་ཅད་སྲེག་པར་བྱེད། །རླུང་གི་དེ་ཉིད་མངོན་སྦྱོར་བས། །སྔགས་ཀྱི་དེ་ཉིད་རིག་པ་ཡིས། །རྣམ་པར་རྟོག་པ་ཙམ་ཡང་ནི། །བསྲེག་པ་ཙམ་དུ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །དེ་ལ་རྐང་པ་དང་པོ་བཞིས་ལྟེ་བ་ན་གནས་པའི་གཏུམ་མོའི་ངོ་བོ་བསྟན་ཏོ། །དེ་ནས་གཉིས་ཀྱིས་དེ་འབར་བས་རྣམ་རྟོག་འཇོམས་པ་སྤྱིར་བསྟན་ལ། དེ་ནས་གཉིས་དང་ཕྱེད་དང་གཉིས་དང་ཕྱེད་གསུམ་གྱིས་རིམ་པ་བཞིན་དུ་ཕུང་བོ་དང་ཁམས་དང་གཟུང་འཛིན་གྱི་རྣམ་རྟོག་སྡུར་པར་གསུངས་སོ། །བར་ཆད་མེད་པ་ནི་ཡང་དང་ཡང་དུའམ་རྒྱུན་དུའི་དོན་ཡིན་ལ་ལུས་ནི་ལུས་ལ་བསྲེགས་ཞེས་པའོ། །འགྲེལ་པས་ཕུང་བོ་ནི་སངས་རྒྱས་ལྔའི་ས་བོན་དང༌། །ཁམས་ནི་ཡུམ་བཞིའི་ས་བོན་དང༌། གཟུང་འཛིན་ནི་སྤྲུལ་བ་དང་ལོངས་སྤྱོད་ཀྱི་འཁོར་ལོར་གནས་པའི་རྣམ་རྟོག་གམ། ཡང་ན་རྩ་གཡོན་པ་དང་གཡས་པ་ལ་བཀོད་པའི་ཡི་གེའོ། །ཞེས་འཆད་དོ། །དེ་ལྟར་ཞེས་པ་གཉིས་ནི་རྣམ་རྟོག་བསྲེག་པའི་དཔེ་དོན་སྦྱོར་བའོ། །དེ་ནས་གཉིས་ཀྱིས་ནི་གཏུམ་མོ་སྦར་ནས་རྣམ་རྟོག་བསྲེག་པ་རླུང་གི་དེ་ཉིད་ལྡང་འཇུག་གནས་པ་དང༌། སྔགས་ཀྱི་དེ་ཉིད་ཡི་གེ་གསུམ་སྦྱོར་བ་རིག་པ་ཡིས་བྱེད་པར་བཤད་དེ། དེས་ནི་རྣམ་རྟོག་ཕྲ་བ་ཡང་སྲེག་པར་ཐེ་ཚོམ་མེད་པར་གསུངས་སོ། །འགྲེལ་པར། སྔགས་ཀྱི་གཟུགས་ཀྱི་རིམ་པ་ཡིས།


JLD006_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཏོན་ནས་བསྐྱེད་རིམ་སྒོམ་པ་སྔོན་དུ་འགྲོ་བ་ལ་བཤད་དེ། རྒྱ་གར་གྱི་དཔེ་ལ་མི་འདྲ་བ་མང་པོ་ཡོད་པར་མངོན་ཡང༌། འགྱུར་སྔ་མ་ལྟར་ལེགས་སོ། །ཡང་དེ་ཉིད་ལས། རླུང་གི་དེ་ཉིད་ཡང་དག་བརྟེན། །ཡི་གེ་ཧཱུཾ་གིས་བསྐུལ་ནས་ནི། །མེ་ཡི་འཁོར་ལོ་རབ་སད་བྱེད། ཅེས་རླུང་གི་དེ་ཁོ་ན་ཉིད་ལ་བརྟེན་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་བསྐུལ་ནས་མེའི་འཁོར་ལོ་སྟེ་གཏུམ་མོ་རབ་ཏུ་སད་པར་བྱེད་པར་གསུངས་ཏེ། ཧཱུཾ་ཡིག་ནི་མཚོན་པ་ཙམ་མོ། །སྤྱིར་ལྟེ་བའི་གཏུམ་མོ་སྦར་ནས་བྱང་སེམས་བཞུས་པའི་མཐུས་རྣམ་རྟོག་སྤོང་བར་བྱེད་པ་ལ། ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་ཁུངས་ཐུབ་ཐམས་ཅད་མཐུན་ཡང༌། གཏུམ་མོ་སྦོར་ལུགས་ལ་མི་འདྲ་བ་མང་པོ་གསུངས་ཏེ། ཁ་ཅིག་ལས་འབར་འཛག་གི་དམིགས་པ་བསྒོམས་ནས་བྱེད། ཁ་ཅིག་ལས་བུམ་པ་ཅན་བསྒོམས་ནས་བྱེད། ཁ་ཅིག་ལས་ལུས་ཀྱི་གནད་རྣམས་སུ་ཡི་གེ་དང་ཐིག་ལེ་བསྒོམས་ནས་བྱེད་པ་སོགས་བཤད་པའི་གནད་ཀྱིས། རྒྱུད་སོ་སོ་དང་དེའི་དགོངས་འགྲེལ་སོ་སོས་གང་རྩལ་དུ་བཏོན་ནས་འཆད་པ་མི་འདྲ་བ་མང་པོ་ཡོད་པ་ལས། མགོན་པོ་ཀླུ་སྒྲུབ་ཀྱིས་གཞན་རྣམས་མ་བཤད་པར་རླུང་གི་རྣལ་འབྱོར་རྡོ་རྗེའི་བཟླས་པ་ཉིད་ལ་རྩལ་དུ་བཏོན་ནས་འཆད་པས་འདི་ཉིད་ཀྱིས་གཏུམ་མོ་སྦར་ནས་བྱང་སེམས་བཞུས་ཏེ་དགའ་བ་བཞི་དང་སྟོང་པ་བཞི་ཞེས་བཤད་པའི་ཡེ་ཤེས་རྣམས་བསྐྱེད་ནས་འོད་གསལ་དུ་འཇུག་ཚུལ་སྟོན་པ་ཡིན་ནོ། །དེས་ན་གདམས་ངག་


JLD006_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དེར་དངོས་སུ་འབར་འཛག་གི་དམིགས་པ་མ་བཤད་ཀྱང་མཐར་གཏུམ་མོ་འབར་ནས་བྱང་སེམས་བཞུ་བ་ལ་འཇུག་པ་ཡིན་པས། འབར་འཛག་གི་དམིགས་པ་ཡོད་པ་རྣམས་ཀྱི་ལྟར་ན་གཏུམ་མོ་ལམ་དུ་བྱེད་ལ། མ་བཤད་པ་རྣམས་ཀྱི་ལྟར་ན་གཏུམ་མོ་ལམ་དུ་བྱེད་པ་མིན་ནོ་སྙམ་ན་མི་བཟུང་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་ནས་བདེ་སྟོང་དབྱེར་མེད་དུ་སྦྱར་ཏེ་ལམ་བགྲོད་པར་མཐུན་ཞིང༌། དེའི་བདེ་བ་ནི་བྱང་སེམས་ཞུ་བའི་བདེ་བ་ཡིན་ལ། དེ་ཞུ་བ་ནི་གཏུམ་མོ་འབར་བ་ཁོ་ནས་སྒྲུབ་པའི་ཕྱིར་རོ། །ད་ནི་གཏུམ་མོའི་མེ་གང་གིས་སྦོར་བ་བཤད་པར་བྱ་སྟེ། སཾ་བྷུ་ཊ་དང་རྡོ་རྗེ་མཁའ་འགྲོ་ལས། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། ཞེས་རླུང་གིས་གཏུམ་མོ་སྦོར་བར་གསུངས་སོ། །དེ་ཡང་ཞལ་ལུང་ལས། གསང་གནས་ཀྱི་རླུང་གཡོས་པས་མེ་སྦོར་བར་གསུངས་སོ། །གཏུམ་མོ་ཐོག་མར་འབར་བའི་གནས་ནི་ལྟེ་བར་ཨ་ཐུང་དང༌། སུམ་མདོར་གནས་པའི་ཀྵ་ཡིག་ཚངས་པའི་མེར་གསུངས་པས་དེ་ནས་འབར་བ་ཡིན་གྱི་གནས་གཞན་ནས་མིན་པས་གསང་གནས་ཀྱི་རླུང་གིས་སྦོར་བར་བཤད་དོ། །དེ་ཡང་དབུ་མ་ནས་རྒྱུ་བ་གཅིག་ཡིན་ཏེ། །རྡོར་ཕྲེང་ལས། དབུས་སུ་རླུང་རྒྱུ་བ། མེ་སད་བྱེད་པར་ཤེས་པར་བྱ། ཞེས་དབུ་མ་ནས་རྒྱུ་བའི་རླུང་གིས་གཏུམ་མོའི་མེ་སད་པར་བྱེད་པར་གསུངས་སོ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། ཞེས་པའི་དོན་མན་སྙེར་ལས་ཀྱིས་བསྐུལ་བའི་རླུང་གིས་ཞེས་པར་བཀྲལ་ཞིང༌། བསྐུལ་བའི་ལས་ཀྱང་


