Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
   
   
   
   
   
   
   
   
   
  expand section
   
   
རྒྱལ་བས་བྱིན་དང་ཤཱནྟི་པའི་གསང་འདུས་ཀྱི་འགྲེལ་པ་དང་འདུལ་བ་བྱིན་གྱི་སྒྱུ་འཕྲུལ་དཀྱིལ་ཆོག་གི་ཟིན་བྲིས།


 
previousརྒྱལ་བས་བྱིན་དང་ཤཱནྟི་པའི་གསང་འདུས་ཀྱི་འགྲེལ་པ་དང་འདུལ་བ་བྱིན་གྱི་སྒྱུ་འཕྲུལ་དཀྱིལ་ཆོག་གི་ཟིན་བྲིས།no next

རྒྱལ་བས་བྱིན་དང་ཤཱནྟི་པའི་གསང་འདུས་ཀྱི་འགྲེལ་པ་དང་འདུལ་བ་བྱིན་གྱི་སྒྱུ་འཕྲུལ་དཀྱིལ་ཆོག་གི་ཟིན་བྲིས།


JLD006_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་བྱིན་དང་ཤཱནྟི་པའི་གསང་འདུས་ཀྱི་འགྲེལ་པ་དང་འདུལ་བ་བྱིན་གྱི་སྒྱུ་འཕྲུལ་དཀྱིལ་ཆོག་གི་ཟིན་བྲིས་བཞུགས་སོ། །


JLD006_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་བྱིན་གྱིས་མཛད་པའི་གསང་འདུས་ལེའུ་དང་པོའི་འགྲེལ་པར། དེའི་ཕྱིར་ཐམས་ཅད་དུ་བྱང་ཆུབ་དོན་དུ་གཉེར་བར་འདོད་པ་རྣམས་ཀྱིས། ཐབས་དང་ཤེས་རབ་ཀྱི་བདག་ཉིད་བདེ་བ་ཆེན་པོའི་ངོ་བོ་བསྐྱེད་པ་དེས་བཅོམ་ལྡན་འདས་ཀྱི་བདག་ཉིད་རྡོ་རྗེ་འཛིན་པའི་ངོ་བོར་འགྱུར་རོ། །དེ་སྐད་དུའང་བཅོ་བརྒྱད་པ་ལས། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཆེན་པོའི་གནས། །སངས་རྒྱས་ཀུན་གྱི་ཐབས་བྱུང་བ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། ཞེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས་ཀྱང༌། གང་ཞིག་སངས་རྒྱས་ཡེ་ཤེས་ཀུན། །བྱང་ཆུབ་སེམས་ཀྱིས་བསྟན་པ་གང་། །དེ་འདིར་རྡོ་རྗེ་འཛིན་རྒྱལ་པོ། །དེ་བཞིན་ཉིད་ཀྱང་མི་འགྱུར་པ། ཞེས་གསུངས་སོ། །དེའི་ཕྱིར་


JLD006_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་ཚུལ་གྱིས་ཀྱང་། བརྒྱུད་ནས་བྱང་ཆུབ་སྒྲུབ་པར་བྱེད་པ་རྡོ་རྗེ་འཛིན་པའི་ངོ་བོའི་སྒྲུབ་ཐབས་འདིར་འཇུག་པར་ཤེས་པར་བྱའོ། །བྱ་བ་དང་སྤྱོད་པའི་རྒྱུད་ལས་ཀྱང༌། བདེ་བ་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ལ་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པ་ཉེ་བར་བསྟན་པའི་ཕྱིར་རོ། །འོན་ཀྱང་དེ་ནི་སྒྲོ་བཏགས་པ་ལས་བྱུང་བ་ཡིན་པའི་ཕྱིར། དུས་རིང་པོར་གནས་པ་མ་ཡིན་ནོ། །འདི་ལྟར་ཕྱི་རོལ་ཏུ་མངོན་པར་ཞེན་པས་བསླད་པའི་ཡིད་ཀྱིས་བྲིས་སྐུ་ལ་སོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་ནས་བདེ་བར་འགྱུར་རོ། །རྣལ་འབྱོར་གྱི་རྒྱུད་ལས་ཀྱང་ཁྱད་པར་ཡིད་འདི་ཡིན་ཏེ། དེའི་རྣལ་འབྱོར་པ་རྣམས་རང་གི་ལྷའི་རྣལ་འབྱོར་སྔོན་དུ་སོང་བའི་བྲིས་སྐུ་ལ་སོགས་པ་ལ་དམིགས་ནས།


