Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
དགོངས་པ་བླ་ན་མེད་པའི་རིམ་པའི་ཟིན་བྲིས།
   
   
   
   
   
   
   
   
   
  expand section
   
   


 
previousདགོངས་པ་བླ་ན་མེད་པའི་རིམ་པའི་ཟིན་བྲིས།next

དགོངས་པ་བླ་ན་མེད་པའི་རིམ་པའི་ཟིན་བྲིས།


JLD006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་བླ་ན་མེད་པའི་རིམ་པའི་ཟིན་བྲིས། །


JLD006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུམ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་དུས་ཐམས་ཅད་དུ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་བཅོམ་ལྡན་འདས་འཇམ་པའི་དབྱངས་དང༌། །དབང་ཕྱུག་བརྒྱད་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཞབས་ལ་གུས་པ་ཆེན་པོས་སྐྱབས་སུ་མཆིའོ། །མན་ངག་གི་མཐར་ཐུག་དགོངས་པ་བླ་ན་མེད་པའི་རིམ་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། ཨ་ནུཏྟ་རི་ན་བླ་ན་མེད་པའོ། །སནྡྷི་ནི་དགོངས་པའོ། །ཨི་ཏི་ནི་ཞེས་བྱ་བའོ། ཨ་པ་ར་ནི་གཞན་ནོ། །ནཱ་མ་ནི་མིང་ངོ་། །སརྦ་


JLD006_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཤུདྡྷནི་ཐམས་ཅད་རྣམ་པར་དག་པའོ། །ཀྲ་མ་ནི་རིམ་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་བ་ནི་ལོཙཱ་བས་བཀོད་པའོ། །གཉིས་པ་ལ་བཞི། རྩོམ་པ་ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་གདམས་པ་དངོས། གདམས་པ་བཤད་པའི་སྣོད་ཀྱིས་ཁྱད་པར། འཆད་པ་པོའི་གང་ཟག་གི་ཁྱད་པར་རོ། །དང་པོ་ལ་གསུམ། ། ། ཕྱག་འཚལ་བ་དང༌། དེ་ཉིད་ངེས་དོན་དུ་བསྒྲུབ་པ་དང༌། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །ཞེས་ཕྱག་འཚལ་བའི་ཚིག་དྲུག་གསུངས་པའི་དང་པོ་ནི། རྡོ་རྗེ་འཆང་ཆེན་པོ་ཁྱོད་ལ་ཕྱག་


JLD006_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཞེས་པའོ། །དེ་ནས་ལྔས་ནི་རྣམ་སྣང་ལ་སོགས་པ་ལྔའི་རང་བཞིན་རྡོ་རྗེ་འཆང་དེ་ཉིད་ལ་ཕྱག་འཚལ་བསྟོན་ནོ། །ཇི་ལྟར་བསྟོད་ཅེས་པ་ནི་ཕྱག་འཚལ་བ་དེ་ཉིད་བསྟོད་པ་ལས་མ་འདས་པར་སྟོན་པའི་དོན་དུ་ལཀྵྨཱིས་བཤད་དོ། །ཆག་འགྱུར་ལས། ཁྱོད་ལ་ཕྱག་འཚལ་ཁྱོད་ལ་འདུད། །ཁྱོད་ལ་ཕྱག་འཚལ་ཕྱག་འཚལ་བདུད། །ཇི་བཞིན་བསྟོད་ཅིང་ཁྱོད་ལ་འདུད། ཅེས་ཕྱག་འཚལ་བ་གསུམ་དང་འདུད་པ་གསུམ་སྟེ་དྲུག་ཏུ་བསྒྱུར་ལ་སྔ་མ་ལྟར་ན་ཕྱག་འཚལ་བ་དྲུག་དང་བདུད་གསུམ་པྱུང་ངོ་། །ཕྱག་འཚལ་བ་དང་འདུད་པ་དོན་གཅིག་ལ། ཕྱག་འཚལ་བ་དྲུག་ཏུ་བྱེད་པར་སྣང་བས་འགྱུར་ཕྱི་མ་ལེགས་པར་མངོན་ནོ། །དེ་ཁོ་ན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཞུགས་པའི་བསྟོད་པ་ཡིན་ནོ། ཞེས་པས་ཕྱག་འཚལ་བ་དང་བསྟོད་པ་གཉིས་འདིར་དོན་གཅིག་ཏུ་བསྟན་པའི་སྒོ་ནས་ཕྱག་འཚལ་བའི་འཚལ་ཚུལ་སྟོན་པ་ཡིན་ནོ། །གཉིས་པ་ནི། དོན་དམ་པར་ན་གང་ལ་བསྟོད་པ་དང་ཕྱག་འཚལ་བའི་ཡུལ་དང༌། གང་གིས་བསྟོད་པ་དང་ཕྱག་འཚལ་བ་པོའི་རྟེན་དང་ཇི་ལྟར་དུ་བསྟོད་ཅིང་ཕྱག་འཚལ་བའི་ཚུལ་གསུམ་མ་གྲུབ་ལ་དེའི་ཕྱིར་ངེས་དོན་གྱི་ཕྱག་འཚལ་བ་ནི་འཁོར་གསུམ་མི་དམིགས་པ་ཡིན་པའི་ཕྱིར། རྣལ་འབྱོར་བ་རང་གིས་རང་གི་ཡང་དག་པ་སྟེ་དེ་ཁོ་ན་ཉིད་ཇི་ལྟར་བ་བཞིན་མཐོང་བའི་ཡེ་ཤེས་གང་ཡིན་པ་དེ་ནི་སྐབས་འདིར་ཕྱག་གི་མཆོག་ཡིན་པའི་ཕྱིར། རྩོམ་པ་པོས་ཀྱང་དེ་ལྟ་བུའི་ཕྱག་མཛད་


JLD006_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་དོན་ནོ། །དེའི་དཔེ་ནི་ཇི་ལྟར་ཆུ་ལ་ཞེས་པ་གཉིས་ཏེ། འཁོར་གསུམ་གྱི་གཉིས་སྣང་ཕྲ་མོ་ཡང་དག་པའི་དོན་ཏོ། །ཆག་འགྱུར་ལས། རང་གིས་རང་གི་ཡང་དག་མཐོང༌། །ཡེ་ཤེ་གང་ཡིན་འདིར་ཕྱག་ཡིན། །ཞེས་བསྒྱུར་བ་ལྟར་བདེའོ། །རང་གིས་རང་གི་ཡེ་ཤེས་ནི། ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། ཞེས་བསྒྱུར་བའི་དོན་ལ། ལཀྵྨཱིས་རང་རིག་པ་ནི་ཡེ་ཤེས་སུ་མ་གྲུབ་པས་ཡེ་ཤེས་མེད་པ་ཉིད་དུ་བཤད་དེ། ཡེ་ཤེས་ནི་ཛྙཱ་ན་སྟེ། དེ་ལ་ཛྙཱ་ནི་རྟོགས་པའི་དོན་དང༌། ན་ནི་བཀག་པའི་དོན་ནོ། །དེས་ནི་རྣལ་འབྱོར་སྤྱོད་པའི་ཕྱོགས་བཞི་པཀག་གོ་ཞེས་འཆད་དེ། རང་གིས་རང་ཤེས་པ་ཛྙཱའི་དོན་ཡིན་ལ། དེ་ནས་བཀག་པས་རང་གིས་རང་རིག་པ་མེད་ཅེས་པར་སོང་སྙམ་དུ་བསམས་སོ། སྒྲོན་གསལ་ལས། ཛྙཱ་ནི་རྟོགས་པ་དང༌། ན་ནི་དགག་ཚིག་ཏུ་བྱས་ནས་རྟོགས་པ་དང་བྲལ་བ་ཛྙཱ་ནའི་དོན་དུ་བཤད་དོ། རྒྱ་དཔེ་ལ་ཡང༌། འགྱུར་གཉིས་ཀ་ལྟར་ཡོད་པར་སྣང་ལ། ཕྱི་མ་ལྟར་ཡོད་ན་རང་གིས་རང་གི་ཡེ་ཤེས་མཐོང་བའི་དོན་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་ཀྱིས་མཐོང་བའི་དོན་དུ་བཤད་དགོས་ཀྱི། །རང་རིག་བཀག་པའི་དོན་དུ་བྱས་ན་གཞུང་ལ་མི་འགྲིག་གོ །གང་ཟག་གང་གིས་ཕྱག་མཛད་པ་ནི་འཆད་པར་འགྱུར་ལ། དགོས་པ་ནི་སྔར་དང་འདྲའོ། །རྡོ་རྗེ་བཟླས་པའི་རིམ་པར་གསུངས་པ་ལྟར། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །སེམས་དམིགས་རིམ་པ་


JLD006_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱ། ཞེས་པ་དོན་ལ་ཐོབ་མོད་ཀྱང༌། འདིར་མ་མཛད་པ་ནི་སྔ་མ་ལ་དཔགས་ནས་གོ་བར་ནུས་ཏེ། །དཔལ་ལྡན་འདུས་པའི་རྒྱུད་དུ་ནི། ཞེས་སོགས་ཀྱི་གསུང་ལས་སོ། །གསུམ་པ་ནི། འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ནི་ཉེ་བར་དམིགས་མི་གྱུར། །མུན་ནག་རབ་རིབ་ཀྱིསཁེངས་པ། །དྲིན་གྱིས་སྣང་བ་ཐོབ་པར་འགྱུར། ཞེས་པ་ལ་ལཀྵྨཱིས། ཆོས་སྐུ་རང་བཞིན་གྱིས་གྲུབ་ན་བསྒོམ་ཅི་དགོས་ཤེ་ན། འོན་ཀྱང་སྟེ་ཆོས་སྐུ་རང་བཞིན་གྱིས་གྲུབ་པ་ཁྱེད་བདེན་མོད་ཀྱང་། ཀུན་མཁྱེན་ཏེ་རྡོ་རྗེ་སློབ་དཔོན་ལ་མན་ངག་མ་ཐོབ་པར་དེ་ཁོ་ན་ཉིད་དེ་ནི་མངོན་སུམ་དུ་ཉེ་བར་དམིགས་པར་མི་འགྱུར་ཏེ། དེའི་རང་བཞིན་མི་ཤེས་པའི་ཕྱིར་རོ། །དཔེར་ན་མུན་ནག་གིས་ཁེངས་པའི་ཁང་བར་ཁང་བདག་གི་མར་མེའི་དྲིན་གྱིས་དེའི་བུམ་པ་སོགས་མཐོང་བ་དེ་བཞིན་དུ། བླ་མའི་དྲིན་གྱིས་དེ་ཁོ་ན་ཉིད་སྔར་མི་གསལ་བ་ཕྱིས་གསལ་བར་འགྱུར་གྱི་དེས་བསྐྱེད་པ་ནི་མིན་པས་བསྒོམ་པར་རིགས་སོ་ཞེས་འཆད་དོ། །དེའི་ལྟར་ན་སྔ་མའི་རྩོད་པའོ། །ཆག་འགྱུར་ལས། གང་ཡང་ཀུན་མཁྱེན་རྟོགས་མིན་པས། །དེ་ནི་ཉེ་བར་དམིགས་མི་འགྱུར། །མུན་ནག་རབ་རིབ་ཀྱིས་ཁེངས་པ། །དྲིན་གྱིས་སྣང་བ་ཐོབ་པར་བྱ། ཞེས་འབྱུང་ངོ་། །འདི་ནི་སྤྱོད་བསྡུས་ལས་སེམས་དབེན་ལ་སློབ་འདོད་པས་ཇི་ལྟར་བསླབ་པར་བྱ་བ་དྲིས་པའི་ལན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པར་བསྟན་པ་ལས་ཁ་


JLD006_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཕྱོགས་པའི་ཡུལ་མིན་པ། ཤིན་ཏུ་ཟབ་པ་མཆོག་ཏུ་རྟོགས་པར་དཀའ་བས་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དྲིས་པ་ལེགས་སོ། །དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་རང་གི་སེམས་ཀྱི་ངོ་བོ་ཉིད་བཙལ་བར་བྱའོ། ཞེས་གསུངས་པ་དང་མཐུན་པར་བཤད་ན་ལེགས་སོ། །དེ་ལ་སྔར་རང་གིས་རང་གི་ཞེས་པའི་སྐབས་སུ་རང་གི་སེམས་ཀྱི་ཡང་དག་པའི་དོན་ཆུ་ལ་ཆུ་བཞག་པ་བཞིན་དུ་མཐོང་བར་གསུངས་པ་དེ་ཇི་ལྟར་ཡིན་སྙམ་ན། སེམས་ཀྱི་དེ་ཁོ་ན་ཉིད་གང་ཡང་ཀུན་མཁྱེན་སངས་རྒྱས་རྟོགས་པ་སྟེ་ཐོབ་པ་རྣམས་ཀྱི་ནམ་ངག་གི་རྗེས་སུ་འབྲངས་པ་མིན་པར་གཞན་གྱིས་ཉེ་བར་དམིགས་པར་མི་འགྱུར་པ་དེ་ནི། གཞན་ལ་མ་རིག་པའི་མུན་ནག་གིས་བསྒྲིབས་ནས་ཤེས་པར་མི་འགྱུར་པས། བླ་མའི་དྲན་གྱིས་མུན་པ་དེ་སེལ་བའི་སྣང་བ་ཐོབ་པར་བྱའོ། ཞེས་བཤད་པར་དམ་བཅས་པའོ། །དེ་ལྟར་སྦྱོར་ན་བརྩམ་པར་དམ་བཅའ་རུ་བྱའོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་དོ། །དང་པོ་ནི། རྡོ་རྗེ་བཟླས་པའི་རིམ་པར། རྡོ་རྗེ་བཟླས་གནས་རྣལ་འབྱོར་བ། །སེམས་ལ་དམིགས་པ་ཐོག་པར་འགྱུར། ཞེས་པའི་སེམས་དམིགས་སམ་སེམས་དབེན་གྱི་ཡེ་ཤེས་དེ་གང་ཞེས་པ་དང༌། ཡང་རིམ་པ་དང་པོར། ཡེ་ཤེ་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། ཞེས་པའི་ཡེ་ཤེ་གསུམ་གྱི་དབྱེ་བ་དེ་གང་ཞེ་ན། དང་པོ་སྟོང་པ་དང༌། གཉིས་པ་ཤིན་ཏུ་སྟོང་པ་དང༌།


JLD006_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སྟོང་པ་ཆེན་པོ་དང༌། བཞི་པ་ཐམས་ཅད་སྟོང་པ་སྟེ་བཞིའོ། །དེ་བཞིའི་བྱེ་བྲག་སྟེ་མི་འདྲ་བའི་ཁྱད་པར་ནི་རྒྱུ་དང་འབྲས་བུའི་སྒོ་ནས་ཤེས་པར་བྱའོ། །དང་པོར་སྐྱེ་བའི་སྟོང་པ་ནི་ཤེས་རབ་དང༌། །དེ་ལས་སྐྱེས་པའི་ཤིན་ཏུ་སྟོང་པ་ནི་ཐབས་ཡིན་ལ། དེ་གཉིས་མཉམ་པར་སྦྱོར་བ་ལས་སྐྱེ་བའི་སྟོང་ཆེན་ནི་ཉེར་ཐོབ་རྫོགས་པའོ། །མཉམ་པར་སྦྱོར་ཚུལ་ནི། ཤེས་རབ་ཆགས་བྲལ་དང་ཐབས་ཆགས་པ་གཉིས་ཆགས་པ་ཡོད་མེད་གཉིས་སུ་འཆད་པ་ཡིན་ལ། ཉེར་ཐོབ་ནི་ཆགས་པ་བར་མ་ཡིན་པས་ཧ་ཅང་ཆགས་པ་དང་བྲལ་བ་དང༌། ཧ་ཅང་ཆགས་པའི་མུ་གཉིས་སྤངས་ནས་ཆ་མཉམ་དུ་གནས་པའོ། །ཉེར་ཐོབ་རྫོགས་པ་ལས་ནི་དེ་ལས་ཐམས་ཅད་སྟོང་པ་འོད་གསལ་ཀྱི་སེམས་སྐྱེའོ། །དེ་ལྟར་སྟོང་པ་བཞི་རྒྱུ་འབྲས་ཀྱི་རིམ་པའི་སྒོ་ནས་རྣམ་པར་དག་པ་འོད་གསལ་དུ་འགྱུར་པ་ནི། སྟོང་པ་གསུམ་མཉམ་པར་སྦྱོར་བའི་ཉེར་ཐོབ་ལས་འོད་གསལ་ཀྱི་གོ་འཕང་བླ་ན་མེད་པ་ཐོབ་པར་འགྱུར་པ་ཡིན་ནོ། །སྟོང་པ་གསུམ་མཉམ་པར་སྦྱོར་བ་ལ་ནི་རྣམ་ཤེས་གསུམ་མཉམ་པར་སྦྱོར་བ་ཞེས་ཀྱང་བྱའོ། །རིམ་པ་དང་པོར་རྩ་རྒྱུད་དུ་མདོར་བསྟན་པ་དང༌། དེ་བཤད་རྒྱུད་ཀྱིས་རྒྱས་པར་བཤད་པའི་ཚུལ་གཉིས་གསུངས་པ་ལྟར། རིམ་པ་འདི་ལའང་དེ་ལྟར་འཆད་དམ་མི་འཆད་སྙམ་ན། རིམ་པ་ཕྱི་མ་བཞི་ལ་དེ་ལྟར་གསལ་བར་མ་བཤད་ཀྱང་ཤེས་པར་ནུས་ཏེ། རྩ་རྒྱུད་ཀྱི་ལེའུ་དྲུག་པ་ལས། སེམས་ལ་དམིགས་པ་བདག་མེད་པ། ཞེས་


JLD006_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་མདོ་ཙམ་དུ་མི་གསལ་བར་བསྟན་ལ། དེ་བཤད་པའི་རྒྱུད་གང་གིས་འཆད་པ་ནི་སྤྱོད་བསྡུས་ལས། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལ་སོགས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྣང་བ་རྟོག་པར་བྱའོ། ཞེས་གསུངས་ཏེ། ཀུན་ལས་བཏུས་ལས་གསུངས་པ་སྤྱོད་བསྡུས་སུ་དྲངས་པ་ནི་སྔར་དྲངས་ཟིན་ཏོ། །སོགས་ཀྱི་སྒྲས་བསྡུས་པ་རྡོ་རྗེ་ཕྲེང་བར་བཤད་པ་དང༌། གཉིས་མེད་རྣམ་རྒྱལ་ལས་ཀྱང་གསུངས་ཏེ་སྔར་དྲངས་སོ། །རྣམ་ཤེས་གསུམ་གྱི་རང་བཞིན་གྱི་སྣང་བ་ནི་སྤྱོད་བསྡུས་ལས། རྒྱུད་དེའི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་གསུམ་གྱི་ཡང་དག་པ་ཇི་ལྟ་བ་ཡོགས་སུ་ཤེས་པར་བྱའོ། ཞེས་གསུངས་པ་ལྟར་ཡིན་གྱི་རང་བཞིན་བརྒྱད་ཅུ་ལ་རང་བཞིན་དུ་མི་བྱའོ། །གཉིས་པ་ནི། འདིར་སྤྱོད་བསྡུས་ལས། རང་གི་སེམས་ཀྱི་ངོ་བོ་ཉིད་རྟོགས་པར་བྱ་དགོས་པའི་རྒྱུ་མཚན་དང༌། སེམས་དེའི་ངང་ཚུལ་མདོར་ཇི་ལྟར་གསུངས་པ་དང༌། དེའི་རང་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བརྟེན་ནས་རྟོགས་པར་བྱ་དགོས་པ་དང༌། རྒྱུད་ཀྱི་དོན་སེམས་གསུམ་དང་རང་བཞིན་རྣམས་བཤད་པ་དང༌། དེ་ཇི་བཞིན་དུ་ཤེས་པའི་ཕན་ཡོན་དང༌། མ་ཤེས་པའི་ཉེས་དམིགས་བསྟན་པ་སྟེ་དྲུག་གིས་འཆད་དོ། །དེ་ལ་དང་པོ་ནི། དེ་ཉིད་བསྡུས་པ་ལས་རིགས་ཀྱི་བུ་མཉམ་པར་བཞག་པས་རང་གི་སེམས་སོ་སོར་རྟོགས་ཤིག །ཅེས་པ་དང༌།


JLD006_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་མངོན་བྱང་ལས། བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། ཞེས་པ་དང༌། སྡེ་སྣོད་གསུམ་གྱི་ཚུལ་ལས་ཀྱང༌། །གདུལ་དཀའ་བའི་སེམས་བཏུལ་ན་བདུད་ཀྱི་འཆིང་བ་ལས་གྲོལ་བར་གསུངས་པས། རང་གི་སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞིག་ཡིན་པ་བཙལ་བར་བྱ་དགོས་སོ། །འདི་དག་གིས་ནི་རྒྱ་གར་བ་དང་པོད་ཁ་ཅིག་སེམས་དབེན་གྱི་ཡེ་ཤེས་ནི་ཆོས་ཅན་སེམས་ཀྱི་ངང་ཚུལ་རིག་པ་ཡིན་གྱི་ཆོས་ཉིད་ནི་མིན་ཏེ། གཞན་དུ་ན་འོག་གསལ་དང་ཁྱད་མེད་པར་འགྱུར་རོ། ཞེས་འཆད་པ་བཀག་པ་ཡིན་ཏེ། ལུང་བར་པས་ནི་སེམས་ཀྱི་དེ་ཁོ་ན་ཉིད་རིག་པ་ལ་གསལ་བར་བཤད་ཅིང༌། ལུང་དང་པོས་ཀྱང༌། བྱང་སེམས་དོན་གྲུབ་མི་གཡོ་བའི་ཏིང་ངེ་འཛིན་ལས་བསླང་བ་ལ་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཕྱིར་བསྐུལ་བ་ཡིན་པའི་ཕྱིར་དང༌། ལུང་གསུམ་པའི་དོན་ཀྱང་སེམས་ཀྱི་གནས་ལུགས་མ་རྟོགས་ན་བདུད་ཀྱི་འཆིང་བ་བཅད་མི་ནུས་པའི་ཕྱིར་རོ། །སེམས་དབེན་གྱི་སྐབས་སུ་ནི་སེམས་ཀྱི་ཆོས་ཉིད་རྟོགས་ཀྱང་མངོན་དུ་མ་གྱུར་ལ། འོད་གསལ་ཀྱི་སྐབས་སུ་ནི་མངོན་དུ་གྱུར་པ་ཡིན་པས་ཟློས་པར་མི་འགྱུར་རོ། །དེས་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བར་འདོད་པས་རྣམ་གཡེང་དང་སྒྲིབ་པ་ལྔ་པོ་སྤངས་ཏེ་བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྣམ་ཤེས་གསུམ་གྱི་རང་བཞིན་རྟོགས་པར་བྱའོ། །གཉིས་པ་ནི། སེམས་དེའི་ངང་ཚུལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་


