Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
   
   
   
   
   
རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ།
   
   
   
   
  expand section
   
   


 
previousརྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ།next

རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ།


JLD006_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ་བཞུགས་སོ། །


JLD006_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་བྷཻ་ར་ཝཱ་ཡ། རྣལ་འབྱོར་རྣམ་པ་བཞིར་བཤད་དེ། ཞེས་པའི་ཚིག་རྐང་གཅིག་ལ། དང་པོ་དབྱིབས་ཀྱི་རྣལ་འབྱོར་ནི། འདི་ཉིད་ལས། རིམ་པའམ་ཡང་ན་ཅིག་ཅར་དུ། །སངས་རྒྱས་རྗེས་དྲན་བསྒོམ་བྱ་སྟེ། །དེ་ལ་རང་ཉིད་སངས་རྒྱས་དངོས་ཡིན་སྙམ་པའི་ང་རྒྱལ་བཟུང་བའི་སྒོ་ནས་སངས་རྒྱས་རྗེས་དྲན་བསྒོམ་པ་ལ་མངོན་བྱང་ལྔ་ལས་རིམ་གྱིས་བསྒྲུབས་པའི་བསྐྱེད་རིམ་པའི་སྐུ་དང་རླུང་སེམས་ཙམ་ལས་ཅིག་ཅར་དུ་གྲུབ་པའི་སྐུ་གཉིས་ལས་འདིར་ཕྱི་མ་ཡིན། ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་གོང་བུ་སྟེ་ངོ་བོ་གཅིག་ཏུ་འདྲེས་པར་གནས་པའི་བདག་ཉིད་ཀྱི་ལུས་འདི་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས་པའོ། །སྒྱུ་མའི་སྐུ་འདི་ནི་བེམས་པོ་མ་


JLD006_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཤ་ཁྲག་གདོས་བཅས་ཀྱང་མ་ཡིན་ནོ། །ཤ་ཁྲག་གི་ལུས་ལྟ་བུར་སྣང་ཡང་དེ་རྣམས་མ་འདྲེས་པས་རྙོག་པ་མེད། ཕུན་ཚོགས་ཡོན་ཏན་མཚན་དཔེ་ཀུན་གྱིས་བརྒྱན་པ་ཡིན། སྒྱུ་མའི་སྐུ་འདི་བདག་ཏུ་ཐ་སྙད་འདོགས་པའི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་ངའི་གདགས་གཞི་མཐར་ཐུག་པ་ཤིན་ཏུ་ཕྲ་བའི་གཉུག་མའི་ལུས་ལས་ངོ་བོ་ཐ་དད་མིན་ནོ། །འཁོར་བ་ཐོག་མེད་ནས་འདིའི་བར་རིགས་བརྒྱུད་སྐད་ཅིག་ཀྱང་བར་མ་ཆད་པའི་རིགས་འདྲ་ཅུང་ཟད་ཀྱང་སྤང་དུ་མེད། དེ་ཉིད་མཚན་དཔེས་སྤྲས་པའི་སྒྱུ་མའི་སྐུར་བཞེངས་པའི་མཚན་དཔེའི་རིགས་འདྲ་དེ་ལས་གཞན་པ་གཟུགས་སྐུའི་རིགས་འདྲའི་རྒྱུར་བསྟན་དུ་མེད་དོ། །ཤིན་ཏུ་ཕྲ་བའི་གཉུག་མའི་ལུས་


