Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
ཤོག་ལྷེབ་ ༧༠༡ ནས་ ༨༠༧ བར།
   
   


 
previousཤོག་ལྷེབ་ ༧༠༡ ནས་ ༨༠༧ བར།next

ཤོག་ལྷེབ་ ༧༠༡ ནས་ ༨༠༧ བར།


JLD006_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བརྒྱལ་བ་ལྟ་བུའི་ངང་ནས་དྲན་པ་རྙེད་པ་ན། སྟོན་གྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་འབའ་ཞིག་མ་གཏོགས་གཞན་གང་གིའང་སྣང་བ་ནུབ་པ་ཞིག་འོང་བ་དེ་ལ་འཆི་བ་འོད་གསལ་ཞེས་ཟེར། དེ་ལ་ཐ་མལ་བའི་མི་རྣམས་ཞག་གསུམ་གྱི་བར་དུ་གནས། དེ་ནས་རྟགས་འོང་། ལུས་ནད་ཀྱིས་ལེགས་པར་མནར་ནས་ཟུངས་ཟད་དྲགས་པ་ལ་ཞག་དུ་མ་སོང་ཡང་དྲི་མ་འོང་བ་མ་གཏོགས་ཁམས་དཀར་དམར་ཀྱི་རྟགས་མི་ཡོང་བ་ཡང་སྲིད། རྣལ་འབྱོར་བས་འོད་གསལ་ལ་ཅི་ཙམ་འཛེག་ནུས་ཀྱི་བར་དུ་ཚོས་སྐུ་དང་བསྲེས་ནས་འཇོག་པ་ལ། རྟོགས་པ་མ་ཐོད་པའི་དབང་གིས་འཇོག་པའི་ཞག་གྲངས་མང་ཉུང་སྣ་ཚོགས་འབྱུང་དེ་ནས་ཐ་མལ་པ་འཆི་བ་འོད་གསལ་གྱི་སྟོང་སང་ལ་གནས་པ་དེ་ལས་སེམས་ཅུང་ཟད་གཡོ་བར་རྩོམ་པ་ན། ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་སྙིང་གའི་ཁམས་དཀར་དམར་གྱི་དབུས་ནས་ཐོན་ནས་ལུས་འདི་པོར་ཏེ་བར་དོའི་ལུས་སུ་གྲུབ་པ་ཡིན། དེ་དང་དུས་མཉམ་དུ་སྙིང་གའི་ཁམས་དཀར་པོ་ཐུར་དུ་བབས་ནས་རྟགས་ཀྱི་རྩེར་ཕྱིར་འབྱུང་། ཁམས་དམར་པོ་གྱེན་དུ་སོང་ནས་སྟེང་གི་སྣ་སྒོ་ནས་ཕྱིར་འབྱུང་། དེའི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་བར་དོའི་ལུས་སུ་གྲུབ་པ་དང་དུས་མཉམ་དུ་དང་པོ་ཉེར་ཐོབ་ཀྱི་སྣང་བ་ནག་ལམ་པ་དེ་འཆར། དེའི་རྗེས་སུ་མཆེད་པའི་སྣང་བ་དམར་ལམ་པ་དེ་འཆར། དེའི་རྗེས་སུ་སྣང་བ་དཀར་ལམ་པ་དེ་


JLD006_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

འཆར། དེའི་རྗེས་སུ་རྟོག་པ་རགས་པ་གཡོས་ནས་བར་དོའི་གནས་སྐབས་ཀྱི་ཡུལ་སྣ་ཚོགས་ཀྱི་སྣང་བ་ཤར་ནས་ཡིད་དུ་འོང་མི་འོང་གི་ཆགས་སྡང་གི་རྟོག་པ་སྣ་ཚོགས་དབྱུང་། དེ་ནས་དྲི་དང་སྐྱེ་གནས་འཚོལ་བ་ལ་རྒྱུག་ཅིང་། དེའི་ཚེ་ཕ་མ་ཉླ་པོ་བྱེད་པ་མཐོང་ནས། ཕོར་སྐྱེ་བ་ཡིན་ན་མ་ལ་ཆགས་པའི་དབང་གིས་འཁྱུད་པའི་སྣང་བ་འབྱུང་། མོས་སྐྱེ་བ་ཡིན་ན་ཕ་ལ་ཆགས་པའི་དབང་གིས་འཁྱུད་པའི་སྣང་བ་འབྱུང་ཞིང་། འཁྱུད་པ་ན་ལས་ཀྱི་དབང་གིས་ཕ་མའི་ལུས་མི་མངོན་པར་མཚན་མ་ཙམ་ཞིག་མཐོང་ལ། དེ་ལ་ཞེ་སྡང་སྐྱེས་པས་འཆི་རྐྱེན་བྱས་ནས་བར་དོ་ཤི་བའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་སྔར་ལུས་རགས་པ་འདི་འདོར་བའི་སྐབས་སུ་འབྱུང་ཚུལ་བཤད་པ་རྣམས་དང་འདྲ་བ་ལ་དེ་ལས་ཡུན་ཐུང་བ་རེ་འཆར། བར་དོ་ཤི་བའི་འོད་གསལ་དེ་ལས་སེམས་གཞན་དུ་འཕྲོ་བ་དང་དུས་མཉམ་དུ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཕ་མའི་ཁུ་ཁྲག་གི་དྭངས་མ་གཉེས་ཀྱི་དབུས་སུ་ཞུགས་པའི་ཚེ་ཡིད་ངོར་ཉེས་ཐོབ་ཀྱི་སྣང་བ་འཆར། དེ་ནས་སེམས་ཅུང་ཟད་རགས་སུ་སོང་ནས་མཆེད་པའི་སྣང་བ་འཆར། དེ་ནས་སེམས་ཅུང་ཟད་རགས་སུ་སོང་ནས་སྣང་བའི་སྐབས་ཀྱི་དཀར་ལམ་འཆར། དེ་ནས་ཁུ་ཁྲག་ཕལ་བ་རྣམས་ལས་རྩ་ཁམས་རྣམས་འགྲུབ་པ་དང་། རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེ་ཚུལ་སྔར་བཤད་པ་ལྟར་ཡིན་ནོ། དེ་ལྟར་གཞི་དུས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འབྱུང་ཚུལ་


JLD006_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བར་དོ་འགྲུབ་ཚུལ། སྐྱེ་བ་ལེན་ཚུལ་རྣམས་ལེགས་པར་མགོན་བསྲེ་བའི་གཞི་སྟོང་བས་ཅུང་ཟད་ཅིག་ཞིབ་པར་བརྗོད་དོ། ལམ་དུས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འབྱུང་ཚུལ་ནི། འདིར་རྫོགས་རིམ་གྱི་དམིགས་པ་ཕལ་ཆེར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་བསྐྱེད་པ་དང་། དེ་ལ་བརྟེན་ནས་སྒྱུ་ལུས་དང་། སྐབས་གཞན་དུ་སྟོང་གཟུགས་ཀྱི་སྐུ་བསྒྲུབ་པའི་ཕྱི་ཡིན་ལ། རླུང་དབུ་མར་འཇུག་པའི་ཐབས་ལ་ཕྱིའི་རྐྱེན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འཇུག་པ་དང་། ནང་གི་རྐྱེན་རང་གི་ལུས་ལ་དམིགས་པའི་གནད་དུ་བསྣུན་པ་ལས་འཇུག་པའི་ཐབས་གཉིས་ལས། ལས་ཀྱི་ཕྱག་རྒྱལ་བརྟེན་ནས་འཇུག་པའི་ཚུལ་ལ་ཕྱག་རྒྱའི་མཚན་ཉིད་བརྟག་ཐབས། དེ་འཁོར་བ་ལ་ཞེན་པ་ལོག་ནས་ཐར་ལྤ་ཐོབ་འདོད་ཀྱི་བློ་བཅོམ་མ་མ་ཡིན་པ་བསྐྱེད་དེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད། དབང་བསྐུར། དམ་ཚིག་དང་ལྡན་པ་ལ་གདམས་ངག་གི་གནད་རྣམས་ལེགས་པར་བསླབས་ནས། བསྟེན་པའི་ཐབས་སྲོག་རྩོལ་དུ་འགྱུར་བའི་གདམས་ངག་གི་གནད་རྣམས་ལེགས་པར་ཤེས་ན་ལམ་བགྲོད་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཀྱང་། གནད་ཅུང་ཟད་འཕྱུགས་ཤིང་། ཡན་ལག་མ་ཚང་ན་ཐར་མེད་ཀྱི་དམྱལ་བར་འཕེན་པས། གདམས་ངག་གི་གནད་ཡིག་ཆུང་ལོགས་སུ་བཀོད་པ་ལས་ཤེས་


JLD006_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། རང་གི་ལུས་ལ་དམིགས་པའི་གནད་དུ་བསྣུན་པ་ལ་བརྟེན་ནས་རླུང་དབུ་མར་འཇུག་པའི་ཐབས་ལ། རྨི་ལམ་རྨི་ལམ་དུ་ངོ་ཤེས་པའི་མན་ངག་གི་རླུང་དབུ་མར་བཙུག་ནས་འོད་གསལ་འཛིན་པའི་ཐབས་རྗེས་ཉིད་ཀྱི་ཁྲིད་ཡིག་ཏུ་གསལ་བར་བཀོད་པའི་སྙིང་གའི་སྔགས་འཁོར་གསུམ་གསལ་བཏབ་ནས་སྡུད་རིམ་སྒོམ་པ་དང་། རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་སྒོམ་ཚུལ་ཙམ་མིན་པའི་བཙན་ཐབས་སུ་རླུང་སེམས་དབུ་མར་སྡུད་པའི་མན་ངག་ཚོགས་ཆུང་ལ་འགྲུབ་སླ་བའི་ཞལ་ཤེས་གཞན་ཡང་ཡོད་དོ། ཉིན་བར་དམིགས་པས་གནད་དུ་བསྣུན་ནས་རླུང་དབུ་མར་འཇུག་ཐབས་རྒྱས་པར་རྗེ་ཉིད་ཀྱི་ཁྲིད་ཡིག་རྣམས་ནས་གསལ་བ་ལྟར་རྩ་དབུ་མའི་ཡར་སྣ་མར་སྣ་གཉིས་དང་། དབུ་མ་ལ་རོ་རྐྱང་གི་མདུད་པས་བསྡམས་པའི་མཚམས་ནས་རྩ་འདབ་གྱེས་པའི་རྩེ་འཁོར་གཙོ་བོ་དྲུག་སྟེ། དེ་ཡང་སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ། གསང་གནས། ནོར་བུའི་དབུས་ཀྱི་རྩ་འཁོར་རྣམས་སོ། དེ་དག་གི་ལྟེ་བ་རྣམས་སུ་དམིགས་པ་ལེགས་པར་གཏད་པས་སེམས་ལེགས་པར་ཟིན་པ་ན། རླུང་སེམས་འཇུག་པ་གཅིག་པས་དེར་རླུང་འདུས་ནས་ཐིམ་པ་ལ་བརྟེན་ནས། སྨིག་རྒྱུ། དུ་བ། མཁའ་སྣང་མེ་ཁྱེར། མར་མེ་འབར་བ། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་སྔར་འཆི་དུས་སུ་འབྱུང་བར་བཤད་པ་རྣམས་དང་། གསལ་མི་གསལ་སོགས་ཇི་ལྟ་བ་བཞིན་འདྲ་བ་དང་པོ་ཉིད་ནས་མི་འབྱུང་ཡང་དེ་


JLD006_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཆི་དུས་ཀྱི་དེ་རྣམས་དང་རྣམ་པ་འདྲ་བ་ཙམ་དང་། སྨིག་རྒྱུ་ནས་འོད་གསལ་གྱི་བར་གོ་རིམ་འདྲ་བ་འབྱུང་ལ། རླུང་དབུ་མར་འཇུག་པ་ཡང་ཡང་བསྒོམས་པས་རླུང་དབུ་མར་འདུ་བ་དང་། ཐིམ་པ་ཕུལ་ཇེ་ཆེར་སོང་བ་ཙམ་གྱིས་རྟོག་པ་རགས་པ་འགགས་པའང་ཕུལ་ཇེ་ཆེར་སོང་ནས་རྫོགས་རིམ་གྱི་རྟོགས་པ་མཐོན་པོར་སོང་བའི་ཚེ། སྙིང་གའི་རྩ་མདུད་མ་ལུས་པ་གྲོལ་བའི་མཚམས་ནས་ཕྱག་རྒྱལ་བརྟེན་པ་དང་བསམ་གཏན་གཉིས་བསྒོམས་པས་སྣང་བ། མཆེད་པ། ཉེར་ཐོབ། འོད་གསལ་རྣམས་སྔར་བཤད་པའི་འཆི་དུས་ཀྱི་ཇི་ལྟ་བ་བཞིན་འབྱུང་ལ། དེ་ཙམ་ནས་ལས་ཀྱི་ཕྱག་རྒྱལ་ལམ་བརྟེན་ན་ཚེ་འདིར་འཆི་དུས་ཀྱི་འོད་གསལ་དང་རྣམ་པ་ཇི་ལྟ་བ་བཞིན་མཚུངས་པ་མི་འབྱུང་ངོ་། རླུང་དབུ་མར་ཐིམ་པའི་སྣང་མཆེད་ཐོབ་གསུམ་འོད་གསལ་རྣམས་ཇི་ཙམ་སྟོབས་ཆེ་བ་ཙམ་གྱིས་དེ་ཆོས་སྐུ་བསྲེ་བའི་བདེ་སྟོང་གྱི་ཡེ་ཤེས་སྟོབས་ཆེ། སྣང་མཆེད་ཐོབ་གསུམ་འོད་གསལ་རྣམས་གཞི་ལམ་གྱི་སྐབས་སུ་འབྱུང་ཚུལ་ལེགས་པར་མགོན་བསྲེ་བའི་གཞི་སྟོར་ནས་ཤེས་མི་ནུས་པས། རྗེ་ཡབ་སྲས་ཀྱི་གསུང་རབ་ན་རྒྱས་པར་ཡོད་པ་རྣམས་ཉུང་དུར་དྲིལ། གསུང་རབ་ན་མི་གསལ་བའི་ཚུལ་གྱིས་རྟོགས་དཀར་བར་ཡོད་པ་རྣམས་གསལ་བར་བཏེན་ནས་གཞི་ལམ་གྱི་རྣམ་གཞག་གལ་ཆེ་བ་རྣམས་རྟོགས་སླ་བར་བརྗོད་པ་ཡིན་ནོ། དེ་ལྟར་གཞི་ལམ་


JLD006_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐབས་ཀྱི་སྣང་མཆོད་ཐོབ་གསུམ་འོད་གསལ་སོགས་ཤར་བ་ན་སྐུ་གསུམ་དང་བསྲེ་བའི་ཚུལ་བརྗོད་པར་བྱས་ཏེ། དེ་ཡང་བསྡུས་ན་ཆོས་སྐུ་དང་བསྲེ་བ། ལོངས་སྐུ་དང་བསྲེ་བ། སྤྲུལ་སྐུ་དང་བསྲེ་བ་གསུམ་དུ་འདུས་པས་བསྲེ་བ་གསུམ་ཞེས་ཟེར། སོ་སོར་ཕྱེ་ན་འཆི་རྟགས་མ་ཤར་གོང་གི་ཚེ་འདིའི་ཉིན་པར་གྱི་ལམ་དུས་སུ་སྐུ་གསུམ་དང་བསྲེ་བ་གསུམ། གཉིད་ཀྱི་གནས་སྐབས་སུ་སྐུ་གསུམ་དང་བསྲེ་བ་བསུམ། དེ་ལྟར་གོམས་པ་ལ་བརྟེན་ནས་འཆི་དུས་སུ་སྐུ་གསུམ་དང་བསྲེ་བ་གསུམ་རྣམས་སུ་འགྱུར་བས་བསྲེ་བ་དགུའི་གདམས་པ་ཞེས་ཀྱང་བྱའོ། དང་པོ་ལ་ལྨ་དུས་ཀྱི་སྐུ་གསུམ་དང་བསྲེ་བའི་ཚུལ་ནི། གོང་དུ་བཤད་པའི་ཐབས་རྣམས་ལ་བརྟེན་ནས་རླུང་དབུ་མར་འཇུག་ནུས་པའི་གང་ཟག་གིས་ཕྱི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའམ་རྨི་ལམ་ཟིན་ནས་འོད་གསལ་བཙན་ཐབས་སུ་འཛིན་པའི་གདམས་པའམ། ཉིན་པར་རྩ་དབུ་མའི་གནས་རྣམས་སུ་དམིགས་པ་གཏོད་པའི་གདམས་པ་རྣམས་གང་ཡང་རུང་བ་ཉམས་སུ་བླངས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ན། སྔར་བཤད་པ་ལྟར་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་ཞིང་། དེ་དང་དུས་མཉམ་དུ་རླུང་དབུ་མའི་ནང་དུ་ཞུགས་པའི་དྲོད་འབར་བའི་སྟོགས་ཀྱིས་སྤྱི་བོ་ནས་བྱང་སེམས་དཀར་པོ་ཞུ་བ་དབུ་མའི་ནང་ནས་བབས་པ་ན་སེམས་བདེ་བའི་ངོ་བོར་མེར་གྱིས་འགྲོ་བས། དེས་སྔར་ནས་ལྟ་བ་ཕུ་ཐག་


JLD006_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པ་བཙལ་བ་དེའི་སྟེང་དུ་འཇོག་གོ། དེ་འཇོག་ཚུལ་ལ་ཁ་ཅིག་བདེ་བའི་ངོ་བོ་ལ་ཆེར་བལྟས་པས་གང་དུ་འང་བཟུང་དུ་མེད་པར་སོང་བ་ན། དེའི་སྟེང་དུ་འཇོག་པ་ཡིན་ཟེར་བ་དང་། དེ་ལྟར་བྱས་པས་བདེ་བ་ལ་ཞེན་པ་ཁེགས་ཀྱི། མ་བྱས་ན་ཞེན་པ་སྐྱེ་ཟེར་བ་ནི་བླ་མེད་ཀྱི་ལམ་གྱི་བདེ་སྟོང་སྦྱོར་བའི་གནད་མ་གོ་བའི་ཕྱིན་ཅི་ལོག་ཡིན་པས་མི་རུང་སྟེ། བདེ་བ་རང་ཡལ་ལ་གཏོང་བ་ཡིན་ན་དང་པོ་ནས་བདེ་བ་ལ་འབད་པས་སྒྲུབ་དོན་མེད་ཅིང་། བདེ་བ་ལ་ཞེན་པ་སྐྱེ་ཟེར་བ་ཡང་བདེ་སྟོང་སྦྱོར་ཚུལ་གྱི་གནད་མ་རྟོགས་པའི་རྟགས་ཡིན་ནོ། དེས་ན་ཕྱི་ནང་གི་རྟགས་ལ་བརྟེན་ནས་ཡིད་ཀྱི་ཤེས་པ་བདེ་བའི་ངོ་བོར་མེར་སོང་བ་དེས་ཆོས་ཐམས་ཅད་ཡུལ་སྟེང་ནས་གྲུབ་རྒྱུ་རྡུལ་ཙམ་ཡང་མེད་སྙམ་དུ་འཛིན་པ་ཡིན་ལ། དེ་ལྟར་བྱས་པ་ན་བདེ་བ་ཇི་ཙམ་སྟོགས་ཆེ་བ་ཙམ་གྱིས་ཡུལ་གཞན་ལ་རྟོག་པ་འཕྲོ་བ་ཁེགས་ནས། ལྟ་བའི་འཛིན་སྟངས་དེ་འབའ་ཞིག་གི་ངང་དུ་ལྷོད་འགྲོ་བས་བདེ་བ་ཇི་ཙམ་སྟོས་ཆེ་བ་ཙམ་གྱིས་སྟོང་ཉིད་རྟོགས་པའི་འཛིན་སྟངས་སྟོབས་ཆེར་འགྲོ་བ་ཡིན་གྱི། ཞེན་པ་སྐྱེ་བ་མིན་པས་བློས་ཞིབ་པར་ལེགས་པར་རྟོགས་ནས་ལྟ་བ་རྣམ་དག་དང་སྦྱར་བའི་བསྒོམ་ཚུལ་ཤེས་ན་འདི་འབའ་ཞིག་གིས་གདོན་མི་ཟ་བར་འཁོར་བ་ལས་གྲོལ་བར་འགྱུར་ལ། རླུང་དབུ་མར་ཞུགས་པའི་ཞུ་བདེ་སྐྱེས་ཀྱང་སྟོང་ཉིད་ཀྱི་རྣམ་དག་མེད་པ་འམ། ཡོད་ཀྱང་བདེ་སྟོང་སྦྱོར་


JLD006_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་ན་དོན་དུ་འགྱུར་དཀའ་ཞིང་། ལྟ་བ་ལོག་པ་དང་སྦྱར་ན་ངན་འགྲོར་འཁྲིད་དོ། དེས་ན་ཆོས་སྐུ་དང་བསྲེ་ཞེས་པ་ཡང་བདེ་སྟོང་གི་ཐུགས་གཉིས་སྣང་སྤྲོས་པའི་སྣང་བ་ལུས་པ་འགགས་ནས་བདེ་སྟོང་གི་ཡེ་ཤེས་ཀྱི་ངོ་བོར་གནས་པ་དེ་ལ་ཆོས་སྐུ་ཞེས་ཟེར་བ་ཡིན་པས། འདིར་ཡང་སྔགས་ཀྱི་ཐབས་རྣམས་ལ་བརྟེན་ནས་གཉིས་སྣང་གི་རྟོག་པ་རགས་པ་རྣམས་འགགས་ནས་སེམས་བདེ་སྟོང་གི་ངོ་བོར་གནས་པ་དེ་ཆོས་སྐུ་དང་རྣམ་པ་མཐུན་པ་ཡིན་པས། དེ་ལྟར་མཉམ་པར་བཞག་པ་ལ་ཆོས་སྐུ་དང་བསྲེ་བ་ཞེས་བཤད་པ་ཡིན་ནོ། དེ་ལྟར་གོ་བ་ལེགས་པར་དམིགས་ཕྱེད་པར་བྱས་ནས། ཉམས་སུ་ལེན་ཚུལ་གྱི་དམིགས་པ་དྲིལ་ནས་བསྟན་ན། ཐོག་མར་བླ་མའི་རྣལ་འབྱོར་བསྒོམས་ནས་བདག་གི་ལམ་གྱི་རྟོགས་པ་སྐུ་གསུམ་དང་བསྲེ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཐག་པ་ནས་གསོལ་ག་དྲག་པོ་བཏབ། དེའི་རྗེས་སུ་དམིགས་པ་ལ་བཞག་པས་རླུང་འདུ་བ་དང་། ཐིམ་པའི་རྟགས་རྣམས་འབྱུང་བ་ངོས་ཟིན་པར་བྱེད་དགོས་སྙམ་པའི་འཕེན་པ་ཞིག་བཏང་ནས་ལས་ཀྱི་ཕྱག་རྒྱལ་བརྟེན་པའམ། རྨི་ལམ་གྱི་སྐབས་ཀྱི་འོད་གསལ་བསྟན་ཐབས་སུ་འཛིན་པའི་གདམས་ངག་ཉིན་པར་རྩ་དབུ་མའི་ནང་གི་གནས་ཐམས་ཅད་དུ་དམིགས་པ་གཏོད་པ་སོགས་ཀྱི་ཐབས་གང་ཡང་རུང་བ་ལ་བརྟེན་ནས་རླུང་དབུ་མར་ཞུགས་པའི་རྟགས་མཉམ་རྒྱུ་ངེས་ཅན་དང་། གནས་པའི་རྟགས་སྣ་


JLD006_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བུག་གི་རྒྱུ་བ་ཆད་པ་དང་། ལྟོ་བ་མི་འགུལ་བར་སྣང་བ་སོགས་དེ་མ་ཐག་འདྲེན་ནུས་པས། ཐིམ་པའི་རྟགས་ནི་སྨིག་རྒྱུ་ནས་འོད་གསལ་གྱི་བར་རྣམས་རིམ་པ་བཞིན་ཤར་བ་ན་རྟགས་རྣམས་ངོ་ཤེས་ཤིང་། དྲན་པ་མཉམ་པར་བྱས་ནས་བདེ་སྟོང་གི་ངང་ལ་མཉམ་པར་བཞག དེའི་མཐར་རྡོ་རྗེ་འཆང་གི་སྐུར་ལྡར་དགོས་སྙམ་པའི་འཕེན་པ་བཏང་ནས། དེའི་རྗེས་སུ་སྨིག་རྒྱུ་སོགས་ཤར་བ་ནས་རླུང་སོགས་ཐིམ་པའི་རྟགས་སུ་ངོ་ཤེས་པར་བྱས་ནས་བདེ་སྟོང་གི་ངང་དུ་འཇོག ཁྱད་པར་དུ་སྣང་མཆེད་ཐོག་གསུམ་གྱི་སྣང་བསྔར་བཤད་པ་ལྟར་ཤར་བ་ན་ངོ་ཤེས་པར་བྱས་ཏེ་འདི་སྣང་བ་ཡིན། འདིའི་རྗེས་སུ་མཆེད་པ་འཆམ་དེ་ངོ་ཤེས་པར་བྱས་ནས་བདེ་སྟོང་ལ་འཇོག་སྙམ་པ་བྱས་ནས་དེའི་རྗེས་སུ་ཡིད་ཀྱི་ཤེས་པ་དབུ་མའི་ནང་ནས་ཁམས་དཀར་པོ་འབབ་པའི་བདེ་བའི་ངོ་བོར་མེས་སོང་ཡོད་པས། ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་པའི་ངང་དུ་ལྷང་ངེ་བཞག་ནས་ཆོས་སྐུའི་ངོ་བོར་སོང་སྙམ་པ་བྱས་ནས་རྩེ་གཅིག་ཏུ་འཇོག དེའི་རྗེས་སུ་མཆེད་པ་ཤར་བ་ན་འང་དྲན་པར་བསྟེན་ཚུལ་རིགས་བསྲེ། བསྲེ་ཚུལ་སྔར་ལྟར་དང་འདྲ། ཁྱད་པར་ཉེར་ཐོབ་ཀྱི་ནག་ལམ་གྱི་སྣང་བ་ཤར་བ་ན་འདིའི་རྗེས་སུ་དྲན་མེད་དུ་བརྒྱལ་བ་འབྱུང་བས། དེ་སངས་ནས་འོད་གསལ་ཤར་བ་ན་ཅིས་ཀྱང་ངོ་ཤེས་པར་བྱས་ཏེ། ཆོས་སྐུ་དང་བསྲེ་དགོས་སྙམ་པའི་འདུན་པ་


JLD006_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ན་གཉེར་ཐོད་ཀྱི་དྲན་མེད་དེ་སངས་ནས་འོད་གསལ་གྱི་སྣང་བ་སྟོན་གྱི་ནམ་མཁའ་གཡའ་དག་ལྟ་བུའི་སྟོང་སང་འབའ་ཞིག་གི་སྣང་བ་ཤར་བྱུང་ན། སྔར་ལྟར་ཤེས་པ་བདེ་བའི་ངོ་བོར་གྱུར་པ་དེས་ལྟ་བ་དྲན་པའི་འཛིན་སྟངས་ལྷང་ངེ་བདེ་ལ་འཇོག་པ་དང་། ཆོས་སྐུའི་ངོ་བོ་སོར་སྙམ་པའི་བློ་ཤུགས་ཅན་བྱས་ནས་ཇི་ཙམ་འཇོག་ནུས་ཀྱི་བར་ལ་འཇོག །དེ་ལས་སེམས་ཅུང་ཟད་གཡོ་བར་རྩོམ་པ་ན་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་སེམས་ཁྲིག་གེ་གཏད་པས་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་སྙིང་གའི་ཁམས་དཀར་དམར་ཀྱི་ཐིག་ལེ་དེ་ཁ་ཤས་ཕྱེ་བའི་ནང་ནས་ཕྱི་རོལ་དུ་རྒྱངས་ཏེ་རོན། རྡོ་རྗེ་འཆང་གི་སྐུར་ལམ་གྱིས་གྲུབ་པར་སྒོམ་ཞིང་། དེའི་ཚེ་དངོས་གནས་ལ་རྡོ་རྗེ་འཆང་གི་སྐུར་མ་སོང་ཡང་། རང་གི་ཡིད་ངོར་རྡོ་རྗེ་འཆང་གི་སྐུའི་རྣམ་པར་ཤར་བདེ་ལ་ཇི་ཙམ་འཇོག་ནུས་ཀྱི་བར་ལ་འཇོག་པ་ནི། ལམ་དུས་ཀྱི་སྒྱུ་ལུས་རྗེས་མཐུན་པ་ལོངས་སྐུ་དང་བསྲེ་བ་ཞེས་བྱའོ། རང་རྡོ་རྗེ་འཆང་གི་སྐུའི་རྣམ་པར་གནས་པ་དེ་ལས་སླར་རང་གི་ལུས་རགས་པ་འདི་རྡོ་རྗེ་འཆང་གི་སྐུར་བ་སྒོམས་ནས། དེ་ལ་རང་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ནི། རྡོ་རྗེ་འཆང་ཆེན་པོས་གདུལ་བྱའི་དོན་དུ་ཁམས་རགས་པའི་ལུས་བཟུང་ནས། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པའི་སྐུའི་རྣམ་པར་བསྟན་པ་དང་རྣམ་པ་མཐུན་པས་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱའོ། རླུང་དབུ་མར་ཞུགས་པ་ནས་བསྲེ་ཚུལ་འདི་ལྟར་འབད་ནས་


JLD006_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཅིག་ཏུ་གོམས་པར་བྱས་པ་དང་། ཁྱད་པར་སྙིང་གང་གནང་དུ་བསྣུན་པ་སོགས་ཀྱིས་སྙིང་གའི་རྩ་བདུན་མ་ལུས་པར་གྲོལ་བ་ན། ཕྱག་རྒྱལ་བརྟེན་པའི་རླུང་དབུ་མར་འདུས་པ་རྣམས་སྙིང་གར་ཐིམ་པའི་ཕུལ་ཆེ་ཆུང་དང་། གཉིས་སྙང་རགས་པ་འགགས་པའི་སྟོབས་ཆེ་ཆུང་འཆི་བ་འོད་གསལ་དང་ཁྱད་པར་བཅུང་ཟད་ཀྱང་མེད་པ་ལ་སེམས་ཞུ་བདེའི་ངོ་བོར་སྐྱེས་པ་འབྱུང་སྟེ། དེའི་ཚེ་སྔར་ལྟར་བདེ་སྟོང་གི་ཏིང་ངེ་འཛིན་ལ་འཇོག་པའི་ཆོས་སྐུ་དང་བསྲེ་བ་ནི་སེམ་དབེན་གྱི་དཔེའི་འོད་གསལ་མཐར་ཕྱིན་པ་ཞེས་བྱ་ཞིང་། དེ་ལྟ་བུའི་འོད་གསལ་ཐོབ་ནས་དེ་ལས་སེམས་གཡོ་བར་ཙམ་པ་ན། སྔར་ལྟར་རྡོ་རྗེ་འཆང་གི་སྐུར་ལངས་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་དངོས་གནས་ལ་རྡོ་རྗེ་འཆང་གི་སྐུ་འགྲུབ་པ་འབྱུང་སྟེ། དཔེར་ན། འཆི་བ་འོད་གསལ་གྱི་མཐར་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་བར་དོའི་ལུས་སུ་དངོས་གནས་ལ་གྲུབ་པ་བཞིན་ནོ། དེ་ལྟར་རྡོ་རྗེ་འཆང་གི་སྐུ་དངོས་གནས་ལ་གྲུབ་པ་དེ་ལ་མ་དག་པའི་སྒྱུ་མའི་ལུས་ཞེས་བྱ་ཞིང་། དེ་ལྟར་རྡོ་རྗེ་འཆང་གི་སྐུའི་རྣམ་པར་གྲུབ་པ་དེས་རང་གི་ལུས་འདི་རྡོ་རྗེ་འཆང་གི་སྐུར་བསྒོམས་ནས་དེའི་སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་ནོ། ཉིན་པར་ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བའི་ཚུལ་བཤད་ཟིན་ནས་གཉིད་ཆོས་སྐུ་དང་བསྲེ་བ། རྨི་ལམ་ལོངས་སྐུ་དང་


JLD006_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ་བ། སད་པ་སྤྲུལ་སྐུ་དང་བསྲེ་བ་གསུམ། དང་པོ་གཉིད་ཆོས་སྐུ་དང་བསྲེ་བ་ནི། རླུང་དབུ་མར་འཇུག་ནུས་པའི་གང་ཟག་གིས་གཉིད་དུ་འགྲོ་བའི་ཚེ་སྙིང་གའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་ལ་དམིགས་པ་གཏད་པས་གཉིད་དུ་འགྲོ་བ་དང་མཉམ་དུ་སྙིང་གའི་རྩེ་དབུ་མའི་ནང་དུ་རླུང་འདུ་ཕུལ་སྔར་བས་ཆེ་བ་འབྱུང་བས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་སྔར་བཞིན་དུ་ཤར་བ་ན། ཆོས་སྐུ་དང་བསྲེ་བའི་ཚུགས་སྔར་བཞིན་དུ་བྱས་ལ། གཉིད་ཀྱི་འོད་གསལ་གྱི་ངང་ནས་རྨི་ལྨ་འཆར་བར་རྩོམ་པ་ན་སྙིང་གའི་དབུས་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་རྡོ་རྗེ་འཆང་ཅིག་སྐུར་སྐུར་ལྡང་བའི་ཚུལ་སྔར་བཞིན་བྱས་པ་ནི་རྨི་ལམ་ལོངས་སྐུ་དང་བསྲེ་ཞེས་བྱའོ། རླུང་དབུ་མར་འཇུག་མི་ནུས་པའི་གང་ཟག་གིས་ནི་མདུན་པའི་སྟོབས་ཀྱིས་ལེགས་པར་དྲན་པ་བསྟེན་ནས་གཉིད་ཀྱི་འོད་གསལ་མཚན་ཉིད་ཚོང་བ་འཛིན་མི་ནུས་ཀྱང་། སྨིག་རྒྱུ་ནས་སྣང་མཆེད་ཐོབ་གསུམ་གྱི་བར་གྱི་སྣང་བ་འདྲ་རུང་། གོ་རིམ་འཆོར་བ་དྲོ་རྲེ་བ་དང་། མི་ལྨ་མེད་པའི་གསལ་ལེ་བ་དང་། མཐར་གཉིད་སད་རྒྱུ་ཡོད་པ་དེ་ལྟ་བུ་ལ་ཡུན་རེ་འགའ་གནས་ནུས་པ་འབྱུང་སྟེ། རླུང་དམུ་མར་ཞུགས་པའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་མི་འདྲ་བས། དེ་དག་གི་སྐབས་སུ་དབུ་མ་ནས་ཁགས་དཀར་པོ་འབབ་པའི་བདེ་བ་མི་འབྱུང་ལ། དཔེར་ན། རླུང་དབུ་མར་ཞུགས་པ་ལྟ་བུའི་བདེ་སྟོང་སྦྱོར་རྒྱ་མི་འོང་ནའང་འདུན་པའི་སྟོབས་


JLD006_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འོད་གསལ་འཛིན་པ་ལ་ཤར་བའི་སྣང་བ་དེ་དག་གི་སྐབས་སུ་འང་སྟོང་པ་ཉིད་ཀྱི་ལྟ་བ་ལ་བཞག་པར་བྱའོ། དེ་འདུན་པའི་སྟོབས་ཀྱིས་འཛིན་པ་དེས་གཉིད་ཀྱི་འོད་གསལ་ལས་རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ལྡང་མི་ནུས་པས། རྨི་ལམ་ཤར་བ་ན་རྨི་ལམ་དུ་ངོ་ཤེས་ནས་རྡོ་རྗེ་འཆང་གི་སྐུར་སྒོམ་པ་ནི། འདུན་པའི་སྟོབས་ཀྱིས་རྨི་ལམ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། རྨི་ལམ་གྱི་ལུས་རྡོ་ཇེ་འཆང་གི་སྐུར་འོད་གསལ་གྱི་ངང་ལངས་པ་དང་། རྨི་ལམ་ཟིན་ནས་རྡོ་རྗེ་འཆང་གི་སྐུར་འོད་གསལ་གྱི་ངང་ལས་ལངས་པ་དང་། རྨི་ལམ་ཟིན་ནས་རྡོ་རྗེ་འཆང་གི་སྐུར་སྒོམ་པ་གཉིས་ཀ་ས་གཉིད་སད་ཡོད་ན་རང་གི་ལུས་འདི་རྡོ་རྗེ་འཆང་གི་སྐུར་བསྒོམས་ནས་དེ་ལ་རང་ཡེ་ཤེས་སེམད་དཔའི་ཚུལ་གྱིས་ཞུགས་པར་སྒོམ་པ་ནི་སད་པ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱའོ། གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དང་བསྲེ་བ་ལ་འཆི་བ་ཆོས་སྐུར་བསྲེ་བ། བར་དོ་ལོངས་སྐུར་བསྲེ་བ། སྐྱེ་བ་སྤྲུལ་སྐུར་བསྲེ་བ་གསུམ། འདི་དག་གི་ཉམས་སུ་ལེན་ཚུལ་ནི། ཚེ་འདིའི་ནོར་ལོངས་སྤྱོད་ཐམས་ཅད་དགེ་ཕྱོགས་སུ་བཏང་། འཁོག་གཡོག་ཉེ་འབྲེལ་ཐམས་ཅད་ལ་འདི་རྣམས་ཐམས་ཅད་སྐྱེ་བ་སྔོན་མ་ནས་འགྲོགས་ཡོངས་པ་མིན། སྐྱེ་བ་སྔོན་མའི་ཉེ་འབྲེལ་ལོངས་སྤྱོད་སོགས་འདི་ལས་ལྷག་པ་ཡོད་དེ། ཐམས་ཅད་བཞག་ནས་རང་གཅིག་པུར་འོང་


JLD006_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་བྱུང་། དེར་མ་ཟད་ཚེ་རབ་ཐམས་ཅད་དུ་ལུས་ལོངས་སྤྱོད་ཉེ་འབྲེལ་ཐམས་ཅད་བཞག་ནས་ཕྱིན། བདག་གཅིག་པུར་མ་ཟད་སེམས་ཐམས་ཅད་དེ་འདྲ་ཤར་སྟགས་ཡིན་པས། ཉེ་འབྲེལ་འཁོར་གཡོག་འདི་རྣམས་ཐམས་ཅད་ཁོ་རང་རྣམས་ཀྱང་རང་དབང་མེད་པར་གྱེས་དགོས། འདི་རྣམས་ལ་ཞེན་ཆགས་བྱེད་པའི་དོན་མེད་སྙམ་པ་བྱས་ནས་ཚེ་འདིའི་ཕྱོགས་ལ་ཞེན་ཆགས་མེད་པར་བྱས། འདི་ལྟར་རང་དབང་མེད་པར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་ཐམས་ཅད་ཡུལ་སྟེང་ནས་གྲུབ་པ་གང་ཡང་མེད་པ་ལ། ཡུལ་སྟེང་ནས་གྲུབ་པར་བཟུང་ནས་ཞེན་ཆགས་བྱས་པ་འདིས་ལན་འདུག་པས་གཉིས་སྣང་རགས་པ་འགགས་པའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ན། བདེ་སྟོང་གཉིས་སུ་མེད་པའི་ཆོས་སྐུའི་དང་དུ་བསྲེ་བར་བྱའོ་སྙམ་དུ་འདུན་པ་དྲག་པོ་བཏང་ནས་གསང་སྔགས་གྱི་དམ་ཚིག་དང་འགལ་བའི་ཉེས་པ་བྱས་པ་རྣམས་ལ་འགྱོད་པ་དྲག་པོ་བསྐྱེད་དེ། བླ་མེད་ཀྱི་དབང་མཚན་ཉིད་ཚང་བ་གཞན་ལ་ཞུ་བའམ་རང་གིས་བདག་འཇུག་བླངས་པས་སྔགས་ཀྱི་སྡོམ་ལྡན་དུ་བྱས་ཏེ། བླ་མའི་རྣལ་འབྱོར་བསྒོམས་ནས་བདག་གིས་འཆི་བ་འོད་གསལ་ཆོས་སྐུ་དང་བསྲ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། བར་དོ་ལོངས་སྐུ་དང་བསྲེ་ཆུས་པར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་ནུས་པ་བྱིན་གྱིས་བལྟབ་ཏུ་གསོལ་སྙམ་