JLD006_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས་ཚུལ་ལ་གཉིས་ལས། དང་པོ་ལང་གཤེགས་ནས་གསུང་ཚུལ་ནི། བྱང་སེམས་ཆེན་པོས་རང་གི་སེམས་སྣང་བ་གཟུང་འཛིན་གྱི་རྣམ་རྟོག །སངས་རྒྱས་ཀྱི་སྤྱོད་ཡུལ་ཤེས་པར་འདོད་པས་འདུ་འཛི་དང་གཉིད་ལ་སོགས་པའི་སྒྲིབ་པ་སྤང་བར་བྱའོ། ཞེས་གསུངས་ཏེ། ཚིག་དང་པོས་ཆོས་ཅན་གྱི་སེམས་དང༌། སངས་རྒྱས་ཀྱི་སྤྱོད་ཡུལ་ཞེས་པས་དེའི་ཆོས་ཉིད་བསྟན་ཏོ། །དེ་ནས་རྣམ་ཤེས་གསུམ་ནི་དངོས་པོ་ཐམས་ཅད་ཀྱི་རྒྱུར་གྱུར་པས་མདོར་བསྟན་ནས། འདི་ལྟ་སྟེ་ནས་འཇིགས་པ་སྟེ་ཞེས་པའི་བར་གྱིས་རྒྱས་པར་བཤད་ལ། མདོར་ན་ཁམས་གསུམ་པའི་དབང་བོའི་སྤྱོད་ཡུལ་རྣམས་ནི་རྣམ་པར་ཤེས་པའོ་ཞེས་པས་དོན་བསྡུས་ཏེ་སྔར་རྣམ་ཤེས་གསུམ་དངོས་པོ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་དོན་ཡིན་གྱི་ཁམས་གསུམ་ཐམས་ཅད་རྣམ་ཤེས་སུ་སྟོན་པ་མིན་ནོ། །བཟང་སྐྱོང་གིས་ཞུས་པ་ལས་གསུངས་ཚུལ་ནི། རྣམ་ཤེས་ལུས་ཀྱི་འཁྲུལ་འཁོར་གྱི་རྟེན་སྣ་ཚོགས་ལ་བརྟེན་ནས་འཇུག་པ་དང༌། དེས་ལུས་ལེན་པས་བྱེད་པ་པོ་དང་། དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཡིན་པས་མི་ཟད་པ་དང༌། སྔོན་གྱི་གནས་དྲན་པས་བློ་ཕུན་སུམ་ཚོགས་པ་དང༌། ཉི་འོད་དྲི་བཟང་ངན་ལ་འབབ་ཀྱང་དྲི་དེས་གོས་པ་མེད་ཅིང་ངན་པ་བོར་ཏེ་མི་འགྲོ་བ་བཞིན་དུ། རྣམ་ཤེས་ཀྱང་ཁྱི་དང་ཕག་ལ་སོགས་པའི་སྐྱེ་བ་འཛིན་ཀྱང་དེའི་སྐྱོན་གྱིས་


JLD006_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མ་གོས་པར་གསུངས་སོ། །དེ་ནས་སྨན་ཆེན་གྱིས་རྣམ་ཤེས་ལུས་ལས་འཕོས་པའི་རང་བཞིན་ཞུས་པའི་ལན་དུ། ཨ་མྲ་ལ་སོགས་པའི་ས་བོན་ལ་རོ་གང་ཡོད་པ་དེ་འབྲས་བུ་ལ་འཕོ་བ་བཞིན་དུ། ས་བོན་ལྟ་བུའི་རྣམ་ཤེས་ཀྱང་འབྲས་བུ་དང་འདྲ་བའི་འགྲོ་བ་གང་དུ་འཕོ་བ་དེར་ལས་གཉིས་དང་ཚོར་བ་དང་དྲན་པ་ཡང་འཕོའོ་ཞེས་གསུངས་སོ། །དེ་ལྟར་ན་རྣམ་ཤེས་ནི་ཁ་དོག་དང་དབྱིབས་དང་མཚན་མ་དང་བདག་ཉིད་མེད་པ། རང་རིག་པ་ཙམ་དུ་བཀའ་སྩལ་ལོ་ཞེས་ལྷས་གསུངས་ཏེ། རང་རིག་པ་ཙམ་ཞེས་པའི་ཙམ་གྱི་སྒྲས་ནི། རྣམ་ཤེས་ཀྱི་དབང་གིས་འབྱུང་བ་མ་གཏོགས་པ་སྣོད་བཅུད་གུད་དུ་གྲུབ་པ་གཅོད་དོ། །བདག་ཉིད་མེད་པ་ནི་རང་བཞིན་མེད་པའོ། །དེ་མདོ་དེ་གཉིས་ཀྱིས་བསྟན་ཚུལ་ནི། རྟེན་འབྲེལ་གྱི་སྒོ་ནས་བསྟན་པའོ། །འགྱུར་རྙིང་ལས། གཞན་ཡང་ཞེས་འབྱུང་ཡང༌། འགྱུར་གསར་ལས་དེ་ལྟ་ནའང་ཞེས་པ་ལེགས་ཏེ། ཕར་ཕྱིན་གྱི་མདོ་སྡེ་ལས་སེམས་རང་བཞིན་མེད་པར་བཤད་ཀྱང༌། །རྣལ་འབྱོར་ཆེན་པོའི་རྒྱུད་ལ་མ་ཞུགས་པར་དུ་རང་གི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་མི་ནུས་པར་བཤད་དེ། སེམས་ཀྱི་ཡང་དག་པ་མངོན་དུ་གྱུར་པ་ཙམ་ལ་དེ་མི་དགོས་ཀྱང་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་ལ་ཟེར་བ་ཡིན་ནོ། །ཡང་ན་སྒྱུ་ལུས་མངོན་དུ་བྱེད་ནུས་པའི་སེམས་དབེན་གྱིས་རང་གི་སེམས་ཀྱི་དེ་ཉིད་རྟོགས་པ་ལ་བྱའོ། །འདིས་ནི་རྒྱུད་སྡེ་འོག་མ་པ་དང་ཕར་ཕྱིན་རྐྱང་བས་འཚང་རྒྱ་


JLD006_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་པར་སྟོན་ཏོ། །རྒྱུད་དེ་ལས་རྡོ་རྗེའི་ཚིག་བཤད་པ་ཞེས་པ་ནི་ཀུན་ལས་བཏུས་ལས་འདུས་པའི་རྡོ་རྗེའི་ཚིགས་བཤད་པའོ། །གསུམ་པ་ལ་གསུམ། སྣང་བ་བཤད་པ། རང་བཞིན་བཤད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། རྣམ་ཤེས་གསུམ་གྱི་མིང་གི་རྣམ་གྲངས་དང༌། སྟོག་བ་གསུམ་གྱི་ཡེ་ཤེས་བསྟན་པའོ། །དང་པོ་ནི། སྟོན་པས་ཐབས་དང་ཤེས་རབ་ཅེས་པའི་གསུང་གསལ་བའི་ཐ་སྙད་འདི་ནི། དགོངས་པའི་གསུང་གིས་མ་ནིང་གི་ཚིག་གི་བརྡ་མི་གསལ་བ་སྟེ། ཉེ་བར་ཐོབ་པའི་ཡེ་ཤེ་ཀྱང་ངོ་། །ཞེས་ཆག་གིས་བསྒྱུར་ཏེ། ཤེས་རབ་དང་ཐབས་ཞེས་བུད་མེད་དང་སྐྱེས་པའི་བརྡས་གསལ་བར་གསུངས་པའི་ཤུགས་ཀྱིས་མ་ནིང་གི་བརྡ་མི་གསལ་བ་ཡང་འཕངས་པའི་དོན་ནོ། །མིང་གི་རྣམ་གྲངས་འདི་གསུམ་སྔགས་ནས་ཡིན་ནོ། །འདིར་འགྱུར་རྙིང་ལས་འབྱུང་བ་མི་ལེགས་པར་སྣང་ངོ་། །ཐེག་པ་ཐུན་མོང་བ་ལ་གྲགས་པའི་རྣམ་གྲངས་ནི་སེམས་ཡིད་རྣམ་ཤེས་གསུམ་དང༌། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དང༌། ཆགས་སྡང་གཏི་མུག་གསུམ་དང༌། ངོ་བོ་ཉིད་གསུམ་ལ་སོགས་པའོ། །མིང་འདི་དག་ཕར་ཕྱིན་དུའང་གྲགས་པས་ཐུན་མོང་ཞེས་བྱའི་མིང་འདི་རྣམས་སྣང་མཆེད་ཐོག་གསུམ་ལ་འཇུག་པ་ཐུན་མོང་བར་སྟོན་པ་མིན་ནོ། །ངོ་བོ་ཉིད་གསུམ་ནི་སྣང་བ་སྟོང་པ་གཉིས་ཀའི་ངོ་བོ་ཉིད་གསུམ་ཡིན་ནམ་བརྟག་གོ །རྡོ་རྗེ་ཐེག་པར་བཤད་པའི་མིང་གི་རྣམ་གྲངས་ནི། སྣང་མཆེད་


JLD006_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་གསུམ་དང༌། སྟོང་པ་གསུམ་དང༌། སེམས་སེམས་བྱུང་མ་རིག་པ་དང༌། ཆགས་པ་ཆགས་བྲལ་བར་མའོ། །དེ་ལ་སེམས་ཡིད་རྣམ་ཤེས་གསུམ་དང་སྟོང་པ་གསུམ་དང་སེམས་སེམས་བྱུང་མ་རིག་པ་གསུམ་དང་གཞན་དབང་ཀུན་བརྟགས་ཡོངས་གྲུབ་གསུམ་དང༌། ཆགས་སྡང་གཏི་མུག་གསུམ་དང༌། ཆགས་བྲལ་ཆགས་པ་བར་མ་གསུམ་དང༌། སྣང་མཆེད་ཐོབ་གསུམ་རིམ་པ་བཞིན་དུ་སྦྱར་རོ། །འཆི་བའི་འོད་གསལ་མྱོང་བའི་སེམས་ནི་འཆི་སེམས་ཡིན་ལ། །དེའི་སྔ་རོལ་ཏུ་སྣང་མཆེད་ཐོབ་གསུམ་འོང་ཞིང༌། དེ་གསུམ་ལ་སེམས་ཡིད་རྣམ་ཤེས་ཀྱི་ཐ་སྙད་འདོགས་པས་སེམས་ཡིད་རྣམ་ཤེས་གསུམ་གྱི་སེམས་ཀུན་གཞི་ལ་བྱས་ནས་དེ་ཁོ་ན་འཆི་སེམས་སུ་འདོད་པ་དང་མི་མཐུན་ནོ། །དེ་རྣམས་ཕལ་མོ་ཆེ་དེ་གསུམ་ལ་ཐ་སྙད་དེ་དག་འཇུག་པའི་རྒྱུ་མཚན་ཕྱོགས་རེ་ཡོད་པའི་སྒོ་ནས་ཀུན་བརྟགས་སོགས་སུ་བཤད་པ་ཡིན་གྱི་མིང་དེ་དག་གི་དོན་ཐམས་ཅད་དེ་གསུམ་ཡིན་པར་སྟོན་པ་མིན་ནོ། །གཉིས་པ་ནི། ད་ནི་སྟོང་པ་གསུམ་གྱི་རང་གི་མཚན་ཉིད་སོ་སོ་རང་གིས་རིག་པར་བྱ་བའི་ངོ་བོ་ནི་ངག་གི་སྒོ་ལ་བརྟེན་ནས་བསྟན་པར་བྱ་སྟེ། སྟོན་པས་སེམས་ནི་ཁ་དོག་དང་དབྱིབས་མེད་པ་ནམ་མཁའི་མཚན་ཉིད་ཅན་ནོ། ཞེས་པ་དང༌། སྣང་བའི་མཚན་ཉིད་དང་རྗེས་སུ་མྱོང་བའི་མཚན་ཉིད་ཀྱིས་སོ་སོར་རྟོགས་པར་བྱའོ། ཞེས་གསུངས་པའི་དང་པོ་སྟོན་པ་ལ་སྣང་བའི་མཚན་ཉིད་ནི། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། སྟོན་གྱི་


JLD006_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ། གསལ་བའི་རང་བཞིན་གྱི་རྣམ་པར་དངོས་པོ་མ་ལུས་པ་རྣམས་དམིགས་པས་སྣང་བའོ། །འདི་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་རང་བཞིན་སྟོན་པ་དང་པོ་སྟེ། །ཨཾ་ཞེས་པ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ། མོས་པ་ཆུང་བས་དགོངས་ཏེ་གསུངས་པ་མི་རྟོགས་པས་ཟླ་བའི་གཟུགས་སུ་དམིགས་པར་བྱེད་ཅིང༌། པདྨའམ་བུད་མེད་དམ་གཡོན་པའམ་མཚན་མོའི་མིང་ངམ། འཇམ་པའི་ངོ་བོར་སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་གསལ་བའོ། །སྣང་བ་མཆེད་པའི་མཚན་ཉིད་ནི། དེ་ཡང་གཟུང་འཛིན་དང་བྲལ་བ་རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། སྟོན་ཀའི་ནམ་མཁའ་ལ་ཉི་འོད་ཀྱིས་ཁྱབ་པ་བཞིན་དུ། ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དངོས་པོ་མ་ལུས་པ་དམིགས་པ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན། ཨཱཿ ཞེས་པ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བས་དགོངས་ཏེ་གསུངས་པ་མི་རྟོགས་པས། ཉི་མ་ལ་བརྟེན་ནས་དམིགས་པར་བྱེད་ཅིང༌། རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེའམ། ཉིན་མོའམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་པ་དང་། རྩུབ་པའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུགས་སོ། །སྣང་བ་ཉེར་ཐོབ་ཀྱི་མཚན་ཉིད་ནི། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་


JLD006_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པའི་གཟུགས་ཅན། །ལུས་དང་ངག་མེད་པ་སྟེ། མཚམས་ཀྱི་སྨག་ལ་བབ་པའི་ནམ་མཁའ་བཞིན་དུ་ཕྲ་ཞིང་བདག་མེད་པ། སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ། སེམས་མེད་པ་མི་གཡོ་བ་དག་གི་ས་བོན་ལ་བརྟེན་ནས་གནས་པའི་སྒོ་ཡོངས་སུ་གྲུབ་པ་འདི་ནི་ཉེར་ཐོབ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོའོ། །དེལ་དངོས་པོ་མེད་པའི་གཟུགས་ཅན་ནི་ཆག་གིས་རྣམ་པ་མེད་པའི་རང་བཞིན་དུ་བསྒྱུར་བ་ལེགས་ལ། གསུམ་ག་ལ་དེ་གཉིས་ལྟར་གསུངས་པ་ནི། བར་པ་ལ་གཟུང་འཛིན་དང་བྲལ་བ་ཞེས་གསུངས་པའི་དོན་ཏེ་གཉིས་སྣང་རགས་པའི་རྣམ་པ་དང་བྲལ་བའོ། །ལུས་ངག་མེད་པ་གསུམ་ག་ལ་གསུངས་པ་ནི། ཡེ་ཤེས་དེའི་དོན་དེ་གཉིས་ཀྱི་སྣང་བ་མེད་པའོ། །ནམ་མཁའི་མཚན་ཉིད་ཅེས་པ་ནི། གསུམ་ག་ཟླ་འོད་དང་ཉི་འོད་དང་སྨག་གིས་ཁྱབ་པའི་ནམ་མཁའ་བཞིན་དུ་སྣང་བའོ། དངོས་པོ་མ་ལུས་པ་དམིགས་པ་ཞེས་པ་ནི་ཡུལ་དུ་གང་སྣང་ཐམས་ཅད་སྔ་མ་བཞིན་དུ་སྣང་བའོ། །འདི་གསུམ་ག་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་སྐྱེ་བའི་དུས་སུ་རླུང་རང་བཞིན་ལ་ཐིམ་ནས་རང་བཞིན་ལོག་པའི་རྗེས་སུ་སྐྱེ་བས་སྣ་བུག་ནས་སྲོག་རྩོལ་རྒྱུ་བ་མེད་ཀྱང་གསུམ་པ་ལ་ཁྱད་པར་དུ་སྨོན་པ་ནི་དེ་གསུམ་གྱི་ནད་ནས་ཀྱང་རླུང་གི་གཡོ་བ་ཕྲ་རུ་སོང་བ་ལ་དགོངས་སོ། །གསུམ་པ་ལ་ཆག་གིས། ངག་གི་ས་བོན་ཨ་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ། ཅེས་བསྒྱུར་ལ། དེ་གསུམ་གྱི་ངག་གི་སྒོ་ལ་བརྟེན་པ་ནི་ངག་གི་སྒོ་ནས་བརྗོད་པའི་ཡི་གེ་གསུམ་མོ། །དེའི་ས་བོན་ནི་


JLD006_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྟེ་རླུང་ངོ་། །དེ་བརྟན་པར་བྱེད་པའི་རྒྱུ་ནི་ཡེ་ཤེས་དེ་དག་གི་སྒོ་ནས་རླུང་ཀུན་ནས་གཡོ་བ་འགོག་པའོ། །མོས་པ་ཆུང་བ་ནི་བློའི་མཐུ་ཆུང་བ་ལས་དང་པོ་པའི་རྣལ་འབྱོར་བ་བསྐྱེད་རིམ་པའོ། །དགོངས་ཏེ་གསུངས་པ་ནི་སྒྲ་འགལ་བ་ཟླ་ཉི་ལ་སོགས་པའི་སྒོ་ནས་ཡེ་ཤེས་གསུམ་པརྗོད་པའོ། །དེས་དེ་མི་རྟོགས་པ་ནི་ལུང་ལ་བརྟེན་ནས་མི་ཤེས་པ་མིན་གྱི་མངོན་དུ་བྱེད་མི་ནུས་པའོ། །དེས་ཟླ་བ་སོགས་ལ་དེ་དག་ཏུ་མོས་ནས་བསྒོམས་པས་མཐར་ཡེ་ཤེས་རྣམས་མངོན་དུ་བྱེད་ནུས་པར་འགྱུར་པའོ། །ཀུན་རྫོབ་ཀྱི་གཟུགས་ཞེས་པ་ནི་ཟླ་ཉི་ལ་སོགས་པའི་དོན་རྣམས་སྣང་བ་རྣམས་ཀྱི་ཀུན་རྫོབ་པའི་ངང་ཚུལ་དུ་སྟོན་པ་མིན་ཏེ། སྔར་ནམ་མཁའ་གསུམ་བཞིན་དུ་བཤད་པ་ནི་སྣང་བ་གསུམ་གྱི་དོན་དམ་པའི་ངང་ཚུལ་ཡིན་པས་དེ་ལས་རྣམ་པར་དབྱེ་བའི་ཕྱིར་དུའོ། །འདི་ནི་གཙོ་བོ་རྡོར་བཟླས་མཐར་ཕྱིན་པའི་འོག་ཏུ་ཡེ་ཤེས་གསུམ་གྱི་སྐྱེ་ཚུལ་ཡིན་ཏེ། འཆི་བ་ལ་སོགས་པའི་གཞི་དུས་སུ་ཡང་འདི་དང་རྗེས་སུ་མཐུན་པ་སྐྱེའོ། །གཉིས་པ་ནི། ཡེ་ཤེས་རེ་རེ་འབྱུང་བ་ལ་རང་བཞིན་འབྱུང་བ་རྣམ་པར་གཞག་པར་བྱ་སྟེ་ཞེས་གསུངས་པའི་ཡེ་ཤེས་ནི་སྔར་བཤད་པ་དེ་རྣམས་མིན་གྱི་སྤྱིར་སྣང་བ་གསུམ་གྱི་ཡེ་ཤེས་ཞེས་པའམ་ཤེས་པ་ལ་བྱའོ། །དེ་ལ་ཤེས་རབ་ཀྱི་ཡེ་ཤེས་རང་བཞིན་ཆགས་བྲལ་གསུམ་དང༌། ཡིད་ཀྱི་འགྲོ་འོང་གཅིག་དང༌། མྱ་ངན་གསུམ་དང༌། ཞི་བ་དང་རྣམ་པར་རྟོག་པ་གཉིས་དང༌། འཇིགས་པ་གསུམ་དང༌། ཉེ་བར་


JLD006_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་དང་མི་ཤེས་པ་གཉིས་དང༌། ཚོར་བ་གསུམ་དང་། བཀྲེས་སྐོམ་དང་རིག་པའི་བྱ་བྱེད་ལས་གསུམ་དང༌། སོ་སོར་རྟོག་པ་དང་ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་བརྩེ་བ་གསུམ་དང༌། དགོས་པ་དང་སྡུད་པའམ་སོག་པ་དང་ཕྲག་དོག་གོ །དེ་ལ་ཡུལ་ཡིད་འོང་མི་འོང་བར་མ་གསུམ་དུ་ངེས་པས། དེ་གསུམ་ལ་དམིགས་ནས་འདོད་པའི་རྣམ་པ་ཅན་དང༌། མི་འདོད་པའི་རྣམ་པ་ཅན་དང༌། དེ་གཉིས་ཀའང་མེད་པར་བཏང་སྙོམས་པའི་རྣམ་པ་ཅན་དུ་འཇུག་པའི་རྟོག་པའང་གསུམ་དུ་ངེས་སོ། །དེའི་རྒྱུ་རྟོག་མེད་ཀྱི་སྣང་བའང་ཡུལ་གསུམ་ལ་དམིགས་པ་གསུམ་མོ། །དེའང་ཡུལ་ལ་འདོད་ཆགས་ལོག་པའི་སྒོ་ནས་ནི་དང་པོ་གསུམ་མོ། །ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་ནི་འགྲོ་བ་སྤྲོ་བ་དག་འོང་བ་སྡུད་པའོ། །སེམས་ཁྲལ་གྱི་སྒོ་ནས་ནི་མྱ་ངན་གསུམ་མོ། ཞི་བ་ནི་དགའ་བ་ཞི་བའོ། རྣམ་པར་རྟོག་པ་ནི་མི་འདོད་པའི་རྣམ་པར་རྟོག་པའོ། །མི་འདོད་པ་སྐྱེད་པའི་སྒོ་ནི་འཇིགས་པ་གསུམ་མོ། སྲེད་པ་གསུམ་ནི་དགའ་བའི་རྣམ་པ་ཅན་མིན་གྱི་ཡུལ་དེ་ལ་གདུང་བ་ལ་སྲེད་པ་ཞེས་བཏགས་པས་འོག་མའི་འདོད་ཆགས་གསུམ་དང་མི་དྲའོ། ཉེ་བར་ལེན་པ་ན་གནོད་པའི་བསམ་པ་ལོག་པའོ། །མི་དགེ་བའམ་མི་ཤིས་པ་ནི་དེ་ལ་དམིགས་ནས་མི་འདོད་པར་ལྟ་བའོ། །ཚོར་བ་གསུམ་ནི་གདུང་བའི་ཚོར་བའོ། །རིག་པ་པོ་ལ་སོགས་པའང་ཡིད་དུ་མི་འོང་བའི་དབང་དུ་བྱས་པ་ལ་རྟོག་པའོ། །ངོ་ཚ་ཤེས་པ་ནི་ངོ་ཚ་ནས་མི་འདོད་པའོ། །སོ་སོར་རྟོག་པ་ནི་ཁོན་འཛིན་ཡང་ཡང་དྲན་པའོ། སྙིང་རྗེ་ནི་


