Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
   
   
   
རིམ་ལྔ་བསྡུས་པའི་ཟིན་བྲིས།
   
   
   
   
   
   
  expand section
   
   


 
previousརིམ་ལྔ་བསྡུས་པའི་ཟིན་བྲིས། next

རིམ་ལྔ་བསྡུས་པའི་ཟིན་བྲིས།


JLD006_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལྔ་བསྡུས་པའི་ཟིན་བྲིས།


JLD006_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་སྤྱིར་མར་པ་ལྷོ་བྲག་པས་རྗེ་ནཱ་རོ་པའི་དྲུང་དུ། ལན་མང་དུ་བྱོན་ནས་གདམས་ངན་རྒྱ་ཆེར་ཞུས་ལ། ཁྱད་པར་མར་པ་བྱོན་པའི་ཚེ་གདམས་ངག་ཁྱད་པར་ཅན་བཞི་གནས་སྟེ། ཀྱཻ་རྡོ་རྗེ་ལ་བརྟེན་ནས་སྟོང་ཉིད་སྤར་ཟིན་གྱི་གདམས་ངག་བྱ་བ་གཏུམ་མོ་བསྒོམ་པའི་གདམས་ངག་དང༌། མཧཱ་མ་ཡའི་རྒྱུད་ལ་བརྟེན་ནས་རླུང་ཁ་སྦྱར་བསྒོམ་པའི་མན་ངག་བྱ་བ་ཐིག་ལེ་དཀར་དམར་བསྒོམ་པའི་ཐབས་དང༌། གདན་བཞིའི་རྒྱུད་ལ་བརྟེན་ནས་འཕོ་བ་གྲོང་འཇུག་གི་གདམས་ངག་དང༌། དཔལ་གསང་བ་འདུས་པ་ལ་བརྟེན་ནས་རིམ་ལྔ་གདན་རྫོགས་ཀྱི་ཁྲིད་རྣམས་སོ། །དེ་ལ་ཕྱི་མའི་དོན་གཏན་ལ་འབེབས་པ་རྗེ་ནཱ་རོ་པས་མཛད་པའི་རྡོ་རྗེའི་ཚིག་


JLD006_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲམ་རིམ་པ་ལྔ་པསྡུས་པ་གསལ་བ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་གཉིས་ཏེ། གདམས་ངག་གི་ཆེ་བ་དང༌། གདམས་པ་དངོས་སོ། །དང་པོ་ནི། སངས་རྒྱས་ཀུན་གྱི་གསང་བ་ཆེ། །རིམ་པ་ལྔ་ལ་གནས་པ་བོ། ཞེས་ཏེ། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་གསང་བ་པས་ཀྱང་ཆེས་གསང་བ་འཆད་པར་འགྱུར་པའི་རིམ་པ་ལྔ་པོ་འདི་ཉིད་ཡིན་ནོ། །གཉིས་པ་ལ། གཞི་ལམ་འབྲས་གསུམ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། ཞེས་ཏེ། གཞི་རྡོ་རྗེ་ལུས་ཀྱི་ཆགས་ཚུལ་དང་། དེ་ལ་བརྟེན་པའི་སེམས་ཀྱི་ཆགས་ཚུལ་གཏན་ལ་དབབ་པ་དང་། ལུས་ལ་གནད་དུ་


JLD006_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པ་ལ་བརྟེན་ནས་ལམ་ཇི་ལྟར་བགྲོད་པའི་རིམ་པ་དང༌། འབྲས་བུ་ཟུང་འཇུག་གི་བར་དུ་ཇི་ལྟར་སྐྱེ་བའི་རིམ་པ་རྣམས་སོ། །གཉིས་པ་ལ་གཞི་ལུས་སེམས་ཀྱི་གནས་ཚུལ་དང༌། ལམ་བགྲོད་པའི་རིམ་པ་དང༌། འབྲས་བུ་སྐྱེ་བའི་ཚུལ་ལོ། །དང་པོ་ལ། ལུས་སེམས་སོ་སོ་བའི་གནས་ལུགས་དང༌། ཐུན་མོང་བའི་གནས་ལུགས་དང༌། ལུས་ཀྱི་གནས་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། སེམས་དང་ལུས་ཀྱི་གནས་ཐབས་ལས། །རགས་དང་ཕྲ་དང་ཤིན་ཏུ་ཕྲ། ཞེས་པ་སོ་སོར་སྦྱར་ཏེ། ལུས་ཀྱི་གནས་ལུགས་རགས་པ་རྟེན་བརྟེན་པའི་ལྷ་སྐུར་འཆར་བའི་གཞི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་ཙམ་དང༌། ཕྲ་བ་རྩ་ཇི་ལྟར་སྐྱེ་བའི་གོ་རིམ་དང༌། གྲངས་ངེས་དང༌། གནས་ཚུལ་དང༌། དེའི་ནང་ནས་རླུང་ཇི་ལྟར་རྒྱུ་བའི་ཚུལ་དང༌། དེ་ལ་བརྟེན་ནས་ཐིག་ལེ་དཀར་དམར་གྱི་འདུ་འཕྲོད་བྱེད་ཚུལ་སོགས་སོ། །ཤིན་དུ་ཕྲ་བ་ནི། སེམས་དང་འབྲལ་དུ་མི་རུང་བའི་འོད་གསལ་ཀྱི་རླུང་ཤིན་ཏུ་ཕྲ་བའོ། །སེམས་ཀྱི་གནས་ལུགས་རགས་པ་ནི། རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་རྣམས་དང༌། ཕྲ་བ་ནི་གཞི་དུས་ཀྱི་སྣང་བ་གསུམ་དང༌། ཤིན་ཏུ་ཕྲ་བ་ནི་གཞིའི་འོད་གསལ་ལོ། །ཡང་ན་བསྲེ་བ་དྲུག་གི་སྐབས་སུ་བཤད་པ་ལྟར་རྣམ་སྨིན་གྱི་ལུས་ད་ལྟར་གྱི་ཚེ་འདིའི་ལུས་དང་བག་ཆགས་ཀྱི་ལུས་རྨི་ལམ་གྱི་དུས་ཀྱི་དང༌། ཡིད་ཀྱི་ལུས་བར་དོའི་ལུས་རྣམས་ལ་རགས་པ་དང༌། ཕྲ་བ་དང་། ཤིན་ཏུ་ཕྲ་བར་བྱས་ནས་ལུས་རྟེན་གྱི་དབང་གིས་དེ་ལ་བརྟེན་པའི་སེམས་གསུམ་གྱི་


JLD006_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་རགས་ཀྱང་དབྱེ་བར་བྱའོ། །གཉིས་པ་ནི། ཐུན་མོང་དབྱེར་མེད་རིམ་ཤེས་བྱ། ཞེས་ཏེ། ཐ་མལ་བ་ནས་སངས་རྒྱས་ཀྱི་བར་དུ་འབྲལ་དུ་མི་རུང་བའི་རླུང་སེམས་ཕྲ་བའི་མཐར་ཐུག་པའོ། །གསུམ་པ་ལ། ལུས་ཀྱི་འཁོར་ལོ་བཞིའི་ཆགས་ཚུལ་བཤད་པ་དང༌། གཙོ་བོ་སྙིང་གའི་འཁོར་ལོ་བྱེ་བྲག་ཏུ་བཤད་པ་དང༌། ལུས་ཀྱི་ཆགས་ཚུལ་ཤེས་པའི་ཕན་ཡོན་ནོ། །དང་པོ་ནི། གཉིད་དང་རྨི་ལམ་སྙོམས་འཇུག་པ། །ཐ་མལ་ལུས་དང་རྣམ་པ་བཞི། །འཁོར་ལོ་བཞི་ཡི་བདག་ཉིད་ཀྱི། །རྩ་དང་ཐིག་ལེ་སེམས་ཤེས་པས། །ལུས་དང་དུས་རླུང་ཡུལ་གྱི་ནི། །གནས་ནི་བཞི་རུ་ཤེས་པར་བྱ། ཞེས་ཏེ། དེ་ལ་སྤྱིར་ལུས་ཀྱི་གནད་གང་དུ་རྩའི་འཁོར་ལོ་ཇི་ལྟར་གནས་པ་དང༌། ཐིག་ལེ་དང་དེ་ལ་བརྟེན་པའི་སེམས་དུས་ནམ་གྱི་ཚེ་འཁོར་ལོ་གང་དུ་གནས་པའི་ཚུལ་ཤེས་པར་བྱ་སྟེ། རྨི་ལམ་མ་བྱུང་གོང་གི་གཉིད་ཀྱི་དུས་སུ་སེམས་ཀྱི་རྟེན་དུ་འགྱུར་པའི་ཐིག་ལེ་སྙིང་གའི་འཁོར་ལོའི་ལྟེ་བར་གནས་ལ། རྨི་ལམ་གྱི་དུས་སུ་ཐིག་ལེ་དེ་མགྲིན་པའི་འཁོར་ལོའི་ལྟེ་བ་དང༌། ཕོ་མོ་སྙོམས་འཇུག་བྱེད་པའི་དུས་སུ་བདེ་ཆེན་གྱི་འཁོར་ལོའི་ལྟེ་བ་དང༌། དེ་ལས་གཞན་པའི་ལུས་ཐ་མལ་བའི་དུས་སུ་སྤྲུལ་བའི་འཁོར་ལོའི་ལྟེ་བར་གནས་སོ། །གཉིས་པ་ནི། དྲན་པ་སྣ་ཚོགས་རྟོག་པ་རྣམས། །སེམས་ལས་ཡང་དག་པྱུང་བས་ན། །རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །སྙིང་གར་སྔགས་ཀྱི་འཁོར་ལོ་བསྒོམ། ཞེས་ཏེ། འཁོར་ལོ་བཞི་པོ་དེ་དག་ལས་ཀྱང་སྙིང་གའི་འཁོར་ལོའི་ལྟེ་བ་ཉིད་གཙོ་བོ་ཡིན་པས་དེའི་དབུས་སུ་


JLD006_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་པའི་ཐིག་ལེ་དང༌། འདབ་མ་རྣམས་ལ་དབྱངས་གསལ་ཀྱི་ཡི་གེ་གསལ་བཏབ་ནས་བསྒོམ་པར་བྱ་སྟེ། གནས་དེ་ཉིད་སྲོག་དེ་རླུང་དང་སེམས་གཉིས་ཐོག་མར་ཉིང་མཚམས་སྦྱོར་བའི་དུས་འདུ་བ་དང༌། མཐར་འཆི་བའི་ཚེ་ཡང་གནས་དེ་ནས་ལུས་འདོར་བའི་ཕྱིར་རོ། །དེ་ལྟ་བུའི་རྟེན་ཡིན་པས་གཙོ་བོར་གནས་དེར་བསྒོམ་དགོས་པའིརྒྱུ་མཚན་ནི། སྙིང་གའི་མི་ཤིགས་པའི་འཁོར་ལོ་ལ་བརྟེན་ནས་རླུང་གི་སེམས་གསུམ་རིམ་གྱིས་གཡོ་བ་ལ་བརྟེན་ནས་ཡུལ་སྣ་ཚོགས་དྲན་པའི་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འབྱུང་ལ། དེ་ལ་བསྟེན་ནས་འཁོར་བར་འཁོར་བར་འགྱུར་པས་སོ། །དེ་ལ་ཁ་ཅིག་གིས། འཁོར་ལོ་བཞི་པོའི་འདབ་མ་ལ་མི་ཕྱེད་མ་ལ་སོགས་པའི་རྩ་སུམ་ཅུ་རྩ་གཉིས་ཀྱི་བརྒྱད་པརྒྱད་སྦྱར་ནས་འཁོར་ལོ་རེ་ལ་རྩ་འདབ་བརྒྱད་པརྒྱད་ལས་མེད་ལ་འདབ་མ་དྲུག་ཅུ་རྩ་བཞི་སོགས་བཤད་པ་ནི། འདབ་མའི་ཀྱོག་བགྲངས་པ་ཡིན་ཏེ། དེའང་ལྟེ་བའི་རྩ་འདབ་རེ་རེ་ལ་ཀྱོག་བརྒྱད་པརྒྱད་དང༌། མགྲིན་པའི་ལ་གཉིས་གཉིས། སྤྱི་བོའི་ལ་བཞི་བཞི་ཡོད་པ་ཡིན་ནོ། ཞེས་ཟེར་བ་ནི་རྣམ་པ་ཐམས་ཅད་དུ་བྱར་མི་རུང་སྟེ། རོ་རྐྱང་དབུ་མ་གསུམ་ཡང་རྩ་སོ་གཉིས་ཀྱི་གྲངས་སུ་གཏོགས་ལ། དེ་དག་འདབ་མར་བྱས་ན་འདབ་མ་གང་ལ་བརྟེན་པའི་གཞི་མེད་པར་འགྱུར་པས་སོ། །ཡང་མ་རྒྱུད་ཀྱི་ལུགས་ལ་སྤྲུལ་བའི་འཁོར་ལོ་གཙོ་བོ་ཡིན་ལ། ཕ་རྒྱུད་པའི་ལུགས་ལ་སྙིང་གའི་འཁོར་ལོ་གཙོ་བོ་ཡིན་ནོ། ཞེས་ཟེར་བའང་ངེས་པ་མེད་དེ། ལུས་ཐོག་མར་ཆགས་པའི་གཞི་སོ་སོར་འདོད་པ་ལ་བྱེད་ན་རྣམ་པ་ཐམས་


JLD006_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་མི་རུང་ལ། ཐོག་མར་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་བསྒོམ་པ་ལ་བྱེད་ནའང་ངེས་པ་མེད་དེ། ནག་པོ་སྤྱོད་པའི་རིམ་པ་བཞི་པ་དང༌། དྲིལ་བུ་པའི་རིམ་པ་ལྔ་དང༌། ཀུ་ཀུ་རི་པའི་མཧཱ་མ་ཡའི་གདམས་ངག་རྣམས་སུ་སྙིང་གའི་འཁོར་ལོ་གཙོ་བོར་མཛད་པ་དང༌། དུས་འཁོར་ནས་ལྟེ་བ་ལ་བཤད་པ་ནི་སྲོག་ཐུར་བསྲེ་བ་ལ་ཤེས་འདོད་ཞུགས་ནས་དེ་བསྲེ་བའི་གནས་ནི་ལྟེ་བ་ན་ཡོད་པས་ཡིན་ལ། ཌོམ་བི་ཧེ་རུ་ཀ་ཡབ་སྲས་ཀྱིས། ལྟེ་བའི་འཁོར་ལོ་ལ་མཛད་པ་ནི། གཏུམ་མོ་ལ་རྩལ་དུ་འདོན་བཞེས་པ་ཡིན་ནོ། །གསང་བ་འདུས་པའི་ལུགས་གཉིས་ཀས་སྙིང་ག་གཙོ་བོར་བཞེད་པར་འདྲའོ། །གསུམ་པ་ནི། གཞི་ལམ་འབྲས་བུ་རབ་ཤེས་པས། །ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། ཞེས་ཏེ། གཞི་རྡོ་རྗེ་ལུས་ཀྱི་གནས་ལུགས་ལེགས་པར་ཤེས་ནས་དེའི་གཙོ་བོ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་རྡོ་རྗེའི་བཟླས་པ་བྱས་པས་ཁམས་རགས་པ་རྣམས་ཕྲ་བ་ལ་ཐིམ་རླུང་ཡང་རགས་པ་སེམས་གསུམ་ལ་ཐིམ་ཞིང༌། སྣང་བ་འོད་གསལ་དུ་སྡུད་པའི་སེམས་དབེན་གྱི་རྟོགས་པ་སྐྱེ་ཚུལ་དང་དེ་ལས་སྟོང་པ་གསུམ་ལུགས་ལྡོག་ཏུ་ཤར་བའི་མཐར་སྒྱུ་མའི་སྐུ་འགྲུབ་ཚུལ་དང༌། སྒྱུ་མ་ལ་བརྟེན་ནས་འོད་གསལ་མངོན་དུ་བྱེད་པའི་ཚུལ་དང༌། ལུགས་ལྡོག་ཏུ་ཤར་བའི་སྟོང་པ་བཞིའི་མཐར་ཟུང་འཇུག་ཏུ་ལྡང་བའི་རིམ་པ་རྣམས་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་རོ། །གཉིས་པ་ལམ་བགྲོད་པའི་རིམ་པ་ལ།


JLD006_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་འཁོར་ལོ་བསྒོམ་པ་དང༌། དེ་ལ་ཡི་གེ་ཇི་ལྟར་དགོད་པ་དང༌། བཀོད་ནས་རྡོ་རྗེའི་བཟླས་པ་བྱ་བའོ། །དང་པོ་ནི། སྔགས་ཀྱི་ཞེས་པའི་རྐྱང་བ་བཞི་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ་བརྟེན་པའི་འདབ་མ་བརྒྱད་པའི་ཕྱི་དང་ནང་དང་གསང་བའི་ཚུལ་གྱིས་སུམ་རིམ་དུ་བསམས་ཏེ། པད་འདབ་བྲིས་པ་ལྟ་བུ་མ་ཡིན་གྱི། རྩའི་འདབ་མ་སྦུབས་ཅན་ནོ། །གཉིས་པ་ནི། ཕྱི་རིམ་ཞེས་པ་རྐང་པ་བརྒྱད་དེ། རྩ་འདབ་བརྒྱད་པ་སུམ་རིམ་ཡོད་པའི་འདབ་མ་ཕྱི་མའི་ཤར་གྱི་རྩ་སྦུབས་ཀྱི་ནང་དུ་ཡི་གེ་བསྒྲིགས་པའི་ཚུལ་གྱིས་ཨ་ཨཱ་དང༌། ལྷོའི་རྩ་འདབ་ལ་ཨི་ཨཱི་དང༌། ནུབ་ཏུ་ཨུ་ཨཱུ་དང༌། བྱང་དུ་ཨེ་ཨཻ་དང༌། ཤར་ལྷོར་ཨོ། ལྷོ་ནུབ་ཏུ་ཨཽ། ནུབ་བྱང་དུ་ཨཾ། བྱང་ཤར་དུ་ཨཿ ཡི་གེ་ཐམས་ཅད་ཁ་དོག་དཀར་པོ་ཐིག་ལེས་བརྒྱན་པ་བསམ་མོ། །འདབ་མ་བར་པའི་ཤར་དུ་ཀའི་སྡེ་ཚན་གྱི་ཡི་གེ་ལྔ། དེ་བཞིན་དུ་ལྷོར་ཙ་སྡེ། ནུབ་ཏུ་ཊ་སྡེ། བྱང་དུ་ཏ་སྡེ། ཤར་ལྷོར་པ་སྡེ། ལྷོ་ནུབ་ཏུ་མཐར་གནས་ཀྱི་ཡི་གེ་བཞི། ནུབ་བྱང་དུ་དྲོ་བའི་ཡི་གེ་བཞི། བྱང་ཤར་དུ་པ་མཆུ་ཅན་དང་ཀ་ལྕེ་རྩ་ཅན་ནམ། ཡང་ན་ཀླ་པླཤླ་རྣམས་བཀོད་པར་བྱའོ། །ཡི་གེ་ཐམས་ཅད་ཁ་དོག་དམར་པོ་ཐིག་ལེས་བརྒྱན་པའོ། །འདབ་མ་ནང་མའི་ཤར་དུ་རྀ། ལྷོར་རཱྀ། ནུབ་ཏུ་ལྀ། བྱང་དུ་ལཱྀ། ཁ་དོག་ནག་པོ་ཐིག་ལེས་བརྒྱན་པ་དང་། རིམ་པ་གསུམ་གའི་ཡི་གེ་ཐམས་ཅད། བ་མོ་འཛག་པའི་རྣམ་པ་ཅན་དུ་བསམ་མོ། །གསལ་བྱེད་ཕྱི་རིམ་ལ་འགོད་པ་མི་འཐད་དེ། ཡི་གེ་སུམ་རིམ་དུ་བཀོད་པ་ནི། སྣང་མཆེད་ཐོབ་གསུམ་གྱི་ལམ་སྐྱེ་བ་ལ་ཕན་


