Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
   
མན་ངག་གི་མཐར་ཐུག་བདག་བྱིན་རླབས།
   
   
   
   
   
   
   
   
  expand section
   
   


 
previousམན་ངག་གི་མཐར་ཐུག་བདག་བྱིན་རླབས།next

མན་ངག་གི་མཐར་ཐུག་བདག་བྱིན་རླབས།


JLD006_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གི་མཐར་ཐུག་བདག་བྱིན་རླབས་བཞུགས། །


JLD006_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་དུས་ཐམས་ཅད་དུ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་བཅོམ་ལྡན་འདས་འཇམ་པའི་དབྱངས་དང༌། དབང་ཕྱུག་བརྒྱད་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཞབས་ལ་གུས་པ་ཆེན་པོས་སྐྱབས་སུ་མཆིའོ། །མན་ངག་གི་མཐར་ཐུག་རང་བྱིན་གྱིས་བརླབ་པའི་རིམ་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། སྭ་ནི་རང་ངོ་། །ཨ་དྷིཥྛ་ན་ནི་བྱིན་གྱིས་བརླབ་པའོ། །ཀྲ་མ་ནི་རིམ་པའོ། །འདི་ལ་ལཀྵྨཱིས། བདག་ནི་འོད་


JLD006_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཏེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་སོ། །དེ་ལས་སྒྱུ་མའི་སྐུ་གང་དུ་འཛིན་པ་ནི་བདག་ལ་བྱིན་གྱིས་བརླབ་པའོ། །ཡང་ན་བདག་ནི་རྡོ་རྗེ་འཆང་ལ་སོགས་པའི་སྐུའོ། །དེ་ཉིད་ལ་བྱིན་གྱིས་བརླབ་པ་ན་སྒྱུ་མ་ལ་སོགས་པའི་དཔེ་དང་སྦྱར་བའོ། ཞེས་འཆད་དེ། སྔ་མ་ལྟར་ན་བདག་ལ་ནི་བདག་ལས་ཞེས་པ་དང༌། བྱིན་གྱིས་བརླབ་པ་ནི་དེས་བསྐྱེད་པའི་དོན་ཡིན་ལ། ཕྱི་མ་ལྟར་ན་བདག་ལ་སྒྱུ་མའི་དཔེ་དོན་སྦྱར་བའི་དོན་ཏོ། །རྒྱུད་གཞན་ལས་ཀྱང་བདག་བྱིན་གྱིས་བརླབ་པ་ཞེས་མང་དུ་འབྱུང་ལ་དེའི་དོན་ཡང་མང་དུ་ཡོད་ནའང་འདིར་ནི་བདག་ཅེས་པ་ནི་ངའོ་སྙམ་པའི་ཐ་སྙད་འདོགས་པའི་གདགས་གཞིར་གྱུར་པའི་ལུས་སམ་སྐུའོ། །དེ་ལ་བྱིན་གྱིས་བརླབ་


JLD006_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཡེ་ཤེས་ཙམ་གྱིས་སྒྱུ་མ་ལྟ་བུའི་ལྷའི་སྐུར་བསྐྱེད་པ་ཡིན་ཏེ། སྤྱོད་བསྡུས་ལས། རང་བྱིན་གྱིས་བརླབ་པའི་མན་ངག་ཡེ་ཤེས་ཙམ་གྱིས་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་པ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་བཞི། རྩོམ་པ་ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་གདམས་པ་དངོས། དེ་སྟོན་པའི་བླ་མ་མཉེས་པར་བྱ་བ། མན་ངག་གི་སྣོད་དང་སྣོད་མིན་པའི་ཁྱད་པར་བསྟན་པའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། ཕྱག་འཚལ་བ་ནི་བདུད་པ་སྟེ་ཁྱད་པར་གྱི་གཞིའོ། །གང་ལ་ན། རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་འཆང་ལའོ། །དེའང་། རྡོ་རྗེ་ཅན་རྣམས་ཀུན་གྱི་གཙོ། ཞེས་འདོན་པ་ལྟར་ན། རྡོ་རྗེ་ཅན་ཀུན་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་རྣམས་ཀྱི་གཙོ་བོ་ནི་དྲུག་པའོ། །རྡོ་རྗེ་སེམས་དཔའ་དང་པོའི་གཙོ། ཞེས་པ་ལྟར་ན། དང་པོའི་མགོན་པོ་རྡོ་རྗེ་སེམས་དཔའོ། །གཉིས་པ་ནི། ཏེ་ནི་ལྷག་མ་འདྲེན་པ་སྟེ་ཕྱག་འཚལ་ནས་བདག་གིས་བཤད་པར་བྱའོ། ཞེས་སྦྱར་རོ། །གང་ན་རང་བྱིན་གྱིས་བརླབ་པའི་རིམ་པའོ། །ཀུན་སློང་གང་གིས་ན། བརྩེ་བས་ཞེས་ཏེ། རིམ་པ་འདི་ལ་བརྩེ་བ་ཁོ་ན་རྩ་བའི་རྒྱུ་ཡིན་ཏེ། གཞན་དུ་ན་སེམས་དམིགས་ཀྱི་རིམ་པ་ལ་ཞུགས་པས་སླར་ཡང་ལྷའི་སྐུ་འཛིན་པ་དགོས་པ་མེད་པའི་ཕྱིར་རོ། །དགོས་པ་ནི། སེམས་ཅན་གྱི་དོན་དང་ཆད་པའི་ཕྱོགས་སྤང་བ་དང༌། སྔོན་གྱི་སྨོན་ལམ་འབྲས་བུ་དང་ལྡན་པ་སྟེ།


JLD006_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བརྩེ་བས་བཤད་དོ་ཞེས་ཟེར་རོ། །དེ་ནི་འགྲིག་པར་མི་སྣང་སྟེ། འདི་ནི་རིམ་པ་འདི་བཤད་པའི་ཀུན་སློང་ཡིན་གྱི་སྒྱུ་མའི་སྐུར་ལྡང་བའི་ཀུན་སློང་མིན་པའི་ཕྱིར་དང་། སེམས་དམིགས་ཙམ་གྱིས་གྲོལ་བ་མི་ཐོབ་པས་རང་དོན་ལའང་སྒྱུ་མའི་སྐུ་བསྒྲུབ་དགོས་པའི་ཕྱིར་རོ། །གཉསི་པ་ལ་གཉིས། མན་ངག་གི་སྣོད་རུང་དུ་བྱ་བ་དང༌། དེ་ལ་མན་ངག་བཤད་པའོ། །དང་པོ་ལ་གཉིས། མཚན་ཉིད་དང་ལྡན་པའི་སློབ་མས་བླ་མ་མཉེས་པར་བྱ་བ་དང༌། མཉེས་པ་ལ་ཡོན་ཕུལ་ཏེ་དབང་བསྐུར་བ་ཞུ་བའོ། །དང་པོ་ནི། མཉེས་པར་བྱ་ཞེས་དྲང་ངོ་། །གང་ན་རྡོ་རྗེ་བླ་མའོ། །གང་གིས་ན་མཚན་ཉིད་དང་ལྡན་པའི་སློབ་མས་སོ། །མཚན་ཉིད་དང་ལྡན་པ་ནི་ཁྱད་པར་བཞི་དང་ལྡན་པ་སྟེ། དང་པོ་ཁོ་ནར་རིམ་པ་དང་པོ་ལ་བསླབས་པའི་ཁྱད་པར་ནི། བསྐྱེད་པའི་རིམ་པའི་རྗེས་སུ་འབྲངས་ནས་དབང་བསྐུར་བ་ཐོབ་ཅིང་ཞེས་པས་སྟོན་ཏེ་དབང་བསྐུར་ཐོབ་ནས་བསྐྱེད་རིམ་གྱི་རྗེས་སུ་འབྲངས་པ་སྟེ་རྗེས་སུ་ཞུགས་ཞེས་པའི་དོན་ཏོ། རྒྱུད་མང་དུ་ཐོས་པའི་ཁྱད་པར་ནི། བྱ་བའི་རྒྱུད་ལ་སོགས་པའི་རྒྱུད་སྡེ་རྣམ་པ་བཞིའི་དགོངས་པ་ཤེས་པ་ཞེས་པས་སྟོན་ཏོ། །འདིས་ནི་དབང་རྫོགས་པར་ཐོབ་པ་སྔོན་དུ་བཏང་བར་བསྟན་ནོ། །དབེན་པ་གསུམ་ལ་བསླབས་པའི་ཁྱད་པར་ནི། ལུས་དང་ངག་དང་ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ་ཞེས་པས་བསྟན་ཏེ། དེ་གསུམ་གྱི་མན་ངག་ཐོབ་ནས་དེའི་དོན་འཛིན་པའོ། །ཐུན་མོང་མ་ཡིན་པའི་བདེན་