JLD006_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཡིད་མི་བདེ་བ་བསྐྱེད་པའོ། བརྩེ་བ་གསུམ་ནི་ཉམ་ཐག་པའི་རྣམ་པ་ཅན་ནོ། །སྡུད་པ་ནི་ཡུལ་ལས་ཕྱིར་ཕྱོགས་པའོ། །སེར་སྣ་ཞེས་བསྒྱུར་ཡང་ཕྲག་དོག་ཏུ་བསྒྱུར་བ་ལེགས་སོ། །འདིས་བཞི་པཅུ་དང་བདུན་ལ་ཡང་རིགས་པ་སྦྱར་རོ། །རང་བཞིན་བརྒྱད་ཅུ་བོ་ལ་ཉིན་མཚན་གྱིས་ཕྱེ་ན་བརྒྱ་དྲུག་ཅུ་སྟེ་སྒོང་སྐྱེས་ལ་སོགས་པས་ཀྱང་སྤྱོད་དོ། །དེ་ནས་རང་བཞིན་བརྒྱད་ཅུ་རང་གཞན་གྱི་རྒྱུད་ལ་རྒྱུ་བ་ངེས་ན། ལུང་གིས་ཇི་ལྟར་བཤད་པ་བསྟན་དུ་གསོལ། ཞེས་པའི་ལན་དུ། འདུས་པ་ཕྱི་མའི་སྔགས་ཀྱི་ངེས་ཚིག་དྲངས་སོ། །སྔར་དྲངས་པ་ལྟར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སུ་གསལ་བར་སྣང་མོད་ཀྱང༌། རྒྱུད་ཕྱི་མ་དྲངས་པ་ནི། སྔགས་ཀྱི་ངེས་ཚིག་ཡིད་སྐྱོབ་ཀྱི་ཡིད་དེ་དབང་བོ་དྲུག་དང་ཡུལ་དྲུག་གི་རྐྱེན་གྱིས་བྱུང་བའི་ཡིད་ལ་གསུངས་པས་ཡིད་དེ་ཚོགས་དྲུག་གི་ཤེས་པ་ལ་གསལ་བར་བཤད་ཅིང༌། དེ་དྲུག་ག་གང་སྐྱབས་པའི་ཡིད་ཡིན་པའི་ཕྱིར་གང་ལས་སྐྱོབ་པའི་ཡིད་དུ་དགོས་སོ། ཡང་ན་སྔགས་ཀྱི་སྤྱོད་པ་བྱས་ནས་ཡིད་སྐྱོབ་པའི་སྐབས་སུ་གསུངས་པས་རང་བཞིན་ལ་གོ་ནུས་ཏེ། སྤྱོད་པའི་དགོས་པ་ནི་ཀུན་རྟོག་གཅོད་པའི་ཆེད་ཡིན་པའི་ཕྱིར་རོ། །རང་བཞིན་བརྒྱད་ཅུ་ལས། ཉོན་མོངས་པ་དགུ་པཅུ་རྩ་བརྒྱད་འབྱུང་བ་ནི་མཛོད་ནས་བཤད་པ་ལྟར་མཐོང་སྤང་གྱ་བརྒྱད་དང༌། སྒོམ་སྤང་བཅུར་བཤད་པའོ། །ལྟ་ངན་རེ་གཉིས་སོགས་འབྱུང་བ་ནི་ཚངས་པའི་དྲ་བ་ལས་གསུངས་པ་ལྟར་རོ། །གསུམ་པ་


JLD006_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས། རྩོད་པ་དང༌། དེའི་ལན་ནོ། །དང་པོ་ནི། སྟོང་པའི་ཡེ་ཤེས་ནི་ཟླ་བའི་སྣང་བ་ལྟ་བུ་སྟོང་པ་ཙམ་མོ། །ཞེས་སོགས་ཀྱིས་བསྟན་ཏེ་སྔར་དྲངས་ཟིན་ཏོ། །གོང་དུ་ཡེ་ཤེས་གསུམ་གྱི་ངོས་འཛིན་ནམ་མཁའ་ལྟ་བུར་གསུངས་པ་དང་དེ་དག་ལས་རང་བཞིན་གྱི་རྟོག་པ་རྣམས་འབྱུང་བར་བཤད་པ་གཉིས་ལ་འགལ་བ་འཛིན་པའོ། །མེལ་ཚེ་བྱེད་ཅེས་པ་ནི་སྦྲོ་བར་བྱེད་ཅེས་པ་དང་སེམས་པ་མེད་པར་བྱེད་ཅེས་པ་ནི་སྡུད་པར་བྱེད་པ་འདྲི་བའོ། །དེའི་ལན་ནི། ནམ་མཁའ་ལྟ་བུ་ཡིན་ཀྱང་སྣང་བ་དང་བཅས་པ་ཡིན་པས་གཡོ་བྱེད་ཀྱི་རླུང་དང་བཅས་པའོ། །དེས་ན་རླུང་གིས་རིམ་གྱིས་གཡོས་པ་ལ་བརྟེན་ནས་རྟོག་པ་རྣམས་འབྱུང་ངོ་ཞེས་པའོ། །རྣམ་ཤེས་ནི་གཟུགས་སུ་མ་གྲུབ་ལ། ནང་གི་རླུང་ཕྲ་བའང་གཡོས་པའི་བྱ་བ་ཙམ་གྱི་གཟུགས་ཤིན་ཏུ་ཕྲ་བ་མ་གཏོགས་པ་གཟུགས་སུ་མེད་པས་ཤེས་པ་དང་འདྲེས་ནས་བྱ་བ་ཐམས་ཅད་རྫོགས་པར་བྱེད་དོ། །དེའི་ཤེས་བྱེད་དུ་རང་རིག་ཙམ་གྱི་ཞེས་སོགས་དྲངས་སོ། །དེའི་རྐང་པ་དང་པོ་གཉིས་ནི་ཕྱོགས་སྔའི་རྟགས་སོ། །འོན་ཀྱང་ཞེས་པ་ནི་ཁྱབ་པ་མེད་པར་སྟོན་ཏེ། །དེ་ལ་དབྱེ་བ་ཡོད་ཅེས་པ་ནི་གསུམ་དུ་བཤད་ཅེས་པའི་བར་གྱིས་སོ། །དབྱེ་བ་ཡོད་ཚུལ་ནི། ཉིན་མཚན་དང་མཚམས་ཀྱིས་ཏེ་གཉིས་སྣང་དང་བཅས་པར་རོ། །དེས་ན་གཡོ་བྱེད་ཀྱི་རླུང་ཡོད་པ་ནི། དེའི་གཞི་ནི་ཞེས་སོགས་ཀྱིས་སྟོན་ཏེ་སེམས་དེའི་བཞོན་པར་གྱུར་པས་རྟེན་ནི་གཞིའོ། །རླུང་རྣམས་ཞེས་པ་ནས་དམིགས་པར་འགྱུར་ཞེས་


JLD006_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་གྱིས་ནི་སྣང་བ་རླུང་གིས་བསྐྱོད་ནས་ཡུལ་ལ་འཇུག་ཚུལ་སྟོན་ནོ། །གང་ཚེ་ནས་དེ་དང་དེ་རྗེས་སྤྱོད་ཅེས་པའི་བར་གྱིས་ནི་དེ་ལས་རང་བཞིན་འབྱུང་ཚུལ་སྟོན་ཏོ། །འོ་ན་སྣང་བ་གསུམ་རྗེས་དཔག་གིས་དཔོག་པར་གསུངས་པ་ཅི་ཡིན་སྙམ་ན། སྣང་བས་རང་བཞིན་མ་སྐྱེད་པའི་སྐབས་དེ་ངེས་དཀའ་བས་ཕལ་ཆེ་བ་ལ་དགོངས་ཀྱི་མངོན་དུ་མི་འགྱུར་པ་མིན་ཏེ། དཔེས་ཤེས་སོ། །ཤེས་པ་ལ་རླུང་འཇུག་པ་ལས་སྐད་ཅིག་ཐང་ཅིག་སོགས་ཀྱི་ཚད་ཙམ་དུ་སྣང་བ་གཡོ་ལ། དེ་ནས་དེ་རྣམས་ཀྱི་ཚད་དུ་རང་བཞིན་རྣམས་མྱོང་བར་འགྱུར་རོ། །སེམས་པའམ་དྲན་པ་མེད་པ་ནི་མ་རིག་པ་སྟེ་དེ་ལ་ཐུག་གི་བར་དུ་སྡུད་པ་ནི་རླུང་དང་རྟོག་པ་ཐིམ་པའི་རིམ་པས་སོ། །ཕན་ཡོན་དང་ཉེས་དམིགས་ནི་གོ་སླའོ། །གཉིས་པ་ལ་ལྔ། སྣང་བ་དང་རང་བཞིན་གཏན་ལ་དབབ་པ་དང༌། སྟོང་པ་བཞི་ལས་ལྷའི་སྐུ་སྐྱེད་ཚུལ་དང༌། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། །ལམ་འདིས་བགྲོད་པའི་སའི་རྣམ་གཞག་དང༌། རྟོགས་པ་བོགས་འདོན་པའི་སྤྱོད་པ་བྱ་བའོ། །དང་པོ་ལ་བཞི། སྣང་བ་གསུམ་དང་རང་བཞིན་གྱི་མཚན་ཉིད་བསྟན་པ་དང༌། སྟོང་པ་གསུམ་གྱི་ཡེ་ཤེས་སྐྱེད་ཚུལ་དང༌། དེ་ལ་བརྟེན་ནས་རང་བཞིན་རྣམས་འོད་གསལ་དུ་འཇུག་ཚུལ་དང༌། དེ་ལྟར་མ་ཤེས་པ་དང་ཤེས་པའི་སྐྱོན་ཡོན་བསྟན་པའོ། དང་པོ་ལ་གསུམ། སྣང་བ་དང་དེའི་རང་བཞིན་བསྟན་པ་དང༌།


JLD006_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་འབྱུང་བའི་དུས་ཚོད། སྣང་བ་ལས་རང་བཞིན་སྐྱེ་བ་མི་འགལ་བའི་ཚུལ་ལོ། དང་པོ་ལ་གསུམ། སྣང་བ་དང་དེའི་རང་བཞིན། སྣང་བ་མཆེད་པ་དང་དེའི་རང་བཞིན། སྣང་བ་ཉེར་ཐོབ་དང་དེའི་རང་བཞིན་ནོ། །དང་པོ་ལ་གསུམ། སྣང་བའི་ངོ་བོ་དང༌། རང་བཞིན་གྱི་དབྱེ་བ་དང༌། ཀུན་རྫོབ་པའི་སྣང་བ་ལསདེ་རྣམས་འབྱུང་བར་བསྟན་པའོ། །དང་པོ་ནི། སྣང་བར་བྱེད་པས་སྣང་བ་སྟེ་འཇུག་ཤེས་དང་པོ་དང༌། །ཡིད་དགའ་བར་སྣང་བས་སྣང་བའི་ཡེ་ཤེས་ཀྱང་སྣང་བའོ། །སྟོང་པ་ནི་རང་བཞིན་སོ་གསུམ་མི་དམིགས་པའི་ཕྱིར་རོ། །ཤེས་རབ་ནི་དེ་ཉིད་ཁྱད་པར་གྱི་ཡེ་ཤེས་ཡིན་པའི་ཕྱིར་རོ། །སེམས་ནི་དེ་ཉིད་ཡུལ་ཐམས་ཅད་རྟོགས་པས་སོ། །གཞན་དབང་ནི་སྔགས་དང་ཕྱག་རྒྱུའི་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཞེས་ལཀྵྨཱིས་བཤད་དོ། །གཉིས་པ་ནི། །དེ་ཡི་རང་བཞིན་འཕྲོག་གསལ་བ། ཞེས་པ་ནི། རང་བཞིན་སུམ་ཅུ་རྩ་གསུམ་གང༌། །ལུས་ཅན་རྣམས་ཀྱི་རང་རིག་བྱ། ཞེས་པའི་བར་གྱིས་སྟོན་ཏེ། རྟགས་ལ་མ་བརྟེན་པར་མྱོང་སྟོབས་ཀྱིས་ངེས་པས་ན་རང་གིས་རིག་པར་བྱའོ། །འདིའི་འགྲེལ་པར། ཤིན་ཏུ་ཚོར་བའི་སྐད་ཅིག་དང༌། ཞེས་དང༌། དོགས་དང་བསམ་པ་ཉིད་དང་ནི། ཞེས་བསྒྱུར་རོ། །གསུམ་པ་ནི། ལཀྵྨཱིས་ནི། རྣམ་གྲངས་ཀྱི་སྒོ་ནས་སྔགས་ཀྱི་རིམ་པ་ལ་བརྟེན་ཏེ། སྣང་བའི་ཡེ་ཤེས་འབྱུང་བ་སྟོན་པར་བྱེད་དེ། རང་བཞིན་འདི་རྣམས་ཀུན་རྫོབ་ཀྱི་གཟུགས་གསལ་བོ་ལ་བརྟེན་ཏེ། སྤྱི་བོ་ནས་བྱང་ཆུབ་


JLD006_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཀྱི་ཟླ་བ་ཤར་ཞིང་འཛག་པས་མཚན་མོའོ། །ཤེས་རབ་ཀྱི་རང་བཞིན་ཡིན་པས་བུད་མེད་དོ། །དམན་པའི་བདེ་བ་དམིགས་པས་འཇམ་པོའོ། །རྩ་གཡོན་པའི་རླུང་ལ་ཞོན་པའི་རྣམ་ཤེས་ལས་འབྱུང་བས་གཡོན་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་འབྱུང་བས་ཟླ་བའི་དཀྱིལ་འཁོར་རོ། །པདྨས་མཚོན་པའི་ཤེས་རབ་ཀྱི་རང་བཞིན་ཡིན་པས་པདྨའོ། །ལས་དང་པོ་པས་ཇི་ལྟ་བ་བཞིན་མི་རྟོགས་པས་ཟླའི་སྟེང་དུ་ཨཾ་བཀོད་ནས་བསྒོམས་ན་ཟླ་འོད་དང་འདྲ་བའི་སྣང་བའི་ཡེ་ཤེས་འཆར་རོ། །རྫོགས་རིམ་པས་ནི་སྔར་བཤད་པའི་རྩིབས་བརྒྱད་པའི་འཁོར་ལོ་ཁོ་ན་པདྨ་འདབ་བརྒྱད་དང༌། དེར་གནས་པའི་བྱང་ཆུབ་ཀྱི་སེམས་ཟླ་བ་སྟེ། དེར་ཡང་རྩའི་གཟུགས་སུ་ཨཾ་རང་བཞིན་གྱིས་གྲུབ་པ་ལས་འོད་ཟེར་སྤྲོས་རེ་ༀ་ཡིག་གིས་འཇུག་པའི་རླུང་བཀུག་ནས་བཅུག་ལ་རང་བཞིན་དང་བཅས་པའི་འཇུག་ཤེས་དག་ན་ཟླ་འོག་དང་འདྲ་བའི་སྣང་བའི་ཡེ་ཤེས་འཆར་རོ་ཞེས་འཆད་དེ། བསྟན་པར་བྱ་བ་ཞེས་པ་གཉིས་ཀྱིས་བསྟན་པར་འདོད་དོ། །སྣང་བའི་ཡེ་ཤེས་ཡང་དག་འབྱུང༌། ཞེས་པའི་དོན་ནི་རང་བཞིན་སོ་གསུམ་དེ་ལས་བྱུང་བའི་དོན་དུ་སྣང་གི་ཡེ་ཤེས་དང་པོ་སྔགས་ཀྱི་རིམ་པ་ལས་བྱང་བའི་དོན་མིན་ལ། སྤྱོད་སྡུས་ལས། མཚན་མོ་ལ་སོགས་པ་རྣམས་སྣང་བའི་མིང་དུ་གསུངས་པ་དང་མི་མཐུན་ནོ། །འགྱུར་ཡང་ཆག་གིས་སྣང་བའི་ཡེ་ཤེས་ལས་བྱུང་


JLD006_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཞེས་པ་ལེགས་སོ། །དེས་ན་མཚན་མོ་ནི་མཚམས་ཀྱི་སྨག་གིས་མུན་པ་མཐུག་པོ་སངས་ནས་སྐྱ་རེང་གི་འོད་ཀྱིས་མ་སླེབ་པའི་བར་གྱི་ཟླ་འོད་ཕོག་པའི་ནམ་མཁའ་དང་འདྲ་བས་མཚན་མོ་དང༌། གཡོན་པ་ཤེས་རབ་ཏུ་བཤད་པས་གཡོན་པ་དང༌། ཤེས་རབ་ཀྱི་ངོ་བོ་ཡིན་པས་བུད་མེད་དང༌། ཞན་པའི་རྣམ་པ་ཅན་ཡིན་པས་འཇམ་པོ་དང༌། ཟླ་བར་མོས་པར་བྱེད་པ་དང་ཟླ་འོད་དང་འདྲ་བས་ཟླ་དཀྱིལ་དང༌། པདྨར་མོས་པས་པདྨ་ཞེས་བྱའོ། །ཡི་གེའི་དབང་དུ་བྱས་ན་ཨ་ཡིག་ཐིག་ལེ་ཅན་དུ་མོས་པས་དེར་བཤད་དོ། །བཤད་མ་ཐག་པའི་སྔགས་རིམ་དང༌། མན་ངག་གཞན་ལས་སྙིང་ཁར་འཁོར་ལོ་ལ་ཡི་གེ་བཀོད་པ་ཡང་འཕགས་སྐོར་གྱི་ཁུངས་ཐུབ་ལྔའི་གཞུང་ལས་མི་འབྱུང་ངོ་། །གཉིས་པ་ལ་གསུམ། སྣང་བ་མཆེད་པའི་ངོ་བོ། དེའི་རང་བཞིན་གྱི་དབྱེ་བ། ཀུན་རྫོབ་པའི་མཆེད་པ་ལས་དེ་རྣམས་འབྱུང་བར་བསྟན་པའོ། །དང་པོ་ནི། ལཀྵྨཱིས་སྔ་མ་ལས་ཡིད་དགའ་བ་ལྷག་པས་སྣང་བ་མཆེད་པ་དང༌། རང་བཞིན་བཞི་པཅུ་མི་དམིགས་པས་ཤིན་ཏུ་སྟོང་པ་དང༌། ཉོན་ཡིད་འགྲོ་བའི་རྒྱུ་ཡིན་པས་ཐབས་སམ། ཡང་ན་རྩ་གཡས་ལ་གནས་པའི་རྣམ་ཤེས་ལས་འབྱུང་བས་ཐབས་དང༌། ནང་གི་བདག་ཉིད་ཡིན་པས་དོན་ལས་མི་སྐྱེ་བའི་ཕྱིར་ཀུན་བརྟགས་དང༌། བདག་ཏུ་ལྟ་བ་ལ་སོགས་པའི་སེམས་བྱུང་བཞིའི་རང་བཞིན་ཡིན་པས་སེམས་བྱུང་ངོ་ཞེས་འཆད་དོ། །གཉིས་པ་ནི། ཆགས་


JLD006_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེན་པ་དེ་བཞིན་དགའ། །ཞེས་པ་ནས། རང་བཞིན་བཞི་པཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། ཞེས་པའི་བར་གྱིས་གསུགས་སོ། །ཆགས་འགྱུར་ལས། རང་བཞིན་བཞི་པཅུའི་སྐད་ཅིག་རྣམས། །ཤིན་ཏུ་སྟོང་པ་ལས་སྐྱེས་ཏེ། ཞེས་འབྱུང་ངོ་། །གསུམ་པ་ནི། ཉིན་མོ་ཞེས་སོགས་ཏེ་སྔ་མ་ལ་དཔགས་ནས་ཤེས་པར་བྱའོ། །ལཀྵྨཱིས་འདིར་ཡང་རང་བཞིན་རྣམས་ཉིན་མོ་ལ་སོགས་པའི་མིང་གིས་བཤད་ཅིང༌། ལས་དང་པོ་པས་ཉི་མ་ལ་གནས་པའི་ཨཱཿ ཡིག་སྒོམ་པ་དང༌། རྫོགས་རིམ་པས་ཉི་ཟླས་མཚན་པའི་ཆོས་འཁོར་གྱི་དབུས་སུ་ཨཱཿ ཡིག་ལས་འོད་ཟེར་སྤྲོས་པའི་གནས་པའི་རླུང་གི་ངོ་བོ་ཨཱཿ ཡིག་བཀུག་ནས་བཅུག་པས་ཉོན་ཡིད་འཁོར་བཅས་ལྡོག་པས། ཉི་འོད་དང་འདྲ་བའི་མཆེད་པའི་ཡེ་ཤེས་སྐྱེ་བར་འཆད་མོད་ཀྱང༌། མི་འཐད་པར་བཤད་ཟིན་ཏོ། །གསུམ་པ་ནི། ལཀྵྨཱིས་ཀུན་གཞི་ལྡོག་པས་སྟོང་ཆེན་དང་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་ནུབ་པའི་བརྒྱལ་བ་ལྟ་བུ་ཡིན་པས་སྣང་བ་ཐོབ་པ་དང༌། དེའི་འོག་ཏུ་འོད་གསལ་འཆར་བས་འོད་གསལ་དང་ཉེ་བར་རམ་དེའི་གམ་ན་ཐོབ་པས་ཉེར་ཐོབ་དང་། ཡེ་ཤེས་སྔ་མ་གཉིས་ནུབ་པས་ཡོངས་གྲུབ་སྟེ། སྔ་མ་དང་ནི་རྟག་ཏུ་བྲལ། །དེ་ནི་ཡོངས་སུ་གྲུབ་པར་བརྗོད། ཅེས་འབྱུང་ངོ་། ཞེས་འཆད་དོ། །ལུང་དེ་ནི་སུམ་ཅུ་བར་སྔ་མ་ཀུན་བརྟགས་ཀྱིས་གཞན་དབང་སྟོང་པའི་སྟོང་པ་ཡོངས་གྲུབ་ཏུ་འཆད་པ་ཡིན་པས། འདིར་འབྲེལ་རྒྱུ་མེད་ལ། སྣང་བ་གསུམ་འཇུག་


