Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
   
   
   
   
རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ལས་རྣལ་འབྱོར་བཞི་རིམ།
   
   
   
   
   
  expand section
   
   


 
previousརྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ལས་རྣལ་འབྱོར་བཞི་རིམ།next

རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ལས་རྣལ་འབྱོར་བཞི་རིམ།


JLD006_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ལས་རྣལ་འབྱོར་བཞི་རིམ་བཞུགས་སོ། །


JLD006_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་བྷཻ་ར་ཝཱ་ཡ། གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བའི་མཐུ་སྟོབས་ལ་མངའ་བརྙེས་པ། གྲུབ་ཆེན་དཔལ་འཛིན་གྱི་རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལས། རྣལ་འབྱོར་རྣམ་པ་བཞིར་བཤད་དེ། དབྱིབས་དང་སྔགས་དང་དམ་ཚིག་དང༌། །རྣམ་དག་ཡེ་ཤེས་ཞེས་བྱ་བས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། ཞེས་གསུངས་སོ། །དང་པོ་ནི། དེ་ཉིད་ལས། རིམ་པའམ་ཡང་ན་ཅིག་ཅར་དུ། །སངས་རྒྱས་རྗེས་དྲན་བསྒོམ་པར་བྱ། །གོང་བུར་གནས་པའི་བདག་གིར་གནས། །ལུས་འདི་གཤིན་རྗེ་དཔའ་བོའོ། །འདི་ནི་བེམ་པོ་མ་ཡིན་ལ། །ཤ་དང་ཁྲག་ཀྱང་དེ་མ་ཡིན། །བདེན་མིན་བརྫུན་པ་མ་ཡིན་ནོ། །ཐ་མལ་མ་ཡིན་ཡེ་ཤེས་སྐུ། །དྭངས་ཤིང་གསལ་ལ་རྙོག་པ་


JLD006_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཕུན་ཚོགས་ཡོན་ཏན་ཀུན་ཡིན་ཏེ། །འདི་ནི་བདག་ལས་ཐ་དད་མིན། །སྤངས་ཤིང་བསྣན་དུ་ཅུང་ཟད་མེད། །མ་འཁྲུལ་བླ་མའི་བཀའ་དྲིན་གྱིས། གདོད་ནས་གྲུབ་པ་ཞེས་བྱ་སྟེ། །ལུས་ཅན་ཀུན་གྱིས་དེ་མཐོང་དང་། །གང་གིས་ཐོས་དང་དྲན་ཙམ་གྱིས། །བསམ་པ་རྫོགས་མཛད་ཟུང་འཇུག་སྐུ། ཞེས་དང༌། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྨི་ལམ་ཇི་བཞིན་གོམས་པར་བྱེད། །བར་མའི་སྲིད་པ་རབ་སྦྱོར་བས། །བདེ་གཤེགས་པ་ཡི་དངོས་གྲུབ་ཐོབ། །དབྱིབས་ཀྱི་རིམ་པའི་རྣལ་འབྱོར་རོ། ཞེས་དང༌། གཉིས་པ་ནི། ལུས་ཅན་ཀུན་གྱི་སྟོན་གྱུར་པའི། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །སྲིད་དང་རྣམ་གྲོལ་ཐོབ་བྱེད་པའོ། ཞེས་དང༌། དག་པའི་སྦྱོར་བས་


JLD006_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དག་པྱ་སྟེ། །དགུག་པའི་སྦྱོར་བས་དགུག་པར་བྱ། །ཞི་བ་ཡིས་ནི་ཞི་བ་ཉིད། །རེངས་པའི་སྦྱོར་བས་མི་གཡོ་བའོ། ཞེས་དང༌། སྨིག་རྒྱུ་དུ་བ་ལ་སོགས་ལྔ། །སྐད་ཅིག་གིས་ནི་འཆར་བར་འགྱུར། ཞེས་དང༌། རླུང་གིས་གཡོ་བ་འཁོར་བ་སྟེ། །མི་གཡོ་བས་ནི་མྱ་ངན་ལས། །སྙིང་གི་ཆུ་སྐྱེས་དབུས་སོན་པས། །མི་གནས་མྱ་ངན་འདས་པ་ཐོབ། །རྣལ་འབྱོར་པས་ནི་མཉམ་པར་བཞག །ནང་པར་བྱ་རོག་མི་གྲག་པར། །འཇུག་གནས་འབྱུང་བའི་རླུང་གང་ཡིན། །སྟོང་ཕྲག་གཅིག་ཏུ་བགྲང་བར་བྱ། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་ཕྲག་གཅིག་གིས་རྫོགས་པ་ན། །ཚེ་ཟད་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །སྙིང་གི་ཧཱུཾ་ཡིག་དཀར་པོ་ལས། །ཡུལ་སོགས་དམིགས་པས་མི་ཕྱེད་པས། །རླུང་གི་སྦྱོར་བ་སྒོམ་བྱེད་ན། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། ཞེས་དང་། སྐབས་འདིར། རྣམ་ཤེས་གོང་དུ་འཕེལ་བ་ནི། །འཆི་བའི་དུས་ལ་བབས་པའི་ཚེ། །བུ་ག་རྣམས་སུ་སོན་པ་ཡི། །ཡི་གེ་སེམས་ཀྱིས་དགུག་པར་བྱ། ཞེས་སོགས་སཾ་བུ་ཊ་དང༌། གསུང་ཇི་ལྟ་བ་བཞིན་དུ་རྒྱས་པར་གསུངས་སོ། །གསུམ་པ་ནི། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བླ་མའི་མན་ངག་རིམ་པ་ཡིས། །སྲིད་པའི་སྡུག་བསྔལ་གཞོམ་འདོད་པས། །མི་འགྱུར་པདེ་བ་བསྒོམ་པར་བྱ། །རྣལ་འབྱོར་མ་ཡི་མཚན་ཉིད་ནི། །རིགས་ནི་རྣམ་པ་བཞི་རུ་བཤད། །ཙ་རྩི་ཀ་ནི་པདྨ་ཅན། །ཕག་མོ་གླང་པོ་ཅན་དུ་འགྱུར། །རྡོ་རྗེ་དབྱངས་ཅན་དུང་ཅན་མ། །གཽ་རཱི་རི་མོ་ཅན་ཡིན་ཏེ། །རིགས་ནི་


JLD006_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡི་མཚན་ཉིད་རྣམས། །མཁས་པས་དེ་ལྟར་ཤེས་པར་བྱ། །པདྨ་ཅན་གྱི་མཚན་ཉིད་ནི། །བཞིན་ནི་ཀུན་ནས་ཟླུམ་པ་སྟེ། །སྣ་ནི་ཛ་བའི་མེ་ཏོག་མཚུངས། །རུས་སྦལ་རྒྱབ་འདྲ་སེན་མོ་དམར། །ནུ་མ་མཁྲེགས་ཤིང་འཇམ་པ་སྟེ། །རྐང་མཐིལ་མཉམ་གནས་བྲང་ཡང་མཛེས། །བ་སྤུ་འཁྱིལ་ཞིང་ངང་པའི་སྐད། །རི་མོ་གསུམ་ཅན་ཆུ་སྐྱེས་མཆོག །པདྨའི་དྲི་ལྡན་གླང་ཆེན་འགྲོས། །པདྨའི་འདབ་ལྟར་རེག་ན་འཇམ། །པདྨའི་བྱེད་པས་སྟོན་བྱ་སྟེ། །པདྨ་ཅན་གྱི་དངོས་གྲུབ་འགྱུར། །གླང་པོ་ཅན་ཞེས་བྱ་བ་ནི། །སྣ་གཡོན་གཡས་སུ་འཁྱིལ་བ་དང༌། །འདོད་པས་མྱོས་ཤིང་འདོད་པར་སྲེད། །ཆང་གི་དྲི་ལྡན་བྱིན་པ་སྦོམ། །ལུས་ནི་སྦོམ་ལ་མི་སྲུན་པ། །བཞད་ཀྱི་གདངས་ཅན་ང་རོ་ཆེ། །གླུ་དང་རོལ་མོ་ལ་དགའ་བ། །བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །གླང་པོ་ཅན་གྱི་མཆོག་སྒྲུབ་བྱེད། །དུང་ཅན་མ་ནི་ཞེས་བྱ་བའི། །ཧ་ཅང་སྐེམ་མིན་སྦོམ་པོ་མིན། །སྐྲ་རིང་སྣ་ཡང་ཅུང་ཟད་རིང༌། །རྒྱུ་མ་ན་ར་ཀ་འབྲས་ལྟར། །ཞོ་དང་འོ་མའི་ཚོགས་ལ་དགའ། །བྱ་རོག་སྐད་ཅན་མོ་ཡི་བུ། །བ་གླང་ལྕེ་ལྟར་རྩུབ་པ་སྟེ། །གྷཱ་ཧ་རི་ཏིའི་བཅིང་བས་བཅིངས། །རི་མོ་ཅན་ཡང་བཤད་པར་བྱ། །ཤིན་ཏུ་ཁྲོ་ཞིང་ངོ་ཚ་སྤངས། །རྟག་ཏུ་རྩོད་པ་ལ་དགའ་ཞིང༌། །ལུས་ཐུང་དེ་ཡི་བྲང་ཡང་མཛེས། །ས་ལིའི་འབྲས་ལྟར་ནུ་མ་ཟབ། །བྱིན་པ་ཕྲ་ཞིང་རྐང་ལག་ཉལ། །གསུས་པ་སྦོམ་ཞིང་མཆུ་ཡང་འཕྱང༌། །ཤ་ཡི་དྲི་ལྡན་ཕུག་རོན་སྐད། །དེ་ནི་རི་མོ་ཅན་ཞེས་བྱ། །བི་ལ་ཐ་ཡིས་བཅིང་བ་