JLD006_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསོལ་བ་དྲག་ཏུ་བཏབ། དེ་ནས་རང་ཡི་དམ་གང་ཡིན་གྱི་ང་རྒྱལ་བརྟན་པ་དང་དམིགས་པ་གསལ་བར་བྱས་ཏེ། སྨིག་རྒྱུ་ནས་འོད་གསལ་གྱི་བར་རིམ་པ་བཞིན་དུ་ཤར་བ་ན་ངོ་ཤེས་པར་བྱས་ཏེ་བདེ་སྟོང་གི་ཡེ་ཤེས་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ཅིང་། ཁྱད་པར་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ན་སྟོང་ཉིད་ལྟ་བ་རྣམ་དག་གི་སྟེང་དུ་བཞག་ནས་ཆོས་སྐུའི་ངོ་བོར་སོང་སྙམ་པའི་འཛིན་སྟངས་དྲག་པོ་བྱས་ནས་རྩེ་གཅིག་ཏུ་འཇོག་པ་སོགས་སྔར་ལྟར་བྱེད་པ་ནི། འཆི་བ་ཆོས་སྐུ་དང་བསྲེ་བའི་ཚུལ་ཡིན་ནོ། དེ་ཡང་བསྲེ་མཁན་གྱི་རྣལ་འབྱོར་པ་ཚེ་འདིའི་སྔར་ནས་སྙིང་གའི་རྩ་མདུད་ལྷག་མ་མ་ལུས་པར་གྲོལ་ནས་སྤྱོད་པ་མ་གྲུབ་པ་དང་། དེ་ཙམ་མ་ཐོབ་ཀྱང་དག་དབེན་མན་ཆད་ཀྱི་རླུང་དབུ་མར་ཐིམ་པའི་རྟགས་རྣམས་རྫོགས་པ་ནས་ལུས་དབེན་ཐོག་མར་གྲུབ་པ་ཡན་ཆད་དང་། འཆི་བའི་སྔོན་དུ་རླུང་དབུ་མར་གཏན་ནས་འཇུག་པ་ཐུབ་ཀྱང་མན་ངག་ལ་མཁས་ཤིང་ཡིད་ལ་བཅགས་པའི་གང་ཟག་གསུམ་ཡོད་ལ། གསུམ་པོ་དེ་བར་དོ་ལོངས་སྐུར་ལྡང་ཚུལ་མི་འདྲ་བ་གསུམ་འབྱུང་སྟེ། གང་ཟག་དང་པོ་དེས་འཆི་བ་འོད་གསལ་དཔེའི་འོད་གསལ་གྱི་ངོ་བོར་བསྐྱེད་ནུས་པས་དེ་ལས་ལྡང་བ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ལས་བར་དོ་འབྱུང་བའི་དོད་ལ་རྡོ་རྗེ་འཆང་གི་སྐུར་དགནོས་གནས་ལ་ལངས་ནས་དེའི་རྟེན་ལ་སངས་རྒྱས་བ་ཡིན་ནོ། གང་ཟག་གཉིས་པ་དེས་འཆི་བ་འོད་


JLD006_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱབ་པར་ཅན་གྱི་ངོ་བོར་བསྐྱེད་ནས། དེ་ལས་ལྡང་བ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་དགནོས་གནས་ལ་རྡོ་རྗེ་འཆང་གི་སྐུར་མ་སོང་ཡང་རང་གི་ཡིད་ངོར་རྡོ་རྗེ་འཆང་གི་སྐུའི་རྣམ་པར་ཁྲིག་གེ་ལངས་པའི་སྣང་བ་འབྱུང་ངོ་། གང་ཟག་གསུམ་པས་འཆི་བ་འོད་གསལ་གྱི་ཚེ་སྟོང་ཉིད་ཀྱི་ལྟ་བ་རྣམ་དག་ལ་འཇོག་ནུས་ཀྱང་། དེ་ལྟར་ལྡན་བ་ན་རྡོ་རྗེ་འཆང་གི་སྐུར་རང་གི་སྣང་ངོར་ཡང་ལྡང་མི་ནུས་པར་བར་དོར་དགའ་བའི་ལུས་སུ་གྲུབ་ནས། བར་དོ་ལ་བར་དོར་ངོ་ཤེས་པ་ན་བར་དོའི་ལུས་དེ་རྡོ་རྗེ་འཆང་གི་སྐུར་སྒོམ་པ་ཡིན་ལ། དེ་དག་ནི་གང་ཟག་དེ་རྣམས་ཀྱིས་བར་དོ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། དེས་ན་ཡིད་ངོར་རྡོ་རྗེ་འཆང་གི་སྐུར་ལངས་པའི་གང་ཟག་དེ་དང་། བར་དོ་ངོ་ཤེས་ནས་རྡོ་རྗེ་འཆང་གི་སྐུར་སྒོམ་པ་གཉིས་ཀྱིས་བར་དོའི་སྣང་བ་ཐམས་ཅད་ངོ་བོ་བདེ་སྟོང་གི་ཡེ་ཤེས་ལ་རྣམ་པ་རྡོ་རྗེ་འཆང་གི་རྣམ་པར་ཤར་བའི་ལྷའི་ངོ་བོར་བསྒོམས་ནས་སྐྱེ་གནས་སོགས་ཐམས་ཅད་ལ་ཆགས་སྡང་ཞེན་པ་བཀག་སྟེ་གང་དུ་སྐྱེ་བ་ལེན་པའི་མངལ་དེ་གཞལ་ཡས་ཁང་དང་། དེར་མི་བསྐྱོད་པ་ནམ་མཁའི་ཁམས་གང་བ་འདུས་ནས་གཅིག་ཏུ་འདྲེས་པའི་དབུས་སུ་བཞུགས་པར་མོས་ནས་སྐྱེ་གནས་སུ་ཞུགས། བར་དོ་འཆི་བའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ན། སྔར་ལྟར་ཆོས་སྐུ་དང་བསྲེ་ཞིང་དེ་ལས་ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་འོད་


JLD006_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དང་བཅས་པ་འཆར་བར་རྩོམས་པ་ན་མངལ་དུ་ཞུགས་ཞིན་པས། དེའི་ཚེ་སྤྲུལ་སྐུ་རྡོར་སེམས་ཀྱི་རྣམ་པར་ལངས་ཏེ་ལྷའི་ང་རྒྱལ་གྱིས་གནས་པ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱའོ། དེ་ཡང་ཚེ་འདིར་རླུང་དབུ་མར་བཅུག་ནས་ཆོས་སྐུ་དང་བསྲེ་ནུས་པའི་གང་ཟག་གི་འཆི་བ་འོད་གསལ་ལས་བར་དོར་རྡོ་རྗེ་འཆང་གི་སྐུར་ཡིན་ངོར་ལངས་ཏེ། རང་འདོད་ནམ་མཁར་སྤྱོད་ལ་སོགས་པའི་གནས་སུ་འཕོ་བར་ནུས་ལ། སྔར་བཤད་པ་ལྟར་སྐྱེ་བ་སྤྲུལ་སྐུ་དང་བ་སྲེ་བའི་གདམས་ངག་གིས་མི་སྐྱེ་གནས་སུ་འཇུག་ན་འང་སྔགས་འགྲུབ་པའི་རྟེན་ཁྱད་པར་ཅན་དུ་གདོན་མི་ཟ་བར་བསྐྱེས་ནས་ཚེ་འདི་ལ་ལམ་གྱི་རྟོག་པ་ཁྱད་པར་ཅན་བསྐྱེད་ཏེ། དེ་ནས་སྐྱེ་བ་མང་པོ་མི་ཐོགས་པར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པོ། ཚེ་འདིར་རླུང་དབུ་མར་ཞུགས་པའི་རྟགས་མ་ཐོབ་ཀྱང་སྐྱེ་ཞི་བར་དོ་གསུམ་དང་། སྐུ་གསུམ་བསྲེ་ཚུལ་གྱིས་གོ་ལ་ལེགས་པར་ཆགས་ནས་འཆི་ཁྲ་དམ་ཚིག་དང་སྡོམ་པ་སོར་བཅུག་སྟེ། བླ་མའི་མན་ངག་གི་སྒོ་ནས་འདུན་པས་བསྲེ་བའི་གང་ཟག་སྔར་བཤད་པའི་ཐ་མ་དེ་ཀྱང་འདུན་པའི་སྟོབས་ཀྱིས་སྔར་བཞིན་བསྲེས་པས་སྔགས་འགྲུབ་པའི་རྟེན་དུ་སྐྱེས་ཏེ། སྔགས་ཀྱི་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དང་ཕྲད་ནས་གདམས་ངག་ཕྱིན་ཅི་མ་ལོག་པར་ཐོབ་སྟེ་རྟོགས་པ་ཁྱད་པར་ཅན་བསྐྱེད་པས། དེ་ནས་ངན་སོང་དུ་སྐྱེ་བ་མི་སྲིད་པར་སྐྱེ་


JLD006_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་དུ་སྔགས་འགྲུབ་པའི་རྟེན་འབའ་ཞིག་ཏུ་སྐྱེ་ལ། དེ་ཡང་སྐྱེ་བ་སྔ་མ་ལས་ཕྱི་མ་ཕྱི་མ་རྟོགས་པ་གོང་ནས་གོང་དུ་འགྲུབ་པའི་སྒོ་ནས་མྱུར་དུ་སངས་རྒྱས་པར་གདོན་མི་ཟའོ། གལ་ཏེ་གདམས་ངག་དང་ལྡན་པའི་གང་ཟག་ལ་སྣང་མཆོད་ཐོབ་གསུམ་རིམ་གྱིས་འབྱུང་བ་མིན་པའི་གཡང་དུ་ལྷུང་བ་སོགས་གློ་བུར་དུ་འཆི་དགོས་པ་བྱུང་ན། ཚེ་འདི་ལ་ཞེན་ཆགས་རྦད་བཅད་ནས་སྣང་བ་འདི་ཐམས་ཅད་ཡུལ་སྟེང་ནས་གྲུབ་རྒྱུ་རྡུལ་ཙམ་མེད་སྙམ་པའི་ལྟ་བའི་སྟེང་དུ་བཞག བར་དོ་གྲུབ་པའི་ཚེ་བསྲེ་ཚུལ་སྔར་ལྟར་བྱེད། དེ་ལྟར་བྱས་པས་གདོན་མི་ཟ་བར་ངན་འགྲོ་ལས་ཐར་རོ། དེ་ལྟར་བདག་གི་དད་པའི་ལྕགས་ཀྱུ་ཡིས། དཔལ་ལྡན་བླ་མའི་ཐུགས་ཀྱི་བར་མཛོད་ལས། མན་ངག་ཡིད་བཞིན་ནོར་བུའི་ཚོགས་བླངས་ཏེ། བརྩོན་པས་ཉམས་པ་མེད་པའི་བྱི་དོར་བྱས། སྐལ་བཟང་ཐེག་པ་མཆོག་གི་རིགས་ལྡན་ཞིང་། རྣམ་དཔྱོད་དམ་ཚིག་ལྡན་པའི་སློབ་མ་ཡིས། མཆོག་ཏུ་དད་པའི་གསུང་གིས་བསྐུལ་བའི་ངོར། རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱལ་མཚན་གྱིས། ལྷག་བསམ་དག་པའི་སེམས་ཀྱིས་སྦྱར་བ་ལ། གནས་གསུམ་མཁའ་འགྲོའི་ཚོགས་རྣམ་པ་བཟོད་པར་མཛོད། རབ་དཀར་དགེ་བའི་མཐུ་ཡིས་འགྲོ་ཀུན། སྐྱེ་ཤི་བར་དོའི་གཡངས་ལས་གྲོལ་ནས། རྣམ་མཁྱེན་ཐར་བའི་ཁང་བཟང་ཉམས་དགའ་བར། ཟག་མེད་བདེ་བའི་དཔལ་སྤྱོད་པར་ཤོག །


JLD006_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཆོས་རྗེ་བ་སོ་བའི་ཟིན་བྲིས་སོ། ༈ གཉིས་པ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བརྩེ་བ་ཆེན་པོས་འབྲལ་བ་མེད་པར་རྗེས་སུ་བཟུང་དུ་གསོལ། རྒྱུད་སྡེ་བླ་ན་མེད་པའི་ཟབ་པའི་གནད་མཐར་ཐུག་པ་བསྲེ་བའི་མན་ངག་གི་གནད་ཞིབ་པར་གཞན་དུ་བརྗོད་པ་ནི། རྗེ་བཙུན་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་རབ་ཀྱི་དགོངས་པའི་གནད་དྲིལ་བ་ཞལ་གྱིས་མན་ངག་གིས་ལེགས་པར་བརྒྱུད་ཏེ་གསལ་བར་བརྗོད་པ་ཡིན་པས། དེར་བཤད་པ་ལྟར་གཞི་ལམ་གྱི་སྐབས་ཀྱི་སྣང་མཆེད་ཐོབ་གསུམ་འོག་གསལ་དང་བཅས་པ་འཆར་ཚུལ་དང་། གཞི་དུས་ཀྱི་བར་དོ་དང་སྐྱེ་བ་ལེན་ཚུལ་ལ་སོགས་པ་གཞིའི་གོ་བ་ལེགས་པར་ཆགས་པའི་གང་ཟག་པ་ཉམས་སུ་ལེན་ཚུལ་གྱི་གནད་འགག་དྲིལ་བ་ལག་ཏུ་བླང་བ་བདེ་བར་བརྗོད་ན། གཞི་དུས་ཀྱི་སྐུ་གསུམ་དང་བསྲེ་བ། ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བ། གཉིད་དུས་ཀྱི་སྐུ་གསུམ་དང་བསྲེ་བ། ཐམས་ཅད་ཀྱང་རླུང་སྟོབས་ཀྱིས་བསྲེ་བ། འདུན་པའི་སྟོབས་ཀྱིས་བསྲེ་བ་གཉིས་སུ་འདུས་ཤིང་། དང་པོ་རླུང་སྟོབས་ཀྱིས་བསྲེ་བའི་ཚུལ་ནི། རླུང་དབུ་མར་འཇུག་ནུས་པའི་གང་ཟག་གི་རླུང་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་


JLD006_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཤར་བའི་ཚེ་དབུ་མའི་ནང་དུ་རླུང་ཞུགས་པའི་དྲོད་འབར་བའི་སྟོབས་ཀྱིས་ཁམས་དཀར་པོ་ཞུ་བ་དབུ་མའི་ནང་ནས་འབབ་པས་སེམས་བདེ་བའི་ངོ་བོར་མེར་སོང་བ་དེས། ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་ཡིན་སྙམ་དུ་བློ་ཐག་རྦད་བཅད་པའི་འཛིན་སྟངས་ལྷང་ངེ་བ་དེ་ལ་བཞག་ནས་ཆོས་སྐུའི་ངོ་བོར་སོང་སྙམ་པར་བྱེད། ཁྱད་པར་འོད་གསལ་གྱི་སྐབས་སུ་བདེ་སྟོང་གི་ངང་དུ་འཇོག་ཅི་ཐུབ་བྱེད་པ་ཆོས་སྐུ་དང་བསྲེ་བ་ཡིན་ནོ། དེ་ནས་འོད་གསལ་ལས་སེམས་གཡོ་བར་རྩོམ་པ་ན་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་སེམས་གཏད་བས་རང་གི་སེམས་དང་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་འཁྲུག་སྟེ་འདྲིས་པ་དང་སྙིང་གའི་ཁམས་དཀར་དམར་གྱི་ཐིག་ལེ་དེ་ཁ་གཤེག་སྟེ་བྱེ་བའི་ནང་ནས། ཤིན་ཏུ་ཕྲ་བའི་རླུང་སེམས་དེ་རྒྱང་སྟེ་ཐོན་ནས་རང་གི་ལུས་འདི་ལས་ཕྱི་རོལ་ཏུ་རྡོ་རྗེ་འཆང་གི་སྐུར་ལངས་པར་བསྒོམ་པ་ནི་ལོངས་སྐུ་དང་བསྲེ་བ་ཡིན་ལ། དེ་ཡང་རླུང་ཐིམ་པའི་འོད་གསལ་ཐོབ་ཙམ་ནས་རྡོ་རྗེ་འཆང་གི་སྐུར་དངོས་གནས་ལ་ལྡང་མི་ནུས་ཀྱང་ཡིད་ངོར་ལྡན་བ་ཡིན། དེ་ལྟར་རྩེ་གཅིག་ཏུ་གོམས་པར་བྱས་པས་ཚེ་འདིར་སེམས་དབེན་གྱི་དཔེའི་འོད་གསལ་རྫོགས་པར་ཐོབ་པའི་རྣལ་འབྱོར་བ་དེས་སྔར་ལྟར་བསྲེས་པས་རྡོ་རྗེ་འཆང་གི་སྐུར་དངོས་གནས་ལ་ལྡང་ནུས་ལ། བར་དོར་མཆོག་འགྲུབ་པའི་གང་ཟག་གིས་ཀྱང་འཆི་བ་འོད་གསལ་དཔེའི་


JLD006_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གྱི་ངོ་བོར་གྲུབ་ནས། དེའི་མཐར་རྡོ་རྗེ་འཆང་གི་སྐུར་ལྡང་ལུགས་སྔར་ལྟར་བྱས་པས་བར་དོ་གྲུབ་པའི་དོད་ལ་རྡོ་རྗེ་འཆང་གི་སྐུ་འགྲུབ་སྟེ་དེའི་རྒྱུན་ལ་སངས་རྒྱས་ཡིན་ནོ། སྔར་ཀྱི་ཡིད་ངོར་རྡོ་རྗེ་འཆང་གི་སྐུར་ལངས་པ་དེས་ཀྱང་སྔར་རང་གི་ཕུང་པོ་འདི་རྡོ་རྗེ་འཆང་གི་སྐུར་བསྒོམས་ནས་དེ་ལས་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་ནོ། གཞི་ལམ་ཐམས་ཅད་ཀྱིས་སྐབས་སུ་རླུང་དབུ་མར་འཇུག་ནུས་པའི་གང་ཟག་གིས་བསྲེ་ཚུལ་འདི་ཁོ་ནར་ངེས་ལ། གཉིད་ཀྱི་སྐབས་སུ་བསྲེ་བ་ཡང་གཉིད་དུ་འགྲོ་བའི་ཚེ་སྙིང་གར་དམིགས་པ་གཏད་པ་དེའི་ཚེ་དབང་ཤེས་ལྔའི་གཞོན་པའི་རླུག་རྣམས་སྙིང་གའི་རྩ་འདབ་གྱི་ནང་དུ་གཉིད་ཀྱི་རྐྱེན་གྱིས་རང་ཤུགས་ཀྱིས་འདུ་བའི་གནད་ཀྱིས་རླུང་དབུ་མར་འདུ་ཕུལ་ཉིན་པར་ལས་ཆེ་བ་ཞིག་འོང་བས། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཉིན་པར་ལས་གསལ་བར་འཆར་ཞིང་། དེའི་ཚེ་ཆོས་སྐུ་དང་བསྲེ་བ་སྔར་ལྟར་བྱེད་ལ། གཉིས་ཀྱི་འོད་གསལ་ལས་སེམས་གཡོས་ནས་རྨི་ལམ་འཆར་བར་རྩོམ་བ་ན། རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ལྡང་བའི་ཚུལ་དང་། དེ་ནས་རང་གི་ལུས་ལ་འཇུག་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། རླུང་དབུ་མར་འཇུག་མི་ནུས་པའི་གང་ཟག་གིས་འདུན་པའི་སྟོབས་ཀྱིས་བསྲེ་བ་ལ། གཉིད་ཀྱི་སྐབས་སུ་བསྲེ་ཚུལ་དང་།


JLD006_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བའི་ཚེ་བསྟེ་ཚུལ་གཉིས། དང་པོ་ནི། རླུང་དབུ་མཏ་འཇུག་མི་ནུས་པའི་གང་ཟག་གིས་འདུན་པའི་སྟོགས་ཀྱིས་གཉིད་ཀྱི་འོད་གསལ་འཛིན་འདོད་པས་གཉིད་དུ་འགྲོ་བའི་ཚེ། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འབྱུང་བ་ཅེས་ཀྱང་ཐིམ་པར་བྱེད་དགོས་སྙམ་པའི་འདུན་པ་ཉིན་པར་གྱི་སྐབས་སུ་ཡང་ཡང་དྲག་པོ་གཏད་ནས། གཉིད་ལ་འགྲོ་ཁར་བླ་མའི་རྣལ་འབྱོར་བསྒོམས་ལ། བདག་གིས་གཉིད་ཀྱི་འོད་གསལ་འཛིན་ནུས་པར་གྱིན་གྱིས་བརླབ་དུ་གསོལ་སྙམ་པའི་གསོལ་འདེབས་དྲག་པོ་བཏབ་སྟེ། སྣང་མཆེད་ཐོབ་གསུམ་སོགས་བྱུང་བར་རིག་པར་བྱེད་དགོས་སྙམ་པའི་དྲན་པ་ལེགས་པར་བསྟེན་ནས་ཉལ་བས། སྨིག་རྒྱ་ནས་འོད་གསལ་གྱིས་བར་རྫོགས་པའི་གོ་རིམ་མ་འཕྱུགས་པ་མི་འཆར་ཡང་། སྨིག་རྒྱུ། དུ་བ། མཁའ་སྣང་། མར་མེ། ཉི་ཟླ་སོགས་ཀྱིས་སྔ་བ་རླུང་དྷཱུ་ཏཱིར་ཐིམ་པ་ལ་བརྟེན་ནས་འབྱུང་བའི་སྣང་བ་དང་འདྲ་རུང་གསོ་རིམ་འཆོལ་བ་སྣ་ཚོགས་འཆར་བ་སྲིད་ལ། དེའི་ཚེ་སྟོང་པ་ཉིད་ཀྱི་ལྟ་བ་རྣམ་དག་གི་སྟེང་དུ་སྔར་ལྟར་འཇོག་པ་ནི་ཆོས་སྐུ་དང་བསྲེ་བ་ཡིན་ནོ། རྨི་ལམ་འདུན་པའི་སྟོབས་ཀྱིས་བསྲེ་བའི་ཚུལ་ནི། ཉིན་མར་གཉིད་དུ་འགྲོ་ཁ་ཡན་ཆད་ད་ལྟའི་སྣང་བ་འདི་ཐམས་ཅད་རྨི་ལམ་ཡིན། ངས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱེད་དགོས་སྙམ་པའི་དྲན་པ་རྒྱུན་དུ་བསྟེན་པ་རྨི་ལམ་ཤར་བ་ན་རྨི་ལམ་ངོ་ཤེས་པར་འགྱུང་ལ། དེའི་རྨི་


JLD006_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ལུས་རྡོ་རྗེ་འཆང་དུ་སྒོམ་པ་ནི། རྨི་ལམ་འདུན་པའི་སྟོབས་ཀྱིས་ལོངས་སྐུ་དང་བསྲེ་བ་ཡིན་ལ། དེའི་ཚེ་རླུང་དབུ་མར་སྡུད་པའི་གདམས་ངག་སྒོམ་པ་ནི། རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡིན་ལ། དེ་ལྟ་བུའི་གདམས་ངག་མི་ཤེས་ན་སྟོང་ཉིད་ཀྱི་ལྟ་བ་རྣམ་དག་གི་སྟེང་དུ་འཇོག་པ་ནི་འོག་མ་རྣམས་དང་ཐུན་མོང་བ་ཡིན་ནོ། དེ་ནས་གཉིད་སད་པར་རྩོམ་པ་ན་རང་གི་ལུས་འདི་རྡོ་རྗེ་འཆང་གི་སྐུར་སྒོམ་པ་ནས། དེ་ལ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་པར་བསྒོམས་ནས་ལྡང་བ་ནི་སད་པ་སྤྲུལ་སྐུ་དང་བསྲེ་བ་ཡིན་ནོ། འཆི་བའི་ཚེ་འདུན་པའི་སྟོབས་ཀྱིས་བསྲེ་ཚུལ་ནི། ཚེ་འདིར་རླུང་དབུ་མར་འཇུག་པའི་ནུས་པ་མ་ཐོག་ཀྱང་འཆི་བའི་སྨིག་རྒྱུ་ནས་འོད་གསལ་གྱིས་བར་འབྱུང་ཚུལ་རྣམས་ལེགས་པར་ངེས་ནས། ཡང་ཡང་ཡིད་ལ་བྱས་པའི་གོམས་པ་ཤུགས་ཅན་ཡོད་པའི་གང་ཟག་གིས་འཆི་བར་ཐག་ཆོད་པ་ན། ལོངས་སྤྱོད་ཐམས་ཅད་དགེ་ཕྱོགས་སུ་བཏང་། ལུས་དང་ཉེ་འབྲེལ་སོགས་ཚེ་འདིའི་སྣང་བ་གང་ལ་ཡང་ཞེན་ཆགས་མེད་པར་བྱས། དབང་མཚན་ཉིད་དང་ལྡན་པས་སྔགས་སྡོམ་སོར་ཆུད། བླ་མའི་རྣལ་འབྱོར་བསྒོམས་ནས་གསོལ་བ་དྲག་པོ་བཏབ། དེ་ནས་སྔར་བླ་མས་ཕོག་པའི་གདམས་ངག་གི་དམིགས་པ་ཡིད་ལ་གསལ་བཏབ། རང་ལྷར་བསྒོམས་ནས་སྨིག་རྒྱུ། དུ་བ། མཁའ་སྣང་མེ་ཁྱེར་


JLD006_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་འབར་བ། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་སྣང་བ་རིམ་གྱིས་ཤར་བ་ན། ཆོས་སྐུ་དང་བསྲེ་བའི་ཚུལ་སྔར་བཤད་པ་ལྟར་བྱས་ནས་རྩེ་གཅིག་ཏུ་འཇོག་པ་ནི། འདུན་པའི་སྟོབས་ཀྱིས་ཆོས་སྐུ་དང་བསྲེ་བ་ཡིན་ནོ། དེ་ཡང་སྤྱིར་འཆི་བ་ཆོས་སྐུ་དང་བསྲེ་བའི་གདམས་ངག་རྣམ་པ་གསུམ་སྟེ། ཚེ་འདིར་སྔར་ནས་སྙིང་གའི་རྩ་མདུད་ལྷག་མ་མ་ལུས་པར་གྲོལ་ནས་སྤྱོད་པ་མ་གྲུབ་པ་དང་དེ་ཙམ་གྱིས་རྟོགས་པ་མ་ཐོབ་ཀྱང་ངག་དབེན་མན་ཆད་ཀྱི་རླུང་དབུ་མར་ཐིམ་པའི་རྟགས་རྣམས་གྲུབ་པ་དང་། འཆི་བའི་སྔོན་དུ་རླུང་དབུ་མར་གཏན་ནས་འཇུག་མ་ཐུབ་པའི་གང་ཟག་གསུམ་ཡོད་པ་ལས། གསུམ་པོ་དེས་བར་དོ་ལོངས་སྐུར་ལྡང་ཚུལ་མི་འདྲ་བ་གསུམ་འབྱུང་སྟེ། གང་ཟག་དང་པོ་དེས་འཆི་བ་འོད་གསལ་དཔེའི་འོད་གསལ་དུ་བསྐྱེད་ནུས་པས་དེ་ལས་ལྡང་བ་ན། ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ལས་བར་དོ་འབྱུང་བའི་དོད་ལ་རྡོ་རྗེ་འཆང་གི་སྐུར་དངོས་གནས་ལ་ལངས་ནས། དེའི་རྒྱུན་ལ་སངས་རྒྱ་བ་ཡིན་མོ། རང་ཟག་གཉིས་པ་དེས་འཆི་བ་འོད་གསལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ངོ་བོར་བསྐྱེད་ནས། དེ་ལས་ལྡང་བ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་དངོས་གནས་ལ་རྡོ་རྗེ་འཆང་གི་སྐུ་རམ་གྲུབ་ཀྱང་། རང་གི་ཡིད་ངོར་རྡོ་རྗེ་འཆང་གི་སྐུའི་རྣམ་པར་ཁྲིག་གེ་ལངས་པའི་སྣང་བ་འབྱུང་ངོ་། གང་ཟག་གསུམ་པས་འཆི་བའི་འོད་གསལ་གྱིས་ཚེ་སྟོང་ཉིད་ཀྱི་ལྟ་བ་


JLD006_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ལ་འཇོག་ནུས་ཀྱང་། དེ་ལྟར་ལྡང་བ་ན་རྡོ་རྗེ་འཆང་གི་སྐུར་རང་ལ་སྣང་བའི་ལྡང་ཚུལ་ཀྱང་མི་ནུས་པས། བར་དོ་རང་དགའ་བའི་ལུས་གྲུབ་ནས་བར་དོར་བར་དོར་ངོ་ཤེས་པ་ན། བར་དོའི་ལུས་འདི་རྡོ་རྗེ་འཆང་གི་སྐུར་སྒོམ་པ་ཡིན་ལ། དེ་དག་གི་གང་ཟག་དེ་རྣམས་ཀྱི་བར་དོ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། དེ་ནས་ཡིད་དོར་རྡོ་རྗེ་འཆང་གི་སྐུར་ལངས་པ་དང་། བར་དོ་ངོ་ཤེས་ནས་རྡོ་རྗེ་འཆང་རི་སྐུར་སྒོམ་པ་གཉིས་ཀྱིས་བར་དོའི་སྣང་བ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་ལ་རྣམ་པ་རྡོ་རྗེ་འཆང་གི་རྣམ་པར་ཤར་བའི་ལྷའི་ངོ་བོར་བསྒོམས་ནས། སྤྱི་གནས་སོགས་ཐམས་ཅད་ལ་ཆགས་སྡང་དང་ཞེན་པ་བཀག་སྟེ། གང་དུ་སྐྱེ་བའི་ཕ་མ་རྡོ་རྗེ་འཆང་ཡང་ཡུམ་དུ་བསྒོམས་ནས་དེ་ལ་རང་ཡེ་ཤེས་སེམས་དཔའི་ཚུལ་དུ་འཇུག་པ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱའོ། དེ་ལྟར་ཚེ་འདིར་རླུང་དབུ་མར་བཅུག་ནས་ཆོས་སྐུ་དང་བསྲི་ནུས་པའི་གང་ཟག་གིས་འཆི་བ་འོད་གསལ་ལས་བར་དོར་རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ལངས་ཏེ། རང་འདོད་ན་མཁའ་སྤྱོད་ལ་སོགས་པའི་གནས་སུ་འཕོ་བར་ནུས་ལ། སྔར་བཤད་པ་ལྟར་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའི་གདམས་ངག་གིས་མིའི་སྐྱེ་གནས་སུ་འཇུག་ནའང་སྔགས་སྒྲུབ་པི་རྟེན་ཁྱད་པར་ཅན་དུ་གདོན་མི་ཟ་བར་སྐྱེས་ནས་ཚེ་དེ་ལ་ལམ་གྱི་རྟོགས་པ་ཁྱད་པར་ཅན་བསྐྱེད་དེ། དེ་ནས་སྐྱེ་བ་མང་པོ་མི་


JLD006_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བོ། ཚེ་འདིར་རླུང་དབུ་མར་ཞུགས་པའི་རྟོགས་པ་མ་ཐོབ་ཀྱང་། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དང་བསྲེ་ཚུལ་གྱི་གོ་བ་ལེགས་པར་ཆགས་ནས། འཆི་ཁར་དམ་ཚིག་དང་སྡོམ་པ་སོང་བཅུག་སྟེ་བླ་མའི་མན་ངག་གི་སྒོ་ནས་འདུན་པས་བསྲེ་བའི་གདམས་ངག་སྔར་བཤད་པའི་ཐ་མ་དེས་ཀྱང་འདུན་པའི་སྟོབས་ཀྱིས་སྔར་བཞིན་བསྲེས་པས། སྔགས་གྲུབ་པའི་རྟེན་དུ་སྐྱེས་ཏེ་སྔགས་ཀྱི་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དང་ཕྲང་ནས་གདམས་ངག་ཕྱིན་ཅི་མ་ལོག་པ་ཐོབ་སྟེ་རྟོགས་པ་ཁྱད་པར་ཅན་བསྐྱེད་པས། དེ་ནས་ངན་སོང་དུ་འགྲོ་བ་མི་སྲིད་པའི་ཕྱིར། སྐྱེ་བ་ཐམས་ཅད་དུ་སྔགས་གྲུབ་པའི་རྟེན་འབབ་ཞིག་ཏུ་སྐྱེ་ལ། དེ་ཡང་སྐྱེ་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྟོགས་པ་གོང་ནས་གོང་དུ་འགྱུར་བའི་སྒོ་ནས་མྱུར་དུ་སངས་རྒྱས་པར་གདོན་མི་ཟའོ། གལ་ཏེ་གདམས་ངག་ལྡན་པའི་གང་ཟག་ཐག་ལ་སྣང་མཆེད་ཐོབ་གསུམ་སོགས་རིམ་གྱིས་འགྱུར་བ་མིན་པའི་གཡང་དུ་ལྷུང་བ་སོགས་ཀྱིས་གློ་བུར་དུ་འཆིད་དགོས་པ་བྱུང་ན། ཚེ་འདི་ལ་སྲིད་པ་རྦད་བཅད་ནས་སྣང་བ་འདི་ཐམས་ཅད་ཡུལ་སྟེང་ནས་གྲུབ་རྒྱུ་མེད་སྙམ་པའི་བདག་མེད་པའི་སྟེར་དུ་བཞག་ནས་བར་དོ་གྲུབ་པའི་ཚེ་བསྲེ་ཚུལ་སྔར་ལྟར་བྱེད། དེ་ལྟར་བྱས་པས་གདོན་མི་ཟ་བར་ངན་འགྲོ་ལས་ཐབ་རོ། ༈ དེ་ལྟར་བདག་གི་དད་པའི་ལྕགས་ཀྱུ་ཡིས། དཔལ་ལྡན་བླ་མའི་ཐུགས་ཀྱི་བང་མཛོད་ལས། མན་ངག་ཡིད་བཞིན་


JLD006_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་ཚོགས་བླངས་ཏེ། བརྩོན་པས་ཉམས་པ་མེད་པའི་ཕྱི་དོར་བྱས། སྐལ་བཟང་ཐེག་པ་མཆོག་གི་རིགས་ལྡན་ཞིང་། རྣམ་དཔྱོད་དམ་ཚིག་ལྡན་པའི་སློབ་མ་ཡིས། མཆོག་ཏུ་དད་པའི་གསུང་གིས་བསྐུལ་བའི་དོར། རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱལ་མཚན་གྱིས། ལྷག་བསམ་དག་པའི་སེམས་ཀྱིས་སྦྱར་བ་ལ། གནས་གསུམ་མཁའ་འགྲོ་ཚོགས་ཀྱིས་བཟོད་པ་མཛོད། རབ་དཀར་དགེ་བའི་མཐུ་ཡིས་འགྲོ་བ་ཀུན། སྐྱེ་ཤི་བར་དོའི་གཡར་ས་ལས་གྲོལ་ནས། བླ་མ་མཁྱེན་ཐར་བའི་ཁང་བཟང་ཉམས་དགའ་བར། བག་མེད་བདེ་བའི་དཔལ་ལ་སྤྱོད་པ་ཤོག རྗེ་བཙུན་མར་བ་ལྷོ་བྲག་གི་གདམས་པ་བསྲེ་འཕོའི་གདམས་པའི་གནད་མ་ལུས་པ། རྗེ་བཙུན་འཇམ་དཔལ་དབྱངས་དང་གྲུབ་ཆེན་གྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྗེ་བཙུན་ཙོང་ཁ་པས་རྙེད་པའི་ཚུལ་གསང་བའི་རྣམ་པར་ཐར་བ་ནས་འབྱུང་ན་འང་ལྔ་ཡབ་སྲས་རྣམས་ཀྱིས་གསུངས་རབ་རྣམས་སུ་བཤད་པ་རྒྱས་པར་བཀོད་པ་ལ་བརྟེན་ནས་གོ་བའི་སྤྱི་ལེགས་པར་ཆགས་ཐུབ་པ་ཡོད་མོད། ཉམས་ལེན་ལ་དྲིལ་བའི་ཚེ་གདམས་ངག་གི་གནད་ཞིབ་ཆ་ཞལ་ལས་ཤེས་དགོས་པ་རྣམས་གསལ་བར་བཏོན་ཏེ། བསྲེ་བའི་ཚུལ་བདག་གིས་རྒྱས་པར་བཀོད་པ་ལས། སླར་ཡང་ལག་ཏུ་བླང་བའི་ཕྱིར་ཉུང་ངུར་བསྡུས་ནས་སྦྱར་བའི་དགེ་བས། བདག་དང་དམ་ཚིག་ལྡན་པའི་སློབ་མའི་ཚོགས་རྣམས་སྐྱེ་བ་འདིའོ་འོག་རོལ་


JLD006_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མཁའ་སྤྱོད་དང་། རིག་པ་འཛིན་པའི་སྐྱེ་གནས་སུ་སྐྱེ་བར་གྱུར་ཅིག ས་མ་ཡ་མུ་ཁཾ། འདིས་ཀྱང་བསྟན་པ་རྒྱས་པར་གྱུར་ཅིག འདི་ཡང་ཆོས་རྗེ་བ་སོ་བའི་ཟིན་བྲིས་སོ། བཅུ་གསུམ་པ་འཕོ་བའི་ཡིག་ཆུང་ལ་གཉིས། རྩ་བ་དང་། ཡན་ལག་གོ །རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། འཕོ་བའི་རྣལ་འབྱོར་ཀྱི་ཡི་གེ་བཀོད་པའི་སྐབས་སུ་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་སྲོག་འཛིན་གྱི་རླུང་གི་ངོ་བོ་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་ཐུར་དུ་ལྟ་བའི་དཀྱིལ་ནས་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་མགོ་ཐུར་དུ་ལྟ་བ། ཧཱུྃ་གི་ཀླ་དཀོར་གྱི་ལོག་ཏུ་རྣམ་ཤེས་ཀྱིས་བཞོན་པར་གྱུར་པའི་རླུང་མཚན་བྱེད་ཡུཾ་ཡིག་གཉིས་མགོ་ཐུར་དུ་བསྟན་ཏེ་གཤིས་པའི་ཡུ་ཀྱི་ཞབས་ཀྱུ་གཉིས་ཀྱི་བར་དུ་ཧཱུྃ་ཡིག་གི་ཀླད་ཀོར་ཆུད་ཙམ་བྱེད་ཅིང་། ཡུཾ་གཉིས་པོ་དེའི་བར་དུ་ཧི་ཡིག་མགོ་ཐུར་དུ་ལྟ་བ་ཚུད་པར་བྱེད། ཧཱུྃ་ཡིག་གི་ཞབས་ཀྱུའི་སྟེང་དུ་རྣམ་ཤེས་ཀྱི་གཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་གཉིས་མགོ་ཐུར་དུ་ལྟ་བའི་ཡུཾ་གཉིས་ཀྱི་ཀླད་ཀོར་གྱི་བར་དུ་ཧཱུྃ་གི་ཞབས་ཀྱུ་ཆུད་ཙམ་བྱེད་ཅིང་། ཡུཾ་གཉིས་པོ་དེའི་བར་དུ་ཀ་ཡིག་མགོ་ཐུར་དུ་ལྟེ་བ་ཆུད་པར་བྱེད་དོ། དེ་ལྟར་བྱས་པས་འཕོ་ཁྲིད་ཆེན་མོ་དང་། རྗེ་བཙུན་ཙོང་ཁ་བ་ཆེན་པོའི་བསྲེ་འཕོའི་མན་ངག་དང་། མན་ངག་སྙེ་མ་རྣམས་དང་མི་འགལ་ཞིང་། དགོངས་པ་གཅིག་པའི་ངེས་པ་བདེ་བླག་ཏུ་སྟེར་བར་འགྱུར་ཞིང་། འཕོ་ཁྲིད་ཆེན་མོའི་སྐབས་དང་། མན་ངག་སྙེ་མར་ཡུཾ་


