Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
   
   
   
   
   
   
   
   
ལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་པའི་དོན་བཤད་པ།
   
  expand section
   
   


 
previousལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་པའི་དོན་བཤད་པ།next

ལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་པའི་དོན་བཤད་པ།


JLD006_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་པའི་དོན་བཤད་པ།


JLD006_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལས། ལྷག་པ་ཡི་ནི་ལྷ་གཅིག་ཉིད། ཅེས་བྱ་བ་ལ། ལུས་ལ་ལྷག་པར་བྱིན་གྱིས་རློབ་པས་ན། ལྷག་པ་ཡིན་ལ། ཎའི་རང་གི་རྐྱེན་ཅན་དུ་བྱས་པས་གསལ་ཞིང་རིག་པ་དང་སྤྲུལ་པ་རྒྱས་པར་བྱེད་པས་ན་ལྷ་སྟེ། ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་བྱུང་བ་ཀུན་རྫོབ་ཀྱི་བདེན་པར་ཤེས་པར་བྱའོ། །གཅིག་ཉིད་ཅེས་བྱ་བ་ནི། ཆོས་ཀྱི་དབྱིངས་རང་བཞིན་དོན་དམ་པའི་བདེན་པ་སྟེ། དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་རང་བཞིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མར་གྱུར་པས་ལྷག་པའི་དོན་ཉིད་དུ་བལྟ་བར་བྱའོ། །ཞེས་དང༌། བདག་ཉིད་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱངཆུབ་ཀྱི་རང་བཞིན་གྱི་ལྷའི་གཟུགས་སུ་རྫོགས་པར་བྱའོ། ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ལྷའི་གཟུགས་བསྒོམ་པར་བསྟན་


JLD006_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། ཞེས་དང༌། འདི་ཡིས་ནི་ཞེས་བྱ་བ་བསྟན་མ་ཐག་པའི་ཕྱག་རྒྱ་འདིས་སོ། །ཕྱག་དང་ཞལ་ལ་སོགས་པའི་ཀུན་རྫོབ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལའབྱོར་པ་དེས་ཅེ་ཞིག་བྱ་ཞེ་ན། ས་གསུམ་མ་ལུས་པར་བཟའ་བར་བྱ་ཞེས་བྱ་བ་སྟེ། སྐུ་ལ་སོགས་པའི་ཐ་མལ་པའི་གཟུགས་བཟློག་པར་བྱ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པའི་ཕྱིར། གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི། སྟོང་པ་ཉིད་འབའ་ཞིག་གིས་སོ། །སྦྱོར་བ་མ་ཚང་བ་ཞེས་བྱ་བ་ནི་སྣང་བ་ལས་འདས་པའོ། །འདའ་ཞེས་བྱ་བ་ནི་བདག་གི་དོན་ཙམ་ཡང་མེད་པར་མྱང་ངན་ལས་འདས་པའོ། །ཇི་ལྟ་བུ་ཞེ་ན། མར་མེ་ལྟ་བུ་སྟེ། ཇི་ལྟར་མར་མེ་མར་གྱི་རྒྱུན་གྱིས་ནམ་མཁའི་ངོས་སུ་གསལ་ཞིང་འབར་བ་ལས།


JLD006_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་མར་གྱི་རྒྱུན་ཟད་པ་དེའི་ཚེ། དེ་ཉིད་དུ་ཟད་ཅིང་གཏུགས་པར་གྱུར་པས། བདག་ཉིད་ཀྱང་མི་སྣང་ན་གཞན་སྣང་བར་བྱེད་པ་ལྟ་ཅི་སྨོས། དེ་བཞིན་དུ་སྟོང་པ་ཉིད་འབའ་ཞིག་གི་ཏིང་ངེ་འཛིན་ཡང་བལྟ་བར་བྱའོ། ཞེས་དང༌། ཡང་ན་སྐད་ཅིག་ཙམ་གྱིས་རི་རབ་ཀྱི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་བརྩེགས་པའི་ཁང་བུར་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བསྐྱེད་པའི་རིམ་པས་བསྒོམ་པར་བྱའོ། །ཅི་དེའང་རང་བཞིན་གྱིས་གྲུབ་པ་ཞིག་གམ། འོན་ཏེ་མ་ཡིན་ཞེ་ན། འདིར་དེ་དག་རང་གི་སེམས་རྣམས་པར་དག་པ་ཉིད་ཀྱི་སྣང་བ་ཡིན་པས། འོ་མ་ལ་མར་ལྟར་གྲུབ་པ་བསྒྲུབ་པར་བྱའི། ཆུ་ལ་མར་ལྟར་མ་གྲུབ་པ་ནི་འགྲུབ་པར་མི་འགྱུར་རོ། །དེའང་ཆུའི་རྙོག་པ་ནོར་བུས་སྦྱང་བ་ལྟར། བསྐྱེད་པའི་རིམ་པས་བདག་ཉིད་སྔོན་དུ་སྦྱངས་ནས་རྫོགས་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །གཞན་དུ་སྦྱང་བ་མ་བྱས་ནའང་འཁོར་བ་ཉིད་ཡིན་པས་རྣམ་པར་དག་པའི་འབྲས་བུ་སྤྲུལ་པར་མི་ནུས་ལ། རང་བཞིན་གྱིས་མ་དག་པའང་ཆོས་འགལ་བའི་ཕྱིར་མ་ཡིན་ནོ། །རྒྱུ་དང་འབྲས་བུ་ནི་རྗེས་སུ་མཐུན་པ་ཉིད་ཀྱིས་ན། དག་པས་རྣམ་པར་དག་པ་བསྒྲུབ་པར་བྱའོ། །ཞེས་མན་ངག་ལས་ཤེས་པར་བྱའོ། །རྗེས་སུ་མཐུན་པའང་རྗེས་སུ་བྱེད་པ་ཡིན་ཏེ། རྒྱུའང་འབྲུས་བུར་འདོད་པ་དང་རྗེས་སུ་མཐུན་པ་ཡིན་ན། ས་ལུའི་མྱུ་གུ་ལས་ས་ལུའི་ས་བོན་གདོན་མི་ཟ་བར་བསྐྱེད་ནུས་ཀྱི། གཞན་དུ་ཀོ་ཏྲ་བའི་མྱུ་གུ་ལ་ས་ལུའི་ས་བོན་ལྟར་ནུས་པ་ཡོད་པ་མ་ཡིན་ནོ། །འབྲས་བུའང་རྒྱུར་འདོད་པ་དང་རྗེས་སུ་མཐུན་ན་སྐྱེ་བར་འགྱུར་གྱིས། གཞན་དུ་དེ་དག་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །དེ་ལྟར་ན་འོ་མའི་ཡོན་ཏན་དཀར་པ་ལྟར་རྣམ་པ་གྲུབ་པ་དེ་དག་ཡང་དང་ཡང་གོམས་པས་གློ་བུར་བའི་དྲི་མ་བཟློག་སྟེ། གཉུག་མ་དེ་ཉིད་གསལ་བར་གྱུར་པར་


JLD006_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སོ།། །།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། སརྦ་མངྒ་ལཾ། །


previousལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་པའི་དོན་བཤད་པ།next