JLD006_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །རི་མོ་ཅན་གྱི་དངོས་གྲུབ་འགྱུར། །བཅུ་དྲུག་ལོན་མ་སྐལ་བཟང་མ། །གཟུགས་བཟང་ལང་ཚོ་ཕུན་ཚོགས། །དང་པོ་ལེགས་པར་སྦྱང་བ་དང༌། །དབང་བསྐུར་ནས་ནི་བསྒྲུབ་པ་ཙ། །སྐུ་གསུང་ཐུགས་དང་རྡོ་རྗེ་ནི། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་དུའོ། །དེ་ནས་པདྨ་རྡོ་རྗེ་སྦྱར། །ཨཿ ཡིག་པདྨ་འདབ་བརྒྱད་ལ། །ཨཱཿ ཡིག་ཟེའུ་འབྲུར་རབ་ཏུ་བརྟག །ཧཱུཾ་གིས་རྡོ་རྗེ་རྩེ་ལྔ་པའི། །ནོར་བུ་ༀ་ལས་བྱུང་བ་ལ། །ཕཊ་ཀྱིས་སྒོ་ལ་རབ་ཏུ་བརྟག །དེ་ལྟར་རྡོ་རྗེ་པདྨར་བཅས། །བྷ་གར་ལིངྒ་བཞག་ནས་ནི། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །རྣལ་འབྱོར་པས་ནི་ཧཱུཾ་ཕཊ་བསམ། །བྷ་གར་རྡོ་རྗེ་འཛིན་པར་བྱེད། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་ངོ་བོར་བསྒོམ་པར་བྱ། །རྒྱུ་མཐུན་ལ་སོགས་རབ་དབྱེ་ནས། །ཤིན་ཏུ་རྣལ་འབྱོར་བསྒོམ་པར་བྱ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། །རྩ་ནི་ཉེ་བར་བཙལ་བྱ་སྟེ། །བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །རྣལ་འབྱོར་པས་ནི་ཇི་སྲིད་དུ། །བྱང་སེམས་འབྱིན་པར་མི་བྱེད་པ། །གང་ཚེ་ཆུ་ཡི་རི་མོ་ལྟར། །དེ་ཚེ་འཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱངཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེའི་ཀུན་སྦྱོར་དང་། །རེག་བཅས་ཀྱི་ནི་རྨད་བྱུང་ཆེ། །བདེ་བ་སྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགའ་བྱེད་པ་པོ། །དགའ་བྲལ་གྱི་ནི་དབུས་དག་ཏུ། །མཚོན་པ་དེ་ནི་བསྟན་པར་བྱ། །


JLD006_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ནམ་མཁར་རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་དག་གིས་སེམས། །ནོར་བུའི་ནང་དུ་སོན་བལྟ་ཞིང་། །ཡེ་ཤེས་སྦྱོར་བ་གང་ཡིན་པ། །ཡེ་ཤེས་ངོ་བོ་ཞེས་བྱ་སྟེ། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང༌། །བདེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་པ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །བྱིན་གྱིས་རློབ་པའི་སྦྱོར་བ་སྟེ། །འདི་ནི་ཤིན་ཏུ་རྣལ་འབྱོར་རོ། །ཞེས་གསུངས་སོ། །བཞི་པ་ནི། །མཁའ་འགྲོའི་ཕོ་བྲང་ཆུ་སྐྱེས་དབུས། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁམས་གསུམ་རྒྱུ་དང་མི་རྒྱའི་དོན། །རྣལ་འབྱོར་ཆེན་པོས་ངལ་བསོ་བྱས། །ལྟེ་བའི་དབུས་སོན་དཔའ་བོ་ལས། །སྤྲོ་དང་སྡུད་པའི་སྦྱོར་བ་ཡིས། །ཇི་ལྟ་དབུགས་རླུང་མེ་ལོང་ལ། །ཇི་ལྟར་ཐིམ་པར་བལྟ་བར་བྱ། །ལྟེ་བའི་ཚུ་སྐྱེས་པདྨོའི་དབུས། །ཡུངས་ཀར་ཙམ་དུ་བརྟན་བྱས་ནས། །འོད་གསལ་ཡེ་ཤེས་ཉིད་དུ་འགྱུར། །རྟག་པ་མ་ཡིན་ཆད་པ་མིན། །བདག་མིན་གཞན་ཡང་མ་ཡིན་ལ། །སྲིད་མིན་མྱ་ངན་འདས་པ་མིན། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །འོད་གསལ་བ་ལས་དེ་བསམས་ན། །དེ་ལས་རྡོ་རྗེ་འཛིན་པར་འགྱུར། །ཞེས་སོ། །རྣལ་འབྱོར་བཞིའི་རྒྱུ་འབྲས་ཀྱི་རིམ་པ་ལས་ཟུང་འཇུག་འགྲུབ་ལུགས་ནི། རྣལ་འབྱོར་བཞིའི་རིམ་པ་ལས། གང་སྐྱེས་


JLD006_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སེམས་དཔའ་ཆེ། །ཐབས་དང་ཤེས་རབ་རང་གི་དངོས། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །འཇིག་རྟེན་ཁྱབ་ཅིང་གསལ་བར་སྣང༌། །མི་འགྱུར་མཆོག་གི་བདེ་བ་ཆེ། །སྟོང་པ་སྙིང་རྗེ་དབྱེར་མེད་པ། །ཕུན་སུམ་ཚོགས་པའི་འབྱུང་གནས་ཆེ། །ཡེ་ཤེས་ཆེན་པོ་འགྲུབ་འགྱུར་རོ། ཞེས་གསུངས་སོ། གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་སྤྱོད་པ་ལ་སློབ་པའི་རིམ་པ་ལ། ལམ་སྒོམ་པ་སྣོད་རུང་དུ་སྒྲུབ་པ་དང༌། ལམ་བསྒོམ་པ་དངོས། དང་པོ་ལ། གང་གིས་སྣོད་རུང་དུ་སྒྲུབ་པར་བྱེད་པ་སློབ་དཔོན་གྱི་མཚན་ཉིད་དང༌། གང་སྣོད་རུང་དུ་བྱ་བ་སློབ་མའི་མཚན་ཉིད། དེས་ཇི་ལྟར་སྣོད་རུང་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི། རབ་འབྲིང་ཐ་མ་གསུམ་ལས། ཐ་མ་ཡང་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ། བསྐྱེད་རིམ་ཚིག་སྤྱི་ལ་མ་ལུས་པར་དོན་སྤྱི་ལེགས་པར་ཤར་བ། སྔགས་ཀྱི་བསྙེན་ཚད་བཞི་འབུམ་སོགས་དང༌། དེའི་བཅུ་ཆའི་སྦྱིན་སྲེག་བྱས་པ། དཀྱིལ་འཁོར་ཆོ་ག་རག་ལས་པ་ལ་མཁས་པའོ། །སྦྱིན་སྲེག་ཡོངས་རྫོགས་བཅུ་ཆ་མ་གྲུབ་ནའང༌། མར་ཁུ་ལྡུགས་ཐེབས་རེ་དང༌། ཡམ་ཤིང་རེ་ལ་རེ་རེར་བགྲངས་པས་འགྲུབ་གསུངས། གཉིས་པ་ལ་ཡང༌། ཐ་མ་བླ་མ་དང་དམ་ཚིག་དང་སྡོམ་པ་འཛིན་ནུས་པའོ། །གསུམ་ལ། དབང་བསྐུར་ནས་རྒྱུད་སྨིན་པར་བྱ་བ་དང༌། རྒྱུད་སྨིན་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བའོ། །དང་པོ་ལ། སྔགས་ཀྱི་ཐེག་པའི་སྒོར་འཇུག་པ་ལ་དབང་བསྐུར་ཐོབ་དགོས་པར་བསྟན་པ། རྒྱུད་སྡེ་སོ་སོའི་དབང་གི་ཁྱད་པར། དཀྱིལ་


JLD006_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་འཇུག་ཅིང་དབང་བསྐུར་ཐོབ་ཚུལ། དེའི་ཚེ་དམ་ཚིག་དང་སྡོམ་པ་ཇི་ལྟར་ཐོབ་པའོ། །དང་པོ་ནི། བྱ་སྤྱོད་སོགས་ཀྱི་སྔགས་མཚན་ཉིད་ཐེག་པར་དྲངས་པ་ཡོད་མོད། དེ་ལ་དབང་མི་དགོས་པ་ནི། ལྷ་སྒོམ་པ་དང་མ་འབྲེལ་བས་སོ། །དེས་ན་ལྷ་སྒོམ་པ་དང་འབྲེལ་བའི་སྔགས་བཟླ་བ་ལ་ནི་ངེས་པར་དབང་ཐོབ་དགོས་ལ། སྔགས་གཞན་ལ་ངེས་པ་མེད་པས་ན། རྡོ་རྗེ་ཐེག་པའི་སྒོར་འཇུག་པ་ལ་དབང་བསྐུར་ངེས་པར་ཐོབ་དགོས་སོ། །གཉིས་པ་ནི། བྱ་རྒྱུད་ལ་ཆུ་དབང་དང་ཅོད་པན་གྱི་དབང་ཡོད་ཅིང༌། གོང་མ་མེད་ལ། སྤྱོད་རྒྱུད་ལ་དེའི་སྟེང་དུ་རྡོ་རྗེ་དང་དྲིལ་བུ་དང་མིང་གི་དབང་ངོ་། །རྣལ་འབྱོར་རྒྱུད་ལ་དེ་དང་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ལ་མིང་ཕྱག་རྒྱའི་དབང་ཞེས་འབྱུང་ལ། བུམ་དབང་ཞེས་ནི་མི་འབྱུང་ངོ་། །བླ་མེད་ལ་དབང་བཞི་ཡོངས་སུ་རྫོགས་པའོ། །གསུམ་པ་ལ་དཀྱིལ་འཁོར་དུ་གཞུག་པ་དང༌། དབང་བསྐུར་བ་གཉིས་ལས། རྒྱུད་སྡེ་གཞན་གསུམ་ལ་ནི། དཀྱིལ་འཁོར་དུ་གཞུག་པ་ཙམ་བྱ། དབང་བསྐུར་དུ་མི་རུང་བའི་གདུལ་བྱ་མི་འབྱུང་ལ། རྣལ་འབྱོར་གྱི་རྒྱུད་ལ་ནི། རྒྱུད་མ་སྨིན་པ་དང༌། སྨིན་པའི་དབང་གཉིས་ལས། དང་པོ་ནི། དཀྱིལ་དུ་གཞུག་པ་ཙམ་བྱར་རུང་གིས། དབང་བསྐུར་དུ་མི་རུང་ངོ་། །དེ་ཡང་དཀྱིལ་འཁོར་དུ་གཞུག་ཅིང་མཐོང་ན་ཞེས་འབྱུང་བས། གཞུག་མཐོང་ལ་ཕྱིན་ནང་གཉིས་ལས། ཕྱི་གཞུག་ཕྱི་མཐོང་ནི། ལྷ་ངོ་སྤྲོད་པ་ཙམ་ཡིན་པས། དེ་ཙམ་རུང་ལ། གང་གཞུག་ནང་མཐོང་ནི། ཡེ་ཤེས་པ་འབེབས་པ་ཡིན་པས་དེ་ཕན་ཆད་མི་