JLD006_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་དུ་ཉི་བཀོད་ཅེས་པའི་དོན་ཡང་ཁོང་དུ་ཆུད་པར་འགྱུར་རོ། འཕོ་བའི་སྐབས་ཀྱི་ཡུཾ་ཡིག་གཉིས་ཀ་མགོ་གྱེན་ལྟ་བྱེད་པའི་དོན་ཧཱུྃ་ཡིག་གི་མགོ་ཕྱོགས་ལ་སྟེང་དུ་བྱས་ནས་དེ་ལྟར་བྱ་ལ། གྱིན་དུ་བལྟ་ཞེས་གསུངས་པ་ཡིན་ཞིང་། ཧཱུྃ་དང་མཏོ་གོ་ལྟ་ཕྱོགས་མི་འདྲ་བ་མིན་ནོ། སྲོག་འཛིན་གྱི་རླུང་མཚོན་བྱེད་ཀྱི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུའི་དབུས་སུ་བསྒོམ་ཞེས་པའི་དོན་ཤེལ་དྭངས་པའི་ཕྲེང་བའི་དཀྱིལ་ནས་ཡར་ཕྲེང་ཐག་ཡོད་པ་ལྟར་སྒོམ་པ་མན་ངག་ཡིན་ནོ། སྙིག་གར་ཡི་གེ་ལྔ་ཞེས་དངོས་སུ་གསུངས་ཤིང་། འདིར་ཡི་གེ་བདུ་དུ་བྱེད་པ་མི་འགལ་ཏེ། སྟེང་གི་ཡུཾ་གཉིས་པོ་ངོ་བོ་གཅིག་དང་། འོག་གི་ཡུཾ་གཉིས་པ་ངོ་བོ་གཅིག་པས་སྐྱོན་མེད་དོ། མན་ངག་འདི་དང་མི་ལྡན་པར། འཕོ་བའི་ཉམས་ལེན་བྱེད་པ་ཀུན། སྨིག་རྒྱུའི་ཆུལ་འཐུར་དང་མཚུངས། དེ་བས་འདི་ལ་གཅེས་པར་བཟུང་། འཕོ་བའི་མན་ངག་ཤིན་ཏུ་གཅེས་པའི་ཡིག་ཆུང་མཁས་གྲུབ་རྗེས་ཟིན་བྲིས་མཛད་པ་བཀའ་རྒྱ་དམ་པར་ཡོད་དོ། ༈ གཉིས་པ་དེའི་ཡང་ལག་རྒྱས་པར་བཤད་པ་ནི། དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་ཕྱག་འཚལ་ལོ། རྩ་བ་ཆེན་པོས་དུས་ཐམས་ཅད་དུ་བཟུང་དུ་གསོལ། འཕོ་བ་བསྡུས་ཏེ་ཉམས་སུ་བླང་ཚུལ་ནི། ད་ལྟ་ནས་སྒོམ་པར་བྱེད་ཚུལ་དང་། དུས་ཐ་མར་ལས་ལ་སྦྱོང་


JLD006_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གཉིས། དང་པོ་ནི། རང་ཡི་དམ་གྱི་ལྷ་གང་ཡིན་དུ་སྒོམ། ལུས་ཀྱི་དབུས་དྲང་པོ་ནས་རྩ་དབུ་མ་ཐལ་མཏ་སྟེང་འོག་ཏུ་ཡོང་བའི་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་ན་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོ་མགོ་ཟུར་དུ་བལྟས་པ། དེའི་མགོ་བོའི་འོག་དུ་ཡུཾ་ཡིག་སྟོན་པོ་མགོ་ཐུན་དུ་བལྟས་པ་གཉིས་ཀྱི་མཇུག་མས་ཧཱུྃ་ཡིག་མགོ་བོ་གཡས་གཡོན་ནས་བརྟེན་པ། དེའི་འོག་ཏུ་གེ་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པའི་མཇུག་མ་ཡུཾ་ཡིག་གཉིས་ཀྱི་མཇུག་མས་གཡས་གཡོན་ནས་བརྟེན་པ། ཧཱུྃ་གི་ཞབས་ཀྱུའི་སྟེང་དུའང་ཡུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པ་གཉིས་ཀྱི་ཧཱུྃ་གི་ཞབས་ཀྱུའི་གཡས་གཡོན་ནས་བརྟེན་པ། དེའི་སྟེང་དུ་ཧི་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པི་མགོ་བོ་ཡུཾ་ཡིག་གཉིས་མཇུག་མས་གཡས་གཡོན་ནས་བརྟེན་པ་གསལ་བཏབ། རང་གི་ཤེས་པ་དབུས་ཀྱི་ཧཱུྃ་ཡིག་དང་དབྱེར་མེད་དུ་བྱས་ནས་སྤྱི་བོ་ཚངས་བུག་གི་བང་གྱི་དབུ་མའི་ནང་མར་མེ་བཏེག་པ་བཞིན་གསལ་སིང་ངེ་མཐོང་བར་མོས། ཚངས་བུག་གི་ནང་ན་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟས་པས་བཀག་པར་སྒྲེ་མ། དེ་ནས་རླུང་ཕྱིར་འགྲོ་བ་ན་སྙིང་གའི་ཡི་གེ་ཐམས་ཅད་མགོ་གྱེན་དུ་བལྟ་བ་དང་མཉམ་དུ་སྔར་གྱི་ཡི་གེ་བརྩེགས་པའི་རིམ་པ་དེ་འགྱུར་ནས་སྔར་འོག་ན་གནས་པའི་ཀ་ཡིག་སྔོན་དུ་འགྲོ། དེའི་རྗེས་སུ་འོག་གི་ཡུཾ་ཡིག་གཉིས། དེའི་རྗེས་སུ་དབུས་ཀྱི་ཧཱུྃ། དེའི་རྗེས་སུ་སྟེང་གི་ཡུཾ་ཡིག་གཉིས། དེའི་རྗེས་སུ་སྟེང་ག་ཧི་


JLD006_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གཉིས་འགྲོ་བའི་ཚུལ་གྱིས་རླུང་གིས་མདངས་ནས། ཚངས་བུག་གི་ཧཾ་ཡིག་ལ་རེག་པ་ཙམ་དུ་ཐལ་མར་འགྲོ་བར་སྒོམ། རླུང་ནང་དུ་འཇུག་པ་ན་ཡི་གེ་རྣམས་མགོ་མཇུག་བསྒྱུར་ནས་སྔར་སྙིང་གར་གནས་པའི་རིམ་པ་བཞིན་རུ་བྱས་ཏེ། རླུང་ཤེས་ཐུར་དུ་འདས་ནས་སྙིང་གའི་རྩ་འཁོར་གྱི་དབུས་སུ་འོངས། དེ་ལཏ་འབྱུང་འཇུག་དང་བསྟུན་ནས་སྟེང་འོག་ཏུ་འགྲོ་འོང་བྱེད་པ་བར་མ་ཆད་པ་ཅི་ཙམ་ནུས་ནུས་ཀྱི་བར་སྒོམ། སྤྱི་གཙུག་ཟ་བ་དང་འཕྲིན་པ་སོགས་བྱུང་ན་ལེགས་པོ་འབྱོངས་པ་ཡིན་པས། ནུས་པ་མི་ཉམས་ཤིང་བརྟན་པ་ཐོབ་པའི་ཕྱིར་དེ་ནས་ཀྱང་རྒྱུན་ལྡན་དུ་སྒོམ་དགོས་སོ། གོང་གི་ཡི་གེ་རྣམས་ཚང་པ་སྒོམ་མ་ནུས་ན་སྙིང་གའི་དབུས་སུ་ཧཱུྃ་ཡིག་གཅིག་པུ་སྒོམ། དེ་དང་ཤེས་པ་བསྲེས་ནས་སྔར་ལྟར་སྦྱོང་བ་ཡིན་ནོ། ལས་ལ་སྦྱོར་བ་ནི། དུས་ལ་བབ་པའི་ཚེ་ལུས་ལོངས་སྤྱོད་ལ་ཆགས་ཞེན་སྤངས། སྤྱི་གཙུག་གི་ཧཾ་ཡིག་གསལ། སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུ་སྒོམ། གསོལ་བ་དྲག་ཏུ་བཏབ། རང་གི་ཤེས་པ་ཧཱུྃ་དང་བསྲེས། ཧིཀ་ཉེར་གཅིག་བརྗོད་པ་དང་ཤེས་པ་ཧཱུྃ་དང་བསྲེས་པ་དེ་དབུ་མའི་ནང་ནས་གྱེན་དུ་སོང་སྟེ། ཚངས་བུག་སྐང་ཁུང་ཁ་ཕྱེ་བ་འདྲ་བ་དེ་ནས་ཐལ་མར་ཐོན་ཏེ་བླ་མའི་ཐུགས་ཀར་ཐིམ་པས། ཆོས་སྐུའི་ངང་དུ་དབྱེར་མེད་དུ་འདྲེས་པར་སྒོམ། དེ་ལྟར་བྱས་པས་མཁའ་སྤྱོད་ལ་སོགས་པའི་གནས་སུ་འགྲོ་བར་གདོན་མི་ཟའོ་


JLD006_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བློ་མཆོག་ཏུ་གྱུར་པས་ནི་རིགས་དྲུག་གི་གནས་སོ་སོར་འཕོ་བའི་སྒོ་དགུར་ཡི་གེ་བཀོང་ནས། འགོག་པའི་རྣལ་འབྱོར་གྱིས་སྒོ་དེ་དག་ནས་རྒྱུ་བའི་རླུང་རེངས་པར་བྱེད་པ་དང་། ལྟེ་བར་བུམ་པ་ཅན་གྱི་རྣལ་འབྱོར་གྱིས་རླུང་དྷཱུ་ཏཱིར་འཇུག་པ་ལ་འབད་ནས། དེའི་རྗེས་སུ་ལྟེ་བའི་བུམ་པ་ཅན་གྱི་རླུང་དྷཱུ་ཏཱིར་ཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ལས་ལྡང་བར་རྩོམ་པ་ན། དྷཱུ་ཏཱིའི་དབུས་ཀྱི་གཏུམ་མོའི་མེར་ཤིན་ཏུ་ཕྲ་ཞིང་རྣོ་བ་གྱེན་དུ་སོང་སྟེ། སྙིང་གའི་དྷཱུ་ཏཱིའི་ནང་གི་ཡི་གེ་རྣམས་ལ་ཕོག་པས་ཡི་གེ་རྣམས་སྔར་བཤད་པ་བཞིན་མགོ་གྱེན་དུ་ལྡོག་པ་དང་མཉམ་དུ་སྙིང་གའི་རྩ་འདབ་རྣམས་གདུགས་ཁ་སྦུབ་པ་ལྟ་བུའི་དབྱིངས་སུ་ཡོད་པ་དེ་གྱེན་དུ་ལྡོག་ནས། གདུགས་ཁ་གྱེན་དུ་བསྟན་པ་ལྟ་བུར་སྒོ་མ་ཞིང་། ཡི་གེ་རྣམས་ཐུར་དུ་བབས་ཏེ་སྙིང་གར་སླེབ་མ་ཐག་སྡང་བཞིན་རྩ་འང་བ་ཁ་ཟུང་བལྟས་སུ་སོང་བར་སྒོམ་པ་ཡིན་ནོ། སྒོ་དགུའི་ཡི་གེ་འགོད་ཚུལ་ཁྲིད་ཡིག་ཆེན་མོ་གསེར་གྱི་སྒོ་འབྱེད་དུ་མཛད་པ་ལྟར་ཡིན་ཞིང་། ཆོས་རྗེ་ཤཱ་ཀ་ཡེས་པ་ལ་གནང་བའི་ཡིག་ཆུང་དུ་སྟེང་འོག་ཏུ་ཡུཾ་ཡིག་རེ་རེ་ལས་མ་གསུངས་ཤིང་། ཡི་གེ་འགའ་ཞིག་མགོ་གྱེན་བསྟན་དང་། ཁ་དོག་དཀར་པོ་མཛད་ཀྱང་ཀྱིས་ཁྲིད་ཡིག་ཆེན་མོར་སྔར་བཞིན་དུ་མཛད་པ། མཁས་གྲུབ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པ་དང་། ཇོ་གདན་བསོད་ནམས་ལྷུན་གྲུབ་ནས་བརྒྱུད་པ་གཉིས་ཀར་ཡི་གེ་བདུན་རེ་དང་། འགོད་ཚུལ་སྔར་ལྟར་མཛད་


JLD006_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞིང་། ཡིག་ཆང་མི་གསལ་བ་བླ་མས་བསྟན་དགོས་པའི་ཞལ་ཤེས་ནི་རྩ་འཁོར་ལྡོག་པ་དང་། ཡི་གེ་ལྡོག་པའི་ཚུལ་ཡིན་ལ། རྩ་འཁོར་ལྡོག་པའི་ཚུལ་ནི། གདུགས་ཕྱི་ནང་བསྒྱུར་བ་བཞིན་བླ་འོག་བསྒྱུར་བའི་མིན་གྱིས། དམིགས་པ་སྔར་བཞིན་བྱས་པ་ན་རྩ་འཁོར་གྱི་ལྟེ་བ་ལ་འོག་ནས་འོང་བའི་རླུང་པོག་པའི་ཤུགས་ཀྱིས་དར་གྱི་ཤམ་བུ་གྱེན་དུ་གཏེགས་པ་བཞིན་བསྒོམ་པ་ཡིན་ལ། འཆི་བའི་དུས་སུ་འང་སྙིང་གར་རླུང་འདུས་པ་ན་རྩ་འདབ་གྱེན་ལ་ཕྱོགས་ཚུལ་དེ་བཞིན་དུ་འོང་བ་ཡིན་ནོ། ཡི་གེ་ལྡོག་པའི་ཚུལ་ནི། དབྱུག་བ་མགོ་མཇུག་བསྒྱུར་བ་ལྟར་སོང་བར་སྒོམ་པ་དང་། ཁ་ཅིག་ཐང་སྐུའི་ཞལ་ཁེབས་བསྒྲིལ་བ་ལྟར་འོག་ནས་རིམ་བཞིན་པ་སྒྲིལ་ནས་སྟེང་འོག་བསྒྱུར་བར་སྒོམ་པ་རྣམས་ནི་དོན་མ་གོ་བར་བློས་བཏགས་ཀྱིས་ཚོད་འཇོག་པ་ཡིན་པས་མི་རུང་ངོ་། དེས་ན་ཡི་གེ་དེ་དག་གི་ཕྱི་རོལ་དུ་རླུང་ཕོག་པས་ཞྭ་རླུང་གིས་ཁྱེར་བ་ལྟར་སོང་བ་མ་ཡིན་གྱི། དྷཱུ་ཏཱིའི་ནང་ནས་གྱེན་དུ་འོངས་བའི་རླུང་དེ་ཡི་གེ་དེ་དག་གི་ནང་དུ་ཞུགས་པས་རེ་རེ་ཞིང་ཕྱི་ནང་ལོག་སྟེ་རླུང་དང་ལྷན་ཅིག་ཏུ་སྟེང་དུ་སོང་བས། དར་གྱི་སྦུ་གུའི་ནང་དུ་དབྱུག་པ་བརྫངས་ནས་ཕྱི་ནང་ལོག་པ་ན་འོག་ན་གང་ཡོད་པ་དེ་དབྱུག་པའི་རྩེ་ལ་བླངས་ཏེ་སྟེང་དུ་འོང་ལ། སྔར་སྟེང་ན་གང་ཡོད་པ་དེ་དག་འོག་མར་འགྱུར་བ་བཞིན་ནོ། དེ་བཞིན་དུ་འོག་ཏུ་འཇུག་པ་ནའང་རླུང་སྣ་བུག་


JLD006_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནང་དུ་འཇུག་པ་དང་། རླུང་གིས་ཀ་ཡིག་གི་རྩ་ནས་སྔར་བཞིན་ལྡོག་པས་ཀ་ཡིག་ཕྱི་ནང་ལོག་པ་བཞིན་མགོ་ཐུར་དུ་བསྟན་ནས་རླུང་གིས་རྩེ་ལ་སྔོན་དུ་ཁྱེར་ཏེ། གཞན་རྣམས་རེ་རེ་ནས་ལྡོག་པས་སྙིང་གར་བཀོད་པའི་རིམ་པ་བཞིན་བྱས་ནས་སྙིང་གར་སླེབ་པ་ན་དེའི་ཤུགས་ཀྱིས་རྩ་འདབ་རྣམས་ཀྱང་ཁ་ཐུར་དུ་ལྟ་བ་ཡིན་ནོ། བླ་མའི་མན་ངག་ལས་ཤེས་དགོས་པ་འདི་རྣམས་མ་གཏོགས་ཡིག་ཆར་གསལ་བ་ཁོ་ན་ཡིན་གྱི། འདི་དག་ལས་གཞན་པའི་མན་ངག་གཞན་གྱི་ཁྲིད་ལུགས་སྣ་རེ་ཙམ་ཐོང་བ་དང་ཐོས་པ་འདིར་བསྲེ་བ་དང་། ཕོ་ཚོད་ཀྱིས་སྦྱར་བའི་ཡི་གེ་མང་དུ་བྱས་ནས་རྗེ་ཙོང་ཁ་པའི་ཞལ་ཤེས་ཡིན་ནོ་ཞེས་སྨ་བ་ནི་རྙེད་པ་དང་བཀུར་སྟི་སྒྲུབ་པའི་ཕྱིར་ལུགས་མི་མཐུན་པ་རྣམས་གཅིག་ཏུ་བསྲེས་པས། འཕྱོན་མའི་བུ་ལྟ་བུའི་གདམས་ངག་གིས་གཞན་རྣམས་སླུ་བར་བྱེད་པ་ཡིན་པས། བློ་གྲོས་དང་ལྡན་པ་ཡང་དག་པའི་ལམ་དོན་དུ་གཉེར་བ་རྣམས་ཀྱིས་རིང་དུ་དོར་ཏེ་ལམ་བཟང་པོ་ལ་འཇུག་པར་བྱའོ། མན་ངག་ཡིད་བཞིན་ནོར་བུ་འདི། དད་པའི་རྒྱལ་ཙམཧན་རྩེར་བཀོད་པས། རྡོ་རྗེའི་ཚེ་ལ་དབང་ཐོབ་ནས། བསམ་བཞིན་དག་པའི་གནས་བགྲོད་ཤོག །གཅུང་ཆོས་རྒྱལ་བའི་ཟིན་བྲིས་སོ། བཅུ་བཞི་པ་སོགས་འདོན་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། རྗེ་བཙུན་བླ་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་


JLD006_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། དངོས་གྲུབ་རྒྱ་མཚོ་འདུ་བར་མཛོད། ལུས་དབེན་གྱི་སྐབས་སུ་དམིགས་རྟེན་གསལ་བོ་བྱུང་ཡང་། རླུང་ཇི་ལྟ་བ་བཞིན་འདུ་བ་འདོད་ན་རྩའི་སྦུབས་ཐམས་ཅད་ནས་རླུང་སྤོས་རིང་གི་དུད་པའི་རྣམ་པ་ཅན། སྟོད་སྨད་ཐམས་ཅད་ནས་དམིགས་པས་བཀུག་སྟེ། དམིགས་རྟེན་ལ་ཐིམ་པ་ཡང་ཡང་བྱས་པས་མྱུར་དུ་གནས་དེར་འདུས་ནས་རྟགས་རྣམས་འཚེར་བའི་རླུང་གི་བོགས་འདོན་ཁྱད་པར་བ་ཡིན་ནོ། ལུས་དབེན་སོགས་གང་གི་སྐབས་སུ་འང་སེམས་རྨུགས་པ་དང་ཕྱིར་བ་སོགས་བྱུང་ན་བྱའི་ནང་ཐམས་ཅད་དང་ཁྱད་པར་དབུ་མའི་ནང་དུ་སྒྲོན་མེ་ཤིན་ཏུ་གསལ་བའི་འོད་ཀྱིས་ཁྱབ་པ་ལྟ་བུར་འཚེར་ཞིང་དྭངས་པ་བསྒོམ་པར་བྱའོ། འདི་གསལ་བའི་བོགས་འདོན་ཡིན་ནོ། དམིགས་པ་གསལ་ཡང་བདེ་ཉམས་ཆུང་ན་རྩའི་ནང་ཐམས་ཅད་བྱང་སེམས་སྐར་མ་ཤར་བ་ལྟ་བུས་གང་བ། བདེ་བ་ཆེན་པོའི་ངོ་བོ་ཞུ་བ་རྣམས་དབུ་མ་ལ་ཕྱོགས་པར་རྒྱུག་པ། ཁྱད་པར་སྤྱི་བོའི་ཧཾ་ཞུ་བ་དཀའ་བཞིའི་རིམ་པས་འོངས་པ་དང་འགྲོགས་ཏེ་ནོར་བུའི་རྩེར་སླེབས་པས། ལྷན་ཅིག་སྐྱེས་པའི་དགའ་བ་མྱོང་བར་བསམ་པ་ནི་རླུང་འདུ་ཞིང་བདེ་བའི་བོགས་འདོན་པ་ཡིན་ནོ། གཉིས་པ་ནི། གཤེད་སྐོར་སོགས་རྫོགས་རིམ་གཞན་གྱི་སྐབས་སུ་འང་། དམིགས་རྟེན་ཐིག་ལེ་


JLD006_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གསལ་བཏབ་ནས་དེའི་རྗེས་སུ་སེམས་ཐིག་ལེ་ལ་ཐིམ་པའི་ཚུལ་གྱིས་བཅུག་ནས། འཛིན་པའི་ཚུལ་ལ་མཁས་པར་བྱས་རེ་རྩེ་གཅིག་ཏུ་བསྒོམས་པས་རྟགས་བ་ཞི་དང་སྟོང་པ་བཞི་འཆར་ཞིང་དེ་དགན་དུས་མཉམ་དུ་དགའ་བ་བཞི་ཡང་འདི་དག་གི་སྐབས་སུ་སྟོབས་ཆེ་བར་འགྱུར་མོད། འོང་ཀྱང་དམིགས་པ་གསལ་ཉམས་ཆུང་བ་དང་། བདེ་བ་ཤས་ཆུང་བ་བོགས་འདོན་པའི་ཞལ་ཤེས་ནི། རང་ཡི་དམ་དུ་གསལ་བཏབ་པའི་ལྟེ་བ་དང་། གསང་གནས་སོགས་སུ་དམིགས་པ་གཏོད་པ་དང་། ཕྲ་མོ་བསྒོམ་པ་སོགས་རང་རང་གི་དམིགས་རྟེན་འོད་ཟེར་འཕྲོ་བ་འཚེར་བ་མེ་འབར་ལ་ཁད་པའི་རྣམ་པར་བསྒོམས་ལ། དེ་ནས་ཡུམ་གྱི་དྷཱུ་ཏཱིའི་ནང་ནས་རླུང་ཤིན་ཏུ་ཕ་བ་རྟ་རྔ་ལྟ་བུ་ཞིག་སྔོ་ཁྱུག་སྟེ་བྱུང་བས་དམིགས་རྟེན་ལ་ཕོག་པས། དམིགས་རྟེན་དེ་ལས་མེ་ལྕེ་ཕྲ་མོ་ཤིན་ཏུ་འཚེར་བ་ཞིག་ཐོན་པའི་འོད་ཟེར་དྷཱུ་ཏཱིའི་ནང་ནས་ཡར་སོང་བས་ལུས་ཀྱི་ནང་དྷཱུ་ཏཱིའི་རྩ་འཁོར་ཐམས་ཅད་དང་དེ་ལས་གྱེས་པའི་རྩ་སོ་སོའི་ནང་ཐམས་ཅད་མུན་ཁུང་དུ་མར་མེ་བཏེག་པ་བཞིན་དུ་གསལ་བར་བསྒོམས་པས། དམིགས་པ་ཤིན་ཏུ་གསལ་ཉམས་ཆེ་བར་འགྱུར། བདེ་བ་ཆེན་པོ་བསྐྱེད་པའི་བོགས་འདོན་ནི་གཞན་སྔར་ལྟར་འདྲ་བ་ལ་ཡུམ་གྱི་གསང་གནས་ནས་རླུང་གོང་ལྟར་བྱུང་ནས། རང་གང་དུ་དམིགས་པ་གཏད་པའི་ཐིག་ལེ་དང་ཡི་གེ་སོགས་མེ་འབར་ལ་ཁད་པ་ཤིན་ཏུ་


JLD006_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

འཚེར་བ་དེ་ཕོག་ནས། དེ་ལས་མེ་ལྕེ་ཕྲ་མོ་ཤིན་ཏུ་རྣོ་བ་ཞིག་རྦད་ནས་དབུ་མའི་ནང་ནས་ཡར་སོང་བའི་འོད་ཀྱིས་རྩ་སྦུབས་ཐམས་ཅད་གསལ་བའི་ནང་བྱིན་པོ་ནས་ཐིག་ལེ་དཀར་པོ་སྲན་མ་ཙམ་དང་། ཡུངས་ཀར་ཙམ་གནས་པ་ཐམས་ཅད་ནས་སྐར་མ་དང་ཟླ་བ་ཤར་བ་བཞིན་སོང་སྟེ་མཐོང་བས་བདེ་མེར་བྱུང་བར་བསམས་ཤིང་། མེ་ཕྲ་མོ་དེ་སྐར་མདའ་འཕངས་པ་བཞིན་དུ་དབུ་མའི་ནང་ནས་གྱེན་དུ་སོང་སྟེ་སྤྱི་བོའི་རྩ་འཁོར་གྱི་དབུས་ཧཾ་ཡིག་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་མགོ་ཐུར་དུ་བལྟ་བ་དེ་ལ་ཕོག་པས། འོ་རྒྱལ་ཕུག་པ་བཞིན་དེའི་ནང་དུ་ཐིམ་སོང་ནས་ཧཾ་ཡིག་ལས་ཀྱང་བྱང་སེམས་དཀར་པོ་ཤར་ར་ར་བབས་པས། དམིགས་རྟེན་ཤིན་ཏུ་འཚེར་བ་དེ་ལ་ཕོག་པས་བདེ་མེར་བྱུང་བ་དང་། མེའི་སྟེང་ན་མར་གྱི་ཐིག་པ་ལྷུང་བ་བཞིན་དུ་སླར་མེ་འབར་བའི་སྟེང་དུ་བྱང་སེམས་བབ་པས་བདེ་བ་མི་བཟོད་པ་འདྲ་བ་སྐྱེས་པར་སྒོམ་ཞིང་། འཛག་པའི་གེགས་བྱུང་གི་དོགས་པ་མེད་པ་འདི་ལྟར་ཡང་ཡང་སྒོམ་པ་དང་། དམིགས་རྟེན་རྣམས་ཀྱང་བྱང་སེམས་འཛག་ལ་ཁད་པའི་རྣམ་པར་སྒོམ། རྗེ་རིན་པོ་ཆེའི་ཞལ་གྱི་གདམས་པ་མཁས་གྲུབ་རྗེས་ཟིན་བྲིས་མཛད་པའོ། ༈ བཅོ་ལྔ་པ་གེགས་སེལ་གཉིས། རླུང་གི་གེགས་སེལ། ཐིག་ལེའི་གེགས་སེལ་བའོ། དང་པོ་ལ་གསུམ། ལུས་དབེན་གྱི་གེགས་སེལ། དག་དབེན་


JLD006_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གེགས་སེལ། དབེན་གསུམ་བསྐྱེད་རིམ་དང་བཅས་པའི་གེགས་སེལ་ལོ། དང་པོ་ནི། རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དང་། དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། དངོས་གྲུབ་རྒྱ་མཚོ་འདུ་བར་མཛོད། ལུས་དབེན་གྱི་སྐབས་སུ་དམིགས་པ་གསལ་བོ་བྱུང་ནའང་རླུང་ཇི་བཞིན་འདུ་མ་འདོད་ན། གསང་གནས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་རྩ་འདབ་རྣམས་དབུ་མ་ལ་ཟུག་པའི་ནང་ནས་རླུང་རྣམས་ན་བུག་བྱུག་པ་ལྟར་གསྡུས་ནས་འོག་སྒོའི་ཕྲ་མོ་ལ་ཐིམ་ཞིང་། དྷཱུ་ཏཱིའི་མཏ་སྣ་ནས་དང་རོ་རྐྱང་གི་ནང་ནས་ཀྱང་དེ་ལྟར་བྱུང་སྟེ་ཐིམ་པས། རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་ཡང་ཡང་བྱས་པས་མྱུང་དུ་གནས་དེར་འདུས་ནས་རྟགས་རྣམས་འཆར་བས། འདིའི་བོགས་འདོན་ཅིང་གེགས་སེལ་བར་ཡང་འགྲོ། དེ་ལྟར་བསྒོམས་པས་རླུང་འདུས་ཀྱང་ལུས་ཀྱི་གནས་ཡང་རུང་བར་ནད་བསྐྱེད་ན། གང་ནས་དེ་ནས་ནད་ཁ་དོག་སྔོ་དམར་གྱི་རྣམ་པ་ཅན་རླུང་དང་ལྷན་ཅིག་ཏུ་བཀུག་སྟེ། དམིགས་རྟེན་ལ་ཐིམ་པར་བྱས་ན་ནད་སེལ་ཞིང་རླུང་འདུ་སྒྲ་རུ་འགྲོ། རླུང་ཕྱིར་ཐོན་པའི་རྣམ་པ་བྱུང་བ་དང་། ནད་བསྐྱེད་ས་ཀུན་ལ་བསྡུས་གཞིག་བྱ། རླུང་ནང་དུ་འཇུག་པའི་རྟོགས་བྱུང་ན་སྦྱོར་བ་འཇམ་ལ་དམིགས་པ་རྣོ་བར་བྱས་ལ་སྐྱོང་། རླུང་པགས་མཚམས་སུ་ཞུགས་ཏེ་ཁོལ་བུར་སྐྲོངས་ནས་ནན། གང་ན་ས་དེར་བདེ་བའི་ངོ་བོར་བལྟ་བ་དང་། གྲོགས་གཅིག་


JLD006_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་གཉིས་ཀས་ནས་དེར་སེམས་བཟུང་ལ་གཉིས་ཀས་རླུང་དུས་མཉམ་དུ་བཟུང་ལ་གྲོགས་ཀྱིས་ནས་དེར་ཉེད། རླུང་མི་ཐུབ་ནས་དུས་མཉམ་དུ་བཏང་ངོ་། གཉིས་པ་ནི། སྙིང་གའི་ཟུག་དེ་སྲོག་འཛིན་སྙིང་གར་རེངས་པ་ཤས་ཆེ་བས། གོ་ལྡོག་པའི་སྦྱོར་བ་ཞེས་བྱ་བ་སྙིང་མགོ་ཐུར་དུ་བསྟན་ནས་ཡོད་པ་དེ་བསམ་པས་གྱེན་དུ་བསླངས་ལ། སྙིང་པདྨ་ཁ་ཕྱེ་བ་ལྟར་ཤག་གིས་གྱིས་བར་བསམས་ལ། ཆུ་སེར་དང་རླུང་ཐོན་པར་བསམ། དེ་ནས་ཤེས་པ་མི་བཞུར་བར་ཆ་ལེ་བཞག་དེས་སེལ། དེས་མ་ཞིན་བསྲེག་པའི་སྦྱོར་བ་བྱ་བ་སྟེ། ལྟེ་བར་གཏུམ་མོའི་ཡེ་ཤེས་ཀྱི་མེ་སྦར་ཏེ། དེ་ཡང་ཆེ་བ་ཚ་བ་བསྲེག་པའི་རྣམ་པ་འབར་བ་དེས་ལུས་ཐམས་གང་སྟེ་སྙིང་ཐལ་བར་བུན་གྱིས་ཚིག་པར་བསམས་ལ། ཐུན་ཅི་རིགས་པར་བཞག་པས་ཞིའོ། དེས་མ་སེལ་སྙིང་ཕྱུང་ཞིང་སྦ་བའི་སྦྱོར་བ་བྱ་སྟེ། སྙིང་སྟོག་རྩ་དང་བཅས་པ་དམར་ཅར་གྱིས་ཕྱུང་ནས་ནམ་མཁའི་མཐར་བསྐྱུར་བའམ། ས་འོག་རིམ་པ་དགུའི་འོག་ཏུ་སྦ་བར་བསམས་པས་ངེས་པར་འཕྲེལ་དུ་ཞིའོ། ཨོལ་སྟོང་ན་བ་དེ་གྱེན་རྒྱུ་མགྲིན་པར་རེངས་པ་ཤས་ཆེ་བས་གཙོ་བོ་གསུམ་གྱི་སྦྱོར་བ་བྱ་སྟེ། མགྲིན་པ་ཉི་མར་བསྟན་ལ་གང་ན་པའི་ཐད་དེར་ལག་པ་མེའམ་ཉི་མ་ལ་བསྲོལ་ལ་དེས་མནན་ཟིན་དལ་གྱས་བཅག དེས་སྐྲངས་པོ་དངོས་སུ་ཞི་བ་དང་། དྲོད་མ་སྐྱེས་པ་དང་། ཆུ་སེར་མ་གཡོས་པ་སྟེ།


JLD006_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དེ་གསུམ་ལས་འདས་ན་སྐྱོན་དུ་འགྱུར་རོ། དེས་བཞིའོ། ཕོ་བ་རླུང་གིས་ཁེངས་པ་ལྟ་བུ་མ་བདེ་བ་ཡོད་ན་མཉམ་གནས་ལྟ་བར་རེངས་བཤས་ཆེ་བས་དེ་བསལ་བ་ནི། ཤིང་རིང་གི་རྟ་ལ་བསྐྱོན་པར་བྱ་སྟེ། རྩིག་པ་གཉིས་ཀྱི་བར་དུ་ཤིང་རིང་པོ་ལྡོམ་པ་ཞིག་བཏང་ལ། དེ་ལ་རས་སམ་སྣམ་བུ་ཞིག་གིས་དཀྲིས་ཏེ། གསུས་པ་ལྷན་གྱིས་གླན་ཏེ་རྐང་ལག་བཞི་ཐངས་ཀྱིས་བརྒྱངས་ལ་དྲག་ཏུ་ཕར་བསྟན་ཚུར་བསྟན་བྱ་ཞིང་། གསུམ་པ་ཤིང་གིས་མཉེ། དེ་ནས་གསུམ་པ་ལ་དྲིལ་པ་ཡང་ཡང་བྱ། དེ་གཉིས་སྤེལ་མར་བྱ། རླུང་ཁ་ནང་ནས་སྒྲ་བཅས་སུ་བཏང་བའམ་ཤུགས་བསྐྱེད་དེ་བཏང་བས་ཐུན་གསུམ་མམ་ཕྱེད་གཉིས་ཀྱིས་རྐྱེན་ལས་གྲོལ་ལོ། དེའི་ཚེ་ཁ་ནས་ལྦུ་བའམ་སྣ་ནས་ཆུ་སྔོན་པོ་ཞིག་འབྱུང་བའམ་མ་བྱུང་ཡང་ཞིའོ། ངོ་སྟོད་སྦོས་པ་དེ་ལ་ལུས་གཅེར་སྱི་སྦྱོར་བ་ཞེས་པ་ཙོག་བུར་ལག་པ་གཉིས་ཀྱིས་འཁྱུད་དེན་པའི་ཕྱོགས་འོག་ཏུ་བཅུག་སྟེ་སྤྲིད་བེར་གྱིས་བཏང་། དེ་ནས་འོག་རླུང་པ་སྐུམ། དེ་ནས་སྟེང་རླུང་མནན་ལ་ཁ་སྦྱར། དེ་ནས་ཡང་ལུས་སྔར་ལྟར་བྱས་ནས་མིན་པ་ངོས་འོག་ཏུ་བཅུག་ནས་རླུང་ཁ་སྦྱར། དེ་ལྟར་རེ་མོས་བྱས་པས་ཞིའོ། གསུམ་པ་ནི། རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། དམིགས་པ་བསྒོམ་པའི་སྐབས་སུ་མཁྲིས་པ་ལ་སོགས་པའི་ཚ་བའི་སྐྱོན་གྱིས་མགོ་བོ་ན་བར་གྱུར་ན། རང་གི་ཐོད་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་དཀར་པོ་བསིལ་བའི་རང་བཞིན་ཅན། དེའི་


JLD006_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཕྱོགས་ཀྱི་དབུས་སུ་ཨོཾ་ཡིག་དཀར་པོ་མགོ་ཐུར་ཨུ་བལྟ་བ་འོད་ཟེར་དཀར་པོ་དང་བདུད་རྩིའི་རྒྱུན་དཀར་པོ་བསིལ་བའི་རང་བཞིན་ཅན་བབས་པ་དེ་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་དཀར་པོ་འཕྲོས་པས། རང་གི་ལུས་ཀྱི་ནང་ཐམས་ཅད་གང་སྟེ་འོད་ཟེར་རྣམས་ཀྱིས་བསིལ་སངས་གྱི་སོང་བ་དང་བདུད་རྩིའི་རྒྱུན་རྣམས་ཀྱིས་ལུས་བདེ་མེར་ཏེ་སོང་བར་སྒོམ་མོ། དེ་ལྟར་བསྒོམས་པས་མགོ་ཡོན་བ་ལ་སོགས་པའི་གེགས་རྣམས་སེལ་ཞིང། ལུས་ལ་བདེ་བ་སྐྱེ་བའི་གེགས་སེལ་བ་དང་། དམིགས་པ་སོགས་ལ་བོགས་ཐོན་པ་དུས་མཉམ་དུ་འབྱུང་ངོ་། ཡང་འོག་སྒོའི་ཕྲ་ཐིག་དང་སྙིང་གར་མི་ཤིགས་པ་ལ་སོགས་པ་སྒོམ་པའི་སྐབས་སུ་སྟོད་སྨད་དུ་རླུང་ལ་སོགས་པའི་རྐྱེན་གྱིས་ནད་གཟེར་དྲག་པོའི་ནང་བྱུང་ན། གང་ནས་དེ་ཉིད་ནས་རླུང་དང་བསྡོངས་ཏེ་སྤོས་རིང་གི་དུད་པ་བཞིན་སྔོ་ཕྱུར་གྱིས་བྱུང་ནས་འོག་སྒོའི་ཕྲ་ཐིག་སྒོམ་པའི་སྐབས་ཡིན་ན་འོག་སྒོའི་ཕྲ་མོ་ལ་ཐིམ། མི་ཤིགས་པའི་ཐིག་ལེ་སྒོམ་པའི་སྐབས་ཡིན་ན་མི་ཤིགས་པའི་ཐིག་ལེ་ལ་ཡང་ཡང་ཐིམ་པ་བསམ་པར་བྱ་ཞིང་། གང་ན་བའི་གནས་དེར་བདེ་བའི་རང་བཞིན་དུ་མེར་གྱིས་སོང་བར་སྒོམ་མོ། ལུས་ཀྱི་སྟོད་སྨད་གང་དུ་ཟུག་གཟེར་གློ་བུར་དུ་བྱུང་ཡང་འདི་ལྟར་མན་མང་དུ་བསྒོམས་པས་གེགས་སེལ་ཞིང་དམིགས་པ་བོགས་ཐོན་པར་འགྱུར་རོ། རྫོགས་