JLD006_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ལ། དབྱངས་ཡིག་གིས་ཤེས་རབ་སྣང་བ་མཚོན་པས་ཕྱི་རིམ་དུ་འཐད་པའི་ཕྱིར་རོ། །ཁ་ཅིག་དང་པོར་རྡོར་བཟླས་བྱས་ནས་དེའི་རྗེས་སུ་ཡི་གེ་འགོད་པའང་མི་འཐད་དེ། ཡི་གེ་བཀོད་ནས་དེའི་ནང་ནས་རྡོར་བཟླས་བྱ་དགོས་པ་ཡིན་ནོ། །སྙིང་གའི་ལྟེ་བའི་དབུས་སུ་ཐིག་ལེ་ཕྱེད་མན་ཆད་དམར་ཞིང་སྟོད་དཀར་བ་ཡུངས་ཀར་གྱི་འབྲུ་ཚོད་ཙམ་བསམས་ནས། དེའི་ནང་དུ་སྤུས་བྲིས་པ་ལྟ་བུའི་ཨ་ཐུང་ཁ་དོག་ནག་པོ་འོད་ཟེར་ལྔའི་བདག་ཉིད་ཅན་བསམ་པར་བྱ་སྟེ། དེས་ནི་ཕྲ་བའི་རླུང་སེམས་མཚོན་ལ། ཐིག་ལེས་ནི་རླུང་སེམས་ཐོག་མར་གང་དུ་འཇུག་པའི་རྟེན་མཚོན་པ་ཡིན་ནོ། །འཁོར་ལོ་དེ་དག་གི་ནང་ནས་ཀྱང་སྙིང་གའི་འཁོར་ལོ་གཙོ་བོ་ཡིན་པའི་རྒྱུ་མཚན་ནི་གཞི་སྐྱེ་ཤི་བར་དོ་གསུམ་འབྲས་བུ་སྐུ་གསུམ་དང་ཇི་ལྟ་བ་བཞིན་དུ་སྦྱར་ནས་བསྐྱེད་རྫོགས་གཉིས་ཀའི་སྐབས་སུ་བསྒོམ་པ་འདི་ཡབ་སྲས་ལྔ་གའི་བཞེད་པ་ལམ་གྱི་རྐང་གི་གཙོ་བོ་ཡིན་པར་ཤེས་པར་བྱ་བ་དང༌། དེ་ལྟར་ཤེས་ནས་སྙིང་གའི་འཁོར་ལོ་གཙོ་བོར་འགྱུར་པའི་ཚུལ་ལོ། །དང་པོ་ནི། རིམ་ལྔ་ལས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། ཞེས་ཐ་མལ་བ་ལ་བར་དོ་འབྱུང་བའི་དོད་ལ་རྣལ་འབྱོར་བ་ལ་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བར་གསུངས་པ་དང༌། སྤྱོད་བསྡུས་སུའང་རྨི་ལམ་གྱི་དཔེས་སྒྱུ་ལུས་མཚོན་པར་བྱས་ནས་གསུངས་པ་དང༌། རྣམ་གཞག་རིམ་པར་ཡང༌། བར་དོ་ལོངས་སྐུ་དང་སྦྱར་ནས་


JLD006_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་གནད་ཀྱིས་དེའི་གོང་གི་འཆི་བ་ཆོས་སྐུ་དང་སྦྱོར་བ་དང༌། འོག་གི་སྐྱེ་བ་སྤྲུལ་སྐུ་དང་སྤྱོར་བར་ཤུགས་ཀྱིས་ཤེས་པ་དང་མདོར་བྱས་སུ། ལྷག་མོས་འོད་གསལ་དུ་འཇུག་པའི་སྐབས་སུ། མྱ་ངན་འདས་བཅས་ཀུན་སྟོང་དང༌། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། ཞེས་འཆི་བ་ཆོས་སྐུ་དང་སྦྱར་ནས་གསུངས་ཤིང༌། དང་པོའི་མགོན་པོ་བར་དོ་དང་སྦྱར་ནས་སྐྱེ་བ་ལེན་པའི་དོད་དེ་ཉིད་སྤྲུལ་སྐུར་བསྒྱུར་བར་གསུངས་པའི་ཕྱིར་དང༌། སྤྱོད་བསྡུས་སུའང༌། ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་བོ། །དེ་ཡི་སྐུ་ལ་རྐང་རུས་ཤ་མེད་ཀྱང༌། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང༌། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ཡིན། ཞེས་སྐྱེ་བ་སྤྲུལ་སྐུ་དང་སྦྱར་ནས་གསུངས་པའི་ཕྱིར་དང༌། རྒྱས་པར་རྣམ་གཞག་རིམ་པ་ལས་འཆི་བ་དང་བར་དོ་ཆོས་ལོངས་གཉིས་དང༌། སྐྱེ་བ་སྤྲུལ་སྐུ་དང་སྦྱར་ནས་གསུངས་སོ། །བླ་མ་སྔ་མ་ཁ་ཅིག་གི་གདམས་ངག་ལས། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་བྱེད་པའི་ཐ་སྙད་སྣང་ཡང་འཆི་བ་ཆོས་སྐུར་བྱེད་པའི་ཚེ་འཆི་བ་མཚན་ཉིད་པ་ཞིག་གཞིར་བཞག་གི་དབང་དུ་མཛད་པ་ནི་ལམ་གྱི་རྐང་སྟོར་བ་ཡིན་ཏེ། གདུལ་བྱའི་གཙོ་བོ་ནི་རིམ་པོ་ཆེ་ལྟ་བུའི་གང་ཟག་ཚེ་དེ་ལ་འཚང་རྒྱ་བའི་དབང་དུ་བྱས་པ་ཡིན་ལ། དེས་ནི་འཆི་བ་མཚན་ཉིད་པ་མ་བྱུང་བའི་གོང་དུ་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་འདྲ་བའི་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་ཕྱིར་རོ། །དེས་ན། དམ་ཚིག་ཁུ་བྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར།


JLD006_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཀྱི་དོན། ལེ་ལོ་ཅན་བར་དོར་འཚང་རྒྱ་བ་ཁོ་ན་ལ་སྦྱོར་བ་ནི། ཕྱིན་ཅི་ལོག་ཏུ་ཤེས་པར་བྱའོ། །དེས་ན་སྦྱང་གཞི་གང་ཟག་གཅིག་གི་རྒྱུད་ཀྱི་སྐྱེ་ཤི་བར་དོ་ཚན་པ་གཅིག་སྦྱོང་བ་ལ་བསྐྱེས་རྫོགས་གཉིས་ཀའི་སྐབས་སུ་སྦྱང་གཞི་གསུམ་དང༌། འབྲས་བུའི་སྐུ་གསུམ་དང༌། རྣམ་པ་རྗེས་སུ་མཐུན་པའི་ལམ་བསྒོམ་པར་བྱ་སྟེ། དེ་ལ་དང་པོར་བསྐྱེད་རིམ་གྱི་སྐབས་སུ། དངོས་པོ་མེད་པས་བསྒོམ་པ་མེད། ཅེས་པ་ནི། ཚིགས་བཅད་འདི་ཡིས་རྒྱུ་མི་རྒྱུའི། །བདག་ཉིད་ཅན་རྣམས་སྟོང་པར་བསྒོམ། ཞེས་གསུངས་པ་ལྟར། སྲུང་འཁོར་འོད་གསལ་དུ་སྡུད་པའི་དུས་སུ་བཅུད་ཀྱང་སྟོང་པར་བསྒོམ་དགོས་མོད་ཀྱི། གཙོ་བོ་ནི་སྣོད་ཞིག་པ་དང་ཆོས་མཐུན་བསྒོམ་པ་ཡིན་ནོ། །དེ་ནས་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། །སྣོད་ཆགས་པ་དང་ཆོས་མཐུན་པར་བསྒོམ་པ་ཡིན་ལ། དེ་ནས་བཅུད་ཆགས་པའི་ཐོག་མ་བསྐལ་བ་དང་པོའི་མི་བརྫུས་ཏེ་སྐྱེས་པ་དང་ཆོས་མཐུན་པར་ལྷག་མོས་ཀྱི་ལྷ་བསྒོམ་པ་ཡིན་ནོ། །དེ་ནས་བསྐལ་བ་དང་པོའི་མི་རིམ་གྱིས་ཤི་བ་དང་ཆོས་མཐུན་པར་ལྷག་མོས་འོད་གསལ་དུ་སྡུད་པ་ནི། སྦྱང་གཞི་ལ་བལྟོས་ཏེ་འཆི་བ་དང༌། འབྲས་བུ་ལ་བལྟོས་ཏེ་ཆོས་སྐུ་དང་རྗེས་སུ་མཐུན་པར་བསྒོམ་པ་ཡིན་ལ། དེའང་སྔར་དྲངས་པའི་དམ་ཚིག་ཁུ་བྱུང་ཆོ་ག་བཞིན་ཞེས་སོགས་སོ། །མདོ་བསྲེ་ལས། ཕུང་སོགས་འོད་གསལ་དུ་བསྡུས་པའི་སྐབས་ལ་སྦྱར་བ་དང༌། སྤྱོད་བསྡུས་སུ་སྤྱོད་པ་ལ་སྦྱར་ཞིང༌། སྒྲོན་གསལ་དུ། ལེ་ལོ་ཅན་བར་དོར་འཚང་རྒྱ་བ་དང༌། རྣམ་གཞག་རིམ་པར། ཕུང་


JLD006_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དོན་དམ་པའི་དཀྱིལ་འཁོར་དུ་བཞུགས་པ་ལ་སྦྱར་བས་ཀུན་ལ་སྦྱར་དུ་རུང་བ་ཡིན་ནོ། །ལྷག་མོས་ཀྱི་སྐབས་འདིར་ནི་རྣལ་འབྱོར་བའི་ཕུང་སོགས་དང༌། ལྷ་གཉིས་ཀ་འོད་གསལ་དུ་འཇུག་རྒྱུ་ཡིན་པས་ལྷ་འོད་གསལ་དུ་སྡུད་པའི་དུས་སུ་རང་གི་ཕུང་སོགས་འོད་གསལ་དུ་ཞུགས་པའི་དོན་ལེགས་པར་དྲན་པར་བྱ་སྟེ། འདི་ནི་རིམ་པ་གཉིས་པའི་སྐབས་ཀྱི་སྒྱུ་ལུས་དང་ཟུང་འཇུག་མངོན་དུ་བྱེད་པའི་གོང་དུ་སྟོང་པ་གསུམ་དང༌། གཞིའི་ཡེ་ཤེས་བསྒོམ་པའི་དུས་སུ་ས་ཆུ་ལ་ཐིམ་པ་སོགས་ཀྱི་རྫོགས་རིམ་སྐྱེ་བའི་རྒྱུད་སྨིན་བྱེད་ཡིན་པའི་ཕྱིར་རོ། །སྐབས་འདིར་ཕུང་སོགས་ལྔ་རིམ་གྱིས་ཐིམ་པར་བཤད་པ་དང༌། རིམ་པ་གཉིས་པའི་སྐབས་སུ་ས་ཆུ་ལ་ཐིམ་པ་སོགས་བཤད་པ་ནི། །རྣམ་སྣང་དང༌། རིན་འབྱུང་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པའི་རིགས་སུ་གཏོགས་པའི་བསྒོམ་རྒྱུ་རྣམས་རིན་པ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་རྣམ་ཤེས་ཀྱི་ཁམས་ལྔར་འདུས་པར་གསུངས་པས་ཕུང་སོགས་ལྷ་སོ་གཉིས་སུ་བསྒོམས་པས་ནི་ཁམས་ལྔ་སྦྱངས་ནས་དེ་དག་འོད་གསལ་དུ་རིམ་གྱིས་འཇུག་པའི་དོན་ནོ། །འོད་གསལ་དུ་བཅུག་པ་དེ་བརྟན་པར་བྱ་བའི་དོན་དུ་སྔགས་བརྗོད་པར་ཡང་གསུངས་ཤིང༌། རྣམ་གཞག་རིམ་པར། ༀ་ཞེས་པ་ནི་གཅིག་དང་ལྡན། ཞེས་པ་ནས། དྲུག་པ་ཨ་ཧཾ་ཞེས་སུ་བརྗོད། ཅེས་པའི་བར་རྐང་པ་དྲུག་གིས་སྔགས་ཚན་པ་དྲུག་ཏུ་བཅད་ལ། དེ་ལྟར་དེ་བཞིན་གཤེགས་པ་དྲུག །སྐྱེ་བོ་མཆོག་ལ་བསྟན་པ་ཡིན། ཞེས་པས་ནི། དྲུག་པོ་དེ་རིགས་དྲུག་ཡིན་པར་བསྟན་ཞིང་། སྔར་བཤད་པ་ལྟར་དང་པོ་ལྔས་རིགས་ལྔ་


JLD006_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དུ་ཞུགས་པར་བསྟན་པ་ལ། དྲུག་པ་ནི། འོད་གསལ་དུ་ཞུགས་པ་དེ་ཉིད། རྡོ་རྗེ་འཆང་དུ་ང་རྒྱལ་བྱ་བ་དང༌། དྲུག་པའང་འོད་གསལ་དུ་འཇུག་རྒྱུར་ཡང་གཟུང་སྟེ། གཙོ་བོ་རྡོ་རྗེ་འཆང་འོད་གསལ་དུ་གཞུག་པར་བྱ་བ་ཡིན་པའི་ཕྱིར་རོ། །གཙོ་བོ་འོད་གསལ་དུ་འཇུག་པའི་ཚེ། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། ཞེས་གསུངས་པ་ལྟར། གཙོ་བོ་རྡོ་རྗེ་འཆང་གི་ཞབས་ནས་རིམ་གྱིས་ཐུགས་ཀའི་བར་འོད་གསལ་དུ་བསྡུས། དེ་ནས་དབུ་ནས་འོད་གསལ་དུ་བསྡུས་ནས་མཐར་ཐུག་གི་བར་དུ་བསྡུས་པར་བསམ་སྟེ། སྦྱང་གཞི་ཐ་མལ་བ་འཆི་བའི་ཚེ་ལུས་ཀྱི་སྟོད་སྨད་ནས་དྲོད་བསྡུས་ནས་ཐ་མར་སྙིང་ག་ནས་འཆི་འཕོ་བའི་ཕྱིར་དང༌། བསྐྱེད་རྫོགས་གཉིས་ཀའི་སྐབས་སུ། འོད་གསལ་དུ་འཇུག་པ་དེ་དང་རྗེས་སུ་མཐུན་པར་བསྒོམ་པ་ཡིན་པའི་ཕྱིར་རོ། །འོད་གསལ་ཀྱི་ངང་ནས་མངོན་བྱང་ལྔའི་སྒོ་ནས་དང་པོའི་མགོན་པོ་བསྒོམ་པ་དང༌། དེ་སྤྲུལ་སྐུར་བསྒྱུར་བ་ནི་བར་དོ་དང༌། སྐྱེ་བ་དང་ཆོས་མཐུན་པར་བསྒོམ་པ་ཡིན་ནོ། །ཕྱག་རྒྱ་འདུ་བྱ་བའི་སྐབས་སུ། མདོ་བསྲེ་ལས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་གོ་འཕང་ནི་འདོད་ཆགས་ལས་སྐྱེ་བ་རབ་ཏུ་བསྟན་པའི་ཕྱིར། ལེའུ་དང་པོར་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད་པ་དེ་བཞིན་དུ་བསྐྱེད་བཞིན་པ་ལ་གནས་པས་ཀྱང་དང་པོར་སྦྱོར་བ་བྱ་སྟེ། ཞེས་གསུངས་པའི་བྱང་ཆུབ་ཀྱི་གོ་འཕང་ནི་སྔར་བཤད་པ་ལྟར། སྐྱེ་ཤི་བར་དོ་གསུམ་དང་ཆོས་མཐུན་པར་བསྒོམས་པའི་འབྲས་བུ་སྐུ་


JLD006_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡིན་ལ། དེ་འདོད་ཆགས་ལས་སྐྱེ་བར་བསྟན་པའི་དོན་ནི། ས་ཆུ་སོགས་རིམ་གྱིས་ཐིམ་ནས་འོད་གསལ་དུ་འཇུག་པ་ལ་རྫོགས་རིམ་གྱི་སྐབས་སུ་ཕྱིའི་རྐྱེན་ཕྱག་རྒྱ་དང་ནང་གི་རྐྱེན་རླུང་གཉིས་ཡོད་པས་དེའི་རྒྱུད་སྨིན་པར་བྱེད་པ་ལ་བསྐྱེད་རིམ་པས་ཀྱང་ཕྱག་རྒྱ་འདུས་བྱས་ནས་མཁའ་གསང་བྱིན་གྱིས་བརླབ་པ་སོགས་བསྒོམ་དགོས་པར་གསུངས་པ་ཡིན་ནོ། །ཕྱི་ནང་གི་རྐྱེན་གཉིས་ནི་ལེའུ་དང་པོའི་གཟུངས་དཀྱིལ་སྤྲུལ་བའི་སྐབས་སུ། དགོངས་པ་ལུང་སྟོན་ལས། དེ་ནས་དེ་བཞིན་གཤེགས་ཀུན་དང༌། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དེ་བཞིན་གཤེགས་པའི་བདག་པོ་དེ། བརྙེས་པའི་ཕྱིར་ནི་ཞུགས་པར་གྱུར༌། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། །ཁྱབ་དང་མཉམ་གནས་ཞེས་བཤད་དང༌། །ཀླུ་དང་རུས་སྦལ་རྩངས་པ་དང༌། ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །དེ་དག་པདག་གཟུགས་བུད་མེད་དུ། །སླར་ཡང་སྤྲུལ་པར་མཛད་པ་ཡིན། ཞེས་ལེའུ་དང་པོ་ལས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་འདོད་ཆགས་ཆེན་པའི་ཚུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔར་སྤྲུལ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་ནས་སླར་ཡང་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས་སྐུ་ལ་བྱུང་བར་གྱུར་ཏེ། གཤེགས་མ་བཞི་དང༌། རྡོ་རྗེ་མ་ལྔ་སྟེ། དགུ་པྱུང་བའི་ལྷ་མོ་དགུ་རླུང་དགུ་དང་སྦྱར་བར་མཛད་པའི་དོན་ནི། ལྷ་མོའི་གཟུགས་སུ་སྤྲུལ་བ་ནི་སེམས་དབེན་གྱི་རྟོགས་པ་བསྐྱེད་པ་ལ་སོགས་པའི་ཕྱིའི་རྐྱེན་སྟོན་པ་ཡིན་ལ། དེ་དག་རླུང་དང་སྦྱར་བ་ནི་རྡོར་བཟླས་ལ་བརྟེན་ནས་ནང་གི་རྐྱེན་རླུང་ལས་རུང་དུ་