JLD006_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་ཉོན་ཡིད་དང་ཀུན་གཞིར་འཆད་ཅིང༌། སྟོང་པ་གསུམ་དེ་གསུམ་གྱིས་སྟོང་པར་འདིས་བཤད་པ་ནི། སྣང་བ་གསུམ་སེམས་ཡིད་རྣམ་ཤེས་གསུམ་དུ་བཤད་པ་ལ་བརྟེན་པར་སྣང་ཡང་ལེགས་པར་མ་མཐོང་ངོ་། ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་ཉིད་དུ་ཡང་ཤེས་པར་བྱ། ཞེས་ཡི་གེ་དེ་ཡེ་ཤེས་ཀྱི་མིང་གི་རྣམ་གྲངས་སུ་བཤད་པས་སྔགས་ཀྱི་རིམ་པ་ལ་སྦྱོར་བ་མི་འགྲིགས་གོ །གཉིས་པ་ནི། ཆགས་པ་བར་མའི་སྐད་ཅིག་དང༌། ཞེས་པ་ནས། མ་རིག་པ་ཡི་སྐད་ཅིག་བདུན། །ཕྲ་མོའི་རྣལ་འབྱོར་བས་ཤེས་བྱ། ཞེས་པའི་བར་གྱིས་གསུངས་སོ། །མ་རིག་པའི་སྐད་ཅིག་ནི་དེའི་རང་བཞིན་ནོ། །གསུམ་པ་ནི། ས་བོན་ཐིག་ལེར་ལྡན་མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་དེ། །ཡོངས་སུ་རྫོགས་པའི་མཚན་ཉིད་དོ། ཞེས་གསུངས་ཏེ། །ས་བོན་ནི་ཨའོ། །ཐེག་ལེ་ལྡན་པ་ནི་རྗེས་སུ་ང་རོར་ལྡན་པ་དང་ཚེག་དྲག་ཏུ་ལྡན་པ་སྔར་བཤད་པ་གཉིས་སོ། །དེ་མིན་པ་ནི། ཨ་ཡི་རྐྱང་བའོ། །རླུང་གི་སྒོ་ནི་སྣ་བུག་གོ །དེ་ནས་འབྱུང་བ་མིན་པ་ནི་འདིའི་སྲོག་རྩོལ་མི་རྒྱུ་བར་བཤད་པའོ། །གསུམ་པ་ལ་གསུམ། ཉེར་ཐོབ་ཀྱི་ངོ་བོ་དང༌། རང་བཞིན་གྱི་དབྱེ་བ་དང༌། ཉེར་ཐོབ་ཀྱི་དོན་བཤད་པའོ། །དང་པོ་ནི། གང་ཞིག་ཅེས་པས་ནི་སྣང་བ་ཉེར་ཐོབ་ཀྱི་དོན་སྣང་བ་ཡོངས་སུ་རྫོགས་པ་ལ་བཤད་པས་སྣང་བ་ནི་སྣང་བ་ཐོག་མར་ཐོབ་པ་དང༌། མཆེད་པ་ནི་སྣང་བ་བར་དུ་འཕེལ་བ་དང༌། ཉེར་ཐོབ་ནི་ཐ་མར་ཡོངས་སུ་རྫོགས་པར་


JLD006_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ་སྣང་བ་ནི་སྔར་བཤད་པ་བཞིན་ནམ་མཁའ་ལྟ་བུར་སྣང་བའོ། །རྫོགས་པའི་དོན་སྣང་བ་དག་པ་ནི་འོད་གསལ་ཀྱི་སྐབས་ཡིན་པས། འདིར་ནི་ནམ་མཁའ་ལྟར་སྣང་བ་དེ་ཤིན་ཏུ་ཕྲ་བར་སོང་སྟེ་མི་རྟོག་པ་འཐུག་པར་སྟོན་ནོ། །དེ་ནི་ལམ་གྱིས་ཡེ་ཤེས་གསུམ་པསྐྱེད་པ་དང་འཆི་བ་དང་བརྒྱལ་བའི་སྐབས་ཀྱི་སྣང་བ་གསུམ་ཡིན་པས་སྣང་བ་གསུམ་པོ་ཐམས་ཅད་ཀྱི་མིན་ནོ། །འདིར་རྣམ་གྲངས་ལྷག་མ་སྐྱེས་པ་དང་བུད་མེད་ལ་བལྟོས་པའི་མ་ནིང་དང་ཉིན་མཚན་ལ་བལྟོས་པའི་ཐུན་མཚམས་དང༌། གཡས་གཡོན་ལ་བལྟོས་པས་དབུས་དང༌། འཇམ་རྩུབ་ལ་བལྟོས་པའི་བར་མ་དང༌། ཐབས་ཤེས་ལ་བལྟོས་པའི་དེ་གཉིས་འདྲེས་པ་དང༌། གདན་དང་ཕྱག་མཚན་ལ་བལྟོས་པའི་དེ་གཉིས་འདྲེས་པ་རྣམས་ཀྱང་ཤེས་པར་བྱའོ། །གཉིས་པ་ནི། རང་བཞིན་ཞེས་སོགས་ཏེ། རང་བཞིན་ཕྲ་མོ་བརྒྱ་དྲུག་ཅུ་བོ་འདི་རྣམས་ནི་རླུང་ལ་ཞོན་པ་ཞེས་པ་ལྟར་ན་རྣམ་ཤེས་དང་རླུང་གི་གཞོན་པའི་རྒྱུ་ཡིས་ཞེས་པ་ལྟར་ན་རླུང་གི་དབང་གིས་ཉིན་དང་མཚན་ལ་འབྱུང་ངོ་། །དེའི་ཚེ་ཡུན་ཚད་ཇི་ཙམ་ལ་འབྱུང་ན། སྐད་ཅིག་སོགས་ཏེ་དེ་ལྔ་རེ་རེའི་ཡུན་ཚད་ཙམ་དུ་འབྱུང་བ་མཚོན་པར་བྱའོ། །ལཀྵྨཱིས་དེ་ལྟར་མི་ཤེས་ན་དུས་གང་ལ་རང་བཞིན་ཚན་པ་གསུམ་གང་འཆར་མི་ཤེས་པས་འཚོལ་པར་འགྱུར་རོ། །དེས་ན་ཐབས་གང་གིས་རང་བཞིན་གང་མི་སྣང་བར་བྱ་སྙམ་དུ་ཐེ་ཚོམ་ཟ་བས་ནམ་ཡང་འོད་གསལ་ལ་འཇུག་པར་


JLD006_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་པ་དང༌། མཚོན་པར་ཡང་ཡིད་མ་གཏད་པ་དང་བསྐྱེད་རིམ་པས་ཡིད་གཏད་ཀྱང་མི་ཤེས་པས་ཕྲ་བར་གསུངས་པར་འཆད་དོ། །སྤྱོད་བསྡུས་ལས་སྣང་བ་གསུམ་ཡང་རླུང་གིས་གཡོས་པ་ན་སྐད་ཅིག་སོགས་ཀྱི་ཡུན་ཚད་དུ་འཇུག་པར་བཤད་པས་གཉིས་ཀ་མཚོན་དགོས་སོ། །བཤད་རྒྱུད་རྡོར་ཕྲེང་ལས། རླུང་མཚོན་པ་ཆུ་ཚོད་དྲུག་ཅུ་ནས་སྐད་ཅིག་སོགས་ཀྱི་བར་དུ་བྱས་ནས་དེ་ནས་འོག་གསལ་དུ་འཇུག་པར་བཤད་དོ། །གསུམ་པ་ནི། །ལཀྵྨཱིས་རང་བཞིན་མེད་པ་ལ་ཡེ་ཤེས་དང་རྣམ་ཤེས་ཀྱི་དབྱེ་བ་ཇི་ལྟར་བྱེད་སྙམ་པ་ལ། རང་རིག་ཅེས་སོགས་གསུངས་ཏེ། རྐང་པ་དང་པོས་རྣལ་འབྱོར་སྤྱོད་པའི་དབུ་མའི་ཕྱོགས་བཞག་ལ། དེ་དང་རྣལ་འབྱོར་སྤྱོད་པའི་ཁྱད་པར་ནི་རྐང་པ་གཉིས་པས་བསྟན་ཏེ། མཚན་ཉིད་ནི་སྐྱེ་གནས་འཇིག་པ་སྟེ་དེ་རྣམས་མེད་པའོ། །འོན་ཀྱང་ཀུན་རྫོབ་ཏུ་དབྱེ་བ་ཡོད་པ་ནི་དེའི་དབྱེ་བ་ཡོད་དེ་ཞེས་སོགས་ཀྱི་སྟོན་པར་བཤད་དོ། །འདི་ནི་སྤྱོད་བསྡུས་དང་མི་མཐུན་པས་སྤྱོད་བསྡུས་ལྟར་བཤད་དགོས་ལ། དེའང་རྐང་པ་དང་པོ་གཉིས་ཀྱིས་ཡེ་ཤེས་གསུམ་ནི་ནམ་མཁའ་བཞིན་དུ་མཚན་ཉིད་དེ་གཟུང་འཛིན་གྱི་རྣམ་པ་མེད་པའོ། །རང་རིག་ཙམ་ཞེས་པའི་ཙམ་གྱི་སྒྲས་ཀྱང་དེ་གཅོག་དོ། །རང་རིག་ནི་རྣལ་འབྱོར་བ་རང་རང་གིས་རིག་པར་བྱ་བའོ། །ཡེ་ཤེས་གསུམ་གྱི་ངོ་བོ་དེ་ལྟར་གནས་ན་ཡེ་ཤེས་གསུམ་ལས་རང་བཞིན་གྱི་ཀུན་རྟོག་སྐྱེ་བ་མི་འཐད་དོ་སྙམ་པ་སྟེ། འདི་ནི་ལམ་དུས་ལ་རྩོད་ན་དེ་འདྲ་བའི་སེམས་


JLD006_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་གྱི་ཡེ་ཤེས་སྐྱེས་ཀྱང་སླར་ཡང་རང་བཞིན་གྱི་ཀུན་རྟོག་ད་དུང་སྐྱེ་བས་དེའི་འགལ་བ་སྤོང་དགོས་ལ། གཞི་དུས་ལ་རྩོད་ན་འཆི་བའི་ཚེ་སེམས་ཅན་རྣམས་ལ་སྟོང་པ་གསུམ་དེ་ལྟར་སྐྱེ་ན་དེ་རྣམས་ལས་ཀུན་རྟོག་སྐྱེ་བ་མི་འཐད་སྙམ་པའོ། །འོན་ཀྱང་ནི་སྟོང་པ་གསུམ་དེ་ལྟར་སྐྱེའང་དེ་རྣམས་ལས་ཀུན་རྟོག་སྐྱེ་བ་མི་འགལ་ཞེས་པའོ། །དེ་སྟོན་པ་ནི་དེའི་དབྱེ་བ་ཡོད་དེ་ཞེས་པ་ནི་ཡེ་ཤེས་གསུམ་དུ་དབྱེར་ཡོད་ཅེས་པ་མིན་གྱི་གཉིས་སྣང་གི་དབྱེ་བ་ཡོད་པའི་དོན་ཏེ། །སྤྱོད་བསྡུས་ལས་འོན་ཀྱང་སྣང་བ་དང་བཅས་པ་ཡིན་ལ་ཞེས་པའི་དོན་ནོ། །དེ་ནི་ཉིན་མོ་ཞེས་སོགས་ཀྱིས་སྟོན་ཏེ་ཉིན་མོ་ལ་སོགས་པ་གསུམ་གྱི་སྣང་བ་བཞིན་དུ་དབྱེར་ཡོད་པའོ། །གཉིས་སྣང་དང་བཅས་པ་དེ་ནི་རླུང་གིས་གཡོ་བ་ཡིན་པས་དེའི་གཞི་ནི་བརྗོད་པར་བྱ་ཞེས་སོགས་གསུངས་སོ། །དེ་ཡང་སྡུད་རིམ་གྱི་ཚེ་མིན་གྱི་སྐྱེ་རིམ་གྱི་ཚེ་ནའོ། །དེ་ལྟར་རླུང་གིས་རིམ་གྱིས་གཡོས་པ་ན་གཟུང་འཛིན་གྱི་རྣམ་པ་མེད་པའི་ནམ་མཁའ་ལྟ་བུ་དེ་ཡི་གནས་སྐབས་དོར་ནས། སྣང་བ་གཞན་གསུམ་གྱི་ངོ་བོར་སྐྱེ་ལ་དེ་ལས་རང་བཞིན་རྣམས་སྐྱེ་བས་འགལ་བ་མེད་དོ། །མདོར་ན་སྟོང་པ་གསུམ་ནམ་མཁའ་ལྟ་བུའི་གནས་སྐབས་དེ་མ་དོར་ན་དེ་ལས་དངོས་སུ་ཀུན་རྟོག་སྐྱེ་བ་འགལ་ཡང༌། དེ་རྣམས་རླུང་གིས་རིམ་གྱིས་བསྐྱོད་ནས་སྣང་བ་གཞན་གསུམ་པསྐྱེད་པས་སྣང་བ་གསུམ་ལས་ཀུན་རྟོག་སྐྱེ་བ་མི་འགལ་བའི་དོན་ཏོ། །


JLD006_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མ་བྱས་ན་སྟོང་པ་གསུམ་གྱི་ཡེ་ཤེས་ནམ་མཁའ་ལྟ་བུའི་སྔོན་རོལ་ཏུ་ཀུན་རྟོག་གཡོ་བའི་རླུང་ཐིམ་པར་གསུངས། ཀུན་རྟོག་གཡོ་བའི་རླུང་སྔ་རོལ་ཏུ་མ་སོང་བར་ཀུན་རྟོག་སྐྱེ་བའི་སྐྱོན་ཡོད་པས་འགལ་བ་སྤོང་མི་ནུས་སོ། །སྣང་བ་གཞན་གསུམ་སྐྱེ་བ་མི་རླུང་རྣམས་ཞེས་པ་ནས་དམིགས་པར་བྱེད་ཅེས་པའི་བར་གྱིས་གསུངས་ཏེ། དབང་པོའི་ལམ་ཞེས་པ་ནི་དབང་པོ་སྒོ་ལྔ་ཁོ་ན་མིན་གྱི་ཡིད་དབང་ཡང་གཟུང་དགོས་སོ། །དེ་ནས་དེ་ལས་རང་བཞིན་སྐྱེས་ཚུལ་ནི། གང་ཚེ་ནས་འབྱུང་ཞེས་པའི་བར་གྱིས་བསྟན་ཏེ། འདིར་ཆག་གིས། ངེས་དང་མ་ངེས་སོ་སོར་འབྱུང༌། ཞེས་བསྒྱུར་བ་ལེགས་པས་ངེས་པ་ནི་རྣམ་ཤེས་གསུམ་པོ་རང་རང་གི་རང་བཞིན་ཚན་པ་གསུམ་པོའོ། །མ་ངེས་པ་ནི་སྣང་བ་ལས་ཀྱང་རང་བཞིན་བཞི་པཅུ་དང་བདུན་གྱི་ཆ་འབྱུང་བའོ། །རླུང་ནི་ཤེས་པའི་རྐང་པ་གཉིས་ནི་རང་བཞིན་གཡོ་བྱེད་ཀྱི་རླུང་གང་ན་གནས་པ་དེ་དང་དེའི་རྗེས་སུ་རང་བཞིན་རྣམས་སྐྱེ་ཞེས་པའོ། །ཇི་སྲིད་རླུང་ནི་མི་རྒྱུ་དང༌། །སྣང་བ་མི་གཡོར་མ་གྱུར་པ། ཞེས་འདོན་པ་ལྟར་ན་ཇི་སྲིད་དུ་རླུང་མི་འབྱུང་བར་མ་གྱུར་ན་དེ་སྲིད་དུ་རང་བཞིན་གྱི་སྣང་བ་མི་གཡོ་བར་མ་གྱུར་པ་སྟེ་བརྟན་པར་མི་འགྱུར་རོ། །དགག་པའི་སྒྲ་ནི་བྱ་རོག་གི་མིན་བཞིན་དུ་ཚིག་རྐང་གཉིས་དང་སྦྱར་བར་བྱའོ་ཞེས་ལཀྵྨཱིས་བཤད་དེ། །དེའི་ལྟར་ན་ཚིག་རྐང་གོང་མ་གཉིས་དང་སྦྱར་རོ། །ཆག་གིས༌། ཇི་སྲིད་རླུང་ནི་རྒྱུ་བ་ཡིས། །སྣང་བ་མི་གཡོར་མ་གྱུར་ཞིང༌། །


JLD006_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གཉིས་ཀྱི་རྒྱུར་གྱུར་ཞིང༌། །བདག་ཉིད་ངོ་བོ་རྣམ་རྟོག་པ། །གཉིས་ཀའི་ཡན་ལག་ཅན་ཉིད་གང༌། །སྣང་བ་ཉེ་བར་ཐོབ་པར་འགྱུར། ཞེས་བསྒྱུར་བ་ལྟར་ན། ཇི་སྲིད་ཅེས་པའི་ཟླས་དྲངས་པའི་དེ་སྲིད་ཅེས་པའང་འདོན་དགོས་ལ། དེའང་མ་གྱུར་ཞེས་པའི་མཐར་རོ། །དེ་ལྟར་ན་ཇི་སྲིད་དེ་གང་ནས་བརྩམས་ནས་རྣམ་ཤེས་ཀྱི་བཞོན་པའི་རླུང་ནི་རྒྱུ་བ་སྟེ་གཡོ་བ་ཡིས། ནམ་མཁའ་ལྟ་བུའི་སྣང་བ་གསུམ་མི་གཡོ་བར་མ་གྱུར་པ་སྟེ་གཡོས་པར་གྱུར་པ་དེ་ནས་བཟུང་སྟེ། ཀུན་རྟོག་དངོས་སུ་སྐྱེ་བའི་ཤེས་རབ་དང་ཐབས་ཀྱི་སྣང་བ་གཉིས་ཀྱི་རྒྱུར་འགྱུར་རོ། །སུ་ཞིག་ཅེ་ན། རླུང་གིས་བསྐྱོད་པས་གཡོས་ཞེས་པའི་སྣང་བ་སྟེ་སྔར་བཤད་པའི་ནམ་མཁའ་ལྟ་བུའི་སྣང་བ་གསུམ་མོ། །དེ་ལྟར་གྱུར་པས་སྣང་བ་དང་པོ་གཉིས་དང་སྣང་བ་ཉེ་བར་ཐོབ་པ་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱང་ཇི་ལྟ་བུ་སྙམ་ན། བདག་ཉིད་དེ་རླུང་གི་རང་གི་ངོ་བོ་རྣམ་པར་རྟོག་པ་སྟེ་རྣམ་རྟོག་ལྡན་པ་དེ་གཉིས་ཀའི་ཡན་ལག་སྟེ་རྒྱུར་གྱུར་པ་ཅན་གང་ཡིན་པ་སྟེ་ཀུན་རྟོག་གི་རླུང་དང་ཀུན་རྟོག་གཉིས་སྐྱེད་པའོ། །ལཀྵྨཱིས། སྣང་བ་གཉིས་ནི་རྒྱུར་གྱུར་པས། །བདག་གི་དངོས་པོ་རྣམ་པར་བརྟགས། །ཇི་ལྟར་སྣང་བ་ཐོབ་པ་ལྟར། །གཉིས་ཀའི་ཡན་ལག་ཉིད་དུ་འགྱུར། ཞེས་བཏོན་ནས། སྔགས་དང་ཕྱག་རྒྱའི་རིམ་པ་གཉིས་ལས་བྱུང་བའི་སྣང་བའི་ཡེ་ཤེས་གཉིས་རྒྱུར་གྱུར་པས་ཏེ་གང་ལ་


JLD006_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཡིད་པ་ནི་བདག་གི་དངོས་པོར་རྣམ་པར་བརྟགས་པ་སྟེ་ཉེར་ཐོབ་པོ། །འདི་ཉིད་ཐབས་ཤེས་ཀྱི་ཡེ་ཤེས་གཉིས་ཀ་འདྲེས་པས་གཉིས་ཀའི་ཡན་ལག་ཏུ་འགྱུར་ཏེ། །དཔེར་ན་ས་ཕྱོགས་གཅིག་ལ་ཆུའི་རྒྱུན་གཉིས་འདྲེས་པ་ལྟ་བུའོ་ཞེས་འཆད་དོ། །གཉིས་པ་ནི། སྒྱུ་མ་ཞེས་པ་ནས། རྣལ་འབྱོར་བས་མཚོན་བྱ་ཞེས་གསུགས་ཏེ། །རྐང་པ་དང་པོ་བཞིས་ཡེ་ཤེས་གསུམ་གྱི་དབྱེ་བ་བུད་མེད་ལས་མཚོན་དགོས་པ་དང༌། དེ་ནས་བཞིས་མིང་གི་དབྱེ་བས་ཡེ་ཤེས་གསུམ་པསྟན་ཞིང་བུད་མེད་ལས་མཚོན་ཚུལ་གསལ་བར་སྟོན་ནོ། །དེ་ནས་རྐང་པ་དྲུག་གིས་ཕྱིའི་མཉམ་སྦྱོར་ནི་ནང་གི་ཐབས་ཤེས་མཉམ་པར་སྦྱོར་བའི་ཆེད་དང༌། ཕྱི་ནང་གི་མཉམ་སྦྱོར་གཉིས་ཀས་ཉེར་ཐོབ་བསྐྱེད་པར་བཤད་དེ། ཡེ་ཤེས་གསུམ་གྱི་དབྱེ་བ་མཚོན་ཚུལ་བཤད་པའོ། །དེ་ནས་རྐང་པ་བཞིས་དབང་བོ་གཉིས་སྦྱོར་གྱི་བྱ་བ་རྒྱུན་ལྡན་དུ་མེད་ཀྱང༌། ལན་ཅིག་མཚོན་པས་ཀྱང་འགྲུབ་པའི་ཚུལ་སྟོན་ནོ། །དེ་ནས་བཞིས། སྔར་ཕྱག་རྒྱ་ལས་མཚོན་པའི་དོན་དེ་ཉིད་རྒྱུན་ལྡན་དུ་བསྒོམས་པས་དེ་ཁོ་ན་ཉིད་མཚོན་པར་བྱ་བར་བསྟན་ཏོ། །ལས་ཀྱི་ཕྱག་རྒྱ་ལས་ཡེ་ཤེས་མཚོན་ནས་དེའི་དོན་སྒོམ་པར་བྱེད་པའི་ཡེ་ཤེས་གསུམ་མཚོན་པ་དེ་དབང་དུས་སུ་ཡིན་ནམ་ལམ་དུས་སུ་ཡིན། དང་པོ་ལྟར་ན་རིམ་པ་གསུམ་པ་ལས། བསྐྱེད་པའི་རིམ་པའི་རྗེས་སུ་འབྲང་བས་དབང་བསྐུར་བ་ཐོབ་ཅིང༌། རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པ། ལུས་དང་ངག་དང་ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ། ཞེས་དེ་འདྲ་བ་