JLD006_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་གཉིས་སྦྱོར་བའི་བྱ་བའི་ལས་དང༌། བསྒོམ་པའི་བྱ་བའི་ལས་གཉིས་ལ་བཤད་པ་ལྟར་ལེགས་སོ། །དེ་ལ་དབང་པོ་གཉིས་སྦྱོར་གྱིས་ལས་ཀྱིས་མེ་སད་བྱེད་ཀྱི་རླུང་བསྐུལ་ལུགས་དང༌། དེས་སྦར་བའི་མེས་རྩ་གནས་ནས་ཁམས་བཞུ་ཚུལ་དང༌། དེ་ལ་བརྟེན་ནས་བདེ་བ་སྐྱེ་ལུགས་ནི་རྡོར་ཕྲེང་ལས་འདུས་པ་ཞེས་པའི་ཚིག་གི་དོན་གསུངས་པའི་གནས་ནས། དཔའ་བོ་རྣལ་འབྱོར་མ་སྦྱོར་བ། །གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱར་བས་རེག་གྱུར་པ། །དེ་ཚེ་ནམ་མཁར་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང༌། །དེ་ཡིས་མེ་ནི་རབ་ཏུ་འབར། །རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས། །རྩ་རྣམས་རབ་སད་མེ་དེ་ཡིས། །བདེ་བ་ཀུན་གྱི་གོ་འཕང་མཆོག །བདེ་བ་ཆེན་པོ་བྱང་ཆུབ་སེམས། །རྣམ་པ་ཞུ་ནས་རྩར་གནས་པ། །རྡོར་གསུམ་རང་བཞིན་གཅིག་གྱུར་ཕྱིར། །ཁམས་རྣམས་རོ་གཅིག་གྱུར་པ་དང༌། །ཕུང་བོ་རྣམས་ནི་ཡོངས་ཟད་དང༌། །ངལ་བསོ་བ་ལས་རླུང་རྣམས་ནི། །དགའ་བ་རྣམས་ནི་ཡང་དག་སྐྱེ། །ཞེས་གསུངས་སོ། །དེ་ལ་ཡབ་ཀྱི་གསང་གནས་ཀྱི་རྩ་ཨ་བ་དྷཱུ་ཏཱིའི་མར་སྣ་དང༌། ཡུམ་གྱི་གསང་གནས་ཀྱི་རྩ་མཁའ་འགྲོ་གདོང་གི་མར་སྣ་གཉིས་ཕྲད་པའི་ཚེ། རྩ་དེ་གཉིས་ཀྱི་ཁོང་སྟོང་གི་ནམ་མཁའ་རྒྱས་པར་འགྱུར་རོ། །རྩ་སྦུབས་ཀྱི་ནམ་མཁའ་རྒྱས་པ་དེ་ལས་ནི་དེའི་ནང་དུ་རླུང་གསར་དུ་སྐྱེ་བར་འགྱུར་ཏེ། དེ་ནི་མེ་སད་བྱེད་ཀྱི་རླུང་དབང་བོ་གཉིས་སྤྱོར་གྱི་བྱ་བས་བསྐུལ་བ་སྟེ་ལྷག་མ་ནི་གོ་སླའོ། །


JLD006_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པས། རྣལ་འབྱོར་མའི་ལྟེ་བའི་དབུས་ཀྱི་ཨ་ཡིག་གི་དབྱུག་པ་བཅག་པས་དེའི་ནམ་མཁའ་རྒྱས་པ་ལ་འཆད་དེ། དོན་དུ་མ་མཐོང་ངོ༌། །འོ་ན་ལས་དང་པོས་བསྐུལ་ཚུལ་དེ་ལྟ་ཡིན་ན། བསྒོམས་པའི་ལས་ཀྱིས་བསྐུལ་ཚུལ་ཇི་ལྟར་ཞེ་ན། རྡོར་བཟླས་ལ་སོགས་པའི་རླུང་བསྒོམ་པ་ལ་སོགས་པའི་བྱ་བས་ཀྱང་ཨ་བ་དྷཱུ་ཏཱིའི་ནང་དུ་རླུང་ཞུགས་པར་བྱས་པས་རྩ་དེའི་ནམ་མཁའ་རྒྱས་པར་འགྱུར་ལ། དེ་ལས་མེ་སད་བྱེད་ཀྱི་རླུང་སྐྱེ་ཞིང་དེས་ནི་མེ་སྦོར་ལ་དེས་ཀྱང་ཁམས་ཞུ་བར་བྱེད་དོ། །འདི་ལ་གཞུང་གཞན་ལས་མེ་གཏུམ་མོ་འབར་བས་ཁམས་ཞུ་བ་ལ་བརྟེན་ནས་དགའ་བ་བཞི་སྐྱེ་བའི་རིམ་པའི་སྒོ་ནས་ལྷན་སྐྱེས་ལེགས་པར་ངོས་ཟིན་པར་བྱས་ནས། དེ་ཉིད་ཀྱི་རྒྱུན་སྐྱོང་བ་ཉིད་ཀྱིས་ལམ་བགྲོད་པ་ཙམ་ཞིག་འཆད་ལ། འཕགས་པ་ཡབ་སྲས་ཀྱི་གཞུང་ལས་ནི་གཏུམ་མོ་འབར་བ་ལ་བརྟེན་ནས་བྱང་སེམས་བཞུས་པའི་མཐུས་ས་ཆུ་ལ་ཐིམ་པ་ལ་སོགས་པའི་ཐིམ་རིམ་གྱི་སྒོ་ནས་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་ནས་འོད་གསལ་དུ་འཇུག་ཚུལ་གཙོ་བོ་འཆད་པས། སྟོན་ཚུལ་ཅུང་མི་འདྲ་སྟེ། འདིའི་རྒྱུ་མཚན་གནད་ཆེ་བས་ལེགས་པར་ཤེས་པར་བྱའོ། །གསུམ་པ་ནི། རྒྱུད་རྡོར་ཕྲེང་ལས། འདིར་ནི་རྒྱུ་མཚན་བཤད་པར་བྱ། །སྔགས་གྲུབ་པ་ཡི་རྣལ་འབྱོར་བས། །འདར་དང་རྔུལ་དང་བ་སྦུ་ལངས། །རྟག་ཏུ་དགའ་བའི་བསམ་པ་དང༌། །གདོང་ནི་ཟངས་མདོག་ཡིད་དུ་འོང༌། །ཀུན་གྱིས་མཐོང་ན་དགའ་བ་དང༌། །གྲང་ལྷག་ཆད་པ་ལ་སོགས་དང༌། །འཇིག་རྟེན་ཆོས་དང་དེ་བཞིན་གཞན། །རྣལ་འབྱོར་སྔགས་ཀྱི་དེ་ཉིད་ནི། །གནོད་