JLD006_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ངོ་། །སྨིན་པ་ལ་ཡང༌། ཐུན་མོང་མ་ཡིན་པའི་སྡོམ་པ་འཛིན་ནུས་པ་དང༌། མི་ནུས་པ་གཉིས་ལས། ཕྱི་མ་ལ་ནི་ཐུན་མོང་བའི་སྡོམ་པ་འཛིན་དུ་བཅུག་ནས། སློབ་མའི་དབང་བསྐུར་ལ། འདི་ཡང་ལྷ་སྒོམ། སྔགས་བཟླས་རྒྱུད་ཉན་པ་སོགས་ལ་དབང་གིས། གཞན་ལ་དབང་བསྐུར་བ་སོགས་ལ་མི་དབང་ངོ་། །དང་པོ་ལ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཡང་བསྐུར་རོ། །བཞི་པ་ལ་སྒོམ་པ་ཐོབ་པའི་དུས་དང༌། དབང་བསྐུར་བའི་ཚུལ་ལོ། །གཞན་དབང་བསྐུར་མ་ཐོབ་བར་དུ་སྡོམ་པ་འཛིན་དུ་བཅུག་ན་ཡང༌། མི་སྐྱེ་བར་འདོད་པ་མི་རིགས་ཏེ། སྟ་གོན་དང་དངོས་གཞི་གང་རུང་གི་དུས་སུ་སྡོམ་པ་འཛིན་དུ་བཅུག་པ་དེ་ཐོབ་པས། སྡོམ་པ་སྐྱེ་བ་དང་དབང་བསྐུར་གྱི་ཆོ་ག་རྫོགས་པ་ལ་བལྟོས་གཏན་མི་དགོས་སོ། །རྒྱུད་སྡེ་འོག་མ་གཉིས་ལ་ཐུན་མོང་མ་ཡིན་པའི་སྡོམ་པ་ཡིད་མེད་དཔྱད་པར་བྱ་ཞིང༌། གོང་མ་གཉིས་ལ་རིགས་ལྔའི་སྡོམ་པ་འབའ་ཞིག་ཡོད་ལ། མཚན་ཉིད་ཐེག་པ་དང་ཐུན་མོང་བའི་བྱང་ཆུབ་སེསམ་དཔའི་སྡོམ་པ་ནི་ཀུན་གྱིས་གཟུང་དགོས་ཤིང་། སོ་ཐར་སྡོམ་པའི་སྣོད་རུང་ཡིན་ན་དེ་ཡང་ངེས་པར་བླང་དགོས་སོ། །རྒྱུད་སྡེ་འོག་མའི་དབང་བསྐུར་མ་ཐོབ་ན་གོང་མའི་ཐོབ་ཀྱང་འོག་མའི་དབང་བསྐུར་བྱར་མི་རུང་ཞིང༌། དེའི་རྒྱུད་ཉན་པ་དང་ལུང་ཐོབ་ན། རྗེས་གནང་དང་འཆད་པ་སོགས་ནི་རུང་ངོ་། །འོག་མ་ཐོབ་ཀྱང་གོང་མ་མ་ཐོབ་ན་དེའི་རྒྱུད་བལྟ་བ་དང་ཉན་པ་སོགས་ཀྱང་མི་རུང་ན་དབང་བསྐུར་བ་ལྟ་ཅི་སྨོས། དབང་གང་སྔོན་དུ་མ་སོང་ན། རྗེས་གནང་ཙམ་ལེན་དུ་མི་རུང་ན། དབང་བྱར་མི་རུང་བ་ཡང་དེ་དང་འདྲའོ། །གཉིས་པ་རྒྱུད་སྨོན་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་ལ།


JLD006_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐམས་ཅད་འབྱུང་བའི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང༌། དངོས་གྲུབ་ཐམས་ཅད་འཕྲོག་པའི་རྒྱུ་དམ་ཚིག་ཉམས་པ་སྤང་པའོ། །དང་པོ་ནི། བླ་མ་ལྔ་པཅུ་པ་ལས་ཤེས་པར་བྱ་ཞིང༌། གཉིས་པ་ལ་རྒྱུད་སྡེ་གཞན་ནས་བཤད་པའི་དམ་ཚིག་དང་སྡོམ་པ་དག་པར་བྱ་བའི་ཚུལ་དང༌། བླ་མེད་ནས་བཤད་པའི་ཚུལ་གཉིས་སོ། །དང་པོ་ནི། སྤྱིར་སྡོམ་པ་གོང་མ་གཉིས་རྩ་བའི་ལྟུང་བས་ཉམས་ན་སླར་ལེན་པ་མ་གཏོགས་གསོ་བའི་ཐབས་གཞན་མེད་ལ། དེ་ཡང་དམ་ཚིག་དང་སྡོམ་པ་མི་ཉམས་པར་སྲུང་བར་བྱེད་པ་ལ་ཡང༌། མ་བསྲུངས་པའི་ཉེས་དམིགས་དང༌། བསྲུངས་པའི་ཕན་ཡོན་བསམ་དགོས་པས་ཉེས་དམིགས་ནི། ཛྙཱ་ན་བོ་དྷིས་འཕགས་པ་ཐམས་ཅད་སྤངས་པ་རང་ལ་འཁུ་བ་དངོས་གྲུབ་ཐམས་ཅད་ལས་རྒྱབ་ཀྱིས་ཕྱོགས་པ་གཡོ་ཅན་ཤིང་རུལ་ལྟ་བུ། ཞེས་སོགས་གསུངས་ལ། གཞན་དག་ལས་ཀྱང་བསྐལ་པ་གྲངས་མེད་གསུམ་དུ་སྤྱི་ཚུགས་སུ་མནར་མེད་དུ་སྡོད་ཅིང༌། བསྐལ་པ་འཇིག་པ་ན་ཡང་དམྱལ་བ་གཞན་དུ་འཕོ་ཞིང༌། སྡོམ་པ་ཉམས་པའི་གང་ཟག་གིས་མཆོད་པ་ཕུལ་ཀྱང་མཆོད་ཡུལ་མི་འབྱོན་ཅིང༌། མཆོད་གཏོར་མི་བཞེས་པ་དང་། དམྱལ་བ་གཞན་གྱི་སྡུག་བསྔལ་བསྡོམས་ཀྱང་དེའི་སྡུག་བསྔལ་བྱེ་བའི་ཆར་ཡང་མི་ཕོད་པ་སོགས་སོ། །ཕན་ཡོན་ནི། མཆོག་གི་དངོས་གྲུབ་ཚེ་འདི་དང་ཕྱི་མ་དང་བར་དོ་དང༌། གསང་སྔགས་ལ་འཇུག་པ་ལས་གསུམ་ཚུན་དང༌། དུས་འཁོར་དང་རྡོ་རྗེ་རྩེ་མོ་ལ་བདུན་དང༌། བི་བྷཱུ་ཏི་ཙནྡྲས། མ་བསྒོམས་པ་ཡང་


JLD006_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་ཐོབ། སོགས་སོ། །དམ་ཚིག་དང་སྡོམ་པ་དག་པར་བྱེད་པ་ལ་མི་མཐུན་པའི་ཕྱོགས་རྩ་བའི་ལྟུང་བ་ངོ་ཤེས་དགོས་པས། དེ་ལ་བྱ་སྤྱོད་གཉིས་ལ་བླ་མ་གཞན་དག་ན་རེ། སྤྱོད་པའི་རྒྱུད་ནི་བཞིར་ངེས་ཏེ། ཇོ་བོས་མཛད་པར་གྲགས་པའི་དམ་ཚིག་བསྡུས་པར། རྩ་བའི་ལྟུང་བ་མང་པོ་བཤད་པའི་བཅུ་བཞིའི་ཚན་པ་ཟུར་བ་བཤད་པ་འདི་ལ་དགོངས། སྲིད་པ་དང་རྣམ་སྣང་མངོན་བྱང་ལས། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་སྡོམ་པ་ཉམས་པ་དང༌། རྩ་བ་ནས་སྤྱོད་པ་དང༌། བྱངཆུབ་སེམས་དཔའ་ཁྱིམ་པས་བུ་དང་ཆུང་མ་བཅས་བཞིན་དུ་ལྟུང་བར་མི་འགྱུར་པ་བཤད་དུ་གསོལ། ཞེས་འབྱུང་བས། མི་དགེ་བ་བཅུ་དང་བྱང་ཆུབ་སེམས་གཏོང་སོགས་བཞི་སྟེ་བཅུ་བཞིར་ངེས་ལ། བྱ་རྒྱུད་ནི་ཕལ་ཆེར་སུམ་ཅུ་ཡིན་ཏེ། དམ་ཚིག་བསྡུས་པའི་སུམ་ཅུའི་བཅུ་ཚན་པ་ཟུར་པ་འབྱུང་བ་དང༌། ལེགས་གྲུབ་ཀྱི་རྒྱུད་ལས་ཀྱང་འབྱུང་ཞེས་གསུང་ངོ་། །དེ་ནི་ཚིག་དོན་གཉིས་ཀའི་སྒོ་ནས་རྣམ་སྣང་མངོན་བྱང་གི་དགོངས་པར་མི་རུང་སྟེ། དགེ་བཅུའི་རང་བཞིན་གྱི་སྡོམ་པ་ཞེས་འབྱུང་གིས། མི་དགེ་བ་ཞེས་པ་ཚིག་མ་དག་པའི་ཕྱིར་དྲི་བའི་སྐབས་ཡིན་གྱི། ལན་གྱི་སྐབས་མིན་པའི་ཕྱིར་དང༌། དེའི་ལན་དུ་བྱང་ཆུབ་སེམས་གཏོང་སོགས་བཞི་ཁོ་ན་སྡོམ་པ་རྩོད་མེད་དུ་གསུངས་པའི་ཕྱིར། མི་དགེ་བ་བཅུ་རྩ་ལྟུང་ཡིན་ན་དྲི་བ་གཉིས་པའི་སྐབས་སུ། དགེ་བསྙེན་གྱི་བསླབ་པའི་གཞི་རྩ་བ་གཅིག་དང་། ལོག་ལྟ་ལྔ་པོ་སྤོང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ལས་ལམ་