JLD006_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་རླུང་སྡུད་པའི་སྐབས་སུ་གེགས་སེལ་ཚུལ་འདི་ལྟར་བྱས་ན་གེགས་སེལ་དང་དམིགས་པ་སོགས་ལ་བོགས་ཐོན་པ་མཉམ་དུ་འབྱུང་ངོ་། དེ་བཞིན་མིན་པར་རྫོགས་རིམ་གྱི་རླུང་སྡུད་པའི་གེགས་སེལ་རོལ་སྟོད་ན་བ་དང་མགོ་བོ་ན་བ་སོགས་བྱུང་བའི་ཚེ། མགོ་བོ་རོ་སྟོད་ཁྲོལ་ཚབས་ལྟ་བུར་བསྒོམས་ནས་ནད་རྣམས་རྣག་ཁྲག་གི་རྣམ་པར་ཕྱིར་ལ་ཐོན་པར་སྒོམ་པས་ནི། ནད་ཞི་ཐུབ་པ་ཙམ་བྱུང་ཡང་སྔར་རླུང་ནང་དུ་འབད་པས་བསྡུས་པ་རྣམས་ཕྱིར་ལ་ཐོན་པར་འགྲོ་བས། དུས་ཕྱིས་རླུང་སྡུད་པ་ཤིན་ཏུ་དཀར་བར་སོང་ནས་རླུང་འདུ་མི་ཐུབ་པ་དེ་ལྟ་བུའི་གེགས་སེལ་ནི་སྤང་བར་བྱའོ། ཡང་རྫོགས་རིམ་སྒོམ་པའི་སྐབས་སུ་རླུང་འདུ་མ་ཐུབ་པར་མགོ་བོ་གཟེར་ལ་འཁྱོམ་པ་ལ་སོགས་པའི་ནད་བྱུང་བ་དང་། བརྒྱལ་བ་བོག་པ་ལ་སོགས་རླུང་ལ་བརྟེན་པའི་གེགས་མང་པོ་འབྱུང་བས་དེ་རྣམས་སེལ་བའི་ཐབས་ནི། རླུང་མཉམ་རྒྱུ་ནང་དུ་ངེས་ཅན་དུ་སོང་བའི་སྐབས་སུ་ལྟེ་བར་རླུང་ཞིག་བཟུང་ནས་མགྲིན་པར་བཙན་ཐབས་སུ་བརྒྱག་པ་ལག་ལེན་བཞིན་དུ་བྱེད་པ་ལན་འགའ་ཟུང་བྱས་པས། གོང་དུ་བཤད་པ་ལྟར་ཀྱི་གེགས་རྣམས་སེལ་བར་འགྱུར་ཞིང་། རླུང་ནང་དུ་འདུས་པའི་རྟགས་ཀྱི་མཐོང་སྣང་མང་པོ་འབྱུང་བར་སྣང་ངོ་། ཕྲ་མོ་སྒོམ་པའི་སྐབས་སུ་ཆུ་འགགས་པ་ལ་སོགས་པའི་ནད་བྱུང་ན་འོག་སྒོའི་རྡོར་བཟླས་བྱའོ། དེ་བཞིན་དུ་བྱས་པས་གེགས་སེལ་ཞིང་དམིགས་པ་བོགས་ཐོན་པར་འགྱུར།


JLD006_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐིག་ལེའི་གེགས་སེལ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། དང་པོ་ནི། བྱང་སེམས་འཛག་པ་བཙན་ཐབས་སུ་འགོག་པ་ནི། རྐང་བ་གཡོན་པའི་རྟིང་བས་རྡོ་རྗེའི་རྩ་བ་བསྡམས། ཤེས་པ་སྤྱི་བོའི་ཧཾ་ལས་གཏད། མིག་དང་ལྕེ་གྱེན་ལ་ལྡོག །རྒྱུ་མ་སྒལ་ཚིགས་ལ་སྦྱར། ལག་པ་གཉིས་སྙིང་གར་བསྣོལ། ཡན་ལག་གི་སོར་མོ་བསྐུམས། ངག་ཏུ་ཧཱུྃ་རིང་པོ་རྡུབ་པའི་ཚུལ་དུ་དྲག་ཏུ་བརྗོད། ཡང་གཅིག་ལ་སྟེར་རླུང་དྲག་ཏུ་མནན། འོག་རླུང་གློད་ལ་བཞག དཔེར་ན་རིལ་བ་ཞགས་ཚགས་ཅན་བཞིན་ནོ་གསུང་། རྨི་ལམ་དུ་འཛད་པ་མི། ཉིན་པར་སྲོག་ལ་བབ་ཀྱང་བྱང་སེམས་མི་འཆོང་བར་བྱ་སྙམ་པའི་འཕེན་པ་གལ་ཆེ་གསུང་། ཁྱད་པར་ཉལ་ཁའི་འཕེན་པ་དང་། རྡོ་རྗེ་རྐྱེན་དང་མི་འཕྲད་པར་བྱའོ། མཚོར་བར་འཛག་པ་ལ་ནི། བྱ་སྤྱོད་ནས་བཤད་པའི་སྲུང་སྐུད་ཀྱི་ཐབས་ཀྱིས་ཀྱང་ཐུབ་གསུང་ངོ་། འདི་ལ་སྐུ་མཆད་གཉིས་ཀྱི་ཟིན་བྲིས་གཉིས་སྣང་ཡང་ཕྱི་མ་ལྟར་བཀོད་པ་ཡིན། གཉིས་པ་ཐུན་མོང་མ་ཡིན་པའི་གེགས་སེལ་རྫོགས་རིམ་གྱི་ཁྲིད་ཡིག་ཆུང་བའི་མགོན་ཡོད་དོ། ༈ བཅུ་དྲུག་པ་རྣམ་གསུམ་རིགས་དབྱེའི་ཡིག་ཆུང་ལ། བསྡུས་རྒྱས་གཉིས་ལས། དང་པོ་ནི། རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། རྣམ་གསུམ་རིགས་དབྱེའི་གདམས་པ་ནི། བསྒོམས་པས་ལྷ་རང་གི་ཞལ་མཐོང་བ་དང་། རྩ་ནང་དུ་རླུང་ཞུགས་ནས་ལྷ་མཐོང་


JLD006_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། གདོད་གྱིས་སྤྲུལ་ནས་ལྟའི་གཟུགས་མཐོང་བ་དང་རིགས་གསུམ་འབྱུང་བས། རང་ཡིན་བརྟག་པ་ནི། ལུས་གནད་རྡོ་རྗེའི་སྐྱིལ་ཀྲུང་ལག་པ་མཉམ་བཞག་སོགས་རྣམ་སྣང་གི་ཆོས་བདུན་ལེགས་པར་བྱས་ཏེ། སྨིན་མཚམས་ཀྱི་ཁྲོ་བོའི་སྤྱན་དབུས་མ་ཡོད་པ། དབུ་མའི་ཡར་སྣའི་བུག་པའི་ཐད་དུ་མིག་གནིས་གྱེན་དུ་ལྟ་སྟངས་གཅིག་ཏུ་དྲིལ་ཏེ་དེ་གཉིས་ཀྱི་ཐད་ནས་ལྷ་མཐོང་བ་དེ་ལ་བལྟས་པས། དོན་གྱི་ལྟ་ཡིན་ན་རང་གི་ལྟ་དེ་ལ་ཆེ་ཆེར་བལྟས་པས་ཇེ་གསལ་དུ་འགྲོ་ལ། རྩ་སྒྲུང་ལ་བརྟེན་ནས་ལྷ་མཐོང་བ་ཡིན་ན་བལྟས་པས་བལྟས་པ་དེ་ཁ་རང་དུ་གནས་ཏེ་འགྱུར་ལྡོག་གི་མཐོང་བ་ཞིག་འོང་། གདོན་གྱིས་སྤྲུལ་པའི་ལྷ་གཟུགས་ཡིན་ན་བལྟས་པ་དང་གཏན་མེད་དུ་ཡལ་ནས་འགྲོ་བ་ཡིན། འདི་མཁས་གྲུབ་རྗེས་ཟིན་བྲིས་ཡིན། ༈ གཉིས་པ་རྒྱས་པ་ནི། ལམ་སྒོམ་པ་ཐམས་ཅད་ཀྱི་སྐབས་སུ་རང་རྒྱུད་ལ་ལྟས་བྱིན་གྱིས་བརླབ་པ་དང་། བསྒོམ་པའི་ཉམས་སྣང་དང་། གེགས་ཀྱི་བར་ཆད་ཀྱི་མཚན་མ་གསུམ་གྱི་རིགས་འདི་ལྟར་དབྱེ་བར་བྱ་སྟེ། ལྟ་སྒོམ་པ་དང་བཟླས་པ་ལ་སོགས་པའི་སྐབས་སུ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཚན་མ་ལ་སོགས་པ་བྱུང་ན། རྩ་ཨ་ཝ་དྷཱུ་ཏཱིའི་ཧར་སྣ་རང་གི་སྨིན་མཚམས་ཀྱི་དཀྱིལ་དབུས་ཁྲོ་བོ་རྣམས་ཀྱི་སྤྱན་དབུས་མ་འོངས་དེར་རག་དུང་གི་ཁ་ལྟར་གདངས་པ་ལ། མིག་གཉིས་དྲིལ་རེ་དྷཱུ་ཏཱིའི་ཡར་སྣ་ནས་མཚན་མ་གང་ཡིན་པ་དེ་ལ་བལྟས་པ་


JLD006_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམིགས་པ་བསྒོམས་པའི་སྟོབས་ཀྱི་ཉམས་ཡིན་ན་སྔར་ལས་ཤིན་ཏུ་གསལ་ཞིང་སྣུ་མ་ལ་འོད་དང་ལྡན་པར་འགྱུར་རོ། དེ་ལ་མ་ཆགས་པར་སྒྱུ་མ་ལྟ་བུར་རྒྱས་བཏབ་ལ་སྒོམ། འོད་ཟེར་སྣ་ལྔ་འཕྲོ་ཞིང་ཞིང་སྔར་ལྟར་དུ་གནས་ན་ལྷས་རང་རྒྱུད་བྱིན་གྱིས་རློབ་པའི་རྟགས་ཡིན་པས་རྡོ་རྗེ་བསྡུ་བའི་སྔགས་ངང་ཕྱག་རྒྱས་སྐུ་དེ་རང་ལ་ཐིམ་ཞིང་གསོལ་བ་བཏབ། དེ་ལ་བལྟས་པས་སྐུ་རྫོགས་པའི་མཚན་མ་མེ་འོང་ཉམས་ཤིང་སྔར་ཀྱི་དེ་ཡལ་ནས་འགྲོ་བར་སྣང་བ་བགེགས་གྱི་བར་ཆད་ཀྱི་མཚན་མ་ཡིན་པས་སྲུང་འཁོར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པས་བསྒོམ་ཞིང་། མཚམས་དམ་དུ་བཅད་པ་ཆོས་སྐྱོང་ལ་གཏོར་མ་ཕུལ། བསྐང་བཤགས་མང་དུ་བྱས་ལ། དགེ་སྦྱོང་སྔར་ལས་ཀྱང་འཇུར་དུ་གཏོར་བ་ཡིན་ནོ། སླར་ཡང་ཡང་ཡང་འོང་ན་སྔར་བྱས་ལ་བལྟས་པས་ཡལ་འགྲོ་བའི་འགོ་རྩོམ་པ་ན། རང་གི་སྙིང་གནས་ཁྲོ་བོ་གཤིན་རྗེ་གཤེད་འཇིག་རྟེན་གསུམ་ཟ་བར་ནུས་པ་སྐུ་ལས་མེ་འོད་འཕྲོ་བ་གྲི་གུག་དང་ཐོད་པ་འཛིན་པ་དུ་མ་སྤྲོས་ཏེ་ཆར་བབས་པ་བཞིན་དུ་དེ་ལ་བསྟིམ་པས་བྱ་སྒྲོ་མེས་ཚིག་པ་ལྟར་བསྲེགས་པར་བསམས་ལ་ཚར་བཅད། ཁྲོ་བོ་རྣམས་རང་ལ་བསྡུ། སྔར་ལྟར་སྲུང་འཁོར་བསྒོམ་ཞིང་དགེ་སྦྱོང་ལ་དྲིལ་བར་བྱའོ། དགེ་སྦྱོར་གང་གི་སྐབས་སུའང་མེད་དུ་མི་རུང་བའི་ཞལ་གྱིས་གདམས་པའོ། སྐུ་མཆེད་གཉིས་ཟིན་བྲིས་གནིས་


JLD006_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཡང་ཕྱི་མ་གསལ་ལ་རྒྱས་པར་སྣང་བས་བཀོད་དོ། མཚན་མ་སྔོན་མ་གཉིས་ཀྱི་ངོས་འཛིན་ལ་སྔ་ཕྱི་མི་འདྲ་བར་སྣང་ཡང་ཕྱི་མ་བཙན་ནོ། ༈ བཅུ་བདུན་པ་ཕྱག་རྒྱ་སྲོག་རྩོལ་བ་ལྔ། རྣལ་འབྱོར་བཞི་རིམ་ནས་གསུངས་ཚུལ། གསང་འདུས་རྒྱུད་འགྲེལ་ནས་གསུངས་ཚུལ། རྡོ་རྗེ་གུར་ནས་གསུངས་ཚུལ། བླ་མའི་མན་ངག་གིས་བསྟན་ཚུལ། དོན་བསྡུས་ཏེ་ཉམས་སུ་བླངས་པའོ། དང་པོ་ནི། བླ་མ་རྡོ་རྗེ་འཆང་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། འདིར་རྒྱུད་སྡེ་ནས་ལན་གཅིག་མ་ཡིན་པར་གསུངས་པའི་ཕྱག་རྒྱ་སྲོག་རྩོལ་གྱི་གནད་མཐར་ཐུག་པ། རྗེ་བཙུན་བླ་མའི་མན་ངག་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བའི་གནད་རྣམས་བརྗེད་བྱང་དུ་བྲི་བར་འཚལ་ན། བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་གནང་བ་མཛད་ནས་བདེ་བ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། དེ་ཡང་ལས་རྒྱ་ལ་བརྟེན་པའི་དགོས་པ་ནི། དེ་བསྟེན་པས་སྲོག་དབུ་མར་ཞུགས་ནས་ཡས་བབས་དང་མས་བརྟན་གྱི་དགའ་བསྐྱེད་པའི་ཆེད་ཡིན་ནོ། དེས་ན་ཐབས་ཀྱི་མཆོག་འདི་བཤད་པ་ལ་གསུམ། ལས་རྒྱའི་མཚན་ཉིད་དང་། སྲོག་རྩོལ་དུ་གཏོང་བའི་མན་ངག་དངོས། ཐབས་ཏེ་ལ་བརྟེན་ནས་དགའ་བཞི་བ་བསྐྱེད་ཅིང་དེས་བདེ་སྟོང་སྦྱོར་ཚུལ་ལོ། དང་པོ་ནི། རྣལ་འབྱོར་བཞིའི་རིམ་པར་གསུངས་པའི་པདྨ་ཅན་ལ་སོགས་པའི་དོན་ནི། རྩའི་དབྱིབས་མི་འདྲ་བ་བཞིའི་སྒོ་ནས་


JLD006_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཡིན་ལ། ཡང་དྷཱུ་ཏཱིའི་མར་སྣའི་དབང་དུ་བྱས་པ་ཡིན་ཞིང་། དེ་རྣས་ཇི་བཞིན་ཡོད་པ་ནི་ཡར་སྣ་ཀུན་རྫོབ་ཀྱི་སྣ་ཚོགས་ཀྱིས་མཚོན་པར་བྱེད་དོ། དེས་ན་གླང་པོ་ཅན་གྱི་རྩའི་མར་ནི་རྩའི་སྣ་གཡོན་ནས་ཅུང་ཟད་གཡས་སུ་འཁྱིལ་བའི་རྣམ་པར་ཡོད་ལ། དེའི་རྟགས་རྩ་དའི་ཡར་སྣ་ཕྱོགས་ཀྱི་བུད་མེད་དེའི་སྣ་གཡས་སུ་འཁྱིལ་བའི་རྣམ་པར་ཅན་སོགས་ལས་རྒྱ་དེ་གླང་པོ་ཅན་གྱི་རིགས་སུ་གཏོགས་ཡིན་ནོ། དུར་ཅན་མ་ནི་དུང་དཀར་གྱི་ཁ་ལྟ་བུར་འཁྱིལ་ཞིང་སྦུབ་ལ་རིང་བ་སོགས་ཤིག་ཡོད་པས་དེའི་རྟགས་ལ་རྩའི་ཡར་སྣ་ཕྱོགས་ཀྱི་སྐྲ་དང་སྣ་ཡང་རིང་བ་སོགས་ལས་རྒྱ་དེ་དུང་ཅན་མའི་རིགས་སུ་གཏོགས་པ་ཡིན་པར་ཤེས་པར་བྱའོ། རི་དྭགས་ཅན་མ་ནནི་རྩ་དེའི་མར་སྣ་རི་དྭགས་གླ་བའི་ལྟེ་བ་འདྲ་བ་ཁ་བཙུམ་ཞིང་བཅིངས་པའི་གོར་བུའི་རྣམ་པར་ཅན་དུ་ཡོད་པས་རྩ་དེའི་ཁ་ཤིན་ཏུ་འཚོལ་དཀའ་བས་དེ་ནི་རྣལ་འབྱོར་པའི་སེམས་མོས་བཙལ་དགོས་པ་སོགས་གསུངས་སོ། མར་སྣ་དེའི་རྟགས་ལ་ཡང་སྣའི་ཕྱོགས་ཀྱི་སྣ་ལ་རི་མོ་ཡོད་ལ། དེར་མ་ཟད་ལུས་གཞན་ལས་སྒོམ་པ་སོགས་ཡིན་ནོ། པདྨ་ཅན་གྱི་མར་སྣ་མེ་ཏོག་པདྨའི་དབྱིབས་ཅན་ཡོད་པས། རྩ་དེའི་ཁ་ཤིན་ཏུ་བཙལ་སླ་ཞིང་འབྱེད་པར་སླ་བས། ཕྱག་རྒྱ་མཆོག་ཏུ་གསུངས་པ་ཡིན་ནོ། དེའི་རྩ་དེ་མར་སྣ་དེ་ལྟར་ཡོད་པས། ཡར་སྣའི་ཕྱོགས་དེ་ལ་ནི་ཛ་བའི་མེ་ཏོག་ལྟ་བུར་


JLD006_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡན་ནོ། དེ་ལྟར་ཕྱག་རྒྱ་བཞིའི་རྩལ་མི་འདྲ་བ་དེ་ལྟར་ཡོད་པའི་སྒོ་ནས། པདྨ་ཅན་སོགས་སུ་བཞག་པའི་དོན་ནི། རང་གི་བླ་མ་ཁོ་ནའི་མན་ངག་ཡིན་པས་རང་ཁོ་ནའི་སྙིང་ལ་བཅང་རྒྱུ་ཡིན་གསུང་། དེའི་རྒྱུ་མཚན་ཆགས་ལམ་ལ་ཤིན་ཏུ་མཁས་པར་གྲགས་པའི་བོད་ཀྱི་བླ་མ་ཐམས་ཅད་ཀྱིས་རྒྱུད་ནས་གསུངས་པའི་ཕྱག་རྒྱའི་རིགས་བཞིའི་ཁྱད་པར་ནི། སྣ་གཡོན་ནས་གཡས་སུ་འཁྱིལ་བ་དང་། ཞེས་སོགས་ཀྱིས་རྩའི་དབྱིབས་ལ་བརྟགས་པའི་དོན་ལ་བློ་ཁ་མ་ཕྱོགས་ཤིང་རྩལ་མི་འདྲ་བ་བཞི་ཡོད་པའི་གནད་མ་རྟོགས་པ་ཤ་སྟག་ཡིན་པས། ཕྱོགས་འདི་འཁོ་བོ་ཇི་ལྟར་ཆེ་ཡང་མཁས་པས་བཞད་ག་དཀྱི་གནས་འབའ་ཞིག་ཡིན་གསུང་ངོ་། གཉིས་པ་སྲོག་རྩོལ་དུ་གཏོང་བའི་ཐབས་དངོས་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། རྩ་ནི་ཉེ་བར་བཙལ་བྱས་ཏེ། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། ཞེས་པས་བསྟན་ལ། དེའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ནི་བུད་མེད་ཀྱི་དྷཱུ་ཏཱི་ཡིན་ལ། ཉེ་བར་བཙལ་ཞེས་པ་ནི་རྣལ་འབྱོར་པས་རྩ་དེའི་མར་སྣ་བཙལ་བར་བྱས་ལ། དེ་ཡང་བྱ་རོག་གདོང་ཞེས་པ་ནི་འཇིག་རྟེན་པ་ལ་བྱ་ལེར་གྲགས་པ་དེ་ལ་ཟེར་ཞིང་། དབུ་མའི་མར་སྣའི་རྩ་དེ་འདིའི་དབུས་ནས་འབྱུང་ངོ་། དེ་ལ་སྐྱེས་པའི་དྷཱུ་ཏཱི་སྦོམ་ཞིང་ཐུང་བར་གནས་པས་ནོར་བུ་ལས་ཕྱིར་ནར་ནས་འོང་བ་མི་སྲིད་ལ། བུད་མེད་ཀྱི་དྷཱུ་ཏཱི་ཕྲ་ཞིང་རིང་བས་བྱ་རོག་གདོང་ལས་


JLD006_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིག་ནར་ནས་འོང་བའི་སྐབས་ཡོད་པས། སྙོམས་འཇུག་གི་ཚེ་བུད་མེད་ཀྱི་རྩ་དེ་རྣལ་འབྱོར་བའི་རྩའི་མར་སྣའི་ནང་དུ་འཇུག་པས་སྦྱོར་བ་བྱེད་པ་ཡིན་ནོ། དེའི་ཕྱིར་དུ་ཕྱག་རྒྱའི་དྷཱུ་ཏཱིའི་རིགས་མི་འདྲ་བ་བཞིའི་གནས་ཚུལ་ཤེས་ནས་ཚོལ་བ་དང་། ཁ་འབྱེད་པའི་མན་ངག་གིས་ཡེ་ཤེས་ཀྱིས་རྩ་སད་པར་བྱ། དེ་ནས་ཕྱག་རྒྱའི་རྩ་དེ་རང་གི་རྩའི་ནང་དུ་བཅུག་ནས་བྱེད་པ་དམ་དུ་བཅིངས་པའི་སྦྱོར་བ་བྱ། དེ་ལྟར་བྱས་པས་ཕྱག་རྒྱའི་རྩ་ནང་ནས་རླུང་བྱུང་སྟེ། རང་གི་རྩའི་ནང་དུ་སླེབས་པ་ན་སྙོམས་འཇུག་གི་བདེ་བ་སོགས་གཞན་ཡང་བས་ཀྱང་ལྷག་པའི་བདེ་བ་སྐྱེ་ལ། རླུང་དེ་རང་གི་དྷཱུ་ཏཱིའི་ནང་བརྒྱད་པས་རང་གི་ཐུར་སེལ་གྱི་རླུང་གྱེན་དུ་ལྡོག་སྟེ། ཕྱག་རྒྱའི་རླུང་དེས་སྣ་འདྲེན་བྱས་ནས་དབུ་མར་ཞུགས་ཤིང་བརྒྱུས་པས་ཁྲག་འབར་ནས། སྤྱི་བོའི་ཧཾ་ཡིག་ཞུ་ནི་བྱང་སེམས་དྷཱུ་ཏཱིའི་མར་སྣར་སླེབས་པ་ན་ཕྱག་རྒྱའི་ཡང་ཁུ་བ་བཞུ་ནས་དྷཱུ་ཏཱིའི་ལམ་ནས་བྱུང་བར་རང་གི་རྩའི་ནང་དུ་ཕྲད་པ་ན། ཐབས་ཤེས་ཟུང་དུ་འབྲེལ་བའི་གནད་ཀྱིས་སྔ་མའི་བདེ་བ་བས་ཀྱང་ཆེས་ཆེ་བ་ཞིག་འབྱུང་ཞིང་། དེ་ནས་མན་ངག་གིས་གྱེན་དུ་ལྡོག་པའི་སྦྱོར་བ་བྱས་པས་ཐིག་ལེ་དེ་ལྟེ་བར་སླེབས་པ་ན་རྒྱུ་མཐུན་གྱི་ཚུལ་གྱི་དགར་བ། སྙིང་གར་སླེབས་པ་ན་རྣམ་སྨིན་གྱི་ཚུལ་གྱི་མཆོག་དགའ། མགྲིན་པར་སླབས་པ་ན་སྐྱེས་བུ་བྱེད་པའི་ཚུལ་གྱི་སླད་


JLD006_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། གཙུག་ཏོང་དུ་སླེབས་པ་ན་དྲི་མ་དང་བྲལ་བའི་ཚུལ་གྱི་ལྷན་སྐྱེས་ཀྱི་དགའ་བ་སྟེ་ཤིན་ཏུ་རྣལ་འབྱོར་བ་སྒོམ་པར་བྱའོ། གསུམ་པ་བདེ་སྟོང་སྦྱོར་ཚུལ་ནི། བདེ་བ་དེ་འདྲ་བའི་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་སྐྱེས་བའི་ཚེ། དབུ་མའི་ལྟ་བ་མཐར་ཐུག་པ་དང་སྦྱང་ནས་བསྐྱངས་པས་སྲིད་པའི་སྡུག་བསྔལ་གཞོམ་པར་བྱེད་དོ། གཞན་ཡང་རྡོ་རྗེའི་ལྟེ་བས་པདྨ་གནན་པ་དང་། སྐྱིལ་ཀྲུང་ཞེས་པའི་དོན་ཡང་ཡུམ་གྱི་རྩའི་མར་སྣ་ཡབ་ཀྱི་རྩའི་མས་སྣའི་ནང་དུ་བཅུག་པའི་ངེས་དོན་གྱི་རྡོ་རྗེ་སྐྱིལ་ཀྲུང་གཡས་གཡོན་གཉིས་ཀྱི་རོ་རྐྱང་གི་རླུང་དབུ་འི་ནང་དུ་ཞུགས་པ་འབྱུང་ཞིང་། དེའི་ཚེ་རྣལ་འབྱོར་བའི་སེམས་ནོར་བུའི་ནང་གི་དྷཱུ་ཏཱིའི་ནང་དུ་སེན་པ་ལས་ཡེ་ཤེས་ཀྱི་ངོ་བོ་ལྷན་སྐྱེས་འབྱུང་ངོ་། དེ་དག་དགའ་བ་གཞན་གསུམ་ཡང་མིན་ནོ། ཡང་པདྨ་ཅན་གྱི་བགྲོད་ཚུལ་ནི། པདྨའི་བྱེད་པ་ཞེས་པ་ཕལ་ལྟར་སྟེང་ནས་བགྲོད་པའོ། གླང་པོ་ཅན་གྱི་བགྲོང་ཚུལ་ནི། དུད་འགྲོ་ལྟར་རྒྱབ་ནས་བགྲོད་པའོ། དུང་ཅན་མའི་བགྲོད་ཚུལ་ནི། གྷ་ཧ་ར་ཏའི་སྦྱོར་བ་ཞེས་བྱ་བ། རྐང་པ་གཉིས་ཕྲག་པ་ལ་བཀལ་ཏེ་འོག་ནས་བགྲོད་པའོ། རི་དྭགས་ཅན་གྱི་བགྲོད་ཚུལ་ནི། བི་ལས་སའི་བཅིངས་བ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ལྟར་སྐྱིལ་ཀྲུང་བྱས་ལ་བགྲོད་པར་བྱ་བའོ། རྟགས་ཀྱི་རྩ་གཉིས་མི་འབྲལ་བར་བྱེད་པ་ནི་ཤིན་ཏུ་གལ་ཆེ་ལ། དེ་ནི་ཤིན་ཏུ་རྣལ་འབྱོར་པས་ལག་པས་བྱེད་དགོས་པར་རྒྱུད་ལས་བཤད་དོ།


JLD006_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གཙུན་ཙོང་ཁ་པ་ཆེན་པོའི་ཞལ་གྱིས་གདམས་པའོ། ༈ གཉིས་པ་ནི། ཁམས་གསུམ་དག་གི་ལམ་མཆོག་ན། བུད་མེད་ཇི་སྙེད་ཡོད་པ་རྣམས། ཆོ་ག་བཞིན་དུ་སྤྱད་པར་བྱ། གསུང་གི་རྡོ་རྗེ་མི་སྨོད་དོ། ཞེས་པའི་སྐབས་སུ་ངག་གི་རོ་འཛིན་གྱི་བྱ་བས་བསྐྱོད་ལ་ཞེས་རྩ་གསུམ་པོ་དེ་ལྕེས་བསྐྱོད་པར་གསུངས་ལ། གླུས་བསྐུལ་བ་ལས་བཞེངས་པའི་སྐབས་སུ་རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་ཞེས་སོར་མོས་བསྐྱོད་པ་དང་གཉིས་བཤད་དོ། འདི་ལ་རྡོ་རྗེ་མཀའ་འགྲོ་ལས། ཆགས་པ་སྲ་བ་དང་རྒན་པ་སོགས་ལ་ནི། སོར་མོ་རིང་པོ་གསུམ་སྤྲུལ་གྱི་མགོ་ལྟར་བྱས་ནས་དྲུད་པར་བྱ་བ་དང་། གཞོན་ཞིང་ཆགས་པ་མཉེན་པ་རྣམས་ལ་ནི་འོད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འབབ་པའི་རྩར་རྡོ་རྗེའི་ཐུར་མས་ཕུག་སྟེ་བསྐྱོད་པར་གསུངས་ཏེ། ཡུལ་སོ་སོར་མཛད་པ་ནི་སོར་མོ་གསུམ་གྱིས་བྱེད་པ་ལ་དགོངས་སོ། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། མཛུབ་མོ་དང་ལྕེའི་རྩ་མོ་ལ་ཡི་གེ་ཧྲཱིཿདམར་པོ་བཀོད་པས་རྩ་བསྐུལ་བར་བཤད་པ་ལྟར་ན། ཡུལ་གཅིག་ལ་སོར་མོ་དང་ལྕེ་རྩ་གཉིད་ཀས་བསྐུལ་བ་ནི་སོར་པོ་གཅིག་གི་ཁྱད་པར་རོ། དུས་ཇི་ཙམ་དུ་བསྐུལ་བ་ནི། པ་ཚབ་ཀྱི་འགྱུར་ལས། རོ་འཛིན་གྱི་བྱ་བ་དག་གིས་མ་ཕྱིན་གྱི་བར་དུ་བསྐྱོད་པར་བྱ་ཞིང་ཞེས་འབྱུང་བ་ལྟར་ན། ཧྲཱིཿས་ཡུམ་གྱི་དབུ་མའི་མར་སྣ་ཕྱེ་ནས་བདུད་རྩི་འཛག་པ་མ་བྱུང་གི་བར་དུའོ། རྡོ་རྗེ་


JLD006_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ལས། ཡུམ་ལས་སིད་ཅེས་པའི་སྔགས་མ་བྱུང་གི་བར་དུ་དྲུད་པར་གསུངས་ལ། དེ་ནི་ཡུན་དེས་ཆེད་དུ་བྱས་ནས་སྔགས་ཏེ་བཏོན་པ་མིན་པར་རང་ཤུགས་ཀྱིས་སྔགས་དེ་ཟློག་པ་འབྱུང་ངོ་། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། དེ་ལྟར་སྒྲུབ་པ་པོས་ཡང་དང་ཡང་དུ་བསྐུལ་བས་སྙིང་འདར་བ་དང་། དགའ་བས་མྱོས་ཤིང་སེམས་ཀྱི་རྡུལ་ཕྲ་མོའི་ཆུ་འཛག་ལ། ངོ་ཚ་བ་ལ་སོགས་པ་དང་བྲལ་ཏེ། བ་སྤུ་ལངས་ཤིང་ཤིན་ཏུ་ཆགས་པས་བལྟ་ཞིང་འཁྱུད་པ་ལ་གུས་པར་འགྱུར་ཞིང་སིད་ཅེས་ཟེར་བ་དང་། ཞེས་གསུངས་པ་ལྟར་ཡིན་ལ། དེ་རྣམགས་ནི་སོར་མོ་དང་ལྕས་བསྐུལ་བའི་རྩ་ཁ་ཕྱེ་བའི་རྟགས་ཡིན་ནོ། སེམས་ཀྱི་རྡུལ་ཕྲ་མོའི་ཆུ་ནི་བྱང་ཆུབ་ཀྱི་སེམས་ཀུན་ལྟ་བུའི་ཆུའོ། གསུམ་པ་ནི། རྡོ་རྗེ་གུར་ལས་ཀྱང་། རྡོ་རྗེ་སོར་མོའི་རབ་སྦྱོར་གྱིས། རྡོ་རྗེའི་ས་གཞི་རབ་བསྐུར་ཏེ། རྡོ་རྗེ་སེམས་སུ་རབ་ཕྱུང་ལ། རྡོ་རྗེའི་ལྕེ་ཡིས་བཟའ་བར་བྱ། ཕྱི་ནང་དེ་ཡི་བདེ་ལྡན་དུ། རྡོ་རྗེ་སེམས་དཔའ་རབ་བཅུག་སྟེ། རྡོ་རྗེ་བཅིངས་པའི་སྦྱོར་བ་ཡིས། རྡོ་རྗེ་མཆོད་པ་རབ་ཏུ་བརྩམ། ཞེས་གུངས་ཏེ། རྡོ་རྗེ་གཞི་ནི་གསང་གནས་ཀྱི་རྡོ་རྗེའི་རྟེན་ཡུམ་གྱི་པདྨའོ། རྡོ་རྗེ་སེམས་སུ་ཞེས་པ་ནི་ཀུནྡ་ལྟ་བུའོ། ཕྱི་ནས་ཞེས་པ་ནི་རྩ་སད་པར་བྱས་པའི་རྗེས་སུའོ། རྡོ་རྗེ་སེམས་དཔའ་ཞེས་པ་ནི་ཡབ་ཀྱི་གསང་བའི་རྡོ་རྗེའོ། རྡོ་རྗེ་བཅིངས་པ་ནི་རྩ་གཉིས་མི་འབྲལ་བར་བཅིངས་པའོ། འདོད་པའི་བསྟན་


JLD006_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་རྣམས་ལས་པདྨ་ཅན་དང་དུང་ཅན་མ་ལ་སོགས་པའི་བུད་མེད་ཀྱི་མཚན་ཉིད་སྟོན་པར་ཡོད་པར་སྣང་ནའང་། མན་ངག་འདི་ནི་དེ་དག་ཏུ་གཏན་མེད་པར་ཤེས་པར་བྱའོ། འདི་མཐའ་དཔྱོད་ནས་གདན་དྲངས་པ་ཡིན་ནོ། ༈ བཞི་པ་ནི། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། དེ་ལ་འདིར་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། སྟོག་རྩོལ་དུ་འགྲོ་བའི་ཚུལ་ཞེས་པ་ད་ལྟར་གྱི་གང་ཟག་ལ་དངོས་སུ་མི་དགོས་པ་ཤས་ཆེ་ཡང་དེའི་གོ་བ་ཆགས་ན་བསྐྱེད་རིམ་སྒོམ་པ་སོགས་ཀྱི་སྐབས་སུ་ཡེ་རྒྱ་ལ་བརྟེན་པ་ལ་ཕན་ཆེ་བས་ཉེ་བར་མཁོ་བ་ཡིན་ནོ། དེ་ཡང་སྤྱིར་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་ལས་རྒྱ་ལ་ལོ་གྲངས་བཅུ་གཉིས་མ་ནས་སུམ་ཅུ་མའི་བད་གསུངས་པ་ནི། དེ་གཉིས་ལས་རྒན་པ་དང་གཞོན་པས་རང་གི་རྩ་སད་པར་བྱེད་མི་ནུས་སམ། ནུས་ཀྱང་ཐབས་ཀྱི་རྩ་སད་པའི་རྐྱེན་དུ་འགྲོ་མི་ནུས་པའི་སྒོ་ནས་སྤང་དགོས་པ་ཡིན་ཞིང་། འདི་ལ་རྣལ་འབྱོར་མ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་མངའ་བ་སོགས་ནི་མ་ངེས་སོ། འོ་ན་རྩ་སད་ཐབས་ཇི་ལྟར་བྱ་སྙམ་ན་དེ་ནི་རྣལ་འབྱོར་བ་ཁྱད་པར་ཅན་ལས་རྒྱ་དང་སྙོམས་པར་འཇུག་པའི་ཚེ། མཛུབ་མོ་དང་ལྕེ་ལ་ཡི་གེ་འགོད་པ་སོགས་ཀྱི་སྦྱོར་བ་གཞན་ནས་གསུངས་པ་ལྟར་བྱའོ། དེ་ལྟར་རྩ་དབུ་མ་སད་པའི་ཕྱག་རྒྱའི་ཐབས་དང་སྙོམས་པར་འཇུག་པ་ན། ཕྱག་རྒྱའི་རྩས་དཔའི་བྱེད་པ་


JLD006_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་སད་པར་འགྱུར་ལ། དེ་སད་ན་རོ་རྐྱང་གཉིས་ཁ་ཟུམ་འགྲོ་བ་ཆོས་ཉིད་ཡིན་ཞིང་། དབུ་མ་སད་པའི་ནང་དུ་ཐུར་སེལ་ཞུགས། དེས་གཏུམ་མོ་སྤར་བ་སོགས་ཀྱི་རྐྱེན་གྱིས་ལྷན་སྐྱེས་འཆར་རོ། འདི་ནི་རྒྱུད་དོན་ཡིན་པར་དེ་ལྟ་ཉམས་བཟང་བའི་གང་ཟག་འགའ་ཞིག་གིས་ཡེ་རྒྱལ་བརྟེན་པའི་ཚེ་ཐོག་མར་ཡུམ་གྱི་རྩ་ནས་རླུང་ཚུར་བྱུང་ནས་རང་གི་རྡོ་རྗེའི་བུ་གར་ཞུགས་པར་སྙམ་བྱེད་པ་འབྱུང་བར་སྣང་བས་ཀྱང་ཤེས་སོ་གསུངས། དེས་ནི་ཡབ་ཡུམ་གྱི་སྣ་རྩེ་གཉིས་ཕྲད་མཚམས་སུ་ཐིག་ལེ་ཕྲ་བོ་བསྒོམ་པ་ཡང་སྣ་རྩེ་གཅིག་སད་པའི་ཆེད་དུ་ཡིན་ནོ། འོ་ན་ལས་རྒྱ་ལ་བརྟེན་ལ་སྙིང་གའི་སྡུད་རིམ་དུ་འགྲོ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ནི་རིལ་འཅིན་དང་རྗེས་གཞིག་གི་བསམ་གཏན་གཉིས་གཉིས་དག །སྙིང་གའི་སྡུད་རིམ་གྱི་དམིགས་པ་དང་། རྡོར་བཟླས་དང་། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་དང་། སྙིག་གར་སྡུད་རིམ་རྣམས་སྐབས་དེར་བྱེད་པའི་སྟོབས་ཀྱི་ཡིན་ནོ། རྗེ་བཙུན་ཙོང་ཁ་པ་ཆེན་པའི་ཞལ་གྱི་གདམས་པ། མཁས་གྲུབ་རྗེས་ཟིན་བྲིས་མཛད་པའོ། ལྔ་པ་ནི། རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གདམས་པ་ནི། རིག་མ་མཚན་ཉིད་དང་ལྡན་པ་བཙལ་ལ། དེའི་རྗེས་སུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ཚོལ་བ་ལ་རང་གི་མཛུབ་མོ་ལ་ཧྲཱིཿབཀོད་ནས་རྩ་མཉེད་ཅིང་བཙལ་ཏེ་རྙེད་པ་ན་བདེ་བ་སྐྱེ་ཞིང་ཕྱིར་ཐོན་ནས་