JLD006_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཇི་ཙམ་ནས་གྲུབ་ཅེ་ན། གདོད་མ་ནས་གྲུབ་པ་ཡིན་ནོ། །དེ་ཉིད་རྒྱུད་དོན་ལ་མི་འཁྲུལ་བའི་བླ་མའི་བཀའ་དྲིན་ལས་སྒྱུ་མའི་སྐུར་འགྱུར་པ་ཡིན་ནོ། །ལུས་ཅན་ཞེས་པའི་རྐང་པ་གསུམ་ནི་སྒྱུ་མའི་སྐུའི་ཁྱད་ཆོས་སོ། །སྒྱུ་མའི་སྐུ་དེ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཟེར་རོ། །རྨི་ལམ་ཇི་བཞིན་གོམས་པར་བྱེད། ཅེས་པ་འདིས་རྨི་ལམ་གྱི་ལུས་དང་སྒྱུ་མའི་སྐུ་དང་བར་དོ་གསུམ་པསྲེ་བའང་དོན་གྱིས་བསྟན་ནོ། །རྨི་ལམ་གྱི་ལུས་ཞེས་པ་རྨི་ལམ་གྱི་ཀ་བ་བུམ་པ་ལྟ་བུ་གང་ཡིན་མ་ཡིན་གྱི། རྨི་ལམ་གྱི་ལུས་ཁྱད་པར་བ་ཞིག་ངོས་ཟིན་དགོས་སོ། །དེ་གང་ཡིན་པའི་རྨི་ལམ་གྱི་སྐབས་ཀྱི་ངར་འཛིན་གྱིས་དམིགས་ཡུལ་ངའི་གདགས་གཞི་རླུང་སེམས་ཙམ་ལས་གྲུབ་པའི་ལུས་རྨི་ལམ་གྱི་ཡུལ་དུ་ང་བྱ་བ་འདི་དང་འདི་བྱེད་སྙམ་དུ་རྩོལ་མེད་དུ་རང་གི་ངང་གིས་འཇུག་པའི་དུས་དེ་ཡིན་ནོ། །དེ་ལྟ་བུའི་ལུས་དེ་ཡིད་ངོ་ན་ཤ་རུས་ཀྱི་ལུས་བཞིན་དུ་དངོས་གནས་ལ་བྱ་བ་བྱེད་པའི་ལུས་སུ་སྣང་ཡང་། དངོས་གནས་ལ་ཤ་རུས་ཀྱི་ལུས་བཞིན་བྱ་བ་བྱེད་མི་ནུས་སོ། །དེ་བཞིན་དུ་སྒྱུ་ལུས་རྗེས་མཐུན་པའི་སྐུའང་དཔེའི་འོད་གསལ་གྱི་མཐར་འཕེན་པའི་དབང་གིས་རྡོ་རྗེ་འཆང་གི་སྐུར་བཞེངས་པ་ན། ཡིད་ངོར་ཡེ་ཤེས་ཀྱི་སྐུ་མཚན་ཉིད་པ་ལྟ་བུར་སྣང་ཡང་དངོས་གནས་ལ་ཡེ་ཤེས་ཀྱི་སྐུ་མཚན་ཉིད་པར་གནས་པ་མིན་ནོ། །འོ་ན་བསྐྱེད་རིམ་པའི་སྐུ་དང་ཁྱད་པར་ཅི་ཡོད་ཅེ་ན། བསྐྱེད་རིམ་པའི་སྐུ་ནི་ང་དེ་དང་དེའི་


JLD006_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡིན་ནོ་སྙམ་པའི་དྲན་པའི་འཛིན་སྟངས་མ་ཤོར་གྱི་བར་དུ་ཡིད་ངོར་སྐུ་དེ་དང་དེར་སྣང་བ་ཡིན་གྱི་འཛིན་སྟངས་ཤོར་ནས་མི་སྣང་ངོ་། །འདི་ནི་ལུགས་ལྡོག་གི་མཐར་རང་བཞིན་བརྒྱད་ཅུའི་རྟོག་པ་མ་ཤར་གྱི་བར་དུ་རང་གི་ངང་གིས་སྣང་བ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་ལུས་བཞིན་སྦྱོར་རོ། །གང་དང་སྦྱོར་ན་ཤིན་ཏུ་ཕྲ་བའི་གཉུག་ལུས་དང༌། ཇི་ལྟར་སྦྱོར་ན་གཉུག་ལུས་དེ་བར་དོའི་སྲིད་པ་དང་ཆོས་མཐུན་པར་ཚེ་འདིར་མཚན་དཔེས་བརྒྱན་པའི་སྒྱུ་མའི་སྐུ་རབ་ཏུ་སྦྱོར་ནུས་ན་ཚེ་འདི་ལ་རྡོ་རྗེ་འཆང་ཐོབ་པའོ། །འདིར་བསྟན་པ་བཤད་པའི་རིམ་པ་ཡིན་གྱི། ཉམས་སུ་ལེན་པའི་རིམ་པ་ལས་རྣམ་དག་ཡེ་ཤེས་པ་འོད་གསལ་གྱི་ཡེ་ཤེས་ཡིན་ལ། དེ་ལ་དཔེའི་འོད་གསལ་གྱི་ཡེ་ཤེས་དང་དོན་གྱི་འོད་གསལ་གྱི་ཡེ་ཤེས་གཉིས་ཀ་ཡོད་པས་དེས་ན་སྒྱུ་ལུས་ཀྱི་དངོས་རྒྱུར་འོད་གསལ་གྱི་ཡེ་ཤེས་འགྲོ་དགོས་ལ། དེའི་རྒྱུར་སྔགས་ཀྱི་རྣལ་འབྱོར་ཞེས་པ་རྡོ་རྗེའི་བཟླས་པ་ནང་གི་རྒྱུར་འགྲོ་དགོས་ཕྱིའི་རྐྱེན་དམ་ཚིག་གི་རྣལ་འབྱོར་ཞེས་པ་ཕྱག་རྒྱ་སྲོག་རྩོལ་དགོས་སོ། །གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི། ལུས་ཅན་ཀུན་གྱི་རླུང་ལ་སྲོག་ཅེས་ཟེར་བས་རླུང་ཞེས་བྱ་བས་རྣམ་ཤེས་ཐམས་ཅད་ཀྱི་བཞོན་པ་བྱས་ཏེ། བྱེད་ཚུལ་གྱི་ཐབས་ཀྱིས་མ་ཟིན་པ་ན་སྲིད་པ་དང༌། ཟིན་པ་ན་རྣམ་གྲོལ་ཐོབ་པར་བྱེད་དོ། །ཐབས་ཇི་ལྟ་བུས་ཤེ་ན། དག་པས་སྦྱོར་བ་དག་པྱ་སྟེ། ཞེས་སོགས་ཚིག་རྐང་བཞི་པོ་འདི་རླུང་བུམ་པ་ཅན་ལའང་ཅུང་ཟད་