JLD006_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་གསང་དབང་ཞུ་བར་གསུངས་པས། སེམས་དབེན་སྒོམ་པ་ལ་དབང་གསུམ་པ་ཐོབ་དགོས་ན། སྒྱུ་ལུས་ཀྱི་གདམས་ངག་ཉན་པའི་དུས་སུ་གསང་དབང་བསྐུར་མི་དགོས་པར་འགྱུར་པ་དང༌། འོད་གསལ་གྱི་གདམས་ངག་ཉན་པའི་སྐབས་སུའང་དབང་གསུམ་པ་བསྐུར་མི་དགོས་པ་ལས། དེ་བསྐུར་བར་རིམ་པ་བཞི་པར་བཤད་པའི་ཕྱིར་རོ། །གཞན་ཡང་ལམ་མ་བསྒོམས་པའི་གོང་དུ་དབང་རྒྱུན་གཅིག་ལ་བཞི་ཀ་བསྐུར་ནས་ཡེ་ཤེས་གསུམ་མཚོན་ན། མཚམས་དེ་ནས་སེམས་དབེན་བསྒོམས་པས་ཆོག་པར་འགྱུར་ལ། དེ་འདོད་ན་སྤྱོད་བསྡུས་ལས་ངག་དབེན་ལ་ལོབས་པའི་རྗེས་སུ་སེམས་དབེན་ལ་སློབ་པའི་གོ་རིམ་ངེས་པ་བཤད་པ་དང་འགལ་ལོ། །མི་ཆོག་ན་དེའི་རྒྱུ་མཚན་སྨྲ་དགོས་ན་རྙེད་པའང་མིན་ནོ། །ཡང་འདི་སྔར་ཕྱག་རྒྱ་དགའ་བ་བཞི་མཚོན་ཟིན་པ་ཞིག་ཡིན་ན་ནི། ལན་ཅིག་ཙམ་ཞིག་མྱོང་བས་ཀྱང༌། ཞེས་གསུངས་པ་མི་རིགས་ལ། མིན་ན་ནི་དང་པོ་སྦྱོར་བའི་སྐབས་སུ་དངོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གདམ་ང་ཅན་དུ་གསུངས་པས་དེར་དངོས་ལས་མཚོན་ན་རྩོད་པ་སྔ་མ་བཞིན་འཇུག་པར་འགྱུར་རོ། །འདི་ནི་ལམ་དུས་སུ་ཡིན་པར་འདོད་པ་ལ་ཡང་ཀླན་ཀའོ། །དེས་ན་འདི་དག་གི་དོན་བཤད་པར་གྱིས་ཤིག་ཅེ་ན། དེ་ལ་རིམ་པ་གསུམ་པསྐྱེད་པའི་རིམ་པའི་རྗེས་སུ་འབྲང་བས་དབང་ཐོབ་པ་དབེན་པ་གསུམ་གྱི་ཐོས་པ་འཛིན་ཅིང་


JLD006_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་གསང་དབང་ཞུ་བར་གསུངས་པས། སེམས་དབེན་བསྒོམ་པ་དེས་གསང་དབང་མ་ཐོབ་པར་མི་འགྱུར་ཏེ། གཞན་དུ་ན་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་དགུ་དང་བཅས་པའི་གསང་དབང་བསྐུར་བར་དེར་གསུངས་པས། ཐུན་མོང་གི་དབང་དགུའང་མ་ཐོབ་པར་འགྱུར་པ་དང༌། འོད་གསལ་གྱི་གདམས་ངག་ཞུ་བའི་ཚེའང་། བླ་མས་ཕྱག་རྒྱ་དང་སྦྱར་བ་ལས་བྱུང་བའི་བྱང་ཆུབ་ཀྱིས་སེམས་བུམ་པ་ལ་སོགས་པར་བཞག་པར་གསུངས་པ་དེ་གསང་དབང་བསྐུར་བའི་ཆེད་ཡིན་པས། དེའི་སྔ་རོལ་སྒྱུ་ལུས་ཀྱི་དུས་སུ་གསང་དབང་མ་ཐོབ་པར་འགྱུར་རོ། །བསྐྱེད་རིམ་གྱི་སྣོད་རུང་དུ་སྒྲུབ་པའི་བུམ་དབང་ལས་མ་ཐོབ་ན། རྫོགས་རིམ་བཤད་དུ་མི་རུང་བས་ངག་དབེན་དང་སེམས་དབེན་གྱི་ཐོས་པ་འཛིན་པར་མི་འགྱུར་པས། དེ་གཉིས་ཀྱི་སྔོན་དུ་གསང་དབང་ངེས་པར་འགྲོ་དགོས་སོ། །འོ་ན་བསྐྱེད་པའི་རིམ་པའི་རྗེས་སུ་འབྲང་བས་དབང་བསྐུར་བ་ཐོབ་ཅིང་ཞེས་གསུངས་པ་ཅི་ཡིན་སྙམ་ན། དེ་ནི་བསྐྱེད་རིམ་གྱི་སྣོད་རུང་དུ་སྒྲུབ་པའི་དབང་ཐོབ་སྟེ་བསྐྱེད་རིམ་ལ་བསླབས་ནས་དབེན་པ་གསུམ་གྱི་མན་ངག་ལ་བསླབ་པ་ཞིག་གིས་སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་གསོལ་བ་གདབ་པར་གསུངས་པའོ། །སྤྱོད་བསྡུས་ལས་འོད་གསལ་གྱི་སྐབས་སུ་ཡང་ཐུན་མོང་གི་དབང་དགུ་པསྐུར་བར་གསུངས་ཏེ། གསང་དབང་ལ་ཐུན་མོང་གི་དབང་དགུ་དང་བཅས་པའི་གསང་དབང་བསྐུར་ནས་ཞེས་པ་དང༌། དབང་གསུམ་པ་ལ་


JLD006_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསང་དབང་དང་ཐུན་མོང་གི་དབང་དགུ་དང་བཅས་པར་གསུངས་པ་ནི། །བུམ་དབང་སྔོན་དུ་མ་སོང་བའི་གསང་དབང་དང༌། དེ་གཉིས་ཀ་སྔོན་དུ་མ་སོང་བའི་དབང་གསུམ་པ་བསྐུར་དུ་མི་རུང་བའི་དོན་ཡིན་ནོ། །འོད་གསལ་ལ་རིམ་པ་བཞི་པར་དབང་གསུམ་པ་ཟུར་ཙམ་ལས་མི་གསལ་ཡང༌། སྤྱོད་བསྡུས་སུ་སློབ་མ་ལ་ཕྱག་རྒྱ་གཏད་པར་གསུངས་པས་དེ་ལའང་གསང་དབང་ཙམ་དུ་འདོད་པ་མི་འཐད་དོ། །དེ་ལྟར་ན་སེམས་དབེན་བསྒོམས་པ་ལ་སྔོན་དུ་དབང་གསུམ་པ་བསྐུར་མི་དགོས་པས་དབང་གི་དུས་མིན་པས་ལམ་གྱི་དུས་སོ། །དེའང་བསྐྱེད་རིམ་གྱི་དུས་སུ་ཡང་ཕྱིའི་ཕྱག་རྒྱ་ལས་དགའ་བ་རྣམས་མཚོན་པ་ཡོད་ཀྱང༌། འདིར་ནི་ཡེ་ཤེ་གསུམ་མཚོན་པའི་ནང་གི་རྐྱེན་རྡོར་བཟླས་འབྱོངས་པའི་ཚེ། ཕྱིའི་རྐྱེན་ལས་མཚོན་པ་ཡིན་པས་སྔ་མ་དང་ཁྱད་པར་ཤིན་ཏུ་ཆེའོ། །དེའི་ཕྱིར་ལམ་བསྒོམ་པའི་སྔ་རོལ་ནས་དབང་ཚང་བར་བསྐུར་བའི་ཚེ་དབང་གསུམ་པ་དངོས་དབང་དུ་བསྐུར་ནའང་། དགའ་བ་རྣམས་སྐྱེ་མོད་ཀྱང་སེམས་དབེན་གྱི་ཡེ་ཤེས་མིན་པས་དེ་བསྒོམསཔས་ཆོག་ཀྱང༌། དབེན་པ་གཉིས་ཀྱི་གོ་རིམ་འཁྲུགས་པའི་སྐྱོན་མེད་དོ། །འོ་ན་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་བཞི་སྐྱེ་བར་གཞུང་དུ་མ་ནས་བཤད་ལ། དགའ་བ་བཞིའང་སྣང་མཆེད་ཐོབ་གསུམ་དང་འོད་གསལ་ཡིན་པར་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་བཤད་པས། འདིར་ཡེ་ཤེས་མཚོན་པར་བཤད་ནས་སྟོང་


JLD006_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་པའི་ཡེ་ཤེས་མཚོན་པར་མ་བཤད་པ་མི་འཐད་དོ་སྙམ་ན། ཐོག་མར་དབང་གི་དུས་སུ་ཕྱག་རྒྱ་ལས་དགའ་བ་བཞི་སྐྱེ་བར་གསུངས་པའི་ལྷན་སྐྱེས་ཀྱི་འོད་གསལ་ནི། མཚོན་བྱེད་དཔེའི་ལྷན་སྐྱེས་དང་འོད་གསལ་ཡིན་ལ། འདིར་སྐྱེ་བར་མ་བཤད་པ་ནི་མཚོན་བྱ་དོན་གྱི་ལྷན་སྐྱེས་དང་འོད་གསལ་ལ་དགོངས་པས་སྐྱོན་མེད་དོ། །གལ་ཏེ་དགའ་བ་བཞི་དང་སྟོང་པ་བཞིའི་ཡེ་ཤེས་དོན་གཅིག་ན། ཀྱཻ་རྡོ་རྗེ་ལས། ཆགས་པ་མཆོག་དགའ་དང་། ཆགས་བྲལ་ཁྱད་དགའ་དང༌། དབུས་མ་དགའ་བ་ལ་བཤད་ཅིང༌། འདིར་ཆགས་བྲལ་སྟོང་པ་དང་པོ་དང༌། ཆགས་པ་སྟོང་པ་གཉིས་པ་དང༌། དབུས་མ་སྟོང་པ་གསུམ་པ་ལ་བཤད་པ་ཇི་ལྟར་ཡིན་ཞེ་ན། གཞན་དུ་དགའ་བ་གསུམ་པ་ཆགས་བྲལ་དུ་བཤད་པ་ནི། དེའི་དུས་སུ་བདེ་བ་དོན་གཉེར་གྱི་ཆགས་པ་ལོག་པ་ལ་ཡིན་ཏེ་དགའ་བྲལ་ཞེས་པའི་དོན་ཡང་དེ་ཉིད་དོ། དེའི་ཕྱིར་མཆོག་དགའ་ལས་བདེ་བ་ཆེར་སོང་བས་ཁྱད་པར་གྱི་དགའ་བ་ཞེས་གསུངས་ལ། དགའ་བ་དོན་གཉེར་གྱི་སྲེད་པ་ལོག་པས་དགའ་བྲལ་ཞེས་ཀྱང་བཤད་པ་འཐད་དོ། །དེ་ལྟ་མ་ཡིན་ན་དགའ་བྲལ་གྱི་དགའ་བ་ཞེས་པ་འགལ་བའི་ཚིག་ཏུ་འགྱུར་རོ། །ཀྱཻ་རྡོ་རྗེ་ལས། གསུམ་པ་འདོད་ཆགས་འཇིག་པ་སྟེ། ཞེས་གསུགས་པའི་དོན་ཡང་དེ་ཡིན་ཏེ། དེ་ནི་སྟོང་པ་གསུམ་པ་ལ་ཡང་ཚང་ངོ་། །འདིར་སྟོང་པ་དང་པོ་ཆགས་བྲལ་དུ་བཤད་པ་ནི་བདེ་བ་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་གྱི་དགའ་བ་དོན་


JLD006_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་གྱི་ཆགས་པ་ལོག་པ་མིན་ནོ། །ཆགས་བྲལ་གཉིས་གསུངས་པའི་ཆགས་པ་བྲལ་ལུགས་མི་འདྲའོ། །གཞན་དུ། དབུས་མ་དགའ་བ་ཙམ་ཉིད་དེ། ཞེས་དགའ་བ་དང་པོ་དབུས་མར་བཤད་པ་ནི། ཤཱནྟི་པ་གསུང་བ་ལྟར་མི་འོལ་ལེ་བ་ལས་མེད་པ་ལ་མི་འབྲིང་ཞེས་ཟེར་བ་ལྟར། དགའ་བ་ཞན་པའི་མིང་ཡིན་ལ། འདིར་སྟོང་པ་གསུམ་པ་དབུས་མར་འཆད་པ་ནི་ཐབས་དང་ཤེས་རབ་གཉིས་ཆ་སྙོམས་པའི་དོན་ནོ། །འོ་ན་འདིར་སྟོང་པ་གསུམ་ལས་མི་མཚོན་པར་བཤད་པ་རྣམས་ལ། དཔེའི་ལྷན་སྐྱེས་གང་དུ་སྡུད་སྙམ་ན། ཉེར་ཐོབ་ལ་སྟོང་སྨད་གཉིས་སུ་བྱས་ནས་སྟོང་ཁྱད་དགའ་དང་སྨད་ལྷན་སྐྱེས་སུ་བྱའོ། །ཉེར་ཐོབ་རྟོག་པའི་རྒྱུ་བ་ཕལ་མོ་ཆེ་འགགས་པའི་དྲན་མེད་དུ་སོང་བ་ཁོ་ན་བྱེད་ན། སེམས་དབེན་གྱི་སྐབས་སུའང་དེ་སངས་པའི་རྗེས་སུ་ནམ་མཁའ་སྤྲིན་མེད་པ་འདྲ་བའི་འོད་གསལ་ཆ་མཐུན་པ་འཆར་བ་དེ་ལུགས་ལྡོག་གི་འཆར་མིན་གྱི་ལུགས་འབྱུང་གི་རིམ་པ་ཡིན་པས། སྣང་མཆེད་གཉིས་སུ་མི་འདུ་ཞིང་སྟོང་པ་གསུམ་ལས་མི་བྱེད་པའི་ཆེ་དེ་འོད་གསལ་མིན་པས་སྟོང་པ་བཞི་གང་ཡང་མིན་པར་འགྱུར་ན་དེ་ཡང་མི་རིགས་པས། སྣང་བ་ཉེར་ཐོབ་ཏུ་སྡུད་དེ་ད་དུང་འཆད་པར་འགྱུར་རོ། །ལུགས་ལྡོག་གི་དགའ་བ་བཞི་སྐྱེ་བའི་གནས་ནི། བཤད་རྒྱུད་རྡོར་ཕྲེང་ལས། སྤྲུལ་བའི་འཁོར་ལོར་དགའ་བ་དང༌། །མཆོག་དགའ་


JLD006_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང༌། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། ཞེས་གསུང་ཏེ། རྡོ་རྗེའི་རྩེ་ནས་ལྟེ་བའི་འཁོར་ལོར་མ་སླེབ་ཚུན་ཆད་དུ་དགའ་བ་སྐྱེ་སྟེ། དེ་བཞིན་དུ་གཞན་གསུམ་ལ་ཡང་སྦྱར་རོ། །ལུགས་འབྱུང་གི་དགའ་བ་བཞི་སྐྱེ་ཚུལ་ཡང་། དེ་ཉིད་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོར་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང༌། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་བའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། ཅེས་གསུངས་ཏེ། སྤྱི་གཙུག་ནས་མགྲིན་པར་མ་སླེབ་པར་དུ་དགའ་བ་སྐྱེ་སྟེ། གཞན་གསུམ་ལའང་དེ་བཞིན་དུ་སྦྱར་རོ། །དགའ་བ་བཞི་པོ་དེ་ཉིད་སྐད་ཅིག་བཞི་དང་སྦྱོར་བའང་། དེ་ཉིད་ལས། བལྟ་དང་འགུགས་དང་དེ་བཞིན་བརྡ། །ཁ་ལ་ཙུམྦྷ་བྱེད་པ་ཡི། །དགའ་བ་ཉམས་སུ་མྱོང་བར་བྱེད། །རྣམ་པ་སྣ་ཚོགས་མཚན་ཉིད་དོ། །རྣལ་འབྱོར་རྣལ་འབྱོར་མ་མཆོག་ཏུ། །དེ་བཞིན་སྐྲ་ལ་འཛིན་པ་དང༌། །རྡོ་རྗེ་པདྨར་བཞག་ནས་ནི། །ཉམས་མྱོང་སྐབས་ནི་སྐད་ཅིག་མཆོག །རྣམ་སྨིན་སྐད་ཅིག་ཅེས་བྱ་ཉིད། །དེ་ཉིད་རྒྱུན་ནི་རྣམ་པར་ཤེས། །ལྟེ་བའི་དབུས་ན་རབ་གསལ་ནས། །གཏུམ་མོ་ཡང་ནི་རྣམ་རྟོག་འཇོམས། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །མཆོག་གི་ཆ་ནི་ཞུ་བར་བྱེད། །བྲལ་


JLD006_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཉམས་སུ་མྱོང་བ་ན། །རྣམ་འཇོམས་སྐད་ཅིག་མཚན་ཉིད་དོ། །དེ་ལས་རོ་གཅིག་མཚན་ཉིད་ནི། །རྩ་ནི་གཅིག་གི་རྒྱུད་ལ་བརྟེན། །བདེ་བ་ཆེན་པོའི་གོ་འཕང་ཞི། །ལྷན་ཅིག་སྐྱེས་པའི་མཚན་ཉིད་ནི། །བདེ་བ་མཚན་ཉིད་བྲལ་སྐད་ཅིག །གསུངས་པ་མཆོག་ཏུ་རྨད་དུ་བྱུང༌། ཞེས་གསུངས་ཏེ། རྣམ་འཇོམས་ནི་རྣམ་པར་ཉེད་པའོ། །ལུགས་ལྡོག་གི་དགའ་བ་བཞི་དང་སྐད་ཅིག་བཞི་སྦྱོར་བ་ཡང་། དེ་ཉིད་ལས། རླུང་གི་དེ་ཉིད་སྔོན་སོང་ནས། །དེ་ཉིད་སྟེང་དུ་རྒྱུ་བར་ནི། །རྣལ་འབྱོར་བས་ནི་སྒྲུབ་པར་བྱེད། །དེ་ལས་སྤྲུལ་བའི་འཁོར་ལོར་ནི། །དགའ་བ་ཞེས་བྱར་རྣམ་པར་ཤེས། །བདེ་བ་ཀུན་གྱི་ཀུན་ནས་རྟེན། །རྣམ་པ་སྣ་ཚོགས་སྐད་ཀྱིས་གསུངས། །སྟོང་ཉིད་ཀུན་གྱི་གཞི་ཡི་མཆོག །ཆོས་ཀྱི་འཁོར་ལོ་དེ་ལས་སྟེང༌། །རྣལ་འབྱོར་བ་ཡི་བསྒྲུབ་བྱ་བ། །ཉམས་སུ་མྱོང་བ་མཆོག་དགའ་སྟེ། །རྣམ་སྨིན་སྐད་ཅིག་མཚན་ཉིད་དོ། །ལོངས་སྤྱོད་འཁོར་ལོ་དེ་ལས་ནི། །སྟེང་དུ་བྱེད་པའི་སྐད་ཅིག་མ། །ཉམས་མྱོང་བྲལ་བའི་དགའ་བ་ནི། །རྣམ་འཇོམས་སྐད་ཅིག་མཚན་ཉིད་དོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །དེ་ཐོབ་མཚན་ཉིད་སྐད་ཅིག་མ། །ལྷན་ཅིག་སྐྱེས་དགའ་ཉམས་མྱོང་བ། །མཚན་ཉིད་དང་བྲལ་སྐད་ཅིག་གོ །ཞེས་གསུངས་སོ། །དེ་ནི་རྣལ་འབྱོར་མའི་རྒྱུད་ཐམས་ཅད་དང་ཐུན་མོང་བ་ཡིན་ལ། འཕགས་སྐོར་གྱི་བཤད་པ་རྣམས་ནས་སྟོང་


JLD006_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་སྐྱེ་ཚུལ་རྩ་འཁོར་གྱི་གནས་ཀྱིས་མ་བཞག་པར། །ནང་གི་རླུང་དང་རང་བཞིན་གྱི་རྟོག་པ་རྣམས་ཐིམ་པས་སེམས་སྟོང་པ་དང༌། དེ་སེམས་བྱུང་ལ་ཐིམ་པས་ཤིན་ཏུ་སྟོང་པ་དང༌། དེ་མ་རིག་པ་ལ་ཐིམ་པས་སྟོང་པ་ཆེན་པོ་དང༌། དེ་འོད་གསལ་དུ་ཐིམ་པས་འོད་གསལ་སྐྱེ་བར་གསུངས་པས། སྔ་མ་ལས་སྐྱེ་དཀའ་བ་ཡིན་ནོ། །དེ་ལྟར་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་སེམས་དབེན་གྱི་ཡེ་ཤེས་བསྐྱེད་པའི་ཐབས་འདི་ནི། རྒྱུད་ཕྱི་་མར། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །ཅེས་གསུངས་པའི་དོན་སྒྲོན་གསལ་ལས། རང་གི་གསང་བའི་རྡོ་རྗེའི་བུ་ག་ལས་ཕྱུང་ནས་ཕྱག་རྒྱའི་པདྨའི་སྣ་རྩེར་ཐིག་ལེའི་གཟུགས་སུ་བསྒོམ་པར་བཤད་པ་དེ་དང་སྦྱར་ན་ལེགས་ཏེ། །རྡོ་རྗེ་ཕྲེང་བར། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམ་པའི་སྐབས་སུ། རྩ་རྣམས་ཀུན་ཏུ་དབབ་པ་དང༌། །བྱང་ཆུབ་སེམས་ནི་བརྟན་བྱས་པ། །རྡོ་རྗེའི་རྩེ་དང་པདྨའི་རྩེར། །རླུང་གིས་བཟུང་བའི་སྐད་ཅིག་ལ། །ༀ་གྱི་ཡི་གེའི་སྦྱོར་བ་དང༌། །སུ་ཀྵིམ་སྔགས་ཀྱི་སྦྱོར་བ་ཡིས། །རྣལ་འབྱོར་མཆོག་གིས་ཐོབ་པར་བྱེད། ཅེས་གསུངས་པ་དང་མཐུན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་ནི། ཐབས་འོག་མ་གཉིས་ཀྱིས་བྱས་པའོ། །དང་པོ་ནི་རླུང་གིས་བཟུང་བ་སྟེ་སྲོག་དང་རྩོལ་བ་མཉམ་པར་སྦྱོར་བ་དང་ཧཱུཾ་ཕཊ་འགོད་པར་ཡང་གསུངས་སོ། །གཉིས་པ་ནི་འགྲེལ་པའི་འགྱུར་ལས། རྐན་ལ་ཡི་གེའི་སྦྱོར་བ་དང༌། །ཀྵྨིཾ་སྔགས་