JLD006_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱི་གདམས་ངག་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་ཁྱད་པར་ནི། བདེན་པ་གཉིས་ལ་ལྷག་པར་མོས་པས་བསྟན་ནོ། །གཉིས་པ་ནི། དེ་ནས་དེ་མ་ཐག་ཏུ་སྟེ་མྱུར་དུ་རིམ་པ་འདིའི་གདམས་ངག་ཐོབ་པར་བྱ་བའི་ཆེད་དུ། རིང་ནས་མཉེས་པར་བྱས་པའི་བླ་མ་ལ་ཚོགས་འཁོར་གྱི་མཆོད་པ་ཆེན་པོ་བྱས་ཏེ། ལོ་བཅུ་དྲུག་མ་ཕུལ་ནས་བསྟོད་པ་འདིས་བསྟོད་པར་བྱའོ་ཞེས་སྦྱར་རོ། །དེ་ཡང་འཕྲེང་བ་ནས་རྗེས་གནང་གི་བར་གྱི་དབང་དགུ་དང་བཅས་པའི་གསང་དབང་ཐོབ་པ་དེ་ནས་བྱའོ། །དེ་དག་གི་དོན་ནི་བཤད་ཟིན་ཏོ། །ཡོན་ཕུལ་བ་ནི་གསང་དབང་གི་དོན་དུའོ། །ལཀྵྨཱིས་གསང་བ་ལ་གསུམ་ལས་ངག་གི་གསང་བ་ནི་བྱང་ཆུབ་ཀྱི་སེམས་ལ་སྤྱོད་པ་དང༌། ཡིད་ཀྱི་གསང་བ་ནི་ཤེས་རབ་ཀྱི་དབང་བསྐུར་བ་དང༌། ཡེ་ཤེས་ཀྱི་གསང་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེ་ལྟར་དབང་བཞི་པསྐུར་བ་ལ་རིམ་པ་འདི་བསྟན་གྱི་གཞན་ལ་མིན་ནོ་ཞེས་འཆད་ཀྱང༌། འཕགས་པའི་དགོངས་པ་ནི་རྒྱུད་ཕྱི་མའི་འགྲེལ་པ་ལས། དབང་གོང་མ་གཉིས་མ་བསྐུར་ཡང་གསང་དབང་བསྐུར་བ་ལ་བདག་བྱིན་རླབས་སྤྱིན་པར་བྱ་བར་བཤད་པ་ལྟར་ཡིན་ནོ། །གཉིས་པ་ལ་གསུམ། སློབ་མས་བསྟོད་ཅིང་གསོལ་བ་གདབ་པ། སློབ་དཔོན་གྱིས་མན་ངག་བསྟན་པ། མན་ངག་ཐོབ་པ་དང་མ་ཐོབ་པའི་སྐྱོན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ལས་བསྟོད་པ་ནི། །ཁོང་སྟོང་ཁྱེད་ཀྱི་སྐུ་ལ་མེད། ཅེས་སོགས་ཚིགས་བཅད་ལྔ་སྟེ་རྣམ་སྣང་དང་འོད་དཔག་


JLD006_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང་རིམ་འབྱུང་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་ལྔའི་སྒོ་ནས་བསྟོད་པར་འཆད་དོ། །སྣ་ཚོགས་མིན་ལ་སྙོམས་འཇུག་པ། ཞེས་བསྒྱུར་བས་འོད་གསལ་དུ་འཇུག་པའོ། །གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། ཞེས་པ་ནས། འགྲོ་བའི་བླ་མ་བཀའ་དྲིན་མཛོད། ཅེས་པའི་བར་ཚིགས་བཅད་གཉིས་སོ། །གཉིས་པ་ལ་བཞི། རིམ་པ་འདི་བླ་མ་ཁོ་ན་ལས་རྙེད་དགོས་པ། བླ་མ་ལས་བཙལ་དགོས་པའི་རྒྱུ་མཚན། འོད་གསལ་གྱི་སྔོན་དུ་རིམ་པ་འདི་སྟོན་དགོས་པ་དང༌། བདག་བྱིན་རླབས་ཀྱི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། དེ་ལྟར་འཇིགས་མེད་གསོལ་འདེབས་པའི། ཞེས་པ་ནས། དེ་ནི་ཐོབ་འགྱུར་གཞན་གྱིས་མིན། ཞེས་པའི་བར་གྱིས་སྟོན་ནོ། །གཉིས་པ་ནི། རང་བྱིན་བརླབ་པའི་རིམ་པ་ནི། ཞེས་པ་བཞིས། རང་བྱིན་རླབས་མ་རྙེད་ན་འཚང་རྒྱ་བའི་ཕྱིར་དུ་ངལ་བ་བྱས་པ་དོན་མེད་པ་དང༌། དེ་ནས། རང་བྱིན་བརླབ་པའི་རིམ་ཐོབ་པ། ཞེས་པ་བཞིས་རང་བྱིན་རླབས་ཐོབ་ན་ཚེ་དེ་ཉིད་ལ་འཚང་རྒྱ་བར་གསུངས་ཏེ། རྒྱུ་མཚན་དེས་ན་དེའི་མན་ངག་ངེས་པར་བླ་མ་ལས་བཙལ་བར་བྱའོ། །ཕར་ཕྱིན་གྱི་ཐེག་པས་ཀྱང་མཐར་དག་པའི་སྒྱུ་མའི་སྐུ་སྒྲུབ་དགོས་པས་སྒྱུ་མའི་སྐུ་མ་རྙེད་ན་མདོ་སྡེ་སོགས་ལ་སློབ་པའི་ངལ་བ་དོན་མེད་པར་གསུངས་པ་ཡིན་ནོ། །གསུམ་པ་ནི། རང་བྱིན་བརླབ་པའི་ཏིང་འཛིན་དང་། ཞེས་པ་བཞིས་དེ་དང་འོད་གསལ་གཉིས་པོདེན་གཉིས་དང༌། དེའང་རྒྱུ་འབྲས་སུ་བསྟན་