JLD006_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཐབས་སྟོན་པ་ཡིན་ནོ། །གཉིས་པ་སྙིང་གའི་འཁོར་ལོ་གཙོ་བོར་གྱུར་པའི་ཚུལ་ནི། འཆི་བའི་དུས་ཀྱི་ཕུང་སོགས་རིམ་གྱིས་བསྡུས་ནས་འཆི་བའི་འོད་གསལ་མངོན་དུ་བྱ་སྟེ། མཐར་ལུས་འདོར་ས་སྙིང་ག་དང༌། ཐོག་མར་རྣམ་ཤེས་གང་དུ་འཇུག་པའང་སྙིང་ག་ཡིན་ལ། དེ་དང་རྗེས་སུ་མཐུན་པར་རྣལ་འབྱོར་བས་ལམ་དུས་ཀྱི་སྟོང་པ་བཞིའི་ཡེ་ཤེས་མངོན་དུ་བྱེད་པ་ཡིན་ལ། དེ་མངོན་དུ་བྱེད་པའི་རྐྱེན་གྱི་གཙོ་བོ་ཡང་ཕྱིའི་ཕྱག་རྒྱ་ལ་བརྟེན་པ་དང༌། ནང་གི་རླུང་ལས་རུང་དུ་བྱེད་པ་གཉིས་སོ། །ཕྱི་མ་ནི་རྡོ་རྗེའི་བཟླས་པ་ཉིད་ཀྱི་སྒོ་ནས་ཡིན་ལ་དེ་ནི་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་བྱེད་པ་ཡིན་ཏེ་འཆད་པར་འགྱུར་རོ། །དེ་ལ་བླ་མ་སྔ་མ་ཁ་ཅིག་གིས་འབྱུང་འཇུག་ལ་བརྟེན་པའི་རྡོར་བཟླས་རྟགས་ལྔ་ཤར་གྱི་བར་དུ་བྱས་ནས་ཧཱུཾ་གིས་འོག་རླུང་སྙིང་གའི་ཐིག་ལེ་ལ་ཡར་ཐེན། ༀ་གྱིས་སྟེང་རླུང་མར་མནན་ནས་སྙིང་གའི་ལྟེ་བར་རླུང་ཁ་སྦྱོར་བསྒོམ་པ་རྡོར་བཟླས་དངོས་དང༌། སྔ་མ་དེའི་ཡན་ལག་ཙམ་དུ་འདོད་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མ་ཡིན་ཏེ། མིང་རྡོར་བཟླས་སུ་བཏགས་ཀྱང་དོན་བུམ་པ་ཅན་དུ་སོང་བས་རྡོར་བཟླས་གཅིག་པུས་སེམས་དབེན་གྱི་རྟོགས་པ་བསྐྱེད་ནུས་པས་དེ་མཚན་ཉིད་ཚང་བར་བསྒོམས་ན་བུམ་པ་ཅན་དང༌། ལུས་ཀྱི་ས་ཚིགས་ལ་བརྟེན་ནས་དགའ་བཞིའི་དོགས་པ་བསྐྱེད་པའི་ཚུལ་ལ་སོགས་པ་རྣམས་བྱ་མི་དགོས་པར་རྩ་རྒྱུད་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བ་རྣམས་སུ་རྒྱས་པར་གསུངས་པའི་ཕྱིར་རོ། །སེམས་དབེན་གྱི་རྟོགས་པ་བསྐྱེད་པའི་ཚུལ་ཡང་དང་པོར་རྡོར་བཟླས་འབྱུང་


JLD006_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལ་བརྟེན་པ་ཉི་ཤུ་རྩ་ཤས་རེ་ཙམ་བྱས་ནས་དེའི་རྗེས་སུ་སྔར་བཤད་པའི་རྩ་འདབ་ཐ་མ་ཡི་གེ་དང་བཅས་པ་ལ་རླུང་ཁ་སྦྱར་བྱས་ནས་སེམས་བཟུང་སྟེ་སྣང་བའི་ཡེ་ཤེས་བསྐྱེད་པ་དང༌། ཡང་འབྱུང་འཇུག་སྔོན་དུ་བཏང་ནས་རྩ་འདབ་བར་བ་ཡི་གེ་དང་བཅས་པ་ལ་སེམས་བཟུང་ནས་མཆེད་པའི་ཡེ་ཤེས་བསྐྱེད་ཚུལ་སོགས་མཛད་ཀྱང་ཁ་སྦྱར་བསྒོམ་པ་མིན་ནོ། །ཡང་རྗེ་འགོས་ཀྱིས། འཁོར་ལོའི་ལྟེ་བར་ཨཾ་ཡིག་དང༌། ཨ་ཚེ་དྲག་ཅན་དང༌། ཨ་ཐུང་ལ་བརྟེན་ནས་རིམ་པ་བཞིན་དུ་སེམས་གསུམ་གྱི་རྟོགས་པ་བསྐྱེད་པའི་ཚུལ་དང༌། རིམ་ལྔའི་འགྲེལ་པ་ནོར་བུའི་ཕྲེང་བ་དང༌། ཁ་ཆེ་ལཀྵྨཱིས་མཛད་པ་དང༌། རྩ་རྒྱུད་ཀྱི་བཤད་པ་ཟུང་འཇུག་གསལ་བ་དང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བའི་འགྲེལ་པ་མཛད་པ་ཨ་ལམ་ཀ་ཀ་ལ་ཤ་རྣམས་ཀྱིས་ལྟེ་བར་ཐོག་མར་རྩ་འཁོར་འདབ་མ་བརྒྱད་པ་བསྒོམས་ནས་སེམས་དབེན་གྱི་རྟོགས་པ་བསྐྱེད་ཚུལ་ཅུང་ཟད་བཤད་ཀྱང་གསལ་ཞིང་མཐའ་ཆོད་པར་མ་བཤད་དོ། །དེས་ན་སེམས་དབེན་གྱི་རྟོགས་པ་བསྐྱེད་པའི་ནང་གི་རྐྱེན་གྱི་གཙོ་བོར་རྡོར་བཟླས་ཉིད་ཡིན་པས་དེ་ལ་སྙིང་གར་སྔགས་ཀྱི་འཁོར་ལོ་བསྒོམ་པ་དང༌། དེ་ལ་བརྟེན་ནས་རྡོར་བཟླས་བྱེད་པའི་ཚུལ་གཉིས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། རྩ་གསལ་འདེབས་པའམ་མ་བཏབ་ཀྱང་རུང༌། སྙིང་གའི་འཁོར་ལོའི་རྩ་འདབ་སུམ་རིམ་ཡི་གེ་དང་བཅས་པ་གསལ་བཏབ་ཅིང༌། དེ་ཙམ་མི་གསལ་ན་སྙིང་གའི་འཁོར་ལོའི་ལྟེ་བ་ལུས་ཀྱི་གནད་གང་ན་ཡོད་པ་དེའི་ས་ཚིགས་མ་འཆོལ་བར་ཤེས་པར་བྱས་ལ། དེའི་ནང་དུ་མི་ཤིགས་པའི་ཐིག་ལེ་སྔར་བཤད་པ་ལྟར་བསྒོམ་མོ། །གཉིས་པ་ལ།


JLD006_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་བཟླས་དངོས་དང༌། དེ་ལ་བརྟེན་ནས་སེམས་དབེན་གྱི་རྟོགས་པ་ཇི་ལྟར་སྐྱེ་བའི་ཚུལ་ལོ། །དང་པོ་ནི། རྩ་རྒྱུད་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །མ་བརྟན་པར་དུ་ཡོང་མི་སྤྲོ། །སངས་རྒྱས་འབར་བ་འདྲ་བའི་འོད། །མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ། ཞེས་གསུངས་པ་ལ་ཡིག་དོན་ནི་སྤྱི་དོན་དུ་འདུས་པར་དགོངས་ནས་བཤད་པ་ལོགས་སུ་མ་མཛད་ལ། སྤྱི་དོན་ལ། བསྐྱེད་རིམ་པའི་གདོང་གི་སྣ་རྩེར་ཕྱག་མཚན་ཕྲ་མོ་བསྒོམ་པའི་རྣལ་འབྱོར་བཤད་ལ། སྦས་དོན་ལ། གསང་གནས་ཀྱི་སྣ་རྩེར་ཐིག་ལེ་ཕྲ་མོ་བསྒོམ་པའི་འདོད་ཆགས་ཆོས་སྦས་བཤད་ཅིང་མཐར་ཐུག་གི་བཤད་པ་ལ་རྡོ་རྗེའི་བཟླས་པ་བྱེད་ཚུལ་བཤད་དོ། །དེ་ལ་བླ་མ་སྔ་མ་དག །རྡོར་བཟླས་མཐར་ཐུག་ཏུ་བཞག་པ་མེད་པས་སེམས་དབེན་བསྐྱེད་པའི་གོང་གི་རྡོར་བཟླས་མ་ཡིན་གྱི་ཟུང་འཇུག་ཐོབ་ནས་ལས་ཚོགས་སྒྲུབ་པའི་སྐབས་ཀྱི་རྡོར་བཟླས་ཡིན་ལ། མཐར་ཐུག་ཏུ་བཤད་པ་ནི། བཟླས་པ་བྱེད་པ་པོའི་ཟུང་འཇུག་གི་སྐུ་ལ་དགོངས་སོ་ཞེས་གསུང་ཡང༌། སྐབས་འདི། སེམས་དབེན་གྱི་རྒྱུར་གྱུར་པའི་རྡོར་བཟླས་བྱེད་ཚུལ་ཕྱིན་ཅི་མ་ལོག་པར་བསྟན་པ་ལ་འཆད་མ་ཤེས་ན་རྡོར་བཟླས་ཀྱི་གནད་མཐའ་དག་ཉམས་པར་འགྱུར་རོ། །མཐར་ཐུག་ཏུ་བཤད་པ་ནི། དེའི་འབྲས་བུ་འོད་གསལ་ལེགས་པར་བསྒྲུབ་པ་ལ་དགོངས་སོ། །དེས་ན་རྒྱུད་དེའི་འགྲེལ་པར། རིན་པོ་ཆེ་ནི། རླུང་


JLD006_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་ལྔ་དེ་བཞིན་གཤེགས་པའི་བདག་ཉིད་ཅན་སྙིང་གའི་མི་ཤིགས་པའི་ཐིག་ལེ་སྟེ། རིན་པོ་ཆེ་སངས་རྒྱས་འབྲས་བུར་ཡོད་པས་འབྲས་བུའི་མིང་གི་རྒྱུ་བསྟན་པ་ཡིན་ལ། ཡུངས་ཀར་གྱི་འབྲུ་ཚོད་ཙམ་ནི། ཐིག་ལེའི་གཟུགས་ཅན་དེ་ཐིག་ལེ་དཀར་དམར་ཁ་སྦྱར་བའི་དབུས་ན་ཨ་ཐུང་གནས་པའོ། །སྣའི་རྩེ་མོ་ནི། སྙིང་གའི་པདྨའི་ལྟེ་བའོ། །ནན་ཏན་ཞེན་པའང་འབད་པས་འཇུག་གནས་ལྡང་གསམ་གྱི་རྣལ་འབྱོར་གྱིས་རྟག་པར་ཉིན་མཚན་དུ་བསྒོམ་པར་བྱའོ། །བརྟན་པར་གྱུར་ནས་སྤྲོ་བ་ནི། སྤྱི་དོན་དང་སྦས་དོན་གྱི་སྐབས་སུ་དང་པོར་བརྟན་པ་ཐོབ་ནས་དེའི་རྗེས་སུ་སྤྲོ་བསྡུ་ལ་སློབ་པ་ལ་བཤད་ཀྱང༌། འདིར་ནི་བརྟན་པ་ནི་མི་ཤིགས་པའི་ཐིག་ལེ་ཡིན་ལ། དེ་ལས་འོད་ཟེར་སྣ་ལྔའི་རླུང་སྤྲོ་བསྡུ་བྱེད་པ་ཡིན་ནོ། །བརྟན་པར་མ་གྱུར་ཞེས་པ་ནི། མི་ཤིགས་པའི་ཐིག་ལེའི་དེ་ཁོ་ན་ཉིད་ལེགས་པར་ཁོང་དུ་ཆུད་པར་རྡོར་བཟླས་འདི་བྱའི་བརྟན་པ་ཁོང་དུ་ཆུད་པར་མ་གྱུར་པས་བྱས་ཀྱང་འབྲས་བུ་ཆུང་བར་བསྟན་ནོ། །སྤྲོ་བའི་ཚུལ་ནི། སངས་རྒྱས་འབར་བ་ནི་འོད་ཟེར་རྣམ་པ་ལྔའོ། །དེ་དང་འདྲ་བའི་འོད་ནི་དཀྱིལ་འཁོར་བཞི་སྟེ། གཡས་པ་ནས་འབྱུང་བའི་པདྨ་མགོན་པོའི་རྒྱུ་བ་སོགས་སོ། །དེ་དག་གི་དོན་མདོར་བསྡུ་ན། དང་པོར་པདྨ་མགོན་པོའི་རྒྱུ་བ་ལྟ་བུ་ལ་རྡོར་བཟླས་བྱེད་པའི་ཚེ་ༀ་གྱི་རང་སྒྲ་ཅན་དུ་ནང་དུ་འཇུག་པའི་ཚེ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ཕུག་ནས་དེའི་ནང་དུ་ཞུགས་པར་བསམ་ཞིང༌། དེ་རྫོགས་པ་དང་ཨའི་སྒྲ་གྲགས་པར་བསམ་ཞིང༌། ཐིག་ལེ་དེ་ཉིད་ལ་དམིགས་ནས་སེམས་ཅུང་ཟད་རེ་གཟུང་ངོ་། །ཕྱིར་འབྱུང་བའི་ཚེ་ཐིག་ལེ་དེ་ཉིད་ཀྱི་ནང་ནས་ཧཱུཾ་གི་རང་སྒྲ་ཅན་དུ་འབྱུང་


JLD006_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམས་ནས་རྡོར་བཟླས་བྱའོ། །ཡང་སྔར་དྲངས་པ་ལྟར་ལེའུ་གསུམ་པ་ནས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་སོགས་ལ། དྲང་ངེས་ཀྱི་བཤད་པ་གཉིས་པོྱས་ནས། དྲང་དོན་ལ་བསྐྱེད་རིམ་གྱི་མངོན་བྱང་ལྔས་དང་པོའི་མགོན་པོ་བསྐྱེད་པ་ལ་སྦྱར་ནས་ནམ་མཁའི་དབྱིངས་ནི་ལྷག་མོས་འོད་གསལ་དུ་བསྡུས་པ་དང༌། དེར་ཟླ་བ་ལས་བྱང་ཆུབ་པ་དང༌། ཟླ་བའི་སྟེང་དུ་ཕྱག་མཚན་ལས་བྱང་ཆུབ་པ་ནི། རྣམ་སྣང་ལ་འཁོར་ལོ་བསྒོམ་པ་སོགས་རིགས་ལྔ་ཀའི་དང་པོའི་མགོན་པོ་བསྐྱེད་ཚུལ་བསྟན་ནོ། །དེ་ཉིད་ངེས་དོན་གྱི་བཤད་པའི་ཚེ་ནམ་མཁའི་དབྱིངས་ནི་སྙིང་གའི་ལྟེ་བའི་ཁོང་སྟོང་དང༌། དེའི་དབུས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར་ནི་མི་ཤིགས་པའི་ཐིག་ལེ་བྲི་བར་བྱ་བ་ནི་ཤེས་བར་བྱའོ། །མི་ཤིགས་པ་དེ་ལས་བྱུང་བའི་འཁོར་ལོའི་དཀྱིལ་འཁོར་ནི་ཆུ་ཀླུང་དཀར་པོ་མི་བསྐྱོད་པའི་རྒྱུ་བའོ། །དེ་བཞིན་དུ་མགོན་པོ་གཞན་གསུམ་གྱི་རྒྱུ་བ་ལ་ཡང་དངོས་སུ་སྦྱར་ནས་མི་ཤིགས་པའི་ཐིག་ལེ་ཉིད་ལས་ལྡང་བ་ནི་འཇུག་པའི་རིམ་པས་རྡོར་བཟླས་བྱའོ། །གཉིས་པ་ནི། སེམས་དབེན་གྱི་རྟོགས་པ་སྐྱེད་པ་ལ་ཁམས་རགས་པ་ཕྲ་བ་ལ་ཐིམ། ཕྲ་བ་རླུང་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རྣམ་ཤེས་ལ་ཐིམ་པའི་རྣམ་པ་ཅན་དུ་བསྒོམ་དགོས་པ་མ་ཡིན་ནམ། སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་དཀྱིལ་འཁོར་བཞིའི་རླུང་འཇུག་ལྡང་བྱེད་པའི་ཚུལ་ལེགས་པར་ཁོང་དུ་ཆུད་ནས་རྡོར་བཟླས་བྱས་


JLD006_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་གྱིས་སེམས་དབེན་གྱི་རྟོགས་པ་དངོས་སུ་སྐྱེད་པ་ལ་ཇི་ལྟར་ཕན་སྙན་ན། བཤད་པར་བྱ་སྟེ། བཤད་རྒྱུད་རྡོ་རྗེ་འཕྲེང་བའི་ལེའུ་དྲུག་པ་ནས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཐིག་ལེའི་དབྱེ་བ་བླ་ན་མེད། །འཇིག་རྟེན་ཐིག་ལེའི་དབྱེས་དབེན་ན། །འཁོར་བར་ཡང་དང་ཡང་དུ་འཁོར། ཞེས་རྡོར་བཟླས་བྱེད་པའི་གཞི་ཐིག་ལེ་གསུམ་གྱི་དབྱེ་བ་དང༌། གཙོ་བོ་མི་ཤིགས་པའི་ཐིག་ལེ་མ་ཤེས་པའི་ཉེས་དམིགས་འཁོར་བར་འཁོར་བར་བསྟན་ནས། མཛོད་སྤུའི་དབུས་ན་གནས་པ་ནི། །ཐིག་ལེ་རླུང་དུ་ཡང་དག་པཤད། །སྔགས་ཀྱི་དེ་ཉིད་ཀྱིས་དེ་དབྱེད། །རྣལ་འབྱོར་མདུད་པ་བཀྲོལ་ནས་ནི། །རླུང་གི་དེ་ཉིད་རིག་པ་དེ། །ཁྱད་པར་དབྱེ་བའི་སྦྱོར་བ་ཡིས། །སྦྱོར་བ་དེ་ཡང་མི་རིག་གོ །ཞེས་རྩ་མདུད་འབྱེད་པའི་ཐབས་མི་ཤེས་པས་འཁོར་ལ། དེ་གང་གིས་འབྱེད་ན། སྔགས་ཀྱི་དེ་ཉིད་རྡོར་བཟླས་ཀྱིས་འབྱེད་པར་བསྟན་ནོ། །རླུང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕན་ཡོན་ནི། ཐིག་ལེའི་དབྱེ་བ་རིགས་བཅས་པ། །གང་ཤེས་མྱུར་དུ་རྣལ་འབྱོལ་མཆོག །སྦྱོར་བས་མདུད་པ་འབྱེད་པར་བྱེད། །ཁམས་གསུམ་པ་ཡི་འགྲོ་བ་འདི། །མྱུར་དུ་དངོས་གྲུབ་མཆོག་ཏུ་འགྲོ། ཞེས་ཐིག་ལེའི་དབྱེ་བ་རིག་པས་ཏེ། ཐབས་དང་བཅས་པ་གོམས་པས་རྩ་མདུད་འབྱེད་ཅིང་དེ་ལས་ཐར་བ་ཐོབ་པར་འགྱུར་པས། རྩ་མདུད་ཀྱི་གཙོ་བོ་གང་ན་ཡོད་པ་དང༌། གང་གིས་འབྱེད་པའི་ཚུལ་ལ་སོགས་པ་རྡོ་རྗེ་འཆང་གིས་ཕྱག་ན་རྡོ་རྗེ་ལ་གསུངས་པ་ནི། སྙིང་གི་པདྨའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །སྟེང་འོག་ཡང་དག་