JLD006_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱོར་བ་ཡིས། ཞེས་འབྱུང་ལ། རྐན་ནི་ཆོས་འབྱུང་གི་དབུས་སུ་ཤིན་ཏུ་རིང་བའི་རྩའི་ངོ་བོ་དང༌། དེ་ལ་རྡེབས་པའི་སྦྱོར་བ་ནི་ཤིན་ཏུ་དམ་པར་བརྡབས་པ་དང༌། སྔགས་དེ་རྡོ་རྗེའི་རྩེར་བསྒོམ་པར་འགྲེལ་པས་བཤད་དེ། དེའི་ལྟར་ན། རྐན་ལ་རྡེབས་པའི་སྦྱོར་བ་དང༌། ཞེས་པ་ཐོབ་བོ། །དེ་ལྟར་ན་སྣ་རྩེར་གོང་བུའི་གཟུགས་ཀྱིས་བསྒོམ་པ་ནི་སྔར་བཤད་པ་བཞིན་དུ་རྩ་ཕྲད་པའི་ནང་དུ་འཛིན་པའོ། །ལཀྵྨཱིས་ནི། འདིའི་ཡེ་ཤེས་གསུམ་མཚོན་པ་དབང་གི་སྐབས་ལ་སྦྱོར་ཞིང༌། ཇི་སྐད་བཤད་པའི་བྱ་བ་ནི་གདན་བཞིར་བཤད་པའི་བྱེད་པ་ལ་སྦྱོར་རོ། །ཡེ་ཤེས་གཉིས་མཉམ་པར་སྦྱོར་བ་དངོས་ནི་ཉེར་ཐོབ་ཡིན་པས། ཡེ་ཤེས་གཉིས་སྔ་ཕྱིར་འབྲེལ་བར་བསྐྱེད་པ་དང༌། ཇི་སྐད་བཤད་པའི་དབང་བོ་གཉིས་སྦྱོར་གྱི་བྱ་བའམ་བྱེད་པས། ཉེར་ཐོབ་ཐོབ་པར་བྱ་བའི་དོན་ནོ། །ཀུན་རྫོབ་ཏུ་ཞེས་པ་ནི་ཆུ་སྐྱེས་དང་རྡོ་རྗེའི་དོན་དོན་དམ་པ་མིན་གྱི་ཀུན་རྫོབ་པའོ་ཞེས་པའི་དོན་ཏེ། སྟེང་གི་སྣ་ལ་ཀུན་རྫོབ་པའི་སྣ་རྩེར་ཞེས་བཤད་པ་ལྟར་རོ། །རྣལ་འབྱོར་སྟོབས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་རྣལ་འབྱོར་རོ། །རབ་དབྱེ་ནི་སྣང་བ་གསུམ་དང་རང་བཞིན་བརྒྱད་ཅུའི་དབྱེ་བའོ། །དེ་ཤེས་པར་བྱེད་པ་ནི་ཕྱག་རྒྱ་ལ་བརྟེན་ནས་སོ། །ཡེ་ཤེས་འཇུག་པ་ནི་ཡེ་ཤེས་གསུམ་རིམ་གྱིས་འཇུག་པའོ། །རང་བཞིན་དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་དོན་ཡེ་ཤེས་གསུམ་གྱིས་མཚོན་པར་བྱེད་པ་ལ་བྱའི་རང་བཞིན་བརྒྱད་ཅུ་ལ་


JLD006_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱའོ། །གསུམ་པ་ནི། ཇི་ལྟར་ཞེས་སོགས་ཏེ། རང་བཞིན་རྣམས་ཐིམ་པའི་རིམ་གྱིས་འོད་གསལ་དུ་གཞུག་པའི་དོན་ཏོ། །བཞི་པ་ནི། དེ་རྣམས་ཞེས་པ་ནས་གྲོལ་བར་འགྱུར་ཞེས་པའི་བར་ཏེ་གོ་བར་ཟད་དོ། །གཉིས་པ་ལ་གཉིས། བསྐྱེད་རིམ་པས་སྟོང་པ་གསུམ་ལས་ལྷའི་སྐུ་བསྐྱེད་ཚུལ་དང་། རྫོགས་རིམ་པས་སྟོང་པ་བཞི་ལས་ལྷའི་སྐུ་བསྐྱེད་ཚུལ་ལོ། །དང་པོ་ནི། ཤེས་རབ་ཅེས་སོགས་ཏེ། བསྐྱེད་རིམ་པས་ཟླ་བ་བསྒོམ་པ་ནི་ཤེས་རབ་སྟེ་སྣང་བ་དང་། རྡོ་རྗེ་སོགས་བསྒོམ་པ་ནི་ཐབས་དང་དེ་རྣམས་མཉམ་པར་སྦྱོར་བ་ནི་ཉེར་ཐོབ་ཀྱི་མཚོན་བྱེད་དང༌། དེ་ལས་ལྷའི་གཟུགས་འབྱུང་བ་འདིའི་མཚོན་བྱེད་ཡིན་ཞེས་པ་མ་གསུངས་ཀྱང༌། སྒྱུ་མའི་སྐུའི་མཚོན་བྱེད་དོ། །དེ་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་ནི་སྐུ་གསུང་ཐུགས་དང་ཏིང་ངེ་འཛིན་སེམས་དཔའི་ཕྱག་རྒྱ་བཞིའམ། ཡང་ན་ལྷ་མོ་བཞིས་རྒྱས་བཏབ་པའམ་བསྐོར་བའོ་ཞེས་ལཀྵྨཱིས་བཤད་ཀྱང༌། སྐུ་གསུང་ཐུགས་འཕྲིན་ལས་བཞི་ལ་བྱའོ། །འདུས་པ་ལ་སོགས་པའི་རྒྱུད་ནས་བཤད་པ་བཞིན་དུ་དེ་ལྟར་བསྒོམ་པ་ནི་ལས་དང་པོ་བའོ། །འདི་འཕགས་ལུགས་པ་རང་ལ་ཟླ་བ་གདན་དུ་བྱེད་ཅིང་ཕྱག་མཚན་དང་འདྲེས་པ་མི་བྱེད་ཀྱང་དེ་དང་འདུས་པ་ལ་བྱའོ། །རྒྱུད་གཞན་ལ་ནི་མངོན་བྱང་ལྔས་བསྐྱེད་པ་ལ་འདི་ལྟར་དུ་གསལ་ལོ། །འདི་སྐབས་འདིར་བཤད་པ་ནི་བསྐྱེད་རིམ་པས་དེ་ལྟར་བསྒོམ་པ་དེ་སེམས་དབེན་གྱི་ཡེ་ཤེས་བསྐྱེད་ནས་སྒྱུ་མའི་སྐུ་སྒྲུབ་པའི་རྒྱུད་


JLD006_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་བྱེད་དུ་བསྟན་པའི་ཕྱིར་རོ། །དེ་ལྟར་མོས་ནས་བྱ་དགོས་པའི་དབང་དུ་བྱས་ནས་སྟོང་པ་གསུམ་ལས་ལྷའི་སྐུ་བསྐྱེད་པ་ཞེས་བྱས་ཀྱི་དངོས་སུ་ནི་མིན་ནོ། །གཉིས་པ་ནི། ད་ནི་ཞེས་པ་ནས་སྤྱོད་ཡུལ་མིན་གྱི་བར་གྱིས་སྣང་བ་གསུམ་དག་པའི་ཐམས་ཅད་སྟོང་པ་འོད་གསལ་ལས་དང༌། འོད་གསལ་ཞེས་པ་ནས་དེ་ནས་འགྱུར། ཞེས་པའི་བར་གྱིས་ནི་དེ་ལས་ཟུང་འཇུག་གི་སྐུ་བསྒྲུབ་ཚུལ་བསྟན་ཏོ། །གསུམ་པ་ལ་བཞི། ཕར་ཕྱིན་གྱི་ཐེག་པའི་མཐར་ཡང་འོད་གསལ་གྱི་ལམ་ལ་བལྟོས་དགོས་པ་དང༌། འོད་གསལ་གྱི་དེ་ཉིད་རྙེད་ན་སྨད་པའི་གང་ཟག་གིས་ཀྱང་འཚང་རྒྱ་ནུས་པ་དང༌། འོད་གསལ་གྱི་དེ་ཉིད་གསུང་རབ་ལས་གསུངས་ཚུལ་དང༌། དེ་ཉིད་དེ་དང་མི་ལྡ་ན་གཞན་གྱིས་འཚང་རྒྱ་མི་ནུས་པར་བསྟན་པའོ། །དང་པོ་ནི། འོད་གསལ་མངོན་དུ་བྱས་ནས་འཚང་རྒྱ་བར་བསྟན་པ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིར་པའི་ལམ་གྱི་མཐར་ཡང་དེ་ལ་བརྟེན་ནས་འཚང་རྒྱ་བ་བཤད་པར་བྱའོ། །ཐེག་ཆེན་གྱི་མདོ་རྒྱ་ཆེར་རོལ་བར་ཞེས་པ་ནི་ནཻ་རཉྫ་ནའི་ཆུ་འགྲམ་དུ་མི་གཡོ་བའི་བསམ་གཏན་ལ་བཞུགས་པ་དེ་ནས་བཤད་པར་སྟོན་གྱི་འོད་གསལ་ལ་བརྟེན་ནས་འཚང་རྒྱ་ཚུལ་དེར་བསྟན་ཞེས་པ་ནི་མིན་ནོ། །ཤཱཀྱ་ཐུབ་པས་ཞེས་པ་ནི་སངས་རྒྱས་པའི་སྔོན་རོལ་ནས་མཚན་དེ་ལྟར་བཏགས་སོ། །སྟོང་པ་ཆེན་པོས་འཚངས་རྒྱ་བར་དགོངས་ཞེས་པ་ནི་དེའི་དུས་ཀྱི་མི་གཡོ་བའི་


JLD006_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ལ་སྔགས་ཀྱི་འོད་གསལ་མིན་པས་སྟོང་ཆེན་ཞེས་ཟེར་གྱི་མདོ་དེར་སྟོང་ཆེན་དུ་བཤད་པའང་མིན་ལ། སྟོང་ཆེན་གང་ཡིན་ཐམས་ཅད་དེ་ཁོ་ན་ཉིད་མངོན་དུ་མ་གྱུར་པ་ལའང་མི་གཟུང་ངོ་། །དེ་ལྟར་ཆུ་བོ་དེའི་འགྲམ་དུ་མི་གཡོ་བའི་བསམ་གཏན་གྱིས་འཚང་རྒྱ་བར་བྱའོ་སྙམ་དུ་དགོངས་ནས་བཞུགས་པ་རྒྱ་ཆེར་རོལ་བ་ལས་བསྟན་གྱི། སངས་རྒྱས་རྣམས་བྱོན་ནས་བསྐུལ་བ་མདོ་དེར་གསུངས་པ་མིན་ནོ། །དེ་ནས་ནམ་མཁའ་བའི་རྒྱལ་བ་རྣམས་ཀྱིས་སེ་གོལ་གཏོགས་ཏེ་སད་པར་བྱས་ནས་གསུང་གཅིག་གིས་གསུངས་པ་ནི། དེ་ཉིད་བསྡུས་པའི་རྒྱུད་ནས་འབྱུང་ངོ་། །བསམ་གཏན་འདི་ནི་རྣམ་དག་མིན། །ཞེས་པ་ནི། བག་ཆགས་ཕྲ་མོ་དག་པྱེད་མིན། ཞེས་པའི་དོན་ཡིན་གྱི་ལམ་མ་ནོར་བ་མིན་ཞེས་པ་མིན་ནོ། །དེའི་ཕྱིར་འདི་ཁོ་ནས་མཐར་ཐུག་ཐོབ་བྱེད་ཀྱང་མིན་ནོ། །དེས་ན་ནམ་མཁའི་ངོས་ལྟར་མཆོག་ཏུ་གྱུར་པའི་འོད་གསལ་ལ་དམིགས་ཤིག །དེ་ལྟར་ན། འོད་གསལ་བའི་གནས་ཐོབ་ནས། རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། ཞེས་དབྱངས་གཅིག་གིས་བསྐུལ་ཏེ། རབ་གའི་གཟུགས་ནི་ཟུག་འཇུག་གི་སྐུའོ། །ཀུན་གྱི་དབང་ཕྱུག་ནི་དབང་ཕྱུག་བརྒྱད་ལྡན་གྱི་གོ་འཕང་ངོ་། །སྤྱོད་བསྡུས་ལས་ཀྱང་རིམ་པ་འདི་ཉིད་ཀྱིས་དཔལ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་


JLD006_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སེ་གོལ་གྱི་སྒྲས་བསྐུལ་བར་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ་མཚན་ཕྱེད་ཀྱི་དུས་སུ་འོད་གསལ་མངོན་སུམ་དུ་མཛད་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཞེངས་ནས་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཡིན་ནོ་ཞེས་གསུངས་སོ། །འདིས་ཀྱང་བསྐུལ་ས་ཤཱཀྱ་ཐུབ་པ་ལ་གསུངས་པས་རིམ་པ་གཉིས་པ་དང་དགོངས་པ་གཅིག་པས་བྱང་ཆུབ་ཀྱི་ཤིང་དྲུང་ཡང་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་དྲུང་ཡིན་ནོ། །འདི་ལ་ཀོ་ས་ལའི་རྒྱན་ལས་རྣམ་སྨིན་གྱི་ལུས་ནཻ་རཉྫ་ནའི་ཆུ་འགྲམ་དུ་བཞག་ནས་ཡིད་ཀྱི་ལུས་ཀྱིས་འོག་མིན་དུ་ཕྱིན་ནས་མངོན་བྱང་ལྔ་པསྒོམས་ཏེ་འཚང་རྒྱ་བར་བཤད་པ་ལྟར་ཡང་མི་འདོད་ལ། དེ་ཉིད་སྣང་བར་ཤཱཀ་ཐུབ་བསྐལ་བ་མང་པོའི་སྔོན་ནས་སངས་རྒྱས་པར་གསུངས་པས་ལུགས་དེ་དེ་དང་འགལ་བས་རྣལ་བྱོར་རྒྱུད་ནས་སངས་རྒྱས་རྣམས་ཀྱིས་བསྐུལ་བའི་བྱང་སེམས་དོན་གྲུབ་ནི་འོག་མིན་གྱི་ལྷའི་རྟེན་ཅན་པ་དང༌། འོག་མིན་གྱི་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་པར་འདོད་པ་ལྟར་ཡང་མི་འདོད་དོ། །ཤཱཀ་ཐུབ་འདོད་ཁམས་སུ་འཚང་རྒྱ་བའི་ཚུལ་སྟོན་པ་ཙམ་ཡིན་གྱི་དེའི་སྔོན་ནས་སངས་རྒྱས་པ་ཡིན་མོད་ཀྱང༌། འདོད་ཁམས་སུ་འཚང་རྒྱ་བའི་ཚུལ་བསྟན་པའི་ཚེའང་སྔར་ལྟར་བསྐུལ་བའི་ཚུལ་བསྟན་པ་མི་འགལ་ལ། དེས་ཀྱང་ཕར་ཕྱིར་གྱི་ཐེག་པའི་ལམ་གྱི་མཐར་སྔགས་ཀྱི་འོད་གསལ་གྱི་


JLD006_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་བརྟེན་ནས་འཚང་རྒྱ་དགོས་པར་སྟོན་པས། འོག་མིན་དུ་འཚང་རྒྱ་བ་ལའང་དེ་ལྟར་དགོས་སོ། །འདི་ལ་ནི་སྔགས་ཀྱི་ལམ་གཞན་མི་དགོས་ཀྱི་དབང་གསུམ་པ་དང་བཞི་པ་བསྐུར་བ་ལ་བརྟེན་ནས་ནམ་ཕྱེད་ཀྱི་དུས་སུ་འོད་གསལ་མཚོན་པར་བྱས་ནས་ཐོ་རངས་སངས་རྒྱས་པ་ཡིན་ནོ། །ཕར་ཕྱིར་གྱི་ཐེག་པ་པས་མཐར་སྔགས་ལ་འཇུག་པའི་མཚམས་ནི་འདིར་བཤད་པ་ལྟར་ས་བཅུ་པ་སྲིད་པ་ཐ་མ་པའི་སྐབས་དང་། འཇུག་ཚུལ་ཡང་རང་གི་ལམ་དོར་ནས་ཞུགས་པ་མིན་གྱི་རང་གི་ལམ་ལ་སྣོན་པ་ཙུང་ཟད་བཏབ་པ་དང༌། ལམ་ཡང་གསང་དབང་དང་དེ་མན་ཆད་ཀྱི་ལམ་དང་དབང་བསྐུར་མིན་གྱི་དབང་གསུམ་པ་དང་བཞི་པ་བསྐུར་བ་དང་། །དུས་ཀྱང་དེར་ནམ་ཕྱེད་ཞུགས་པའི་ཐོ་རངས་སངས་རྒྱས་པ་ཡིན་པས་དུས་རིང་པོ་མི་དགོས་སོ། །ལམ་གཞན་གྱི་དོང་ཁ་ནི་ཕར་ཕྱིན་གྱི་ཐེག་པས་རྒྱུན་མཐའ་བར་དུ་བགྲོད་པའི་ལམ་དེས་བྱས་པ་ཡིན་ནོ། །རྩེ་མོར་གྲངས་མེད་གསུམ་གྱིས་སའི་མཐར་ཕྱིན་ནས་མངོན་བྱང་ལྔ་པསྒོམས་ཏེ་སངས་རྒྱས་པར་གསུངས་པའང་འདི་ལ་དགོངས་སོ། །དེ་སྐད་སྨྲ་དེ་གསན་ནས་ནི། ཞེས་པ་ནས། འོད་གསལ་བ་ནི་རྣམ་དག་འཆང་། ཞེས་པའི་བར་གྱི་ཏིང་ངེ་འཛིན་སྔ་མ་བཏང་ནས་འོད་གསལ་བསྒོམས་པས་འོད་གསལ་ཐོབ་པར་བསྟན་ཏོ། །དེ་ནས། ཆུ་ཟླ་སྨིག་རྒྱུ་ལ་སོགས་པ། ཞེས་པ་ནས། དེས་ནི་བདུད་རྣམས་འཇོམས་པར་མཛད། ཅེས་པའི་བར་གྱིས་འོད་གསལ་


JLD006_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་ཟུག་འཇུག་གི་སྐུ་གྲུབ་སྟེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འཇོམས་པར་མཛད་པར་བསྟན་ནོ། །དེ་ནས། ཤཱཀྱའི་མགོན་པོས་ཡང་དག་པའི། ཞེས་པ་ནས། དེ་ཉིད་འདིར་ནི་རབ་སྟོན་མཛད། ཅེས་པའི་བར་གྱིས་སངས་རྒྱས་ནས་དེ་ཉིད་དེ་གཞན་ལ་སྟོན་པར་གསུངས་སོ། །དེ་ཉིད་ཡེ་ཤེས་ཞེས་གསུངས་པས། །མངོན་རྫོགས་བྱང་ཆུབ་བསྟན་པ་ཡིན། ཞེས་པས་ནི། བསྟན་པའི་དེ་ཉིད་ཅེས་པ་དེ་འོད་གསལ་བསྟན་པ་ཡིན་པར་བཤད་དོ། །གཉིས་པ་ནི། མཚམས་མེད་པ་ཞེས་གསུངས་ཏེ། །མཚམས་མེད་བྱས་པ་དང་བསོད་ནམས་ཀྱི་བསགས་པ་དམན་པས་ཀྱང༌། བླ་མའི་དྲིན་གྱིས་དེ་ཁོ་ན་ཉིད་ཐོབ་ན་འཚང་རྒྱའོ། །ཆག་གིས། ཡིད་བཞིན་ནོར་དང་འདྲ་བ་མཆོག །ཅེས་བསྒྱུར་རོ། །གསུམ་པ་ནི། འདོད་ཆགས་མིན་ཞིང༌། ཞེས་གསུངས་ཏེ། སྣང་མཆེད་ཐོབ་གསུམ་སྤངས་པའི་འོད་གསལ་ལོ། །སྟོང་པ་མ་ཡིན་ཞེས་སོགས་ནི། རྣམ་པར་ཤེས་པ་རྣམས་སམ་རང་བཞིན་རྣམས་ཞེས་པས་བཤད་པར་ལཀྵྨཱིས་སོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་ལ། །འདི་ཉིད་ལྟར་ནི་རབ་སྟོན་ཏོ། །ཡེ་ཤེས་གསུམ་པྲལ་དེ་ཉིད་གང༌། །དགོངས་པ་ཡིས་ནི་གསུངས་པ་ཡིན། ཞེས་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལས་སྣང་བ་སོགས་དང་བྲལ་བའི་ཡེ་ཤེས་དགོངས་པའི་ངག་གིས་རྒྱལ་བས་གསུངས་ཏེ། དེའང་འདི་ཉིད་དེ་གཞན་ནི་མ་


JLD006_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ནི་གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །སངས་རྒྱས་ཀུན་ངོ་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་བདེ་བ་མཆོག །ཅེས་གསུངས་པའོ། །དེའི་དགོངས་བཤད་ཀྱི་དོན་ནི་གསང་བ་དང་མཆོག་དང་དགྱེས་པ་གསུམ་སྣང་མཆེད་ཐོབ་གསུམ་དང༌། དེ་རུ་གནས་པ་ལ་ཨ་བྱིན་པས་མི་གནས་པར་ཤེས་པར་བྱའོ། །ཐམས་ཅད་བདག་ཉིད་ནི་རང་གི་ངོ་བོ་སྟེ་རྟག་ཏུ་གནས་པ་ནི་རྗེས་སུ་འཇུག་པའོ། །སངས་རྒྱས་ཀུན་ནི་ཕུང་བོ་ལྔའོ། །དེའི་ངོ་བོ་ནི་དེ་རྣམས་ལ་ཁྱབ་པར་བྱེད་པའོ། །སེམས་དཔའ་ནི་སྣོད་ཀྱི་འཇིག་རྟེན་ཏེ་དེའི་རང་བཞིན་ཡིན་པས་སེམས་དཔའོ། །མི་ཕྱེད་པས་རྡོ་རྗེ་དང་རྟག་ཏུ་གནས་པས་སེམས་དཔའང་ཡིན་ཏེ་ཆོས་ཀྱི་སྐུའོ། །བདེ་བ་མཆོག་ནི་འོད་གསལ་གྱི་དེ་ཉིད་དོ་ཞེས་ལཀྵྨཱིས་བཤད་དོ། །དེ་ཉིད་དཔལ་ལྡན་འདུས་པར་ནི་ཞེས་པ་བཞི་ནི་ལེའུ་གཉིས་པ་ལས་རིགས་དྲུག་གི་བྱང་ཆུབ་ཀྱི་སེམས་རེ་རེ་གསུངས་པས་ཀྱང་འོད་གསལ་བསྟན་ཞེས་པའོ། །དེར་ཚིགས་བཅད་དང་པོ་ཚུལ་བཞིས་བཤད་ཀྱང་དེའི་སྔས་དོན་དང་མཐར་ཐུག་གིས་དེ་ཁོ་ན་ཉིད་བསྟན་ལ། ལྷག་མ་ལྔས་དགོངས་མིན་གྱིས་དེ་ཁོ་ན་ཉིད་བསྟན་པར་ལཀྵྨཱིས་སོ། །འདོད་ཆགས་ལ་སོགས་ཞེས་པ་བཞིས་ནི་དཔལ་མཆོག་ལས་གསུངས་པ་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐམས་ཅད་སྟོང་པ་བསྟན་ཞེས་པའོ། །སྣ་ཚོགས་མདོ་དང་རྒྱུད་རྣམས་སུ། ཞེས་པ་ནས། གཞན་འདིར་མངོན་