JLD006_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ནས་བཞིས་རིམ་པ་འདིས་འོད་གསལ་ཐོབ་དགོས་པས་སྔོན་དུ་འདི་བསྟན་དགོས་པར་བསྟན་ཏེ། འོད་གསལ་དུ་འཇུག་པ་ལ་འདི་སྔོན་དུ་ཐོབ་དགོས་ཞེས་པའོ། །བཞི་པ་ནི། འགྲོ་ཀུན་རང་དབང་མེད་པ་སྟེ། ཞེས་པ་བཞིས་གཞི་དུས་ཀྱི་འོད་གསལ་ལས་གཞི་དུས་ཀྱི་སྒྱུ་ལུས་འགྲུབ་ཚུལ་སྟོན་ཏེ། ལམ་དུས་ཀྱི་སྒྱུ་མའི་སྐུ་སྒྲུབ་པ་ནི་སྦྱང་གཞི་ཇི་ལྟ་བ་བཞིན་དུ་བསྒྲུབ་དགོས་པས་དེའི་ཡན་ལག་ཏུ་སྟོན་པའོ། །འགྲོ་བ་ཀུན་འཆི་བའི་འོད་གསལ་གྱི་གཞན་དབང་ཅན་ཡིན་པས་རང་དབང་དུ་མི་འབྱུང་ལ། དེའང་ཤི་བའི་འོད་གསལ་ལས་བར་དོའི་ལུས་གྲུབ་པའོ། །སེམས་གང་གིས་ནི་ཞེས་པ་བཞིས་ཐབས་དང་བྲལ་བ་ལ་དེ་འཁོར་བའི་བར་དོ་རང་དགའ་བར་འགྱུར་ལ་ཐབས་དང་ལྡན་ན་སྒྱུ་མའི་སྐུར་འགྱུར་པར་སྟོན་ནོ། །སྐྱེ་ཤི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བའི་སེམས་ཅན་ནི་སེམས་དང་རླུང་ཙམ་གྱི་གཟུགས་ཏེ། རང་བཞིན་ལ་གཞག་གི་དེ་ལས་ལོགས་ན་སྐྱེ་ཤི་བྱེད་མཁན་མེད་པར་སྟོན་པ་ནི། འདིར་ནི་ཞེས་པ་བཞིའོ། །སེམས་ཀྱི་རང་བཞིན་རྣམ་གནས་པ། །ཉིད་ནི་འཁོར་བར་ཤེས་པར་བྱ། ཞེས་སྦྱར་རོ། །སེམས་རླུང་གི་སྦྱོར་བ་སྟེ་གཡོ་བའི་བྱ་བས་གཡོས་པ་མེད་པར་རང་བཞིན་གྱི་རྟོག་པ་རྣམས་མི་སྐྱེ་ལ། རླུང་སེམས་ལས་སྐྱེས་པའི་རྟོག་པས་ཉོན་མོངས་དང་ལས་བསགས་ཏེ་འཁོར་བ་ནི། །རླུང་གི་སྦྱོར་བ་ཞེས་པ་བཞིའོ། །འཁོར་བའི་ངང་ཚུལ་དེ་ལྟར་གནས་པ་དེ་ཐབས་མཁས་པ་ལ་སྒྱུ་མའི་སྐུར་འགྱུར་ཚུལ་ནི། རླུང་དང་ཡང་དག་ལྡན་པ་ཡི།


JLD006_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་བཞིས་སྟོན་ཏེ། །སྔར་བཤད་པ་ལྟར་སེམས་དབེན་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་པའི་མཐར་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་ལྡན་པ་དེ། རྣལ་འབྱོར་པས་གསར་དུ་ཐོབ་པའི་ལུས་སུ་འབྱུང་བ་ལ་ནི་སྒྱུ་མའི་ལུས་སམ་སྒྱུ་མའི་སྐུ་ཞེས་བརྗོད་དོ། །སླར་ཡང་ཞེས་པ་ནི་རྣལ་འབྱོར་བ་དེ་ཚེ་སྔ་མར་ཤི་བའི་འོད་གསལ་ལས་རྣམ་ཤེས་གསུམ་རླུང་དང་བཅས་པ་ལས་གྲུབ་པའི་ལུས་ཤིག་སྔར་ཐོབ་པར་མ་ཟད་ཅེས་པའི་དོན་ནོ། །སེམས་དབེན་ཐོབ་པའི་རྣལ་འབྱོར་བས་ངའོ་སྙམ་དུ་ཐ་སྙད་འདོགས་པའི་གདགས་གཞིར་གྱུར་པའི་རང་གི་ལུང་རླུང་སེམས་ཙམ་ལ་བསྒྲུབ་པ་དེ་བས་ན། འདི་ལྟར་འགྲོ་བ་ཀུན་སྒྱུ་མ་ལྟ་བུར་བླ་ན་མེད་པའི་རྡོ་རྗེ་ཐེག་པ་འདིར་བཤད་དེ། ཞེས་སེམས་ཅན་རྣམས་སྒྱུ་མ་བཞིན་དུ་ཐེག་པ་འདིར་གསུངས་པའི་ཐུན་མོང་མ་ཡིན་པའི་སྒྱུ་མའི་དོན་ནི་འགྲོ་བ་རྣམས་རླུང་སེམས་ཀྱི་ལུས་སུ་སྟོན་པ་འདི་ཡིན་ཞེས་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྲུབ་པས་ནི་འགྲོ་བ་ཐམས་ཅད་རང་གིས་ཐོབ་པའི་སྒྱུ་མའི་ལུས་དེ་དང་འདྲ་བར་ཡང་མཐོང་ངོ་། །རིམ་ལྔའི་འགྲེལ་པྱེད་ཀུན་གྱིས་རང་བཞིན་མེད་བཞིན་དུ་སྣང་བ་སྐབས་འདིའི་སྒྱུ་མའི་དོན་དུ་བཤད་པས་ནི་འདིར་བཤད་པའི་སྒྱུ་ལུས་ཀྱི་དོན་གཏན་ནས་མི་རྙེད་པས། སྤྱོད་བསྡུས་སུའང་ཕར་ཕྱིན་གྱི་ཐེག་པའི་སྒྱུ་མ་དང༌། བསྐྱེད་རིམ་པས་ལྷའི་སྐུ་སྒྱུ་མ་ལྟ་བུར་བལྟ་བ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་པའི་དོན་མི་ཤེས་པར་གསུངས་སོ། །


JLD006_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་སྤྱིར་འགྲོ་བ་ཐམས་ཅད་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལུས་ཅན་དང༌། ཁྱད་པར་དུ་རྣལ་འབྱོར་བས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རླུང་སེམས་ཙམ་ལས་གྲུབ་པའི་རང་གི་ལུས་སྒྱུ་མའི་སྐུར་སྒྲུབ་ལུགས་ཤེས་པ་ནི་གནད་ཀྱི་དོན་དུ་སྣང་ངོ་། །འོ་ན་འབྱུང་བ་དང་འབྱུང་འགྱུར་རགས་པའི་ལུས་ཅན་གྱི་ལུས་འདི་རྣམས་རླུང་སེམས་ཙམ་ལས་གྲུབ་ཅེས་པ་ཇི་ལྟར་ཡིན་ཞེ་ན། བཤད་པར་བྱ་སྟེ། འདི་ལ་སེམས་ཅན་གྱི་ལུས་རྣམས་རླུང་སེམས་ཙམ་ལས་གྲུབ་བའོ་ཞེས་པའི་ལུས་ནི་སེམས་ཅན་གྱི་ལུས་གང་ཡིན་ཐམས་ཅད་ལ་མི་ཟེར་གྱི་སེམས་ཅན་རྣམས་ཀྱི་གཉུག་མའི་ལུས་སོ། །དེ་ཡང་མེའི་ཚ་བ་དང་ཆུའི་གཤེར་བ་ནི་དེ་དག་གི་གཉུག་མའི་མཚན་ཉིད་དམ་ཐ་སྙད་པའི་རང་བཞིན་ཞེས་བརྗོད་པ་ལྟར། སེམས་ཅན་རྣམས་ཀྱི་གཉུག་མའི་ལུས་ནི་རླུང་སེམས་ཙམ་ཞིན་ཡིན་གྱི་རང་དགའ་བའི་ལུས་མིན་ནོ། །འདིའང་ཕྱི་རོལ་གྱི་དོན་བཀག་ནས་སྒྲུབ་པ་མིན་ཏེ། གཟུགས་དང་སེམས་གཉིས་པོདེན་པ་གཉིས་སུ་ཡོད་མེད་མཚུངས་པས་ཁྱད་པར་དབྱེ་མི་ནུས་པའི་ཕྱིར་རོ། །འོན་ཀྱང་གཟུགས་རགས་པའི་ལུས་ནི་གཟུགས་མེད་ཁམས་སུ་མེད་ཀྱང་དེའི་སེམས་ཅན་ལ་ལུས་གཞག་དགོས་པས་འཁྲུལ་བའི་ཕྱིར་གཉུག་མའི་ལུས་མིན་ནོ། །གཟུགས་ཅན་གྱི་ཁམས་ནའང་། བྱད་བཞིན་དང་རྐང་ལག་ལ་སོགས་པའི་རྣམ་པ་ཅན་གྱི་ལུས་ཀྱང༌། མེར་མེར་པོ་ལ་སོགས་པའི་སྐབས་སུ་མེད་ཀྱང༌། དེར་སེམས་ཅན་གྱི་ལུས་ཡོད་