JLD006_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ནི། །སྲོག་དང་ཐུར་སེལ་རླུང་ཆེན་གནས། །དེ་ཡང་དབྱེ་བ་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །དེ་ཡིས་ཐུར་སེལ་བཅོམ་བྱས་པས། །སྟེང་དུ་འགྲོ་བ་ཐོབ་མི་བྱེད། །དེས་བཅོམ་སླར་ཡང་རྣམ་ལྔར་རྒྱུ། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། །ཁྱབ་བྱེད་དང་ནི་མཉམ་གནས་ཉིད། །རྩེ་མོ་ལྔ་ལས་རྒྱུ་བ་ནི། །རྩ་ལྔ་ལ་ནི་ཡང་དག་བརྟེན། །རྒྱས་དང་རྣམ་པར་རྒྱས་པ་དང༌། །མོས་དང་ལྟུང་དང་མཛའ་བོ་སྟེ། །དེ་དག་རྩ་ནི་ལྔར་ཤེས་བྱ། །རྡོ་རྗེ་འོག་ཏུ་གསལ་བར་ཁྱབ། ཅེས་སྙིང་གི་པདྨའི་སྦུབས་སྙིང་གའི་འཁོར་ལོའི་ལྟེ་བའི་ནང་གི་ཁོང་སྟོང་ཅུང་ཟད་ཡོད་པའོ། །ཡེ་ཤེས་རྡོ་རྗེ་ནི། མི་ཤིགས་པའི་ཐིག་ལེའོ། །དེར་རོ་རྐྱང་གཉིས་ཀྱི་མདུད་པ་གསུམ་གསུམ་གྱིས་དཀྲིས་ནས་སྲོག་རླུང་དབུ་མའི་ནང་ནས་ཐུར་ལ་འགྲོ་བ་དང༌། ཐུར་སེལ་དེའི་ནང་ནས་གྱེན་དུ་འགྲོ་བའི་བྱ་བ་བཅོམ་ནས། མདུད་པ་དེའི་སྟོད་སྨད་དུ་རྡོ་རྗེའི་རྭ་ལྟ་བུ་རྩ་ལྔ་ལྔ་ཡོད་པའི་ནང་ནས་རླུང་རྣམས་རྒྱུ་བ་ཡིན་ནོ། །མདུད་པ་དེ་ལ་མིང་དུ་མ་རིག་པའི་མདུད་པ་ཞེས་བྱའོ། །མདོར་བསྡུས་ན། འཁོར་བ་བསྐྱེད་པའི་རྒྱུའི་གཙོ་བོ་གང་ཟག་དང་ཆོས་ཀྱི་བདག་འཛིན་ནི། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ཀས་ཐུན་མོང་དུ་ཤེས་པར་བྱ་བ་ཡིན་ལ། འཁོར་བ་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་གྱི་གཙོ་བོ་རང་བཞིན་བརྒྱད་ཅུའི་རྟོག་པ་གཡོ་བར་བྱེད་པའི་རླུང་ནི་སྐབས་འདིར་ཤེས་པར་བྱ་བ་ཡིན་ནོ། །རླུང་སེམས་ཀྱི་རང་གནས་ནི། དང་པོ་འཇུག་པ་དང་མཐར་སྡུད་པའི་སྙིང་ག་ཉིད་ཡིན་ལ། དེ་ཡང་རྩ་མདུད་ཀྱིས་བཅིངས་པའི་དབང་གིས་རང་གནས་སུ་


JLD006_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྙེགས་མ་བྱུང་བར་རོ་རྐྱང་ལ་སོགས་པའི་སྒོ་རྣམས་ནས་བརྒྱུས་ནས་རང་བཞིན་གྱི་རྟོག་པ་རྣམས་བསྐྱེད་དེ། འཁོར་བར་འཁོར་ལ། སྔར་བཤད་པ་ལྟར་རྡོ་རྗེའི་བཟླས་པ་ལ་གོམས་པས་དབྱེ་བར་དཀའ་བའི་སྙིང་གའི་རྩ་མདུད་ཕྱེད་ནས་རླུང་ཐམས་ཅད་རང་གནས་སུ་ཐིམ་ཞིང་རང་བཞིན་གཡོ་བའི་རླུང་རྣམས་ཀྱང་ཉེ་བར་ཞི་ནས་སེམས་ཀུན་རྫོབ་པའི་མ་བཅོས་པའི་ངོ་བོ་སྟོང་པ་བཞི་རིམ་གྱིས་མངོན་དུ་འགྱུར་པས་རྡོ་རྗེའི་བཟླས་པ་ལ་བརྟེན་ནས་སེམས་དབེན་སྐྱེ་བའི་གོ་རིམ་ལེགས་པར་གྲུབ་པ་ཡིན་ནོ། །དེས་ན་སྔར་བཤད་པ་ལྟ་བུའི་རྡོ་རྗེའི་བཟླས་པ་ཤེས་ན་བུམ་པ་ཅན་ལ་སོགས་པ་བསྒོམ་མི་དགོས་ཏེ། རྡོ་རྗེ་ཕྲེང་བར། ཕྲེང་བ་མི་དགོས་བསྒོམ་མི་དགོས། །བྱ་བ་མི་དགོས་དགག་མི་དགོས། །སྔགས་ཀྱི་དེ་ཉིད་གཅིག་པུ་ཡིས། །ཡང་དག་རྫོགས་པའིསངས་རྒྱས་འཐོབ། ཅེས་གསུངས་ཤིང་། དེ་བཞིན་དུ་ཕྱག་རྒྱ་བཞིའི་དབྱེ་བ་དང༌། འཁོར་ལོ་བཞིའི་དབྱེ་བས་དགའ་བ་བཞི་འབྱེད་པ་སོགས་ཀྱང་འདིར་མི་དགོས་ཏེ། ཕྱག་རྒྱ་ཆེན་པོའི་གོ་འཕང་གསལ། སྔགས་ཀྱི་དེ་ཉིད་གཅིག་པུས་འཐོབ། ཅེས་གསུངས་སོ། །སྔགས་ཀྱི་དེ་ཉིད་ནི་རྡོ་རྗེའི་བཟླས་པ་སྟེ། དེ་མི་ཤེས་པར་སྔགས་བསྒྲུབ་པ་ནི་རྒྱ་མཚོའི་ཕ་རོལ་འགྲོ་འདོད་པའི་མིས་ལམ་མི་འདྲི་བ་དང༌། ཆུ་བསྲུབས་པ་ལས་མར་མི་འབྱུང་བ་ལྟར་གསུངས་སོ། །སྙིང་གར་སྔགས་ཀྱི་འཁོར་ལོ་བསྒོམ་པའི་ཚུལ། བླ་མ་སྔ་མ་རྣམས་དེ་ལྟར་བཞེད་ལ། མར་ལུགས་པ་རྣམས་ཀྱི་གདམས་ངག་གི་རྩ་བ་རིམ་ལྔ་པསྡུས་པ་གསལ་བའི་དགོངས་པ་འདི་ལྟར་སེམས་ཏེ། ཡི་གེ་ཀ་ནས་


JLD006_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཡི་བར། །ཀྵ་ནི་སྤངས་པ་བཞི་པཅས་པ། ཞེས་འབྱུང་བས། ཀྵ་སྤངས་པའི་གསལ་བྱེད་སོ་གསུམ་ལ་སྣ་ལྡན་གྱི་ཡི་གེ་ལྔ་ཡོད་དེ། ང་ཉ་ན་ཎ་མའོ། །དེ་ལ་མ་ནི། བཅུ་གཉིས་ཡི་གེ་ཐིག་ལེར་བཅས། ཞེས་འབྱུང་བའི་དབྱངས་བཅུ་གཉིས་ཀྱི་ཐིག་ལེའི་ཐོབ་སྐལ་ལ་བཏགས་ནས་གསལ་བྱེད་སོ་གཉིས་པོ་སྙིང་གའི་རྩ་འདབ་པར་པ་བརྒྱད་པོ་རེ་རེའི་ནང་དུ་བཞི་བཞི་འགོད་དེ། བྱང་ཤར་གྱི་རྩ་འདབ་ལ་སྔར་བཤད་པའི་སྦས་པའི་ཡི་གེ་བཞིར་ཐ་སྙད་བྱས་པ་དང༌། ལྕེ་རྩ་ཅན་གྱི་ཡི་གེ་དོར་ནས་སྣ་ལྡན་གྱི་ཡི་གེ་ལྷག་མ་བཞི་པཀོད་ལ་ལྷག་མ་རྣམས་སྔར་ལྟར་དགོད་དོ། །རྡོར་བཟླས་བྱེད་པའི་ཚེ་སྙིང་གའི་མི་ཤིགས་པའི་ཐིག་ལེའི་དབུས་ནས་ཕུག་སྟེ་ཐུར་སེལ་གྱི་གནས་སོགས་ནས་འགྲོ་འོང་བྱས་ཀྱང་འགལ་བ་ཆེར་མེད་མོད་ཀྱི་འོན་ཀྱང་མགོན་པོ་བཞི་ཀའི་རླུང་མི་ཤིགས་པའི་ཐིག་ལེ་ཉིད་ནས་སྤྲོ་བ་དང་བསྡུ་བ་བྱ་ཞིང༌། རླུང་ཤིན་ཏུ་རྩུམ་པོས་ཐིག་ལེ་འབུགས་པ་ལྟ་བུ་མ་ཡིན་པར་རླུང་ལྷོད་ཅིང་དལ་བུས་ནང་དུ་བཅུག་པའི་ཚེའང་བྱེ་མ་ལ་ཆུ་ལྟར་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བསམ་ཞིང༌། ཕྱིར་འབྱུང་བའི་ཚེའང་དལ་བུས་བྱུང་བར་བསམས་ན་གེགས་ཉུང་ཞིང༌། འབྱུང་འཇུག་གཉིས་ཡུན་ཚད་མཉམ་པར་བྱས་ནས་གནས་པ་དེ་ལས་ཅུང་ཟད་རིང་བར་ཐིག་ལེ་ཉིད་ལ་སེམས་བཟུང་ངོ༌། །ལུས་ཀྱི་གནད་རྣམས་ཀྱང་ཧ་ཅང་གྲིམས་པ་ཧ་ཅང་ལྷོད་པ་མ་ཡིན་པར་རན་པར་བྱའོ། །རླུང་འདུ་ཕུལ་ཆེ་ན་དབུས་ཀྱི་ཐིག་ལེ་ཉིད་ལ་ཐུན་མཚམས་ཀྱི་སྐབས་སུ་ཡང་སེམས་བཟུང་ལ། འདུ་ཕུལ་ཆུང་བ་རྣམས་ཀྱིས་རྩ་འདབ་


JLD006_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡི་གེ་རྣམས་ལ་རིམ་གྱིས་ཐུན་མཚམས་ཀྱི་སྐབས་སུ་སེམས་བཟུང་སྟེ། དང་པོར་ཕྱི་རིམ་གྱི་ཨ་ལ་སེམས་བཟུང་དེ་ནས་ཨི་ལ་སེམས་འཛིན་པ་ལྟ་བུའོ། །རྩ་འཁོར་རྣམས་ཀྱི་ནང་ནས་སྙིང་གའི་རྩ་འཁོར་དང་དེའི་ལྟེ་བའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་རྡོར་བཟླས་བྱེད་པའི་གཙོ་བོར་འགྱུར་པའི་ཚུལ་ནི། རྡོ་རྗེ་ཕྲེང་བའི་ལེའུ་ཉེར་གཅིག་པ་ལས་ཀྱང་གསུངས་ཏེ། དེ་ཡང་རྡོ་རྗེ་གསུམ་གྱི་ཡིག་དོན་བཤད་པ་དང༌། དེ་གསུམ་གྱི་ནང་ནས་གཙོ་བོ་གང་ཡིན་དྲིས་ལན་གྱིས་རྒྱས་པར་གཏན་ལ་ཕབ་པ་དང་གཉིས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། ༀ་ནི་སྐུ་ཡི་རྡོ་རྗེ་ཡི། །སྙིང་བོ་རྒྱུ་ནི་ཡང་དག་པཤད། །ཡི་གེ་ཨ་ནི་ཡི་གེ་ཨོ། །ཡི་གེ་མ་ཞེས་བྱ་བ་གསུམ། །ཨ་ནི་ཆོས་འཁོར་པདྨར་གནས། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །འདི་ཉིད་ཁོ་ནར་རླུང་ཆེན་པོ། །སྲོག་ཅེས་བྱ་བ་ཐམས་ཅད་གསུངས། ཞེས་དང༌། ཨོ་ནི་ལོངས་སྤྱོད་འཁོར་ལོར་གནས། །མེ་དང་ཉི་མ་འདྲ་བ་ཡི། །མགྲིན་པའི་མཐར་གནས་སྤྱི་གཙུག་མཐར། །ཁྱབ་པ་གཟི་བརྗེད་ཀྱི་ནི་ལུས། ཞེས་དང༌། ཡི་གེ་མ་ནི་ཐིག་ལེ་ཙམ། །མཐོ་བའི་ཚད་ནི་སོར་བཅུ་གཉིས། །རྒྱལ་བོའི་གཙུག་ཏོར་གནས་ན་གནས། ཞེས་གསུངས་ཏེ། ༀ་ལ་ཨ་དང་ཨོ་དང་མ་གསུམ་པཏུས་ཀྱང་ཨོ་ནི་ཡི་གེ་མ་དག་པར་མངོན་པས་ཨུ་ཐུ་བར་བྱའོ། །དེ་ལ་ཡི་གེ་གསུམ་པསྡོམས་ནས་ༀ་དུ་འགྱུར་པ་ཙམ་སྒྲ་པ་རྣམས་ཀྱིས་ཀྱང་ཤེས་ཀྱང་དེས་མཚོན་དོན་མི་ཤེས་པས་དེས་ན་ཡི་གེ་ཨ་ནི་སྙིང་གའི་པདྨའི་ལྟེ་བར་གནས་པའི་སྲོག་རླུང་ཡིན་ན། རླུང་གི་འཁོར་ལོ་ལ་ཁྱབ་པ་ནི། དེ་ནས་བཟང་སྟེ་སྨིན་དབུས་རླུང་གི་འཁོར་ལོ་འདབ་མ་དྲུག་པའི་ལྟེ་བར་གནས་


JLD006_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་གྱི་སྲོག་རླུང་མཚོན་པ་ཡིན་ནོ། །ཨུ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བར་གནས་པའི་གྱེན་རྒྱའི་རླུང་ཡིན་ལ། དེ་ཡང་དེ་ནས་བཟུང་སྟེ་སྤྱི་གཙུག་གི་མཐའ་མན་ཆད་ཀྱི་བར་ན་གནས་པ་མཚོན་དོན་ཏེ་ཉི་མ་དང་ཟླ་བའི་འོད་དང་འདྲ་བར་ཁ་དོག་དམར་པོ་གཟི་བརྗིད་འབར་བའོ། །མ་ནི་བདེ་ཆེན་ཀྱི་འཁོར་ལོའི་ལྟེ་བ་ན་གནས་པའི་ཐིག་ལེ་དཀར་པོ་སྟེ། ཨ་དང་ཨུ་མཚམས་སྦྱར་བས་ཨོར་འགྱུར་ལ་དེ་ལ་མ་རྗེས་སུ་ང་རོར་བཅས་པའི་ༀ་གྱིས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སྲོག་དང་གྱེན་རྒྱུའི་རླུང་ཐིག་ལེ་དང་གཅིག་ཏུ་འཆིངས་པ་མཚོན་པ་ཡིན་ནོ། །གསུང་རྡོ་རྗེའི་ཡིག་དོན་ནི། །ཡི་གེ་ཨ་ནི་ཡེ་ཤེས་ཆེ། །གསུང་གི་རྡོ་རྗེའི་སྙིང་བོ་མཆོག །ཨ་གཉིས་དང་ནི་ཡི་གེ་མཆོག །རིང་པོར་བྱས་ཏེ་དབྱེ་བ་གསུམ། ཞེས་དང༌། ཨ་ནི་ཆོས་འཁོར་པདྨ་ལས། །མགྲིན་པར་ཡི་གེ་ཨ་ཉིས་འགྱུར། །སྲོག་ཡིག་དང་ནི་ཐུར་སེལ་བ། །ཡི་གེ་ཧ་ཡིས་ཀུན་ནས་ནི། །མགྲིན་པའི་དབུས་ན་གནས་པ་བཅིངས། ཞེས་གསུངས་པ་ཨ་གཉིས་དང་ཧ་གསུམ་པཏུས་ཏེ་ཨ་དང་པོས་ནི་སྙིང་གའི་སྲོག་རླུང་མི་ཤིགས་པ་མཚོན་ལ་ཨ་གཉིས་པས་དེ་ནས་བཟུང་སྟེ་སྲོག་རླུང་ཙམ་ཞིག་མགྲིན་པའི་བར་དུ་གནས་པ་མཚོན་ལ། ཡི་གེ་ཧས་སྲོག་རླུང་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བར་མཆིངས་པ་མཚོན་པས། ཨས་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བར་རླུང་འཆིངས་པ་མཚོན་ནོ། །ཐུགས་རྡོ་རྗེའི་ཡིག་དོན་ནི། །ཧ་དང་དེ་བཞིན་ཡི་གེ་ཨུ། །དེ་བཞིན་ཡི་གེ་མ་དང་གསུམ། ཞེས་དང་། ཧ་ནི་ཐུར་སེལ་མིང་ཅན་རླུང༌། །བཤང་སྒོ་གསང་བའི་དབུས་ན་གནས། །