JLD006_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་དུ་རུང་ཡང་དོན་གྱི་གཙོ་བོ་ནི་རྡོར་བཟླས་ལ་སྦྱོར་ཏེ། དེའི་སྦྱོར་ཚུལ་ནི། དགུག་པ་སྟེ་རླུང་ནང་དུ་ཞུགས་པའི་སྦྱོར་བས་ནང་དུ་ཞུགས་པ་དང༌། རླུང་གི་རྒྱུ་བ་ཞི་བའི་སྦྱོར་བ་ཡིས་ནི་རླུང་ཞི་བ་སྟེ་ནང་དུ་གནས་པ་དང་། རེངས་པའི་སྦྱོར་བས་མི་གཡོ་བ་སྟེ་ནང་དུ་ཐིམ་པ་དང༌། རླུང་ཐིམ་པའི་སྐད་ཅིག་ལ་རྟགས་ལྔ་འཆར་རོ། །སྲིད་དང་རྣམ་གྲོལ་ཐོབ་པའི་རྒྱས་བཤད་ནི། རླུང་གི་གཡོ་བ་དེ་རོ་རྐྱང་ནས་བརྒྱུས་པས་ལས་བསགས་ཏེ་འཁོར་བར་འགྱུར། མི་གཡོ་བ་མན་ངག་གིས་དབུ་མར་ཐིམ་པ་རྣམ་གྲོལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར། ཐིམ་པ་ནི་སྙིང་གའི་ཆུ་སྐྱེས་ཏེ་ཨ་བ་དྷཱུ་ཏཱིའི་དབུས། དེའང་རྣལ་འབྱོར་པས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལས་དུས་ནི་ཐོ་རངས་ནས་སོ། །བྱེད་ཚུལ་འཇུག་གནས་ལྡང་གསུམ་གསང་འདུས་ནས་གསུངས་པ་བཞིན་ནོ། །གནས་སྐབས་ཀྱི་ཕན་ཡོན་གོ་སླ། འདི་ལ་སྔགས་ཀྱི་རྣལ་འབྱོར་ཞེས་གསུངས་པས་རླུང་སྔགས་དབྱེར་མེད་དུ་སྦྱོར་བ་དོན་གྱིས་ཐོབ་བོ། །ཐིམ་པའི་དམིགས་ཡུལ་ནི་སྙིང་གའི་དྷཱུ་ཏཱིའི་དབུས་སུ་ཧཱུཾ་དཀར་པོ་ཡུངས་ཀར་སྦོམ་པོ་ཙམ་ལ་སོགས་པའོ། །ཡན་ལག་གི་རླུང་གི་རྡོར་བཟླས་ཀྱིས་མྱང་འདས་ཐོབ་པར་མ་ཟད་མངོན་པར་ཤེས་པ་ལྔའང་འཐོབ་བོ། །སྐབས་འདིར་འཕོ་བ་གསུངས་པས་ནི་རྒྱུད་ནས་བཤད་པ་ལྟར་གྱི་འཕོ་བ་ལ་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་རླུང་ཞུགས་གནས་ཐིམ་གསུམ་མཐར་ཕྱིན་པ་དགོས་པར་ཤེས་པའི་ཆེད་ཡིན་ནོ། །ཁམས་གསུམ་པོ་ནི་སྒྲུབ་པ་པོ་རང་དང་རིག་མའི་ལུས་ངག་ཡིད་གསུམ་མ་ལུས་པའོ། །སངས་རྒྱས་ངོ་བོར་བསྒོམ་པར་བྱ། ཞེས་པ་ནི་རིག་མ་དང་སྒྲུབ་པ་