JLD006_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

འདྲི་བའི་དངོས་གྲུབ་སྒྲུབ་པར་བྱེད་དོ། །དེ་སྐད་དུའང༌། དཔལ་མཆོག་དང་པོ་ལས། རས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྙེམས་པའི་ཚུལ་དུ་བྲིས་ཏེ། དེའི་མདུན་དུ་ཕྱག་རྒྱ་ཆེན་པོ་ལ་གནས་ནས། འབུམ་བཟླས་ཏེ། ཟླ་བ་ཉ་ལ་འབུམ་གྱིས་རྡོ་རྗེ་སེམས་དཔའ་ཉིད་འཐོབ་པར་འགྱུར་རོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་བླ་མར་ཡང་དམ་པའི་བདེ་བ་བསྒྲུབ་པར་བྱ་བར་འདོད་དོ། །འོན་ཀྱང་འདིར་དེའི་གཙོ་བོ་དངོས་སུ་མ་བཤད་དོ། །དཔལ་གསང་བ་འདུས་པ་འདིར་ནི་སྒྲུབ་པར་བྱེད་ནུས་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་མན་ངག་ལས། མཆོག་གི་སྐྱེས་བུའི་དོན་ལ་མཁོ་བ་ཟག་པ་མེད་པའི་རང་བཞིན་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་རྫོགས་པའི་ཕྱིར། ཐུན་མོང་མ་ཡིན་པའི་རྒྱུའི་གཙོ་བོ་ཉེ་བར་བསྟན་པ་འདི་ནི་བླ་ན་མེད་པའོ། །ཇི་ལྟར་རྗེས་སུ་བསྒྲུབ་པར་ནུས་པར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ་རང་གི་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལེགས་པར་གོམས་པ་དང༌། ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པ་རྣམས་ལ་ནི་འདིར་མ་བཀག་སྟེ། སྔགས་ལ་སོགས་པས་ལེགས་པར་སྦྱངས་པའི་དུག་ལ་ཉེ་བར་ལོངས་སྤྱོད་པ་བཞིན་ཕན་པའི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུའང་བདུན་པ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྟེན་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་གསུངས་སོ། །སྙིམ་པའི་མེ་ཏོག་གི་ལེའུ་དགུ་པ་ལས། དོན་དམ་པའང་རྣམ་པ་གསུམ་སྟེ། དེ་བཞིན་ཉིད་ནི་


JLD006_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའོ། །སྒྲུབ་པ་དོན་དམ་པ་ནི་ཡང་དག་པའི་ཡེ་ཤེས་སོ། །ཐོབ་པར་བྱ་བ་དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། ཇི་སྐད་དུ་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། བརྟག་པ་དང་ནི་ཤེས་པ་དང༌། །དེ་བཞིན་བརྗོད་པ་རགས་པ་ཡིན། ཞེས་བྱ་བ་དང༌། དོན་དང་ཐོབ་དང་སྒྲུབ་པ་དང༌། །དོན་དམ་རྣམ་པ་གསུམ་དུ་འདོད། ཅེས་བཤད་པ་ལྟ་བུའོ། །དེ་ལ་རྡོ་རྗེའི་དམ་ཚིག་འདི་དང༌། དེ་ལས་གཞན་པའི་སྔགས་ཐམས་ཅད་ནི་བརྗོད་པའི་ཀུན་རྫོབ་ཡིན་ཏེ་ཡང་དག་པ་ལ་སོ་སོར་རྟོག་པའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པ་ལ་སོ་སོར་རྟོག་པའང་རྣམ་པར་རྟོག་པ་མ་ཡིན་ཞིང༌། རྣམ་པར་མི་རྟོག་པའང་མ་ཡིན་ནོ། །ཅིའི་ཕྱིར་རྣམ་པར་རྟོག་པ་མ་ཡིན་ཞེ་ན། རྣམ་པར་མི་རྟོག་པ་སྐྱེ་བ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་མི་རྟོག་པ་མ་ཡིན་ཞེ་ན། ཡང་དག་པའི་དོན་ལ་རྣམ་པར་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཉིད་ལས་ཀྱང་རྣམ་པར་མི་རྟོག་པ་སྐྱེ་བ་མ་ཡིན་ཏེ། བྱིས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །ཐ་མལ་བའི་རྣམ་པར་རྟོག་པ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། དེ་ནི་དེའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཡང་དག་པའི་དོན་ཉིད་ལ་མཉམ་པར་འཇོག་པའི་ཡིད་ཀྱིས་སོ་སོར་རྟོག་པ་རྣམས་ལ་དེ་སྒོམ་པའི་རྗེས་སུ་འགྲོ་བས་འབད་རྩོལ་མེད་པར་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ལ་སེམས་མཉམ་པར་བཞག་པར་