JLD006_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་མི་འགྱུར་རོ། ཞེས་སོ། །སྔར་རང་རིག་བདེ་བ་ཆེན་པོ་ཡི། ཞེས་བཤད་པ་དེའི་རྒྱུ་མཚན་ཏེ་རྟགས་འདིར་ནི་བཤད་པར་བྱ་ཞེས་བྱའོ། །སྔགས་གྲུབ་པ་ནི་རྡོར་བཟླས་མཐར་ཕྱིན་པའོ། །གདོང་ནི་བྱད་བཞིན་ནོ། །ཟངས་མདོག་ནི་ཟངས་དང་འདྲ་བར་འབར་བའོ། །གྲང་བ་དང་ལྷག་པར་ཚ་བ་ལ་སོགས་པ་དང༌། འཇིག་རྟེན་ཆོས་བརྒྱད་དང༌། དེ་ལས་གཞན་པའི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་རྒྱུ་རྣམས་ཀྱིས་ཀྱང་སྔགས་ཀྱི་དེ་ཉིད་བསྒོམ་པ་ལ་གནོད་པར་མི་འགྱུར་རོ། །འདི་ནི་སྤྱོད་བསྡུས་ལས་ཀྱང་རྒྱས་པར་གསུངས་སོ། །གཉིས་པ་ནི། རླུང་དགུ་པརྒྱ་རེ་ལ་ལྷ་མོ་བཞིའི་རླུང་གི་སྦྱོར་བ་བཞིར་བྱེད་པའི་ནང་གི་བདག་ཉིད་ཀྱི་དུས་འདི་ཉིད་གསལ་བར་བྱེད་པ་ནི་འདུས་པའི་རྒྱུད་ཕྱི་མར་གསུངས་སོ་ཞེས་བྱའོ། །ཇི་ལྟར་ཞེ་ན། རིག་པ་རིག་མ་གཉིས་རྣམ་གྲངས་པར་མང་དུ་བཤད་པས་རིག་པ་སྟེ་ཤེས་རབ་ལྷ་མོའི་ཆོ་ག་སྟེ་རླུང་གི་སྦྱོར་བ་འདི་ཡིས་ནི་ཐུན་ཏེ་མེ་ལ་སོགས་པའི་དཀྱིལ་འཁོར་བཞིར་རབ་ཏུ་སྦྱོར་བ་ལས། སྔགས་ཏེ་རྡོར་བཟླས་ཀྱི་ཡན་ལག་མ་ཉམས་པའི་ངང་ནས་སྔགས་ཏེ་བཟླས་པར་བྱའོ། །བཟླས་ཚུལ་ནི་ཡི་གེ་གསུམ་གྱི་གྲངས་ཀྱི་རླུང་གསུམ་མཚོན་པར་བྱ་བ་སྟེ་དེའི་ངོ་བོར་ཤེས་པར་བྱས་ལ་བཟླའོ། །ལཀྵྨཱིས། སྟོང་པ་བཞི་གང་གིས་རིག་པར་འགྱུར་པ་ནི་རིག་པ་སྟེ་གོས་དཀར་མོ་ལ་སོགས་པའོ། །དེ་རྣམས་གང་དུ་སྦྱོར་བ་ནི་དེའི་ཆོ་ག་སྟེ་དཀྱིལ་འཁོར་བཞིའོ། །དེ་རྣམས་ཀྱི་འཇུག་པ་ལ་སོགས་པའི་རིམ་པས་སྔགས་ཡི་གེ་གསུམ་པཟླ་བར་བྱའོ། །དེ་བཞིན་དུ་ཐུན་མཚམས་བཞི་


JLD006_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཀྱིལ་འཁོར་བཞི་ཁོ་ན་སྟེ། དེ་རྣམས་ཀྱི་སྦྱོར་བ་ནི་སྣ་གཡས་པ་ལ་སོགས་པའི་དབྱེ་བས་འོད་ཟེར་འབྱུང་བའི་རིམ་པ་སྟེ་དེ་ལའོ། །ཡང་ན་ཐུན་མཚམས་བཞི་ནི་ཉིན་མཚན་གྱི་ནང་གི་དུས་ཀྱི་རིམ་པ་ལའོ། །ཇི་ལྟར་བཟླས་ན་མཚོན་བྱ་མཚོན་བྱེད་གྲངས་རྣམས་ཀྱིས། ཞེས་ཏེ་མཚོན་པར་བྱ་བ་ནི་ཁ་དོག་དམར་པོ་ལ་སོགས་པའི་འོད་ཟེར་རོ། །མཚོན་པར་བྱེད་པ་ནི་འཇུག་པ་ལ་སོགས་པའོ། །གྲངས་ནི་ཉིས་བརྒྱ་ཉེར་ལྔ་སོགས་སོ། ཞེས་འཆད་དོ། །ཚིགས་བཅད་འདི་ད་ལྟ་འགྱུར་པའི་རྒྱུད་ཕྱི་མ་ལ་མི་སྣང་ཞིང༌། ནཱ་རོ་བས་ཀྱང་དེའི་འགྲེལ་པར་མ་བཤད་ཀྱང༌། རྒྱུད་ལ་ཆད་པར་གསལ་ལོ། །གསུམ་པ་ནི། རྡོར་བཟླས་བསྒོམ་པའི་རྣལ་འབྱོར་བས་རྡོ་རྗེ་བཟླས་པ་བར་ཆད་ཅན་ཏེ་བར་ཆད་དུ་གྱུར་པའི་ཕྱི་རོལ་ངག་དང་ཡིད་ཀྱི་བཟླས་པར་སྤང་བར་བྱའོ། །སྔགས་དོན་ཞེས་པ་ལཀྵྨཱིས། སྔགས་ཀྱི་བཟླས་པ་ནི་རྡོ་རྗེ་ཅན་མངོན་དུ་བྱ་བའི་ཕྱིར་ཡིན་ལ། གལ་ཏེ་རྣལ་འབྱོར་བ་དེ་ཉིད་རྡོ་རྗེ་ཅན་གྱི་བདག་ཉིད་དུ་གྱུར་ན་རྡོ་རྗེའི་བཟླས་པའི་རང་བཞིན་གྱི་རྣལ་འབྱོར་བ་དེས་ཇི་ལྟར་ཟློས་པ་སྟེ་བཟླ་བར་བྱ་བ་མ་ཡིན་ནོ། །བསྐྱེད་རིམ་པས་སྤངས་ན་ནི་དམ་ཚིག་ཉམས་པར་འགྱུར་རོ། །དེའི་དཔེ་བསྟན་པ་ནི་གླང་པོ་ཆེ་སྟོར་བ་འཚོལ་བ་པོས་གླང་པོ་དེ་རྙེད་ན་དེའི་རྗེས་མི་འཚོལ་ལོ། །དེ་བཞིན་དུ་སྔགས་ཀྱི་ལུས་རྡོ་རྗེ་འཆང་ཆེན་པོར་གྱུར་པ་དེ་ཡིས། །གཞན་ངག་གི་བཟླས་པ་སོགས་འཚོལ་བར་བྱེད་པ་མ་ཡིན་ནོ་ཞེས་འཆད་དོ། །འདི་ལྟར་རྟོགས་ཏེ་སྔགས་དོན་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དེ། དེ་ཡང་བཅོམ་ལྡན་འདས་