JLD006_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཨུ་ནི་སྟེང་འགྲོ་རླུང༌། །མགྲིན་པའི་པདྨའི་དབུས་ན་གནས། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་བར་རླུང་གི་འཁོར་ལོ་ལ། །དེ་དག་གཅིག་གྱུར་སྙིང་ག་ལས། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། ཅེས་གསུངས་པ་ལ། ཡི་གེ་གསུམ་གྱི་ཧ་ནི་འདོམས་ན་གནས་པའི་ཐུར་སེལ་གྱི་རླུང་དང༌། ཨུ་ནི་གྱེན་རྒྱུ་དང༌། མ་ནི་སྲོག་རླུང་སྟེ་དེ་དག་པསྡོམས་པས་ནི་སྲོག་ཐུར་སྙིང་གའི་ལྟེ་བར་འདྲེས་པ་མཚོན་ནོ། །གཉིས་པ་ལ་ཕྱག་ན་རྡོ་རྗེས། རྡོ་རྗེ་འཆང་ལ་ཞུས་པ་ནི། རྡོ་རྗེ་གསུམ་གྱི་ཡིག་དོན་དང༌། གནས་ཀྱི་དབྱེ་བ་རྟོག་ལགས་ན། །འདི་རྣམས་དབུས་ན་བདག་པོ་གང༌། །ཇི་ལྟ་བུ་ཞིག་གཙོ་བོར་གསུངས། ཞེས་རླུང་འཆིངས་པ་ཚན་པ་གསུམ་གསུངས་པའི་གཙོ་བོ་གང་ཡིན་ཞེས་པའོ། །ལན་ལ། སྙིང་གའི་མི་ཤིགས་པའི་རླུང་གཙོ་བོ་ཡིན་པའི་རྒྱུ་མཚན་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུད་གཞན་གང་དུ་ཡང་མ་གསུངས་པ་འདིར་བཤད་པར་བྱ་བས་ཉོན་ཅིག་ཅེས་བསྐུལ་ནས། ཐུགས་ཀྱི་ས་བོན་བདག་པོ་སྟེ། །ཀུན་གྱི་ནང་ནས་རྣམ་རྟོག་མེད། །གང་ཕྱིར་གཙོ་བོ་གཞན་རྣམས་ནི། །འགྲིབ་དང་དེ་བཞིན་འཕྲོགས་པར་བྱེད། ཅེས་ཏེ། དེ་དག་གི་ནང་ནས་སྙིང་གར་སྲོག་ཐུར་འདྲེས་པ་གཙོ་བོ་ཡིན་ཏེ། སྔར་བཤད་པ་ལྟར་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་རྡོར་བཟླས་བྱ་སྟེ། སྙིང་གའི་རྩ་མདུད་གྲོལ་བ་ན་རྣམ་རྟོག་ཐམས་ཅད་འཇོམས་པའི་ཕྱིར་དང༌། རྩ་མདུད་གཞན་རྣམས་ཀྱང་འགྲིབ་པ་འཕྲོགས་པ་སྟེ་གྲོལ་བར་འགྱུར་པའི་ཕྱིར་རོ། །གཉིས་པ་ལ། འཁོར་བར་རྐྱེན་གང་གིས་འཁོར་བ་


JLD006_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རིགས་པའམ་ཐབས་གང་་གྲོལ་བའོ། །དང་པོ་ནི། རྣམ་པར་རྟོག་པའི་རླུང་གཉིས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །སྣ་ཡི་བུ་ག་ལས་ནི་རྒྱུ། །ལུས་ལ་རྟག་ཏུ་འབྱུང་བར་བྱེད། །འགྲོ་བ་དྲུག་གི་འཁོར་བའི་ལམ། ཞེས་ཏེ། སྙིང་གའི་རྩ་མདུད་མ་ཕྱེད་པའི་དབང་གིས་རྟོག་པའི་རླུང་སྲོག་ཐུར་གཉིས་སྙིང་གའི་དབུ་མའི་ནང་དུ་འདྲེ་མ་ནུས་པར་སྟེང་འོག་གི་རྩ་སྒོ་མཐའ་ཡས་པ་ནས་བརྒྱུས་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་གཡོས་ཏེ། དེས་ལས་བསགས་ནས་འགྲོ་བ་རིགས་དྲུག་གི་འཁོར་བར་འཁོར་བ་ཡིན་ནོ། །གཉིས་པ་ལ། རིགས་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གསུམ་པ་རྣལ་འབྱོར་བ་ཡིས་རྟོགས། །རྣམ་རྟོག་མེད་པར་རྨད་བྱུང་ཆེ། །རླུང་རྣམས་ཐམས་ཅད་འགོག་པས་ན། །སྐྱེ་བ་དེ་ཉིད་རྟོགས་པའོ། ཞེས་ཏེ། གསུམ་པ་ཐུགས་རྡོ་རྗེའི་མཚོན་དོན་རྟོགས་པའི་རྣལ་འབྱོར་པས་རྡོར་བཟླས་བྱས་པས་རྨད་དུ་བྱུང་ཞིང་རྟོག་པ་འཇོམས་པར་བྱེད་པའི་རྣལ་འབྱོར་སྐྱེའོ། །གང་གིས་ན་རླུང་གི་དེ་ཉིད་རྟོགས་པས་སོ། །གང་ན་སྙིང་གའི་དབུ་མའི་ནང་དུ་སྲོག་ཐུར་བསྲེ་བར་བྱེད་པའོ། །གཉིས་པ་ལ། རླུང་འགོག་པའི་རིགས་པའམ། །ཐབས་རྒྱས་པར་བཤད་པ་དང༌། ལམ་གྱི་གོ་རིམ་དང༌། རྩ་མདུད་གྲོལ་བའི་རྟགས་སོ། །དང་པོ་ནི། སྤྲུལ་པ་ཆོས་ཀྱི་འཁོར་ལོའི་དབུས། །འདིར་ནི་པདྨ་གཉིས་སུ་གསུངས། །དྲུག་ཅུ་རྩ་བཞི་པརྒྱད་འདབ་གཉིས། །སྟེང་དང་འོག་ཏུ་ཁ་བལྟས་བཞིན། །སྟེང་འོག་ཡང་དག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་


JLD006_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བར་བྱེད། །དེ་འདྲ་ཁོ་ན་རྟོག་བཅས་པས། །རླུང་གཉིས་སུ་ནི་གསལ་བར་གསུངས། །སྐུ་དང་གསུང་གི་སྙིང་པོ་སྟེ། །ལཱ་ལ་ན་དང་རཱ་ས་ན། །ཨ་བ་དྷཱུ་ཏཱི་མཆོག་གི་རྩ། །དེ་འདྲ་དབུས་མ་མཆོག་གི་མཆོག །རྣམ་རྟོག་མེད་པའི་རླུང་གང་ཡིན། །རྟག་ཏུ་རྒྱུ་ཞིང་ཀུན་ལ་ཁྱབ། །རྣལ་འབྱོར་གང་འཐོབ་རྟག་ཏུ་ནི། །སེམས་ཅན་དོན་བྱེད་ནུས་པར་འགྱུར། །རླུང་གི་རང་བཞིན་བྱེ་བྲག་ནི། །བརྒྱ་དང་བརྒྱད་ལས་གང་རྒྱལ་བ། །དུས་ཀུན་ཏུ་ནི་རྒྱལ་ནས་གནས། །རྣལ་འབྱོར་བྱིས་པ་མི་ཤེས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །དེ་ཡིས་ཐོབ་པར་རྒྱུད་འདིར་གསུངས། །དེ་ནི་གང་ཆེ་སྐད་ཅིག་འཐོབ། །དེ་ནི་སྐད་ཅིག་མཆོག་ཏུ་གསུངས། །དེ་ཡང་ཇི་ལྟར་འཐོབ་པར་བྱེད། །དེ་ལ་རིགས་པ་རུ་ནི་བརྗོད། ཅེས་གསུངས་ཏེ། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་དང་སྙིང་ག་ཆོས་འཁོར་གྱི་རྩ་འདབ་བརྒྱད་པ་གཉིས་སྟེང་དང་འོག་ཏུ་ཁ་བལྟས་པ་སྟེ། ཟ་མ་ཏོག་བཞིན་ཏུ་འོག་མ་ཁ་གྱེན་ལྟ་དང་གོང་མཐུར་ལྟར་གནས་པའོ། །སྙིང་གའི་རྩ་མདུད་དེའི་དབང་གིས་སྲོག་ཐུར་གཉིས་ཀྱང་དེའི་སྟེང་འོག་གི་རྩ་རྣམས་ལ་བརྟེན་ནས་རྒྱུ་ཞིང་རང་བཞིན་གཡོ་བར་བྱེད་པས་དེ་གཉིས་ལ་རྟོག་བཅས་ཀྱི་རླུང་ཞེས་བྱའོ། །སྐུ་དང་གསུང་གི་རྩ་རོ་རྐྱང་གཉིས་ཀྱི་ཐུགས་ཀྱི་རྩ་དབུ་མ་གཙོ་བོ་ཡིན་ལ་དེའི་ནང་དུ་རྣམ་རྟོག་གཅོད་པར་བྱེད་པའི་འོད་གསལ་གྱི་རླུང་རྟག་ཏུ་རྒྱུ་བ་སྟེ་གནས་པར་བྱེད་ལ། རྡོར་བཟླས་ཀྱི་རྣལ་འབྱོར་གྱིས་སྙིང་གའི་རྩ་མདུད་བཤིགས་ནས་འོད་གསལ་མངོན་དུ་གྱུར་ཏེ། རང་གཞན་གྱི་དོན་གཉིས་འགྲུབ་པར་འགྱུར་པ་དང༌། འཁོར་ལོ་དྲུག་གི་རྩ་ནང་དུ་མཚན་ཕྱེད་ནས་


JLD006_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཕྱེད་དང༌། དེ་ནས་མཚན་ཕྱེད་ཀྱི་བར་དུ་རླུང་དགུ་དགུ་རྒྱུ་བའི་དབྱེ་བས་ཕྱེ་བའི་རླུང་བརྒྱ་རྩ་བརྒྱད་ལས་རྒྱལ་བ་སྟེ་སྙིང་གའི་དབུ་མའི་ནང་དུ་བསྡུས་ནས་གནས་ཤིང་སྐད་ཅིག་དེ་ཉིད་ལ་གཞི་དུས་ཀྱི་འོད་གསལ་མངོན་དུ་འགྱུར་རོ། །གཉིས་པ་ནི། ཐོག་མར་རྣལ་འབྱོལ་པ་ཆེན་པོ། །བློ་བཟང་གིས་ནི་ཞི་གནས་བསྒོམས། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །ཁྲོ་བོའི་ཕྱག་རྒྱ་བྱས་ནས་ཀྱང༌། །དབང་པོ་ཡི་ནི་སྒོ་དགུ་ལ། །ཐམས་ཅད་དུ་ནི་ཀུན་བསྡོམས་པ། །ཧཱུཾ་བཟླས་པ་ནི་མཚུངས་མེད་བྱ། །མཆོག་ཏུ་རྒྱུན་མི་འཆད་པར་ནི། །ཟླ་བ་དྲུག་ཏུ་བྱས་ནས་ཀྱང༌། །དེ་རྗེས་སྐད་ཅིག་དེ་ལ་ཐོབ། །གང་ཕྱིར་དེ་ནི་བཟླས་བྱས་ནས། །སྙིང་གའི་པདྨའང་སྟེང་བལྟས་འཇིག །དེ་ནས་གསང་བའི་པདྨ་ཡི། །ཁ་སྦྱོར་བ་ནི་བྱེ་ནས་ཀྱང༌། །རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་རྣམས་རྣམ་པར་བཅད་ནས་འགྲོ །ཞེས་གསུངས་ཏེ། རྟོགས་པ་དེ་དག་པསྐྱེད་པའི་གོ་རིམ་ནི་ཐོག་མར་རྣལ་འབྱོར་པས་ཞི་གནས་ཏེ་བསྐྱེད་པའི་རིམ་པ་ལེགས་པར་མཐར་ཕྱིན་པར་བྱས་པའི་ཁྲོ་བོའི་ཕྱག་རྒྱའམ་འབར་བའི་ཕྱག་རྒྱས་ཐ་མལ་པའི་སྣང་ཞེན་ལེགས་པར་བསྲེགས་ནས་དེ་ནས་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། ལུས་རྣམ་པར་དབེན་པ་མཐར་ཕྱིན་པར་བྱས་ནས་དབང་པོའི་སྒོ་ཀུན་ཏུ་རྒྱུ་བའི་རླུང་བཅད་ནས་སྙིང་གའི་དབུ་མའི་ནང་དུ་གཞུག་པར་བྱ་བའི་ཕྱིར་དུ་སྔར་བཤད་པ་ལྟར་རྡོ་རྗེའི་བཟླས་པ་ཟླ་བ་དྲུག་ཏུ་བྱ་ལ་དེ་བྱས་ནས་སྙིང་གའི་པདྨའི་རྩ་མདུད་ཀྱང་འཇིག་པར་འགྱུར་པ་ཁ་སྟེང་དུ་བལྟས་པའི་སྤྲུལ་བའི་འཁོར་ལོའི་རྩ་མདུད་ཀྱང་འཇིག་ཅིང་གསང་བའི་པདྨའི་རྩ་མདུད་དང་སྨིན་


JLD006_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་རླུང་གི་འཁོར་ལོའི་རྩ་མདུད་སོགས་བྱེ་ནས་རྣམ་པར་རྟོག་པའི་རླུང་སྲོག་ཐུར་གཉིས་རོ་རྐྱང་ནས་རྒྱུ་བ་བཅད་ནས་རང་གི་གནས་སྙིང་གའི་དབུ་མའི་ནང་དུ་འདུ་བར་འགྱུར་ལ། དེ་འདུས་པས་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་ནས་སྟོང་པ་བཞིའི་རྣལ་འབྱོར་སྐྱེ་བར་འགྱུར་པ་ཡིན་ནོ། །གསུམ་པ་ནི། རྩ་མདུད་གྲོལ་ནས་རྣལ་འབྱོར་པ་དེ་ལ་ལུས་འདར་བ་དང་རྡུལ་དང་བ་སྤུ་ལངས་པ་དང་རྟག་ཏུ་དགའ་བའི་བསམ་པ་དང༌། གདོང་ཟངས་ཀྱི་མདོག་ལྟ་བུ་དང༌། ཀུན་གྱིས་མཐོང་ན་དགའ་བ་དང༌། བཀྲེས་སྐོམ་གྲང་དྲོ་ལ་སོགས་པའི་རེག་པས་མི་གནོད་པ་དང་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པ་ལ་སོགས་པའི་རྟགས་རྣམས་འབྱུང་བར་འགྱུར་རོ། །དེ་ལ་ལུས་དབེན་མཐར་ཕྱིན་པའི་གང་ཟག་དེས་རྡོར་བཟླས་བྱེད་པའི་ཡུན་ཚད་ཟླ་བ་དྲུག་པྱས་ནས་དེའི་སྐབས་སུ་ཉམས་མྱོང་མི་འདྲ་བ་དྲུགབཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། དེ་ལ་མདོར་བསྟན་པ་ནི། བགྲང་བ་ཡི་ནི་སྦྱོར་བ་ཡིས། །བསྒོམ་བྱ་རྣལ་འབྱོར་མཆོག་གིས་རྟོགས། །བགྲང་བྱ་དབུགས་ཀྱི་དབྱེ་བ་ཡིས། །དེ་བཞིན་རླུང་ནི་སྤྱད་པར་བྱ། །གནས་གྱི་དབྱེ་བ་རྩ་རྣམས་ནི། །དུས་ཀྱི་དབྱེ་བའི་རྟོག་པ་དང༌། །རླུང་རྣམས་ཀྱི་ནི་ལྡོག་པ་དང༌། །རྟོག་པ་དང་བཅས་སྤངས་པ་སྟེ། །དེ་ལྟར་མདོར་བསྡུས་རྣམ་དྲུག་གིས། །འབྱུང་དང་འཇུག་པར་རྗེས་སུ་དྲན། ཞེས་གསུངས་ཏེ། ཆོས་མངོན་པ་ལས། དབུགས་འབྱུང་དབུགས་རྔུབ་ལ་དམིགས་ནས། །བགྲང་དང་རྗེས་འགྲོ་བཟླས་པ་དང༌། །བསྒྱུར་བ་དང་ནི་རྟོག་པ་དང༌། །ཡོངས་བརྟགས་རྣམ་


JLD006_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་ཏུ་འདོད། ཅེས་གསུངས་པ་དང་ཆ་འདྲ་བར་རྣམ་པ་དྲུག་ཏུ་གསུངས་ཏེ། གྲངས་ཀྱི་དབྱེ་བ་ཆ་སྙོམས་པ་དང་རླུང་གི་གནས་ཀྱི་ངེས་པ་དང༌། མཚན་ཉིད་ཀྱི་ངེས་པ་དང༌། རླུང་ལྡོག་པའི་དུས་དང༌། ཡོངས་སུ་དག་པའི་བཟླས་པ་དྲུག་ཏུ་གསུངས་ཏེ། གྲངས་ལ་ཡང་ཉི་ཁྲི་ཆིག་སྟོང་དྲུག་པརྒྱའི་ངེས་པ་དང༌། ཐུན་བརྒྱད་ལ་ཉིས་སྟོང་པདུན་པརྒྱ་རེ་ཆ་སྙོམས་པར་རྒྱུ་བའི་ངེས་པའོ། །རྒྱས་པར་བཤད་པ་ལ་དྲུག་གི་དང་པོ་ཉིན་ཞག་གཅིག་ལ་འབྱུང་འཇུག་བསྡོམས་པ་ལ་རེ་རེར་བྱས་པའི་ཉི་ཁྲི་ཆིག་སྟོང་དྲུག་པརྒྱ་ཆ་སྙོམས་པར་རྒྱུ་བའི་ངེས་པ་ནི། ཐོག་མར་འབྱུང་དང་རྔུབ་པ་རྣམས། །ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་མོ་མཚན་མོར་ངེས་པ་ནི། །ཇི་སྲིད་གྲངས་ནི་ཐོབ་པའི་གནས། །ཉིན་ཞག་ཉི་ཤུ་རྩ་བདུན་དུ། །གྲངས་ནི་རྗེས་སུ་སྦྱར་བ་ཡིས། །གྲངས་ནི་རབ་ཏུ་བརྟགས་པ་ཡིན། ཞེས་གསུངས་ཏེ། སྔར་བཤད་པ་ལྟར་རྡོར་བཟླས་བྱས་པའི་མཐུས་ལུས་ཀྱི་འབྱུང་བ་ལེགས་པར་ཆ་བསྙོམས་ནས་ཉིན་མཚན་མཉམ་པའི་དབང་དུ་བྱས་ན་ཉིན་པར་རླུང་ཁྲི་བརྒྱད་སྟོང་དང༌། མཚན་མོ་ཡང་དེ་ཙམ་རེ་རྒྱུ་བ་ཉིན་མཚན་ཆ་སྙོམས་པ་དང༌། སྔར་རེས་འགའ་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་པརྒྱ་རྒྱུ་ཡང་དུས་ཀུན་ཏུ་མ་ངེས་ལ་འདི་ནས་ནམ་ལངས་ནས་ནམ་ལངས་ཀྱི་བར་ལ་ངེས་པར་གྲགས་དེ་ཙམ་རེ་རྒྱུ་བའི་སྒོ་ནས་ལུས་ཆ་སྙོམས་པའི་ལག་རྗེས་འཇོག་པ་ཡིན་ཏེ། དུས་འཁོར་ལས། བཙས་ནས་རིང་པོར་མ་ལོན་པ་ནས་རྩ་གཉིས་གཉིས་སྐོམས་པར་འགྱུར་པར་