JLD006_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་གནང་བར་བཤད་པར་མི་རིགས་པར་འགྱུར་ཏེ། དེས་ན་སྡོམ་པ་གང་གི་ལུགས་ལ་ཡང་རང་རང་གི་རྩ་ལྟུང་གནང་བའི་སྐབས་མི་སྲིད་པའི་ཕྱིར། དེས་ན་སྤྱོད་རྒྱུད་ལ་ནི་བཞིར་ངེས་ཤིང་། བྱ་རྒྱུད་ལ་ཡང་བླ་མ་རྗེ་བཙུན་པས་གསུངས་པ་ལྟར་བཞི་པོར་ཕལ་ཆེར་ངེས་སམ་བརྟག་དགོས་ལ། དམ་ཚིག་བསྡུས་པ་ནི་ཇོ་བོས་མཛད་མ་མཛད་ཐེ་ཚོམ་ཟ་ཞིང་འགལ་བ་མཐོང་བས་ཤེས་བྱེད་དུ་མི་རུང་ངོ་། །རྣལ་འབྱོར་རྒྱུད་ལ་རྩ་ལྟུང་བཅུ་བཞིར་ངེས་ལ། དེའི་ངོས་འཛིན་ཁ་ཅིག་རིགས་ལྔའི་སྡོམ་ཚིག་ནས་དཀོན་མཆོག་གསུམ་རྡོ་རྗེ་དྲིལ་བུ་སློབ་དཔོན་དུ་གཟུང་བ་གསུམ། སྦྱིན་པ་རྣམ་བཞི། ཕྱི་ནང་གསང་གསུམ། མཆོད་པ་འབུལ་བ་དང་བཅུ་བཞིའི་ལྡོག་ཕྱོགས་ལས་འཛིན་པ་སོགས་བྱུང་ཡང་། དོན་ནི་དཔལ་མཆོག་ནས་བཤད་པའི་བྱང་ཆུབ་སེམས་འདོར་དང༌། མཚན་མ་ལ་སྨོད་པ་དང་། ཆོས་ལ་སྨོད་པ་དང༌། དཀའ་ཐུབ་ཀྱིས་གདུང་བ་དང༌། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་སྤོང་བ་གསུམ་དང༌། སློབ་དཔོན་ལ་སྨོད་པ་སྟེ་བརྒྱད། རྩེ་མོ་ནས་དཀོན་མཆོག་གསུམ་ལ་དད་པ་གཏོང་བ་ལ་བཤད། སྒྱུ་འཕྲུལ་དྲ་བ་ནས། རྡོ་རྗེ་སྤུན་ལ་གཤེ་བ་དང༌། གདུག་ལ་བྱམས་པ་དང༌། སེམས་ཅན་ལ་བྱམས་པ་སྤོང་བ་ལ་བཤད། དེ་ཉིད་བསྡུད་པ་ལས་བཤད་པའི་གསང་སྒྲོགས་དང༌། བདེ་གཤེགས་བཀའ་ལས་འདས་པ་སྟེ་བཅུ་བཞི་པོ་ཡིན་ལ། ཡང་བླ་མེད་ཀྱི་རྩ་ལྟུང་བཅུ་ནས། དང་པོ་བརྒྱད་དང༌། བཅུ་པ་ནི་ཐུན་མོང་མ་ཡིན་པ། ལྔ་ནི་སྐྱབས་འགྲོ་འདོར་བ་དང༌། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གསུམ་འདོར་བ་དང༌། མཚན་


JLD006_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྨོད་པ་དང་ལྔའོ། །གཉིས་པ་ལ་ལྟུང་བ་བསྐྱེད་པའི་རྟེན་ངོས་གཟུང་བ་དང༌། ལྟུང་བའི་རིགས་བསྡུ་བའོ། །དང་པོ་ནི། བླ་མེད་ཀྱི་དབང་བསྐུར་སྡོམ་པ་ཐོབ་ལ་མ་ཉམས་པ་བསམ་པ་རང་བཞིན་དུ་གནས་པའོ། །གཉིས་པ་ལ་ཕམ་པའི་སྡེ་ཚན་དང༌། སྦོམ་པོའི་སྡེ་ཚན་ནམ། རྩ་བ་དང་ཡན་ལག་གི་ཉེས་པ་གཉིས་སོ། །དང་པོ་ལ། གཞུང་གི་མཚན་དོན་དང༌། མཚན་ཅན་གྱི་གཞུང་བཤད་པའོ། །གཉིས་པ་ལ། བཤད་པ་ལ་འཇུག་པའི་བྱ་བ་དང༌། བཤད་པ་ཉིད་ཉེ་བར་འགོད་པ་དང༌། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ། མཆོད་བརྗོད་དང༌། བརྩམ་པར་དམ་བཅའ་བ་གཉིས་སོ། །དང་པོ་ནི། ཀུན་ནས་དང་བའི་ཡུལ་ལ་དུས་ཀུན་ཏུ་དང་བ་ཞེས་ཟེར་ཏེ་དང་བ་རྟགས་སོ། །ཞབས་ཀྱི་པདྨོར་འདུད་པ་ནི། དངོས་སུ་མེད་ཀྱང་གུས་པས་འདུད་དོ། །གཉིས་པ་ནི། བརྗོད་བྱ་དང་རང་བཟོའི་ཉེས་པ་སྤང་པ་དང༌། དགོས་པ་རྣམས་ཀྱིས་ཤེས་པར་བྱའོ། །གཉིས་པ་བཤད་པ་ཉིད་ཉེ་བར་འགོད་པ་ལ། རྩ་བའི་ལྟུང་བས་མི་གོས་པར་བྱེད་པའི་ཐབས་དང༌། གོས་ན་ཕྱིར་འཆོས་པར་བྱེད་པའི་ཐབས་གཉིས་སོ། །དང་པོ་ལ། རྩ་བའི་ལྟུང་བ་ངོས་གཟུང་བ་དང༌། དེ་ལ་བསྲུང་འདོད་བསྐྱེད་པ་དང༌། བསྲུང་ཚུལ་དངོས་སོ། །དང་པོ་ལ་བཅུ་ཡོད་པའི་དང་པོ་ལ། དངོས་དང་། ཕྱོགས་མཐུན་གཉིས་སོ། །དང་པོ་ལ། ལྟུང་བའི་མིང་འདོགས་དང༌། ལྟུང་བར་འགྱུར་པའི་ཚུལ་གཉིས་སོ། །དང་པོ་ནི། གཤིན་རྗེའི་གཤེད་དམར་གྱི་རྒྱུད་ལེའུ་བཅོ་བརྒྱད་པ་དང༌། གུར་གྱི་ལེའུ་བཅོ་ལྔ་པ་ནས་སྨད་པའི་རྩ་ལྟུང་ཞེས་དང༌། དུས་འཁོར་


JLD006_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐུགས་དཀྲུགས་པའི་རྩ་ལྟུང་དང༌། འདིར་བརྙས་པ། ཞེས་སོགས་སོ། །གཉིས་པ་ལ་གཞན་ལུགས་འགོད་པ་དང༌། འཐད་ཕྱོགས་རྣམ་པར་བཞག་པའོ། །དང་པོ་ནི། །རྒྱ་ཆེར་འགྲེལ་ནས་གསུངས་པ་སོགས་དང༌། དཱ་རི་ཀ་བས་ཡན་ལག་དྲུག་རྣམ་པར་བཞག་པ་སྟེ། བླ་མ་དམ་པར་ཤེས་པ། མི་དགྱེས་པར་ཤེས་པ། ཉོན་མོངས་པས་ཀུན་ནས་བསླངས་ནས་བྱས་པ། རང་དོན་ལྷུར་ལེན་པ། གཞན་གྱི་དོན་མ་ཡིན་པ། སླར་སྦྱང་བའི་བསམ་པ་མེད་པ་ཞེས་སོ། །བླ་མ་དམ་པ་ནི། རང་དོན་མིན་པར་ཉེས་པ་བྱེད་པ་པོ་སློབ་མའི་དོན་དུ་བསམས་ནས། སློབ་མས་ཉེས་པ་བྱེད་པ་ལ་མི་དགྱེས་པའོ། །བླ་མ་མི་དགྱེས་པ་ལ་མི་དགྱེས་པར་ཤེས་པ་ནི། མི་དགྱེས་ཀྱང་བླ་ཡི་སྙམ་པ་དགོས་ཀྱི་དེ་ལྟར་ཤེས་ཀྱང་། ཉོན་མོངས་ཤེས་ཆེན་པོས་ཟིལ་གྱིས་མནན་ནས་དབང་མེད་ལ་ནི་རྩ་བའི་ལྟུང་བ་མེད་དོ། །རང་དོན་ལྷུར་ལེན་ཀྱང་གཞན་དོན་དང་འདྲེས་ན་རྩ་བའི་ལྟུང་བ་མེད་པས་གཞན་དོན་མ་ཡིན་ཞེས་ཟུར་དུ་སྨོས་སོ། །སླར་སྦྱང་བསམ་པ་ནི། འགྱོད་པ་ཙམ་གྱིས་མི་ཆོག་གི །དེ་མ་ཐག་ཏུ་བཤགས་པ་བྱེད་འདོད་དོ། །གཉིས་པ་ལ། གང་ལ་བརྟེན་ནས་ལྟུང་བར་འགྱུར་པའི་ཡུལ། དེ་ལ་བརྟེན་ནས་ལྟུང་བར་འགྱུར་ཚུལ། དེའི་རྒྱུ་མཚན་ནོ། །དང་པོ་ལ། སློབ་དཔོན་གྱི་མཚན་ཉིད། དབྱེ་བ། དོགས་གཅོད་དོ། །དང་པོ་ནི། གསང་སྔགས་རྡོ་རྗེ་ཐེག་པ་དང་སྦྲེལ་བའི་སྒོ་ནས་སློབ་དཔོན་དུ་སོང་བའོ། །གཉིས་པ་ནི། དབང་བསྐུར། རྒྱུད་བཤད། མན་ངག་སྦྱིན་པ་དང་