JLD006_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཡི་གེ་གསུམ་རླུང་གསུམ་གྱི་ངོ་བོར་བཟློས་པའོ། །དེ་རྙེད་ནས་ཕྱི་རོལ་གྱི་སྔགས་ཇི་ལྟར་ཟློ་བ་རིགས་ཏེ་མི་རིགས་སོ། །དེའི་དཔེ་ནི། གླང་པོ་ཞེས་པ་གཉིས་སོ། །དེ་དང་དོན་སྦྱོར་བ་ནི་སྔར་བཤད་པའི་སྔགས་ཀྱི་ལུས་རང་ཉིད་ལ་མངོན་དུ་གྱུར་ནས་ཡོད་པ་དེ་བཞག་ནས་ངག་གི་བཟླས་པ་སོགས་ཚོལ་བར་བྱེད་དམ་སྟེ་མི་བྱེད་དོ། །གཞན་ཡང་རྡོ་རྗེ་འཛིན་པ་གང་ཞིག་རླུང་གི་སྦྱོར་བ་སྟེ་རྣལ་འབྱོར་གསུམ་ཤེས་པ་དང་ལྡན་པའི་མིས་ནི། ལྷ་སྦྱན་དྲང་བ་སྟེ་བོད་པ་དང༌། ལས་སྒྲུབ་པ་ལ་གཤེགས་སུ་གསོལ་བ་སྟེ་བསྐུལ་བ་དང༌། དེ་བཞིན་དུ་རང་གནས་སུ་བཞུགས་སུ་གསོལ་བ་བྱེད་པ་ཡང་བཟླས་པ་འདིས་འགྲུབ་སྟེ། རླུང་ནང་དུ་འཇུག་པ་ཡིས་ནི་སྦྱན་དྲང་བ་དང༌། མྱུར་བ་སྟེ་ཕྱིར་ལྡང་བ་ཡིས་ནི་གཤེགས་སུ་གསོལ་བ་དང༌། ལྡང་འཇུག་གཉིས་ཀ་མིན་པ་ནང་དུ་གནས་པ་ཡིས་བཞུགས་སུ་གསོལ་བར་བྱེད་པའི་ཕྱིར་རོ། །དབུགས་མེད་དངོས་གྲུབ་བླ་མེད་པའོ། །ཞེས་པ་འདོན་པ་ལྟར་ན་ལཀྵྨཱིས་འབྱུང་འཇུག་གི་དབུགས་ལ་སོགས་པ་དང་བྲལ་བའི་མ་ནིང་གི་བཟླས་པས་དངོས་གྲུབ་མཆོག་འགྲུབ་པར་བཤད་ལ། སྣ་ཚོགས་གནས་པས་དངོས་གྲུབ་མཆོག །ཅེས་པ་ལྟར་ན་འབྱུང་འཇུག་ཚོགས་པ་དེ་ཉེ་བར་ཞི་ནས་ནང་དུ་གནས་ན་དངོས་གྲུབ་མཆོག་འགྲུབ་པོ་ཞེས་བྱའོ། །འབྱུང་བ་ནི་རླུང་ཕྱིར་ལྡང་བའོ། །རྣམ་སྡུད་ནི་ནང་དུ་རྔུབ་པའོ། །གཉིས་ཀ་མིན་པ་ནི་གནས་པའོ། །སྔགས་སྦྱོར་བ་ནི་རླུང་ཡི་གེ་གསུམ་


JLD006_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངོ་བོ་ཟློས་པའོ། །རྣ་བར་བརྗོད་ཅེས་པ་ལ་རླུང་ཞེས་ཁྱད་པར་སྨོས་པ་ནི་གསང་བར་བྱ་བའི་དོན་ནོ། །རླུང་སྔགས་སྦྱོར་ཚུལ་ཇི་ལྟར་ཞེ་ན། དེས་ན་རྣལ་འབྱོར་གྱི་དབང་ཕྱུག་རྫོགས་རིམ་པའི་གསང་བ་སྟེ་ནང་གི་ཡི་གེ་གསུམ་རླུང་དང་སྦྱོར་བ་བཤད་པར་བྱའོ་ཞེས་སྦྱར་རོ། །དེའང་རྡོ་རྗེ་འཆང་སྒྲུབ་པའི་ཐབས་ཀྱི་དམ་པ་སྟེ་མཆོག་རྣལ་འབྱོར་ཏིང་ངེ་འཛིན་གྱི་འབྲས་བུ་དངོས་གྲུབ་སྟེར་བའོ། །དེ་ཉིད་བཤད་པ་ནི་སྔགས་གང་ཞིག་ཡིད་ལ་བསམས་པ་ཙམ་གྱིས་ནི་སྔགས་ཟློ་བའི་རྣལ་འབྱོར་ཅན་དེ་རྣལ་འབྱོར་བ་ལ་མཆོག་སྟེར་བར་འགྱུར་པའོ། །ཙམ་གྱི་སྒྲས་ཕྱིའི་ཡི་གེ་ལ་བལྟོས་པ་གཅོད་དོ། །སྔགས་ཕལ་ཆེ་བའི་དང་པོར་སྦྱོར་བས་ན་དང་པོའི་ཡི་གེ་ༀ་མོ། །དེའི་སྦྱོར་བ་ན་རྣལ་འབྱོར་གྱིས་རྟག་ཏུ་དབུགས་ནི་རྔུབ་པར་བྱ་ཞེས་གསུངས་ཏེ། དབུགས་རྔུབ་པ་ན་ༀ་ཡིག་གི་གདངས་ཀྱིས་རྔུབ་པའོ། །ཀཱ་ལིའི་སྡེ་ཚན་བརྒྱད་པ་ནི་ཤ་ཥ་ས་ཧའོ། །དེའི་མཐའ་ནི་ཧའོ། །ཡི་གེ་ཨུ་ནི་ཐིག་ལེར་བཅས་པ་ས་ཧ་དེ་དང་ལྡན་པར་བྱས་པས་ཧཱུཾ་ངོ༌། །དེས་ནི་རྣལ་འབྱོར་བས་དབུགས་གཏོང་བར་བྱེད་དོ། །དེ་ལྟ་བུ་འདི་ནི་ཅི་དགའ་བའི་བཟླས་པ་སྟེ་ལྷུན་གྱིས་གྲུབ་པའི་བཟླས་པར་བཤད་དེ་དེ་གཉིས་ཀྱིས་རླུང་གནས་པ་ཨའི་རང་བཞིན་དུ་བྱེད་པའང་མཚོན་ནོ། །འདི་ལ་ལཀྵྨཱིས། གསང་བའི་ཡི་གེ་གང་ཞིག་མགྲིན་པ་དང༌། སྙིང་ག་དང་ལྟེ་བ་དང་གསང་གནས་སུ་བསམས་པ་སྟེ་དྲན་པ་ཙམ་གྱིས་རྣལ་འབྱོར་བ་རྣམས་ཀྱིས། སེམས་ཅན་ལ་མཆོག་སྟེ་འདོད་པའི་དོན་སྟེར་བར་འགྱུར་རོ། །དེ་བཤད་པ་ནི་ལྟེ་བར་རྩིབས་བརྒྱད་པའི་ཆོས་ཀྱི་འཁོར་ལོའི་དབུས་སུ་


JLD006_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་ལྟར་འབར་བའི་ཡི་གེ་དབྱངས་ཀྱི་དང་པོ་ཨའི་སྦྱོར་བ་སྟེ། དེ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་དབུགས་ཏེ་དབྱངས་གསལ་གྱི་རང་བཞིན་གྱི་སངས་རྒྱས་རྣམས་སྡུད་པའི་ཡི་གེ་གསུམ་རྟག་ཏུ་སྤྲོ་བར་བྱའོ། །རྟག་ཏུ་དབུགས་ནི་སྤྲོས་པ་ཡིས། །ཞེས་འདོན་ནོ། །སྔགས་ཀྱི་རང་བཞིན་ནི་འོད་གསལ་གྱི་ཨ་ཡིག་དེ་ལས་འབྱུང་ཞིང་དེར་ཐིམ་པ་སྟེ་ནམ་མཁའ་ལ་སྤྲིན་བཞིན་ནོ། །དེ་ལས་མེ་སྟག་གི་ཚུལ་དུ་ཡི་གེ་གསུམ་པྱུང་སྟེ་སྐུ་དང་གསུང་གཉིས་ཐུགས་ལ་བསྡུས་ནས་གསང་བའི་ཡི་གེ་དཀྱིལ་འཁོར་བཞི་ལ་མོས་པར་བྱའོ། །དེ་ལ་ཧ་མགོ་མེད་ནི་སྙིང་ག་དང༌། མགོ་བོ་ནི་མགྲིན་པ་དང༌། སྒྲ་ནི་ཨུ་སྟེ་ལྟེ་བ་དང༌། སྒྲའི་མཐའ་ནི་ཐིག་ལེ་གསང་བའི་པདྨ་གནས་སོ། །དེའི་དང་པོ་ནི་རླུང་ལྡང་བ་དང༌། གཉིས་པ་ནི་རླུང་གནས་པ་དང༌། གསུམ་པ་ནི་རླུང་ནང་དུ་འཇུག་པ་དང༌། བཞི་པ་དེ་ཐམས་ཅད་བསྡུས་པ་དབུགས་དང་བྲལ་བ་བསྟན་ཏེ། གསང་བའི་ཡི་གེ་གཅིག་པུས་ལྡང་བ་སོགས་དང༌། འོད་གསལ་གྱི་བར་གྱི་ཏིང་ངེ་འཛིན་བསྟན་ཏོ། །ལྷ་མོ་བཞིས་ཞུས་ལས། མགོ་མེད་སྙིང་གའི་པདྨར་གནས། །ཁ་ཡི་པདྨར་མགོ་བོ་གནས། །ལྟེ་བའི་པདྨར་སྒྲ་གནས་ཏེ། །སྒྲ་མཐའ་གསང་བའི་པདྨ་ལའོ། །འགྲོ་དང་འོང་བར་བྱེད་པ་འདི། །ཐིག་ལེའི་རྣལ་འབྱོར་རབ་ཏུ་འཇུག །ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་བཏུ་བ་ནི། བརྒྱད་པའི་མཐའ་ཞེས་པ་གཉིས་ཏེ། ཡི་གེ་འདི་ཉིད་ཀྱིས་འཇུག་ལྡང་གནས་པ་གསུམ་རྣལ་