JLD006_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །སྤྲོས་པ་མེད་པ་དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་སྐད་དུའང་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། དེའང་ཡང་དག་པར་སྦྱོར་བ་དེ་དང་བསྟེན་པས་རྗེས་སུ་འགྲོའོ། །བསྒོམས་པས་རྗེས་སུ་འགྲོའོ། །མང་དུ་བྱས་པས་རྗེས་སུ་འགྲོའོ། །ཡང་དག་པའི་ཡིད་ལ་བྱེད་པས་རྗེས་སུ་འགྲོ་བས་ན་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་སྟེ། ཞེས་གསུངས་པ་དང༌། ཚད་མ་རྣམ་པར་ངེས་པ་ལས་ཀྱང༌། བསམ་པའི་རང་བཞིན་ཅན་ཉིད་ཀྱི་ཤེས་རབ་ལ་གོམས་པར་བྱས་ན་དོན་དམ་པའི་ཡེ་ཤེས་འཁྲུལ་པས་དབེན་པ། དྲི་མ་མེད་པ། འཇིག་པ་མེད་པ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བཤད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཡང་དག་པ་ལ་སོ་སོར་རྟོག་པ་ཉིད་ཀྱིས་རྣམ་པར་མི་རྟོག་པ་བྱང་ཆུབ་རྟོགས་པར་འདོད་པ་རྣམས་ཀྱིས་བསྟེན་པར་བྱའོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། ཞེས་སོ། །ལེའུ་བཅོ་བརྒྱད་པ་ལས། གཉིས་ནི་རྣལ་འབྱོར་རྣམ་པ་གཉིས་སོ། །དེ་ལྟར་རང་གི་ལྷ་ལ་སོགས་པ་ཡོངས་སུ་གྱུར་པ་ལས། ཉིན་རེ་བཞིན་ཡོངས་སུ་བསྐྱེད་པ་ནི་བསྐྱེད་པ་སྟེ། དེ་ལ་གནས་པ་ན་བསྐྱེད་པའོ། །རྫོགས་པ་ནི་ཀུན་ཏུ་སྤྱོད་པ་སྟེ། ཐབས་གསུམ་གྱིས་འབྲས་བུ་རྟོགས་ནས། ཐབས་གོང་མ་བཞི་པའི་སྒོམ་པ་བརྟན་པོར་གྱུར་པས་དངོས་པོ་ཐམས་ཅད་ལ་ཅི་རིགས་པར་སྐྱེད་ཤིང་རྫོགས་པར་སྐད་ཅིག་རེ་རེ་ཞིང་