JLD006_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དུ་འགྲོ་བ་དང་འགྲེང་ནས་འོང་ལ། ཁ་ནས་སིད་ཀྱི་སྒྲ་བྱུང་བ་དང་། ལྕེ་རྩེས་རྩ་དེ་བཙལ་ཞིང་བསྐུལ་བ་ན་རྩ་དེའི་ཁ་ཕྱེ་འོང་བ། དེ་ནས་སྙོམས་པར་འཇུག་ཅིང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་དེ་རང་གི་ནོར་བུའི་ནང་ན་རྩ་དབུ་མའི་མར་སྣ་ཡོད་པས། དེའི་རྩེ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཉིས་འཕྲོད་པར་བྱ་སྟེ། རྩེ་དེའི་རྩེ་མོ་ནོར་བུའི་དབུས་ཀྱི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་ན་ཞུགས་པས། རང་གི་དབུ་མའི་མར་སྣ་ཁ་ཕྱེ་ན་དབུ་མར་རླུང་ཞུགས་པས་རོ་རྐྱང་གི་རྩ་གཉིས་སུ་རླུང་རྒྱུ་བ་འགགས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རང་དང་ཕྱག་རྒྱ་གཉིས་ཀྱི་རྒྱུད་ལ་སྐྱེ་བར་འགྱུར་རོ། ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་ཞལ་གདམས་སོ། ད་དུང་ཕྱག་རྒྱའི་མཚན་ཉིད། དབྱེ་བ། བརྟག་ཐབས། བརྟེན་ཚུལ། བརྟེན་པ་ལས་ཡེ་ཤེས་སྐྱེ་ཚུལ། བདེ་སྟོང་སྦྱོར་ཚུལ། བོགས་འདོན་དུ་འགྱུར་ཚུལ་སོགས་བླ་མའི་ཞལ་ལས་ཤེས་དགོས་སོ། ལུས་ལ་གནད་དུ་བསྣུན་ནས་རྫོགས་པའི་རིམ་པ་བསྒོམ་པ་ལ་ནི། ལུས་ཀྱི་ཕྱེད་བཅིངས་དང་། འཁྲུལ་འཁོར་དང་། སྤྱོད་ལམ་ལ་སོགས་པའི་གནས་ཞིབ་པར་ངེས་ནས་ལུས་ཀྱི་བྱེད་བཅིངས་བསྟན་པ་ལས་ཤེས་པར་བྱ་ཞིང་སྐབས་འདིར་སྦྱར་བས་བྱའོ། འདིར་མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་བདེ་དགྱེས་གཉིས་ཀྱི་རྫོགས་རིམ་གྲུབ་ཆེན་ནག་པོ་སྤྱོད་པས་བཀྲལ་བའི་དབྱིད་ཀྱི་ཐིག་


JLD006_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལ་གཉིས། རྡོ་རྗེའི་ལུས་ཀྱི་གནས་ཚུལ། དེ་ལ་གནད་དུ་བསྣུན་ནས་རྫོགས་རིམ་བསྒོམ་པའི་ཚུལ་ལོ། དང་པོ་ལ་གསུམ། གནས་པ་རྩའི་གསལ་བྱེད། གཡོ་བ་རླུང་གི་གསལ་བྱེད། བཀོན་པ་བྱང་ཆུབ་ཀྱི་སེམས་ཀྱི་གསལ་བྱེད་དོ། དང་པོ་ནི། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། དེ་ལ་འདིར་རྫོགས་རིམ་དུ་འཇོག་པར་བྱེད་པ་ལ། སྟོང་ཉིད་ཙམ་གྱིས་འཇོག་མི་ནུས་ཏེ། སྟོང་ཉིད་རྟོགས་པ་ཐེག་དམན་པ་ཡང་ཡོད་པའི་ཕྱིར་རོ། སྟོང་ཉིད་དང་ལྷའི་རྣལ་འབྱོར་ཡོད་པ་ཙམ་གྱིས་ཀྱང་རྫོགས་རིམ་དུ་འཇོག་མི་ནུས་ཏེ། དེ་ནི་རྒྱུད་སྡེ་འོག་མ་གསུམ་ལའང་ཡོད་པའི་ཕྱིར་རོ། དེ་གཉིས་གྱི་སྟེང་དུ་རླུང་གི་རྣལ་འབྱོར་བསྣུན་པས་ཀྱང་དེར་འཇོག་མི་ནུས་ཏེ། སྟོང་པ་དང་ལྷའི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་དང་གསུམ་ག་རྒྱུད་སྡེ་འོག་མ་གསུམ་ལ་ཡོད་པའི་ཕྱིར་རོ། དེས་ན་འདིར་ལུས་ལ་གནད་དུ་བསྣུན་པའི་བོགས་འདོན་པའི་སྟོང་ཉིད་སྟོགས་པ་རྫོགས་པའི་མ་དུ་འདོད་པ་ཡིན་ལ། དེ་ལ་ལུས་ཀྱི་གནད་རྩ་དང་རླུང་དང་ཐིག་ལེ་རྣམས་ཀྱི་གནས་ཚུལ་ཤེས་དགོས་པས། ཐོག་མར་རྩའི་གནས་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་མཚན་ཉིད་ཐེག་པ་ནས་དགའ་བོ་མངལ་འཇུག་གི་མདོར། ལུས་ཀྱི་གནས་གཡོན་གཉིས། མདུན་རྒྱབ་གཉིས་ཏེ་བཞིར་རྩ་ཉི་ཁྲི་སྟེ། ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་བཤད་ལ། སྔགས་ཀྱི་ཐེག་པ་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་བཤད། དེ་དག་གི་ནང་ནས་ཀྱང་རྩ་བརྒྱ་ཉི་ཤུ་ནི་


JLD006_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

རྩའི་གཙོ་བོ་ཡིན་ཏེ། རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་རོ། དེའི་ནང་ནས་རྩ་ཉི་ཤུ་རྩ་བཞིའི་གཙོ་བོ་ཡིན་ཏེ། སྐྲ་དང་སེན་མོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར། དེ་ལ་བརྒྱ་ཉི་ཤུ་ནི་སྤྱི་བོའི་རྩ་འབབ་སོ་གཉིས། མགྲིན་པའི་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བའི་དྲུག་ཏུ་རྩ་བཞི་རྣམས་ཡིན་ནོ། ཉེར་བཞི་ནི་འོག་ནས་འཆད་པའི་སྙིང་གའི་རྩ་འདབ་བརྒྱད་ལ་གསུམ་གསུམ་དུ་གྱེས་པའི་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གསུམ་ཉི་ཤུ་རྩ་བཞི་བོ་དེ་ཡིན་ནོ། དེ་ལ་ཡང་རེ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། རྩ་གཞན་རྣམས་དེ་ལས་སྐྱེ་དགོས་པའི་ཕྱིར་རོ། དེ་ལ་མངའ་དུ་དང་པོར་ཆགས་པའི་ཚེ་སྙིང་གའི་ལྟེ་བ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷོའི་རྩ་འདབ་མ་གཉིས་ལ་རིམ་པ་ལྟར་སུམ་སྐོར་མ་དང་འདོད་མ་ལྟ་ལྔ་དུས་མཉམ་དུ་ཆགས་སོ། དེ་ནས་ནུབ་ཏུ་ཁྱིམ་མ། བྱང་དུ་གཏུམ་པོ་དབུ་མ་དང་ལྷན་ཅིག་ཏུ་བདུད་བརླ་མ་སྟེ་གསུམ་ཆགས་སོ། སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་ནི་དེ་རྣམས་ཡིན་ནོ། ཕྱོགས་ཀྱི་རྩ་བཞི་ནི། རོ་རྐྱང་གཉིས་དང་དབུ་མ་ནང་དུ་བུག་པ་བརྡོལ་བའི་ཚུལ་གྱིས་རྩ་བ་ཟུག་ནས་ཡོད་དོ། དེ་ཡང་མཚམས་ཀྱི་རྩ་བཞི་ནི་ཕྱོགས་ཀྱི་རྩ་བཞི་ལས་གྱེས་པ་ཡིན་ལ། དེ་ཡང་དབེན་བརྗོད་ན་ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོ་མཚམ་གྱི་རྩ་དེ་གྱེས་པ་ཡིན་ལ། མཚམས་ཀྱི་རྩ་གཞན་གསུམ་ནི་རིམ་པ་ལྟར་ལྷོའི་འདོད་མ་དང་། ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་


JLD006_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གསུམ་ལས་གྱེས་པ་ཡིན་ནོ། དེས་ན་སྙིང་གིའི་རྩ་འདབ་བརྒྱད་ནི། སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་འདབ་བཞི་དང་། དེ་ལས་གྱེས་པའི་མཚམ་ཀྱི་རྩ་བཞི་སྟེ་བརྒྱད་པོ་དེ་ཡིན་པས། སྙིང་གར་དང་པོ་ཆགས་པའི་རྩ་བརྒྱད་དང་མི་གཅིག་གོ། རྩ་བརྒྱད་པོ་དེ་ལས་སྐུ་གསུང་ཐུགས་ཀྱི་རྩ་འདབ་གསུམ་གསུམ་གྱེས་པས་བརྒྱད་གསུམ་ཉི་ཤུ་རྩ་བཞི་ཡིན་ནོ། ཉེར་བཞི་པོ་དེའི་སྟེང་དུ་སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་བསྣམ་པས་དེ་ལ་བྱང་སེམས་འབབ་པའི་རྩ་སོ་གཉིས་ཞེས་ཐ་སྙད་བྱེད་ཡིན་ནོ། ཉེར་བཞི་དེ་ལ་གསུམ་གསུམ་དུ་གྱེས་པས་བདུན་ཅུ་རྩ་གཉིས་སུ་འགྱུར་པ་ཡིན་ནོ། དེ་ཡང་སྐུ་གསུང་ཐུགས་ལ་ཐིམ་པ་དང་། ལོངས་སྤྱོད་དང་། བདག་པོ་གསུམ་གྱི་སྒོ་ནས་འབྱེད་པ་ཡིན་ནོ། བདུད་ཅུ་རྩ་གཉིས་པོ་དེ་ལ་རེ་རེ་ལས་སྟོང་སྟོང་དུ་གྱེས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འོང་བ་ཡིན་ནོ། དེ་ཡང་རོ་རྐྱང་དབུ་མ་གསུམ་གྱི་གནས་ཚུལ་ཅུང་ཟད་བརྗོད་ན་རོ་རྐྱང་གཉིས་ཀྱི་དབུ་མ་ལ་ལྕགས་སྒོག་གི་ཚུལ་དུ་འཁྱུད་ནས་ཡོད་ལ། དེ་ཡང་དབུ་མ་དབུས་ན་ཡོད་ཅིང་། དེའི་ནང་ནས་མུན་པ་དང་ཁུ་ཁྲག་དང་རླུང་འབྱུང་བས་ན་སྙིང་སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པའི་རྩ་དང་། སྐྱེས་པ་བུད་མེད་མ་ནིང་གསུམ་ལས་མ་ནིང་གི་རྩ་དང་། ཉི་ཟླ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་བྱའོ། དབུ་མའི་གཡས་ན་རོ་མ་གནས་ཤིང་། དེའི་ནང་ནས་ཁུ་བ་ཅུང་ཟད་དང་འདྲེས་


JLD006_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྲག་ཤས་ཆར་འབབ་བོ། དེའི་ཁ་ནི་སྟེང་གི་ཕྱོགས་ན་ཡོད་དེ་སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་ལ། སྟེང་གི་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེ་བའི་རྒྱུ་མཚན་ནི། ཁྲག་ཕྱིར་འཕེན་པ་དང་ནང་དུ་སྡུད་པའི་བྱ་བ་སྟེང་ཕྱོགས་ཀྱི་མགྲིན་པ་ནས་བྱེད་ཅིང་། འོག་གི་བུ་གནས་མི་བྱེད་པས་དེའི་དོན་ཡིན་ནོ། རྐྱང་མ་ནི་དབུ་མའི་གཡོན་ན་ཡོད་ཅིང་། ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་བ་ཤས་ཆེར་འབབ་བོ། དེ་ལ་ཟླ་བ་དང་། སྐྱེས་པ་དང་། སྙིང་སྟོབས་དང་། ཐབས་ཀྱི་རྩེ་ཞེས་བྱ་སྟེ། ཁུ་བ་གཙོ་བོ་འབབ་པའི་ཆ་ནས་ཡིན་པ་འདྲའོ། རོ་མ་ལ་ཉི་མ་དང་། བུད་མེད་དང་། རྡུལ་དང་། ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ། ཁྲག་གཙོ་བོར་འབབ་པའི་སྒོ་ནས་ཡིན་པ་འདྲའོ། དེ་ལ་རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་སུམ་མདོའི་བར་དུ་ཡོད་ལ། དེ་ནས་གསུམ་དུ་གྱེས་ཏེ་རོ་རྐྱང་དབུ་མ་གསུམ་གྱི་ཚན་གཅིག་རྐང་མཐིལ་བར་དུ་འགྲོ་བའོ། ཚན་གཅིག་ནོར་བུའི་རྩེའི་བར་དུ་འགྲོ་བས་རྐང་བ་གཉིས་དང་ནོར་བུ་གསུམ་ཡོད་པ་འདྲ་བ་ཡིན་ནོ། རྐྱང་མའི་སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་འདྲ་བ་ལ་ལྟེ་བ་ཁོ་ན་ལ་ཁ་ཡོད་ཅེས་པ་ནི་ཁུབ་ཕྱིར་འཕེན་པ་དང་། ནང་དུ་འཛིན་པ་གཉིས་ཀ་ལྟེ་བ་ནས་བྱེད་པས་དེའི་ཆ་ནས་ཡིན་ནོ། དེ་ཡང་ལྟེ་བ་ཡན་ཆད་ཀྱི་དབང་དུ་བྱས་པ་ཡིན་ལ། ལྟེ་བ་མན་ཆད་དུ་རྐྱང་མ་དབུས་སུ་མོན་མིང་དྲི་ཆེན་འབབ་ལ། དབུ་མ་གཡོན་


JLD006_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོག་ཅིང་ཁུ་བ་འབབ། རོ་མ་གཡས་ཁུ་བ་འབབ། རོམ་གཡས་ན་ཡོད་ཅིང་གཅི་བ་འབབ་བོ། སྡོམ་འབྱུང་ལས་དོ་མ་འབྱུང་བའི་ལམ་དུ་བཤད། རྐྱང་མ་འཇུག་པའི་ལམ་དུ་བཤད་པའི་ཞེས་པས་ཡུལ་འཛིན་པའི་དུས་སུ་རོ་མའི་ནང་ནས་རླུང་དང་བསྡོངས་ནས་ཕྱིར་ཐོན་ཏེ་ཡུལ་འཛིན་ཅིང་། ཡུལ་ཟིན་ནས་རླུང་དང་ལྷན་ཅིག་ཏུ་རྐྱང་མའི་ནང་ནས་འཇུག་པ་ཡིན་ནོ། རྩ་འཁོར་བཞིར་བྱང་སེམས་འབབ་པའི་ཆ་ནས་དགའ་བ་བཞིའམ། བཅུ་དྲུག་ཏུ་འགྱུར་ཚུལ་ནི། གཏུམ་མོ་བསྒོམས་པས་དམར་ཆ་འཕེལ་ཏེ་བྱང་སེམས་ཞུ་བ་སྤྱི་བོ་ནས་འབབ་པ་ནས་བཟུང་སྟེ། མགྲིན་པར་སླེབ་སླེབ་གྱི་བར་ལ་དགའ་བ་བཞིའི་ནང་ནས་དགའ་བ་དང་། དགའ་བ་དེ་ལ་ཡང་དགའ་བའི་དགའ་བ་དང་། དགའ་བའི་མཆོག་དགའ་དང་། དགའ་བའི་ཁྱད་པར་གྱི་དགའ་བ་དང་། དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་ཡོད་པས་དེ་དག་ཀྱང་སྐྱེའོ། དེ་བཞིན་དུ་བྱང་སེམས་མགྲིན་པ་ནས་འབབ་པ་ནས་བཟུང་སྟེ་སྙིང་གར་སླབ་སླེབ་གྱི་བར་ནི། དགའ་བའི་ནང་ནས་མཆོག་དགའ་དང་། དེ་ལ་ཡང་དགའ་བ་བཞི་ཡོད་པས་དེ་དག་ཀྱང་སྐྱེའོ། སྙིང་ག་ནས་འབབ་པ་ནས་བཟུང་སྟེ་ལྟེ་བར་སླེབ་སླེབ་གྱི་བར་ནི། ཁྱད་པར་གྱི་དགའ་བ་དང་། དེ་ཡང་ཡང་དགའ་བ་བཞི་ཡོད་པ་རྣམས་སྐྱེའོ། སྙིང་གནས་འབབ་པ་ནས་བཟུང་སྟེ་ལྟེ་བར་སླེབ་སླེབ་ཀྱི་བར་ནི། ཁྱད་པར་གྱི་དགའ་བ་དང་། དེ་ལ་ཡང་དགའ་བ་བཞི་ཡོད་པ་རྣམས་སྐྱེའོ། ལྟེ་བ་ནས་འབབ་པ་ནས་བཟུང་སྟེ། ནོར་བུའི་རྩེར་སླེབ་སླེབ་ཀྱི་བར་ནི། ལྷན་སྐེས་ཀྱི་དགའ་བ་དང་། དེ་ལ་ཡང་དགའ་བ་བཞི་ཡོད་པ་རྣམས་སྐྱེའོ། དེ་ཡང་གྲགས་ཚོད་ལ་རྩལ་འཁོར་བཞིར་གྲགས་ཤིང་།


JLD006_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་ཏུ་བྱས་ནས་རྩ་འཁོར་བདུན་ཡོད། དེ་ཡང་བཞི་པོ་དེའི་སྟེང་དུ་གཙུག་ཏོར་ན་རྩ་འདབ་བཞི། གསང་གནས་ན་རྩ་འདབ་སོ་གཉིས། ནོར་བུའི་དབུས་ན་རྩ་འདབ་བརྒྱད་ཡོད་པའི་རྩ་འཁོར་གསུམ་སྟེ་བདུན་ནོ། འཁོར་ལོ་དེ་དག་གི་ལྟེ་བ་ལ་རོ་རྐྱང་གཉིས་གང་རུང་གཅིག་གིས་སྟེང་དང་། གཅིག་གིས་འོག་ནས་འཁྱུད་ཡོད་ཅིང་། དེ་ཡང་དེ་གཉིས་ཀྱི་བར་ན་དེ་གཉིས་ཀྱིས་མ་སླེབ་པའི་སྟོང་པ་ཅུང་ཟད་རེ་ཡོད་དེ། དེ་ཡང་སྙིང་གིའི་དབུ་མའི་ནང་ན་རྣམས་ཤེས་དང་ལྷན་ཅིག་ཏུ་སྐྱེས་པའི་རླུང་ཡོད་ལ། དེ་ལ་ཡེ་ཤེས་ཀྱི་རླུང་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། ཁུ་ཁྲག་གཉིས་ཀྱང་ཡོད་ཅིང་། དེ་ལ་རྩ་མདུད་ཀྱི་ཐད་ཀྱི་དབུ་མའི་ནང་ན་ཡོད་དོ། ལུས་ཟུངས་བཅུ་དྲུག་གི་ནང་ནས་ཁུ་ཁྲག་གཙོ་བོ་ཡིན་ཞིང་གཞན་རྣམས་དེའི་རྣམ་འགྱུར་ཡིན་ལ། དེ་ཡང་དང་པོར་མངླ་དུ་ཆགས་དུས་ཁུ་ཁྲག་སྙིང་ག་ན་ཡོད་ལ། དེ་ནས་ཁུ་བ་སྟེང་གི་ཕྱོགས་སུ་སོང་སྟེ་གཙོ་བོར་སྤྱི་བོ་ན་གནས། དེ་ཡང་ནམ་དགོས་པ་ན་སྐྱེ་བ་ཡིན་གྱི། སྣོད་དུ་ཆུ་བླུག་པའི་ཚུལ་གྱིས་ཡོད་པ་མིན་ནོ། ཁྲག་འོག་ཏུ་སོང་སྟེ་གཙོ་བོར་ལྟེ་བར་གནས་ལ་གཏུམ་མོ་འབར་བ་དང་ཐིག་ལེ་འཛག་པའི་དམིགས་པ་ལྟེ་བ་སོགས་ལ་གཏོད་པའི་རྒྱུ་མཚན་དེ་ཡིན་ནོ། རྩ་དེ་དག་ཏུ་བྱང་སེམས་དཀར་དམར་དང་རླུང་ཇི་ལྟར་རྒྱུ་བའི་ཚུལ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་ལ། སྟོང་ཕྲག་ཉེར་བཞི་ཚན་པ་གསུམ་དུ་ཡོད་ལ། དེའི་ཚན་གཅིག་ནས་ཁུ་བ། ཚན་གཅིག་ནས་


JLD006_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག ཚན་གཅིག་ནས་རླུང་འབབ་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས་ཁུ་ཁྲག་རླུང་གསུམ་འབབ་ཚུལ་དེ་ཡིན་ནོ། ཡང་དེའི་གྱེས་གཞིའི་རྩ་བདུན་ཅུ་རྩ་གཉིས་ལ་ཡང་རྩ་ཉེར་བཞི་ཚན་པ་གསུམ་ཡོད་པས། གསུམ་པོ་དེ་ལ་ཡང་ཁུ་ཁྲག་རླུང་གསུམ་འབབ་ཚུལ་སྔ་མ་དང་འདྲ་ལ། བདུན་ཅུ་རྩ་གཉིས་པོ་དེའི་གྱེས་གཞིའི་རྩ་ཉེར་བཞི་པོ་དེ་ལ་ཡང་བརྒྱད་ཚན་གསུམ་ཡོད་པས་གསུམ་པོ་དེ་ལ་ཡང་ཁུ་ཁྲག་རླུང་གསུམ་གྱི་འབབ་ཚུལ་སྔ་མ་དང་འདྲའོ། རྩ་ཉེར་བཞི་པོ་དེའི་གྱིས་གཞིའི་སྙིང་གའི་རྩ་འདབ་བརྒྱད་ལ་ནི། བཤང་གཅིག་གཉིས། ཁྱ་ཁྲག་གཉིས། བད་ཀན་ཏེ་བདུད་རྩི་ལྔ་འབབ་པོ། བརྒྱད་པོའི་གྱེས་གཞི་རོ་རྐྱང་དབུ་མ་གསུམ་ཡིན་ལ། དེ་དག་གི་འབབ་ཚུལ་ནི་སྔར་བཤད་ཟིན་ཏོ། རྩ་རྣམས་བསྡུས་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་རྩ་བདུན་ཅུ་རྩ་གཉིས་སུ་འདུ་ལ། དེ་ཡང་ཉེར་བཞིར་བདུའོ། དེ་སྙིང་གའི་རྩ་འདབ་བརྒྱད་དུ་འདུ། བརྒྱད་པོ་དེ་འང་རོ་རྐྱང་དབུ་མ་གསུམ་དུ་འདུའོ། རོ་རྐྱང་གཉིས་བྱང་དབུ་མར་འདུ་བ་ཡིན་ནོ། ཡང་གྱེས་ཚུལ་ནི་གོང་ལྟར་རོ། ལྷ་གཙོ་བོ་ལས་སྤྲོ་བསྡུ་བྱེད་ཚུལ་ནི། སྙིང་གའི་རྩ་དང་རླུང་ལས་ཕྱོགས་ཀྱི་རྩ་དང་རླུང་རྣམས་སྤྲོ་བསྡུ་བྱེད་པ་དེ་ལ་དཔེ་བྱས་ནས་བསྒོམ་པ་ཡིན་ནོ། ཡང་སྙིང་གའི་རྩ་ཞེས་པ་ནི་སྲོག་རྩ་ཡིན་ལ། རྩ་དེ་ཡང་སྒལ་ཚིགས་ཀྱི་ནང་ཙམ་ན་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན་ནོ། དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་ཡོད་དེ། དེའི་མགོ་བོ་གྲུ་གསུམ་དུ་ཡོད་ལ། མགྲིན་པར་གཞོན་ནུ་


JLD006_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་ནུ་མ་འད་བ་དང་། སྙིང་གར་གའི་མིག་འདྲ་བ་དང་། ལྟེ་བར་པདྨ་འདྲ་བ་དང་། གསང་གནས་ན་རྡོ་རྗེ་འདྲ་བ་དང་། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་དང་ཕྱི་དབྱིབས་འདྲའོ། དེས་ན་རྩ་དང་རླུང་གང་ཡིན་ཀྱང་སྙིང་ག་ན་ཡོད་དེ་ཞེས་པ་ནི་ནུ་མ་གཉིས་ཀྱི་བར་གྱི་ཐད་དྲང་སྒལ་ཚིགས་ཀྱི་ནང་ཙམ་ན་ཡོད་པ་ལ་གོ་དགོས་སོ། སྔར་བཤད་པའི་བྱང་སེམས་འབབ་པའི་རྩ་སོ་གཉིས་པོ་དེ་སྤྱི་བོའི་རྩ་འདབ་མིན་ཏེ། དེའི་ནང་ན་སྙིང་གའི་རྩ་འདབ་བརྒྱད་འདུག་པའི་ཕྱིར་རོ། སོ་གཉིས་པོ་དེ་ལ་དེ་མཆོག་གི་ལྷ་མོ་དང་སྦྱར་ན་རོ་རྐྱང་དབུ་མ་གསུམ་ནི་རྡོ་རྗེ་ཕག་མོ་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་ལྷ་མོ་ཉེར་བཞི་དང་། སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་ནི་ས་ཆུ་མེ་རླུང་འབྱུང་བའི་རྩ་ཡིན་པས། བདེ་ཆེན་འཁོར་ལོའི་ལྷ་མོ་གཞི་དང་སྦྱོར་བ་ཡིན་ལ། སྒོ་མཚམས་མ་བརྒྱད་ལ་རྩ་དང་སྦྱོར་རྒྱུ་མེད་པ་འདྲ་གསུར། སྙིང་གའི་དབུ་མའི་ནང་གི་ཧཱུྃ་རིང་པོ་ནི་བདེ་མཆོག་དང་། སྐུ་གསུང་ཐུས་ཀྱི་རྩ་ཉེར་བཞའི་ནང་གི་ཁམས་ཉེར་བཞི་ནི་འཁོར་ལོ་གསུམ་དཔའ་བོ་ཉེར་བཞི་དང་སྦྱོར་རོ། དེ་ཡང་བདུད་བྲལ་མ་ལས་འཆི་བའི་དུས་མ་གཏོགས་གཞི་དུས་སུ་བྱང་སེམས་མི་འབབ་པས་དེ་ལྷ་དང་མི་སྦྱོར་རོ། དེ་ལ་བདུད་ཟེར་བའི་རྒྱུ་མཚན་ནི་རང་གཞན་གཉིས་ཀར་བྱང་སེམས་འབབ་པ་འགོག་པའོ། དེ་ཡང་གཞི་དུས་སུ་སེམམ་ཅན་ཐ་མལ་པ་ལ་འཆི་དུས་སུ་གཏོགས་དེའི་ནང་


JLD006_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱང་སེམས་མི་འབབ་ཀྱང་ལམ་དུས་ན་མཐོན་པོར་སོང་བའི་ཚེ་འཆི་བའི་གོང་ནས་ཀྱང་དེའི་ནང་ནས་བྱང་སེམས་འབབ་པའོ། རྩ་སོ་གཉིས་ཀྱི་ཚེ་བདུད་བྲལ་མ་མ་གཏོགས་སོ་གཅིག་པོ་དེ་བདག་མེད་ལྷ་མོ་བཅོ་ལྔ་དང་ཡང་སྦྱོར་བ་ཡིན་ཏེ། གཙོ་བོ་ལ་རྩ་གསུམ། འཁོར་བཅུ་བཞི་ལ་རྩ་གཉིས་གཉིས་ཏེ་དེས་སོ་གཅིག་ཐིམ་མོ། ལྷ་མོ་དེ་དག་ལ་བསྐྱེད་པའི་ཡི་གེ་ནི། ཨཿཚེག་དྲག་ཅན་མ་གཏོགས་པའི་དབྱངས་ལྷག་མ་བཅོ་ལྔ་ཡིན་ནོ། རླུང་དང་གཏུམ་མོའི་རྣལ་འགྱོར་ལ་བརྟེན་ནས་ལྟེ་བའི་ཁྲག་དང་། སྤྱི་བོའི་བྱང་སེམས་ཡར་མར་དུ་འགྲོ་བ་སྲིད་ཀྱི། སྙིང་གའི་རྩ་བདུད་ཀྱི་དབུ་མའི་ནང་གི་བྱང་སེམས་དཀར་དམར་གཉིས་དང་། ལྷན་སྐྱེས་ཀྱི་རླུང་རྣམས་འཆི་བའི་ཚེ་མ་གཏོགས་འཕོ་འཇུག་མི་བྱེད་པ་ཡིན་ནོ། རྫོགས་རིམ་གྱི་རྟོགས་པ་རྣལ་མ་ཞིག་རྒྱུད་ལ་སྐྱེ་བར་འདོད་ན་དེ་ལ་འཆི་བའི་དུས་ཀྱི་རླུང་གི་འབྱུང་བ་སྡུད་རིམ་ཤེས་དགོས། དེ་ལ་བསྐྱེད་རིམ་ཤེས་དགོས་པས། དེ་ནི་ཐམས་ཅད་སྟོང་པ་སྟེང་ཆི་བའི་འོད་གསལ་ལས། སྟོང་པ་ཉེར་ཐོབ་དྲི་ཟ་བར་སྲིད་སྐྱེ་བའི་སེམས་འབྱུང་། དེ་ལ་ཐབས་མཆེད་པ་སྟེ། བར་དོ་དྲ་དང་གནས་ལ་འདོད་པའི་སེམས་འབྱུང་། དེ་ལས་ཤེས་རབ་སྣང་བ་སྟེ། མང་ལ་དུ་སྐྱེ་བ་འཛིན་པའི་སེམས་འབྱུང་། དེ་ནས་མངལ་དུ་ཉིང་མཚམས་སྦྱར་མ་ཐག་འབྱུང་བ་བཞི་ག་ཡོད་མོད། འོན་ཀྱང་འབྱུང་བ་རགས་པ་སྐྱེ་བའི་དབང་དུ་བྱས་ན། དང་པོར་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་། དེའི་རྗེས་


JLD006_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་སྐྱེ་མཆེད་རྣམས་འབྱུང་ལ། དེ་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འབྱུང་ངོ་། དེ་ལ་ཉིན་མཚན་གྱི་དབྱེ་བ་གཉིས་ཀྱིས་ཕྱེ་བས་བརྒྱ་དྲུག་ཏུ་ཡིན་ནོ། སྡུད་རིམ་དུས་སུ་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་སེམས་ལ་ཐིམ། སེམས་སྣང་བ་ལ། དེ་མཆེད་པ་ལ། དེ་ཉེར་ཐོབ་ལ། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ། དེ་ནི་འཆི་བའི་འོད་གསལ་ལམ་འཆི་བ་དངོས་ཡིན་ནོ། དེ་ཡང་ས་ཆུ་ལ་ཐིམ་ཞེས་བརྗོད་ཀྱང་ས་ཁམས་ཡེ་མེད་དུ་སོང་བ་ནི་མིན་ལ། སས་ཤེས་པའི་རྟེན་མི་བྱེད་པ་ལ་ས་ཆུ་ལ་ཐིམ་ཞེས་བརྗོད་པ་ཡིན་ནོ། ཆུ་མེ་ལ་ཐིམ་ཚུལ་སོགས་ཀྱང་དེ་དང་འདྲའོ། རླུང་རྣམ་ཤེས་ལ་ཐིམ་ཞེས་པ་སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་ན་རླུང་རགས་པ་དེ་སྙིང་གའི་རྩ་མདུད་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་ལྷུན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། དེས་དུས་ན་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀྱང་ལྷན་སྐྱེས་ཀྱི་རླུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ནོ། རླུང་ཕྲ་བ་གཅིག་བུས་ཤེས་པའི་རྟེན་བྱེད་ཀྱི་རགས་པས་མི་བྱེད་པའི་དུས་ནི། རླུང་སེམས་སྣང་བ་ལ་ཐིམ་ནས་སྟོང་ཆེན་འོད་གསལ་ལ་ཐིམ་པའི་བར་དུའོ། དེ་ནས་འོད་གསལ་ལམ་འཆི་བའི་འོད་གསལ་ལས་སྟོང་ཆེན་ཉེར་ཐོབ་དྲི་ཟའི་སེམས་བར་དོ་སོགས་འབྱུང་བ་སྔས་


JLD006_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲོའོ། དེས་ན་གཞི་དུས་སུ་རྩ་དང་རླུང་དང་འབྱུང་བ་རྣམས་དང་པོར་ཆགས་པ་སྙིང་གནས་ཆགས་ལ། མཐར་སྡུད་པ་ཡང་སྙིང་གར་སྡུད་པ་དང་འདྲ་བར་ལམ་བསྐྱེད་རིམ་གྱི་སྐབས་སུ་སྙིང་གའི་ཏིང་ངེ་འཛིན་སེམས་དཔལ་སྤྲོ་བསྡུ་མར་དུ་བྱས་ཏེ་བསྒོམས་པས། རྫོགས་རིམ་གྱི་སྐབས་སུ་འཆི་དུས་ཀྱི་འབྱུང་བ་སྡུད་པ་སྒུག་མི་དགོས་པར་དེའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་རྣམས་རིམ་གྱིས་བསྡུས་ནས་གཉིས་སྡང་དང་བྲལ་བའི་འོད་གསལ་སྐྱེ་བ་ཡིན་ནོ། དེས་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ནས་བསྐྱེད་རིམ་གྱི་སྐབས་སུ་གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་དང་སྒྱུར་ནས་སྒོམ་དགོས་པ་མང་དུ་གསུངས་པ་ཡང་། བློགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་གཞན་དང་ཡེ་མི་འདྲ་བ་ལ་དགོངས་པ་ཡིན་ནོ། ཡང་རྩེ་རླུང་ཐིག་ལེ་མང་དུ་གསུངས་པའི་དགོས་པ་ནི། འཆི་བའི་ཚེ་ལྟེ་བའི་དམར་ཆ་ཡར་འགྲོ། སྤྱི་བོའི་དཀར་ཆ་མར་འོངས་པའི་འདུ་འཕྲོད་ལ་བརྟེན་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་མངོན་དུ་འགྱུར་ལ། དེ་ཡང་གཉིས་སྣང་འགགས་པ་ཙམ་ལ་འོད་གསལ་དུ་བཏགས་པ་ཡན་གྱི། མཚན་ཉིད་པ་ནི་མིན་ནོ། དེ་དང་འདྲ་བར་ལམ་དུས་སུ་རླུང་དང་ལྟེ་བའི་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་དམར་པོ་དང་དཀར་པོའི་འདུ་འཕྲོད་བྱེད་པ་ཡོད་ཅིང་། འདུ་འཕྲོད་བྱུང་དུས་གཉིས་སྣང་རགས་པ་འགགས་པས་དེའི་དུས་སུ་སྟོང་ཉིད་ཀྱི་ངེས་ཤེས་གསལ་བཏབ་


JLD006_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཞན་དང་མི་འདྲ་བའི་སྟོང་ཉིད་རྟོགས་པ་ལ་བོགས་འོང་བེས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ། རྩ་ཉེར་བཞི་དང་། བདུན་ཅུ་རྩ་གཉིས་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སྐུ་གསུང་ཐུགས་སམ། ལུས་ངག་ཡིད་གསུམ་ལ་སོགས་པ་གསུམ་གསུམ་དུ་འབྱེད་པ་དང་། གསུམ་དུ་གྲངས་ངེས་པ་ནི་རྩ་དེ་དག་གི་ནང་ནས་འབབ་པའི་རྫས་ལ་བྱང་སེམས་དཀར་དམར་གཉིས་དང་རླུང་གསུམ་དུ་ངེས་པས་དེའི་གནད་ཡིན་ནོ། གཞི་དུས་སུ་རྩ་དང་རླུང་ཆགས་པའི་རིམ་པའམ། སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་བསྒོམས་པས། རྫོགས་རིམ་གྱི་སྐབས་སུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་བསྡུས་ནས་གཉིསསྣང་དང་བྲལ་བའི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་སུ་དེ་ལས་ལངས་མ་ཐར་ཁོ་ནར་འཇའ་ལུས་ལས་གྲུབ་པའི་ལྷ་སྐུར་ལྡང་བ་ཡིན་ལ། དེ་ནི་འབྲས་བུ་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་ཕྱེད་དོ། དེས་ན་བསྐྱེདྲིམ་གྱི་སྐབས་ཁོ་ནར་ལྷའི་སྐུ་སྒོམ་ལ། རྫོགས་རིམ་ཀྱི་སྐབས་སུ་ལྷ་སྐུ་ཡེ་མི་སྒོམ་ན་རྫོགས་རིམ་ཀྱི་སྐབས་སུ་གཟུགས་སྐུ་གཉིས་ཀྱི་ཐུན་མོང་མིན་པའི་ཉེར་ལེན་བྱ་རྒྱུ་མེད་པར་ཐལ་བའི་སྐྱོན་ཡོད་པས་སྐབས་དེར་ཡང་ལྷ་སྐུ་ངེས་པར་སྒོམ་དགོས་སོ། རླུང་ཆགས་ཚུལ་ནི། མ་རལ་དུ་ཉིར་མཚམས་སྦྱ་ནས་སྙིང་གའི་རྩ་མདུད་ཆགས་པའི་ཚེ་དེའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་མའི་སྲོག་


JLD006_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་རླུང་སྐྱེ། རླུང་དེ་གཉིས་ཀའང་སྲོག་འཛིན་གྱི་རླུང་ཡིན་ནོ། དེའི་ཚེ་སེམས་ཅན་གྱི་ལུས་ཉའི་རྣམ་པ་ལྟ་བུར་ཡོད་པར་རྒྱུད་རྡོ་རྗེ་འཕྲེང་བར་བཤད། དེ་ཡང་མངལ་དུ་ཞུགས་པའི་ཟླ་བ་དང་པོའི་དུས་ཀྱི་སྐྱེ་ཚུལ་ཡིན་ནོ། ཟླ་བ་གཉིས་པའི་ཚེ་སྲོག་འཛིན་གྱི་རླུང་ལས་ཐུར་སེལ་གྱི་རླུང་སྐྱེས། སྲོག་འཛིན་གྱི་རྩ་བའི་གནས་ནི་སྙིང་ག་ཡིན་ཞིང་། ཐུར་སེམས་ཀྱི་རྩ་བའི་གནས་ནི་གསང་གནས་ཡིན་ནོ། དེའི་ཚེ་ལག་པ་གཉིས་རྐང་བ་གཉིས་ཏེ་གཞི་མགོ་དང་བཅས་པའི་འབུར་དུ་ལྔ་དོད་པས་ལུས་རུས་སྦལ་གྱི་རྣམ་པ་ལྟ་བུར་ཡོད་དོ། ཟླ་བ་གསུམ་པ་ལ་ཐུར་སེལ་གྱི་རླུང་ལས་མཉམ་གནས་ཀྱི་རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་ལྟེ་བ་ཡིན་ནོ། དེའི་ཚེ་ཡན་ལག་ལྔ་ཚང་བལ་ཅུང་ཟད་རྒུར་པོར་ཡོད་པས་ཕག་རྒོད་ཀྱི་རྣམ་པ་ལྟ་བུར་ཡོད་དོ། ཟླ་བ་བཞི་པ་མཉམ་གནས་ཀྱི་རླུང་ལས་གྱེན་རྒྱུའི་རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་མགྲིན་པ་ཡིན་ནོ། དེའི་ཚེ་སྟོན་ཅུང་ཟད་རྒྱས་པ་སེང་གེའི་རྣམ་པར་ཡོད་དོ། ཟླ་བ་ལྔ་པ་ལ་གྱེན་རྒྱུའི་རླུང་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་ཚིགས་ཆེན་བཅུ་གཉིས་ཡིན་ནོ། དེའི་ཚེ་མིའུ་ཐུང་གི་རྣམ་པར་ཡོད་པས་སོ། ཟླ་བ་དྲུག་པ་ལ་མིག་གི་སྒོར་འགྱུང་བའི་རླུང་ཞེས་བྱ་བ་སྐྱེ་ལ་འབྱུང་ས་སྐྱེ། ཟླ་བ་བདུན་པ་ལ་རྣ་བའི་སྐོར་འབྱུང་བའི་རླུང་རུས་སྦལ་དང་འབྱུང་བ་ཆུ་སྐྱེ། ཟླ་བ་བརྒྱད་པ་ལ་སྣའི་སྒོར་རླུང་རྩངས་པ་དང་འབྱུང་བ་མེ་སྐྱེ། ཟླ་བ་