JLD006_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་ཅན་གྱི་གཉུག་མའི་ལུས་མིན་ཏེ། འབྱུང་བ་རགས་པའི་ལུས་གཞན་ཡང་བར་སྲིད་ལ་སོགས་པའི་སྐབས་སུ་མེད་པས་གཉུག་མའི་ལུས་མིན་པར་ཤེས་པར་བྱའོ། །དེས་ན་འབྱུང་བ་འབྱུང་འགྱུར་གྱི་ལུས་དང་འགྲོ་བ་སོ་སོའི་ལུས་དང་རྒན་གཞོན་ལ་སོགས་པའི་ལུས་ནི་ཆུའི་ཚ་བ་ལྟར་རེས་འགའ་བ་ཡིན་གྱི་གཉུག་མ་བ་མིན་པས་གནས་སྐབས་སུའང་འབྲལ་རུང་ཡིན་ལ། རླུང་སེམས་ཙམ་གྱི་ལུས་ནི་ཆུའི་གཤེར་བ་ལྟར་དུས་ནམ་ཡང་སེམས་ཅན་གྱི་ལུས་ལ་མི་འཁྲུལ་བས་གཉུག་མའི་ལུས་སོ། །ཤེས་པ་དང་ངོ་བོ་དབྱེར་མེད་དུ་འཇུག་པའི་རླུང་ཤིན་ཏུ་ཕྲ་བ་ནི་མར་ལ་མར་བཞག་པ་བཞིན་དུ་ཤེས་པ་དང་འདྲེར་རུང་བར་སྤྱོད་བསྡུས་ལས་གསུངས་པས། གཟུགས་མེད་ནའང་ཡོད་དེ། དགོངས་པ་ལུང་སྟོན་དང་རྡོ་རྗེ་ཕྲེང་བར་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་རླུང་སེམས་ཀྱི་བདག་ཉིད་དུ་ལན་དུ་མར་གསུངས་པའིཕྱིར་རོ། །དེ་ནི་དབང་པོའི་གཟུགས་ཀྱང་མིན་ལ་དབང་པོ་ལྔའི་སྤྱོད་ཡུལ་དུའང་མི་སྣང་ཞིང༌། ཡིད་རང་དགའ་བའི་ཡུལ་དུ་གཟུགས་སུ་སྣང་བའང་མིན་པས་གཟུགས་མེད་ཁམས་གཟུངས་ཀྱི་འདུ་ཤེས་ལས་འདས་པར་གསུངས་པ་དང་མི་འགལ་ལོ། །གལ་ཏེ་རླུང་དེ་རྣམ་ཤེས་གཡོས་པའི་བྱ་བ་བྱེད་པ་ཙམ་ལ་ཟེར་ན་ནི་སེམས་བྱུང་སེམས་པ་ལ་རླུང་གི་མིང་གིས་འདོགས་པར་ཟད་པས་རླུང་མིན་ལ་དེ་མ་གཏོགས་པའི་རླུང་ཞིག་ཡིན་ན་ནི་མཚན་ཉིད་བརྗོད་དགོས་སོ་ཞེ་ན། རྡོར་བཟླ་


JLD006_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་དབེན་མཐར་ཕྱིན་པའི་རྣལ་འབྱོར་བས་འོད་ཟེར་ལྔའི་རྣམ་པ་ཅན་དུ་མཐོང་བས་ན་སེམས་བྱུང་སེམས་པ་ལས་མཚན་ཉིད་ཐ་དད་ལ། སྣ་བུག་གི་སྒོ་ནས་རྒྱུ་བ་སོགས་ཀྱི་རགས་པའི་རླུང་ཐམས་ཅད་དང་བྲལ་བ་འོད་གསལ་གྱི་རླུང་ཞེས་གསུགས་པའོ། །དབང་ཤེས་ཀྱང་རླུང་དང་འདྲེས་ནས་འཇུག་མོད་ཀྱང༌། སེམས་ཅན་གྱི་གཉུག་མའི་ལུས་སུ་བཤད་པའི་སེམས་ནི་ཡིད་ཀྱི་ཤེས་པ་ཉིད་ཡིན་ཏེ། དབང་ཤེས་ནི་གཉིད་འཐུད་ལ་སོགས་པའི་སྐབས་དུ་མར་ལོག་ཀྱང་སེམས་ཅན་གྱི་ལུས་མི་ལྡོག་པས། གཟུགས་ཅན་རགས་པའི་ལུས་དང་འདྲའོ། །དེས་ན་འབྱུང་བ་ཤིན་ཏུ་རགས་པའི་ལུས་དང་ལྡན་པའི་སྐབས་སུའང་སེམས་ཅན་དེའི་གཉུག་མའི་ལུས་ནི་རླུང་དང་ཡིད་ཀྱི་ཤེས་པ་དབྱེར་མེད་དུ་འཇུག་པའི་རླུང་སེམས་ཙམ་ཡིན་ལ། དེ་དང་རགས་པའི་ལུས་གཉིས་རྟེན་བརྟེན་པའི་འབྲེལ་བའང་གནས་སྐབས་འགའ་ཞིག་ཙམ་ཡིན་གྱི་གཉུག་མ་པ་མིན་ནོ། །གཞན་ཡང་རྣམ་ཤེས་གཞན་གྱི་གྲོང་དུ་འཇུག་པའི་ནུས་པ་ཐོབ་པས་ཏིང་ངེ་འཛིན་ཙམ་གྱི་སྟོབས་ཀྱིས་དེ་གཉིས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་གཞིག་ནུས་ལ། བསད་གསོ་ནུས་པའི་རྣལ་འབྱོར་བས་ཀྱང་དེ་གཉིས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དབྲལ་བར་ནུས་ཀྱང་རླུང་སེམས་ཙམ་གྱི་ལུས་ནི་མི་ལྡོག་གོ །སེམས་དབེན་མཐར་ཕྱིན་པའི་རྣལ་འབྱོར་བས་ཀྱང༌། རྣམ་སྨིན་གྱི་ལུས་དང་སེམས་གཉིས་རྟེན་དང་བརྟེན་པར་སྔོན་གྱི་ལས་ཀྱིས་འཕངས་པའི་འབྲེལ་བ་རགས་པ་ཏིང་ངེ་འཛིན་གྱི་སྟོབས་