JLD006_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་འགྱུར་པ་ཀུན་ཏུ་སྤྱོད་པའི་དོན་ནི་རྫོགས་པའོ། །རྫོགས་པ་དེ་ཉིད་ལས་དང་པོ་པས་ཀྱང༌། ལྷག་པར་མོས་པས་དམིགས་པ་ནི་རྫོགས་པའི་རིམ་པའོ། །དེ་ལྟར་རིམ་པ་གཉིས་ལ་བརྟེན་ནས་བཤད་པ་ཡིན་གྱི། རིམ་པ་གཅིག་གིས་ནི་མ་ཡིན་ནོ་ཞེས་སོ། །ཡང་ལེའུ་བཅོ་བརྒྱད་པ་ལས། ཉེ་བར་བསྒྲུབ་པས་ནི་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་གོ །སྒྲུབ་པས་ནི་དེ་ཉིད་རྣམ་པར་དག་པའི་མཐར་ཐུག་པའི་བྱང་ཆུབ་སེམས་དཔར་རོ། །སྒྲུབ་པ་ཆེན་པོས་ནི་དེ་བཞིན་གཤེགས་པར་རོ། །དེ་སྐད་དུའང༌། དེ་ལྟར་བྱེ་བྲག་རྟོགས་བྱས་ནས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །གཞན་དུ་བསྐལ་པ་སྟོང་དུ་ནི། །སངས་རྒྱས་སྐྱོབ་པ་རྣམས་ཀྱིས་ཀྱང་། །དངོས་གྲུབ་མཆོག་ནི་ཞི་བ་དག །འགྲུབ་པ་འབྱུང་བར་མི་འགྱུར་རོ། ཞེས་གསུངས་སོ། །དེ་བས་ན་བསྙེན་པ་ལ་སོགས་པའི་ཐབས་མ་ལུས་པས་རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གནས་པ་ཡིན་ནོ། །རྣལ་འབྱོར་རྡོ་རྗེ་ཅན་ཀུན་གྱི། །བཀའ་ནི་ཇི་ལྟར་བསྒོ་བ་བགྱི། ཞེས་ཞུས་པའི་རིམ་པའི་དོན་དང༌། ཁ་བསྐང་བའི་དོན་དེའི་ལན་ནི། ལས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དྲག་ཤུལ་གྱི་ལས་དང་རྗེས་སུ་མཐུན་པ་གང་གི་སྦྱོར་བའི་ལེའུ་བཅུ་གསུམ་པ་ལས་གསུངས་ཏེ། ཞེས་དང༌། གལ་ཏེ་འདི་ལྟར་རེ་ཞིག་སངས་རྒྱས་ཉིད་སྒྲུབ་པ་ཆེན་པོ་ཉིད་ཀྱིས་ཐོབ་པར་འགྱུར་ན། དེ་ཉིད་ཀྱིས་ཆོག་མོད་གཞན་གསུམ་པོས་ཅི་ཞིག་བྱ་ཞེ་ན།


JLD006_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ས་ལ་འཇུག་པའི་ཆེད་ཀྱི་སྦྱོར་བ་གང་ཡིན་པ་དེ་ཉིད་ཀྱིས་ཆོག་ན། མོས་པས་སྤྱོད་པའི་ས་ལ་སོགས་པ་ས་བཅུར་གཏོགས་པའི་སྦྱོར་བ་གཞན་གྱིས་ཅི་ཞིག་བྱ་ཞེས་ཅིའི་ཕྱིར་མི་འདོད། ཡང་ན་ས་སྔ་མར་གཏོགས་པའི་སྦྱོར་བ་མེད་པར་སྦྱོར་བ་ཕྱི་མ་ཕྱི་མར་བྱེད་པར་ནུས་པ་མ་ཡིན་ཏེ། རིམ་པ་ནི་ངེས་པའི་པྱིར་རོ། །བྱེད་པ་འདི་གང་ཡིན་པ་དེ་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཞིག་ཡིན་ཞེ་ན། དེའི་གཟུགས་བརྙན་ཙམ་ཡིན་ཏེ། དེའི་གཟུགས་བརྙན་ནི་དེའི་བྱ་བ་བྱེད་པ་མ་ཡིན་ནོ། །དེ་བས་དེ་རྣམས་འབྲས་བུ་མེད་པ་མ་ཡིན་ནོ་སྙམ་ན། དེ་བཞིན་དུ་བསྙེན་པ་ལ་སོགས་པ་ལའང་སྔ་མ་སྔ་མ་མེད་པར་ཉེ་བར་སྒྲུབ་པ་ལ་སོགས་པ་མི་བྱེད་པ་གང་ཡིན་པ་ནི་གཟུགས་བརྙན་ཙམ་ཡིན་གྱི་དེ་ཉིད་ནི་མ་ཡིན་པ་དེ་ལྟར་ན། དེ་ལས་འབྲས་བུ་འགྲུབ་པ་མ་ཡིན་ནོ། །དེ་བས་ན་གཅིག་ཀྱང་དོན་བྱེད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ན་སྒྲུབ་པ་ཆེན་པོ་ལས་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་བརྗོད་ཅེ་ན། གསུམ་པོ་དག་ལས་རིམ་གྱིས་རྟོགས་པའི་ས་ལ་གནས་པ་དེས་མཐར་ཐུག་པ་ཐོབ་པར་བྱེད་པའི་ཕྱིར་རོ། ཡིད་ཀྱིས་ཆོས་གང་དག་གོམས་པས་བོགས་ཕྱིན་པར་གྱུར་པ་དེ་དག་ཤིན་ཏུ་གོམས་པར་བྱས་པ་ན། རབ་ཀྱི་མཐར་ཐུག་པ་ཐོབ་པར་འགྱུར་པ་སྲིད་དེ། བྲམ་ཟེ་གཙང་མར་སྤྱོད་པ་རྣམས་ཐོད་པ་ཅན་ལ་དགའ་བ་བཞིན་ནོ། །བདག་ཅག་ལྟ་བུའི་སྙིང་རྗེ་དང་ཤེས་རབ་ལ་སོགས་པའང་དེ་ལྟ་བུར་གྱུར་པའོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་