JLD006_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བས་བྱེད་པ་ནི། ཅི་དགའ་བ་སྟེ་མོས་པའི་དབང་གིས་བཟླས་པར་བཤད་དེ། དེ་ལྟ་ན་ལྡང་བའི་རླུང་ཁོ་ནས་བཟླས་ཀྱི་གཞན་གཉིས་མ་ཡིན་ནོ་ཞེ་ན། ཉིན་མཚན་གྱི་རླུང་རྣམས་རླུང་གསུམ་ལས་མི་འདའ་ལ། དེ་ལ་རྣལ་འབྱོར་བའི་མོས་པའི་དབང་གིས་ཡི་གེ་གཅིག་ལ་དམིགས་ནས་བྱེད་ན་ཡི་གེ་གཞན་མི་དགོས་ཏེ་དེའི་ཕྱིར་ཅི་དགའ་བའི་བཟླས་པར་བཤད་དོ། །ཡང་ན་ཧཱུཾ་ཡིག་གཅིག་པུ་ལའང་ཆ་ཕྱེ་བ་ལ་དམིགས་ནས་འཇུག་པ་སོགས་བྱེད་པས་གྲངས་ལ་འགལ་བ་མེད་དོ་ཞེས་འཆད་དོ། །འདི་ལ་རྒྱ་དཔེ་ལ་རྟག་ཏུ་དབུགས་ནི་རྔུབ་པར་བྱེད། ཅེས་པ་དང༌། རྟག་ཏུ་དབུགས་ནི་སྤྲོ་པར་བྱེད། ཅེས་པ་གཉིས་ཀ་ཡོད་པར་སྣང་ནའང༌། །གཉིས་ཀ་མིན་དང་སྔགས་སྦྱོར་བ། ཞེས་གསུངས་པའི་དོན་འཆད་པར་སྣང་ལ། དེ་ནི་རྡོ་རྗེ་གསུམ་གྱི་སྔགས་དང་སྦྱོར་བར་རྣམ་གཞག་རིམ་པ་ལས་གསལ་བས། དང་པོའི་ཡི་གེ་ༀ་ཀྱཻ་རྡོར་ལས་སྔགས་ཐམས་ཅད་ཀྱི་དང་པོ་དང་ཞེས་གསུངས་པ་ལྟར་བྱས་ནས། རྟག་ཏུ་དབུགས་ནི་རྔུབ་པར་བྱེད། ཅེས་གསུངས་པ་བཞིན་དུ་བྱས་ན་ལེགས་པ་འདྲའོ། །ཉིན་ཞག་གཅིག་གི་བཟླས་པའི་གྲངས་ནི་ཁྲི་ཕྲག་གཉིས་དང་ཞེས་པ་བཞིའོ། །ལཀྵྨཱིས་གསང་བའི་དགོངས་པ་སྟེ་དགོངས་པ་ལུང་སྟོན་པའི་རྒྱུད་དེ་རུ་ཕྲ་མོའི་རྣལ་འབྱོར་ཏེ་རླུང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་གསང་བའི་ཡི་གེ་སྟོན་པས་བཤད་དོ། །དེ་ལ་སྔགས་ཀྱི་སྐུ་ལ་སེམས་པ་སོགས་ཀྱི་བསམ་གཏན་དང་ཁ་ཏོན་ཏེ་ངག་གི་བཟླས་པ་མེད་མོད་ཀྱང༌། ཕྲ་མོའི་རྣལ་འབྱོར་རང་བཞིན་གྱིས་གྲུབ་པའི་ཕྱིར་


JLD006_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པར་བཤད་པ་ཡིན་ནོ། །ཞེས་བཤད་དོ། །ཡང་ན་གསང་བའི་ཡི་གེའི་བཟླས་པ་དེ་འདུས་པ་འདིར་གསུངས་པའི་ཕྲ་མོའི་རྣལ་འབྱོར་གྱི་དོན་ཡིན་པར་གསང་བའི་ཡི་གེའི་དགོངས་པ་ལུང་སྟོན་པའི་བཤད་རྒྱུད་ཀྱིས་བཤད་པ་ཡིན་ནོ། །ཀློད་དང་ཁ་ཏོན་མེད་མོད་ཀྱི། ཞེས་ཀྱང་འབྱུང་བ་ལྟར་ན་གོ་སླ་ལ། ཀློག་དང་བསམ་གཏན་ཞེས་འདོན་པ་ལྟར་ན་ཀློག་པ་ནི་ངག་ཏུ་བཏོན་པའི་བཟླས་པའོ། །བསམ་གཏན་ནི་ཡིད་ལ་སྔགས་བཟླས་པའོ། །རྡོར་བཟླས་ནི་རླུང་གི་གདངས་ལ་དམིགས་ནས་ཡི་གེ་གསུམ་གྱི་གདངས་སུ་ཟློ་བ་ཡིན་པས་ཡི་གེ་གསུམ་ཙམ་ལ་དམིགས་ནས་ཡིད་བཟླས་བྱེད་པ་དང་མི་འདྲའོ། །འདུས་པའི་བཤད་རྒྱུད་དགོངས་པ་ལུང་སྟོན་གྱིས་རླུང་གསུམ་སྔགས་གསུམ་དང་དབྱེར་མི་ཕྱེད་པར་བཟླ་བར་གསུངས་པ་འདི་ཉིད་ཀྱིས། རྩ་རྒྱུད་ཀྱིས་ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་ཟློས་པ་པོ་ལ་དགོངས་པར་བྱེད་པའི་སྙིང་བོ་གསུམ་གྱི་སྔགས་བསྡུས་པར་གསུངས་པ་དེ་འཆད་པར་གསུངས་པས། བཟླས་བྱའི་སྔགས་ཐམས་ཅད་ཡི་གེ་གསུམ་དུ་འདུ་བ་དང༌། དེ་ཟློ་བའི་བཟླས་པའི་མཐར་ཐུག་རྡོར་བཟླས་ཡིན་པ་དང༌། དེའི་རྒྱུ་མཚན་གྱིས་ལྷ་ཐམས་ཅད་ཀྱི་ཐུགས་བསྐུལ་བའི་མཆོག་ཀྱང་དེ་ཉིད་དུ་ཤེས་སོ། །ལྷ་ཐམས་ཅད་ཀྱི་སྔགས་ཀྱི་བཟླས་པའི་གྲངས་རྫོགས་པར་བྱེད་པ་ནི་འདི་མིན་པ་ལ་མེད་པས་སྔགས་རྣམས་ཀྱིས་ལས་འདི་དང་འདི་འགྲུབ་པར་གསུངས་པ་ཐམས་ཅད་ཀྱང་འདི་ཉིད་ཀྱིས་འགྲུབ་པ་ལ་ངེས་རྙེད་པ་དགོས་སོ། །འདི་ཉིད་རྡོ་རྗེའི་