JLD006_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་སོགས་ཀྱང་སྐབས་འདི་ནས་སོར་ཆུད་པར་འགྱུར་པ་ལྟ་བུའོ། །དེ་ལ་སྤྱིར་ལུས་ལ་གནད་དུ་བསྣུན་པའི་སྒོ་ནས་ཏིང་ངེ་འཛིན་སྐྱེ་བ་མཆོག་ཏུ་འགྱུར་པའི་ཚུལ་འོག་མ་རྣམས་ལའང་ཡོད་དེ། ཐུན་མོང་བའི་ཞི་གནས་ཀྱི་སྐབས་སུ། དང་པོར་སེམས་ཤིན་སྦྱངས་སྐྱེ་ལ། དེ་ནས་ལུས་ཤིང་སྦྱངས་སྐྱེ་སྟེ། དེར་ནི་ཞི་གནས་མཚན་ཉིད་པ་སྐྱེ་བ་དང་རྗེས་སུ་མཐུན་པའི་རླུང་ལས་རུང་སྐྱེས་ནས་ཞི་གནས་འགྲུབ་པར་འགྱུར་པ་ཡིན་ནོ། །དེ་བཞིན་དུ་རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུའང་རླུང་ལས་རུང་དུ་བྱས་པའི་སྒོ་ནས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་དང༌། བསྐྱེད་རིམ་གྱི་སྐབས་སུ་ཡང༌། ཕྲ་མོའི་རྣམ་འབྱོར་བརྟན་པར་བསྒོམས་པས་རླུང་ལས་རུང་སྐྱེས་ནས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ལ། རྫོགས་རིམ་གྱི་སྐབས་སུ་ནི་ལུས་ལ་གནད་དུ་བསྣུན་པའི་སྒོ་ནས་ངེས་པར་ལམ་སྒྲུབ་དགོས་པ་ཡིན་ནོ། །གཉིས་པ་ཐུན་ཚོད་བརྒྱད་ཀྱི་སྒོ་ནས་རླུང་གི་གྲངས་ཀྱི་ངེས་པ་ནི། ཐུན་མཚམས་ཀྱི་ནི་རབ་དབྱེ་བས། །དེ་ནས་རྗེས་འགྲོ་བཟླས་པ་ནི། །ཐུན་ཚོད་སོ་སོར་སྲོག་རྣམས་དང༌། །སྲོག་དང་རྩོལ་བ་བརྟག་པ་སྟེ། །ཉིས་སྟོང་པདུན་པརྒྱའི་གྲངས་ཀྱིས་ནི། །ཡང་དག་པར་ནི་ངེས་བཟུང་བྱེད། །ཡོངས་སུ་གཅོད་པའི་རྣམ་པ་ཡིས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། ཞེས་གསུངས་ཏེ། དྲུག་ཀ་ཞག་ཉེར་བདུན་རེས་བྱེད་པར་འདྲ་ལ། སྐབས་འདིར་ཡང༌། རྡོར་བཟླས་བྱས་པས་ཉིན་ཞག་གཅིག་ལ་ཐུན་ཚོད་བརྒྱད་དུ་བྱས་པའི་ཐུན་རེ་ལ་ཉིས་སྟོང་པདུན་པརྒྱ་རེ་ཆ་སྙོམས་པར་རྒྱུ་བའི་ལག་རྗེས་འཇོག་པ་ཡིན་ཏེ། སྔར་ནི་དེ་ལྟ་བུའི་ངེས་པ་མེད་པར་རེས་འཇོག་ཏུ་རྒྱུ་བ་ཡིན་ནོ། །འགྲེལ་པས་པདྨ་མགོན་


JLD006_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱུ་བ་ལྟ་བུ་གཅིག་ལ་དགུ་པརྒྱ་པ་ཕྲག་གཅིག་ཡོད་ལ་དེ་ལ་འབྱུང་འཇུག་གནས་གསུམ་དུ་ཕྱེ་བས་ཉིས་སྟོང་པདུན་པརྒྱ་ཡིན་ནོ། །ཞེས་ཟེར་བ་ནི་དོན་མ་ཡིན་ཏེ། དེ་ནི་ཞག་གཅིག་ལ་ཐུན་ཕྱེད་པ་ཉེར་བཞིར་ཕྱེ་བའི་དབང་དུ་བྱས་ལ། འདིར་ནི་ཐུན་བརྒྱད་དུ་བྱས་ནས་དེའི་ཐུན་རེ་ལ་ཉིས་སྟོང་པདུན་པརྒྱ་རེ་རྒྱུ་བར་གསུངས་པའི་ཕྱིར་རོ། །གསུམ་པ་རླུང་རྒྱུ་བའི་གནས་ཀྱི་ངོ་བོ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཉམས་མྱོང་སྐྱེ་ཚུལ་ནི། འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །ཉིན་དང་མཚན་དུ་ངེས་པར་ནི། །དེ་ནས་གནས་པ་འབད་པ་ཡིས། །ཐ་དད་དུ་ནི་རབ་ཏུ་བརྟག །རྩ་ཡི་འཁོར་ལོ་རྒྱུ་བ་ཡིས། །འབྱུང་དང་རྔུབ་པ་ངེས་པར་ནི། །ངེས་པར་གཟུང་བའི་སྦྱོར་བ་ལས། །རྩ་ཡི་འཁོར་ལོ་སྤྱད་པར་བྱ། །དེ་ནི་འཁོར་ལོ་རྩ་དབྱེ་བས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། ཞེས་གསུངས་ཏེ། ཞག་ཉེར་བདུན་གསུམ་པའི་སྐབས་སུ་རླུང་རྒྱུ་བའི་གནས་རྩའི་འཁོལ་ལོ་རྣམས་ཀྱི་འདབ་མ་དང་སྐྱེད་པ་དང་རྩ་མདུད་ཇི་ལྟར་ཡོད་པ་རྣམས་མྱོང་བའི་རྣམ་པས་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །བཞི་པ་རླུང་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྟོགས་པ་སྐྱེད་ཚུལ་ནི། དེ་ནས་མཚན་ཉིད་ཡང་དག་ནི། །གནས་ཀྱི་དབྱེ་བས་བརྟག་པར་བྱ། །གནས་ནི་སོ་སོར་རྣམ་བརྟགས་རྣམས། །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །རྣམ་རྟོག་མེད་པ་སྦྱོར་བ་མཆོག །རྟོག་པ་སྤངས་པའི་བདག་ཉིད་ཅན། །དངོས་པོ་ཀུན་གྱི་རང་བཞིན་བདག །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །འདིར་ནི་ཡང་དག་རྣལ་འབྱོར་མཆོག །ཉིན་ཞག་ཉི་ཤུ་རྩ་བདུན་གྱིས། །མཚན་ཉིད་བསྒོམས་པའི་


JLD006_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བ། །ཇི་ལྟར་གནས་པ་རབ་བསྒོམས་པས། ཞེས་གསུངས་ཏེ། ཞག་ཉེར་བདུན་པ་བཞི་པའི་སྐབས་སུ། འཁོར་ལོ་བཞི་དང་སྨིན་དབུས་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང༌། མགྲིན་པའི་འོག་གི་མེའི་འཁོར་ལོ་འདབ་མ་གསུམ་པ་དང་དྲུག་པོ་རེ་རེ་མཚན་ཕྱེད་ནས་ཉིན་ཕྱེད་ཀྱི་བར་དུ་རླུང་དགུ་དགུ་པརྒྱུས་པས་དགུ་དྲུག་ལྔ་པཅུ་རྩ་བཞི་དང༌། དེ་བཞིན་དུ་ཉིན་ཕྱེད་ནས་མཚན་ཕྱེད་ཀྱི་བར་ཡང་རྒྱུ་བའི་སྒོ་ནས་ཕྱེ་བའི་རླུང་གི་མཚན་ཉིན་ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ། སྔར་རང་ག་བའི་དུས་སུ་རྩ་དང་རླུང་གི་ཁ་དོག་སོགས་མཐོང་བ་ལྟ་བུར་སྣང་བ་ནི་ཉམས་ཙམ་ཡིན་གྱི་མྱོང་བའི་རྣམ་པས་ཇི་ལྟ་བ་བཞིན་དུ་མཐོང་བ་མ་ཡིན་ནོ ། །ལྔ་པ་རླུང་ལྡོག་པའི་དུས་ནི། རྟོག་པ་བཅས་བདག་རྣལ་འབྱོར་པས། །དེ་ལ་རྣལ་འབྱོར་ལོག་ནས་ནི། །མི་རྟོག་པ་ཡི་རླུང་ཆེན་པོ། །རྩ་ཡི་འཁོར་ལོར་རྣམ་པར་རྒྱུ། །དེ་ཐོབ་ནས་ནི་ལོག་པ་དང༌། །དེ་ནས་ཉོན་མོངས་ཀུན་སྦྱོར་ལས། །ངེས་པ་ལས་ནི་དོན་དམ་པ། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །ལས་དང་པོ་ཡི་སྦྱོར་བ་ཡིས། །ལོག་པར་བློ་དང་ལྡན་པས་བསྒོམ། ཞེས་གསུངས་ཏེ། ཞག་ཉེར་བདུན་ལྔ་པའི་སྐབས་སུ། རྩ་གཞན་རྣམས་ནས་རླུང་རྒྱུ་བ་ལྡོག་པའི་མགོ་རྩོམ་ཞིང་དབུ་མའི་ནང་དུ་འཇུག་པར་བྱེད་པའོ། །དེ་ཡང་གཙོ་བོ་སྙིང་གའི་མདུད་ཀྱི་ནང་དུ་འཇུག་པ་རྩོམ་པས་ཏེ། འདི་ནི་རླུང་ལྡོག་པའི་དུས་ཁྱད་པར་ཅན་ནོ། །མ་རྒྱུད་སོགས་ནས་བཤད་པ་ལྟར་གཏུམ་མོ་བསྒོམས་པས་དགའ་བཞིའི་རྟོགས་པ་བསྐྱེད་པའི་ཚུལ་དང་སྐབས་འདིར་ཡང་


JLD006_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དབེན་གྱི་རྟོགས་པ་སྐྱེས་པའི་གོང་དུ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་སེམས་གཟུང་བའི་སྟོབས་ཀྱིས་རླུང་དབུ་མར་བསྡུས་ཏེ་རྟགས་ལྔ་ཤར་ནས་སེམས་དབེན་དང་རྣམ་པ་འདྲ་བའི་རྟོགས་པ་སྐྱེས་ཀྱང་སེམས་དབེན་དུ་མི་བཟུང་སྟེ། སེམས་དབེན་ནི་ངེས་པར་སྙིང་གའི་རྩ་མདུད་གྲོལ་ནས་དེར་རླུང་ཐིམ་པ་ལ་བལྟོས་པའི་ཕྱིར་རོ། །དེས་ན་འདིའི་སྐབས་ཀྱི་སྟོང་པ་བཞི་ལ་དགའ་བཞིས་ཁྱབ་ཀྱང་དགའ་བཞི་ལ་འདིས་མ་ཁྱབ་བོ། །དྲུག་པ་ཡོངས་སུ་དག་པའི་བཟླས་པ་ནི། དེ་ནས་རྣམ་དག་དེ་དག་ཀྱང༌། །ཡང་དག་རྣལ་འབྱོར་སྟོབས་ཀྱིས་ནི། །སྲོག་དང་རྩོལ་བའི་རྣལ་འབྱོར་རྣམས། །ཀུན་ནས་རབ་ཏུ་སྤངས་ནས་ནི། །རླུང་གི་དེ་ཉིད་ཁོ་ནའི་རྒྱུ། །རྣལ་འབྱོར་མཆོག་ནི་བསྒོམ་པར་བྱ། །གཉིས་མེད་མཆོག་གི་རྣལ་འབྱོར་གྱིས། །ཉིན་ཞག་ཉིཤུ་རྩ་བདུན་ལ། ཞེས་གསུངས་ཏེ། ཞག་ཉེར་བདུན་པ་དྲུག་པའི་སྐབས་སུ་སྙིང་གའི་རྩ་མདུད་གྲོལ་ནས་རླུང་ཐམས་ཅད་དེར་འདུས་ནས་ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་རྣམས་སྐྱེས་ཏེ། སེམས་དབེན་གྱི་རྟོགས་པ་སྐྱེ་བར་འགྱུར་རོ། །ཞག་ཉེར་བདུན་པ་དྲུག་པ་འདིའི་སྐབས་སུ་རྡོར་བཟླས་མ་བྱས་ཀྱང་སྔར་མདོར་བསྟན་གྱི་སྐབས་སུ་རྣམ་པ་དྲུག་གིས་འབྱུང་འཇུག་བྱེད་པར་བཤད་པ་དང་མི་འགལ་ཏེ། དེ་ནི་ཐ་མ་དང་བཅས་པའི་དུས་དང་པོ་ལྔའི་སྐབས་སུ་རྡོར་བཟླས་བྱེད་པས་རྣམ་པ་དྲུག་ཅེས་སྨོན་སོ། །རྩ་མདུད་གྲོལ་ནས་མི་ཤིགས་པའི་ཐིག་ལེ་དཀར་དམར་ཡང་ཁ་བྱེ་བར་འགྱུར་རོ། །དེ་ལ་རྡོར་བཟླས་བྱས་པའི་མཐར་རླུང་སྡུས་པའི་རིམ་པ་ཤེས་དགོས་ཏེ།


JLD006_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་གསུམ་པའི་ཕྲ་མོའི་རྣལ་འབྱོར་སྟོན་པའི་ཐད་དུ་སྒྲོན་གསལ་ལོ་ཆེན་གྱིས་བསྒྱུར་བའི་དག་པ་དང་པ་ཚབ་ཀྱིས་བསྒྱུར་བ་ལས། འཇུག་པ་དང་གནས་པ་དང་ལྡང་བ་དང་སྡུད་པའི་རྣལ་འབྱོར་ཞེས་བཞིར་གསུངས་པའི་སྡུད་པར་བཤད་པ་དང༌། དེ་བཞིན་དུ་ལེའུ་དྲུག་པ་དང་རྒྱུད་ཕྱི་མའི་སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་པའི་འགྲེལ་པ་སྒྲོན་གསལ་རྣམས་ཀྱི་དགོངས་པ་དང་ཁྱད་པར་རླུང་སྡུད་པའི་རིམ་པ་ལྷ་མོ་བཞིས་ཞུས་ལས་གསུངས་པ་ངེས་པར་ཤེས་དགོས་སོ། །ཡང་ན་དཔལ་ནཱ་རོ་པས་མཛད་པའི་རིམ་ལྔ་པསྡུས་པ་གསལ་བའི་དོན་ཚན་སོ་སོར་གཅོད་ཚུལ་འདི་ལྟར་ཤེས་པར་བྱ་སྟེ། གདམས་པའི་ཆེ་བ་དང༌། གདམས་པ་དངོས་སོ། དང་པོ་ལ། སངས་རྒྱས་ཀུན་གྱི་གསང་བ་ཆེ། །རིམ་པ་ལྔ་ལ་གནས་པ་བོ། ཞེས་པའི་རྐང་པ་གཉིས་ཀྱིས་མདོར་བསྟན་ནས་དེའི་རྒྱས་བཤད་འོག་ནས་བྱང་ཆུབ་སེམས་ལྡན་བླ་མ་དང༌། ཞེས་པ་ནས། མཆོག་ཐོབ་སྐུས་ནི་གཞན་དོན་བྱེད། ཅེས་པའི་བར་དང༌། ཡི་གེའི་དོན་དང་སྤྱི་ཡི་དོན། ཞེས་པ་ནས། སྟན་ཅིག་སྟེང་དུ་སྦྱར་ཏེ་བཤད། ཅེས་པའི་བར་རྣམས་ཀྱིས་འཆད་དོ། །དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་དགོངས་པ་སྒྲོན་གསལ་དུ་བཤད་པ་ལྟར་དཔལ་གསང་བ་འདུས་པ་མདོ་སྡེ་དང༌། རྒྱུད་སྡེ་ཀུན་གྱི་སྣོད་དང་རྩ་བར་བསྒྲུབས་པའི་སྒོ་ནས་ཆེ་བ་འཆད་དེ། དེའང་དེ་དག་ཀུན་རྒྱུད་འདིར་འདུས་པར་སྟོན་པ་ཡིན་ལ། བསྡུས་ཚུལ་བླ་མ་སྔ་མ་ཁ་ཅིག་ཕྱིའི་ནང་དུ་གསང་བ་འདུས་པ་ལ་འཆད་པ་ནི་མི་འཐད་དེ། མདོ་རྒྱུད་དེ་དག་གིས་བརྗོད་པའི་དོན་གྱི་གསང་བ་


JLD006_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྒྱུད་འདིར་བརྗོད་བྱར་སྟོན་པ་མིན་ནོ། །དེས་ན་འདིར་བསྟན་པའི་རིམ་གཉིས་ཀྱི་ལམ་དང༌། རྫོགས་རིམ་གྱི་ཡང་ལམ་རིམ་པ་ལྔ་པོས་གཞན་ནས་བསྟན་པའི་ལམ་གྱི་དགོས་པ་མཐའ་དག་ལྷག་དང་བཅས་པ་སྒྲུབ་ནུས་པ་ནི་འདུས་པའི་དོན་ཡིན་ཏེ། འཆད་པར་འགྱུར་རོ། །དཔེན་ན་ཉན་ཐོས་ཀྱི་ལམ་གྱི་བྱེད་པ་ཉོན་སྒྲིབ་ཟད་པར་སྤོང་བ་སོགས་ལམ་འདིས་ལྷག་དང་བཅས་པ་འགྲུབ་པ་བཞིན་ནོ། །སྦྱོར་བ་ཡན་ལག་དྲུག་ལམ་རིམ་པ་ལྔར་འདུས་པའི་ཚུལ་ལ་བླ་མ་སྔ་མ་ཁ་ཅིག །གཞན་ལུགས་འགོག་པ་དང༌། རང་ལུགས་འཇོག་པའི་ཚུལ་འདི་ལྟར་མཛད། སློབ་དཔོན་ཨ་བྷ་ཡཱས་སོར་སྡུད་དང༌། བསམ་གཏན་བསྐྱེད་རིམ་དུ་བསྡུས་པ་མི་འཐད་དེ། རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐུན་མོང་བ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། ཞེས་བསྐྱེད་རིམ་ཐུན་མོང་གི་དངོས་གྲུབ་སྒྲུབ་བྱེད་དང༌། སྦྱོར་བ་ཡན་ལག་དྲུག་མཆོག་སྒྲུབ་བྱེད་དུ་སོ་སོར་བཤད་པའི་ཕྱིར། ཡང་གླན་གྱིས། སོར་སྡུད་སྤྱོད་པ་དང༌། བསམ་གཏན་ལུས་དབེན་ལ་སྦྱོར་བ་ཡང་མི་འཐད་དེ། རྫོགས་རིམ་གྱི་སྤྱོད་པ་ལམ་མཐོན་པོའི་སྐབས་སུ་བྱེད་པ་ཡིན་པས་ཐོག་མར་འཆད་པ་མི་འཐད་ལ། རྒྱུད་ཕྱི་མ་ལས། ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། ཞེས་བསམ་གཏན་གྱི་སྐབས་སུ་བཤད་པའི་ཡོན་ཏན་དེ་དག་ལུས་དབེན་ལ་མེད་པས་སོ། །སྒྲོན་གསལ་གྱི་དོན་བསྡུས་ཀྱི་འགྲེལ་པ་མཛད་པ་པོ་ཀུ་མཱ་ར་རཱ་ཛས། སོར་བསམ་གཉིས་