JLD006_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སོ། །དེ་བས་ན་འདི་ནི་རང་གི་རྒྱུད་དང་རིགས་མཐུན་པ་རྣམས་ལ་སྙིང་རྗེ་ལ་སོགས་པ་རབ་ཀྱི་མཐར་ཐུག་པ་སྲིད་པར་རྗེས་སུ་དཔོག་པ་ཡིན་ཏེ། དེ་ཉིད་ཀྱིས་དེ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་དང་བྱང་ཆུབ་ཏུ་འགྱུར་པ་སྲིད་པའང་རྗེས་སུ་དཔག་གོ །འགྱུར་པ་དེའང་ཉན་ཐོས་དང༌། ཕ་རོལ་ཏུ་ཕྱིན་པའི་སྡུག་བསྔལ་དང༌། དཀའ་ཐུབ་ཀྱི་རྣམ་པ་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་གོམས་པར་བྱས། བསྐལ་པ་གྲངས་མེད་པ་གསུམ་དུ་བསྒྲུབས་པས་སོ། །རྣལ་འབྱོར་གྱི་རྒྱུད་ཀྱིས་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ཐབས་དཔག་ཏུ་མེད་པས། སྔགས་ཀྱི་ལྷ་རྣམས་ཀྱིས་བྱིན་གྱིས་བརླབ་བདེ་བ་དང༌། བདེ་བར་སྤྱོད་པས་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་རབ་ཏུ་དགའ་བའི་ས་ཐོབ་ནས་ཚེ་བཅུ་དྲུག་གིས་འཚང་རྒྱ་བར་འགྱུར་པ་ཉིད་དོ། །གསང་བ་འདུས་པ་ནི་རྣམ་རྒྱུད་རྣམས་ཀྱི་བླ་མའི་བླ་མ་སྟེ། ཚེ་འདི་ཉིད་ལ་བྱང་ཆུབ་ཐོབ་པར་འགྱུར་པའི་ཐབས་ཀྱི་ཕུལ་དུ་ཕྱིན་པ་ཡིན་པར་གསུངས་ཏེ། འདི་ལྟར་འདིར་སྔགས་ཀྱི་ལྷ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་པའི་རྒྱུར་ཡན་ལག་དྲུག་གི་ཏིང་ངེ་འཛིན་དབང་དུ་བྱེད་དོ། །ཞེས་སོ། །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་ཆོག་འདུལ་བ་བྱིན་གྱིས་མཛད་པ་ལས། རྡོ་རྗེ་འཆང་གི་རྣམ་པའི་སེམས་འདི་འདྲ་བ་གཟུང་བ་དང༌། འཛིན་པའི་རྣམ་པ་དང་བྲལ་བའི་ལུས་དང་ངག་གི་རང་བཞིན་གྱིས་ལས་གང་ཅིའང་རུང་བ་དེ་