JLD006_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །གསུམ་པ་ལ་རྒྱུད་ལ་བརྟེན་པ་དང༌། གྲངས་ལ་བརྟེན་པ། ཚད་ལ་བརྟེན་པའི་དོགས་གཅོད་དོ། །དང་པོ་ནི། སློབ་དཔོན་ཏེ། བླ་མེད་ཀྱི་སྒོ་ནས་སྦྲེལ་བ་ཁོ་ན་ཡན་ལག་ཏུ་དགོས་སམ་ཞེ་ན། མི་དགོས་ཏེ། རྒྱུད་སྡེ་བཞི་པོ་གང་རུང་ཞིག་འབྲེལ་བས་ཀྱང་འགྱུར་རོ། །གཉིས་པ་ནི། གསུམ་ལྡན་དགོས་སམ་སྙམ་ཞེ་ན། རྒྱུད་བཤད་པ་གཅིག་པུས་ཀྱང་འགྱུར་རོ། །གསུམ་པ་ནི། རྒྱུད་རྫོགས་པར་བཤད་པ་ལ་སོགས་པ་དགོས་སམ་ཞེ་ན། མི་དགོས་ཏེ། སྤྱིར་སློབ་དཔོན་གྱི་དབྱེ་བ། དམ་ཆོས་ལག་པར་སྦྱིན་པ་དང༌། འཆད་བྱེད་མན་ངག་སྟོན་པ་དང༌། དབང་བསྐུར་བ་དང་ལས་བྱེད་པའོ། །ཞེས་གསུངས་པ་དེ་ལ་རྒྱུད་ཚིག་རེ་ཙམ་འཆད་པ་དང༌། ཀློག་པ་སྦྱིན་པ་དང༌། ལྷ་བསྒོམ་པ་སྣ་རེ་ཙམ་གྱི་མན་ངག་སྦྱིན་པ་དང༌། རིག་པའི་དབང་ཙམ་བསྐུར་བ་དང༌། ལས་བྱེད་པ་བྲིས་ཐིག་སྣ་རེ་དང༌། ཕྱག་རྒྱ་སྣ་རེ་ཙམ་བསླབས་པས་ཀྱང་འགྱུར་རོ། །གཉིས་པ་ནི། དེ་ལ་ཅི་ཞིག་བྱས་པས་རྩ་བའི་ལྟུང་བར་འགྱུར། ཞེ་ན། མ་གུས་པ་དང༌། སྨད་པ་དང་། བརྙས་པའོ། །དེའི་ཚད་ནི། སྒོ་གསུམ་གུས་པའི་སྒོ་ནས་བསྙེན་བཀུར་བའི་ཞིང་གོང་མར་འཛིན་པའི་ཁུར་བོར་བའོ། །གསུམ་པ་རྒྱུ་མཚན་ནི། དངོས་གྲུབ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་རྗེས་སུ་འབྲང་བར་གསུངས་པ་དེ་བས་ན་སྟེ་དེའི་ཕྱིར་རོ། །གལ་ཏེ་སྔར་གསང་སྔགས་དང་འབྲེལ་བའི་སློབ་དཔོན་གང་ཡང་རུང་བ་རྩ་བའི་ལྟུང་བའི་ཡུལ་དུ་བསྟན་པས་དེ་དག་ཀུན་ལས་དངོས་གྲུབ་ཐོབ་པའི་ངེས་པ་མེད་པའི་ཕྱིར། རྒྱུ་མཚན་མི་རིགས་པ་དང༌། སློབ་དཔོན་ཤཱནྟི་པ་སོགས་ཀྱིས་དབང་བསྐུར་ཐོབ་པ་ཉིད་རྡོ་རྗེ་སློབ་དཔོན་དུ་གསུངས་


JLD006_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། བླ་མ་ལྔ་པཅུ་པ་ལས་སློབ་དཔོན་གྱི་མཚན་ཉིད་བརྟན་ཅིང་དུལ་བ་སོགས་བཅུ་བཞིར་གསུངས་པ་དང་འགལ། ཞེ་ན། དབང་ཐོབ་པ་གཙོ་བོར་དགོངས་པ་དང༌། མཚན་ཉིད་ཡོངས་སུ་མ་རྫོགས་ན་ཁ་ན་མ་ཐོ་བ་ལྕི་བ་ཡིན་གྱི། རྩ་ལྟུང་དུ་འགྱུར་མི་འགྱུར་གྱི་ཁྱད་པར་མེད་དོ། །ཡུལ་གྱི་སྟེང་ནས་ངེས་པར་མེད་ཀྱང་སྐྱོན་མི་སེམས་ཡོན་ཏན་འབའ་ཞིག་སེམས་པ་སོགས་བླ་མ་བསྟེན་ཚུལ་ལེགས་ན། བླ་མ་གང་ཡང་རུང་བ་ལས་ཀྱང་དངོས་གྲུབ་འབྱུང་བས་སློབ་དཔོན་ཀུན་གྱི་སྟེང་དུ་རྒྱུ་མཚན་དེ་མ་གྲུབ་པའི་ཉེས་པ་མེད་དོ། །གཉིས་པ་ཕྱོགས་མཐུན་ནི། སྤྱིར་ཆོས་སྨྲ་ཙམ་དང༌། ཁྱད་པར་མཚན་ཉིད་ཐེག་པའི་སྒོ་ནས་འབྲེལ་བའི་སློབ་དཔོན་སོགས་ལ་བརྙས་ན་ཡང་བཤགས་བྱའི་ཉེས་པར་འགྱུར་པས་སྔ་མ་འདག་ངེས་སུ་སྦྱངས་ཤིང༌། ཕྱི་མ་འཕྲོ་ཆོད་ངེས་སུ་བསྡམ་པར་བྱའོ། །གཉིས་པ་ལ། དངོས་དང༌། ཕྱོགས་མཐུན་ནོ། །དང་པོ་ལ། མིང་འདོགས་དང༌། ལྟུང་བར་འགྱུར་ཚུལ་ལོ། །དང་པོ་ནི། དུས་འཁོར་ནས་བླ་མའི་བཀའ་བཅག་པ་ཞེས་དང༌། གཞན་རྣམས་ལས་བདེ་གཤེགས་བཀའ་ལས་འདས་ཞེས་འབྱུང་ངོ་། །གཉིས་པ་ལ་དུས་འཁོར་གྱི་འགྲེལ་པར་དཱ་རི་ཀ་པས་སྔར་བཤད་པ་ལྟར། ཡན་ལག་དྲུག་ལས་གཉིས་པའི་ཐད་དུ་བཀའ་བཅག་པ་ཞེས་སོགས། སྔགས་སྤྱིའི་དབང་དུ་བྱས་ན། བདེ་བར་གཤེགས་པའི་བཀའ་ཡིན་པ། དེ་ལ་དེར་ཤེས་བཞིན་དུ་ལོག་པར་རང་ཉིད་ཀྱིས་སྤྱོད་ཅིང་གཞན་ལ་སྟོན་པ། ཁྱད་དུ་གསོད་པ། སླར་སྦྱང་བའི་བསམ་པ་མེད་པ་སྟེ། མདོར་ན་བཀའི་ཚིག་


JLD006_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གང་རུང་ཡིན་པ་ལ། དེར་ཤེས་ཤིང་ཁྱད་དུ་གསོད་ཅིང༌། སླར་སྦྱང་བའི་བསམ་པ་མེད་པའོ། །དེའི་དུས་སུ་བཀར་མ་གྲགས་ཀྱང༌། སྔར་གྱི་འདུ་བྱེད་མ་ཉམས་ན་ཡང་ངོ་། །གཉིས་པ་ཕྱོགས་མཐུན་ནི། །དགོངས་འགྲེལ་གྱི་བསྟན་བཅོས་སོགས་སོ། །གསུམ་པ་ལ་ཡང་དངོས་དང༌། ཕྱོགས་མཐུན་ནོ། །དང་པོ་ལ་ལྟུང་བའི་མིང་འདོགས་དང༌། འགྱུར་ཚུལ་ལོ། དང་པོ་ནི། སྤུན་ལ་ཁྲོས་པ་དང༌། ཁྲོས་ནས་བསྒོ་བ་བཅག་ཅེས་སོགས་སོ། །གཉིས་པ་ལ་གཉིས་ལས། ལུགས་འགོད་པ་ནི། རྒྱ་ཆེར་འགྲེལ་སོགས་ཏེ། དཱ་རི་ཀ་པས། གྲོགས་དམ་པ་ཡིན་པ། དེར་ཤེས་པ། དེས་བསྒོ་བ་བཅག་པ། དེ་ཡང་ཁྲོས་ནས་བཅག་པ། རང་དོན་ལྷུར་ལེན་པ༌། གཞན་དོན་མ་ཡིན་པ། སླར་སྦྱང་བའི་བསམ་པ་མེད་པ། རྡོ་རྗེ་སྤུན་སྡོམ་ལྡན་ཡིན་པ་རྣམས་སོ། །གཉིས་པ་འཐད་ཕྱོགས་ནི། བླ་མ་གཅིག་དང་དབང་བསྐུར་གཅིག་གིས་འབྲེལ་བའི་རྡོ་རྗེ་སྤུན་ཡིན་པ་ལ། ཁྲོས་ནས་དེའི་སྐྱོན་བརྗོད་ཅིང་། དེས་གོ་བ། དེ་ཡང་སྡོམ་ལྡན་ཡིན་པ། སླར་སྦྱང་བའི་བསམ་པ་མེད་པ། རྡོ་རྗེ་སྤུན་དུ་ཤེས་པའམ། ཐེ་ཚོམ་ཟ་བའོ། །གཉིས་པ་ལ་ཕྱོགས་མཐུན་ནི། སྡོམ་པ་དང་མི་ལྡན་པའི་རྡོ་རྗེ་སྤུན་ལ་ནི། ཡན་ལག་མ་ཚང་བའི་བཤགས་བྱ་དང༌། མཚན་ཉིད་ཐེག་པ་ཁོ་ནའི་སྒོ་ནས་འབྲེལ་ཡང་ཕྱོགས་མཐུན་ནོ། །བཞི་པ་ལ་གཉིས། མིང་འདོགས་དང༌། རྩ་ལྟུང་དུ་འགྱུར་ཚུལ་ལོ། །དང་པོ་ནི། ཀུན་མཐུན་ཅིང༌། གཉིས་པ་ལ། ལུགས་འགོད་པ་སྔར་ལྟར་དང༌། དཱ་རི་ཀ་པས། སེམས་ཅན་གང་ཡང་རུང་བ་ཞིག་ལ་ཁྲོས་པས་ཞག་གཅིག་གི་ཁོངས་སུ་རེ་ལ་བྱམས་པ་


JLD006_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱོར་བ་མ་ནུས་ན། བྱམས་པ་སྤོང་བར་འགྱུར་ཞེས་གསུངས་སོ། །འཐད་ཕྱོགས་ནི། སེམས་ཅན་གང་རུང་ཞིག་ལ་བདེ་བ་དང་བྲལ་བར་གྱུར་ཅིག་སྙམ་པའམ། འདིའི་དོན་ནམ་ཡང་ངས་མི་བྱེད་སྙམ་པའི་བློ་དེ་སྐྱེས་མ་ཐག་ཏུ་རྩ་ལྟུང་དུ་འགྱུར་རོ། །ཕྱོགས་མཐུན་ནི། ཤིན་ཏུ་སྡུག་ཅིང་ཉོན་མོངས་པ་ལ་ཕན་འདོགས་ནུས་བཞིན་དུ་ཡལ་བར་འདོར་བ་དང༌། ཚད་མེད་སྒོམ་པ་ལ་མི་སློབ་པའོ། །ལྔ་པ་ལ་དངོས་དང༌། ཕྱོགས་མཐུན་ནོ། །དང་པོ་ནི། མིང་འདོགས་ཕལ་ཆེར་མཐུན་ནོ། །གཉིས་པ་འགྱུར་ཚུལ་ལ། ལུགས་བཀོད་པ་ནི། རྒྱ་ཆེར་འགྲེལ་སོགས་ཏེ། དཱ་རི་ཀ་པས་མི་འགྱུར་པའི་རང་བཞིན་ཤེས་པ། འགྱུར་པའི་བདེ་བ་དང་དུ་ལེན་འདོད་ཅིང་། དབང་པོ་ལས་ཐོན་པ། ལེགས་པར་འཛིན་པ། གསལ་བར་ཡོད་པ། འགྱོད་པ་མེད་པ། གསང་དབང་སོགས་གསུམ་གྱི་དོན་མ་ཡིན་པ་དང་ལྔ། འཐད་པའི་ཕྱོགས་ནི། ཀུན་ཏུ་འདོར་བ་ཡན་ལག་སྔ་མ་ལྟར་ཚང་བ་དང༌། སྨོན་སེམས་ཀྱི་ངོ་བོ་འདོར་བ་དང༌། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པ་ཡང་ཆུ་ཚོད་དྲུག་ཅུ་འདས་ན་འགྱུར་རོ། །ཕྱོགས་མཐུན་ནི། དེ་ལས་གཞན་པའི་བསླབ་བྱ་ལ་གཡེལ་བའོ། །དྲུག་པ་ལ་གཉིས་ཀྱི། དངོས་ལ་མིང་འདོགས་དང༌། འགྱུར་ཚུལ་ལོ། །དང་པོ་ཕལ་ཆེར་འདྲ་ལ། གཉིས་པ་ལུགས་བཀོད་ལྟར་ཡིན་ལ། དཱ་རི་ཀ་པས། སྔགས་པ་དབྱེར་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཞེས་སྡང་ལ་གནས་ནས་སྐྱོན་སྨྲས་པ། གཞན་འདུལ་བའི་དོན་མ་ཡིན་པ། དེ་ལ་ལེགས་པར་