JLD006_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགོག་ནུས་ཏེ། འཆི་བའི་དུས་ཀྱི་ཐིམ་རིམ་བཞིན་དུ་ས་ཆུ་ལ་ཐིབ་པ་སོགས་ཀྱི་ཐིམ་རིམ་གྱི་སྒོ་ནས་སྟོང་པ་གསུམ་མངོན་དུ་བྱེད་ནུས་པའི་ཕྱིར་དང༌། ད་ལྟར་ཐིམ་པའི་རིམ་པ་ནི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་རགས་པ་ལྡོག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤི་བའི་འོད་གསལ་གྱི་མཐར་རྣམ་སྨིན་གྱི་ལུས་ལས་ལོགས་སུ་བར་དོའི་ལུས་འགྲུབ་པ་བཞིན་དུ་སྟོང་པ་གསུམ་གྱི་མཐར་རྣམ་སྨིན་གྱི་ལུས་ལས་ལོགས་སུ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་འགྲུབ་པ་ཡིན་ནོ། །གལ་ཏེ་འབད་པ་དེ་དག་གིས་སེམས་ཅན་རྣམས་ཀྱི་གཉུག་མའི་ལུས་རླུང་སེམས་ཙམ་ལས་གྲུབ་ཏུ་ཆུག་ཀྱང་དེ་ལ་སྒྱུ་མ་ཞེས་ཟེར་བའི་སྒྱུ་མ་དང་འདྲ་བའི་འདྲ་ལུགས་གང་ཡིན་ཟེར་ན། དེ་ལ་རང་བཞིན་གྱིས་གྲུབ་པས་སྟོང་བཞིན་དུ་དེར་སྣང་བའི་ལྷ་སྐུ་སྒྱུ་མ་ལྟ་བུའི་དོན་ལ་ངེས་པ་བརྟན་པ་ནི། རིམ་པ་དང་པོའི་སྐབས་ནས་རྙེད་ཟིན་པས་འདིར་ཡང་དེ་གཞིར་བཞག་ཏུ་ཡོད་མོད་ཀྱང་སྒྱུ་ལུས་ཀྱི་སྒྱུ་མའི་དོན་མིན་ནོ། །འོ་ན་གང་ཞེ་ན། སྒྱུ་མའི་སྐུའི་ཞལ་ཕྱག་ལ་སོགས་པ་ཐོགས་བཅས་ཀྱི་ལུས་སུ་མ་གྲུབ་བཞིན་དུ། ཐོགས་བཅས་ཀྱི་ལུས་སུ་གྲུབ་པ་ལྟར་སྣང་བའི་རླུང་སེམས་ཙམ་གྱི་ལུས་ཡིན་པས་སྒྱུ་མའི་ལུས་ཞེས་བྱའོ། །ད་ལྟ་རགས་པའི་གཟུགས་སེམས་ཀྱི་ལུས་དང་ལྡན་མོད་ཀྱང༌། བློས་གཉུག་མའི་ལུས་ཀྱི་ཕྱོགས་བཟུང་ནས་འགྲོ་བ་ཐམས་ཅད་དེའི་ངོ་བོར་བལྟ་ཞིང༌། དེའང་རླུང་འོད་ཟེར་ལྔ་ལས་གྲུབ་པའི་འཇའ་


JLD006_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་ལྟ་བུའི་རྡོ་རྗེ་འཆང་གི་སྐུར་བལྟ་བའོ། །ཡིད་ལ་བྱེད་ཚུལ་གཏམ་ཙམ་ཡང་རྙེད་དཀའ་བའི་དོན་འདི་སྒྱུ་ལུས་མ་གྲུབ་ཀྱང་འདིའི་གདམས་ངག་ཕྱིན་ཅི་མ་ལོག་པ་རྙེད་ན། ད་ལྟ་ནས་གོམས་པས་ནམ་ཞིག་ན་སྒྱུ་མའི་སྐུ་འཇའ་ལུས་རྡོ་རྗེ་སེམས་དཔའི་གོ་འཕང་འགྲུབ་པའི་བག་ཆགས་ཐུན་མོང་མ་ཡིན་པ་འཇོག་བྱེད་དུ་སྣང་བས། ཤིན་ཏུ་ངོ་མཚར་བའི་གནས་སོ། །ཡིད་ལ་བྱེད་ཚུལ་འདི་ཉིད་རྣལ་འབྱོར་མའི་རྒྱུད་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་འོག་ཏུ་གང་སྣང་ཐམས་ཅད་ལ་རོ་མཉམ་གྱི་དེ་ཉིད་བསྒོམ་པར་གསུངས་པ་དང་སྤྲེལ་ཤེས་ན་ཆེས་ཤིན་ཏུ་ངོ་མཚར་བའི་གནས་སོ། །གང་ལ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །སྐྱེས་པ་དེ་ཡི་ལ་ཕྱག་འཚལ་ཏེ། །གང་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །སྐྱེས་པ་དེ་ལ་སྙིང་ནས་སྐྱབས་སུ་མཆི། །སྤྱོད་པ་བསྡུས་པ་དཔལ་མཆོག་སྲུབ་ཤིང་གིས། །རིམ་གསུམ་སྦས་ཆུའི་རྒྱ་མཚོ་བསྲུབས་པ་ལས། །བྱུང་བའི་གདམས་ངག་བདུད་རྩིའི་བུམ་པ་འདིས། །འཇིགས་རྟེན་མཐའ་དག་འཆི་མེད་ཉེར་ཐོབ་ཤོག །གཟུགས་དང་ཞེས་པ་ནས། ཐམས་ཅད་སྒྱུ་མ་ལས་གཞན་མིན། ཞེས་པའི་བར་གྱིས་ནི། །ཕུང་པོ་ལྔ་དང་ཁམས་བཞི་དང༌། །དབང་པོ་དང་ཡུལ་རྣམས་སྒྱུ་མ་ལས་གཞན་མིན་པར་བསྟན་ཏོ། །འདིར་འགྱུར་རྙིང་ལས། ཤེས་པ་ལྔ་པོ་འདི་དག་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། ཞེས་བསྒྱུར་བ་ལེགས་སོ། ཤེས་པ་ལྔ་ནི་དབང་ཤེས་ལྔ་ལ་བྱ་བའམ་ཡང་ན་ཡེ་ཤེས་ལྔ་ཞེས་པ་ལྟར་རོ། །སྔར་རླུང་སེམས་གཉིས་རྣལ་འབྱོར་བའི་ལུས་སུ་བྱུང་


JLD006_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སྒྱུ་མའི་སྐུར་བསྟན་ཞིང༌། དེ་རྒྱུ་མཚན་དུ་བྱས་ནས་འགྲོ་བ་ཀུན་སྒྱུ་མ་ལྟ་བུར་ཐེག་པ་འདིར་གསུངས་སོ་ཞེས་བཤད་པས། བཅུད་ཀྱི་འཇིག་རྟེན་གྱི་དབང་དུ་བྱས་ན་དེ་རྣམས་ཀྱི་གཉུག་མའི་ལུས་རླུང་སེམས་ཙམ་ཞིག་ཡིན་པ་སྒྱུ་མའི་ལུས་ཀྱི་དོན་དུ་བྱ་ལ། སྣོད་བཅུད་ཐུན་མོང་བའི་དབང་དུ་བྱས་ན་རླུང་སེམས་གཉིས་ཙམ་གྱི་རྣམ་འཕྲུལ་དུ་གྱུར་པ་སྒྱུ་མའི་དོན་དུ་བྱའོ། །མེ་ལོང་ནང་གི་ཞེས་པ་གཉིས་ཀྱིས་ནི་སྒྱུ་མའི་སྐུའི་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་རྫོགས་པ་སོགས་དཔེ་དེས་ཤེས་པར་བྱེད་ལ། དེ་ནས་གཅིག་གིས་ནི་སྐུ་དེའི་ཁ་དོག་རྣམས་འཇའ་བཞིན་དུ་དང༌། དེ་ནས་གཅིག་གིས་ནི་སྐུ་དེའི་སྣང་བ་གདུལ་བྱ་ལ་གང་འདུལ་གྱིས་སྟོན་པ་ཆུའི་ཟླ་བ་བཞིན་དུ་བསྟན་ཏེ་དཔེའི་གཙོ་བོ་གསུམ་མོ། །དཔེ་དང་པོ་རྒྱས་པར་འཆད་པ་ནི། །མེ་ལོང་དྲི་མ་མེད་པ་ལ། ཞེས་པ་བརྒྱད་ཀྱིས་ནི། རྡོ་རྗེ་འཆང་གི་སྐུའི་གསུགས་བརྙན་མེ་ལོང་ལ་ཤར་བ་སློབ་མ་ལ་བསྟན་ནས་དེའི་སྟེང་ནས་རང་བྱིན་གྱིས་བརླབ་པ་ངེས་པར་བྱེད་པའོ། །འདི་ལ་ཆག་གིས། དངོས་དང་དངོས་མིན་ལས་གྲོལ་བའི། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང༌། །སྐུ་ནི་ལྟ་བས་མི་ངོམས་པའི། །གཟུགས་བརྙན་གསལ་བར་སྣང་བ་ནི། །སློབ་མ་བཟང་པོ་དེ་ལ་བསྟན། ཞེས་བསྒྱུར་བ་བདེའོ། །རྐང་པ་དང་པོས་སྐུ་དེ་རྟག་ཆད་གཉིས་ལས་གྲོལ་བ་དང༌། གསུམ་པས་མཚན་གྱི་ཆ་ཐམས་ཅད་