JLD006_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི། ཕྱག་རྒྱ་དང་སྔགས་ཀྱི་རྣམ་པ་ཡིན་ནོ། །ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བ་ཉིད་ཀྱང༌། དེའི་དུས་ན་དེ་ལ་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་གང་སྣང་བ་དེ་ཁོ་ན་ཡང་དག་པའི་ཐ་སྙད་ཀྱི་ལམ་ལ་འཇུག་པ་ཡིན་ནོ། །ཇི་ལྟར་སེམས་ཡོངས་སུ་གསལ་བའི་ངོ་བོ་བདེ་བར་མྱོང་བ་དེའི་དུས་ན་སྡུག་བསྔལ་ནི་མ་ཡིན་ལ། རྣམ་པར་རིག་བྱེད་ཀྱང་ཐམས་ཅད་དུ་སྣང་བ་ཡིན་ནོ། །འདི་ལྟར་ཡང་བེམ་པོ་རང་གསལ་བ་ཉིད་ཡིན་ན། བེམ་པོ་ཉིད་དུ་མི་རིགས་པའི་ཕྱིར་རོ། །ལོག་པ་ཡིན་ནའང་གསལ་བ་མི་དམིགས་པའི་ཕྱིར་ཏེ། དེའི་དུས་ན་རང་གསལ་བ་བཞིན་མགོན་པོའི་རྣམ་པ་བདེ་བ་ཆེན་པོའི་ངོ་བོ་དེ། རྣལ་འབྱོར་མ་ལ་སོགས་པའི་གཟུགས་སུ་སྣང་བ་མ་གཏོགས་པ་གསལ་བའི་ངོ་བོ་གཞན་སྣང་བ་ནི་མེད་གལ་ཏེ་ཀ་བའི་གསལ་བ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱི་སྣང་བའང་ཡིན་ནོ་ཞེ་ན། འདི་ནི་ཐ་དད་པ་མེད་ཀྱང་མཐོང་སྟེ་ནམ་མཁའི་རང་བཞིན་ལྟ་བུའོ། །གཞན་ཡང་དུས་མཉམ་པ་ནའང་ཅིག་ཅར་དམིགས་པའི་ཕྱིར། གཡས་གཡོན་གྱི་རྭ་ལྟ་བུ་ཡིན་ན་ཅི་གང་གི་གཟུང་བའི་འཛིན་པ་ཡིན། དུས་ཐ་དད་པ་ནའང་གཅིག་སྣང་བཞིན་པ་ན་གཞན་མི་དམིགས་པའི་ཕྱིར་ནའང་གཟུང་བ་དང་འཛིན་པའི་དངོས་པོ་མེད་དོ། །མགུ་བ་དངཡིད་སད་པ་ལ་སོགས་པ་ནང་གི་རྣམ་པ་ཡིན་ལ་བདེ་བ་ལ་སོགས་པའི་ངོ་བོ་དང་སྔོན་པོ་ལ་སོགས་པ་ནི་ཕྱི་རོལ་གྱི་གཟུང་བ་ཡིན་ནོ། ཞེས་སོ། །བརྗོད་པར་བྱ་བ་ནི་


JLD006_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། མངོན་སུམ་གྱིས་ཕྱི་རོལ་དང་ནང་གི་ཡིན་ནོ། ཞེས་བྱ་བར་ནི་མི་ནུས་ཏེ། མངོན་སུམ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པའི་རྣམ་པར་རྟོག་པའི་ཡུལ་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལའང་ཁྱབ་པ་མ་གྲུབ་བོ། །དེ་བས་ན་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཡེ་ཤེས་དེ་ནི་གཅིག་ཉིད་དང་དུ་མ་ཉིད་དང༌། ཐ་དད་པ་དང༌། ཐ་མི་དད་པ་དང༌། དངོས་པོ་དང༌། དངོས་པོ་མེད་པ་ལ་སོགས་པའི་ཀུན་ཏུ་རྟོག་པ་མ་ལུས་པས་སྟོངས་པའི་ཕྱིར། རྣམ་པར་རྟོག་པ་མེད་པ་གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བ་གསང་བའི་ངོ་བོ་ཡིན་ནོ། །བདེ་བའི་བདག་ཉིད་ཀྱི་རྒྱུ་ལས་སྐྱེས་པའི་ཕྱིར་བདེ་བའི་རང་བཞིན་གཉིས་མེད་པར་སྣང་བ་ཉམས་སུ་མྱོང་བཞིན་པ་བདག་དང་བདག་གིར་འཛིན་པའི་མཚན་ཉིད་འཁོར་བ་དང་འགལ་བ་ཡོངས་སུ་ཉམས་པ་མེད་པའི་ཆོས་ཡིན་ཏེ། འཚེ་བ་མེད་པ་ཡང་དག་པའི་དོན་གྱི་རང་བཞིན་ཡིན་པའི་ཕྱིར། བློ་དེའི་ཕྱོགས་སུ་འཛིན་པས་ན་མངོན་སུམ་དུ་བྱ་བ་ཡིན་ནོ། །འགལ་བའང་གང་དང་ལྷན་ཅིག་ཙམ་ཡང་དམིགས་པ་དེ་ནི་ཤིན་ཏུ་གོམས་པའི་དབང་གི་གཉེན་པོས་རང་གི་མི་མཐུན་པ་རྩད་ནས་འབྱིན་པ་ཁོ་ན་ཡིན་ནོ། །གང་ཡང་ཤིན་ཏུ་གོམས་པ་དེ་བསྒོམས་པའི་སྟོབས་ཀྱིས་གསལ་བར་ཉེ་བར་འགྲོ་སྟེ། འདོད་པ་དང་མྱ་ངན་ལ་སོགས་པར་ཁྱབ་པ་གྲུབ་ཅིང་རང་བཞིན་གྱི་མི་མཐུན་ཕྱོགས་པ་ཐ་མལ་པའི་