JLD006_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རང་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་བསྒོམ་པའི་རྒྱུ་མཐུན་ལ་སོགས་རབ་དབྱེ་ནི་དགའ་བ་བཞིའོ། །གང་ཚེ་ཆུ་ཡི་རི་མོ་ལྟར་ཞེས་པ་ནི། ཆུའི་རི་མོ་སྐད་ཅིག་རེ་རེ་ལ་ཞིག་ནས་མི་གནས་པ་ལྟར། དེའི་ཚེ་རླུང་རྣམས་རོ་རྐྱང་ནས་རྒྱུ་བའི་གཡོ་བ་སྐད་ཅིག་རེ་རེ་ཞིང་བཀག་སྟེ། དབུ་མའི་ནང་དུ་གནས་པ། དེའི་ཚེ་བདེ་ཆེན་ལྷན་སྐྱེས་ཐོབ་པར་འགྱུར་ཞིང༌། རྒྱུན་མི་འཆད་དོ། །དེ་དུས་དགའ་བ་ལས་སྐྱེས་པའི་བདེ་བ་གཞན་ཅི་ཞིག་སྐྱེས་བྱང་ཆུབ་སེམས་ནི་ལྷུང་གྱུར་ནས། རྣམ་པར་ཤེས་པའི་ཕུང་པོ་བརྒྱལ་བ་སྟེ། དྲན་པ་ཉམས་པ་ལ། མ་སྨད་དངོས་གྲུབ་ག་ལ་ཡོད། མཁའ་ཁམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ནང་གི་སྦུབས་ཡིན་ལ། རྡོ་རྗེ་ནི་ནོར་བུའི་མར་སྣའི་དབུ་མ་དེ་གཉིས་མཉམ་པར་སྦྱོར་བའོ། །དེ་ལྟ་བུའི་རེག་པ་དང་བཅས་པའི་རྨད་དུ་བྱུང་བ་ལས། བདེ་བ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མཆོག་དགའ་དང༌། དེའི་བྱེད་པ་པོ་སྟེ་དགའ་བ་དང་དགའ་བྲལ་དང་མཆོག་དགའ་དང་དགའ་བྲལ་གྱི་ནི་དབུས་སུ་སྐྱེས་པའི་དགའ་བའི་དེ་ནི་བརྟན་པ་སྟེ། དེ་ལ་གཞག་པར་བྱའོ། །དེ་ནས་དགའ་བ་བཞིའི་རིམ་པ་ལ་དང་པོ་དགའ་བ། གཉིས་པ་མཆོག་དགའ། གསུམ་པ་ལྷན་སྐྱེས་ཀྱི་དགའ་བ། བཞི་པ་དགའ་བྲལ་གྱི་དགའ་བའོ། །དགའ་བྲལ་གྱི་དགའ་བ་ཞེས་པ་ནི། སྔགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་མྱོང་བ་དེ་ཕྱིས་སླར་དྲན་པ་ལ་ཟེར་རོ། །པདྨའི་ནམ་མཁའི་ལྟེ་བ་ནི་རྡོ་རྗེ་དབྱིགས་ཀྱི་དབང་ཕྱུག་མའི་རྩའི་བུ་གའོ། །རྡོ་རྗེའི་ལྟེ་བ་ནི་ནོར་བུའི་དབུ་མའི་མར་སྣའི་བུ་གའོ། །མནན་པ་ནི། རྡོ་རྗེ་དབྱིངས་