JLD006_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་ལ་ལྕེ་ལ་རྒྱུ་བའི་རླུང་ལྷ་སྦྱིན་དང་འབྱུང་བ་རླུང་སྐྱེ། ཟླ་བ་བཅུ་པ་ལ་ལུས་ལ་རྒྱུ་བའི་རླུང་གཞུ་ལས་རྒྱལ་དང་འབྱུང་བ་ནམ་མཁའི་ཁམས་ཏེ་ལུས་ཀྱི་བུག་པ་དང་སྦུབས་རྣམས་འབྱུང་། ཡན་ལག་གི་རླུང་ལྔ་པོ་དེ་དག་གཙོ་ཆེར་སྲོག་འཛིན་གྱི་རླུང་ཡིན་ལ། རླུང་གཞན་བཞི་པོ་དེ་དག་ཀྱང་དབང་པོའི་སྒོ་རྣམས་ལ་རྒྱུ་བ་སྲིད་དོ། སྲོག་འཛིན་གྱིས་ཚེ་གནས་པ་དང་སྣ་སྒོ་ལ་རྒྱ་བའི་ལས་བྱེད་ལ། ཐུར་སེལ་གྱིས་བཤང་གཅི་ཐུར་དུ་འདྲེན་པའི་བྱ་བྱེད། མཉམ་གནས་ཀྱིས་ཟས་ཀྱི་དྭངས་མ་མ་ལུས་པ་ལུས་ལ་འགྲེམ་པའི་བྱ་བ་བྱེད། དྭངས་སྙིགས་འབྱེད་མཁན་ནི་ལྟེ་བའི་གཏུམ་མོའི་མེས་བྱེད། གྱེན་རྒྱུས་ཟལ་ལ་མྱང་བ་དང་སྨྲ་བ་སོགས་དང་རླུང་གཞན་རྣམས་གྱེན་འགྲོ་བའི་བྱ་བ་བྱེད་དོ། ཁྱབ་བྱེད་ཀྱིས་ལུས་ཀྱི་ནང་གི་རླུང་གཞན་རྣམས་ལ་ཁྱབ་པར་དང་། འགྲོ་བ་སོགས་ཀྱི་བྱ་བ་བྱེད་དོ། ཐུར་སེལ། སྲོག་འཛིན། གྱེན་རྒྱུ། མཉམ་གནས་གཞི་ནི་རིམ་པ་བཞིན་ས་ཆུ་མེ་རླུང་བཞི་དང་། རིན་ཆེན་མགོན་པོ། རྡོ་རྗེ་མགོན་པོ། པདྨ་མགོན་པོ། ལས་ཀྱི་མགོན་པོ་བཞིའི་རླུང་ཡིན་ལ། དེ་ཡང་མགོན་པོ་དེ་རེའི་རླུང་རྒྱུ་བ་ན། དགུ་བརྒྱ་བ་ཕྲག་རེ་རེ་རྒྱུ་ལ། དེ་ལ་འབྱུང་བ་ཆེ་ཆུང་གི་དབང་དུ་བྱས་ན་འབྱུང་བ་ཆེ་བའི་རླུང་ཡིན་ལ། དེ་ལ་ཉིས་བརྒྱ་ཉེར་ལྔ་པ་མཚན་པ་བཞིར་བྱས་ལ། ཚན་པ་རེ་རེ་ལ་གོས་དཀར་མོ་ལ་སོགས་པ་ལྷ་མོ་གཞིའི་རླུང་ཡིན་ཞིང་། ལྷ་མོའི་རླུང་ལ་འབྱུང་


JLD006_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་གི་རླུང་ཟེར། དེས་ན་མགོན་པོ་རེ་རེའི་རླུག་རྒྱུ་བ་ན་ལྷ་མོ་བཞི་བཞིའི་རླུང་རྒྱུ་བས། འབྱུང་བ་ཆེ་བའི་རླུང་རེརེ་རྒྱུ་བ་ན། འབྱུང་བ་ཆུང་བའི་རླུང་བཞི་བཞི་རྒྱུ་བ་ཡིན་ནོ། མགོན་པོ་བཞིའི་རླུང་གི་ཁྱད་པར་ནི། པདྨ་མགོན་པོའི་རླུང་རྒྱུ་བའི་ཚེ་ཡང་ཁ་དོག་རྣམ་པ་ལྔའི་རླུང་རྒྱུ་ལ། དེའི་ཚེ་དམར་པོས་གཞན་གཞི་ལ་ཁྱབ་པར་རྒྱུ་བ་ཡིན་ནོ། དེ་བཞིན་དུ་རིན་ཆེན་མགོན་པོ། རྡོ་རྗེ་མགོན་པོ། ལས་ཀྱི་མགོན་པོ་རྣམས་ལ་ཡང་། སེར་པོ་དང་། དཀར་པོ་དང་། ལྗང་གུ་རྣམས་གཙོ་ཆེ་ཞིང་། གཞན་ཕལ་བའི་ཚུལ་གྱིས་རྒྱུ་བ་ཡིན་ནོ། དེ་ཡང་ལྷ་མོ་བཞིའི་རླུང་རྒྱུ་བའི་ཚུལ་ནི། མེ་གོས་དཀར་མོའི་རླུང་རྒྱུ་བའི་ཚེ། སྣ་བུག་གནས་པ་ལྟ་བུའི་དབང་དུ་བྱས་ན། དམར་པོ་དབུས། གཡོན་པ་ལྗང་གུ། འོག་ལ་དཀར་པོ། སེར་པོ་སྟེང་དང་། སྔོན་པོ་གཡས་ལ་རྒྱུ་བ་ཡིན་ནོ། དེས་མཚོན་ནས་མེའི་རླུང་རྒྱུ་བའི་ཚེ་ལྗང་གུ་དབུས་དང་། མེའི་ས་རྒྱུ་བའི་ཚེ་སེར་པོ་དབུས་དང་། མེའི་ཆུ་རྒྱུ་བའི་ཚེ་དཀར་པོ་དབུས་སུ་རྒྱ་བ་ཡིན་ནོ། ཡང་མགོན་པོ་བཞིའི་རླུང་རྒྱུ་བའི་ཚེ་སྣ་བུག་གཡས་པ་ལྟ་བུ་ཞིག་གི་གཡས་གཡོན་ལ་རྒྱ་ཞེས་བླ་མ་ཁ་ཅིག་གསུངས་པ་མི་འཐད་པས། པདྨ་མགོན་པོ་ལྟ་བུ་སྣ་བུག་གཡས་ཁོ་ན་དང་། ལས་ཀྱི་མགོན་པོ་གཡོན་ཁོ་ན་དང་། རིན་ཆེན་མགོན་པོ་གཉིས་ཀ་ནས་དྲག་ཏུ་རྒྱུ་ཞིང་། རྡོ་རྗེ་མགོན་པོ་གཉིས་ཀ་ནས་དལ་བར་རྒྱུ་བ་ཡིན་ནོ། དེ་ལ་གསང་བ་འདུས་པའི་ལུགས་ཀྱི་ཉིན་ཟག་ཕྲུགས་གཅིག་ལ་ཐུན་བཅུ་གཉིས། ཐུན་ཕེན་པ་ཉེར་བཞི། ཐུན་ཕྱེད་པ་རེ་རེ་ལ་མགོན་པོ་


JLD006_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེའི་རླུང་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་ལ། དགུ་བརྒྱ་བ་རེ་རེ་ལ་ལྷ་མོ་བཞི་བཞིའི་རླུང་རྒྱུ་བ་དེ་འབྱུང་ཆེན་ཀྱི་དཀྱིལ་འཁོར་ཉེར་བཞི། དེ་རེ་རེ་ལ་འབྱུང་ཆུང་གི་དཀྱིལ་འཁོར་བཞི་བཞིར་ཕྱེ་བས་འབྱུང་ཆུང་གི་དཀྱིལ་འཀོར་དབུ་བཅུ་རྩ་དྲུག་རྒྱུ་བ་ཡིན་ནོ། འདི་པའི་ལུགས་ཀྱི་འཕོ་བ་ཉེར་བཞིར་བྱེད་པ་ཡིན་ཏེ། འཕོ་བའི་དོན་ནི་སྣ་བུག་གཡས་ནས་གཡོན་དུ་འཕོ་བ་ལྟ་བུ་མིན་ལ། འདི་ན་དབུ་བརྒྱ་བ་རེ་རེ་སོང་བ་ན་འཕོ་འཇུག་བྱེད་པའི་ཕྱིར་རོ། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི་མགོན་པོ་བཞའི་རླུང་ཁོ་ན་ཡིན་ལ། ཁྱབ་བྱེད་ཀྱི་རླུང་ནི་འཆི་ཚེ་མ་གཏོགས་མི་རྒྱུ་ཞིང་། དེའི་ཚེ་ཡང་ཙི་ཙམ་རྒྱུ་བའི་ངེས་པ་མི་སྣང་ཞིང་། མན་ངག་སྙེམས་ལས། རྒྱ་གར་བའི་བླ་མ་སྔ་རབས་རྣམས་ཀྱི་མན་ངག་ལས། ལྷན་མོ་གཅིག་གི་རླུང་ཉིས་བརྒྱ་ཉེར་ལྔ་རྩ་གཉིས་ནས་འབབ་པའི་ཚེ། བདུད་བྲལ་མའི་ནང་ནས་རླུང་བདུན་བརྒྱ་ལྷག་ཙམ་ཞིག་འབར་བར་བཤད་ལ། དེ་ལྟར་བདུད་བྲལ་མའི་ནང་དུ་འཆི་བའི་གོང་ནས་རླུང་འབབ་པ་དང་། ཁྱབ་བྱེད་ཀྱི་རླུང་འཆི་བའི་གོང་ནས་རྒྱུ་བ་འདྲ་བ་ཞིག་འབྱུང་ལ། འོན་ཀྱང་མན་ངག་དེ་ཡིད་ཆེས་པའི་གནས་སུ་ཁས་ལེན་པའི་ངེས་པ་མི་སྣང་ངོ་། ཁྱབ་བྱེད་ཀྱི་རླུང་ནི་འབྱུང་བ་ནམ་མཁའི་རླུང་ཡིན་ལ། ས་རླུང་དང་། ཆུ་རླུང་དང་། མེ་རླུང་དང་། རླུང་གི་རླུང་རྣམས་རྒྱུ་བའི་ཚུལ་ནི། རིམ་པ་ལྟར་ཐད་ཀ་དང་། འོག་དང་། སྟེང་དང་། གྱེན་གསེག་ལ་རྒྱུ་བ་ཡིན་ནོ། མ་རྒྱུད་ནས་གསུངས་པའི་རྩ་འདབ་ནས་རྒྱུ་ཚུལ་


JLD006_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཕྱའི་དབང་དུ་བྱས་ན་ཉིན་ཞག་གཅིག་ལ་དབྱུ་གུ་དྲུག་ཅུ་རེ་བཞི་ཡོད་ལ། དེ་དང་མཐུན་པར་གང་ཟག་གཅིག་ལ་ཉིན་ཞག་གཅིག་ལ་ལྟེ་བའི་འདབ་མ་ནས་དབྱུ་གུ་དྲུག་ཅུ་རེ་བཞིའི་རླུང་རྒྱུ་ལ། དབྱུ་གུ་རེ་ལ་རླུང་སུམ་བརྒྱ་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་ཡོད་དོ། ཡང་ཉིན་ཞག་གཅིག་ལ་ཆུ་ཚོད་སོ་གཉིས་རེ་ཡོད་ལ། དེ་དང་མཐུན་པར་ཆུ་ཚོད་སོ་གཉིས་ཀྱི་རླུང་སྤྱི་བོའི་རྩ་འདབ་ལ་རྒྱུ་ལ། ཚུ་ཚོད་རེ་ལ་རླུང་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ཡོད་དོ། ཡང་ཉིན་ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་པ་དང་མཐུན་པར་འཕོ་བ་བཅུ་དྲུག་གི་རླུང་མགྲིན་པའི་རྩ་འདབ་ནས་རྒྱུ་ལ། འཕོ་བ་རེ་རེའི་རླུང་ལ་སྟོང་དང་ཕྱེད་དང་བཞི་བརྒྱ་རེ་ཡོད་དོ། ཡན་ཉིན་ཞག་ཅིག་ལ་ཐུན་ཚོད་བརྒྱད་ཡོད་པ་དང་མཐུན་པར་སྙིང་གའི་རྩ་འདབ་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ལ། ཐུན་ཚོད་རེ་རེ་ལ་རླུང་ཉིས་སྟོང་བདུན་བརྒྱ་རེ་ཡོད་ལ། འདི་དག་ཀྱང་གང་ཟག་གཅིག་གི་ཉི་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཚུལ་ཡིན་ཞིང་། དེ་ཡང་འཁོར་ལོ་བཞི་པོ་རེ་རེ་ནས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་སྔ་ཕྱི་མ་ཡིན་པར་དུས་མཉམ་དུ་རྒྱུ་བ་ཡིན་ནོ། དེ་ཡང་ལྟེ་བའི་འདབ་མ་གཉིས་ནས་རླུང་རྒྱ་བ་རྫོགས་པའི་ཚེ། སྤྱི་བོའི་འདབ་མ་གཅིག་ནས་གཉིས་པ་ལ་འཕོ། སྤྱི་བོའི་འདབ་མ་གཉིས་པ་ནས་རྒྱུ་བ་རྫོགས་པའི་ཚེ་མགྲིན་པའི་འདབ་མ་གཅིག་ནས་གཉིས་པ་འཕོར་ལ། མགྲིན་པའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ་སྙིང་གའི་འདབ་མ་གཅིག་ནས་གཉིས་པ་འཕོ་བ།


JLD006_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། དེ་ལྟར་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་ནི། དེ་དག་གི་གནས་ཚུལ་ཐིངས་ནས་དེ་ལ་གནད་དུ་བསྣུན་པས་སྟོང་པ་དང་བདེ་བ་དབྱེར་མེད་པའི་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཡོད་ལ། སྟོང་པ་ནི་ཡུལ་ལ་བྱེད་པ་དང་ཡུལ་ཅན་ལ་བྱེད་པ་གཉིས་ལས། འདི་ནི་ཤཱནྟི་པས་བཤད་པ་ལྟར་ཡུལ་བདག་མེད་པ་ལྟ་བུ་ཡིན་ལ། བདེ་བ་དེ་ལ་རྣམ་པ་མང་དུ་ཡོད་དེ། མཚན་ཉིད་ཐེག་པ་ནས་བཤད་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དང་། དབུགས་འགྲངས་པ་ལ་བརྟེན་ནས་སྐྱེས་པའི་ཞི་གནས་ཀྱི་བདེ་བ་དང་། རྒྱུད་སྡེ་འོག་མ་ནས་བཤད་པའི་སྲོག་བཀག་པའི་རླུང་སྦྱོར་ཀྱི་བདེ་བ་རྣམས་ནི་འདིར་དོན་དུ་གཉེར་བྱ་མ་ཡིན་ལ། འོ་ན་གང་ཡིན་སྙམ་ན། དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་ཡིན་ལ། དེ་ཡང་རླུང་ལ་རྡོར་བཟླས་དང་། གཏུམ་མོའི་མེ་དམིགས་བྱས་པའི་སྟོབས་ཀྱིས་ལྟེ་བའི་དམར་ཆ་འཕེལ་ནས་སྤྱི་བོའི་བྱང་སེམས་ཞུ་སྟེ། ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་སྐྱེ་ལ། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་ལ་དགའ་བའི་བདེ་བ་སྐྱེལ་དགའ་བ་དེས་སྟོང་ཉིད་ཡུལ་དུ་བྱས་ཤིང་བཟུང་ནས་དེ་དང་སྟོང་ཉིད་གཉིས་ནི་ནམ་མཁའ་ལ་ནམ་མཁའ་ལྟ་བུར་སྦྱོར་བའི་ཚེ། བདེ་སྟོང་དབྱེར་མེད་ཟུང་དུ་འཇུག་པའི་རྫོགས་རིམ་ཞེས་བྱའོ། ཡང་སྔགས་ཀྱི་སྐབས་སུ་སྟོང་བ་དང་སྙིང་རྗེ་དབྱེར་མེད་ཅེས་བཤད་པའི་སྟོང་པ་ནི་ཆོས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་བའི་སྡོད་ཉིད་རྟོགས་པའི་ཤེས་རབ་ཡིན་ལ། སྙིང་རྗེ་ནི་


JLD006_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ཁོ་ན་ལ་མི་བྱེད་ཀྱི། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་ཐབས་སྙིང་རྗེ་ཡིན་ནོ། དེས་ན་སེམས་ཀྱི་རྟེན་ཐིག་ལེ་ཡིན་པས་རྗེ་མར་པ་ནས་བརྒྱུད་པ་རྣམས་ལ་ཉིན་ཞག་གཅིག་ལ་གཉིད་དུ་སོང་མ་སོང་གཉིས་སུ་ངེས་ལ། གཉིད་དུ་སོང་བ་ལ་རྨི་ལམ་ཡོད་མེད་གཉིས་ལས། རྨི་ལམ་མེད་པའི་གཉིད་འཐུག་གི་དུས་སུ་སེམས་ཀྱི་རྟེན་བྱང་སེམས་དཀར་དམར་སྙིང་ག་ན་གནས་པས་སྙིང་གར་སེམས་འཛིན་ལ། རྨི་ལམ་རྨི་བའི་དུས་སུ་དེ་གཉིས་མགྲིན་པར་གནས་པས་མགྲིན་པར་སེམས་འཛིན་ལ། གཉིད་དུ་མ་སོང་བའི་དུས་སུ་ལྟེ་བར་གནས་པས་དེར་སེམས་འཛིན་ལ། ཕོ་མོ་སྦྱོར་བ་བྱེད་པའི་ཚེ་དེ་གཉིས་སྤྱི་བོ་ན་གནས་ཞེས་བརྗོད་དོ། དུས་འཁོར་བའི་ལུགས་ལ་དང་པོ་གཉིས་སྔ་མ་དང་འདྲ་ལ། ཕྱི་མ་གཉིས་ལྡོག་སྟེ་བཤད་དོ། གཉིས་པ་ལ་གཉིས། རྫོགས་རིམ་སྤྱིའི་རྣམ་གཞག་མདོ་ཙམ་དུ་བསྟན་པ་དང་། སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བའོ། དང་པོ་ནི། སྤྱིར་སྔགས་ཀྱི་ལུགས་ལ་རབ་ཚེ་འདི་དང་། འབྲིང་བར་དོ། ཐ་མ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་ལས། དང་པོ་ནི། གསང་འདུས་འཕགས་ལུག་པ་དང་བསྟུན་ན་དང་པོར་སེམས་བསྐྱེད་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་ཕར་ཕྱིན་དྲུག་ལ་བསླབ་བ་སོགས་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ནས། དེས་དབང་བསྐུར་མ་མཚན་ཉིད་དང་ལྡན་པ་ཐོག་པར་བྱས་ཏེ། རྩ་ལྟུང་དང་སྦོམ་པོ་སོགས་ཀྱིས་མ་གོས་ཤིང་དམ་ཚིག་དང་སྡོམ་པ་དག་པས་རྒྱུད་དག་པྲ་བྱས། དེ་ནས་ཕྲ་ཐིག་གི་བར་བསྐྱེད་རིམ་བསྟན་པར་བྱས།


JLD006_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེ་གསུམ་གྱི་རྫོགས་རིམ་རྣམས་རྒྱུད་ནས་བཤད་པ་བཞིན་ཐོབ་པར་བྱས་ལ། དེ་ནས་རླུང་སེམས་ཤིན་ཏུ་ཕྲ་བ་ལ་བརྟན་ནས་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་ལངས་ཏེ། འོད་གསལ་མངོན་དུ་བྱས་ལ་སློབ་པ་དང་མི་སློབ་པའི་ཟུང་འཇུབ་མངོན་དུ་བྱེད་དོ། གཉིས་པ་ནི། སེམས་དབེན་ལ་གསུམ་ལས། སེམས་སྣང་བའི་ཡེ་ཤེས་མན་ཆད་ཀྱི་བསྐྱེད་རྫོགས་ཀྱི་ཡོན་ཏན་རྣམ་པ་མཚན་ཉིད་དང་ལྡན་པ་རྣམས་ཐོབ་དགོས་ལ། སྣང་བ་ཉེར་ཐོབ་ཉིད་མ་ཐོབ་དགོས་ཤིང་། སྣང་བ་མཆེད་པ་ནི་ཐོབ་མ་ཐོབ་གང་ཡིན་ཀྱང་དེའི་ཚེ་སྤྱོད་པ་བྱེད་པའི་མཐུན་རྐྱེན་མ་འཛོམ་པའམ། ཡང་ཞིང་ལས་སོགས་ཀྱི་ངེས་པའི་དབང་གིས་སྤྱོད་པ་བྱེད་རྒྱུ་མ་བྱུང་བར་འཆི་བའི་ཚེ་དེས་སྤྱོད་པའི་དོན་ཐུབ་པར་བྱེད་པ་ནི། འདིར་དཔེ་ཁ་ཅིག་ལས། ནཱ་དའི་གནད་ཀྱིས་འཆི་བའི་གོང་དུ་ཏིང་ངེ་འཛིན་གྱི་མཐུལ་འབྱུང་བ་སྡུད་མི་ཐུབ་ལ། དེ་མ་ཐུབ་ན་སྣང་བའི་ཉེར་ཐོག་ཀྱི་ཡེ་ཤེས་མངོན་དུ་མི་འགྱུར་བས། དེ་འཆི་ཁར་མངོན་དུ་འགྱུར་པའི་ཆེད་དུ་ཁར་འབྱུང་བ་སྡུད་པའི་ཚེ་མན་ངག་ནས་བཤད་པའི་འབྱུང་བ་སྡུད་ལུགས་ཀྱི་དམིགས་པ་རྣམས་བསྐྱངས་པས་ཤི་བྲིན་པའི་ཚོད་ཙམ་ན་སྣང་བ་ཉེར་ཐོབ་མངོན་དུ་བྱེད་ཅིང་། བར་དོར་སྐྱེས་པའི་ཚོད་ཙམ་ན་སྒྱུ་ལུས་ཐོབ་ཅིང་། དེ་ནས་རྟེན་དེ་ལ་འོད་གསལ་ཟུང་འཇུག་མངོ་དུ་བྱེད་དེ། ཞེས་འབྱུང་ངོ་། འབྱུང་བ་སྡུད་པའི་ཚེ་མན་ངག་གིས་འོད་གསལ་མངོན་དུ་བྱས་ལ་


JLD006_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཐར་ལོངས་སྐུར་ལངས་ཏེ། འོད་གསལ་དང་ཟུང་འཇུག་མངོན་དུ་བྱེད་དོ། གསུམ་པ་ནི། ཚེ་འདི་ལ་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་དབང་བསྐུར་མཚན་ཉིད་དང་ལྡན་པ་ཐོབ་པས། དམ་ཚིག་དང་སྡོམ་པ་དག་པར་བྱས་པ་ཞིག་ངེས་པར་ཡན་ལག་ཏུ་དགོས་ལ། བསྐྱེད་རིམ་དང་ལུས་དབེན་རྣམས་རྒྱུད་ལ་སྐྱེས་མ་སྐྱེས་གང་ཡིན་ཀྱང་རུང་སྐྱེ་བ་བཅུ་དྲུག་ཚུན་ལ་འཚང་རྒྱ་བ་ཡིན་ནོ། འདི་ལ་སེམས་དབེན་གྱི་རྟོགས་པ་སྟོང་པ་གསུམ་གང་ཡང་མ་སྐྱེས་པ་དགོས་ཏེ། སྐྱེས་ན་འདི་ལ་འཚང་བརྒྱ་བའམ་ཡང་ན་བར་དོར་འཚང་རྒྱ་བའི་ཕྱིར་རོ། ཡང་རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ་བསྐྱེད་རིམ་བརྟན་པ་གཞིར་བཞག་ནས། རླུང་གཏུམ་མོ་སྤྱོད་པ་གསུམ་མཐར་ཕྱིན་ན་ཚེ་འདི་ལ་འཚན་རྒྱ། དེ་ལྟར་མ་ནུས་ན་ད་གཟོད་འཆི་བའི་འོད་གསལ་ཟིན་པའི་དོན་དུ་ད་ལྟ་གཉིད་འཐུག་དང་གཉིད་ཀྱི་སྟོང་བ་བསྲེས་ནས་བསྒོམ། དེ་ལེགས་པོ་ཞིག་བྱུང་ན་ད་གཟོད་འཆི་ཙ་ན་ཐ་མར་གྱི་འཆི་བར་དགའ་བར་མི་འགྲོ་བར། འོད་གསལ་བཟུང་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་ལ། ད་གཟོད་བར་དོ་ཟིན་པའི་དོན་དུ་ད་ལྟ་དང་པོར་རྨི་ལམ་གྱི་མན་ངག་ལ་སྦྱངས་ནས་རྨི་ལམ་བཟུང་ལ། དེ་ཟིན་པའི་ཚེ་བར་དོའི་མན་ངག་དང་བསྲེས་ནས་བསྒོམས་པས། ད་གཟོད་པར་དོ་ཟིན་ཏེ་སྦྱངས་པས་ཐ་མལ་གྱི་བར་དོ་རང་དགའ་བར་མི་འཆོར་བར་ལོངས་སྐུར་འཁྱེར་ཤེས། དེ་དུས་ཕན་ཐོགས་པ་ཡིན་ནོ།


JLD006_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་བསྐྱེད་རིམ་ལ་སྦྱངས་ན་བར་དོའི་སྣང་བ་ཐམས་ཅད་ལྷ་སྐུར་འཆར་ཞིང་། དེའི་གནད་ཀྱིས་ཆགས་སྡང་ཁེགས་ཏེ། མངལ་སྐྱེས་ལྟ་བའི་སྐྱེ་སྒོ་ཁེགས་ནས། སྐྱེ་གནས་སུ་སྐྱེ་པ་མི་ལེན་པར། བར་དོའི་རྟེན་དེ་ལ་ལམ་ལྷག་མ་རྣམས་བསྒོམས་ཏེ་འཚང་རྒྱ་ཡིན་ལ། བར་དོར་འཚན་རྒྱ་མི་ནུས་པར་སྐྱེ་གནས་གང་ཡང་རུང་བ་ཞིག་ཏུ་སྐྱི་བ་བརྒྱུད་ནས་འཚང་རྒྱ་དགོས་པ་དེས་ནི་འཕོ་བ་དང་གྲོང་འཇུག་གི་གདམས་ངག་སྒོམ་པ་ཡིན་ལ། འདི་ནི་རྒྱུད་ཀྱི་རྡོ་རྗེ་སོགས་ཀྱི་དགོངས་པ་ཡིན་གསུངས་སོ། འདི་ནི་གདམས་ངག་ལེགས་པོ་ཕན་ཚེ་བ་ཞིང་སྣང་ངོ་། འོན་ཀྱང་བར་དོར་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་ཁེགས་སུ་ཆུག་ཀྱང་། སྐྱེ་གནས་གཞན་གསུམ་ཨེ་ཁེགས་ཡིན་གསུངས་སོ། དེ་ཡང་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གནད་དམ་གཙོ་བོ་ནི། སྤྱི་བོའི་བྱང་སེམས་འབབ་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་དང་། སྟོང་ཉིད་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཡིན་པར་བྲམ་ཟེ་ཆེན་པོ་སར་ཧཱ་ལ་སོགས་པའི་རྒྱ་གར་གྱི་མཁས་གྲུབ་ཁུངས་མ་ཐམབས་ཅད་ཞལ་མཐུན་ལ། སྤྱི་བོའི་བྱང་སེམས་ཞུ་བའི་ཐབས་སུ་རླུང་སྦྱོར་དང་མེ་དམིགས་སོགས་མང་པོ་ཞིག་གསུངས་ཀྱང་། དེ་ཐམས་ཅད་གཏུམ་མོར་འདུ་བ་ཡིན་ནོ། དེ་ཡང་སྦྱོར་དྲུག་པའི་ལུགས་ཀྱི་ནི། སོར་བ་བསམ་གཉིས་ཀྱིས་རྩ་དབུ་མའི་ལམ་སྦྱངས་ནས། སྲོག་རྩོལ་གྱིས་རླུང་དབུ་མར་འཇུག་ཅིང་


JLD006_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་ཆུད་པ་དེ་བརྟན་པར་བྱེད་ལ། རྗེས་དྲན་གྱི་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེ་ལ། དེ་རྒམ་སྐྱེས་པ་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ཡིན་ལ། དེ་ནས་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་མ་ཐག་ཏུ་འཚང་རྒྱ་བ་ཡིན་ནོ། གསང་འདུས་འཕགས་ལུགས་པས་ནི། ངག་དབེན་རྡོར་བཟླས་མཐར་ཕྱིན་པའི་སྟོབས་ཀྱིས་སྤྱི་བོའི་བྱང་སེམས་ཞུ་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་ལ། དགའ་བ་དེས་སྟོང་ཉིད་ཡུལ་དུ་གཟུང་བ་ལ། བདེ་སྟོང་དབྱེར་མེད་ཟེར་བ་མ་གཏོགས་སྟོང་བ་ལ་བདེ་བས་རྒྱས་བཏབ་པ་དང་། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་ལྟ་བུའི་བདེ་སྟོང་དབྱེར་མེད་ཀྱི་དོན་མིན་ནོ། དེ་ལ་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བ་ལ་སྤྱི་བོའི་བྱང་སེམས་ཞུ་དགོས་པས་ཐིག་ལེ་དཀར་པོ་ཞུ་རྒྱུ་ཡིན་ལ། དེ་བཟུ་བ་ལ་ལྟེ་བའི་དམག་ཆ་འབག་དགོས་ཏེ། དེ་ཡང་རླུང་གིས་སྦར་དགོས་ཏེ་ཐིག་ལེ་དཀར་དམར་དང་རླུང་གནས་པའི་གཞི་ནི་རྩ་ཡིན་པས། རྫོགས་རིམ་གྱི་སྐབས་སུ་རྩ་རླུང་ཐིག་ལེ་རྣམས་ཞིབ་པར་འཆད་པའི་རྒྱུ་མཚན་དེ་ཡིན་ནོ། དེ་ཡང་དབུ་མ་མི་བསྐྱོད་པའི་རྩ་ཡིན་པས་ཁ་དོག་སྔོན་པོར་ཡོད་ལ། རོ་མ་འོད་དཔག་མེད་ཀྱི་རྩེ་ཡིན་པས་ཁ་དོག་དམར་པོ་དང་རྐྱང་མ་རྣམས་སྣང་གི་རྩ་ཡིན་པས་དཀར་པོ། དེ་ཡང་སྤྱིར་བཏང་ངོ་། དམིགས་གསལ་ལ་གཏུམ་མོ་འབར་བའི་ཚེ་ན་གང་དུ་འབར་བའི་རྩ་རྣམས་ཏིལ་མར་གྱི་མར་མེའི་མདོག་ལྟ་བུར་ཡོད་དོ། དེ་ཡང་སྙིང་གིའི་རྩ་མདུད་


JLD006_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནང་གི་རྩ་དབུ་མའོ་འོག་ཕྱོགས་ཀྱི་བུ་ག་ནི་ཁ་ཕྱེ་བ་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཞིག་ཡོད་དོ། རྩ་མདུད་ཀྱི་ནང་གི་རྩ་དབུ་མའི་ནང་གི་ཧཱུྃ་ནི་ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། མི་མཐུན་པའི་རྟོག་པ་འཇོམས་པའི་དཔའ་བོ། འདོད་པ་སྒྲུབ་པ་ལ་གཞན་གྱིས་མི་ཤིགས་པ་དང་། གཏུམ་མོ་ལ་བརྟེན་ནས་བདེ་བ་སྐྱེ་བས་ས་བོན་དང་། བྱང་སེམས་འཛག་པ་དང་། ཚད་ཡུངས་འབྲུ་ཙམ་ཡོད་པ་ཡིན་ནོ། བདག་མེད་མ་སྟེ་ཨ་ཐུང་ནི། རྒོད་མཁའི་མེ་ཞེས་བརྗོད་ཀྱང་གླིང་བཞི་པོ་རང་རང་གི་ལྷོ་ཕྱོགས་ཀྱི་ལྕགས་རི་ནག་པོའི་འོག་གི་མེས་ཆུ་སྐེམ་པ་དང་འདྲ་བར་ལྟེ་བའི་དམར་ཆ་འབར་བ་ནས་སྤྱི་བོའི་བྱང་སེམས་ཞུ་བའི་ལྷན་སྐྱེས་ཀྱིས་དགའ་བ་སྐྱེས་པའི་ཚེ་གཟུང་འཛིན་གྱི་རྣམ་རྟོགས་གཅོད་པ་ཡིན་ནོ། ལྟེ་བ་སོགས་སུ་ཨ་ཐུང་སོགས་བསྒོམ་པའི་རྒྱུ་མཚན་ནི། ནཱ་རོ་པཎ་ཆེན་གྱི་སློབ་མ་ཁ་ཅིག སྤྱི་བོ་ནས་བྱང་སེམས་འབབ་པའི་ཚེ། དེ་ནས་འབབ་པའི་བྱང་སེམས་ལ་ཆ་བཞིར་བགོས་པའི་ཆ་གཅིག་མགྲིན་པར་འབབ་པའི་ཚེ་བསྐམས་ཤིང་མགྲིན་པར་ཆ་གསུམ་ཡོད་པས། དེ་དང་བསྟུན་ནས་མགྲིན་པའི་ཨོཾ་ལ་རིང་ཆ་སུམ་འགྱུར་དང་། སྙིང་གར་བབས་པའི་ཚེ་ན་ཆ་གསུམ་དུ་དགོས་པའི་ཆ་གཅིག་བསྐབས་པའི་སྙིང་གའི་ཧཱུྃ་ལ་རིང་ཆ་གཉིས་དང་ལྡན་པ་དང་། ལྟེ་བར་སླེབས་པའི་ཚེ་ན་ཆ་གཉིས་པོའི་ཆ་གཅིག་བསྐམས་པས་ལྟེ་བའི་ཨ་ལ་རིང་ཆ་མི་འོང་བའི་རྒྱུ་མཚན་དེ་ཡིན་ནོ་གསུངས་སོ། སློབ་དཔོན་ཨ་བྷཱ་


JLD006_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ནང་གི་སྒྲ་འདོན་ལུགས་ལ་བརྟགས་ནས་བྱེད་དོ། གསང་གནས་ནས་རླུང་སྟོད་ལ་འགྲོ་བའི་ཚེ་ལྟེ་བར་སླེབས་པ་ན་ཨ་ཐུང་གི་སྒྲ་སྒོག་པ་དང་། སྙིང་གར་སླེབས་པ་ན་ཧཱུྃ་རིང་ཆ་གཉིས་ཀྱི་སྒྲ་སྒྲོག་པ་དང་། མགྲིན་པར་སླེབས་པ་ན་ཨོཾ་ལ་རིང་ཆ་གསུམ་དང་ལྡན་པའི་སྒྲ་སྒྲོག་པས་དེའི་ཆ་ནས་ལྟེ་བར་ཨ་ཐུང་། སྙིང་གར་ཧཱུྃ་རིང་པོ། མགྲིན་པར་ཨོཾ་རིང་ཆ་གསུམ་དང་ལྡན་པར་བསྟན་པའི་རོན་དེ་ཡིན་ནོ། མདོར་བསྡུ་ན། སྨད་ནས་སོང་བའི་རླུང་དེ་ལྟེ་བར་ཨ་ཐུང་གི་ཡུན་དང་། སྙིང་གར་ཧཱུྃ་གི་སྒྲ་སྒྲོག་པའི་ཚེ་ཨ་ཐུང་ཉིས་འགྱུར་གྱི་ཡུན་དང་། མགྲིན་པར་ཨོཾ་གྱི་སྒྲ་སྒྲོག་དུས་ཨ་ཐུན་སུམ་འགྱུར་ཀྱི་ཡུན་ཡོད་པས་ཧཱུྃ་ལ་རིང་ཆ་གཉིས་དང་། ཨོཾ་ལ་རིང་ཆ་གསུམ་ཡོད་དོ། ༈ གཉིས་པ་སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བ་ནི། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་བསྒོམ་པ་དང་། ཐུན་བཞིའི་ཚེ་གསུམ་ལ་བསྐྱེད་རིམ། གཅིག་ལ་རྫོགས་རིམ་བསྒོམ་པ་དང་། བསྐྱེད་རིམ་ཏུན་བཞིར་བསྒོམས་པའི་ཐུན་རེ་རེའི་མཐར་རྫོགས་རིམ་སྒོམ་པ་དང་གསུམ་ལས། འདིར་ཐ་མའི་ལུགས་ཡིན་ལ། དེ་ཡང་དང་པོར་ལྷ་གང་ཡིན་གྱི་མངོན་རྟོགས་བསྒོམས་ནས། དེ་རྗེས་བླ་མའི་རྣལ་འབྱོར་བསྒོམ་ཞིང་། བླ་མ་ལ་གསོལ་བ་བརྒྱ་རྩ་ཙམ་རེ་འདེབས་ལ། དེ་ནས་སྤྱི་གཙུག་ནས་ལྟེ་བའི་བར་གྱི་རྩ་གསུམ་པོའི་གནས་ཚུལ་དང་ཁ་དོག་རྣམས་གསལ་འདེབས་ཤིང་། ལྟེ་བ་ན་རྩ་དམར་པོ་འདབ་མ་བརྒྱད་པ་གདུགས་ཁ་གྱེན་དུ་བསྟན་པ་ལྟ་བུ། སྙིང་ག་ན་