JLD006_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་པ་མིན། ཞེས་པས་ནི། མདོ་རྒྱུད་ཀུན་ཏུ་དེ་ཁོ་ན་ཉིད་བསྟན་པ་ཐམས་ཅད་འོད་གསལ་བསྟན་པར་གསུངས་སོ། །ཆོས་ཀྱི་ཕུང་བོ་ཞེས་པ་བཞིས་ནི་ཐམས་ཅད་སྟོང་པ་སྙིང་བོ་ལས་ཀྱང་ཆེས་སྙིང་བོར་གསུངས་ཞེས་བསྟན་ཏོ། །ཁ་ཅིག་སྙིང་བོ་བསྐྱེད་རིམ་དང་དེ་ལས་སྙིང་བོ་རྡོར་བཟླས་དང་། དེ་ལས་ཀྱང་མཆོག་ནི་རིམ་པ་གཉིས་པའམ་རིམ་པ་བཞི་པའི་དེ་ཉིད་ལ་འཆད་པ་ནི་མི་རིགས་ཏེ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལས་དེ་ལྟར་གསུངས་པའི་དོན་ཡིན་ལ། དེ་རང་ཉིད་ཀྱང་ཉན་ཐོས་ཀྱི་ཐེག་པའི་སྡེ་སྣོད་དུ་འདོད་པའི་ཕྱིར་རོ། །ཐེག་ཆེན་གྱི་ཆོས་ཕུང་དགུ་ཁྲི་དང་སྔགས་ཀྱི་འབུམ་ཡིན་ཞེས་ཟེར་རོ། །གལ་ཏེ་འོད་གསལ་མདོ་རྒྱུད་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོན་པས་བསྟན་ན། དེ་ཉིད་སྔགས་ཀྱི་རྫོགས་རིམ་མཐར་ཐུག་ཡིན་པ་དང༌། མདོ་སྡེ་དང་ཐུན་མོང་བའི་དོན་ཡིན་པས་སྤྱི་དོན་དུ་འགྱུར་གྱི་མཐར་ཐུག་གི་དོན་དུ་མི་འགྱུར་པ་དང༌། ཐེག་པ་གཞན་དང་རྒྱུད་སྡེ་འོག་མར་མ་བསྟན་པར་གསུངས་པ་དང་འགལ་བར་འགྱུར་རོ་ཞེ་ན། འདིར་བཤད་པའི་འོད་གསལ་དང་རྣལ་འབྱོར་མའི་རྒྱུད་ཀྱི་སྐོར་ནས་གསུངས་པའི་ལྷན་ཅིག་སྐྱེས་པའི་དགའ་བ་གཉིས་ནི་དོན་གཅིག་ལ། དེའང་གསུང་རབ་ཀྱི་སྙིང་བོ་ཤེས་བྱའི་གཤིས་མཐར་ཐུག་པའི་སྟོང་ཉིད་དང༌། ཡུལ་ཅན་བདེ་བ་ཆེན་པོ་གཉིས་དབྱེར་མེད་པར་བཞུགས་པའི་ཡེ་ཤེས་སོ། དེའི་ཕྱིར་ཕར་ཕྱིན་གྱི་ཐེག་པ་དང༌། རྒྱུད་སྡེ་འོག་མ་ལས་


JLD006_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོ་དེ་མི་སྟོན་པས་འོད་གསལ་ལྷན་ཅིག་སྐྱེས་པ་དེ་དག་ཏུ་མ་བསྟན་ཀྱང༌། ཡུལ་སྟོང་པ་ཉིད་རྟོག་པའི་ཤེས་རབ་ལམ་གྱི་སྙིང་པོར་གསུངས་པས་དེ་ལ་དགོངས་ནས་དེ་ལྟར་གསུངས་པས་སྐྱོན་མེད་དོ། །མདོར་ན་ཤེས་བྱའི་མཐར་ཐུག་སྟོང་པ་ཉིད་གསུང་རབ་ཀུན་ཏུ་བཤད་ཀྱང་དེ་རྟོགས་པའི་ཡུལ་ཅན་གྱི་མཐར་ཐུག་བདེ་བ་ཆེན་པོ་སྔགས་བླ་མེད་ལས་གཞན་དུ་མ་གསུངས་ཤིང་དེ་གཉིས་སྦྱར་བའི་ལམ་དེ་ཐབས་དང་ཤེས་རབ་ཀྱི་ཕྱོགས་ཀུན་ཚང་བའི་ལམ་གསུང་རབ་ཐམས་ཅད་ཀྱི་སྙིང་བོ་བསྡུས་པའི་འགག་སྡོམ་མཐར་ཐུག་པ་ཡིན་པས་དེ་ལ་ཤིན་ཏུ་བསྔགས་པ་མཛད་པ་ཡིན་ནོ། །དེ་ལྟར་བསྔགས་པའི་གཙོ་བོ་ནི་དོན་གྱི་ལྷན་སྐྱེས་ཀྱི་འོད་གསལ་ཡིན་མོད་ཀྱང་དཔེའི་ལྷན་སྐྱེས་ཀྱང་དེའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པས་མང་དུ་བསྔགས་པ་ཡིན་ནོ། །བཞི་པ་ནི། རལ་པ་གཅེར་བུ་མགོ་རེག་གམ། །ཅོད་པན་འདུས་པའི་འཇུག་པ་སྤོང་། ཞེས་སོགས་ཀྱིས་འོད་གསལ་གྱི་དེ་ཉིད་མེད་ན་བརྟུལ་ཞུགས་དེ་རྣམས་བཟུང་ནས་འབད་ཀྱང་གྲོལ་བ་མི་འཐོབ་ཅེས་བསྟན་ནོ།100 །རལ་པ་གཅིག་ནི་རིག་པའི་བརྟུལ་ཞུགས་པའོ། །གཅེར་བུ་ནི་སྤྱོད་པའི་བརྟུལ་ཞུགས་པའོ། །མགོ་རེག་ནི་དགེ་སློང་དང་དགེ་ཚུལ་ལ་སོགས་པའོ། །ཅོད་པན་ནི་བསླབ་པ་ལྔ་ལ་གནས་པའི་དགེ་བསྙེན་གྱིའོ། །འདུས་པ་སྤོང་འཇུག་ནི་ཚེམ་བུ་པའི་རྣལ་འབྱོར་པའོ། ཞེས་ལཀྵྨཱིས་བཤད་དོ། །གསུམ་པ་ནི། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་


JLD006_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་བ་དག །ས་བཅུ་པ་ལ་རབ་ཏུ་གནས། ཞེས་པའི་དང་པོ་གཉིས་ཀྱིས་ནི་བསྐྱེད་རིམ་གྱིས་ས་བརྒྱད་པ་ཐོབ་པ་དང༌། དེ་ནས་གཉིས་ཀྱིས་སེམས་དབེན་གྱིས་ས་བཅུ་པ་ལ་གནས་པར་བཤད་དོ། །དེ་ནས། མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །དག་པའི་གནས་ནི་ཉེ་བར་རྟོགས། །ཕྱིར་མི་ལྡོག་པ་སྐྱེ་བ་འདིར། །སངས་རྒྱས་ཞིང་དུ་ཐམས་ཅད་མཁྱེན། ཞེས་གསུངས་སོ། །སྤྱོད་བསྡུས་ལས་ཀྱང་ས་བརྒྱད་པ་དང་བཅུ་པ་འཐོབ་ཚུལ་དེ་ཁོ་ན་བཞིན་དུ་གསུངས་ཏེ། ས་གཞན་འཐོབ་ཚུལ་གསལ་བར་མ་གསུངས་སོ། །དེ་ལ་འདུས་པ་རྩ་བཤད་ཀྱི་རྒྱུད་རྣམས་གཞན་ནས་ས་ཡི་རིམ་པ་གསལ་བར་མ་གསུངས་ལ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། བུམ་དབང་ལ་བཅུ་གཅིག་ཏུ་བྱས་ཏེ་དབང་གོང་མ་གསུམ་དང་བཅས་པས་བཅུ་བཞི་ལ་དབང་བསྐུར་རེ་རེ་ས་རེའོ། །ཞེས་དབང་རེ་རེ་དང་ས་རེ་རེ་སྦྱར་བས་ས་བཅུ་བཞིར་གསུངས་པ་མ་གཏོགས་པ་སའི་མིང་དང་དོན་གང་ཡང་མ་གསུངས་སོ། །དགོངས་པ་ལུང་སྟོན་ལས། སངས་རྒྱས་རྣམས་ཀྱིས་གང་བརྟེན་པ། །སར་གྱུར་དེ་ནི་བཅུ་གསུམ་པ། ཞེས་གསུངས་པ་ཙམ་མ་གཏོགས་པ་ས་ཡི་མིང་དོན་དང༌། གང་ནས་བརྩམས་པའི་བཅུ་གསུམ་པ་ཡིན་པའི་ཚུལ་མ་བཤད་ལ་ལུང་དེ་སྒྲོན་གསལ་ལས་འོད་གསལ་གྱི་ལུང་དུ་དྲངས་སོ། །གཞུང་འདི་དང་སྤྱོད་བསྡུས་གཉིས་སུའང་སྔར་ལྟར་གསུངས་


JLD006_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་མ་གཏོགས་པ་སའི་མིང་དོན་དང༌། གང་ནས་བཟུང་སྟེ་འཇོག་པ་སོགས་མི་གསལ་བས་འདིའི་རྗེས་འབྲང་རྣམས་ཀྱང་འདོད་པ་དུ་མ་ཞིག་ཏུ་གྱུར་ཏོ། །འདི་ལྟར་སྤྱོད་བསྡུས་ཀྱི་འགྲེལ་པ་དང༌། རིམ་ལྔའི་འགྲེལ་པ་ཁ་ཅིག་ཏུ་མོས་སྤྱོད་ཀྱི་ས་སྦྱོར་ལམ་བཞི་གསུམ་པཅུ་གཉིས་ལ་ས་བཅུ་གཉིས་སུ་བྱས་ཏེ། དེའི་ལྟར་ན་ས་དང་པོ་ནི་དྲོད་ཆུང་ངུ་ཡིན་པས་དེ་ནས་སའི་ཐོག་མ་འཛིན་ཞིང་ས་དང་པོ་རབ་ཏུ་དགའ་བ་ས་བཅུ་གསུམ་པར་བྱེད་པར་མངོན་ནོ། །རིམ་ལྔའི་འགྲེལ་པ་མང་པོས་ནི་ས་རབ་ཏུ་དགའ་བ་སོགས་ཀྱི་གྲངས་ལ་བཤད་དོ། །སྔགས་ཀྱི་གཞུང་རྣམས་ནས་གནས་ལ་སོགས་པ་བཅུ་གཉིས་ས་བཅུ་གཉིས་སུ་བཤད་པ་སོགས་ལ་རབ་དགའ་སོགས་བཅུ་གཅིག་དང་མོས་སྤྱོད་ཀྱི་ས་དང་བཅུ་གཉིས་པོཤད་པ་མང་བས་སའི་གྲངས་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གྲགས་པ་ལྟར་འཐད་དོ། །ས་ལྷག་མ་ཇི་ལྟར་སྦྱོར་བ་ལ་ལཀྵྨཱིས། རྡོར་བཟླས་ཀྱིས་ས་དགུ་པ་འཐོབ་པ་ནི་ཤུགས་ཀྱིས་བསྟན་ལ། སྒྱུ་ལུས་ནི་སེམས་དབེན་གྱི་རྗེས་ཐོབ་ཡིན་པས་རྣམ་བཅས་རྣམ་མེད་ཀྱི་དབྱེ་བ་ཡོད་ཀྱང་ས་ཡི་དབྱེ་བ་མེད་པས་དེ་གཉིས་ཀས་ས་བཅུ་པ་དང༌། འོད་གསལ་མཉམ་གཞག་དང་ཟུང་འཇུག་དེའི་རྗེས་ཐོབ་ཡིན་པས་དེ་གཉིས་ཀས་བཅུ་གཅིག་ཀུན་ཏུ་འོད་འཐོབ་བོ། །དེ་ཉིད་ལས་དང་པོ་བའི་ས་ལ་བལྟོས་ནས་ས་བཅུ་གཉིས་པ་ཡིན་ནོ། ཞེས་འཆད་དོ། །དབང་བསྐུར་རེ་རེ་ས་རེ་རེར་


JLD006_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་དོན་ལ་ཨ་ལམ་ཀ་ཀ་ལ་ཤས། སློབ་དཔོན་དང་གསང་དབང་གཉིས་ཀྱིས་ས་བརྒྱད་དང༌། ཤེས་རབ་ཡེ་ཤེས་ཀྱིས་དགུ་པ་དང༌། བཞི་པའི་དཔེས་བཅུ་པ་དང༌། དོན་གྱིས་བཅུ་གཅིག་པ་སྟེ་མོས་སྤྱོད་ཀྱི་ས་ལ་བལྟོས་ནས་བཅུ་གཉིས་པའོ། །ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པས་ནི་བཅུ་གསུམ་པའོ། །ཡང་ན་སློབ་དཔོན་གྱི་དབང་གིས་ས་བརྒྱད་པ་དང་། གསང་དབང་གི་རྡོ་རྗེ་བཟླས་པ་ལ་བརྟེན་ནས་ས་དགུ་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སེམས་དབེན་གྱིས་ས་བཅུ་པ་སྟེ་རང་བྱིན་རླབས་ཀྱང་དེ་ཉིད་དོ། །དབང་བཞི་པའི་མངོན་པར་བྱང་ཆུབ་པའི་རིམ་པས་བཅུ་གཅིག་པ་སྟེ་མོས་སྤྱོད་ཀྱི་ས་དང་བཅས་པས་བཅུ་གཉིས་པའོ། །ཟུག་འཇུག་གི་རིམ་པས་བཅུ་གསུམ་པའོ། ཞེས་འཆད་དོ། །དེ་ནི་ས་བཅུ་བཞི་དགོས་པ་ལ་བཅུ་གསུམ་ལས་མ་བྱུང་བ་དང༌། བུམ་དབང་བཅུ་གཅིག་རེ་རེ་དང་སྦྱར་རྒྱུ་ལ་ས་བརྒྱད་ལས་མ་བྱུང་བས་རྒྱུད་དང་མི་མཐུན་པའི་བཤད་པའོ། །དེས་ན་འཕགས་སྐོར་ལྔའི་གཞུང་ནས་སའི་སྤྱི་གྲངས་གཞུང་གཉིས་སུ་སྨོན་པའི་ཤུགས་ཀྱིས་ནི་རྡོར་བཟླས་ཀྱིས་ས་དགུ་པ་དང༌། སྒྱུ་ལུས་ཀྱིས་བཅུ་གཅིག་པ་དང༌། འོད་གསལ་གིས་


JLD006_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་པ་དང༌། ཟུང་འཇུག་གིས་ས་བཅུ་གསུམ་པ་འཐོབ་པར་བསྟན་ལ། དེ་ཉིད་མོས་སྤྱོད་ཀྱི་ས་ལ་བལྟོས་ནས་བཅུ་བཞི་པའོ། །གལ་ཏེ་ཕར་ཕྱིན་གྱི་ཐེག་པའི་སའི་གྲངས་ནི་མོས་སྤྱོད་ཀྱི་ས་དང་བཅས་པའི་བཅུ་གཉིས་སམ། ལས་དང་པོ་པའི་ས་བསྣན་ན་བཅུ་གསུམ་ལས་མེད་པ་ལ་བཅུ་བཞིར་ཇི་ལྟར་བྱེད་སྙམ་ན། མངོན་བརྗོད་བླ་མར། རབ་དགའ་སོགས་བཅུ་དང༌། དེ་ནས་དཔེ་མེད་པའི་ས་དང༌། ཡེ་ཤེས་ལྡན་གྱི་ས་དང༌། རྡོ་རྗེའི་ས་སྟེ་བཅུ་གསུམབཤད་པ་ལ། མན་ངག་སྙེ་མར་ས་བཅུ་པ་ལ་བཅུ་པ་ཐོབ་མ་ཐག་པ་དང༌། ཁྱད་པར་གྱི་ལམ་དང༌། བར་ཆད་མེད་པའི་ལམ་གསུམ་དུ་ཕྱེ་ནས་ཕྱི་མ་གཉིས་དཔེ་མེད་དང་ཡེ་ཤེས་ལྡན་གྱི་སར་བཤད་པ་ལྟར། འདིར་ཡང་ས་བཅུ་པ་ལ་གསུམ་དུ་བྱས་ནས་སེམས་དབེན་དང་སྒྱུ་ལུས་དང་འོད་གསལ་གསུམ་དང་སྦྱར་རོ། །འོ་ན་ལམ་དེ་དག་ས་དེ་རྣམས་དང་སྦྱོར་བའི་ཚུལ་ཇི་ལྟར་ཡིན་སྙམ་ན། འདི་ལ་ཁ་ཅིག་ལམ་དེ་དང་དེ་རྣམས་མཐར་ཕྱིན་པ་ན་ས་དེ་དང་དེ་དག་དངོས་འཐོབ་པས་སྒྲ་ཇི་བཞིན་པའི་སྦྱོར་ཚུལ་བྱེད་དོ། །དེ་ནི་མི་འཐད་དེ། སྦྱོད་བསྡུས་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ཀྱིས་ཀྱང་ཇི་སྲིད་དུ་དོན་དམ་པའི་བདེན་པ་མངོན་པར་རྟོགས་པ་ཐོབ་པ་མ་ཡིན་པ་དེ་སྲིད་དུ་ཕྱིར་མི་ལྡོག་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྣང་བ་གསུམ་རྣམ་པར་མ་དག་པའོ། །ཇི་སྲིད་དུ་རྣམ་པར་ཤེས་པའི་ཀུན་ཏུ་རྟོག་པ་དེ་སྲིད་དུ་ནི་ཉོན་


JLD006_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་བག་ཆགས་ཀྱི་རྒྱུན་ནོ། །ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་ལས་ཡང་སྲིད་པའོ། ཞེས་སྒྱུ་ལུས་ཐོབ་ཀྱང་འོད་གསལ་མ་ཐོབ་ན་ཉོན་མོངས་ཀྱི་དབང་གིས་འཁོར་བར་ལྡོག་པར་གསུངས་པའི་ཕྱིར་དང༌། ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་ན་འཁོར་བར་ལས་ཉོན་གྱི་དབང་གིས་སྐྱེ་མི་སྲིད་པའི་ཕྱིར་རོ། །རིགས་པ་དེས་ནི་བསྐྱེད་རིམ་དང་རྡོར་བཟླས་དང་སེམས་དབེན་མཐར་ཕྱིན་པས་ས་བརྒྱད་པ་མི་གཡོ་བ་སོགས་གསུམ་ཐོབ་པ་མི་འཐད་པར་ཡང་ཤེས་པར་བྱའོ། །ཡང་ཁ་ཅིག་གིས་ས་དེ་རྣམས་དངོས་སུ་ཐོབ་པ་མིན་གྱི་ཕར་ཕྱིན་གྱི་ས་དེ་དག་དང་སྔགས་ཀྱི་ལམ་དེ་རྣམས་རྫོགས་པའི་སངས་རྒྱས་སུ་བགྲོད་པའི་ལམ་གྱི་ནུས་པ་མཚུངས་པའི་སྒོ་ནས་དེ་དག་ཐོབ་པར་བཞག་པ་ཡིན་ནོ། ཞེས་པའང་མི་འཐད་དེ། སྔགས་ཀྱི་ལམ་དེ་དག་གང་གི་དབང་དུ་བྱས་པའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུ་ནི་བསྐྱེད་རིམ་ལ་འཇུག་པ་ནས་ཚེ་དེ་ལ་སངས་རྒྱས་མངོན་དུ་བྱེད་ནུས་ཀྱི། ཕར་ཕྱིན་གྱི་ཐེག་པར་ནི་ས་བཅུ་པས་ཀྱང་སྐྱེ་བ་གཅིག་གིས་ཐོགས་ན་ཚེ་གཅིག་ལ་སངས་རྒྱས་མངོན་དུ་བྱེད་མི་ནུས་པའི་ཕྱིར་ས་བཅུ་པ་སྲིད་པ་ཐ་མ་པ་ཁོ་ན་དང་ནུས་པ་བསྟན་ནས་འཇོག་དགོས་པར་འགྱུར་རོ། །འོ་ན་ཇི་ལྟར་ཡིན་སྙམ་ན། འདི་ནི་དབང་བསྐུར་རེ་རེ་ས་རེ་རེ་དང་སྦྱར་བ་དང༌། ཡང་གཞུང་གཞན་ལས་སྦྱོར་བ་ཚོགས་བསགས་ཚོགས་ལམ་དང༌། ཡེ་ཤེས་ཀྱི་ཚོགས་སྒོམ་པ་