JLD006_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དབེན་དང༌། དོན་གཅིག་ཏུ་བྱེད་པ་ཡང་མི་འཐད་དེ། སྒྱུ་ལུས་དང༌། དོན་གཅིག་ཏུ་འཆད་པར་འགྱུར་རོ། །དེས་ན་དུས་འཁོར་ནས་བཤད་པའི་སྦྱོར་བ་ཡན་ལག་དྲུག་དང༌། རྒྱུད་ཕྱི་མ་ནས་བཤད་པ་གཉིས་དོན་གཅིག་ཅིང་དེ་དང་འཕགས་པ་ཡབ་སྲས་ཀྱི་བཞེད་པའི་རིམ་པ་ལྔ་པོ་དོན་གཅིག་ཡིན་ཏེ། དབུས་འཁོར་ནས་སོར་བསམ་ལ་ཀུན་རྫོབ་བདེན་པ་ཞེས་པ་དང༌། བདག་ལ་ཕྱིན་གྱིས་བརླབ་པ་ཞེས་བཤད་ཅིང༌། སློབ་དཔོན་འཕགས་པས་སྒྱུ་ལུས་ལ་མིང་དེ་ལྟར་བཤད་པ་གཉིས་དོན་གཅིག་ཅིང་སྲོག་རྩོལ་དང་ངག་དབེན་གཉིས་དང༌། འཛིན་པ་དང་འོད་གསལ་གཉིས་དང༌། ཏིང་ངེ་འཛིན་དང་ཟུང་འཇུག་གཉིས་དོན་གཅིག་ལ། རྗེས་དྲན་ལ་ཁ་ཕྱིར་བལྟས་བསྡུས་པའི་སྟོང་གཟུགས་ལྷ་སྐུར་ཤར་བ་དང༌། ནང་བལྟས་བསྡུས་པའི་དགའ་བཞིའི་རྟོགས་པ་སྐྱེ་བའི་ཚུལ་གཉིས་ཡོད་པའི་ཕྱི་མ་སེམས་དབེན་དང་དོན་གཅིག་པ་ཡིན་གསུང་ངོ་། །དེ་ལ་དཔྱད་པར་བྱས་སྟེ། རྒྱུད་ཕྱི་མའི་ཚིག་གིས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ལམ་གཉིས་སོ་སོར་བཤད་ཀྱང༌། འགལ་བར་ཡང་མ་བཤད་པས་སློབ་དཔོན་ཨ་བྷ་ཡཱ་ལ་གནོད་བྱེད་དུ་མི་འགྱུར་ལ། སོར་བསམ་བསྐྱེད་རིམ་དུ་སྡུད་པའི་ཚུལ་འཇམ་དཔལ་ཞལ་ལུང་ལས་ཀྱང་གསུངས་པས་ཕྱོགས་དེ་ནས་བཤད་པ་ཡང་རྒྱུད་ཀྱི་དོན་དུ་ངེས་པར་འགྲོ་སྟེ། རྡོ་རྗེའི་ཚིག་རེ་རེས་ཀྱང་དོན་མི་འདྲ་བ་མཐའ་ཡས་པ་སྟོན་ལ། ཤིང་རྟ་ཆེན་པོ་རྣམས་ཀྱིས་ཀྱང་གདུལ་བྱའི་བསམ་པ་ལ་བལྟོས་ནས་དོན་གྱི་ཕྱོགས་རེ་རྩལ་དུ་བཏོན་ནས་འཆད་པ་ཡིན་གྱི། དོན་དེ་ཙམ་དུ་ཟད་པ་ནི་མིན་ནོ། །གླན་ལ་བརྗོད་པའི་གནོད་


JLD006_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེའང་མིའཐད་དེ། སྐྱེ་བའི་རིམ་པ་དང༌། བཤད་པའི་རིམ་པ་གཅིག་ཏུ་ཁས་མ་བླངས་པའི་ཕྱིར་དང༌། དེ་ལྟ་ན་རང་ཉིད་ལ་ཡང་གནོད་པ་དུ་མ་འབབ་པར་འགྱུར་རོ། །ཡང་གཉིས་སྣང་མཐའ་དག་ཟད་པ་ནི་རང་ཉིད་སོར་བསམ་དང་དོན་གཅིག་ཏུ་ཞལ་གྱིས་བཞེས་པའི་སྒྱུ་ལུས་ཀྱི་སྐབས་ནའང་མེད་པའི་ཕྱིར་དང༌། གཉིས་སྣང་རགས་པ་ལོག་པ་ནི་ལུས་དབེན་གྱི་དུས་སུའང་འབྱུང་བས་གནོད་བྱེད་དུ་མི་འགྱུར་རོ། །ལུགས་གསུམ་པ་ལ་གནོད་བྱེད་བཀོད་པའི་རྒྱུ་མཚན་དེའང་མི་འཐད་དེ། འཆད་པར་འགྱུར་རོ། །འཕགས་ལུགས་དང་སེམས་འགྲེལ་གྱི་སྦྱོར་བ་ཡན་ལག་དྲུག་དོན་གཅིག་ཏུ་འདོད་པའང་མི་འཐད་དེ། རྒྱུད་ཕྱི་མ་ལས། དབང་པོ་བཅུ་པོ་རྣམས་ཀྱིས་ཀྱང༌། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པས་ཞེས་བཤད་དོ། ཞེས་འབྱུང་བའི་སོར་སྡུས་ཀྱི་དོན་སློབ་དཔོན་ཟླ་བ་གྲགས་པས། དབང་པོ་ཡུལ་ལ་འཇུག་རེས་ཀྱིས་ལྷན་ཅིག་སྐྱེས་པའི་བདེ་བ་ཉིད་གཟུགས་སོགས་ཀྱི་རྣམ་པར་ཤར་བ་ཤེས་པར་བྱས་ནས་དབང་པོ་ཡུལ་འཛིན་པ་ལ་འཇུག་པས་ཡང་དང་ཡང་དུ་ལེན་པ་སོར་སྡུད་དུ་བཤད་ལ། དུས་འཁོར་འགྲེལ་པ་ལས། གཟུགས་སོགས་ཐ་མལ་བ་ལ་འཇུག་པ་སྤངས་ནས་སྟོང་གཟུགས་ལ་འཇུག་པས་སོར་སྤོང་གི་དོན་དུ་བཤད་པའི་ཕྱིར་དང༌། སྒྱུ་ལུས་ཀྱང་དོན་གཅིག་ཏུ་འདོད་པའང་མི་འཐད་དེ། སོར་བསམ་སྲོག་རྩོལ་གྱི་རྒྱུ་ཡིན་ཞིང་སྒྱུ་ལུས་སྲོག་རྩོལ་རྡོ་རྗེའི་


JLD006_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་མཐར་ཕྱིན་ནས་འབྱུང་ཞིང་རང་ཉིད་ཀྱིས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པ་དང་འགལ་བ་དང་། སྒྱུ་ལུས་ཀྱི་རྒྱུར་གྱུར་པས་སེམས་དབེན་རྗེས་དྲན་གྱི་སྐབས་སུ་རང་ཉིད་ཀྱིས་བཞག་པ་དང་འགལ་བ་དང་། སྒྱུ་ལུས་རླུང་སེམས་ཙམ་གྱིས་བསྒྲུབས་པའི་སྐུ་ཡིན་ཞིང་སོར་བསམ་གྱི་སྐབས་སུ་རླུང་གི་རྣལ་འབྱོར་དེ་ཙམ་དུ་མི་བསྒོམ་པས་དོན་གཅིག་ཏུ་འདོད་པ་མི་འཐད་དོ། །ལུགས་དེ་གཉིས་ཀྱི་སྲོག་རྩོལ་དང་རྡོར་བཟླས་དོན་གཅིག་ཏུ་འདོད་པའང་མི་འཐད་དེ། དུས་འཁོར་ལས། བུམ་པ་ཅན་གཙོ་བོར་བཤད་ལ། འཕགས་སྐོར་གྱི་ཁུངས་ཐུབ་ནས་སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་པསྒོམ་པའི་སྐབས་ཀྱི་སྲོག་རྩོལ་མ་གཏོགས་བུམ་པ་ཅན་བཤད་པ་མེད་པའི་ཕྱིར་རོ། །འཛིན་པ་དང་འོད་གསལ་ཡང་དོན་མི་གཅིག་སྟེ། སྔ་མ་ནི་སྲོག་རྩོལ་གྱི་རླུང་དབུ་མར་ཆུད་པར་བྱས་པ་དེ་ཉིད་དབུ་མར་འཛིན་ཅིང་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པའི་དུས་སུ་འབྱུང་བ་ཡིན་ལ་ཕྱི་མ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡིན་པས་སོ། །དེས་ན་རྒྱུད་ཕྱི་མའི་སྦྱོར་བ་ཡན་ལག་དྲུག་དང་ལམ་རིམ་པ་ལྔ་དོན་གཅིག་ཏུ་སློབ་དཔོན་ཟླ་བ་གྲགས་པ་བཞེད་དེ། དེ་ཡང་སོར་བསམ་དང༌། ལུས་དབེན་དོན་གཅིག་པ་ཡིན་ཏེ། ལུས་རྣམ་པར་དབེན་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཉིད་སྣང་བ་མ་བསྒྱུར་བར་ཐ་མལ་བའི་རྣམ་པར་ཤར་བ་སོར་སྡུད་དང༌། ལྷའི་རྣམ་པར་ཤར་བ་བསམ་གཏན་ཡིན་པས་སོ། །རྡོར་བཟླས་བྱེ་བྲག་དང་སྲོག་རྩོལ་སྤྱི་ཡིན་ཞིང་རྒྱུད་ཕྱི་མ་ནས་བཤད་པའི་སྲོག་རྩོལ་དོན་


JLD006_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ། འཛིན་པ་དང་འོད་གསལ་ཡང་དོན་གཅིག་གོ །སེམས་དབེན་འོད་གསལ་མངོན་དུ་འགྱུར་པའི་རྟགས་བསྟན་པས་ཤེས་པ་མ་གཏོགས་རྒྱུད་ཕྱི་མས་དངོས་སུ་མ་བསྡུས་ཤིང་རྗེས་དྲན་འོད་གསལ་ལས་ལུགས་ལྡོག་ཏུ་ཤར་བའི་སྟོང་པ་གསུམ་ཡིན་པས་ཟུང་འཇུག་ཏུ་འདུས་ཤིང་ཏིང་ངེ་འཛིན་ཟུང་འཇུག་དང་དོན་གཅིག་ལ་སྒྱུ་ལུས་ཟུང་འཇུག་དང་མཚན་ཉིད་མཚུངས་པས་གོ་ནུས་པར་དགོངས་ནས་རྒྱུད་ཕྱི་མས་དངོས་སུ་མ་བསྡུས་སོ། །དེས་ན་ལམ་རིམ་པ་ལྔར་དུས་འཁོར་ནས་བཤད་པའི་སྦྱོར་བ་ཡན་ལག་དྲུག་འདུས་པར་བཤད་པ་ནི་སྔར་བཤད་པ་ལྟར་ལམ་དེ་དག་གི་བྱེད་པ་འདུས་པའི་དོན་ཡི་ཏེ། འདི་ལྟར་སོར་བསམ་དབུ་མའི་ལམ་སྦྱོང་བྱེད་དུ་དེ་ནས་བཤད་ལ། དེ་ཡང་སོར་སྡུད་རྟགས་བཅུ་གཅིག་སྒྲུབ་བྱེད་དང༌། བསམ་གཏན་བརྟན་བྱེད་ཡིན་པས་རྟགས་བཅུ་གཅིག་རྫོགས་ནས་སྲོག་རྩོལ་བསྒོམ་པ་ལ་འཇུག་པ་ཡིན་གྱི་སྟོང་གཟུགས་ལ་མི་ཚེ་འདྲིལ་བ་ནི་རྒྱུད་ཀྱི་དོན་ལོག་པར་བཟུང་བའོ། །སྲོག་རྩོལ་གྱིས་རླུང་དབུ་མར་འཇུག་པར་བྱེད་ཅིང་འཛིན་པས་དེར་འཛིན་པར་བྱེད་པ་ཡིན་ལ། ལུས་དབེན་དང་ངག་དབེན་གཉིས་ཀྱིས་དེ་དག་གི་བྱེད་ལས་ལྷག་དང་བཅས་པ་སྒྲུབ་པ་ཡིན་ཏེ། ལུས་དབེན་གྱིས་ཐམས་ཅད་བདེ་བའི་རོར་ཤར་བར་བསྒོམས་པས་རྟོགས་པ་ནང་དུ་སྡུད་ཅིང་དབང་པོའི་སྒོ་རྣམས་དང་གཡས་གཡོན་ནས་རླུང་རྒྱུ་བ་འགོག་པའི་མགོ་རྩོམ་པར་བྱེད་ལ། རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་བཤིག་ན་རླུང་ཐམས་


JLD006_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དེར་བསྡུས་ཏེ་སྟོང་པ་བཞིའི་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་ལ། འཕགས་ལུགས་ཀྱི་སྟོང་པ་བཞིའི་སྔོན་དུ་དུས་འཁོར་ནས་སྲོག་རྩོལ་དང་འཛིན་པའི་ཡན་ལག་གིས་བསྒྲུབ་པར་བཤད་པའི་དགའ་བཞིའི་རྟོགས་པ་ཡང་དེ་དང་མཚན་ཉིད་མཚུངས་པ་སྐྱེ་བས་སོ། །སློབ་དཔོན་ནག་པོ་པས་བཤད་པའི་རིམ་པ་བཞི་འདུས་པའི་ཚུལ་ལ། རིམ་པ་བཞི་ནི་ཤེས་བྱེད་རྒྱུད་ཀྱི་རིམ་པ་དང༌། སྔགས་ཀྱི་རིམ་པ་དང༌། ཡེ་ཤེས་ཀྱི་རིམ་པ་དང་། གསང་བའི་རིམ་པའོ། །དང་པོ་ནི། ལུས་སེམས་ཀྱི་ཆགས་ཚུལ་གཏན་ལ་འབེབས་པ་ཡིན་ལ། གཉིས་པ་ནི། ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་འཁོར་ལོ་བཞིར་སྔགས་ཀྱི་འཁོར་ལོ་བསྒོམ་ཚུལ་སོགས་དང༌། གསུམ་པ་ནི། དེ་ལ་བརྟེན་ནས་དགའ་བཞིའི་རྟོགས་པ་སྐྱེ་བའི་ཚུལ་དང༌། བཞི་པ་ནི། འབྲས་བུ་མངོན་དུ་འགྱུར་པའི་ཚུལ་ཏེ། དེ་དག་ཀྱང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་རྡོ་རྗེ་ལུས་ཀྱི་མཚན་ཉིད་བཤད་པ་སོགས་སུ་འདུས་སོ། །ཕྱག་རྒྱ་བཞི་ཡང་འདིར་འདུས་ཏེ། ལས་ཀྱི་ཕྱག་རྒྱ་གྲགས་པའི་བུད་མེད་དང༌། དམ་ཚིག་གི་ཕྱག་རྒྱ་བསྒོམས་པའི་ལྷ་མོ་དང༌། ཆོས་ཀྱི་ཕྱག་རྒྱ་སྔགས་འཁོར་བསྒོམ་པ་སོགས་དང༌། ཕྱག་རྒྱ་ཆེན་པོ་ལྷའི་སྐུ་བསྒོམ་པ་སོགས་ཏེ། འདུས་ཚུལ་གོ་སླའོ། །དབང་བཞིའི་ལམ་འདུས་པའི་ཚུལ་ནི། བུམ་དབང་གི་ལམ་བསྐྱེད་རིམ་སྟེ། དེ་ནི་རིམ་པ་དང་པོར་བླ་མེད་ཀྱི་རྒྱུད་ཀུན་ནས་བཤད་པའི་བསྐྱེད་རིམ་གྱི་བྱེད་ལས་མཐའ་དག་འདུས་ལ། གསང་དབང་གི་ལམ་དབེན་གསུམ་སྒྱུ་ལུས་དང་བཅས་


JLD006_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དབང་གསུམ་པའི་ལམ་འོད་གསལ་དང༌། བཞི་པའི་ལམ་ཟུང་འཇུག་ཏུ་རྒྱུད་གཞན་ནས་བཤད་པའི་དབང་བཞིའི་ལམ་མཐའ་དག་གི་དོགས་པ་ཡང་འདུས་སོ། །བུམ་དབང་སྤྲུལ་སྐུ་སྒྲུབ་བྱེད་དང༌། གསང་དབང་གིས་ལོངས་སྐུ་དང༌། གསུམ་པས་ཆོས་སྐུ་དང༌། བཞི་པས་བདེ་བ་ཆེན་པོའི་སྐུ་སྒྲུབ་ཚུལ་སོགས་ཀྱང་འདིར་འདུས་ལ། མངོན་བྱང་ལྔ་ལས་བསྐྱེད་པའི་ཚུལ་དང༌། བྱང་ཆུབ་ཕྱོགས་ཆོས་མདོ་དོན་ནི། ཡིག་དོན་དང་སྤྱི་དོན་གཉིས་དང༌། སྣང་བ་སེམས་ཀྱི་སྦས་པ། འདོད་ཆགས་ཆོས་ཀྱི་སྦས་པ། ཀུན་རྫོབ་སྒྱུ་མའི་སྦས་པ་སྟེ་སྦས་པ་གསུམ་དང་མཐར་ཐུག་དང་བཅས་པ་སྟེ་མདོར་ན་སྒྲ་སྣ་ཚོགས་ཀྱིས་བསྟན་པའི་ལམ་གྱི་བྱེད་ལས་མཐའ་དག་འདུས་པའི་དོན་ནོ། །མ་རྒྱུད་ནས་བཤད་པའི་གཏུམ་མོའི་རྣལ་འབྱོར་བསྒོམས་པས་ལྷན་ཅིག་སྐྱེས་པའི་བདེ་བ་བསྐྱེད་ཚུལ་དང༌། རྨི་ལམ་དང་སྒྱུ་མ་གཅིག་ཏུ་སྦྱོང་བའི་ཚུལ་དང༌། བར་དོ་གསུམ་པསྲེ་ཚུལ་དང༌། གདན་བཞི་ནས་བཤད་པའི་འཕོ་བ་དང༌། གྲོང་འཇུག་གི་ཡན་ལག་རྣམས་ཀྱང་འདིར་འདུས་སོ། །དེ་ལྟར་ན་འདུ་བའི་གཞི་གསང་བ་འདུས་པ་འདིར་མདོ་རྒྱུད་མཐའ་དག་གི་དོན་འདུས་པའི་འབྲས་བུ་ནི་བརྩོན་འགྲུས་ཅན་གྱིས་ཚེ་འདི་ཉིད་ལ་འོད་གསལ་ཐོབ་ནས་འཚང་རྒྱ་ལ། ལེ་ལོ་ཅན་གྱིས་འཆི་ཁར་འོད་གསལ་ཐོབ་ནས་འཚང་རྒྱ་བ་དང༌། ཐ་མས་བར་དོར་འོད་གསལ་ཐོབ་ནས་འཚང་རྒྱ་ཞིང་གཞན་གྱི་དོན་བྱེད་པའོ། །གང་ཟག་དེ་དག་གི་