JLD006_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དཀར་པོ་འདབ་མ་བརྒྱད་པ་གདུགས་ཁ་སྦུབ་པ་ལྟ་བུ། མགྲིན་པ་ན་རྩ་དམར་པོ་འདབ་མ་བཅུ་དྲུག་པ་གདུགས་ཁ་གྱེན་ལ་བསྟན་པ་ལྟ་བུ། སྤྱི་བོ་ན་ཁ་དོག་སྣ་ཚོགས་པའི་རྩ་འདབ་སོ་གཉིས་པ་གདུགས་ཁ་སྒྲུབ་པ་ལྟ་བུ་གསལ་བཏབ་ནས། ལྟེ་བའི་རྩ་མདུན་ནང་དུ་ཟླ་བའི་གདན་གྱི་སྟེང་དུ་ཨ་དམར་པོ་མགོ་གྱེན་ལ་བལྟ་བ། སྙིང་གའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཱུྃ་སྔོན་པོ་མགོ་ཐུར་དུ་བསྟན་པ། མགྲིན་པའི་རྩ་བདུད་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དམར་པོ་མགོ་གྱེན་དུ་བསྟན་པ། སྤྱི་བོའི་རྩ་འདབ་ནང་དུ་ཟླ་བའི་སྟེང་དུ་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་རྣམས་བསྒོམས་ལ། གཙོ་ཆེར་ལྟེ་བའི་ཨ་ཐུང་ལ་སེམས་འཛིན་པ་ཡིན་ནོ། ཡི་གེ་གཞན་གསུམ་ལ་ཡང་སེམས་ཅུང་ཟད་རེ་འཛིན་ནོ། གོང་གི་རྩའི་ཁ་དོག་བཤད་པ་དེ་རྣམས་འདབ་མ་རྣམས་ཀྱི་ཁ་དོག་ཡིན་ནོ། ཡང་བསྒོམས་པའི་ཚེ་རྩ་མདུད་ཅུང་ཟད་གྲོལ་བའམ་ལྷོད་དེ་སོང་བར་བསམས་ནས་རྩ་མདུད་དེ་དག་གི་ནང་དུ་ཡི་གེ་དེ་དག་ལ་བསྒོམས་པ་ཡིན་ནོ། རྩ་འཁོར་བཞི་པོ་དེ་དག་ཀྱང་བསྡུ་ན་རོ་རྐྱང་དབུ་མ་གསུམ་དུ་འདུ། རྩ་འཁོར་གྱི་ཡི་གེ་བཞི་པོ་ཡང་བསྡུ་ན་ཨེ་ཝཾ་གྱི་ཡི་གེ་གཉིས་སུ་འདུ་ལ། དེ་ཡང་ཨེའི་རྩལ་གཉིས་ལས། ཐབས་ཀྱི་རྩ་ནི་སྤྱི་བོའི་རྩ། ཤེས་རབ་གྱི་རྩ་ནི་ལྟེ་བའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱང་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་དོ། ཝཾ་གྱི་རྩ་ལ་གཉིས་ལས། ཐབས་ཀྱི་རྩ་ནི་མགྲིན་པའི་རྩ། ཤེས་


JLD006_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གྱི་རྩ་ནི་སྙིང་གའི་རྩ་འཁོར་ཡིན་ལ། དེ་གཉིས་ཀྱི་དབྱིབས་ཀྱང་གདུགས་ལྟར་ཡོད་དོ། རྩ་འདབ་དེ་དག་ཡི་གེ་འགོད་ཚུལ་ནི། རྒྱས་པར་བློས་ཨི་ལྕོགས་ན་གོང་དུ་བཤད་པ་ལྟར་ཀྱི་རྩ་འཁོར་བཞི་པོ་དེའི་ལྟེ་བ་ལ་ཡི་གེ་བཞི་འདོད་ལ། རྒྱས་པ་བློས་ལྕོགས་ན་ལྟེ་བའི་རྩ་འདབ་བརྒྱད་ལ་སྡེ་མཚན་བརྒྱད་ཀྱི་ཡི་གེ་རྣམས་འགོད་པ་ཡིན་ཏེ། སྤྱི་སྟེ་ལྟ་བ་ལ་རྩ་མདུད་ཀྱི་ཕྱི་རོལ་ལ་རྩ་འདབ་བཞི་དང་། དེའི་ཕྱི་རོལ་དུ་འདབ་མ་བརྒྱད། དེའི་ཕྱིར་རོལ་ཏུ་དུས་འཁོར་བའི་ལུགས་ཀྱི་འདབ་མ་བཅུ་གཉིས། རྒྱུད་གཞན་གྱི་ལུགས་ལ་འདབ་མ་བཅུ་དྲུག །དེའི་ཕྱིར་རོལ་དུ་འདབ་མ་རེ་བཞི་རྣམས་ཡོད་པ་ལས། འདབ་མ་གཞན་དང་རོ་རྐྱང་གཉིས་བཏང་སྙོམས་སུ་བཞག་ལ། བར་མ་འདབ་མ་བརྒྱད་བྱས་ལ་བརྒྱད་པོ་དེ་དག་ཐམས་ཅད་ཀྱང་རྩ་དབུ་མ་ལ་ཟུག་པར་བསྒོམས་ལ། འདབ་མ་རྣམས་ལ་ཡི་གེ་འདོད་པའི་ཚེ་སྐབས་གང་དུ་ཡང་གཡས་སྐོར་དང་། ཕྱོགས་ཀྱི་དང་པོ་ཤར་དང་། མཚམས་ཀྱི་དང་པོ་བྱང་ཤར་ནས་བྱེད་པ་སྐབས་འདིར་ཤེས་དགོས་ཤིང་། དེ་ཡང་ཕྱོགས་ཀྱི་ཡི་གེ་རྣམས་སྔོན་དང་། མཚམས་ཀྱི་ཡི་གེ་རྣམས་རྟིང་ལ་འགོད་དོགས་ལ། དེ་ཡང་ལྟེ་བའི་ཤར། ལྷོ། ནུབ། བྱང་བཞི་ལ་རིམ་པ་བཞིན་ཨའི་སྡེ་ཚན་དབྱངས་ཡིག་བཅུ་དྲུག་དང་། ཀ་སྡེ་དང་། ཙ་སྡེ་དང་། ཊ་སྡེ་རྣམས་བཀོད་ནས། བྱང་ཤར། ཤར་ལྷོ། ལྷོ་ནུབ། ནུབ་བྱང་སྟེ་མཚམ་བཞི་རིམ་པ་བཞིན་དུ། ཏ་སྡེ་དང་། པ་སྡེ་དང་ ཡ་སྡེ་དང་།


JLD006_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་སྡེ་རྣམས་བཀོད་དོ། སྡེ་ཚན་དེ་རྣམས་ཞིབ་པར་བཀོད་མི་ནུས་ན་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པ་ལྟར། ཨ་ཀ་ཙ་ཊ་རྣམས་དང་། ཏ་པ་ཡ་ཤ་སྟེ་བརྒྱད་འགོད་དོ། སྙིང་གའི་རྩ་འདབ་ཀྱི་ཕྱོགས་བཞི་དང་། མཚམས་བཞི་ལ་རིམ་པ་ལྟར་ཨ་ཨི་ཨུ་ཨེ་རྣམས་དང་། ཡར་ལ་ཝ་སྟེ་ཐུང་ངུ་བརྒྱད་འགོད་དོ། མགྲིན་པའི་རྩ་འདབ་བཅུ་དྲུག་སྙིང་གའི་ཡི་གེ་བརྒྱད་པོ་དེ་རིང་ཆ་ཅན། ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་། མཚམས་བཞི་ལ་རིམ་ལྟར་འགོད་ཅིང་། དེ་ཡང་དང་པོར་ཤར་ཀྱི་འདབ་མ་ལ་འགོད། ལྷག་མ་རྣམས་རྩ་རེ་རེ་བར་སྐབས་སུ་བཞག་ནས་འགོད་དོ། སྤྱི་བོའི་རྩ་འདབ་སོ་གཉིས་ལ་དབྱངས་ཡིག་བཅུ་དྲུག་འགོད། དེ་ཡང་ཤར་ཨ་ཐུང་བཀོད་ནས་དེ་ནས་རྩ་ལྷག་མ་རྣམས་རྩ་རེ་རེ་བར་སྐབས་སུ་བཞག་ནས་འགོད་པ་སྔར་དང་འདྲའོ། འདབ་མའི་རྩ་རྣམས་ཀྱི་ཡི་གེའི་ཁ་དོག་ནི། རང་རང་གི་ལྟེ་བའི་ཡི་གེའི་ཁ་དོག་དང་འདྲ་ཞིང་། ཡི་གེ་ཐམས་ཅད་ཀྱང་ཟླ་ཕྱེད་ཐིག་ལེ་ནཱ་དང་བཅས་པ་ཡིན་ལ། དེ་དག་ཀྱང་བ་མོ་ལྟ་བུའི་བདུད་རྩི་འཛག་པའི་རྣམ་པ་ཅན་སྒོམ་དགོས་པ་ཡིན་ནོ། རྩ་མདུད་རྣམས་ཀྱི་ཡི་གེཨེ་བསྒོམས་པའི་དགོས་པ་ནི་རྩ་མདུད་འགྲོལ་བའི་ཆེད་ཡིན་ཞིང་། འདབ་མའི་ཡི་གེ་བསྒོམས་པའི་དགོས་པ་ནི། འདབ་མའི་རླུང་སེམས་དབུ་མར་དབུ་མར་འདུ་བའི་དགོས་པ་ཡོད་དོ། གསལ་བྱེད་ཀྱི་ཡི་གེ་རྣམས་འགོད་པའི་དུས་སུ་ཀྵ་ཡིག་མི་འགོད་


JLD006_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཕྲེང་ལྔ་བཅུའི་དག་པ་སྦྱོར་བའི་ཚེ་ཀྵ་དང་བཅས་པའི་གསལ་བྱེད་སོ་བཞི་དང་། དབྱངས་བཅུ་དྲུག་དང་སྦྱོར་བ་ཡིན་ནོ། རྩ་ནང་ནས་དབྱངས་རྣམས་ཁ་གྱེན་པ་ལྟ། གསལ་བྱེད་རྣམས་ཐུར་བ་ལྟར་བཤད་པ་ནི། རོ་རྐྱང་དབུ་མ་གསུམ་གྱི་ནང་གི་ཡི་གེ་ཡིན་གྱི་འདབ་མའི་ཡི་གེ་མིན་ནོ། འདབ་མ་རྣམས་ལ་ཡི་གེ་འགོད་ཚུལ་ནི། ཤར་གྱི་འདབ་མ་ལྟ་བུའི་དབང་དུ་བྱས་ན་ཤར་ཀྱི་འདབ་མའི་ཕྱིའི་ཕྱོགས་ནས་རིམ་པ་ལྟར་ཡོད་དོ། དེའི་ཕྱིའི་ཐ་མ་ན་ཨ་ཡོད་ལ། དེའི་མདུན་ན་ཨཱ་རིང་ཆ་ཅན་ཡོད་ཅིང་། དེས་དབྱངས་ཀྱི་ཡི་གེ་གཞན་རྨས་ལ་འང་ཡོད་ཚུལ་རིག་འགྲེལ། འདབ་མ་གཞན་རྣམས་ལ་ཀ་སྡེ་སོགས་སྡེ་ཚན་གཞན་གྱི་ཡི་གེ་རྣམས་ཀྱང་ཕྱི་ནས་ནང་ཕྱོགས་ལ་རིམ་པ་ལྟར་འགོད་པ་ཡིན་ནོ། དེ་ཡང་ཡི་གེ་ལངས་པའི་རྣམ་པ་ཅན་གདོང་ལྟེ་བའི་ཡི་གེ་ལ་བསྟན་པའི་ཚུལ་གྱིས་འགོད་དགོས་སོ། འདབ་མའི་ཡི་གེ་རྣམས་ལ་ཟླ་གདན་མ་བཤད་པས་མི་དགོས་ཤིང་། ཡི་གེ་རྣམས་གཙོ་ཆེ་ཆུང་མ་གཏོག་པ་དབྱངས་གསལ་འདྲེས་མ་ཡིན་ལ། དབྱངས་རྣམས་ཀྱི་ཟླ་ཕྱེད་ཐིག་ལེ་ནཱ་ད་རྣམས་གསལ་བྱེད་ཡིན་ནོ། དེ་ཡང་ལྟེ་བའི་ཡི་གེ་རྣམས་ཀྱི་དབང་དུ་བྱས་ནས་དབུས་ཀྱི་ཨ་ནི་དབྱངས་ཤས་ཆེ་ཞིང་གསལ་བྱེད་ཤས་ཆུང་། ཤར་གྱི་འདབ་མའི་ཡི་གེ་མ་གཏོགས་ཕྱོགས་ཀྱི་ཡི་གེ་རྣམས་ལ་དབྱངས་ཡིག་མེད་པས། འདབ་མ་རྣམས་དབྱངས་ཤས་ཆུང་ཞིང་གསལ་བྱེད་ཤས་ཆེའོ། སྙིང་གའི་རྩ་མདུད་ཀྱི་དབུས་ཀྱི་


JLD006_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཡིག་ནི་གསལ་བྱེད་ཤས་ཆེ་ལ། མགྲིན་པའི་རྩ་འདབ་ཀྱི་དབུས་ཀྱི་ཨོཾ་ཡིག་ནི་དབྱངས་ཤས་ཆེ་ཞིང་། དེ་གཉིས་ཀྱི་འདབ་མའི་ཡི་གེ་རྣམས་ནི་དབྱངས་གསལ་ཆ་མཉམ་པའོ། སྤྱི་བོའི་རྩ་མདུད་ཀྱི་དབུས་ཀྱི་ཡི་གེ་ཧཾ་ནི་གསལ་བྱེད་ཤས་ཆེ། དེའི་འདབ་མའི་ཡི་གེ་རྣམས་ནི་དབྱངས་ཤས་ཆེ་བ་ཡིན་ནོ། དེ་ཡང་དབྱངས་རྣམས་ཀྱིས་བྱང་སེམས་དཀར་པོ་དང་། གསལ་བྱེད་རྣམས་ཀྱིས་བྱང་སེམས་དམར་པོ་མཚོན་ནོ། འདབ་མའི་ཡི་གེ་རྣམས་གསལ་འདབ་ནས་དེ་ལ་སེམས་ཟིན་ན་ནི་ལེགས་ལ། མ་ཟིན་ཀྱང་འཁོར་ལོ་བཞིའི་དབུས་ཀྱི་ཡི་གེ་བཞི་པོ་ཤིན་ཏུ་ཕ་བ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་ཟིན་ནས་གནས་ཆ་ཅུང་ཟད་རྙེད་ན་དེས་མཆོག་པས། དེ་རྙེད་རྙེད་དུ་བསྒོམས་ལ་ཡི་གེ་ལ་གསལ་སྣང་ཤར་བ་ན་དམིགས་པ་སྤོར་ན་གསུངས། དེ་རྙེད་ན་ཐིག་ལེ་ལ་དམིགས་པ་སྤོ་དགོས་པ་ཡིན་ནོ། ཡི་གེ་ཕྲ་མོ་སྒོམ་པ་ནི་ཐིག་ལེའི་དམིགས་རྟེན་རྙེད་པ་ཆེད་ཡིན་པའི་ཕྱིར་རོ། ཐིག་ལེ་ལ་སེམས་ཟིན་པའི་དུས་སུ་འདི་ལྟར་བྱ་སྟེ། སྔར་གྱི་དམིགས་པ་རྣམས་རིམ་པ་ལྟར་གསལ་བཏབ་ལ། དེ་ཆས་སུ་མེ་མདོ་ནས་ལས་ཀྱི་རླུང་གཡོས་པས་ལྟེ་བའི་ཨོཾ་ལས་མེ་སྦར་ཏེ་སྤྱི་བོའི་འཀོར་ལོའི་བར་དུ་རྩ་དབུ་མའི་ནང་ནས་ཡར་སོང་སྟེ། མེའི་འོད་ཀྱིས་སྤྱི་བོའི་རྩ་འདབ་ཀྱི་ཡི་གེ་རྣམས་ཞུ་ནས་འཁོར་ལོའི་ལྟེ་བར་འདུས་ཤིང་ཧཾ་ཡིག་ཞུ་ནས་


JLD006_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེར་གྱུར་པ་དེ་རིམ་གྱིས་མགྲིན་པར་བབས་ཏེ། དེའོ་འོད་ཀྱིས་མགྲིན་པའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པ་ཡང་མགྲིན་པ་ནས་བབས་ཏེ་སྙིང་གར་སླེབས་པ་ན། དེའི་འོད་ཀྱིས་སྙིང་གའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ། ཡང་སྙིང་ག་ནས་བབས་ཏེ་ལྟེ་བར་སྤེབས་པ་ན་དེའི་འོད་ཀྱིས་ལྟེ་བའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པར་བསམས་ལ། དམིགས་པ་འཛིན་པའི་ཚེ་ཐིག་ལེ་དེ་ཉིད་སེམས་དང་ཐིག་ལེ་རླུང་གསུམ་འདུས་པའ་ཡིན་སྙམ་པའི་མོས་པ་སྔོན་དུ་བཏང་ཞིང་། བདེ་སྟོང་དབྱེར་མེད་དེའི་ངོ་བོ་ཡིན་སྙམ་དུ་བསམས་ནས་ལྟེ་བའི་རྩ་མདུད་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ཁོ་ན་ལ་སེམས་འཛིན་ནོ། དམིགས་རྟེན་འཆང་ཕྱིན་ཆད་ཡུངས་ཀར་འབྲིང་པོའི་ཚད་ཙམ་ཁོ་ན་ལ་སེམས་འཛིན་གྱི་དེ་ལས་ཆེ་བ་དང་ཆུང་གང་ལ་ཡན་མི་འཛིན་ནོ། དམིགས་རྟེན་ཕྲ་མོ་འཆང་མ་ཐུབ་ན་གང་ཐུབ་ལ་སེམས་འཛིན་ནོ། དམིགས་རྟེན་ཕྲ་མོ་ཤར་ནས་དེ་ལ་སེམས་ཅུང་ཞད་ཞིན་པའི་ཚེ་དམིགས་པ་འདི་བསྣན་ནས་བསྒོམས་པ་ཡིན་ནོ། དེ་ཡང་རང་གི་སེམས་ཐིག་ལེ་ཕྲ་མོ་དེའི་ནང་དུ་ཐིམ་པའི་མོས་པ་བྱས་ནས་ཐིག་ལེ་དེ་ཉིད་ལ་སེམས་འཛིན། དེ་ལྟར་བསྒོམས་པས་རང་གི་སེམས་དང་ཐིག་ལེ་གཉིས་ཀྱི་བར་ན་གཉིས་སྣང་ཕྲ་མོ་ཙམ་ཡང་མེད་པར་ཐིག་ལེ་ལ་ཐིམ་པའི་ཉམས་སྣང་ཤར་བའི་ཚེ། ཐིག་ལེ་ལ་དམིགས་པའི་དགོས་


JLD006_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲུབ་པས་དམིགས་པ་སྒོར་ན་པ་ཡིན་ནོ། ཡང་དེའི་དུས་སུ་དམིགས་པ་གོང་མ་རྣམས་བསྒོམས་པས་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་མ་ཤར་ཡང་། གོང་གི་དམིགས་པ་རྣམས་བསྒོམས་པའི་རྗེས་སུ་ཐིག་ལེ་ལ་སེམས་འཛིན་པའི་དུས་ཀྱི་སུམ་གཉིས་སམ། ཕྱེད་ཙམ་དུ་ཐུན་རེ་རེ་ལྟར་རླུང་ལ་དམིགས་ནས་བསྒོམ་པ་ཡིན་ཏེ། དེའི་སྒོམ་ཚུལ་ནི། རང་གི་གཞོགས་གཡས་གཡོན་དང་། སྟེང་འོག་གི་རླུང་རྣམས་ལྟེ་བའི་འོག་གི་སུམ་མདོར་བསྡུས་ནས་འདུས་མ་ཐག་ཏུ་རླུང་དེ་རྣམས་དབུ་མའི་ནང་དུ་སླེབས་ཙམ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་བའི་དམིགས་པ་ཡང་ཡང་བྱེད་དོ། དེ་ལྟར་བསྒོམས་པའི་དགོས་པ་ནི། རྩ་ལམ་སྦྱོར་བ་དང་། རླུང་ལ་རྟེན་པའི་གེགས་རྣམས་མི་འབྱུང་ཞིང་། མཉམ་པར་བཞག་པའི་དུས་སུ་སྣ་བུག་ཏུ་རྒྱུ་བའི་རླུང་འདི་དག་འགགས་ནས་འགྲོ་ཞིང་། དེའི་འགགས་ཚུལ་ནི། དང་པོར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་དབུགས་གཉིས་གསུམ་རྒྱུ་བའི་ཡུན་ཙམ་དུ་སྣ་སྒོར་མི་རྒྱུ་བ་ཡིན་ལ། དེ་ནས་གོམས་པ་ཇེ་ཆེར་སོང་ནས་རླུང་སྒོར་མི་རྒྱུ་བའི་ཡུལ་དེ་རིང་དུ་རིང་དུ་སོང་ནས་ད་གཟོད་སྣ་དྲོ་རེ་ཙམ་སྣ་སྒོར་མི་རྒྱ་བ་འགྱུར་རོ། དེ་ཡང་དང་པོར་རླུང་འགགས་པའི་ཚེ་སྣ་བུག་གི་རླུང་ལོག་ནས་རླུང་གིས་གྲོད་པ་གང་བའི་སྣང་བ་འགྱུང་ལ། དེ་ནས་གྲོད་པ་གང་བའི་སྣང་བ་ལོག་ནས་སྣ་སྒོར་རླུང་རྒྱུད་རླུང་འགགས་ཚུལ་རྣལ་མ་མིན་ལ། གྲོད་པའི་


JLD006_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་རླུང་དེ་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་ནས་རླུང་སྣ་སྒོར་མི་རྒྱུ་ན་རླུང་དབུ་མར་ཚུད་པ་ཡིན་ལ། རླུང་དེ་ཡང་རྩ་བའི་རླུང་ལྔའི་ནང་ནས་ཐུར་སེལ་གྱི་རླུང་ཡིན་ནོ། དེ་ལ་གསར་རྙིང་གཉིད་ཡོད་པའི་རྙིང་པ་རྣམས་ཡལ་ནས་འགྲོ་བས་རྩ་དབུ་མའི་ནང་དུ་མི་འགྲོ་ཞིང་། རླུང་སྣ་སྒོར་རྒྱུ་བ་ལོག་པ་དང་། ལྟེ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་ཕྱེ་བ་དུས་མཉམ་དུ་འོང་ཞིང་། རྩ་ཁ་ཕྱེ་བ་དིའི་ནང་ནས་ཐུར་སེལ་གྱི་རླུང་གསལ་པ་སྐྱེས་ནས་དེས་ལྟེ་བའི་མེ་སྦར་ནས་མེ་དེས་སྤྱི་བོའི་བྱང་སེམས་བཞུ་བ་ཡིན་ནོ། རླུང་དེའི་དབྱིབས་ནི་གཞུའི་དབྱིབས་ལྟར་ཡོད། དེ་ལྟར་རྩ་དང་རླུང་དང་ཐིག་ལེའི་བཤད་པ་མང་དུ་བྱས་ཀྱང་མཐར་གཏུགས་པ་ནི་ཏིང་ངེ་འཛིན་གྱི་མཐུས་སྟེང་གི་སྣ་སྒོར་རྒྱ་བའི་རླུང་ལོག་ནས། དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་ཕྱེ་ནས་དེའི་ནང་ནས་རླུང་གསལ་བ་སྐྱེས་ཏེ། རྩ་དབུ་མའི་རླུང་དེས་རྩ་དབུ་མའི་ནང་གི་ལྟེ་བའི་མེ་སྦར་བའམ། ལྟེ་བའི་ཁྲག་འཕེལ་ནས་སྤྱི་གཙུག་བར་དུ་སོང་ར་རྩ་དབུ་མའི་ནང་གི་སྤྱི་བོའི་བྱང་སེམས་ཞུ་ནས་འཁོར་ལོའི་གནས་རྣམས་སུ་བབ་པ་རིམ་པ་ལྟར་དགའ་བཞིའི་རྟོགས་པ་རྒྱུད་རྣམས་ནས་བཤད་པ་བཞིན་སྐྱེ་བ་ཡིན་པས། རྩ་གཞན་གྱི་ནང་གི་ཁྲག་འཕེལ་བས་རྩ་གཞན་གྱི་བྱང་སེམས་ཞུ་བའི་བདེ་བ་སྐྱེ་བ་ཡོད་མོད། འདིར་ནི་གཙོ་བོར་རྩ་དབུ་མའི་ནང་གི་རླུང་གིས་མེ་སྦར། དེས་སྤྱི་བོའི་བྱང་སེམས་ཞུ་དགོས་པ་ཡིན་ནོ། དེས་ན་རྒྱུད་ཕལ་ཆེར་སྣ་སྒོའི་རླུང་རྒྱུ་བ་ལོག་


JLD006_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་རྩ་དབུ་མའི་ནང་དུ་རླུང་སོང་ནས་དེས་མེ་སྦར་བ་ཡན་མཐུན་ལ། སྣ་སྒོར་རླུང་རྒྱུ་བ་ལོག་པའི་ཐབས་སུ་དུས་འཁོར་བས་བུམ་པ་ཅན་བསྒོམ། གསང་འདུས་པའི་རྡོར་བཟླས་བྱེད། བདེ་དགྱེས་པས་གཙོ་བོར་ཡི་གེ་དང་ཐིག་ལེ་དང་མེ་ལ་སེམས་འཛིན་པ་སོགས་གོང་དུ་བཤད་པ་འདི་རྣམས་བྱེད་དོ། སྣ་སྒོའི་རླུང་རྒྱུ་བ་ལོག་ནས་གོང་དུ་བཤད་པའི་རླུང་འགགས་པའི་མཐུས། རྡོ་རྗེའི་ནང་གི་དབུ་མ་ཞར་བ་དེ་ཁ་ཕྱེ་ནས་སྒྲུབས་ཅན་དུ་བྱས། དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་བ་སུམ་མདོར་སོང་སྟེ། ཀྵ་ཡིག་གིས་མཚོན་པའི་མེ་དང་འདྲེས་ཐིམ་སྟེ་བསྐུལ་བས་བྱང་སེམས་ཞུ་ནས་ཡས་བབས་དང་མས་བརྟན་གྱི་དགའ་བཞི་དམིགས་ཕྱེ་པར་བྱས་ནས་སྐྱོང་དགོས་པ་ཡིན་ནོ། སྣ་སྒོའི་རླུང་རྒྱུ་བ་ལོག་པ་ནི། རྩ་དབུ་མའི་ནང་དུ་རླུང་སོང་ནས་ལྟེ་བའི་མེ་འབར་བའི་རྟགས་ཡིན་ལ། སྣ་སྒོར་རླུང་རྒྱུ་བའི་ཚེ་ལྟེ་བའི་མེ་འབར་བའི་འཕྲོ་ཆོད་པའི་རྟགས་ཡིན་ནོ། དེ་ནས་དམིགས་པ་སྣ་མ་རྣམས་བརྟན་པ་ན་འདི་ལྟར་བསྒོམས་པར་བྱ་སྟེ། གོང་གི་དམིགས་པ་ཐུན་རེ་རེ་ལ་མ་ཆག་པར་བསྐྱངས་པའི་ངང་ནས་དམིགས་པ་དེ་དག་གི་མཐུས་སྣ་སྒོར་རླུང་རྒྱུ་བ་འགགས་པའི་མོས་པ་བྱས་ལ། སུམ་མདོ་ནས་རྩ་དབུ་མའི་ནང་གི་རླུང་གཡོས་པའི་མཐུས་ཤེལ་གྱི་ཀོང་བུའི་ནང་ནས་མར་མེ་ཕྲ་མོ་འབར་བ་ལྟར་ཐིག་ལེ་ལས་མེའི་འོད་ཟེར་གྱི་རེ་ཁ་ཕྲ་མོ་ཁ་དོག་དམར་སེར་། རེག་


JLD006_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤིན་ཏུ་ཚ་བ་ལ་ཚད་སོར་གཉིས་ནས་བཞེང་བར་གང་མོས་བྱས་ལ། མེ་ཁྱད་པར་དེ་ལྟ་བུ་དང་ལྡན་པ་སྐྱེས་བའི་དམིགས་པ་བྱས་ཏེ། སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་པ་ཡིན་ནོ། དེ་ཅུང་ཟད་བརྟན་པ་ན་ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་དུ་སོང་བའི་དམིགས་པ་བྱས་ལ། མེ་དེས་སྤྱི་བོའི་བྱང་སེམས་བཞུས་ནས་རྩ་དབུ་མའི་ནང་རྩ་འཁོར་རྣམས་ཀྱི་ལྟེ་བར་རིམ་པ་ལྟར་བབས་ནས། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་སྔར་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས་ནས། ཡང་སྔར་གྱི་ཐིག་ལེ་དང་བཅས་པ་ལས་སེམས་འཛིན་ནོ། དེ་ཅུང་ཟད་བརྟན་པ་ན་ཡར་འགྲོ་བའི་མེ་དེ་ཅུང་ཟད་སྦོ་མ་དུ་སོང་བའི་དམིགས་པ་བྱེད་དོ། ཡང་དེའི་སྐབས་སུ་མར་མེ་གཅིག་གིས་མཛོད་དུ་མ་སྣང་བར་བྱེད་པ་ལྟར། ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟེ་བར་སོང་བའི་ཚེ་དེའི་འོད་ཀྱིས་རྩ་འདབ་རྣམས་ཀྱི་ནང་གསལ་བའི་དམིགས་པ་བྱེད་ཅིང་། བློས་ལྕོགས་ན་རྩ་སྟོང་ཕྲག་བདུད་ཅུ་རྩ་གཉིས་པོ་ཐམས་ཅད་མེའི་འོད་ཀྱིས་གསལ་བར་བྱས་པའི་དམིགས་པ་ཡང་དང་ཡང་དུ་བསྒོམ་མོ། དེ་ལྟར་བསྒོམས་པ་ན་ཉམས་སྣང་ལ་བརྟེན་ནས་ལྐོག་གྱུར་ཅི་རིགས་ལུང་བསྟན་ཐུབ་པ་འབྱུང་ལ། འོན་ཀྱང་མངོན་ཤེས་མིན་གསུངས། དེ་ནས་དམིགས་པ་དེ་དག་བརྟན་པ་ན་འདི་ལྟར་བསྒོམས་པར་བྱ་སྟེ། རང་གི་ལྟ་བའི་མེ་དེ་ཡར་ན་སྤྱི་བོའི་བར་ལ་སོངས། དེ་ནས་སྨིན་མཚམ་བར་དུ་འོང་བར་དུ་འོངས་ནས་འབྱུང་བའི་ལམ་དང་


JLD006_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྣ་བུག་གཡས་པ་ནས་ཐོན་ཏེ། ཕྱོགས་བཅུའི་བྱང་སེམས་དང་ཉན་རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ཀྱང་སངས་རྒྱས་སུ་གྱུར་པའི་མོས་པ་བྱས་ལ། དེ་ནས་དེ་རྣམས་དང་སྔར་སངས་རྒྱས་ཟིན་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་པ་དེ་ནས་མེ་དེ་སོང་བས་སྨིན་མཚམས་ནས་སྤྱི་བོའི་བར་དུ་སླེབས་ནས། དེ་ནས་མགྲིན་པ་དང་། སྙིང་ག་དང་། ལྟེ་བར་སོང་སྟེ་ལྟེ་བའི་ཐིག་ལེ་དཀར་པོ་དྲངས་ཏེ་སྤྱི་བོའི་བར་དུ་ཡར་བྱང་། དེ་ནས་མར་སྨིན་མཚམས་བར་དུ་འོངས་ནས་སྣ་བུག་གཡས་ནས་ཐོན་ཏེ། རང་གི་འཇུག་པའི་ལམ་སྣ་བུག་གཡོན་ནས་ཞུགས། སྨིམ་མཚམས་ནས་སྤྱི་བོའི་བར་དུ་སོང་སྟེ། དེ་ནས་མར་ལྟེ་བའི་བར་དུ་བབས་པས་སྔར་མེས་གདུངས་པའི་ཚབ་གསོལ་ཏེ། སྔར་ཀྱི་རྩ་མདུད་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ཡང་ཡང་བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། མདོར་ན་གོང་དུ་བཤད་པའི་དམིགས་པ་ཟིན་པའི་རྟགས་དེ་དག་བྱུང་ན་རབ་ལ། མ་བྱུང་ནའང་དམིགས་པ་སྔར་མ་ཅུང་ཟད་བརྟན་པ་ན་དམིགས་པ་རྟིང་མ་ལ་ཕོག་ལ། དམིགས་པ་དེ་རྣམས་འདྲིལ་བའི་ཚེ་རང་རང་གི་རྟགས་མ་རྫོགས་ཀྱི་བར་དུ་རྒྱུན་བསྲིངས་ནས་ཉི་མ་རེ་རེ་བཞིན་བསྐྱེད་རིམ་ཐུན་བཞའི་མཐའ་ལ་བསྒོམ་པ་ཡིན་ནོ། དེ་ལྟར་བསྒོམས་པས་ལྟེ་བའི་མེ་འབར་ཏེ། སྤྱི་བོའི་བྱངས་སེམས་ཞུ་བ་གོམས་པར་རབ་ཏུ་གྱུར་པའི་ཚེ་སྤྱི་བོའི་བྱང་སེམས་ཞུ་བ་དེ་ཉིད་ཀྱིས་ལྟེ་བའི་མེ་འབར་


JLD006_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྐྱེན་བྱེད་པས། དེ་ནས་མེ་དམིགས་སོགས་ལ་ལྟོས་མི་དགོས་པར་འབར་འཛག་འཁོར་མ་འབྱུང་བ་ཡིན་ནོ། སྤྱི་བོའི་བྱང་སེམས་ཆུ་ཁམས་ཡིན་པས་ལྟེ་བའི་མེ་དང་གཉིས་གཅིག་གིས་གཅིག་འཕེལ་བའི་གྲོགས་བྱེད་པ་མི་འཐད་དམ་སྙམ་ན། ལྟེ་བའི་མེ་ཟེར་ཀྱང་ངོ་བོ་ཁྲག་ཡིན་པས་ལྟེ་བའི་དམར་ཆས་གཙོ་བོར་དྲོད་བསྐྱེད་ཅིང་། སྤྱི་བོའི་དཀར་ཆས་གཙོ་བོར་བདེ་བ་བསྐྱེད་ལ། ཆུ་ཁམས་གཅིག་གིས་གཅིག་གྱི་གྲོགས་བྱེད་པ་ལ་འགླ་བ་མེད་དོ། དེ་ནས་སྤྱི་བོའི་བྱང་སེམས་ལྟེ་བར་སླེབ་པའི་ཚེ་བསིལ་བར་འགྱུར་ཞེས་བཤད་ཀྱང་། བསིལ་བའི་དོན་དྲོད་ཆུང་དུ་སོང་བ་ལ་བྱེད་ན། དོན་འགངས་ཆེན་འཕྱུགས་པས་དེ་ལ་མི་བྱ་བར། བསིལ་བའི་དོན་སྤྱི་བོའི་བྱང་སེམས་ཀྱིས་ལྟེ་བའི་མེ་ཚིམས་པ་ལ་བྱའོ། ༈ དམིགས་པ་དེ་དག་བསྒོམས་པའི་འབྲས་བུ་དགའ་བཞི་ངོས་བཟུང་བ་ལ་གཉིས་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་རིམ་དང་བསྟུན་ནས་དགའ་བཞི་ངོས་འཛིན་པ་ནི། རྫོགས་རིམ་གྱི་ཡང་ཏེ་མཐོང་སླེབ་པའི་དགའ་བཞི་ངོས་འཛིན་ཚུལ་ཡིན་པས་རེ་ཞིག་འདིར་མི་འཆད་ལ། དེས་ན་འདིར། གནས་ཀྱི་སྒོ་ནས་དགའ་བཞི་ངོས་འཛིན་པ་ཡིན་ཏེ། དེ་ཡང་བུམ་ཅན་དང་རྡོར་བཟླས་དང་ཐིག་ལེའི་རྣལ་འབྱོར་མེ་དམིགས་དང་བཅས་པ་གང་རུང་ཏི་མཐུས་རླུང་སྣ་སྒོར་རྒྱུ་བ་ལོག་ཅིང་། ལུས་ཀྱི་ནང་གང་བ་ལྟ་བུར་སྣང་བའི་ནང་གི་རླུང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་ཡལ་ཏེ་འགགས་པའི་མཐུས། སུམ་མདོའི་རླུང་གིས་ལྟེ་བའི་མེ་སྦར་


JLD006_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྤྱིར་བཏང་ལ་རགས་པ་ཙམ་བརྗོད་ཀྱང་། ཞིབ་ཏུ་བཤད་པའི་རླུང་དེ་འགགས་པའི་མཐུས་རྡོ་རྗེའི་ནང་གི་རྩ་དབུ་མ་ཞར་བ་ཁ་ཕྱེ་ནས་སྦུབས་ཅན་དུ་བྱས་ལ། དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསལ་བ་སུམ་མདོར་སོང་སྟེ། ཀྵ་ཡིག་གིས་མཚོན་པའི་མེ་སྦར་ཏེ། དེ་དུས་སུ་རླུང་དེ་དང་མེ་འདྲེས་པ་ལ་ཐིམ་ཞེས་བཤད་དོ། དེ་ནས་སུམ་མདོའི་མེ་དེས་ལྟེ་བའི་ཨཾ་ཡིག་གིས་མཚོན་པའི་མེ་སྦར་ནས་མེ་ལྕེ་སྤྱི་བོའི་བར་དུ་སོང་སྟེ་སྤྱི་བོའི་བྱང་སེམས་ཞུ་ནས་དཀར་ཆས་མགྲིན་པའི་འཁོར་ལོའི་དབུས་སུ་སླེབ་པའི་བར་གྱི་དགའ་བ་ནི། དགའ་བ་བཞིའི་ནང་ནས་དགའ་བ་སྐྱེས་པ་ཡིན་ནོ། དེ་ནས་མགྲིན་པའི་རྩ་འཁོར་ཀྱི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། སྙིང་གའི་རྩ་འཁོར་གྱི་དབུས་སུ་དཀར་ཆས་སླེབ་པའི་བར་ནི་མཆོག་དགའ་སྐྱེ་དུས་ཡིན་ནོ། སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། ལྟེ་བའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ལ་ཁྱད་པྲ་གྱི་དགའ་བ་སྐྱེའོ། ལྟེ་བའི་འཁོར་ལོའི་དབུས་ཀྱི་འོག་ཙམ་ནས་བཟུང་སྟེ། རྡོ་རྗེ་ནོར་བུའི་དབུས་སུ་སླེབས་ཏེ་ཕྱིར་མ་འཕོས་ཀྱི་བར་ལ་ལྷན་སྐྱེས་ཀྱི་དགའ་བ་སྐྱེའོ། ཟླ་བ་ལ་དཀར་ཆ་འཕེལ་བ་ཆ་བཅོ་ལྔ། དཀར་ཆ་རྫོགས་ནས་ནག་ཆ་ལམ་སླེབ་ཀྱི་བར་ཀྱི་ཆ་གཅིག་དང་བཅས་པས་ཆ་བཅུ་དྲུག་ཡོད་པ་དང་མཐུན་པར་སྤྱི་བོ་ནས་ནོར་བུའི་རྩེ་མོའི་བར་གྱི་བྱང་སེམས་དཀར་པོ་ཆ་བཅུ་དྲུག་ཡོད་པས། བཅུ་དྲུག་པོ་དེ་ལ་