JLD006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པར་གསུངས་པས་དོན་རྟོགས་པའི་ཞེས་པ་བཞིའི་དོན་ཀྱང་འདིར་གོ་ནུས་ལ། རྒྱུད་འདིར་རླུང་སྔགས་ཐ་དད་དུ་བཟུང་ནས་ཟློ་བ་སློང་མོ་ཟ་ཞིང་ཟློས་པར་བཤད་པ་ཡིན་པས་དེ་མི་བྱ་ཞེས་གསུངས་པས་སློང་མོ་ཞེས་པ་བཞིའང་གོ་བར་ནུས་སོ། །བསྐྱེད་རིམ་ལས་འདས་པ་དང༌། ལུས་དབེན་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་གཟུགས་མེད་པའི་ཕྱིར་བཟླས་པ་འདིའི་རྟེན་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རང་བཞིན་གྱི་སྐུ་དང༌། རྡོ་རྗེ་བཟླས་པས། གཉིས་མེད་རྣམ་རྒྱལ་ནས་འཆད་པ་བཞིན་གྱི་ཆོ་གས། ཡང་དང་ཡང་དུ་བརྟན་ཅིང་གོམས་པར་བྱས་པས་ཞི་སོགས་ཀྱི་ལས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་ལཀྵྨཱིས་བཤད་དོ། །ཆོ་ག་ཇི་བཞིན་བརྟེན་བྱ་ཞིང༌། ཞེས་འདོན་ཏོ། །རྡོར་བཟླས་ཀྱི་རྟེན་ནི་ལུས་དབེན་རིགས་གཅིག་པའི་ཏིང་ངེ་འཛིན་དུ་བྱ་དགོས་ལ། དེ་ལ་བརྟེན་ནས་རྡོ་རྗེ་བཟླས་པ་འདི་ཡིས་ནི་བསྙེན་པ་སྟེ་རྡོ་རྗེ་བཟླས་པ་སྔར་བཤད་པའི་ཆོ་ག་བཞིན་དུ་བྱས་ཏེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ཏིང་ངེ་འཛིན་དང་ལྡན་པས་ཞི་སོགས་ཀྱི་ལས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བཤད་དེ། །དགོངས་པ་ལུང་སྟོན་ལས། མཁས་པས་སྒྱུ་མ་མིག་འཕྲུལ་བཞིན། །འགྲོ་བ་ཁམས་གསུམ་པོ་ལ་བྱ། ཞེས་རྡོར་བཟླས་ཀྱི་སྐབས་སུ་གསུངས་པའི་ཕྱིར་རོ། །བཞི་པ་ནི། རྩ་རྒྱུད་དུ་གསུངས་པའི་སྔགས་ཀྱི་དེ་ཉིད་རྡོར་བཟླས་ཀྱིས་མཆོག་སྒྲུབ་པར་གསུངས་པ་འདིའང་གཉིས་མེད་རྣམ་རྒྱལ་ཞེས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་སོ། །ཞེས་རྡོར་བཟླས་ཀྱི་སྐབས་སུ་གསུངས་སོ། །


JLD006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གསུམ་པསྐྱེད་པའི་ཐབས་གཞན་གང་དང་ཡང་མཉམ་པ་སྟེ་མཚུངས་པ་མེད་པའི་སྔགས་རྡོར་བཟླས་ནི་བཟླས་ནས་ཡེ་ཤེས་གསུམ་གྱི་སྒྲུབ་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་བས་དངོས་གྲུབ་མཆོག་བསྒྲུབ་པར་བྱ་སྟེ། དེ་ཡིས་ཟླ་བ་གཅིག་གིས་ནི་འཇིག་རྟེན་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་འགྲུབ་པར་གདོན་མི་ཟའོ། །ལཀྵྨཱིས་ཡི་གེ་གསུམ་པཟླས་ནས་འཁོར་ལོ་བཞིན་དུ་ཉིན་དང་ཉིན་དུ་རྒྱུ་བར་ཤེས་ནས་སྒྲུབ་པའི་བདག་ཉིད་ནི་རྣལ་འབྱོར་བས་འོད་གསལ་བའི་བདག་ཉིད་མ་ནིང་གི་བཟླས་པས་བསྒྲུབ་པར་བྱའོ། །ཞེས་སྔར་ཆོ་ག་ཞེས་པའི་དོན་བསྟན་ནོ། །དེའི་ཕན་ཡོན་ནི་ཟླ་བ་གཅིག་གིས་ཁམས་གསུམ་པའི་སེམས་ཅན་ཡུལ་དུ་བྱས་པའི་ལས་ཚོགས་རྣམས་འབད་པ་མེད་པས་འགྲུབ་ཅེས་འཆད་དོ། །སྒྲོན་གསལ་ལས་ཟླ་བ་གཅིག་གིས་འགྲུབ་པར་གསུངས་པ་རྣམས་ལ། པཀྵ་ཞེས་པ་ཟླ་བ་གཅིག་གམ་ཕྱོགས་གཉིས་དང་ལྡན་པ་ལ་ཟེར་བས་ཀུན་རྫོབ་དང་དོན་དམ་པའི་ཕྱོགས་གཉིས་གཅིག་ཏུ་གྱུར་པའི་ཟུང་གིས་མཆོག་འགྲུབ་པ་ལ་འཆད་པ་ལྟར་འདིར་ཡང་སྦྱར་རོ། །རླུང་གི་བཞོན་པ་ཅན་གྱི་རྣམ་ཤེས་ལས་བྱུང་བའི་སྔགས་འབུམ་ཕྲག་དྲུག་ལྡན་བཟླས་ན་ཟླ་བ་ཉ་ལ་འགྲུབ་པ་སྟེ་རྡོ་རྗེ་བཟླས་པ་མཐར་ཐུག་པར་འགྱུར་རོ། །གང་གི་ཚེ་ཞེ་ན། དྲུག་པ་རྡོ་རྗེ་སེམས་དཔར་ཕྱག་བྱས་པ་སྟེ་དེ་ཡིད་ལ་དམིགས་ནས་བཟླས་པའི་ཚེའོ། །དེའང་ཞག་ལྔ་ལྔ་ལ་ཉི་ཁྲི་ཆིག་སྟོང་དྲུག་པརྒྱ་རེ་བྱས་པས་བསྡོམས་ན་སྟོང་ཕྲག་བརྒྱད་དང་འབུམ་ཕྲག་


JLD006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡིན་མོད་ཀྱང་གྲངས་མང་ཉུང་དུ་འགྱུར་པ་བཀག་ནས་འབུམ་ཕྲག་གཅིག་ཏུ་བྱས་པས་ཟླ་བ་གཅིག་ལ་དྲུག་འབུམ་མོ། །འབུམ་ཕྲག་དང་པོ་ནས་དྲུག་པའི་བར་རེ་རེ་ལ་རྣམ་སྣང་ལ་སོགས་པའི་འཁོར་ལོ་སྒྱུར་བ་དྲུག་གི་བཟླས་པ་བྱས་པས་ཐ་མར་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་བཟླས་པའོ་ཞེས་ཟླ་བ་གཅིག་གིས་འགྲུབ་པའི་བཟླས་པའི་གྲངས་བཤད་དོ་ཞེས་ལཀྵྨཱིས་བཤད་དོ། །ཁ་ཅིག་གིས་རྣམ་ཤེས་ཏེ་འོད་གསལ་བྱུང་བའི་སྔགས་ནི་རླུང་ངོ༌། །འབུམ་ཕྲག་དྲུག་ནི་གྲངས་ཏེ་རླུང་ལྔ་དང་འོད་གསལ་ལོ། །དེ་དྲུག་དང་ལྡན་པའི་རྡོར་བཟླས་བྱས་ཀྱང༌། རྡོ་རྗེ་སེམས་དཔར་རང་གིས་རང་གི་ཡེ་ཤེས་མཐོང་བའི་ཕྱག་བྱས་ན་ཟླ་བ་ཉ་བ་དང་འདྲ་བའི་རྟོགས་པ་རྫོགས་པར་འགྱུར་རོ། ཞེས་འཆད་མོད་ཀྱང་འགྲིག་པར་མི་སྣང་ངོ༌། །འདི་རྡོར་ཕྲེང་དང་བསྟུན་ན། ཟླ་བ་དྲུག་གི་ཐ་མའི་རྡོར་བཟླས་རགས་པའི་རྩིས་དྲུག་འབུམ་བྱས། དེར་མ་ཟད་དེ་བྱས་ནས་ཀྱང་སྟེ་བྱས་པའི་འོག་ཏུ་རྡོ་རྗེ་སྟོང་པ་གསུམ་སེམས་དཔའ་དེ་གསུམ་མཉམ་པར་སྦྱོར་བའི་ཉེར་ཐོབ་ཀྱི་སྒོ་ནས་ཡུལ་ཡུལ་ཅན་ཐ་མི་དད་ཀྱི་ཕྱག་བྱས་ན་རྡོ་རྗེ་སེམས་དཔའ་སྒྱུ་མའི་སྐུ་དེ་འགྲུབ་པར་འགྱུར་རོ། །ཡུལ་ཅན་ནི་ཟླ་བ་ཕྱེད་ཀྱིས་ཞེས་པའམ། ཆུ་ནང་དུ་ཤར་བའི་ཟླ་བ་ཉ་གང་བ་ལྟ་བུའི་ཡན་ལག་དང་ཉིད་ལག་ཐམས་ཅད་རྫོགས་པའི་སྐུ་འགྲུབ་པོ། །རྡོར་བཟླས་བསྒོམ་པ་དེ་ལ་བརྟུལ་ཞུགས་ཏེ་སྦྱངས་པའི་ཡི་དམ་བཤད་པ་མེད་དེ། འདོད་ཡོན་ལམ་དུ་བྱེད་པ་དང་དེ་འགལ་བའི་ཕྱིར་རོ། །བཟླས་པའི་གྲངས་ཀྱི་རྟེན་ཕྲེང་བའི་དབྱེ་བ་རྣམས་མི་