JLD006_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། འགྱོད་པ་མེད་པ་དང་ལྔའོ། །འཐད་ཕྱོགས་ནི། ཉན་ཐོས་ཐེག་པ་སོགས་དང༌། དམ་པའི་ཆོས་སྤོང་བ་དང༌། ཕར་ཕྱིན་ཐེག་ཆེན་ལ་ཞེ་སྡང་གིས་སྨོད་པ་ནི་ཀུན་གྱི་ལུགས་ལ་འགྱུར་ཞིང༌། ཅི་འཕྲོས་ནི། སྔགས་དང་ཕར་ཕྱིན་ཐེག་པ་ལ་འདུན་པའི་གང་ཟག་གི་འདུན་པ་དེ། དགོས་པ་ཁྱད་པར་ཅན་མེད་པར་ལོག་པར་འདོད་ནས་སྐྱོན་བརྗོད་ན། འདུན་པ་ལ་ལོག་ཀྱང་འགྱུར་པ་ཤེས་པར་བྱའོ། །ཕྱོགས་མཐུན་ནི། ཉོན་མོངས་པས་ཀུན་ནས་བསླངས་ནས་མུ་སྟེགས་ཀྱི་གྲུབ་མཐའ་ལ་སྨད་ནའང་ཉེས་བྱས་སུ་འགྱུར་ཞིང༌། ཉན་ཐོས་ཀྱི་ཐེག་པ་ལ་ཐེག་ཆེན་ལ་བལྟོས་མེད་དུ་དམན་པའི་སྐྱོན་བརྗོད་ན། ཡན་ལག་མ་ཚང་བའི་བཤགས་བྱར་འགྱུར་རོ། །བདུན་པ་ལ་དངོས་དང༌། ཕྱོགས་མཐུན་ནོ། །དང་པོ་ལ། མིང་འདོགས་དང༌། ལྟུང་བར་འགྱུར་ཚུལ་ལོ། །དང་པོ་ནི། དེ་ཉིད་སྐལ་མེད་སྒྲོགས། ཞེས་དང༌། མ་སྨིན་པ་ལ་གསང་བ་སྒྲོགས། ཞེས་སོགས། གཉིས་པ་ལ་ལུགས་འགོད་པ་ནི། སྔར་ལྟར་རོ། །དཱ་ར་ཀི་པས། གསང་བ་བསྒྲགས་ན་མ་དད་པ་སྐྱེ་བ་ལ་དབང་ཐོབ་མ་ཐོབ་གཉིས་སུ་ངེས་པས། མ་ཐོབ་པ་ལ་དབང་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ཆ་ཤས་གང་རུང་ཞིག་བསྒྲགས་ནས་ཕ་རོལ་མ་དད་པ་སྐྱེས་ན་དངོས་གཞིར་འགྱུར་ལ། སྤྱི་འགྲོ་ཡང་དེ་ཁོ་ན་ལྟར་ཡིན་ལ། དབང་ཐོབ་པ་ལ་ནི། དགོངས་པ་ཁྱད་པར་མེད་པར་གསང་ཆེན་བདེ་བ་ཆེན་པོར་བསྒྲགས་པ་ཁོ་ན་ལས་འབྱུང་བར་བཞེད་ཅིང༌། དེ་མ་ཡིན་པ་བསྒྲགས་ན་ཡན་ལག་མ་ཚང་བའི་བཤགས་བྱར་བཞེད་དོ། །ཕྱོགས་མཐུན་ནི ། གསང་བའི་རྫས་གཞལ་ཡས་ཁང་བསྟན་པ་སོགས་དང༌། སྣོད་


JLD006_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ལ་མཚན་ཉིད་ཐེག་པ་བསྟན་པ་སོགས་སོ། །བརྒྱད་པ་ལ་ཡང༌། དངོས་པོ་དང་ཕྱོགས་མཐུན་ནོ། །དང་པོ་ལ། མིང་འདོགས་དང༌། ལྟུང་བར་འགྱུར་ཚུལ་ལོ། །དང་པོ་ནི། ཉོན་མོངས་ཤིང་ལྟུང་བ་ཞེས་དང༌། སྨོད་པ་ཞེས་སོགས་སོ། །གཉིས་པ་ནི། ལུགས་འགོད་སྔར་ལྟར་རོ། །དཱ་རི་ཀ་པས། ཕུང་པོ་ལྔའི་རང་བཞིན་དུ་ཤེས་པ་དེ་དཀའ་ཐུབ་ཀྱིས་གདུངས་པ་ལ་མེད་པར་ཤེས་པ་ལ། བདག་ཉིད་གསོད་པར་བརྩམས་ན་སེམས་བསྐྱེད་མ་ཐག་ཏུ་རྩ་ལྟུང་དུ་འགྱུར་ཞིང༌། གདུང་བར་བྱེད་ན་ནམ་བྱས་པ་དེའི་ཚེ་འགྱུར་པར་བཞེད་ལ། ལྷའི་རང་བཞིན་དུ་ཤེས་པ་ནི། དེ་ལྟར་གསང་སྔགས་ལས་བཤད་པ་གོ་ཙམ་མོ། །གདུང་བ་ནི། ཟས་གཅོད་པ་སོགས་སོ། །ནག་པོ་པས་ཆེད་དུ་བསམས་ཏེ་ཟས་གཅོག་པ་སོགས་ཀྱི་ལྟུང་བར་བྱེད་པ་དང༌། ཤཱནྟི་པས། རྒྱུད་དོན་གྱི་གནད་མ་གོ་བ་ན། བདག་སྣོད་དུ་མི་རུང་བའོ། །སྙམ་ནས་ཞུམ་ཞིང་སྨོད་པ་དང༌། སྡོམ་འབྱུང་འགྲེལ་པར་ཕུང་བོ་ལྔ་ནི། མི་གཙང་ཞིང་སྡུག་བསྔལ་བ་ཡིན་པས། དེ་ལས་ལོག་པར་གཙང་བ་དང༌། བདེ་བའི་སངས་རྒྱས་ཀྱི་རང་བཞིན་དུ་སྒོམ་དུ་མི་རུང་ཞེས་སྨོད་པ་ལ་བཞེད་དོ། །དགུ་པ་ལ། དངོས་དང༌། ཕྱོགས་བཐུན་ནོ། །གཉིས་པ་འོག་ཏུ་འཆད་ཅིང༌། དང་པོ་ལ་མིང་འདོགས་དང༌། འགྱུར་ཚུལ་ལོ། །དང་པོ་ནི། ཆོས་རྣམས་སུན་དབྱུང་ཞེས་སོགས་དང༌། རང་བཞིན་དག་པ་སོམ་ཉི་ཟ་བ་སོགས་སོ། །གཉིས་པ་ནི་རང་བཞིན་སྟོང་པ་ཉིད་ལ་སོམ་ཉི་ཟ་བས་ཏེ་ཡིད་མི་ཆེས་པ་དེ་རྒྱུ་མཚན་དུ་


JLD006_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་འདོར་ཞིང༌། སྤྲོས་བཅས་ཀྱི་ཆོས་དང་དུ་ལེན་པའོ། །བཅུ་པ་ལ། དངོས་དང༌། ཕྱོགས་མཐུན་ནོ། །གཉིས་པ་འོག་ཏུ་འཆད་ཅིང༌། དང་པོ་ལ་མིང་འདོགས་ནི། གདུག་ལ་བྱམས་པ་སོགས་སོ། འབྱུང་ཚུལ་ནི། དཱ་རི་ཀ་པས། རྒྱུའི་བྱམས་པ་ཞེས་པས་ཏེ། དམ་ཚིག་སོགས་ཀྱི་གཙོ་བོ་གཞན་ངོར་བསྲུང་བ་ལྟར་བྱེད་ལ། ལྐོག་ཏུ་མི་དགེ་བ་བྱེད་ཅིང་མི་འཛེམས་པ་ལ་མཛད་ལ། སྤྱིར་ནི། གདུག་པའི་ཚད་བསྟན་པ་འཇིག་ཅིང་བླ་མ་དཀོན་མཆོག་གསུམ་གྱི་དགྲ་བྱེད་པ་ལ་ལུས་ངག་གིས་ཕན་འདོགས་ཤིང་འགྲོགས་འདྲིས་བྱེད་པའོ། །སྦྱོར་བས་སྤོང་བ་ཡིན་གྱི། བསམ་པས་བྱམས་པ་སྤངས་ན་རྩ་ལྟུང་དུ་འགྱུར་རོ། །བཅུ་གཅིག་ལ། དངོས་དང༌། ཕྱོགས་མཐུན་ནོ། །དང་པོ་ལ། མིང་འདོགས་དང༌། འགྱུར་ཚུལ་ལོ། །དང་པོ་ནི། ཆོས་ལ་ཚད་གཟུང་དང༌། ཚད་གཞག་མི་བྱ་སྟེ། ཞེས་སོགས་སོ། །གཉིས་པ་ལ། ལུགས་འགོད་པ་དང༌། འཐད་ཕྱོགས་སོ། །དང་པོ་ནི། སྟོང་པ་ལ་བདེན་པར་འཛིན་པ་སོགས་དང༌། དཱ་རི་ཀ་པས། དེ་ཁོ་ན་ཉིད་དང་དབྱེར་མེད་པའི་བདེ་བ་ཆེན་པོའི་གདམས་ངག་སྦྱིན་པ་ན། གཞན་འདུལ་བའི་དོན་མིན་པར་རྟོག་པ་བྱས་ནས་དང་དུ་ལེན་པ་ལ་བཞེད་དོ། །གཉིས་པ་འཐད་ཕྱོགས་ནི། ཆོས་བདག་མེད་པའི་ལྟ་བ་རྙེད་ནས་ལྟ་བ་ལ་མི་སྦྱོར་བར་མཚན་བཅས་ཀྱིས་ཉིན་ཞག་འདས་ན་འགྱུར་རོ། །དེ་ཡང་ཞག་གཅིག་གི་ནང་དུ་ལན་ཅིག་དྲན་པས་ཆོག་ལ། ལྟ་བ་མ་རྙེད་ན་རྩ་ལྟུང་འདི་མི་འབྱུང་ངོ་། །གཉིས་པ་ཕྱོགས་མཐུན་ནི། ལྟ་བ་རྙེད་ན་ཆོས་སྤྱོད་གཞན་རྣམས་ལྟ་བས་རྒྱས་མི་འདེབས་པ་དང༌། གང་ཟག་གི་བདག་མེད་པའི་ལྟ་བ་ཙམ་རྙེད་ནས་མི་