JLD006_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་ཕྱུག་མའི་རྩ་ནོར་བུའི་དྷཱུ་ཏཱིའི་མར་སྣའི་ནང་དུ་བཅུག་ཅིང་བཅིངས་པ། རྡོ་རྗེ་སྐྱིལ་ཀྲུང་དག་གི་ཞེས་པ་ནི་རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་གནས་བྱས་པའོ། །དེ་དུས་རང་གི་སེམས་ནོར་བུའི་དྷཱུ་ཏཱིའི་ནང་དུ་གནས་ཤིང་སོན་པར་བལྟའོ། །ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཞེས་བྱ་བ་སྟེ། དེ་ནི་ཆགས་པ་སྣང་བ་མ་ཡིན། ཆགས་བྲལ་མཆེད་པ་མ་ཡིན། ཉེར་ཐོབ་དབུ་མར་དམིགས་པར་མི་འགྱུར་རོ། །ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ལ་ཐུན་ཞེས་པ་ནས་བསྐལ་པ་སྟོང་དུ་ཡང་མཉམ་པར་མཉམ་པར་འཇོག་པའི་མངོན་པར་སྦྱོར་བས་གནས་པར་བྱའོ། །བཞི་པ་ནི། ལྟེ་བ་སྤྲུལ་པའི་རྩ་འཁོར་ལ་མཁའ་འགྲོའི་ཕོ་བྲང་ཞེས་ཟེར་ཏེ། རྩ་འཁོར་དེའི་དབུས་ན་ངེས་དོན་གྱི་མཁའ་འགྲོ་མ་དང་ཤར་མ་དང་གཏུམ་མོ་རྡུལ་གྱི་མེ་ཡོད་པས་དེར་བདེ་ཆེན་འདྲེན་པའོ། །ཆུ་སྐྱེས་དབུས་ཞེས་པ་དེའི་རྩ་འདབ་ཀྱི་དབུས་སུའོ། །དེས་ན་ལྟེ་བའི་དབུས་སོན་ཞེས་པ་ལྟེ་བ་སྤྲུལ་པའི་རྩ་འཁོར་གྱི་དྷཱུ་ཏཱིའི་དབུས་སུ། དཔའ་བོ་སྟེ་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་མཚོན་གང་པ་ཐབས་དང་ཤེས་རབ་ཏུ་སྙོམས་པར་འཇུག་པའི་སྦྱོར་མཚམས་ནས་འཕྲོས་པའི་འོད་ཟེར་ཁམས་གསུམ་རྒྱུ་བ་སེམས་ཅན་གྱི་འཇིག་རྟེན་དང་མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ལ་སྤྲོ་བ་དང་སྡུད་པའི་སྦྱོར་བ་ཡིས་རྣལ་འབྱོར་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་ངལ་བསོ་བྱའོ། །སྡུད་ཚུལ་ཇི་ལྟ་བུ་ཞེ་ན། མེ་ལོང་ལ་ཧས་བཏབ་པ་མཐའ་ནས་རིམ་གྱིས་སྡུད་པ་ལྟར། སྣོད་བཅུད་ཐམས་ཅད་ཕྱིའི་དུར་ཁྲོད་ལ། དེ་གཞལ་ཡས་ཁང་ལ། དེ་གཙོ་བོ་ལ། དེ་རྩ་འཁོར་གྱི་གཙོ་བོ་ཡབ་ཡུམ་


JLD006_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་རྣམས་གང་དུ་སྡུད་པའི་གནས་ནི་ལྟེ་བའི་ཆུ་སྐྱེས་པདྨའི་དབུས་ཧཱུཾ་ཡིག་དཀར་པོ་ཡུངས་ཀར་ཙམ་ལ་སེམས་བརྟན་པར་བྱའོ། །དེ་ལས་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བར་འགྱུར་རོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའི་ངེས་ངོ་ནས་རྟག་ཆད་བདག་གཞན་སྲིད་པ་མྱང་འདས་ཐོག་མཐའ་དབུས་རྣམས་སྤངས་པ་སྟེ། ཡོད་པ་མ་ཡིན་ནོ། །འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལས་རྡོ་རྗེ་འཛིན་པ་སྔར་བཤད་པའི་སྒྱུ་མའི་སྐུ་འགྲུབ་པར་འགྱུར་རོ། །རྣལ་འབྱོར་བཞིའི་རིམ་པ་ལས། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་སྐྱེས་པར་གྱུར་པ་ལས། ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྒྱུ་མའི་སྐུ་འཐོབ་ལ། དེ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན། དེ་བཞིན་གཤེགས་པ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་འཇོག་པའི་གཞིར་བརྟེན་པའོ། །དེ་ནི་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཡན་ལག་ཐམས་ཅད་དུས་གཅིག་ཏུ་རྫོགས་པ་འོད་ཀྱིས་སྟོང་གསུམ་འཇིག་རྟེན་ཁྱབ་ཅིང་གསལ་བར་སྣང༌། བདེ་བ་ཆེན་པོ་དང་སྟོང་པ་གཉིས་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་གནས་སོ། །དེས་ནི་དབང་ཕྱུག་བརྒྱད་ལ་སོགས་པའི་ཕུན་སུམ་ཚོགས་པའི་འབྱུང་གནས་ཀྱི་ཡེ་ཤེས་ཆེན་པོ་འགྲུབ་པར་འགྱུར་རོ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། སརྦ་མངྒ་ལཾ། །


previousརྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ།next