JLD006_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་དགའ་བའམ་བདེ་བ་ཡག་ཆ་བཅུ་དྲུག་ཡོད་དོ། ཆ་བཅུ་དྲུག་ཡོད་ཚུལ་ནི་སྤྱི་བོ་ནས་མགྲིན་པའི་བར་ལ་ཆ་མཉམ་བཞིར་བགོས་ནས་སྟེང་ནས་རིམ་པ་ལྟར་བཞི་ཆ་རེའི་དུས་སུ་དགའ་བའི་དགའ་བ་སྐྱེ་བ་ལ་སོགས་པ་འོག་མ་རྣམས་ལ་ཡང་ཆ་བགོ་ཚུལ་དང་། དགའ་བ་གཞན་གསུམ་གྱི་སྐྱེ་ཚུལ་ཡང་དེས་རིགས་འགྲེའོ། ཡང་ཉི་མས་ཁྱིམ་བཅུ་གཉིས་བགྲོད་པ་དང་མཐུན་པར་སྤྱི་བོ་ནས་མགྲིན་པའི་བར་དང་། མགྲིན་པ་ནས་སྙིང་གའི་བར་དང་། སྙིག་ག་ནས་ལྟེ་བའི་བར་དང་། ལྟེ་བ་ནས་ནོར་བུའི་རྩེ་མོའི་བར་དེ་དག་ལ་ཆ་གསུམ་གསུམ་དུ་བགོས་ནས་གནས་བཅུ་གཉིས་པོ་དེ་དག་ཏུ་རིམ་པ་ལྟར་དམར་ཆས་སླེབས་པ་ན། དམར་ཆ་བཅུ་གཉིས་ལ་བརྟེན་པའི་བདེ་བའམ་དགའ་བ་བཅུ་གཉིས་སྐྱེའོ། དགའ་བཅུ་དྲུག་དང་དགའ་བཅུ་གཉིས་ཀྱི་ཁྱད་པར་རྣམས་མྱོང་གི་སྟེང་ནས་ཕྱེད་བ་དགོས་གསུངས། ཡས་བབས་ཀྱི་དགའ་བའི་སྐབས་སུ་སྤྱི་བོའི་བྱང་སེམས་དཀར་པོ་ནར་མར་འཛག་པའི་ངེས་པ་མེད་ཀྱང་སྤྱི་བོ་ནས་འོངས་པའི་བྱང་སེམས་དེས་ཞོར་ལ་རྩ་ནང་གི་བྱང་སེམས་གཞན་རྣམས་ཀྱང་དྲངས་ནས་བབས་པས་གནས་འོག་མ་སླེབ་ཀྱིན་དགའ་བདེ་ཆེར་འགྲེ་བ་ཡིན་ནོ། མས་བརྟན་གྱི་དགའ་བའི་སྐབས་སུ་གནས་འོག་མ་ནས་གོང་མར་སླེབ་ཀྱི་ན་དགའ་བདེ་ཆེར་འགྲོ་ཡིན་ལ། དེ་ཡང་ལྷན་སྐྱེས་ཀྱི་དགའ་བ་ལ་དགའ་བ་བཞིར་ཕྱེ་བའི་དགའ་བ་ནི་འོག་མ་ནས་རིམ་པ་ལྟར་ནོར་བུའི་རྩེ་མོ་ནས་ཡར་འོངས་ནས་ལྟེ་བར་སླེབ་པའི་ཚེ་


JLD006_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱི་དགའ་བའི་དགའ་བ་དང་། དེས་སྙིང་གར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་མཆོག་དགའ་དང་། དེས་མགྲིན་པར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ཁྱད་དགའ་དང་། དེ་ནས་སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ལྷན་ཅིག་སྐྱེས་དགའ་སྐྱེའོ། དེ་ནས་མས་བརྟན་ལ་ལྷན་སྐྱེས་ལམ་གཏོགས་པའི་དགའ་བ་མི་སྲིད་ཅིང་། ཡས་བབས་ལས་གཞན་པའི་དམིགས་པ་ཟུར་གིག་གིས་མས་བརྟན་གྱི་དགའ་བ་སྐྱེ་དགོས་སོ། རླུང་སྦྱོར་འཁྲུལ་འཁོར་སོགས་མ་བྱས་ཀྱང་མེའི་དམིགས་པ་བས་པ་ཉིད་ཀྱི་རྩ་སྦྲོང་ནུས་པ་ས་གེགས་མི་འབྱུང་བ་ཡིན་ནོ། རླུང་བུམ་བ་ཅན་བསྒོམ་པ་སོགས་མ་བྱས་ཀྱང་ཐིག་ལེ་ལ་སེམས་ཟིན་ནས་སྟེང་འོག་གི་སྣ་སྒོ་ལ་རྒྱུ་བའི་རླུང་འགགས་པའི་མཐུས་ཐིག་ལེ་འཛག་མེད་དུ་འཆིང་ནུས་པ་ཡིན་ཞིང་། གོང་གི་དམིགས་པ་དེ་རྣམས་བདེ་མཆོག་དང་ཀྱཻ་རྡོར་གྱི་མངོན་རྟོགས་དང་སྦྲེལ་ནས་བསྒོམས་ན་བོགས་ཆེ་བ་ཡིན་ནོ། དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ་དེ་དང་སྟོང་ཉིད་སྦྱར་ནས་བསྒོམ་པ་ཡིན་ཞིང་། ལྷན་སྐྱེས་དེ་ཡང་ཡས་བབས་ཀྱི་སྐབས་སུ་གནས་དམའ་བ་ཙམ་གྱིས་བདེ་བ་ཆེ་ཞིང་། མས་བརྟན་གྱི་སྐབས་སུ་གནས་མཐོ་བ་ཙམ་གྱིས་དགའ་བདེ་ཆེར་འགྲོ་བར་སྟོང་ཉིད་སྒོམ་དུས་དང་ལྷན་སྐྱེས་སྐྱེས་དུས་གོ་བས་དམིགས་ཕྱེད་པོ་བྱས་


JLD006_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱོང་དགོས་པ་ཡིན་ནོ། རླུང་འགགས་དུས་སུ་དབུ་མར་འདུ་བའི་བཤད་པ་ཡང་གྲུབ་ཆེན་འགའ་རེས་བྱས་པ་ཡོད་པས་འདབ་མའི་ནང་གི་རླུང་རྣམས་དབུ་མར་སོང་བའི་ཚེ། དབུ་མའི་ནང་དུ་སླེབས་ཙམ་ནས་ཡལ་བའི་དམིགས་པ་བྱས་ནའང་འགལ་བ་མེད་ཅིང་། ཡང་དབུ་མའི་ཕྱི་རོལ་ཏུ་འགགས་པ་བྱས་པའི་ལུགས་ཀྱང་ཡོད་པས་དེ་གཉིས་གང་མོས་ཀྱིས་ཆོག་གསུངས་སོ། འདི་ནི་ཕག་ལོའི་དགུན་གནས་སྣེ་བ་བཏེག་ནས་སེར་ཆོས་སྡིངས་སུ་བཞུགས་དུས། བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྣ་ནས། མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་འདི་འཁོར་བ་བརྒྱ་ཙམ་ལ་གནང་དུས་མི་བསྐྱོད་རྡོ་རྗེས་ཟིན་བྲིས་སུ་བཀོད་པ་ཡིན་ནོ། ༈ དེ་ལྟར་དཀར་ཆག་ཐོའི་ཡིག་ཆུང་། དམ་ཚིག་རྡོ་རྗེ། རྡོ་རྗེ་མཁའ་འགྲོ། ལྟ་བའི་ཡིག་ཆུང་། བསྐྱེད་རིམ་གྱི་ཡིག་ཆུང་། རྫོགས་རིམ་ལ་དམིགས་རིམ། ལག་རྗེས། ཉེར་མཁོ་སྟེ། སྤྱིའི་ཡིག་ཆུང་གསུམ། རྡོར་བཟླས། སེམས་དབེན། སྒྱུ་ལུས་ཏེ་སོ་སོའི་ཡིག་ཆུང་གསུམ་སྟེ་བཅུ་གཅིག། བསྲེ་འཕོ་གཉིས། བོགས་འདོན་དང་གེགས་སེལ་གཉིས། རྣམ་གསུམ་རབ་དབྱེད་ལ། ཕྱག་རྒྱ་སྲོག་རྩོལ་ཏེ་བཅུ་བདུན། དེའི་སྟེང་དུ་གསལ་བྱེད་གསུམ་དང་ཉི་ཤུ། མ་རྒྱུད་ཀྱི་རྫོགས་རིམ་གཏུམ་མོ་ལ་བརྟེན་ནས་དགའ་བཞི་འདྲེན་ཚུལ་སོགས་ལ་གནད་ཅེ་བའི་ཡིག་ཆུང་སྟེ་དེ་ལྟར་ཉི་ཤུ་རྩ་གཅིག་གོ། མ་རྒྱུད་ཡང་ན་རྫོགས་


JLD006_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་ཡིག་ཆུང་གསལ་བྱེད་གསུམ་གྱི་ནང་དུ་བསྡུས་ནས་རྫོགས་རིམ་གྱི་སྔོན་འགྲོ། ལུས་ཀྱི་བྱེད་བཅིངས་བརྟེན་པའི་ཡིག་ཆུང་། བོགས་འདོན་གེགས་སེལ་ནང་དུ་བསྡུས་ནས་གེགས་སེལ་ལ། རླུང་གི་གེགས་སེལ། ཐིག་ལེའི་གེགས་སེལ་གཉིས་སུ་བྱས་ནས་ཉེར་གཅིག་ཏུ་བྱེད་པ་ཡང་ཡོད་དོ། ༈ ལུས་དཀྱིལ་གྱི་ཡིག་ཆུང་སོགས་བསྐྱེད་རིམ་གྱི་ཉེར་འཁོ་འགའ་ནི། ཐོག་མར་བསྐྱེད་རིམ་པའི་གོ་བ་རགས་པ་ཙམ་ཞིག་ནི་འདི་ཡིན་ལ། དེ་ལ་སྟོང་ཉིད་བསྒོམ་ཚུལ། ཆོས་ཀུར་ལ་ང་རྒྱལ་འཇོག་ཚུལ། སྟོང་པའི་ངང་ནས་ལྷ་སྐུ་བསྒོམ་ཚུལ། ལྷ་ལ་ང་རྒྱལ་འཇོག་ཚུལ་དང་བཞི་ལས། དང་པོ་ནི། ལྟ་ཁྲིད་ལྟར་གྱི་རིགས་པ་རྒྱས་པ་མི་བྱེད་པར་རྟགས་གན་ཡང་རུང་བ་ཙམ་ཞིག་ལ་བརྟེན་ནས་སྟོང་ཉིད་ལ་ངེས་པ། ཤུགས་དྲག་འདྲེན་པར་བྱེད་དགོས་ཤིང་། འཛིན་སྟངས་ཀྱི་ཤེད་ཆུང་དུ་སོང་ན་དཔྱད་པ་ཕྲ་མོ་ལ་བརྟེན་ནས་བློའི་ཤུགས་དྲག་པོ་འདྲེན་པར་བྱའོ། དངོས་པོ་མེད་པས་ཞེས་སོགས་ཀྱི་ཡིག་དོན་དང་སྤྱི་དོན་དྲན་པ་ཤིན་ཏུ་གལ་ཆེ། གཉིས་པ་ནི། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས། གཉིས་སྣང་ཕྲ་མོས་ཀྱང་བར་མཆོད་པར་ཆུ་ལ་ཆུ་བཞག་པ་བཞིན་ཏུ་སོང་བའི་མོས་པ་རྩེ་གཅིག་ཏུ་བྱེད་པ་ཡིན་ཞིང་། འདི་འདྲ་བའི་མོས་པ་ཡིད་བྱེད་ཀྱི་ཆོས་སྐུ་ནི་རྫོགས་རིམ་གྱི་སྐབས་སུ་ཆོས་སྐུའི་རྟོགས་པ་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྲོ་ཚུལ་ལའང་ཤེས་པར་བྱའོ།


JLD006_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། སྟོང་པའི་ངང་ལས་ཞེས་པའི་གོ་དོན་ནི། གོང་གི་དམིགས་པ་མ་ཤོག་བའི་ངང་ནས་ལྷའི་སྐུར་ལངས་དགོས་པ་ཡིན་ནོ། དཔེར་ན། ཤེལ་གོང་ཤིན་ཏུ་དྭངས་པ་ལ་རས་ཁ་དོག་སྣ་ཚོག་པར་ཉེ་བ་ན། ཤེལ་དེའི་དྭངས་ཆ་མ་ཤོར་བའི་ངང་ནས་རས་དེའི་གཟུགས་སྣ་ཚོགས་པ་ཤེལ་དེའི་ནང་དུ་འཆག་བ་བཞིན་དུ། རང་གི་སེམས་སྟོང་ཉིད་དང་གཉིས་སྣང་ཕྲ་མོས་ཀྱང་མཆོད་པར་སོང་སྙམ་པའི་འཛིན་སྟངས་ཤུགས་དྲག་དེ་མ་ཤོར་བའི་ངང་ནས། རང་ཉིད་ཞལ་གསུམ་ཕྱག་དྲུག་པའི་རྣམ་པ་ཅན་གྱི་ལྷའི་སྐུར་བསྒོམ་དགོས་སོ། བཞི་པའི་གནད་ནི། བྱིང་རྒོད་ཀྱི་དབང་དུ་མ་སོང་བ་ལ་འབད་སྙམ་པའི་འཕེན་པ་དྲག་པོ་གཏོང་བ་མ་གཏོགས་པའི་དམིགས་པའི་སྐབས་སུ་ཡང་དང་ཡང་དུ་བྱིང་རྒོད་ཀྱི་དབང་དུ་སོང་མ་སོང་རྟོག་པ་དང་། རྟགས་ལ་བརྟེན་པའི་དཔྱད་པ་མང་དུ་མི་བྱའོ། དེ་ལྟར་བྱས་ནས་སེམས་གཞན་དུ་མི་ཡན་ཞིང་། སྐབས་འདིར་ཞི་གནས་བསྒྲུབ་པར་བྱའོ། རིག་པའི་དཔྱད་པ་ཅུང་ཟད་བྱེད་པ་ན་ཡང་ལྷའི་ཞལ་ཕྱག་རྒྱན་ལ་སོགས་པ་ལ་བྱེད་པ་ཡིན་ནོ། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པའི་དམ་བཅའ་ངེས་ཤེས་ཤུགས་དྲག་གི་ངང་ནས་ལྷའི་སྐུར་གསལ་བ་གཉིས་ཚོགས་སུ་དགོས་པ་ནི། ཟབ་གསལ་གཉིས་མེད་བསྒོམས་བ་བཞིན་ནོ། གཉིས་སུ་མེད་པའི་དོན་ངོ་བོ་ཐ་དད་དུ་མེད་པ་ཡིན་ནོ། བྱིང་པ་དང་རྨུགས་པ་གཉིས་མི་གཅིག་པའི་སེམས་བྱུང་སོ་སོ་བ་ཡིན། རྨུགས་པ་ནི་གཏི་མུག་གི་


JLD006_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་གཏོགས་པའི་སེམས་བྱུང་རྒྱ་ཡན་པོ་ལས་སུ་མི་རུང་བ་ཡིན་ལ། བྱིང་པ་ནི་དམིགས་པ་མི་གསལ་བའི་འཛིན་སྟངས་ཅན་དྭངས་ཆ་ཡོང་བ་ཙམ་གྱིས་མ་ཕན་ནོ། རྒོད་པ་ནི་ཡུལ་ཡིད་འོང་སོགས་ལ་འཕྲོ་ཞིང་རྒྱུག་པར་བྱེད་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་བྱུང་ངོ་། འཕྲོ་བ་ནི་དམིགས་པའི་ཡུལ་དེ་ལས་གཞན་པའི་ཡུལ་ལ་འཕྲོ་བའི་སེམས་བྱུང་སྟེ། ཕྱི་མ་གཉིས་ཀྱང་སོ་སོ་བ་ཡིན་ནོ། དྲན་པ་ནི་དམིགས་པ་གང་ཡིན་དེ་ལ་སེམས་མ་ཡེངས་པར་རྩེ་གཅིག་ཏུ་འཛིན་པའི་མཚན་ཉིད་ཅན་ཡིན་ཞིང་། ཤེས་བཞིན་ནི་དམིགས་པའི་ཚེ་བྱིང་རྒོད་གང་རུང་སྐྱེས་མ་ཐག་ཏུ་ངོ་ཤེས་པར་བྱེད་པའི་སེམས་བྱུང་ངོ་། ལྷག་མོས་ལུས་ལ་སྡུད་པའི་ཚེ་རང་གི་ཐུགས་ཀའི་ཧཱུྃ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ལུས་ཀྱི་མདུན་རྒྱབ་ཐམས་ཅད་ལས་གཅིག་ཆར་དུ་འཕྲོས་པས། རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་སྤྱན་དྲངས་ནས། ལུས་ཀྱི་གནས་དེ་དང་དེར་དབང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་མོས་པར་བྱའོ། ལྷག་མོས་འོད་གསལ་དུ་སྡུད་པའི་ཚེ་རྣམ་སྣང་ནས་གཙོ་བོའི་བར་རྣམས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པར་ཐིམ་པའི་མོས་པ་ཤུགས་དྲག་དགོས་སོ། དེ་ནས་ཤཱནྱ་ཏཱའི་སྐབས་སུ་རིགས་པས་དཔྱད་པ་མི་བྱེད་པར་གང་སྣང་ཆོས་སྐུ་ལ་བརྒྱལ་བཞག་པའི་ངང་ནས། གང་ན་དབུས་མའི་སྟེང་དུ་ཧཱུྃ་


JLD006_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉི་མའི་དཀྱིལ་འཁོར་སོགས་བསྐྱེད་ཅིང་། རྡོ་རྗེ་རྩ་ལྔ་བའི་ལྟེ་བའི་ང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ་ཡིན་ནོ། དེ་ལས་དང་པོའི་མགོན་པོར་ལྡང་བའི་ཚེ་ངས་སེམས་ཅན་གྱི་དོན་དུ་ལོངས་སྤྱོད་རྫོགས་པོའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་གཏང་བར་བྱའོ། སྤྲུལ་སྐུ་རྡོར་སེམས་སུ་ལྡང་བའི་ཚེ་ངས་སེམས་ཅན་གྱི་དོན་དུ་ཁམས་རགས་པའི་སྤྲུལ་སྐུ་གཟུང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་དགོས་སོ། ལུས་དཀྱིལ་གྱི་གཙོ་བོ་མི་བསྐྱོད་པ་ཡིན་པས་གཙོ་བོ་དང་ཁྲོ་བོ་བཅུ་ལ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལྷ་གཞན་རྣམས་ལ་ཡང་སྣ་ཚོགས་པདྨ་གོང་དུ་བཤད་པ་ལྟར་ལྷ་རང་རང་གི་གདན་བསྐྱེད་དགོས་སོ། སྤྱི་གཙུག་ནས་སྒྲ་མཚམས་ཀྱི་མ་མཐའ་ཡན་ལ་རྣམ་སྣང་བསྐྱེད་དགོས་པས། ཐོད་པའི་དབུས་སྤྱི་བོ་བདེ་ཆེན་འཁོར་ལོ་ཡོད་པའི་གནས་དེར་རྣམས་སྣང་བསྒོམ་པ་ཡིན་ཞིང་། རྩ་འཁོར་གྱི་ནང་དུ་བསྒོམ་པ་ནི་མ་ཡིན་ནོ། དེ་ལྟ་བུའི་གནས་སུ་རྣམ་སྣང་བསྒོམས་པས་ནི།་རྫོགས་རིམ་གྱི་སྨིན་བྱེད་ཁྱད་པར་ཅན་དུ་འགྲོ་བ་ཡིན་པས་ཚུལ་འདི་གཞན་ལའང་ཤེས་པར་བྱའོ། མགྲིན་པའི་གནས་དྲང་པོ་ན་རྩ་འཁོར་ཡོད་ཅིང་དེའི་ཐད་དུ་འོད་དཔག་མེད་དང་། བྱང་ཁོག་གི་དབུས་སྙིང་གའི་ཐད་ཅུང་ཟད་རྒྱབ་ཕྱོགས་ལ་ཉེ་བ་ན་མི་བསྐྱོད་པ་དང་། སྙིང་གའི་མས་མཐའི་དབུས་ཅང་ཟད་རྒྱལ་ལ་ཉེ་བར་རིན་འབྱུང་། ཚང་ར་དང་བརླ་གཉིས་ཀྱི་དབུས་ཀྱི་སུམ་མདོ་


JLD006_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་གྱི་གནས་སུ་དོན་གྲུབ། རིན་འབྱུང་གི་མདུན་ཕྱོགས་སུ་སྤྱན་མ། མི་བསྐྱོད་པ་དང་འོང་དཔག་མེད་གཉིས་ཀྱི་མདུན་ཕྱོགས་སུ་མཱ་མ་ཀཱི་དང་གོས་དཀར་མོ་གཉིས་བསྐྱེད། སྨིམ་མཚམས་ཀྱི་ཐད་ཀྱི་ཐོད་པའི་ནང་དུ་རླུང་གི་རྩ་འདབ་ཡོད་པས་དེར་སྒྲོལ་མ་རྣམ་སྣང་ལས་ཅུང་ཟད་མཐོ་བར་བྱེད་དགོས་སོ། རིགས་ལྔའི་སྐུ་ནི་ལྷ་གཞན་རྣམས་ཀྱི་སྐུ་ལས་ཅུང་ཟད་ཆེ་བ་དགོས་སོ། ལྷ་ཞི་བ་རྣམས་ལས་འོད་ཟེར་རྣམ་པ་ལྔ་འཕྲོ་བ་དང་། ཁྲོ་བོ་བཅུ་ལས་འོད་ཟེར་མེ་འོད་ལྟུ་བུས་སྟོང་གསུམ་ཁྱབ་པར་འཕྲོ་བ་རྣམས་ཀྱང་ཟེར་བ་འདུག་པ་དང་། སྤྲུལ་སྐུ་རྡོ་སེམས་ཀྱི་སྐུ་ལས་འོད་ཟེར་ཐོགས་རྡུགས་མེད་པར་འཕྲོ་བར་བསམ། མིག་འབྲས་གཉིས་ཀྱི་དབུས་སུ་ས་སྙིང་དང་གཟུགས་རྡོ་རྗེ་མ་ཕྱག་དང་པོ་གཉིས་ཡབ་ལ་འཁྱུད་པ། མེ་ལོང་དམར་པོ་ངོས་གཉིས་པ་སྟོང་གསུམ་ཐམས་ཅད་འཆར་ཐུབ་པ་ལྟ་བུ་དང་། རྣ་བ་གཉིས་ཀྱི་རྩ་བར་ཕྱག་རྡོར་དང་སྒྲ་རྡོ་རྗེ་མ་པི་ཝཾ་སྔོན་པོ་འཛིན་པ། དེའི་སྒྲ་ཕྲ་མེ་ཙམ་གྱིས་ཀྱང་སྟོང་གསུམ་ཐམས་ཅད་ཁྱབ་པར་བྱེད་ནུས་པ་སྙམ་བྱེད་པ་རང་གི་ཡིད་ལ་བདེ་བ་དཔག་ཏུ་མེད་པ་སྟེར་བར་བྱེད་པ་དང་། སྐྱེ་མཆེད་ཀྱི་ལྷ་རྣམས་ཡིད་ལ་དྲན་པ་ཙམ་གྱིས་དགའ་བ་བསམ་གྱིས་མི་ཁྱབ་པར་བསྐྱེད་པར་བསམ། རང་ཉིད་ཁ་ཤར་ལ་བལྟས་པའི་ཚེ་རྣབ་བ་གཡས་ཀྱི་ཕྱག་རྡོར་ཁ་ལྷོ་དང་། གཡོན་པའི་ཕྱག་རྡོར་ཞལ་བྱང་ལ་གཟིགས་


JLD006_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

སོ། སྣ་བུག་གཉིས་ཀྱི་ནང་དུ་ནམ་སྙིང་དང་དྲི་རྡོ་རྗེ་མ། ལྕེ་གཡས་གཡོན་གཉིས་ཀྱི་དབུ་ཡར་མར་གཉིས་ཀྱི་ནང་ནས་ཅུང་ཟད་རྩེ་ཕྱོགས་ལ་ཉེ་བར་འཇིག་རྟེན་དབང་ཕྱུག་དང་རྡོ་རྗེ་མ་སྒོམ་ཞིང་། དེ་ཡང་རླུང་རྒྱུ་བའི་རྩེའི་གོང་དེར་སྒོམ་ཞིང་། གཞན་ལ་ཡང་ཅི་རིགས་སུ་ཤེས་དགོས་སོ། འཇམ་དབྱངས་མཱ་མ་ཀཱིའི་སྟེང་དང་། ཡེ་ཤེས་སེམས་དཔའ་མི་བསྐྱོད་པའི་སྟེང་ངམ་དེའི་རྒྱབ་ཏུའམ་འཇམ་དབྱངས་ཀྱི་སྟེང་ཙམ་དུ་བསྒོམས་ཀྱང་རུང་། དེའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ནི་ཧཱུྃ་ཡིག་སྔོན་པོ་སྤུས་ཐིས་པ་ལྟ་བུ་ཤིན་ཏུ་ཕྲ་བ་འོད་ཟེར་འཕྲོ་བ་དང་། སྟོང་ཉིད་ངེས་པའི་འཛིན་སྟངས་ཅན་དུ་རང་གི་སེམས་འདྲེས་པ་ལྟར་དུ་ཅི་ནུས་སུ་སྦྱང་བ་གལ་ཆེ། རྡོ་རྗེ་ནོར་བུའི་དབུས་རྩ་དབུས་རྩ་མདུད་ཡོད་པའི་གོང་དེར་སྒྲིབ་སེལ་དང་རེག་བྱ་རྡོ་རྗེ་མ་བསྒོམ། རྡོ་རྗེའི་བུག་པ་ཕྱོགས་ལ་ཉེ་བར་རེག་བྱ་རྡོ་རྗེ་མ་བསྒོམས་ལས་རྡོ་རྗེའི་སྒོར་ཞེས་བཏགས་པ་ཡིན་པས་རྣ་བ་སོགས་ལ་ཤེས་པར་བྱའོ། རྡོ་རྗེ་རྩ་བར་བདུད་རྩི་འཁྱིལ་བ་དང་། རྣམ་སྣང་གི་སྟེང་དུ་བྱམས་པ། དེའི་སྟེང་གཙུག་ཏོར་གྱི་ནང་དུ་འཁོར་ལོས་སྒྱུར་རྒྱལ་ཞལ་རྒྱུ་བ་ལ་གཟིགས་ཤིང་ནམ་མཁའ་ལས་གཟིགས་པ་མེ་འོད་རབ་ཏུ་འབར་བ་འཕྲོ་བར་བསམས་ན་སྟེང་གདོན་གྱིས་མི་ཚུགས་པའི་དགོས་པ་ཡོད་དོ། གནོད་མཛེས་སོགས་ལའང་ཤེས་དགོས་སོ། རྟ་མགྲིན་ཁའི་སྒོར་བསྒོམ་པར་གསུངས་ལ། དོན་ལ་གནས་ནི་ལྕེའི་རྩ་བར་


JLD006_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡིན་ནོ། ཚིགས་སུམ་བརྒྱ་དང་དྲུག་ཅུ་ལ་ཀུན་བཟང་དེ་སྙེད་བསྒོམ་ཞིང་། ཐ་མལ་གྱི་ཚིགས་འདི་ཡོངས་སུ་གྱུར་པ་ལས་ལྷ་དེར་བསྒོམ། ལག་པ་གཡས་ལ་གཤིན་རྗེ་བཤེད། སིད་མོ་ལ་ཡར་དབུ་བསྟན་པར་བསྒོམ་ཞིང་། གཡོན་ལ་འང་དེས་མཚུངས་སོ། དབུང་པ་གཡས་པའི་ཚིགས་ཀྱི་ཚུན་ནས་ནང་ཙམ་དུ་མི་གཡོ་བ་ཞལ་མདུན་ལ་བལྟ་བ། གཡོན་ལའང་དེས་མཚུངས་སོ། བུས་མོ་གཡས་ལ་དབྱུག་སྔོན་ཅན་དབུ་ཡང་བལྟ། ཞལ་མདུན་བལྟ། གཡོན་ལའང་དེས་མཚུངས་སོ། རྐང་མཐིལ་གཉིས་སུ་གནོད་མཛེས་སྐུ་སྐྱིལ་ཀྲུང་བྱས་པའི་དབུ་ལོང་བུ་ཕྱོས་ལ་བལྟའོ། སྤྱི་བོར་ཨོཾ་དཀར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་རྣམས་འཕྲོས་པས། སྤྱན་མའི་ཚོགས་ནམ་མཁའ་གང་བསྤྲོས་པས། རྣམ་སྣང་གི་ཆོགས་སྤྱན་མ་དང་མཉམ་པར་སྦྱོར་བའི་མདུན་ན་གནས་པ། རྡོ་རྗེའི་གུར་དང་། བླ་བྲེའི་འོག ཐོག་གི་སྟེང་དུ་སྤྱན་དྲངས་ཏེ། དེ་རྣམས་སྙམས་པར་ཞུགས་པའི་འོད་ཟེར་སྔོན་པོ་སོགས་བྱའོ། གཞན་ལའང་མཚུངས་སོ། རྡོ་ཁབ་ལེན། མགྲོན་བུ་བུ་མ། སྦྲང་སྨྱོན་ལ་སྦྱོང་ནས་སྤྱི་བོར་བླུག་ནས་འཕོ་བའི་མན་ངག་ཤིན་ཏུ་ཟབ་པ་ཡིན་ཟེར་བའང་འདུག ཏིང་ངེ་འཛིན་སེམས་དཔའ་ནི་དཔེ་དོན་གྱི་འོད་གསལ་གཉིས་ཀྱི་ངེས་དོན། ཡེ་ཤེས་སེམས་དཔའ་ནི་དག་མ་དག་གི་སྒྱུ་མའི་སྐུའི་ངེས་དོན་དང་། དམ་ཚིག་སེམས་དཔའ་ནི་སྤྲུལ་སྐུའི་མཚོན་དོན་ནོ།


JLD006_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རིག་མ་འདུ་བྱ་བ་དང་། ལྷ་འགོད་པ་སོགས་ནི་སྔར་དང་མཚུངས་སོ། རལ་པ་ཕྱེད་བཅིངས་སུ་བྱས་པའི་སྒྲའི་ཕྱེད་ནས་བསྡུས་ཏེ་ལྕོག་བུ་བྱ་ཞིང་། དེ་ལྷག་རྒྱབ་ལ་འཕྱུང་བའོ། གཙོ་བོས་གཙུག་ཏོར་བཅིངས་པའི་དོན་ནི་པྲོག་ཞུ་ཚན་པ་གསུམ་བཅིངས་པའི་པྲོག་ཞུའི་རིན་པོ་ཆེའི་རྒྱན་དེ་རེའི་འོག་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་མཐའ་དག་སྣང་བར་བྱེད་ནུས་པར་བསམ། རྡོ་རྗེ་དང་པདྨ་འདུ་བྱ་བ་ནི། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཨོཾ་རིང་པོབ་མཚན་པ་ཡིན་ལ། རྭ་དབུས་མ་ནི་ནོར་བུ་ཡིན་ནོ། ཨོཾ་དེའི་ཁ་དོག་དཀར་པོས་ནི། བྱང་ཆུབ་ཀྱི་སེམས་དཀར་པོ་དེ་མཚོན། མགོ་ནོར་བུའི་བུག་པའི་ཕྱོགས་སུ་བསྟན་པས་ནི། བྱང་སེམས་ཐུན་དུ་བབ་པ་དེ་མཚོན། པདྨའི་དབྱིབས་ནི་ཕྱལ་ཕྱལ་དུ་མི་བྱེད་པར་སྦུག་པོ་ཡིན། ཟེའུ་འབྲུ་ལ་ཨཱཿབསྒོམ་བྱ་ལ་བྱེད་དོ། ཨཱཿནི་མགོ་ནང་དུ་བལྟའོ། ཨཱཿཚེག་དྲག་ཅན་དམར་པོས་ནི་ཡུམ་གྱི་རཀྟ་དམར་པོ་དེ་མཚོན་ཞིང་། པདྨའི་འདབ་མ་རྣམས་ནི་འབྲེལ་བ་ཡིན་ནོ། རིན་འབྱུང་གི་ང་རྒྱལ་དུ་འཕོས་ཏེ་དངོས་ཀྱི་རིག་མས་བྱ་བ་ཇི་ལྟར་བྱེད་པ་ལྟར་མ་མཆུ་འཇིབས། འོ་བྱེད་པ། དམ་དུ་འཁྱུད་པ་དང་། གཙོ་བོའི་སྤྱན་སྣ་རྩེ་ལ་ཕབ་སྟེ། ཡུམ་གྱི་འཛུམ་པའི་ཉམས་དང་། སྤྱན་བྱུར་གྱིས་ལྟ་བ་ལ་གཟིགས་པ་དང་། གཙོ་བོའི་གཡས་ཞལ་གྱིས་ཡུམ་གྱི་གཡོན་ཞལ་ལ་བལྟ་བ་དང་། གཡོན་ཞལ་གྱིས་གཡས་ཞལ་ལ་བལྟ་བ་ལ་སོགས་ཆགས་པའི་ཉམས་ལ་བརྟེན་ནས་བྱང་སེམས་མ་ཞུ་བར་


JLD006_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྙོམས་འཇུག་གི་སྔོན་དུ་སྟོང་ཉིད་ཀྱི་འཛིན་སྟངས་ཀྱི་ངན་ནས་བདེ་བ་དཔག་མེད་བསྐྱེད་པའི་མོས་པ་བྱས་ནས་རིང་དུ་སྦྱངས་ན། སྐབས་འདིར་ཡང་བདེ་སྟོང་གི་ཉམས་ཆེན་པོ་བསྐྱེད་པ་ཡོད་དོ་དེ་ནས་ང་རྒྱལ་འཕོས་ཏེ་ཧཱུྃ་རིང་པོ་གླུ་རུ་བརྗོད་པར་བྱའོ། ཧཱུྃ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་མཚན་དོན་ཡིན་པས་ནག་ཏུ་བརྗོད་པའི་དགོས་པ་ཡང་སྐབས་འདིར་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པར་བྱའོ་སྙམ་དུ་དྲན་པའི་ཆེད་ཡིན་ལ། སྙོམས་འཇུག་གི་ཚེ་ཆོས་གསུམ་གྱི་སྒོ་ནས་བྱེད་དགོས་ཏེ། རང་དང་རིག་མ་ལྷར་གསལ་བ་དང་། སྙིམས་འཇུག་འདི་ལྟ་བུ་ཐབས་དམ་པའོ་སྙམ་པ་དང་། བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུན་དུ་བསྐྱེད་པར་བྱའོ་སྙམ་པའི་སྒོ་ནས་བྱེད་དགོས་ཏེ། དེ་ཡང་ཧཱུྃ་རྡོ་རྗེ་ལ་བཀོད་པ་མེད་ཀྱང་ངག་ཏུ་བརྗོད་པ་དང་། རྡོ་རྗེ་ཧཱུྃ་ལས་བསྐྱེད་པའི་སྒོ་ནས་ཐུགས་རྡོ་རྗེ་མཚོན། ཨོཾ་ཀྱིས་སྐུ་རྡོ་རྗེ་མཚོན་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་མཚོན་ནོ། རྡོ་རྗེ་དང་པདྨ་ཕན་ཚུལ་བསྲུབ་པའི་བྱ་བ་བྱེད་པའི་ཚེ་ཧཱུྃ་ངག་ཏུ་བརྗོད་པ་ཡིན། དོན་གྲུབ་ཀྱི་ང་རྒྱལ་དུ་འཕོས་ནས་རྡོ་རྗེའི་བུ་ག་ཕཊ་སེར་པོས་བཀག་པའི་དམིགས་པ་བྱ། དེ་ཡང་ཁམས་ཕྱིར་འཕོ་བ་ནི་ཐུར་སེལ་གྱི་རླུང་གིས་བྱེད་པ་ཡིན་ལ། ཐུར་སེལ་གྱི་རླུང་ཕྱིར་འཕོ་བ་ནང་དུ་འགོག་ཅིང་རེངས་པར་བྱེད་པ་ལ། ཕཊ་སེར་པོ་མགོ་ནས་དུ་བསྟན་པ་བསྒོམས་པ་ལ་རྟེན་འབྲེལ་


JLD006_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་ཡོད་པ་ཡིན་ནོ། དེ་ཡང་རྫོགས་རིམ་གྱི་སྐབས་མ་གཏོགས་འདིར་རླུང་ལ་དམིགས་ནས་མི་སྒོམ་པར་དེ་མཚོན་བྱེད་ཀྱི་ཕཊ་སེར་པོ་བསྒོམ་པ་ཡིན། མཚོན་པའི་རྒྱུ་མཚན་ཡང་ཐུར་སེལ་གྱི་རང་མདོག་སེར་པོ་དང་། ས་དེ་ཁམས་བཞིའི་ནང་ནས་སེར་པོ་ཡིན་པ་སྒོ་ནས་བསྟན་པས་ནི་ཐུར་སེལ་གྱི་རླུང་ནང་དུ་རེངས་པར་བྱེད་པ་མཚོན་ནོ། རྟེན་འབྲེལ་དེ་རྣམས་པ་བརྟེན་ནས་ཁམས་ཕྱིར་མི་འཕོ་བར་ནས་ནང་དུ་འཛིན་ནུས་པ་ཡིན་ཏེ། དེ་བསྐྱེད་པར་བྱེད་པའི་རླུང་གི་ནུས་པ་ནང་དུ་རེངས་པའི་ཕྱིར་རོ། བུག་ཕཊ་ཀྱིས་མགོག་མི་འགོག་གི་དུས་གཉིས་ལས། མི་འགོག་པའི་དུས་ནི་ལྷའི་གསལ་སྣང་བརྟེན་པོ་བྱུང་བའི་ཚེ་ལས་རྒྱ་དང་ཡེ་རྒྱ་གང་ཡིན་ཡང་སྙོམས་འཇུག་གི་ཚེ་ན་རང་གི་རིག་མའི་དྲོད་དང་པདྨའི་རྩ་གཉིས་ཀྱི་མར་སྣ་ཕྲད་པའི་དམིགས་པ་བྱས་པ་ལ་བརྟེན་ནས། ནང་དུ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་དཔག་ཏུ་མེད་པ་སྐྱེས་པའི་མོས་པ་བྱས་པ་ལ་བརྟེན་ནས་ཁམས་ཞུ་ནས་བབ་པ་ནོར་བུའི་རྩེར་སླེབས་པ་ཕྲད་པའི་ཚེ་མི་འགོག་གོ། བདེ་བ་སྐྱེད་པའི་ཚེ་སྟོང་ཉིད་ངེས་པའི་འཛིན་སྟངས་ཤུགས་དྲག་དང་ནས་བདེ་སྟོང་དབྱེར་མེད་དུ་སྦྱར། ལྟ་བ་རིང་དུ་བསྒོམ། དེ་ནས་གོང་བཞིན་དུ་བདེ་སྟོང་དབྱེར་མེད་ཀྱི་ངང་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ལ། ཐམས་ཅད་དབྱེར་མི་ཕྱེད་པའི་ངོ་བོར་མོས་པ་ཤུགས་དྲག་བྱེད་པ་བསྐྱེད་རིམ་པའི་བདེ་སྟོང་སྦྱོར་ལུགས་ཁྱད་པར་ཅན་ཡིན་ནོ།


JLD006_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་རིམ་གྱི་སྐབས་སུ་ཡབ་ཡུམ་གྱི་རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསྒོམ་པ་ནི། དོན་ལ་རྫོགས་རིམ་གྱི་སྐབས་སུ་ཡབ་ཡུམ་གྱི་དྷཱུ་ཏཱིའི་ལྨ་ནས་རླུང་འོད་ཟེར་ལྔ་བསྒོམ་པ་ནི་ཐིག་ལེ་གོང་བུའི་གཟུགས་སུ་གྱུར་ནས་གསང་གནས་སུ་འབབ་པའི་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་རོ། སྒྲོན་གསལ་ལས། རླུང་ཐིག་ལེར་འགྱུར་ཞེས་གསུངས་པ་ལྟར་མཐོན་པོ་ཞིག་ནས་ཡིན་པ་འདུག་གོ། ལུས་དཀྱིལ་གྱི་ཡིག་ཆུང་མན་ཆད་འདི་ཡིག་ཆུང་ཉེར་གཅིག་གི་ནང་དུ་གཞན་ནས་ཁ་བཀང་སྟེ་འདིར་ཕྱོགས་གཅིག་ཏུ་བྲིས་པ་ཡིན་ནོ། སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ།། །།མངྒ་ལཾ།།


previousཤོག་ལྷེབ་ ༧༠༡ ནས་ ༨༠༧ བར།next