JLD006_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁྱེར་ནི་ཡི་གེའི་དོན་དང་ཞེས་སོགས་ཀྱིས་སྟོན་ཏེ། མཐར་སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་ལམ་དུ་ཁྱེར་བ་དང༌། དེ་ལྟར་ཉིན་ཞག་གཅིག་ལའང་གཉིད་ཀྱི་སྐབས་ཀྱི་སྟོང་པ་བཞི་པསྒོམ་པ་ཆོས་སྐུ་ལམ་བྱེད་དང༌། དེ་ལས་རྨི་ལམ་གྱི་ལུས་ལྷའི་སྐུར་ལྡང་བ་ལོངས་སྐུ་ལམ་བྱེད་དང༌། དེ་ནས་གཉིད་སད་ནས་ད་དུང་དེའི་ཤུགས་མ་ཡལ་པའི་པར་སྤྲུལ་སྐུ་ལམ་བྱེད་སོགས་སོ། །གཉིས་པ་གདམས་པ་དངོས་ལ་མདོར་བསྟན་པ་ནི། དངོས་པོའི་གནས་ལུགས་ཞེས་པའི་རྐང་པ་གཉིས་སོ། །རྒྱས་པར་བཤད་པ་ལ། གཞི་དངོས་པོའི་གནས་ལུགས་དང་། ལམ་བགྲོད་པའི་རིམ་པ་དང་། འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ལ་གསུམ་གྱི་དང་པོ་ལུས་སེམས་སོ་སོ་བའི་གནས་ལུགས་ནི། དངོས་པོའི་གནས་ལུགས་གཉིས་ཡིན་ཞེས་པའི་རྐང་པ་གསུམ་སྟེ། བཤད་པ་སྔ་མ་ལྟར་རོ། །གཉིས་པ་ཐུན་མོང་བའི་གནས་ལུགས་ནི། ཐུན་མོང་དབྱེར་མེད་རིམ་ཤེས་བྱ། ཞེས་པས་ཏེ། སེམས་ཕྲ་བ་གཞི་དུས་ཀྱི་སྟོང་པ་བཞི་དང༌། ལུས་ཕྲ་བ་དེའི་བཞོན་པ་རླུང་ངོ་། །གསུམ་པ་ལུས་ཀྱི་གནས་ལུགས་བྱེ་བྲག་ཏུ་བཤད་པ་ནི། གཉིད་དང་ཞེས་པའི་རྐང་པ་དྲུག་སྟེ། བཤད་པ་སྔ་མ་ལྟར་རོ། །གནད་བཞི་ནི་འཁྲུལ་འཁོར་གྱི་གཞི་ལུས་ཀྱི་གནད་དང༌། ཡེ་ཤེས་སྐྱེ་བ་དུས་ཀྱི་གནད་དང༌། འཇུག་ལྡོག་ངེས་པར་རླུང་གི་གནད་དང༌། དམིགས་པ་ཡུལ་གྱི་གནད་རྣམས་སོ། །མར་ལུགས་པ་སྔ་མ་ཁ་ཅིག་གིས། བསྒོམ་པ་ཡུལ་གྱི་གནད་ཤེས་པར་


JLD006_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་དུ་ལུས་དངོས་པོའི་གནས་ཐབས་དང༌། བསྒོམ་རྒྱུ་དོན་གྱི་གནད་ཤེས་པར་བྱ་བའི་ཕྱིར་སེམས་དངོས་པོའི་གནས་ཐབས་གཉིས་སུ་བསྡུས་པ་ནི། ལུས་ལ་གནད་དུ་བསྣུན་པས་སེམས་ལ་བདེ་བ་སྐྱེས་ཏེ། དེས་སྟོང་པ་ཡུལ་དུ་བྱས་པའི་བདེ་སྟོང་སྦྱོར་བའི་དོན་འཆད་འདོད་པར་གསལ་ལོ། །དེ་ལ་སྤྱིར་སྔགས་མཚན་ཉིད་གཉིས་ཀས་གཏན་ལ་དབབ་རྒྱུའི་འཁོར་བའི་རྒྱུའི་གཙོ་བོ་ངོས་བཟུང་ནས་དེ་འཇུག་ལྡོག་བྱེད་པའི་ཚུལ་དང༌། སྔགས་ཀྱི་ཐེག་པར་ཐུན་མོང་མ་ཡིན་པར་གཏན་ལ་འབེབས་པའི་འཁོར་བ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་གྱི་གཙོ་བོ་གཞི་དུས་ཀྱི་རང་བཞིན་གཡོ་བྱེད་ཀྱི་རླུང་ངོ་ཤེས་པར་བྱས་ནས་དང་པོར་ལུས་ཕྲ་བ་འོད་གསལ་གྱི་བཞོན་པའི་རླུང་དང༌། སེམས་ཕྲ་བ་འོད་གསལ་དང༌། དེ་ལས་རླུང་ཆེ་འབྲིང་ཆུང་གསུམ་དུ་གཡོས་པས་སྣང་མཆེད་ཐོབ་གསུམ་སྐྱེ་ཚུལ་དང༌། དེ་ལས་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེས་ནས་དེས་ལས་བསགས་ཏེ་འཁོར་བར་འཁོར་ཚུལ་དང༌། དེ་དག་ལྡོག་པ་ལ་ལུས་ལ་གནད་དུ་བསྣུན་ནས་རླུང་ལས་རུང་དུ་བྱེད་དགོས་པའི་ཚུལ་མཐའ་ཆོད་པར་ཤེས་པར་བྱས་ནས་དེའི་རྗེས་སུ་ལུས་ལ་གནད་དུ་བསྣུན་པའི་འཁོར་ལོ་བཞིའི་དབྱེ་བ་སོགས་ལ་འཇུག་པར་བྱའི་སྔ་མ་མ་རྟོགས་པར་ཕྱི་མ་ལ་འཇུག་བློ་བྱས་ཀྱང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གནད་མི་རྟོགས་སོ། །གཉིས་པ་ལམ་བགྲོད་པའི་རིམ་པ་ལ། ལུས་ལ་གནད་དུ་བསྣུན་པའི་གནད་དམ་པ་སྙིང་ག་ཡིན་པར་བསྟན་པ་དང༌། དེ་ལ་གནད་དུ་བསྣུན་པའི་རིམ་པའོ། །


JLD006_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་དངོས་དང༌། གཞི་ལམ་འབྲས་གསུམ་ཤེས་པའི་ཕན་ཡོན་ནོ། །དང་པོ་ནི་དྲན་པ་སྣ་ཚོགས་ཞེས་པའི་རྐང་པ་བཞི་དང༌། གཉིས་པ་ནི་གཞི་ལམ་ཞེས་པའི་རྐང་པ་བཞིའོ། །གཉིས་པ་དེ་ལ་གནད་དུ་བསྣུན་པའི་རིམ་པ་ལ། རྡོར་བཟླས་བྱེད་པའི་རྟེན་སྙིང་གར་སྔགས་ཀྱི་འཁོར་ལོ་བསྒོམ་པ་དང༌། དེ་ལ་བརྟེན་ནས་རྡོར་བཟླས་བྱེད་པའི་ཚུལ་དང་། བྱས་ནས་ཉམས་མྱོང་སྐྱེ་བའི་རིམ་པའོ། །དང་པོ་ལ། རྟེན་ཕྱི་ནང་གསང་བའི་པད་འདབ་སུམ་རིམ་གྱི་བསམ་གཏན་དང༌། བརྟེན་པ་དེར་དབྱངས་གསལ་གྱི་ཡི་གེ་འགོད་པའི་རིམ་པའོ། །དང་པོ་ནི། སྔགས་ཀྱི་ཡི་གེའི་འཁོར་ལོ་ནི། ཞེས་སོགས་ཏེ། འདིར་ཚན་པ་གསུམ་དུ་བསྟན་པ་དང་། འོག་ཏུ་དབྱངས་ནི་ཕྱི་རིམ་ཞེས་སོགས་བསྟན་པ་མི་ཟློས་ཏེ། འདིར་ནི་དབྱངས་གསལ་གྱི་ཡི་གེ་སུམ་རིམ་དུ་འགོད་དགོས་པ་དང༌། སྙིང་གའི་དབུས་སུ་མི་ཤིགས་པའི་ཐིག་ལེ་བཀོད་ནས་དེ་ལས་མགོན་པོ་བཞིའི་རླུང་སྤྲོ་བསྡུ་བྱེད་པའི་རྡོར་བཟླས་བསྟན་ལ་འོག་ཏུ་ཡི་གེ་ལ་དམིགས་ནས་བསྒོམས་པས་རླུང་སྡུད་པའི་རིམ་པ་ལས་སེམས་གསུམ་གྱི་རྟོགས་པ་སྐྱེ་ཚུལ་བསྟན་པ་ཡིན་ནོ། །ཐ་མལ་རྣམ་རྟོག་བག་ཆགས་ནི་རྟོག་པའང་ཡིན་ལ་བག་ཆགས་ཀྱང་ཡིན་པས་རྣམ་རྟོག་བག་ཆགས་ཏེ། རང་བཞིན་གྱི་རྟོག་པ་རྣམས་སོ། །དེ་ཉིད་ཡི་གེའི་རྣམ་པར་ཤར་བ་བསྒོམས་པས་མཐར་ཡི་གེའི་གཟུགས་དག་པས་རང་བཞིན་གྱི་རྟོག་པ་རྣམས་ཀྱང་དག་པར་འགྱུར་ལ། དེ་ནས་གཡོ་བྱེད་རླུང་དག་པས་ཕྲ་བའི་རླུང་སེམས་ལས་གྲུབ་པའི་སྒྱུ་ལུས་དང༌། རིམ་པ་ཕྱི་མ་གསུམ་ཐོབ་པར་


JLD006_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །རྣམ་ཤེས་ནི་ཀུན་རྫོབ་བདེན་པ་ཡིན་ལ། ཡེ་ཤེས་ནི་དོན་དམ་པའི་བདེན་པ་སྟེ། བདེན་གཉིས་སྦྱོར་བའི་ཟུང་འཇུག་ཐོབ་ནས་ལས་ཚོགས་མཐའ་དག་འགྲུབ་པར་འགྱུར་པའོ། །རྟགས་རྣམས་ཞེས་སོགས་ཀྱིས་འོད་གསལ་མངོན་དུ་འགྱུར་པའི་རྟགས་འཆར་ཚུལ་སྟོན་ཏེ། དེ་དག་ཀྱང་འཆར་དུས་དང༌། རྫོགས་དུས་གཉིས་གཉིས་སུ་ཤེས་པར་བྱའོ། །གཉིས་པ་ནི། ནམ་མཁའི་དཀྱིལ་འཁོར་ཞེས་སོགས་ཏེ། སྙིང་གར་པདྨ་དམར་བོ་འདམ་མ་བརྒྱད་པ་བསམས་ལ་དེའི་དབུས་སུ་ནམ་མཁའི་དཀྱིལ་འཁོར་ཏེ་འོད་གསལ་ལས་བྱུང་བའི་གསལ་བའི་དཀྱིལ་འཁོར་མི་ཤིགས་པའི་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཚོད་ཙམ་ཐིག་ལེ་དཀར་དམར་ཁ་སྦྱར་གྱི་དབུས་ན་ཨ་ཐུང་ཤད་ཀྱི་རྣམ་པ་ལྟ་བུ་ཁ་དོག་ནག་པོ་བསྒོམས་ལ་འདབ་མ་བར་མ་ལ་གསལ་བྱེད་སོ་བཞི་ཐ་མ་སྤངས་པ་དང༌། མ་ཡིག་དབྱངས་བཅུ་གཉིས་ཀྱི་ཐིག་ལེར་བཀོད་པས་གསལ་བྱེད་སོ་གཉིས་ཡོད་ལ། དེ་དག་ཤར་གྱི་པད་འདབ་ལ་ཀའི་སྡེ་ཚན་གྱི་ཡི་གེ་དང་པོ་བཞི་དང༌། དེ་ནས་བརྩམས་ཏེ་རིམ་པ་བཞིན་དུ་ཕྱོགས་མཚམས་ཀྱི་འདབ་མ་རྣམས་ལ་ཙ་སྡེ་དང་། ཊ་སྡེ་དང༌། ཏ་སྡེ་དང༌། པ་སྡེ་དང༌། མ་ཡིག་མ་གཏོགས་པའི་སྡེ་པ་དང་པོ་བཞིའི་མཐར་བྱུང་བའི་སྣ་ལྡན་གྱི་ཡི་གེ་བཞི་དང༌། མཐར་གནས་དང༌། དྲོ་བའི་ཡི་གེ་སྟེ་འདབ་མ་རེ་ལ་ཡི་གེ་བཞི་བཞི་འགོད་དོ། །བཞི་པཅས་ཞེས་པ་ནི་སྣ་ལྡན་གྱི་ཡི་གེ་དང་པོ་བཞིའོ། །འདབ་མ་ཕྱི་རིམ་ལ་ཤར་ནས་བརྩམས་ཏེ་ཕྱོགས་བཞིར་ཨ་རིང་ཐུང་དང༌། ཨི་རིང་ཐུང་དང༌། ཨུ་


JLD006_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཐུང་དང༌། ཨེ་རིང་ཐུང་དང་། ཡི་གེ་གཉིས་གཉིས་པོཀོད་ནས་ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞིར་ཨོ་རིང་ཐུང་། ཨཾ་ཨཿ སྟེ་ཡི་གེ་རེ་རེ་འགོད་དོ། །འདབ་མ་ནང་མའི་ཤར་ནས་བརྩམས་ཏེ་ཕྱོགས་བཞིར་རིམ་པ་བཞིན་དུ་རྀ་རཱྀ་ལྀ་ལཱྀ་བཞི་བཀོད་ནས་ཡི་གེ་ཕྱི་མ་ཁ་དོག་དཀར་པོ་དང་། བར་མ་དམར་པོ་དང༌། ནང་མ་ནག་པོར་བསམས་ཏེ་དེ་དག་ལ་སེམས་བཟུང་ནས་བསྒོམས་པས། རླུང་སྡུད་པའི་རིམ་པ་གསུམ་ལས་དཀར་ལམ་དང༌། དམར་ལམ་དང༌། ནག་ལམ་དང་སེམས་གསུམ་སྐྱེ་མི་དགོས་པ་ཡོད་ལ། ཡི་གེ་ཐམས་ཅད་ཀྱང་བ་མོ་འཛག་པ་ལྟ་བུ་དང༌། བདེ་བའི་ངོ་བོར་བསམ་ཞིང་ཡི་གེ་རྣམས་ཀྱང་རིམ་གྱིས་བཟུང་ནས་མཐར་སྙིང་གའི་མི་ཤིགས་པ་ལ་སེམས་བཟུང་ངོ་། །རིམ་པ་ལྔ་ལྡན་ནི་ཡི་གེ་རིམ་པ་གསུམ་དང༌། དབུས་ཀྱི་ཨ་ཐུང་དང༌། ཐིག་ལེ་ཁ་སྦྱར་གཅིག་ཏུ་བྱས་པ་རྣམས་སོ། །ཨེ་ཝཾ་ནི་སྐབས་འདིར་ཕ་མ་གཉིས་ལས་ཐོབ་པའི་སྙིང་གའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་དཀར་དམར་གཉིས་ཡིན་ལ་མཐར་འཆི་བའི་ཚེའང་ཕུང་སོགས་ཕྲ་རགས་རྣམས་དེ་ལ་ཐིམ་ནས་འཆི་འཕོ་བ་ཐོག་མར་སྐྱེ་བའི་ཚེའང་དེར་བར་དོའི་རྣམ་ཤེས་ཞུགས་ནས་དེ་ལས་རིམ་གྱིས་ཕུང་སོགས་འགྲུབ་པ་དང༌། རྡོར་བཟླས་བྱེད་པའི་ཚེའང་དེ་ཉིད་ལས་རླུང་སྤྲོ་བསྡུ་བྱེད་པས་སྡུས་ཅིང་སྤྲོ་བར་མཛད་པ་ཞེས་སོ། །མཉམ་པ་ཉིད་དུ་སེམས་བསྡམས་ཏེ། ཞེས་སོགས་ནི་སེམས་གཞན་དུ་འཕྲོ་བ་བསྡམས་ནས་འཁོར་ལོའི་ལྟེ་བའི་ཐིག་ལེ་ལ་སེམས་རོ་མཉམ་དུ་འདྲེས་པར་མོས་ནས་མཉམ་པར་བཞག་པ་ལས་མཐར་རོ་མཉམ་པར་མཐོང་བའི་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེས་


JLD006_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ལས་འོད་གསལ་མངོན་དུ་འགྱུར་པའི་རིམ་པ་རྣམས་འབྱུང་ངོ་། །མར་ལུགས་པའི་བླ་མ་སྔ་མ་རྣམས་ཀྱིས་རྡོར་བཟླས་ཀྱི་སྔོན་དུ་སྔགས་འཁོར་འགོད་པ་དང་མི་འགོད་པའི་ཚུལ་གཉིས་པོཤད་ཅིང་། ཁ་ཅིག་གིས་རྡོར་བཟླས་ཀྱི་སྐབས་སུ་མི་ཤིགས་པའི་ཐིག་ལེའང་མ་བཀོད་པ་ནི་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་དུ་མི་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་བཤད་པའི་དབུགས་འབྱུང་རྔུབ་བགྲང་བ་དང་ཁྱད་པར་མེད་པར་འགྱུར་པས་སོ། །དེས་ན་མ་རྒྱུད་ནས་བཤད་པའི་བུམ་པ་ཅན་བསྒོམས་པ་དང༌། བྱ་རྒྱུད་བསམ་གཏན་ཕྱི་མ་ནས་བཤད་པའི་རླུང་ཁ་སྦྱོར་བསྒོམས་པ་རྣམས་ལེགས་པར་ཕྱེད་པར་བྱ་ཞིང་མངོན་པ་ནས་བཤད་པའི་འབྱུང་འཇུག་བགྲང་བ་དང་རྡོར་བཟླས་གཉིས་ཀྱང་ལེགས་པར་ཕྱེད་པར་བྱའོ། །དེ་བཞིན་དུ་ཤིན་སྦྱངས་སོགས་ཀྱི་བདེ་བ་དང༌། ཞུ་བདེའི་བདེ་བའང་མ་འདྲེས་པ་ལ་འབད་པར་བྱའོ། །གཉིས་པ་དེ་ལ་བརྟེན་ནས་རྡོར་བཟླས་བྱེད་པའི་ཚུལ་ནི། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། སརྦ་མངྒ་ལཾ། །


previousརིམ་ལྔ་བསྡུས་པའི་ཟིན་བྲིས། next