JLD006_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཤེས་པར་བྱེད་དེ། ཤ་དང་རུས་པ་སོགས་མེད་པའང་ཤེས་པར་བྱའོ། །སྐུ་འདི་དཔེ་གཞན་གྱིས་ངེས་པར་བྱེད་པ་ལའང་ཆུ་ཟླ་ཤར་བའི་སར་ཁྲིད་ནས་སྟོན་པ་དང་། འཇའ་ཤར་བའི་སར་ཁྲིད་ནས་སྟོན་མི་དགོས་ཀྱི་བླ་མས་དེ་དག་དཔེར་བཞག་ནས་ཚིག་གིས་བཤད་པས་ཆོག་པ་བཞིན་དུ། གཟུགས་བརྙན་གྱི་དཔེས་སྟོན་པ་ལའང་སྤྱོད་བསྡུས་ལས། ཇི་ལྟར་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་བཞིན་དུ། ཞེས་གསུངས་པ་ལྟར་འཆད་པའི་ཚེ་དཔེ་དོན་སྦྱོར་བ་ཙམ་ཡིན་གྱི། བྲིས་སྐུའི་གཟུགས་བརྙན་མེ་ལོང་ལ་ཤར་བ་མཐོང་བའི་སར་བཞག་པ་ལ་བལྟས་ནས་མ་བསྒོམས་ན་འདིའི་གདམས་ངག་ཆད་པའི་སྐྱོན་མེད་དོ། །གང་ཟག་ཁ་ཅིག་ལ་དེ་ལྟར་མ་བྱས་ན་རྡོ་རྗེ་འཆང་གི་སྐུ་བསྒོམ་པ་མི་གསལ་བས་དེ་གསལ་བའི་ཕྱིན་དུ་དེ་ལྟར་བསྒོམ་པ་ཡིན་ནའང༌། གཞུང་གི་ལུགས་ཀྱིས་བསྐྱེད་རིམ་ཕྲ་ཐིག་གི་རྣལ་འབྱོར་མཐར་ཕྱིན་ནས་དབེན་གསུམ་འབྱོངས་པ་ཞིག་གིས་མན་ངག་འདི་བསྒོམ་པ་ཡིན་པས། །དེ་ལ་ནི་ལྷ་སྐུ་ཆེ་ཆུང་གང་བསྒོམ་ཡང་མི་གསལ་བའང་མེད་ལ། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ཙམ་ནི་རིམ་པ་དང་པོ་ནས་རྙེད་ཟིན་པས་དེ་སྟོན་པ་མིན་ནོ། འདི་ཡང་སྒྱུ་ལུས་ཀྱི་གནས་ཐུན་མོང་མ་ཡིན་པ་མ་རྙེད་པའི་སྐྱོན་ནི། །འགྲེལ་པ་རྣམས་ནས་ཀྱང་དཔེ་དོན་སྦྱོར་བ་ཙམ་གྱི་དོན་དུ་བཤད་པས་དཔེ་གཞན་རྣམས་དང་འདྲའོ། །དེ་ནས། སྒྱུར་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ངེས་པར་མཚོན་པ་སྟེ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་


JLD006_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། ཞེས་གསུངས་ཏེ། སྒྱུ་མ་དང་གཟུགས་བརྙན་ལ་སོགས་པའི་དཔེ་དུ་མས་མཚོན་པའི་སྒྱུ་མའི་སྐུ་ནི། སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་ཀྱི་མཐར་རླུང་སེམས་ཙམ་ལས་རྡོ་རྗེ་འཆང་གི་སྐུར་བསྐྱེད་པ་འདི་ཉིད་ཡིན་ལ། དེ་ལ་ནི་སྐབས་འདིར་ཀུན་རྫོབ་ཀྱི་བདེན་པ་དང༌། ལོངས་སྐུ་དང་བར་དོའི་སེམས་ཅན་དང་རྡོ་རྗེའི་སྐུ་ཞེས་པའི་རྣམ་གྲངས་ཀྱིས་གསུགས་པ་ཡིན་ནོ། །འདི་ནི་སེམས་དབེན་དང་འོད་གསལ་གྱི་རྫོགས་རིམ་གྱིས་འཆི་བའི་རིམ་པ་བཞིན་དུ་སྤྲོས་པ་སྡུད་པའི་རིམ་པ་ཤེས་ན། དེ་གཉིས་ཀྱི་མཐར་རླུང་སེམས་ཙམ་གྱི་སྐུར་ལངས་པ་དེ་བར་དོ་ཇི་ལྟ་བ་བཞིན་དུ་འདུག་སྙམ་དུ་ཤེས་ནས་དེ་ལ་དྲི་ཟའི་སེམས་ཅན་ཟེར་བའི་རྒྱུ་མཚན་ཤེས་ལ། འཆི་བ་ཆོས་སྐུར་འཆར་བ་ཤེས་པའི་རྒྱུ་མཚན་གྱིས་སྐུ་དེ་ལ་ལོངས་སྐུར་བཤད་པའི་དོན་ཡང་ཤེས་ཤིང༌། འཆི་རིམ་བཞིན་དུ་སྤྲོས་པ་བསྡུས་པའི་འོད་གསལ་དོན་དམ་དུ་ཤེས་པས་སྐུ་དེ་ཀུན་རྫོབ་ཀྱི་བདེན་པར་ཡང་ཤེས་ནས། བདེན་གཉིས་དབྱེར་མེད་དུ་སྦྱོར་བའི་སྦྱོར་རྒྱུ་གཉིས་ཀྱང་ཤེས་པ་ཡིན་ནོ། རྡོ་རྗེའི་སྐུ་ནི་གང་ཐོབ་ན་ནམ་མཁའ་ཇི་སྲིད་བར་སྐུའི་རིགས་འདྲ་མི་འཆད་པར་བཞུགས་པའི་དོན་ཏེ། །མ་དག་པའི་སྒྱུ་མ་ལ་ནི་རྗེས་མཐུན་པའི་མཚན་ཉིད་ཚང་ལ། དག་པའི་སྒྱུ་མའི་སྐུ་ཐོབ་ནས་ནི་མཚན་ཉིད་དེ་ཀུན་ཚང་བ་ཡིན་ནོ། །ད་ལྟའི་གང་ཟག་ལ་རྨི་ལམ་