JLD006_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་སོགས་སོ། །བཅུ་གཉིས་པ་ལ། དངོས་དང༌། ཕྱོགས་མཐུན་ནོ། །དངོས་ལ་མིང་འདོགས་དང༌། འགྱུར་ཚུལ་ལོ། །དང་པོ་ནི། སེམས་ཅན་བསླུ་བ་དང་ལྡན་པ་ཞེས་སོགས་སོ། །གཉིས་པ་ལ། ལུགས་འགོད་པ་ནི། རྒྱ་ཆེར་འགྲེལ་སོགས་སོ། །དཱ་རི་ཀ་པས། རྣལ་འབྱོར་བ་ཐེག་པ་གསུམ་གྱིས་བསྡུས་པའི་ཞི་ལྷག་གི་རྣལ་འབྱོར་དང་ལྡན་པའི་ངང་ཚུལ་ཅན་ལ། ཕྲག་དོག་གིས་སྐྱོན་བརྗོད་པ་དེའམ། སེམས་དཔའ་གཞན་གང་རུང་ལ་གོ་བར་བྱས་པ་ལ་བཞེད་དོ། །གཉིས་པ་འཐད་ཕྱོགས་ནི། སྔ་མ་དེ་དང་རྣལ་འབྱོར་བ་དེ་ལ་དད་པའི་སེམས་ཅན་གྱིས་དད་པ། དགོས་པ་ཁྱད་པར་ཅན་མེད་པར་སུན་དབྱུང་བའི་ཆེད་དུ་དད་ཡུལ་གྱི་སྐྱོན་བརྗོད་པས། དད་པ་མ་ལོག་ཀྱང༌། དད་པ་པོས་གོ་བ་ཙམ་གྱིས་འགྱུར་རོ། །གཉིས་པ་ཕྱོགས་མཐུན་ནི། མ་དད་པའི་ངོར་བརྗོད་པ་དང༌། དད་པ་སུན་དབྱུང་འདོད་མེད་ཀྱང༌། རང་བཞིན་ངག་འཁྱལ་པས་བརྗོད་པ་སོགས་སོ། །བཅུ་གསུམ་པ་ནི། དངོས་དང༌། ཕྱོགས་མཐུན་གཉིས་ཀྱིས་རིག་པར་བྱའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཇི་ལྟར་རྙེད་པའི་དམ་ཚིག་བསྟེན་པ་སོགས་སོ། །གཉིས་པ་ནི་དཔའ་བོའི་སྟོན་མོའམ། ཚོགས་ཀྱི་འཁོར་ལོའི་དུས་སུ་དོར་དགོས་པའི་བཟའ་བཏུང་གི་རྫས་ཁྱད་པར་ཅན། དམ་ཚིག་ཅན་གྱིས་བསྟབས་པ་ན་དང་དུ་མི་ལེན་པའོ། །གཉིས་པ་འཐད་ཕྱོགས་ནི། བྱིན་གྱིས་མ་བརླབས་པའི་རྫས་དང་དུ་མ་བླངས་པ་སོགས་སོ། །བཅུ་བཞི་པ་ལ། དངོས་དང༌། ཕྱོགས་


JLD006_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ནོ། །དང་པོ་ལ། མིང་འདོགས་ནི། ཕྱག་རྒྱ་ལ་སྨད་པ་སོགས་སོ། །འགྱུར་ཚུལ་དགོས་པ་ཁྱད་པར་ཅན་མེད་པར་བུད་མེད་ཙམ་ལ་སྨོད་པའོ། །གཉིས་པ་ཕྱོགས་མཐུན་ནི། གཞན་ལ་སྨད་པའོ། །བཅུ་པོའི་བསྡུ་བ་ནི། རང་ལ་ཆོས་སྟོན་པའི་བླ་མ་ལ་དམིགས་ནས་ལོག་པར་བསྒྲུབ་པ་དང་ཆོས་སྒྲུབ་པའི་གྲོགས་དང༌། ཉམས་སུ་བླངས་པའི་ཆོས་ལ་དམིགས་ནས། ལོག་པར་སྒྲུབ་པ་དང་གསུམ་དུ་འདུས་ཏེ། ཁ་ན་མ་ཐོ་བའི་སྒོ་གང་ཆགས་པ་ལ་བཅས་པ་སྟེ། དེ་ཡང་དཀོན་མཆོག་གསུམ་ལ་དམིགས་ནས་ལོག་པར་སྒྲུབ་པར་འདུས་སོ། །དང་པོ་ནི། རྩ་ལྟུང་དང་པོའོ། །གཉིས་པ་ནི། ཡག་དག་པའི་གྲོགས་ལ་ལོག་པར་སྒྲུབ་པ་དང༌། ཕྱིན་ཅི་ལོག་གི་གྲོགས་ལ་མཛའ་བར་བྱེད་པ་གཉིས་སུ་ངེས་ལ། དེ་ལ་དང་པོ་ནི། གསུམ་པ་དང་བཅུ་གཉིས་པའོ། །གཉིས་པ་ནི། བཅུ་པའོ། །གསུམ་པ་ནི། ལུང་གི་ཆོས་དང༌། བསྒྲུབ་པའི་ཆོས་ལ་དམིགས་པར་འདུས་ལ། དང་པོ་ལ། རང་བཟོས་ཆོས་ལ་ཁྱད་དུ་གསོད་པ་དང་། ཐེག་པ་གསུམ་གྱི་ཆོས་སྨོད་པ་དང་། བསྒྲག་བྱ་མིན་པའི་གསང་ཆོས་བསྒྲགས་པའི་དབང་དུ་བྱས་པ། གཉིས་པ་དྲུག་པ་བདུན་པའོ། །གཉིས་པ་བསྒྲུབ་པའི་ཆོས་ལ་དམིགས་པ་ལ། ལམ་གྱི་རྟེན་དང༌། ངོ་བོ་དང༌། ཡན་ལག་ལ་དམིགས་པར་འདུས་ལ། དང་པོ་ནི། གཙོ་བོ་སེམས་བསྐྱེད་པ་ཡིན་པས། དེ་ལ་ཆེད་དུ་བྱ་བ་གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་དང༌། རང་གི་ངོ་བོ་དམིགས་པའི་དབང་དུ་བྱས་པ། བཞི་པ་དང་ལྔ་པའོ། །ལམ་གྱི་ངོ་བོ་བསྐྱེད་རྫོགས་གཉིས་སུ་འདུས་པས།


JLD006_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་དམིགས་ནས་ལོག་པར་སྒྲུབ་པ་བརྒྱད་པ་དང༌། གཉིས་པ་ལ་བདེ་སྟོང་གཉིས་སུ་ངེས་པས། སྟོང་པ་ལ་དམིགས་ནས་ལོག་པར་སྒྲུབ་པ་དང་། དགུ་པ་དང་བཅུ་གཅིག་པའི་ཆེད། བདེ་བ་ལ་དམིགས་པ་ཡང་བཅུ་གཅིག་པའི་ཆེད་དོ། །གསུམ་པ་ལམ་གྱི་ཡན་ལག་ལ་ལམ་སྒྲུབ་པའི་གཞི་དང༌། གྲོགས་སོ། །དང་པོ་ལ་དམིགས་ནས་ལོག་སྒྲུབ་བཅུ་གསུམ་པ་དང༌། གཉིས་པ་ལ་དམིགས་པ་བཅུ་བཞི་པའོ། །གཉིས་པ་བསྲུང་འདོད་བསྐྱེད་པ་ནི། ཕན་ཡོན་དང་ཉེས་དམིགས་སེམས་པ་སྟེ། སྔགས་པས་ཞེས་པ་རྐང་པ་དྲག་གིས་སྟོན་ཏེ། ཕན་ཡོན་གསང་སྔགས་བླ་ན་མེད་པའི་དབང་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་དང་ལྡན་པའི་སྔགས་པ་དམ་ཚིག་བཅུ་བཞི་པོ་འདི་དག་མི་ཉམས་པར་བསྲུང་ཞིང་ཉམས་པ་སྤངས་ན་ནི། ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གི་ལས་འགྲུབ་པ་དང༌། མིན་སྨན་རིལ་བུའི་དངོས་གྲུབ་སོགས་དང༌། ཐུན་མོང་མ་ཡིན་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་གོ་འཕང་བརྙེས་ཤིང་ཐོབ་པར་འགྱུར་རོ། །ཉེས་དམིགས་ནི། བཅུ་བཞི་པོ་དེ་དག་ཚུལ་བཞིན་དུ་གསུངས་པ་ལས་གཞན་དུ་ཁས་བླངས་པ་ཡན་པར་བཏང་སྟེ། མ་བསྲུངས་ན་དམ་ཚིག་ཉམས་པར་འགྱུར་ཏེ། ཉམས་པ་དེ་ཉིད་འདུད་དང་སྲིན་པོ་སོགས་ཀྱིས་བཟུངས་ནས། ཚེ་འདིར་ནད་དང༌། སྲོག་འཕྲོག་པ་སོགས། མི་འདོད་པ་དཔག་ཏུ་མེད་པ་སྐྱེད་པར་འགྱུར་ཞིང༌། སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་ལ། ཤི་མ་ཐག་མགོ་འཐུར་