JLD006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། རྟག་ཏུ་རྒྱུ་བའི་སྲོག་རྩོལ་ཉིད་དེའི་ཕྲེང་བ་ཡིན་པས་སོ། །ཕྱིའི་སྔགས་བཟླས་པའང་མི་དགོས་པ་ནི་དེ་དང་འདྲའོ། །སྣ་རྩེར་བལྟ་བའི་སྒོ་ནས་རྟོག་པ་དགག་པ་དང་སྐྱིལ་ཀྲུང་བཅིང་བ་སོགས་མི་དགོས་ཏེ། དཀྱིལ་འཁོར་བཞི་ཤར་བའི་དུས་ཀྱི་འོད་ཀྱི་ཐིག་ལེ་ལ་སེམས་གཏད་པས་ཆོག་པའི་ཕྱིར་རོ། །བྲིས་སྐུ་དང་ཟླ་བ་སོགས་ལ་སེམས་གཟུང་མི་དགོས་ཏེ། དེ་ཁོ་ན་ཉིད་ལ་རྟག་ཏུ་གནས་པའི་ཕྱིར་རོ། །སྦྱིན་སྲེག་གི་ལས་མི་དགོས་ཏེ་ངག་གི་རྣམ་རྟོག་གི་བུད་ཤིང་རྡོར་བཟླས་ཀྱི་མེས་བསྲེག་པའོ། །དེ་བཞིན་དུ་མཆོད་གཏོར་དང་རབ་གནས་སོགས་གཞན་རྣམས་མི་དགོས་ཏེ། ནང་གི་སྒོ་ནས་དེ་ཐམས་ཅད་འགྲུབ་པའི་ཕྱིར་རོ་ཞེས་ལཀྵྨཱིས་འཆད་དོ། །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། ཞེས་འདོན་པ་ལྟར་ན་སྔ་མ་ཞིག་མི་དགོས་པས་ཕྱི་མ་འདི་མི་དགོས་ཞེས་རིམ་པ་སྟོན་པའོ། །ནང་གི་སྒོ་ནས་འགྲུབ་ཚུལ་ནི། །རྡོར་བཟླས་འབྱོངས་པའི་རྣལ་འབྱོར་བ་ཞི་སོགས་ཀྱི་དངོས་གྲུབ་འདོད་པས་ནི། རང་ངམ་གཞན་གྱི་དོན་གྱི་གང་ཅིའང་རུང་བ་བྱ་བ་སྟེ་བྱེད་པ་ནི། ཡའི་དོན་རླུང་གི་རླུང་དང༌། རའི་དོན་མེའི་རླུང་དང་སོགས་ཀྱིས་བསྡུས་པ་ལའི་དོན་སའི་རླུང་དང༌། ཝའི་དོན་ཆུའི་རླུང་གི་བཟླས་པ་ཡིས་འགྲོ་བའི་དོན་ཞི་སོགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་འཇུག་པར་བྱའོ། །དེ་ཉིད་འཆད་པ་ནི། མེ་དང་རླུང་དང་དབང་ཆེན་ས་དང་ཆུའི་རླུང་སྟེ་རླུང་བཞི་པོ་སོ་སོའི་དཀྱིལ་འཁོར་དུ་ཐུན་ནི་ཕྱེད་ཕྱེད་དེ་རླུང་དགུ་པརྒྱ་པ་ཕྲག་རེ་རྒྱུ་བའི་


JLD006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ནི། རིམ་པ་བཞིན་གཙོ་བོའི་ལས་རེ་དང་གཙོ་བོ་མ་ཡིན་པའི་ལས་གཅིག་སྟེ་གཉིས་གཉིས་གནས་པར་འགྱུར་རོ། །དཔེར་ན་མེ་རླུང་གི་དབུས་སུ་དབང་གི་ལས་གཙོ་བོ་དང་གཞན་གསུམ་ཕལ་པར་འགྲུབ་པ་བཞིན་ནོ། །ལཀྵྨཱིས་ལས་གཉིས་གཉིས་ཏེ་བཞི་ཞེས་འཆད་མོད་ཀྱང༌། དེ་ནི་གཉིས་ཀ་བསྡུས་པའི་ཟློས་སྒྲ་ཡིན་པས་ཡི་གེའི་དོན་ནི་གཙོ་ཕལ་གཉིས་གཉིས་སུ་ཨ་བྷ་ཡཱ་ཀ་རས་འཆད་པ་བཞིན་ཡིན་ནོ། །འདིས་ལས་བསྒྲུབ་ཚུལ་ཞིབ་ཏུ་མ་བཤད་ཀྱང་ཅུང་ཟད་བཤད་ན། ལས་བཞི་པོ་གང་ལ་ཡང་སྔགས་མི་འདྲ་བ་མང་པོ་མི་དགོས་ཏེ་ཡི་གེ་གསུམ་འབའ་ཞིག་དང༌། ལྷའི་ཁ་དོག་ཀྱང་མང་པོ་མི་དགོས་ཏེ་ལུས་དབེན་གྱི་རིགས་གཅིག་གི་རྣལ་འབྱོར་ཁོ་ན་དང༌། ཕྱིའི་དུས་དང་ཁ་ལྟ་ཕྱོགས་དང་འདུག་སྟངས་དང༌། སྦྱིན་སྲེག་དང་འཕྲུལ་འཁོར་སོགས་ལ་མི་བལྟོས་པར་ནང་ཁོ་ནས་འགྲུབ་པའོ། །མཆོད་པ་དང་བཟླས་པ་གཉིས་ནི་ཕྱིའི་འོ། །བསམ་གཏན་ལ་བརྩོན་པ་ནི་རྡོར་བཟླས་ཀྱི་རྣལ་འབྱོར་ལ་འགྲུས་པའོ། །གཞན་གསུམ་འདིར་བཤད་པ་ནི་སྔར་དེ་རྣམས་མི་དགོས་ཞེས་བསྟན་པ་ལ། དགོངས་པ་གཏན་མེད་དམ་སྙམ་པ་ཟློག་པའི་ཕྱིར་ཡིན་ནོ། །སྔགས་པས་ཞེས་པ་བཞི་ནི་སྔར་བཤད་པ་ལྟར་ཤེས་ནས་རྡོར་བཟླས་ལ་གནས་པས་ནི་འགྲོ་བའི་ནང་ན་བྱིས་པ་བཞིན་དུ་སྟོད་སྨད་ཀྱིས་མི་འགྱུར་པར་སྦྱོད་ཅེས་པའོ། །འགྲོ་ནང་ཞེས་པ་ལ་ལཀྵྨཱིས་བཤད་པས་འགྲོ་ན་དང་འགྲོ་བ་ཞེས་པ་མི་བདེའོ། །དེ་ནས་ཞེས་པ་གཉིས་ནི་དེ་ལྟར་རྣམ་པར་མི་རྟོག་པའི་ཆོས་ཅན་གྱིས་སྔགས་རྣམས་འགྲུབ་ཅེས་པ་སྟེ། མི་རྟོག་ཆོས་ཅན་གྱི་གསང་