JLD006_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བར་སྲིད་ཀྱི་ཡི་གེ་མ་ཞུགས་ཚུན་ཆད་སྦྱོར་ལམ་དང༌། ཞུགས་ནས་འབྲལ་བུ་རྡོ་རྗེ་འཛིན་པ་མ་རྫོགས་ཀྱི་བར་མཐོང་སྒོམ་དང་། དེ་རྫོགས་ནས་མི་སློབ་ལམ་དུ་བཞག་པ་དང་། ཡང་ཏིང་ངེ་འཛིན་གསུམ་སྐུ་གསུམ་དང་མཐོང་སྒོམ་མི་སློབ་ལམ་གསུམ་དང་སྦྱར་བ་དང༌། ལྷག་མོས་འོད་གསལ་དུ་སྡུད་པ་ཆོས་སྐུ་དང༌། དང་པོའི་མགོན་པོ་སྐྱེད་པ་ལོངས་སྐུ་དང༌། སྤྲུལ་སྐུར་བསྒྱུར་བ་སྤྲུལ་སྐུ་དང་སྦྱར་བ་དང་། དེ་བཞིན་དུ་གནས་ལ་སོགས་པ་བཅུ་གཉིས་ས་བཅུ་གཉིས་དང་སྦྱོར་བ་རྣམས་དང་སྦྱོར་ལུགས་འདྲ་བ་ཡིན་ཏེ། དེ་དག་དང་སྦྱོར་བའི་ཆོས་མཐུན་ཁྱད་པར་ཅན་རེ་ཡོད་པས་དེ་ལ་དགོངས་ནས་ཡིན་ནོ། །འོ་ན་འདིར་ཆོས་མཐུན་ཁྱད་པར་ཅན་ཇི་ལྟ་བུ་ཡོད་སྙམ་ན། ས་རབ་ཏུ་དགའ་བ་ནས་བརྒྱད་པ་མི་གཡོ་བའི་བར་དུ་བསྐྱེད་པས་ཞིང་རྣམ་པར་དག་པ་ལ་དབང་བའི་ཏིང་ངེ་འཛིན་ཐོབ་པ་བཞིན་དུ། བསྐྱེད་རིམ་གྱི་ཐོག་མ་ནས་བརྩམས་ཏེ་ཕྲ་ཐིག་མཐར་ཕྱིན་ཕྱིན་གྱི་བར་དུ་རྒྱུད་ལ་བསྐྱེད་པས། སྣོད་བཅུད་ལ་ཐ་མལ་གྱི་སྣང་ཞེན་ལོག་ནས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ལྷ་ཕོ་མོའི་རྣམ་པར་སྣང་པའི་ཏིང་ངེ་འཛིན་བརྟན་པོ་རྙེད་པའི་ཕྱིན་ས་བརྒྱད་པ་ཐོབ་པ་དང་འདྲ་བས་དེ་ཐོབ་པར་གསུངས་སོ། །ཡང་ས་དགུ་པར་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ཆོས་སྟོན་པའི་ཡེ་ཤེས་ལ་དབང་ཐོབ་པ་བཞིན་དུ་རྡོ་རྗེ་བཟླས་པ་མཐར་ཕྱིན་པ་ན་ངག་གི་རྩ་བའི་རླུང་དབང་དུ་འདུས་ནས་ངག་རྣམ་པར་དག་པར་འགྱུར་


JLD006_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ཐོབ་པ་ན་ས་དགུ་པ་ཐོབ་པར་གསུངས་སོ། །ས་བཅུ་པ་ཐོབ་མ་ཐག་པ་ནས་ལུས་ངན་པའི་རྒྱུའི་ལས་ཀྱི་བག་ཆགས་དམན་པ་ཐམས་ཅད་ཀྱང་བཟང་པོར་བསྒྱུར་བ་ལ་དབང་ཐོབ་པ་བཞིན་དུ་སེམས་དབེན་རྫོགས་པ་ན་འགྲོ་བ་ངན་པའི་རྒྱུར་གྱུར་པའི་རླུང་སེམས་གཉིས་སྒྱུ་མ་ལྟ་བུའི་རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་ནུས་པས་དེ་ཐོབ་པ་ན་ས་བཅུ་པ་ཐོབ་པར་གསུངས་སོ། །ས་བཅུ་པའི་ཁྱད་པར་གྱི་ལམ་ལ་གནས་པ་སྐྱེ་བ་གཅིག་གིས་ཐོགས་པ་དེས་ལུས་དེ་ཙམ་ཞིག་དོར་བས་འཚང་རྒྱ་བ་བཞིན་དུ། རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་གི་རྣམ་པ་ཅན་གྱི་སྐུ་གྲུབ་པ་དེས་ཀྱང་རང་གི་རྣམ་སྨིན་གྱི་ལུས་དེ་དོར་བ་ཙམ་གྱིས་ཟུང་འཇུག་གི་སྐུར་འཚང་རྒྱ་བས་དེ་ཐོབ་པ་ལ་ས་བཅུ་པ་སྐྱེ་བ་གཅིག་གིས་ཐོགས་པའི་ས་ཐོབ་པ་ཞེས་བྱའོ། །ས་བཅུ་པའི་བར་ཆད་མེད་ལམ་ལ་གནས་པ་དེས་རང་གི་ཕྱི་ལོགས་དེ་མ་ཐག་ཏུ་མཚང་རྒྱ་བ་བཞིན་དུ་འོད་གསལ་དུ་ཞུགས་པ་དེས་ཀྱང་རང་གི་དེ་མ་ཐག་ཏུ་ལུགས་ལྡོག་གི་སྣང་བ་རླུང་དང་བཅས་པ་ལས་ཟུང་འཇུག་གི་སྐུར་འགྱུར་པས། དེ་ཐོབ་པ་ལ་ས་བཅུ་པའི་བར་ཆད་མེད་ལམ་གྱི་ས་ཐོབ་པར་གསུངས་སོ། །རྒྱུན་མཐའི་ཕྱི་ལོགས་སུ་སངས་རྒྱས་པ་དེས་མི་སློབ་པའི་ལམ་ཐོབ་པ་བཞིན་དུ། །ཟུང་འཇུག་གི་སྐུ་གྲུབ་པ་དེས་ཀྱང༌། ཟུང་འཇུག་ཏིང་ངེ་འཛིན་ལ་གནས་ནས། སླར་ཞིང་གང་ལའང་མི་སློབ་བོ། ཞེས་གསུངས་པ་


JLD006_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། ལམ་གྱི་རིམ་པ་ལ་གསར་དུ་བསླབ་ཏུ་མེད་པའི་གོ་འཕང་ཐོབ་ནས་ཡོངས་སུ་རྫོགས་པའི་རྣལ་འབྱོར་བར་གྱུར་པས། དེ་ཐོབ་པ་ལ་སངས་རྒྱས་ཀྱི་ས་ཀུན་ཏུ་འོང་ཐོབ་པ་ཞེས་གསུངས་སོ། །མངོན་རྫོགས་བྱང་ཆུབ་ནི་འོད་གསལ་ལོ། །དག་པའི་གནས་ཐོབ་པ་ལ། གཙང་མའི་གནས་སུ་ཉེ་བར་འགྲོ ། ཞེས་བཤད་ཀྱང༌། སྔ་མ་ལེགས་ཏེ་ཉོན་མོངས་དག་པའི་གནས་ཏེ་རྒྱུའོ། །ཕྱིར་མི་ལྡོག་པ་ནི་དེ་ཐོབ་ནས་འཁོར་བར་མི་ལྡོག་པའོ། །སྐྱེ་བ་འདིར་ཐམས་ཅད་མཁྱེན་པ་ཐོབ་པ་ནི་སྲིད་པ་ཐམ་པར་སྟོན་ནོ། །བཞི་པ་ནི། ཆོས་ཀྱི་འབྱུང་གནས་ནས་འདིར་སློབ་བོ། ཞེས་པའི་བར་གྱིས་སྟོན་ཏེ། ཆོས་འབྱུང་ནི་སྟོབས་ལ་སོགས་པའི་ཡོན་ཏན་གྱི་ཆོས་འབྱུང་བ་སྟེ་མངོན་པར་བྱང་ཆུབ་པ་འོད་གསལ་ལོ། །དེ་ལ་བརྟེན་ནས་ཆགས་སོགས་ཀྱི་རིམ་པ་རྒྱ་ཆེན་པོས་ཆོས་ཀྱི་དབྱིངས་མངོན་པར་བྱང་ཆུབ་པ་སྟེ་རྟོགས་པར་བྱེད་དོ། །ཡོ་བྱད་ཇི་ལྟར་རྙེད་པའི་སྤྱོད་པ་བྱེད་པ་པོས། མངོན་པར་རྟོགས་པར་གང་གྱུར་པ་དེ་ལ་བླ་ན་མེད་པར་མངོན་པར་བྱང་ཆུབ་པའི་སྤྱོད་པ་སྤྲོས་བཅས་ལ་སོགས་པ་གསུམ་གྱིས་འདིར་སློབ་བོ། །དེ་ནས་གཟོད་ནས་ཞེས་པ་བཞིས་སྤྱོད་པ་མི་དགོས་པར་རྩོད་དེ་དེ་བཞིན་ཉིད་གདོད་ནས་གྲུབ་པའི་དོན་རྟོག་མེད་ནི་རྟོག་པའི་ཀུན་སྤྱོད་ལས་མི་འབྱུང་ངོ་སྙམ་པའོ། །འདིར། གདོད་ནས་གྲུབ་པའི་རང་བཞིན་ཅན། །ངོ་བོ་ཉིད་ཀྱིས་དེ་གྲུབ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། ཞེས་


JLD006_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་ལེགས་སོ། །དེ་ནས་གང་ཞིག་ཅེས་པ་བཞིས་སྤྱོད་པ་མི་བྱེད་ན་ཡེ་ཤེས་མི་འཕེལ་བས་འཕེལ་བའི་དོན་དུ་སློབ་པར་བསྟན་ནོ། །དེ་ནས་རང་བཞིན་སྣང་བའི་ཞེས་པ་བཞིས་སྤྱོད་པ་ལ་བསླབས་ན་བྱང་ཆུབ་མྱུར་བར་བཤད་དེ། འདིའི་རྐང་པ་གསུམ་པ་དང་དང་པོ་གཉིས་ཀྱིས་འོད་གསལ་ཐོབ་ནས་སྤྱོད་པ་བྱེད་པར་བཤད་ཅིང་། རྡོ་རྗེ་ཕྲེང་བར་རང་བཞིན་སྣང་བའི་དབྱེ་བ་ཤེས་ནས་སྤྱོད་པ་བྱ་བར་གསུངས་པའི་དགོངས་པའང་བཤད་དོ། །ཇི་ལྟར་ཞེས་པ་བཞིས་སྤྱོད་པ་མ་སྤྱད་ན་བྱང་ཆུམ་མི་འཐོབ་པ་དཔེ་དང་བཅས་པ་གསུངས་སོ། །གསུམ་པ་ལ། སྣོད་མིན་ནི་གང་ཞིག་ཅེས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏེ། རྐང་པ་བཞི་པ་ནི། ཆག་གིས། ཀུན་མཁྱེན་ཡང་དག་ཐོབ་མི་འགྱུར། ཞེས་སེམས་དམན་པ་ཞེས་བསྒྱུར་བ་ལེགས་སོ། །དེ་ལྟར་རང་བཞིན་ངན་གྱུར་ཞེས་པ་བཞིས་ནི་དེ་དྲུག་དུ་མི་གཞག་པར་བསྟན་ནོ། །སྣོད་དུ་གྱུར་པ་ནི་ཡོན་ཏན་མཆོག་ལྡན་ཞེས་པ་བཞིས་བསྟན་ཏོ། །བཞི་པ་ལ། རྒྱུད་མང་དུ་ཐོས་ཀྱང་དེ་ཁོ་ན་ཉིད་ཀྱི་མན་ངག་མ་ཐོབ་ན་འཆད་པར་མི་འོས་པ་ནི་རྒྱུད་ནི་ཞེས་པ་བཞིས་བསྟན་ནོ། །འདིར་འགྱུར་རྙིང་ལེགས་སོ། །མན་ངག་ཐོབ་ཀྱང་མང་དུ་ཐོས་པ་མེད་ནའང་འཆད་པ་པོར་མི་འོས་པ་ནི། གཞན་ཡང༌། སྐལ་བ་དང་ལྡན་གྱུར་ཞིང་དེ་ཉིད་མན་ངག་ཐོབ། །གང་ཡང་བློ་གྲོས་བླུན་ཞིང་དོན་གྱི་སྦྱོར་


JLD006_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནུས་པ་མེད། །གཞན་ཕན་བྱ་བའི་བློ་ཡིས་སྟོན་པ་ལ་ནི་རབ་འཇུག་པ། །ཚིགས་གི་ཡོན་ཏན་རྣམ་པར་དམན་པ་དེ་ཡང་བརྙས་པར་འགྱུར། ཞེས་པས་བསྟན་ཏེ་འདི་ལཀྵྨཱིའི་འགྲེལ་པར་མ་བྱུང་ངོ་། །རྒྱུད་མང་དུ་ཐོས་པ་དང་དེ་ཁོ་ན་ཉིད་ཀྱི་མན་ངག་ཐོབ་ནས་མན་ངག་སྟོན་པར་འོས་པ་ནི་རྒྱུད་ནི་ཞེས་པ་བཞིས་བསྟན་ཏོ། །གནས་དྲུག་ཤེས་པ་ནི་མཐའ་དྲུག་གི་སྒོ་ནས་རྒྱུད་བཤད་ནུས་པ་ལ་བཤད་དོ། །གསུམ་པ་ནི། འཕགས་པ་རྡོ་རྗེ་ཅན་གྱི་དྲིན་གྱིས་རྒྱུད་རྣམས་མང་པོ་ཐོས། ཞེས་པ་བཞིས་ཇི་ལྟར་བརྩམས་པ་དང༌། རྩོམ་པ་པོ་དང་། དེའི་དགེ་བ་བསྔོ་བ་བསྟན་ཏོ། །འཕགས་པ་རྡོ་རྗེ་ཅན་གྱི་དྲིན་ནི་རྨི་ལམ་དུ་རྡོ་རྗེ་འཆང་ཆེན་པོས་རྗེས་སུ་བཟུང་པའི་དྲིན་གྱིས་ཞེས་དང༌། ཤཱཀྱ་བཤེས་གཉེན་ནི། སློབ་དཔོན་གྱི་རབ་བྱུང་གི་མཚན་ཡིན་ལ། དངོས་གྲུབ་ཀྱི་མཚན་ནི་ཀླུ་སྒྲུབ་ཅེས་པའོ། །ཞེས་རང་ལུགས་དང༌། གཞན་དག་སློབ་དཔོན་ཉིད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཏེ། སློབ་དཔོན་ཉིད་ཀྱིས་མཛད་པའི་རབ་ཏུ་བྱེད་པ་ལ་སློབ་མའི་མིང་འཇོག་པ་ནི་ཤིན་ཏུ་དགྱེས་པའི་ཕྱིར་རོ། །དེའི་ལུགས་ལྟར་ན་འཕགས་པ་རྡོ་རྗེ་ཅན་ནི་ཀླུ་སྒྲུབ་བོ་ཞེས་གཞན་ལུགས་འཆད་དོ། །འདི་ལ་རྒྱ་གར་དུ་ཡང་ཨ་བྷ་ཡཱ་ཀ་ར་ལ་སོགས་པ་མང་པོས་ནི། འཕགས་པའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་བཞེད་ལ། ལཀྵྨཱི་ལ་སོགས་པ་འགའ་ཞིག་གིས་ནི། སློབ་དཔོན་ཉིད་ཀྱིས་མཛད་ཟེར་རོ། །འདི་ལྟར་དུ་གོ་སྟེ་མངོན་


JLD006_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་ཆུབ་པའི་རིམ་པ་ལས། བཞི་པ་མངོན་རྫོགས་བྱང་ཆུབ་པའི། །རིམ་པ་འདི་ནི་བདག་གིས་བཤད། ཅེས་གསུངས་ཤིང༌། ཟུང་འཇུག་གི་རིམ་པ་ལས་ཀྱང༌། མཆོག་གྱུར་རིམ་པ་ལྔ་པོ་ནི། ཞེས་གསུངས་པས། སློབ་དཔོན་ཉིད་ཀྱིས་རིམ་པ་ལྔ་མཛད་པ་ཡིན་ནོ། །བསྡུས་པའི་རིམ་པ་མདོར་བྱས་ལ་རིམ་པ་གཅིག་དང་། རྫོགས་རིམ་ལ་རིམ་པ་བཞི་ཡིན་པས་འོད་གསལ་རིམ་པ་བཞི་པ་དང༌། རིམ་པ་ལྔ་མཛད་པ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། རྡོ་རྗེ་བཟླས་པ་དང༌། བདག་བྱིན་རླབས་དང༌། མངོན་པར་བྱང་ཆུབ་པའི་རིམ་པ་གསུམ་ལ་བརྩམས་པའི་དགེ་རྩ་བསྔོ་བ་མ་མཛད་པར་ཟུང་འཇུག་རྫོགས་པའི་མཐར། མཆོག་གྱུར་རིམ་པ་ལྔ་པོ་ནི། །བཤད་ལས་བསོད་ནམས་གང་ཐོབ་པས། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན། །འདི་ཡིས་འཇིག་རྟེན་རོལ་བར་ཤོག །ཅེས་རིམ་པ་ལྔ་ཀ་བརྩམས་པའི་དགེ་བ་བསྔོ་བ་རིམ་པ་ཐ་མར་མཛད་ལ། མདོར་བྱས་ལས་དགེ་རྩ་བསྔོ་བ་མཛད་པའི་ཕྱིར་རོ། །དེས་ན་རྫོགས་རིམ་རིམ་པ་ལྔ་མཛད་པར་གསལ་ལོ། །འོ་ན་རིམ་པ་གཉིས་པའི་མཇུག་དུ་བརྩམས་པའི་དགེ་རྩ་བསྔོ་བ་མཛད་པས་དེ་སློབ་དཔོན་གྱིས་མཛད་པ་མ་ཡིན་ལ། དེ་མིན་པའི་རྫོགས་རིམ་གྱི་རིམ་པ་གཞན་ཡང་སློབ་དཔོན་གྱིས་མ་མཛད་པས། རྫོགས་རིམ་གྱི་རིམ་པ་ལྔ་ཇི་ལྟར་འཐད་སྙམ་ན་སྔར་བཤད་པའི་རྒྱུ་མཚན་དང༌། སྤྱོད་བསྡུས་སུ་རིམ་པ་གཉིས་པ་ནས་ལུང་ལན་གཉིས་དྲངས་


JLD006_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགོངས་པ་བླ་མེད་པའི་རིམ་པ་འདི་འཕགས་པས་མཛད་པ་ཡིན་ནོ། །འོན་ཀྱང་འདི་ལ་བསྔོ་བ་ཟུར་དུ་མཛད་པ་དང་། འཕགས་པའི་དྲིན་གྱིས་རྒྱུད་མང་དུ་ཐོས་ནས་ཤཱཀྱ་བཤེས་གཉེན་གྱིས་བརྩམས་པར་གསུངས་པས་འཕགས་པས་མཛད་པའི་གཤམ་ལ་ཤཱཀྱ་བཤེས་གཉེན་གྱི་མཛད་པ་ཞིག་བཏགས་ནས་གཞུང་ཟུར་དུ་མ་བྱས་པ་ཞིག་ཡིན་པར་སྣང་ངོ་། །འོ་ན་དེ་གཉིས་ཀྱི་མཚམས་སོ་སོར་གཟུང་ནུས་སམ་མི་ནུས་ཤེ་ན། ཞིབ་ཏུ་དཔྱད་ན་སོ་སོར་གཟུང་ནུས་པར་མངོན་ཏེ། སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། ཞེས་པ་ཡན་ཆད་ཀྱིས་སྣང་བ་གསུམ་དང༌། རང་བཞིན་གཏན་ལ་འབེབས་པ་དང༌། སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་ཚུལ་དང་། དེ་མ་རྟོགས་པའི་ཉེས་དམིགས་དང༌། རྟོགས་པའི་ཕན་ཡོན་རྣམས་བསྟན་འདུག་ལ། དེ་ཙམ་གྱིས་སེམས་དབེན་གྱི་གནད་རྣམས་རྫོགས་ནས་སྣང་བས་དེ་ཡན་ཆད་སློབ་དཔོན་གྱིས་མཛད་པར་མངོན་ནོ། །དེ་ནས་བསྐྱེད་རིམ་པས་སྣང་མཆེད་ཐོབ་གསུམ་ལ་ཟླ་བ་རྡོ་རྗེ་སོགས་སུ་མོས་ནས་ལྷ་བསྐྱེད་ཚུལ་དང༌། རྫོགས་རིམ་པས་སྟོང་པ་བཞིའི་མཐར་ལུགས་ལྡོག་གི་སྣང་བ་གསུམ་ལ་ལྷའི་སྐུ་བསྐྱེད་ཚུལ་བསྟན་པ་མན་ཆད་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་མངོན་ཏེ། སློབ་དཔོན་གྱིས་ནི་རྫོགས་པས་འོད་གསལ་ཀྱི་མཐར་ལྷའི་སྐུ་བསྐྱེད་ཚུལ་རིམ་པ་བཞི་པར། ཇི་ལྟར་ཆུ་ཀླུང་དང་བ་ལ། ཞེས་སོགས་


JLD006_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཤད་པའི་ཕྱིར་པའི་ཕྱིར་དང་། འདས་པ་དང་མ་འོངས་དང་། ཞེས་སོགས་སྔར་རིམ་པ་དང་པོར་བཤད་ཟིན་པའི་ཕྱོར་རོ། །མདོར་ན། སློབ་དཔོན་གྱི་ཡིན་ན་རིམ་པ་གཉིས་པ་འདིར་འོད་གསལ་རྒྱས་པར་སྟོན་པར་མི་རིགས་ཏེ། རང་གི་སྐབས་དོར་ནས་སྐབས་གཞན་དུ་བཤད་པའི་ཕྱིར་རོ། །ཤཱཀྱ་བཤེས་གཉེན་གཉེན་གྱི་ཡིན་ན་མདོར་བསྟན་གྱི་སྐབས་སུ་སྟོང་པ་བཞི་པ་བྱུང་བས་དེ་རྒྱས་པར་འཆར་པར་སྦྱར་ན་འགྲིག་གོ །བླ་ན་མེད་པའི་དགོངས་པ་ཞེས་བྱ་བའི་དགོངས་པ་ནི་རྟོགས་པའི་དོན་ནོ། བླ་ན་མེད་པ་ནི་སེམས་དབེན་གྱིདེ་ཁོ་ན་ཉིད་རྟོག་པ་དེ་ལམ་གཞན་ལས་ཕུལ་དུ་བྱུང་བའོ། །འདི་ནི་སློབ་དཔོན་གྱིས་བཏགས་པའི་མིང་དུ་མངོན་ཏེ། སྤྱོད་བསྡུས་ལས། དེ་བཞིན་དུ་སྨོས་པའོ། །ཐམས་ཅད་ནི་སྣང་བ་གསུམ་དང༌། རང་བཞིན་རྣམས་སོ། རྣམ་པར་དག་པ་ནི་འོད་གསལ་ཏེ་འདི་ནི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་བཏགས་པའི་མིང་དུ་མངོན་ནོ། །དགོངས་པ་བླ་མེད་པའི་རིམ་པ་བཤད་ཟིན་ཏོ།། །།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། སརྦ་མངྒ་ལཾ། །


previousདགོངས་པ་བླ་ན་མེད་པའི་རིམ་པའི་ཟིན་བྲིས།next