JLD006_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཔེས་སྒྱུ་ལུས་ཀྱི་གནད་ངེས་པར་བྱེད་པ་ནི་སྤྱོད་བསྡུས་ལས་གསུངས་ལ། དེ་མ་ཤེས་ན་འཕགས་སྐོར་གྱི་གཞུང་གང་དུའང་དེ་བཞིན་དུ་གསལ་བར་བཤད་པ་མེད་པས། སྒྱུ་ལུས་ཀྱི་གནད་མི་རྙེད་པས་དེའི་དོན་གདོན་མི་ཟ་བར་བཙལ་བར་བྱའོ། །རྡོ་རྗེ་སེམས་དཔའ་རང་ཉིད་དེ། ཞེས་པ་དྲུག་གིས་ནི། གཙོ་བོར་སྒྱུ་ལུས་ཐོབ་པའི་གང་ཟག་གིས་རང་ཉིད་རྡོ་རྗེ་སེམས་དཔར་བལྟ་བ་དང་དེ་ཉིད་བསྒྲུབ་ཅིང་དེ་ཉིད་མཆོད་པར་བསྟན་ལ། དེ་མ་ཐོབ་པས་ཀྱང་སླར་དེ་དང་རྗེས་སུ་མཐུན་པའི་མོས་པ་བྱ་བའང་ཤེས་པར་བྱའོ། །དེ་ནས་སྔགས་དང་ཞེས་པ་བཞིས་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་དང་སྦྱིན་སྲེག་དང་གཏོར་མའི་བྱ་བ་ཐམས་ཅད་སྒྱུ་མ་བཞིན་དུ་བྱ་བར་གསུངས་པའང་གཙོ་བོའི་དོན་སྔར་བཤད་པ་བཞིན་ཡིན་ལ། བསྐྱེད་རིམ་པས་དེ་དག་པྱེད་པའང་འདིས་སྟོན་དུ་རུང་བས་དེ་ལ་སྦྱོར་ན་སྤྱི་དོན་གྱི་སྒྱུ་མ་དང་སྦྱར་རོ། །སེམས་དབེན་མན་ཆད་ཀྱི་རྫོགས་རིམ་པ་ལ་ནི་སྒྱུ་ལུས་ཀྱི་གོ་བ་ཙམ་གྱི་ཡིད་བྱེད་དང་སྦྱར་ཏེ། འོག་མ་རྣམས་ལའང་ཤེས་པར་བྱའོ། །ཞི་བ་དང་ནི་ཞེས་པ་བཞིས་ཞི་རྒྱས་སོགས་ཀྱི་ལས་བསྒྲུབ་པ་རྣམས་འཇའ་ཚོན་བཞིན་དུ་བྱ་བར་གསུངས་སོ། །དེ་ནས། སྒེག་སོགས་ཞེས་པ་བཞིས་ཉམས་དགུ་དང་གླུ་དང་རོལ་མོ་དང་གར་ལ་སོགས་པ་དང་འདོད་པའི་སྒྱུ་རྩལ་རེ་བཞི་སོགས་ལ་འཇུག་པའང་ཆུ་ཟླ་བཞིན་དུ་བྱ་བར་བསྟན་ཏོ། །དེ་ནས་གཟུགས་ལ་སོགས་པ་ཞེས་པ་བཞིས་དབང་བོ་ཡུལ་ལ་འཇུག་པ་ཐམས་ཅད་སྒྱུ་མ་བཞིན་དུ་བརྟག་པར་གསུངས་


JLD006_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ལྟར་དཔེ་སོ་སོར་སྦྱར་བའང་ངེས་པ་མིན་གྱི་ཕན་ཚུན་མཚོན་པའི་དོན་ནོ། །དེ་ནས་འདིར་ནི་ཞེས་པ་བཞིས་གང་དམིགས་པ་ཐམས་ཅད་སྒྱུ་མ་བཞིན་དུ་ལྟ་བར་གསུངས་པ་དང༌། དེ་ནས་གང་གིས་ཞེས་པ་བཞིས་དེ་ལྟར་བལྟ་བ་གཙོ་བོ་ཡིན་པར་གསུངས་ཞེས་གསུགས་ཏེ། དེ་ནི་རྡོ་རྗེ་མཁའ་འགྲོ་ལས་གསུངས་སོ། །མཐོང་བ་ཉིད་དང་ཞེས་པ་བཞིས་དེ་ཁོ་ནར་དམིགས་པ་མེད་པ་དང་། ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་དམིགས་པར་གསུངས་ཞེས་བཤད་དོ། །འདི་ཐམས་ཅད་ལ་དབུ་མ་དང་ཐུན་མོང་བའི་སྒྱུ་མའི་དོན་ཡིད་ལ་བྱེད་པ་ནི་གཞིར་བཞག་ཏུ་གོ་བར་བྱའོ། །དབང་པོ་གང་དང་གང་ལམ་འགྱུར། །འགྲོ་བ་དེ་དེའི་རང་བཞིན་དུ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། ཞེས་གསུངས་ཏེ། མཐོང་ཐོས་ལ་སོགས་པའི་གང་ཤར་ཐམས་ཅད་སྒྱུ་མ་བཞིན་དུ་བལྟ་བར་སྔར་གསུངས་མོད་ཀྱང༌། འདི་ནི་རླུང་སེམས་ཙམ་གྱི་ལུས་དང༌། རླུང་སེམས་ཙམ་གྱི་རྣམ་འཕྲུལ་དུ་ཤེས་པར་བྱས་པ་དེ་ཉིད་སངས་རྒྱས་ཀུན་གྱི་བདག་ཉིད་རྡོ་རྗེ་འཆད་དང་མཉམ་པར་སྦྱོར་བ་སྟེ་དེ་གཉིས་དབྱེར་མི་ཕྱེད་པའི་སྐུར་བལྟ་བའོ། །མཉམ་པར་མ་བཞག་སྦྱོར་བ་ཡིས། ཞེས་པ་འདི་ལ། མི་མཉམ་བཞག་པའི་རྣལ་འབྱོར་གྱིས། ཞེས་རྒྱུད་གཞན་དུ་གསུངས་ཤིང༌། དེའི་དོན་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱིས་སེམས་ནི་མི་མཉམ་པ་ཡིན་ལ། དེ་ལ་བཞག་པ་ནི་ཐམས་ཅད་


JLD006_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མོས་པ་ལ་བཤད་པའང་ཡོད་པས། མཉམ་པར་མ་བཞག་པ་རྗེས་ཐོབ་ཙམ་ལ་བཤད་དགོས་པའི་ངེས་པ་མེད་དོ། །རྣལ་འབྱོར་མ་བཞི་ཞལ་སྦྱོར་བའི་རྒྱུད་ལས་ཀྱང་། གང་གང་དབང་པོའི་ལམ་ཉིད་དུ། །འགྱུར་པ་དེ་དེ་རང་བཞིན་གྱིས། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །སངས་རྒྱས་ཀུན་གྱི་རང་བཞིན་འཐོབ། ཅེས་ཀྱང་གསུངས་སོ། །ཀུན་ཏུ་ནི་ཁྱིམ་མམ་དགོན་པ་རུའོ། །ཀུན་ནས་ནི་ཕྱོགས་ཐམས་ཅད་དུའོ། །ཐམས་ཅད་ནི་འཇིག་རྟེན་གསུམ་གྱི་རང་བཞིན་ནོ། །བདག་ཉིད་ནི་བདུན་རང་གིས་སོ། །རྟག་ཏུ་ནི་དུས་ཐམས་ཅད་དུའོ། །རྣམ་པ་ཀུན་ནི་འདིར་མ་བཤད་པ་ཀུན་གྱི་རང་བཞིན་ནོ། །སངས་རྒྱས་ཀུན་བདག་ནི་ཕུང་བོ་ལྔའི་རང་བཞིན་སངས་རྒྱས་ཀྱི་ངོ་བོ་སྒྱུ་མ་ལྟ་བུ་མཐོང་བ་ཡིན་ནོ། །དེ་ཇི་ལྟ་བུ་ཡིན་ན། དངོས་གྲུབ་ནི་ཅིག་ཅར་རམ་གོ་ལྡོག་པའི་རིམ་པས་འགྲུབ་ཀྱི་རྣལའབྱོར་བཞི་ལ་སོགས་པའི་རིམ་པས་མིན་ཞེས་ལཀྵྨཱིས་བཤད་དེ། གཞུང་ཡང་། ཀུན་ཏུ་ཀུན་ནས་ཐམས་ཅད་དང༌། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཀུན་བདག་དངོས་གྲུབ་ནི། །རང་ཉིད་ཀྱིས་ནི་དེ་མཐོང་འགྱུར། ཞེས་འདོན་ནོ། །སྒྱུ་ལུས་ཐོབ་པའི་ཕན་ཡོན་ནི། །གཙོ་བོ་ཞེས་པ་བཞིས་གཤེགས་བཞུགས་ཀྱི་གནས་དང་ཟས་གོས་སོགས་ནམ་མཁའ་ལས་རྙེད་པ་དང༌། སྐད་ཅིག་གིས་རྙེད་པར་བསྟན་ཏེ། ནམ་མཁའ་ལས་ཞེས་པ་འོད་གསལ་ལས་རྙེད་པ་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་རྙེད་པའི་བཤད་པ་གཉིས་