JLD006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་ནི་འགྲུབ་པར་འགྱུར། ཞེས་པའི་དོན་དུ་ལཀྵྨཱིས་བཀྲལ་ལོ། །སྔགས་ཀྱི་དེ་ཉིད་ཅེས་པ་བཞི་ནི་སྔགས་ཀྱི་དེ་ཉིད་ནི་རླུང་སྔགས་གཉིས་ཀའིའོ། །གསལ་བ་ནི་དེ་དང་རྡོར་བཟླས་གཉིས་རྩ་རྒྱུད་དང་རྒྱུད་ཕྱི་མ་དང་བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཕྱེ་བ་ལ་ལཀྵྨཱིས་འཆད་པ་ནི་གཞུང་འདི་གཉིས་མེད་རྣམ་རྒྱལ་ནས་དྲངས་པའི་ལུགས་སུ་སྣང་བས་མི་བདེའོ། །དེས་ནི་འདི་ཉིད་ནས་སྔར་བཤད་པ་ལྟར་ཕྱེ་བའོ། །གསུང་གི་རྡོ་རྗེ་རབ་ཏུ་བསྒྲུབ་པ་ནི་མི་ཕྱེད་པའི་ངག་དབེན་བསྒྲུབ་པའོ། །ཡེ་ཤེས་གསུམ་གྱི་དབྱེ་བས་ངག་དབེན་འདི་ཉིད་སེམས་ཙམ་ལ་སྦྱར་བྱ་སྟེ། རླུང་སྔགས་ཀྱི་དེ་ཉིད་ནི་རླུང་གི་གཞོན་པ་ཅན་གྱི་རྣམ་ཤེས་ཡིན་ལ། རིམ་པ་འདིས་ངག་སྦྱོང་ལ་རིམ་པ་གཉིས་པས་སྣང་བ་རྒྱུར་གྱུར་པའི་རང་བཞིན་ཕྲ་མོ་སྦྱོང་བ་ནི་འདི་གཉིས་ཀྱི་ཁྱད་པར་རོ་ཞེས་ལཀྵྨཱིས་བཤད་དོ། །འོན་ཀྱང་སེམས་ཙམ་ནི་སེམས་དབེན་ནོ། །དེ་ལ་ངེས་པར་སྦྱོར་བ་ནི་རྡོར་བཟླས་ཀྱི་རིམ་པ་འདིས་སོ། །ཇི་ལྟར་སྦྱོར་ན་ཡེ་ཤེས་གསུམ་གྱི་དབྱེ་བས་ཏེ་དེ་གསུམ་རིམ་ཅན་དུ་བསྐྱེད་པའི་སྒོ་ནས་སོ། །བསྐྱེད་ཚུལ་ནི་སྔར་བཤད་ཟིན་ཏོ། ཞེས་གསུངས་སོ་ཞེས་པ་ནི་དེ་རྣམས་ཐམས་ཅད་རྒྱུད་དེ་ནས་དྲངས་པར་སྟོན་པའོ། །གསུམ་པ་གདམས་པ་བཤད་པའི་སྣོད་ཀྱི་ཁྱད་པར་ནི། བླ་མ་ལ་བརྙས་ཞེས་པ་བཞིས་རྡོར་བཟླས་ཀྱི་རིམ་པ་སྦྱིན་དུ་མི་རུང་བའི་གང་ཟག་སྟོན་ཏེ། བླ་མ་ལ་བརྙས་པ་དང་སྒྱུ་ཅན་ནི་བསམ་པ་དྲང་པོར་མི་སྟོན་པ་དང༌། དད་པ་མེད་པ་ནི་བླ་མ་ལ་སེམས་དང་བ་


JLD006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །ལཀྵྨཱིས་བླ་མ་ལ་ཞེས་སྡང་བ་ལ་བཤད་དོ། །སྔགས་ཀྱིས་རློམ་པ་ནི་སྔགས་ཙམ་ཤེས་ནས་རློམ་པའི་ང་རྒྱལ་ཅན་ལ་བཤད་དེ་ཕྱིའི་སྔགས་དང་དེ་ལས་སྒྲུབ་ལུགས་ཙམ་ཤེས་ནས་རློམ་པ་ཆེ་བའོ། །གླེགས་བམ་མཐོང་བས་ཁེངས་པ་ནི་རང་གིས་གླེགས་བམ་བཀླགས་ནས་བདག་ལ་ཐོས་པ་སོགས་མི་དགོས་ཞེས་ཁེངས་པ་ལ་འཆད་ཀྱང༌། བླ་མའི་མན་ངག་མེད་པར་གླེགས་བམ་ལ་བལྟས་ནས་གོ་བ་བྱུང་ནས་སེམས་ཁེངས་པའོ། །དད་པ་མེད་པ་ནི་ཆོས་ལ་མི་དགའ་བ་ལ་བཤད་དེ་ཡིད་ཆེས་པའི་དད་པ་མེད་པའོ། །དབང་བསྐུར་དམན་པ་ནི་རིག་པའི་དབང་ཙམ་ཐོབ་པའོ་ཞེས་ཟེར་རོ། །གཏམ་གྱི་རིམ་པ་ནི་རྡོ་རྗེ་བཟླས་པའི་རིམ་པའི་གཏམ་ཙམ་ཡང་དེ་ལ་མི་བྱ་བའི་དོན་ཏོ། །གང་ཞིག་ཅེས་པ་བཞིས་མན་ངག་འདི་སྦྱིན་པའི་སྣོད་སྟོན་ཏེ། བླ་མ་ལ་གུས་པ་ནི་བརྙས་པའི་གཉེན་པོའོ། །དད་པ་ནི་དེ་ལ་སེམས་ཤིན་ཏུ་དང་བ་སྟེ་དང་བ་མེད་པའི་གཉེན་པོའོ། །མོས་པའི་དབང་གིས་བླ་མའི་བསྙེན་བཀུར་ལ་ནི་རྟག་ཏུ་སྟེ་རྒྱུན་དུ་བརྩོན་པའམ། ཆག་འགྱུར་ལས། ལེགས་ཉན་ཞེས་པ་ལྟར་ན་བཀའ་མི་གཅོག་པའོ། །གདམས་ངག་ཐོས་པ་མི་བརྗེད་པར་འཛིན་པ་ལ་བླ་མས་བཀའ་དྲིན་སྦྱིན་པར་བྱ་བ་ལ་བརྟག་མི་དགོས་ཀྱི་རིམ་པའི་དོན་མྱུར་དུ་བསྟན་པར་བྱའོ་ཞེས་ལཀྵྨཱིས་བཤད་དོ། །ཆག་འགྱུར་ལས། ཐོས་པ་འཛིན་ལ་བླ་མ་དམ་པ་ཡིས། །དེ་ལ་བླ་མའི་དྲིན་སྦྱིན་འདི་མི་བརྟག །ཅེས་འབྱུང་ངོ༌། །ཐོས་པ་འཛིན་པ་ནི་མང་དུ་ཐོས་པ་དང་ལྡན་པ་ལ་བྱས་ན་ལེགས་སོ། །བཞི་པ་གདམས་པ་རྙེད་པའི་ཕན་ཡོན་ནི། །


JLD006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རི་དབང་ཞེས་པ་བཞིས་སྟོན་ཏེ། སྤྱོད་བསྡུས་ལས་ལུང་འདི་བར་དོར་འཚང་རྒྱ་བ་ལ་དྲངས་ཏེ། འོན་ཀྱང་རྡོར་བཟླས་ཀྱི་རིམ་པ་ལྟ་བུའི་ཕན་པའི་ལུང་ཐོབ་པ་སྟེ་གདམས་ངག་རྙེད་ནས། དེ་དང་རྗེས་སུ་མཐུན་པའི་ཕན་ཡོན་འབྱུང་ངོ༌། །གསུམ་པ་མཇུག་གི་དོན་ནི། རྡོ་རྗེ་བཟླས་པའི་རིམ་པ་ཞེས་སོགས་སོ། །འདི་ལ་གཞུང་གི་ཚད་རྒྱ་གར་གྱི་ཤློ་ཀ་བརྒྱ་ཡོད་དོ། །མདོར་བྱས་ལས། རྡོ་རྗེ་ཕྲེང་བ་དཔལ་མཆོག་སྲུབ་ཤིང་གིས། །གསང་འདུས་སྦས་ཆུའི་རྒྱ་མཚོ་བསྲུབས་པ་ལས། །སྒྲུབ་པའི་ཡན་ལག་བདུད་རྩི་གང་ཐོབ་དེས། །འཇིག་རྟེན་མཐའ་དག་འཆི་མེད་ཉེར་ཐོབ་ཤོག །ཅེས་གསུངས་པ་དེ་ནི་རྡོ་རྗེ་བཟླས་པའི་རིམ་པའི་རྣམ་བཤད་འདིར་ཡང་སྦྱར་བར་བྱའོ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།། །།


previousརྡོ་རྗེ་བཟླས་པའི་རིམ་པའི་ཟིན་བྲིས།next