JLD006_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བལྟས་ཏེ་དམྱལ་བར་སྐྱེ་བར་འགྱུར་རོ། །གསུམ་པ་བསྲུང་ཚུལ་དངོས་ནི། དེ་བས་ཞེས་པ་རྐང་པ་གཉིས་ཏེ་བསྲུང་ན་ཕན་ཡོན་དཔག་ཏུ་མེད་ཅིང༌། མ་བསྲུང་ན་ཉེས་པ་ཐམས་ཅད་འབྱུང་བ་དེ་བས་ཉེས་པའི་སྒོ་ཐམས་ཅད་ཕྱིན་ཅི་ལོག་གི་ང་རྒྱལ་བཅོམས་ནས་བདག་ཉིད་དྲན་པ་དང་ཤེས་བཞིན་དང༌། བག་ཡོད་ཉེ་བར་བཞག་ནས། བསྒྲིམས་ཏེ་བསྲུང་བའི་ཚུལ་ཤེས་པར་བྱའོ། །གཉིས་པ་ཉམས་ན་ཕྱིར་བཅོས་པའི་ཐབས་ནི། མཉམ་པར་ཞེས་སོགས་རྐང་པ་གཉིས་སོ། །གལ་ཏེ་རྩ་བའི་ལྟུང་བ་བྱུང་སྟེ་ཉམས་ན། ཡིད་ཕྱིར་མ་ཡེངས་པར་རྩེ་གཅིག་ཏུ་མཉམ་པར་བཞག་པས། བླ་མ་ལ་གུས་པ་ཅི་ཡོད་སྤྲུགས་ནས། མཆོད་འབུལ་རྒྱ་ཆེན་པོ་བྱས་ལ། སྐྱབས་འགྲོ་ནས་བརྩམས་ཏེ། ཐུན་མོང་མ་ཡིན་པ་སྔགས་ཀྱི་སྡོམ་པ་བདག་ལེགས་སུ་འདོད་ཅིང༌། ཕན་པར་འདོད་པའི་སྔགས་པས་འབད་པ་ཆེན་པོའི་སྒོ་ནས་གཟུང་བར་བྱའོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ནི། རྡོ་རྗེ་ཞེས་སོགས་སོ། །རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ཐེག་པ་ཙམ་ལ་འཇུག་ཀྱང༌། འདིར་ནི་བླ་ན་མེད་པའོ། །ད་ནི་དེ་རྣམས་ལ་སེམས་བསྲུང་བའི་ཚུལ་བརྗོད་པར་བྱའོ། །དེ་རིགས་བསྡུ་བའི་སྐབས་ནས་འབྱུང་བ་བཞིན་གྱི་ལྟུང་བ་འབྱུང་བའི་ཡུལ་རྣམས་དྲན་པར་བྱས་ལ། རྩ་ལྟུང་དང་པོ་ལས་སེམས་བསྲུང་བའི་ཚུལ་ནི། གུས་པ་བསྒྲུབ་པ་དང༌། མཉེས་པ་བསྒྲུབ་པ་དང༌། བཀའ་བསྒྲུབ་པ་དང་གསུམ། དང་པོ་ལ་སྐྱོན་མི་རྟོག་པ་དང་། ཡོན་ཏན་ཅན་དུ་འཛིན་པའི་བློ་བསྐྱེད་པ་གཉིས། དང་པོ་ལ་སྐྱོན་དུ་རྟོག་འདོད་ཀྱི་བློ་དགག་པ་དང༌། སྐྱོན་ཅན་དུ་འཛིན་


JLD006_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་སྐྱེས་ན་དང་དུ་མི་ལེན་པར་གཉེན་པོ་བསྟེན་ནས་དགག་པའོ། །གཉིས་པ་ནི། མ་མཐའ་ཁོ་ན་ཉིད་ལ་ཡོན་ཏན་དུ་བཟུང་བས་ཅི་ཞིག་བྱ་དོན་མེད་དོ་སྙམ་པ་ཙམ་ནས་དགག་གོ །གཉིས་པ་ནི། བསམ་པས་མཉེས་པ་བསྒྲུབ་པའི་ཁུར་མ་དོར་བ་དང༌། སྦྱོར་བས་མཉེས་པ་བསྒྲུབ་པ་ནུས་བཞིན་ཡལ་བར་འདོར་བ་དགག་པ་དང༌། ཆོས་དང་མི་ལྡན་པའམ། བསྒྲུབ་པར་མི་ནུས་པ་ཡིན་ན། མྱུར་དུ་བཤད་སྦྱང་བྱ་བ་ལ་འབད་པར་བྱའོ། །བཀའ་བསྒྲུབ་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །འདི་རྣམས་ཀྱི་མན་ངག་ནི། འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བླ་མ་ལ་རག་ལས་པ་དང༌། དེ་ཡང་ཡོན་ཏན་དུ་བཟུང་བ་དང༌། སྐྱོན་ཅན་དུ་རྟོག་པའི་བློ་འདོར་བ་དང༌། མཉེས་པ་བསྒྲུབ་པ་དང༌། བཀའ་བཞིན་བསྒྲུབ་པ་ལ་དངོས་གྲུབ་འབྱུང་ལ། ལོག་པས་ནི། རྒུད་པ་འཕེལ་བས། བདག་ལེགས་སུ་འདོད་པ་དེ་དག་གིས་གོང་དུ་སྨོས་པའི་ཕན་ཡོན་དང༌། ཉེས་དམིགས་བསམས་ལ་ཆོས་ཀྱིས་འབྲེལ་བའི་དགེ་བའི་བཤེས་གཉེན་རྣམས་ལ་གོང་དུ་སྨོས་པའི་སེམས་བསྲུང་ཚུལ་ལ་འབད་པར་བྱའོ། །འདི་ལ་འབད་ན་ལྟུང་བ་དང་པོ་ཁེགས་སོ། །ཆོས་ལ་རང་བཟོ་དང་། ཁྱད་གསོད་བྱེད་འདོད་བཀག་ན། ཉེས་པ་གཉིས་པ་ཁེགས་སོ། །ཆོས་སྨྲ་བ་ཙམ་ལ་སྐྱོན་བརྗོད་འདོད་དང༌། རྡོ་རྗེ་སྤུན་གྱི་ཆོས་ལྡན་གྱི་བགོ་བ་རང་ལ་ཆེད་དུ་གཏད་པ་གཅོད་འདོད་དང་། སྐྱོན་བརྗོད་འདོད་དང༌། ཕ་རོལ་པོ་གང་ཡང་རུང་བ་ལ་ཁྲོ་བ་བཀག་ན། ལྟུང་བ་གསུམ་པ་དང༌། བཞི་པའི་ཕྱེད་ཁེགས་སོ། །


JLD006_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ཆོས་སྨྲ་བའི་གང་ཟག་ལ་སྐྱོན་བརྗོད་འདོད་དང༌། དེ་ལ་དང་པོ་ནས་མི་མོས་པ་མེད་པའམ། མོས་པའི་གང་ཟག་གིས་མོས་པ་མགོ་ནས་མི་དགའ་བར་བྱ་འདོད་བཀག་ན། བཅུ་གཉིས་པ་དང་དྲུག་པ་ཁེགས་སོ། །བླ་མ་ལ་གནོད་པ་བྱེད་པ་སོགས་བྱིན་ཅི་ལོག་གི་གྲོགས་ལ་མཛའ་བཤེས་བྱེད་འདོད་བཀག་ན། བཅུ་པ་ཁེགས་སོ། ཕ་རོལ་པོ་སེམས་ཅན་གང་ཡང་རུང་བ་ལ་གཏན་ཕན་མི་འདོགས་སྙམ་པ་བཀག་ན། བཞི་པའི་ཕྱེད་ཁེགས་སོ། །དགོས་པ་ཁྱད་པར་ཅན་མེད་པར་ཀུནྡ་ལུས་ལས་འབྱིན་འདོད་དང༌། སངས་རྒྱས་ཐོང་པར་མི་བྱའོ་སྙམ་པ་བཀག་ན། ལྔ་པ་ཁེགས་སོ། །སྣོད་དུ་མ་གྱུར་པའི་སེམས་ཅན་ལ་གོང་དུ་སྨོས་པའི་གསང་བ་བསྒྲགས་འདོད་བཀག་ན་བདུན་པ་ཁེགས་སོ། །བདག་ལུས་གསང་སྔགས་སྤྱོད་པར་མི་ནུས་སྙམ་པའི་ཞུམ་པ་དང༌། རྒྱུ་མཚན་འགའ་ཞིག་གིས་ཕུང་པོ་ལྷར་བསྒོམ་པ་མི་འཐད་སྙམ་པ་དང༌། དགོས་པ་ཁྱད་པར་ཅན་མེད་པར་ལུས་གདུང་བར་བྱེད་འདོད་བཀག་ན། བརྒྱད་པ་ཁེགས་སོ། །སྟོང་ཉིད་སྤངས་ནས་སྤྲོས་བཅས་དང་དུ་ལེན་འདོད་བཀག་ན། དགུ་པ་ཁེགས་སོ། །ཆོས་དང་གང་ཟག་གི་བདག་མེད་པ་གང་རུང་གི་ལྟ་བ་རྙེད་པའི་གང་ཟག་གིས། དགེ་སྦྱོར་གྱི་ཐོག་མཐའ་དེས་རྒྱས་འདེབས་པ་དང༌། བདེ་བ་ཆེན་པོའི་མན་ངག་བསྟན་པ་དང་དུ་བླངས་ན། བཅུ་གཅིག་པ་ཁེགས་སོ། །དབུ་མར་སོགས། དགོས་པ་ཁྱད་པར་ཅན་ཡོད་པའི་སྐབས་སུ། དེ་དང་འབྲེལ་བའི་དམ་ཚིག་གི་རྫས་གཞན་གྱིས་བསྟེན་ན། ལེན་པ་སོགས་ཀྱི་སྒོ་ནས་ཚུལ་བཞིན་


JLD006_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ན། བཅུ་གསུམ་པ་ཁེགས་སོ། །ཕ་རོལ་པོ་གང་ཡང་རུང་བ་ལ་སྐྱོན་བརྗོད་འདོད་བཀག་ན། བཅུ་བཞི་པ་ཕྱོགས་མཐུན་དང་བཅས་པ་ཁེགས་སོ།། །།འདིར་འབད་ངལ་བས་དགེ་བ་གང་བསྒྲུབས་དེས། །ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡི། །གསུང་གི་འོད་ཀྱིས་བློ་གྲོས་སྨིན་བྱས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ། །ལུས་ཅན་ཀུན་མཁྱེན་བསྒྲུབ་པ་ལམ་གྱི་མཆོག །བླ་མེད་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །བསླབ་གཞི་བཅས་པ་མིག་བཞིན་བསྲུང་བར་ཤོག །དགེའོ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། སརྦ་མངྒ་ལཾ། །


previousརྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ལས་རྣལ་འབྱོར་བཞི་རིམ།next