JLD006_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལཀྵྨཱིས་སོ། །སྲིད་པ་ཞེས་པ་བཞིའི་དང་པོ་ནི་རང་བཞིན་དང་སྣང་བའི་མཚན་ཉིད་ཅན་གྱི་འཁོར་བའི་རང་བཞིན་ཤེས་པ་དང༌། འགྲོ་ན་རབ་མཆོག་སྟོན་པར་འགྱུར་གྱི་དོན་ནི་འགྲོ་བའི་ནང་ན་རབ་མཆོག་ཏུ་གྱུར་པ་ཁྱབ་འཇུག་དང་ལྷ་ཆེན་པོ་སོགས་ཀྱི་སྟོན་པར་འགྱུར་པར་ལཀྵྨཱིས་བཤད་ལ། ཆག་གིས། རབ་མཆོག་འགྲོ་ལ་སྟོན་པར་འགྱུར། ཞེས་བསྒྱུར་རོ། །ཇི་ལྟར་ཞེས་པ་བཞིས་སྟོན་པ་བཞིན་དུ་གཞན་ཕན་ལ་འཇུག་པར་བཤད་དེ། སྣ་ཚོགས་ཡེ་ཤེས་རྗེས་སུ་སྡུད་པ་ནི་སྣང་བའི་ཡེ་ཤེས་སྒྱུ་ལུས་ཀྱིས་སྡུད་པ་ལ་འཆད་དོ། །རྡོ་རྗེ་སེམས་དཔའ་ཞེས་པ་བཞིས་བསྒྲུབ་པར་མི་བྱ་བ་ཅི་ཡང་མེད་པ་དང༌བདེ་ཆེན་ཕྱག་རྒྱ་ཆེན་པོ་འགྲུབ་པར་གསུངས་ཏེ། བདེ་ཆེན་གསལ་བར་བྱེད་པའི་ཕྱག་རྒྱ་ཁམས་གསུམ་གྱི་བུད་མེད་དུ་དབང་དུ་འགྱུར་པ་ལ་འཆད་དོ། །ལས་དང་ཞེས་པ་བཞིས་ནི་ལས་ཉོན་དང་ལུས་དང་བྱེད་པ་པོ་དང་ལས་ཀྱི་འབྲས་བུ་ཐམས་ཅད་སྨིག་རྒྱུ་སོགས་དང་མཚུངས་པར་བསྟན་ཏེ། དོན་བསྡུས་པའོ། །སྒྱུ་མ་ལྟ་བུ་མ་རྙེད་པའི་སྐྱོན་ནི། འདི་འདྲའི་ཏིང་འཛིན་མ་ཤེས་པས། ཞེས་པ་ནས། དེ་དག་སྒྱུ་མའི་རྣམ་འཕྲུལ་ལོ། ཞེས་པས་བསྟན་ནོ། །ཐ་མ་ནི་ཆག་གིས། དེ་རྣམས་སྒྱུ་མའི་སྨན་གྱི་འཚོ། ཞེས་བསྒྱུར་རོ། །ལྟ་བ་ངན་པའི་ནད་བསྐྱེད་ཚུལ་ནི། བདག་བྱིན་བརླབ་ཞེས་པ་བཞིས་བསྟན་ཏོ། །རྟག་པར་ལྟ་བའི་དབང་གིས་ཕྱིར་ལྡོག་པ་ནི། ཐེག་པ་ཐུན་མོང་བའི་


JLD006_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་མ་ཤེས་པའི་སྐྱོན་ཡང་ཡིན་ལ། གཞན་ཡང་དེ་མ་ཤེས་ན་འཁོར་བའིབག་ཆགས་མ་ལུས་པ་སྦྱོང་མི་ནུས་པས་རྟག་པར་ལྟ་བས་འཁོར་བ་ལ་གནས་པ་ཞེས་པའི་ཐ་སྙད་བྱའོ། ཆད་ལྟའི་དབང་གིས་ཕྱིར་ལྡོག་པ་ནི། འདི་མ་ཤེས་ན་གཟུགས་ཀྱི་སྐུ་མཐར་ཐུག་མི་འགྲུབ་པས། ཞི་བའི་མཐར་ལྟུང་བས་གཟུགས་སྐུ་ཆད་པའི་སྐྱོན་ནོ། །གསུམ་པ་ནི། མཆོད་པ་ཞེས་པ་བཞིའི་སྔ་མ་གཉིས་ཀྱིས་མཆོད་ཚུལ་དང༌། ཕྱི་མ་གཉིས་ཀྱིས་དེའི་ཕན་ཡོན་བསྟན་ནོ། །དེ་ནས་བཞིས་བླ་མ་མཆོད་པས་མ་བྱས་པའི་བསོད་ནམས་དང༌། དཀའ་ཐུབ་མེད་ཅེས་བསྟན་ནོ། །དེ་ཉིད་མི་ཟད་ཅེས་པ་བཞིས་ཤིན་ཏུ་ཆུང་བ་ནས་ཤིན་ཏུ་ཆེ་བའི་ཟང་ཟིང་ཐམས་ཅད་ཀྱིས་མཆོད་པར་བསྟན་ཏོ། །སློབ་དཔོན་གྱིས་ནི་ཞེས་པ་བཞིས་སློབ་མ་ལ་སློབ་དཔོན་དྲིན་ཆེ་ཚུལ་སྟོན་ནོ། །བཞི་པ་ལ་གཉིས་ལས། སྣོད་མིན་ནི། གང་ཞིག་ཅེས་པ་བཞིས་བསྟན་ཏེ། ང་རྒྱལ་ཆེ་བ། ལམ་གྱི་རིམ་པ་ཡང་དག་པ་རྣམས་སུན་འབྱིན་པ། དེ་ཁོ་ན་ཉིད་ཀྱི་ཆོས་ལ་མི་གུས་པ་ལ་མི་བསྟན་ཞེས་པའོ། །སྣོད་དུ་རུང་བ་ནི། བླ་མ་ལ་གུས། ཞེས་པ་བཞིས་གསུངས་ཏེ། བླ་མ་ལ་གུས་པ། རྫུན་སྤངས་པ། རྣམ་པར་མཁས་པ་ནི་བློ་གྲོས་ཆེ་བའོ། །རྣམ་པར་དབེན་ཞིང་ཞེས་བསྒྱུར་བ་ལྟར་ན་ཉེས་སྤྱོད་རགས་པས་དབེན་པའོ། །རྒྱུད་གཅིག་པ་ནི། བརྟན་པའོ། །ལན་ཅིག་ཐོས་པ་ཇི་སྲིད་འཚོའི་བར་དུ་མི་བརྗོད་པ་ལ་ཁ་ཅིག་གིས་བཤད་དོ། །ཁས་བླངས་པའི་


JLD006_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་སྤྱོད་པ་རྣམས་བསྲུང་བ་ལ་བསྟན་པར་བྱས་ན་འབྲས་བུ་དང་ལྟན་ནོ། །གསུམ་པ་མཇུག་གི་དོན་ནི། བདག་བྱིན་གྱིས་བརླབ་པ་ཞེས་སོགས་ཀྱིས་གསུགས་ཏེ་ཡོངས་སུ་གྲུབ་པའོ། བདག་བྱིན་གྱིས་བརླབ་པའི་རིམ་པ་བཤད་ཟིན་ཏོ།། །།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། སརྦ་མངྒ་ལཾ། ། སརྦ་མངྒ་ལཾ། །


previousམན་ངག་གི་མཐར་ཐུག་བདག་བྱིན་རླབས།next