JLD006_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་དང༌། ཐ་མལ་པའི་རྣམ་པར་རྟོག་པ་དག་རྩད་ནས་གདོན་པར་གྲུབ་པ་ཡིན་ནོ། །རྣམ་པ་མེད་པའི་ཤེས་པ་ནི་རྨི་ལམ་དུའང་ཉམས་སུ་མྱོང་བ་མ་གྲུབ་པའི་ཕྱིར། འགའི་ཡང་གཉེན་པོ་ཉིད་མ་ཡིན་ནོ། ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ལྟ་བ་ལའང་སྒྱུ་མ་ལྟ་བུ་བདག་མེད་པའི་ལྟ་བ་དང་ལྡན་ནའང་སྦྱིན་པ་ལ་སོགས་པ་ཐ་མལ་པའི་རྣམ་པར་རྟོག་པའི་གཉེན་པོ་ཡིན་མོད་ཀྱི། དེ་ལྟ་ནའང་ཐ་མལ་པའི་རྣམ་པར་མི་འགྱུར་ལ། ཐ་མལ་པའི་རྣམ་པར་རྟོག་པ་དང་ཐ་མལ་པའི་རྣམ་པ་གཉིས་ཀ་ནི་སྤང་བར་བྱ་བ་ཡིན་ནོ། །གལ་ཏེ་སྦྱིན་པ་ལ་སོགས་པ་ལས་ལོངས་སྤྱོད་ཆེན་པོ་ལ་སོགས་པ་ཉིད་དང༌། སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་ཀྱི་སྐུ་འགྲུབ་པར་འགྱུར་པ་ཡིན་ནོ་ཞེ་ན། དེ་དག་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ལས་དང་དེ་དག་གི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་འདི་ཡིན་ནོ། །དེ་དག་གིས་ནི་སྐྱེས་བུ་ཆེན་པོའི་མཚན་འདི་དག་ཡིན་ནོ་ཞེས་འགྲུབ་པ་མ་ཡིན་ནོ། །ཡང་སྒོམ་པའི་སྟོབས་ཀྱིས་ནི་དུས་མཉམ་པར་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དམིགས་པའི་མཚན་དང་དཔེ་བྱད་འབར་བའི་སྐུ་ལ་དམིགས་པ་དང་ཡང་དག་པར་རིག་པ་ཙམ་གྱིས་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སེམས་གསལ་བར་སྣང་བ་ཉིད་ཉེ་བར་འགྲོ་བ་ཅན་ཅི་སྟེ་མི་འགྲུབ། དོན་འདི་ནི་བླ་མའི་ཞལ་སྔ་ནས་ཀྱང་གསུངས་ཏེ། གཟུགས་སྐུ་ཆོས་ཀྱི་སྐུ་ཡིན་


JLD006_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་བྱེད་པ། །ཀྭ་ཡི་ངེས་པར་བྱང་ཆུབ་ཐོབ་པ་ཡིན། །ཆོས་སྐུ་རྒྱལ་བའི་བསམ་གཏན་གྱིས་མཐོབ་ན། །གཟུགས་ཀྱི་སྐུ་ལ་ཅི་སྟ་སྒོམ་མི་བྱེད། གལ་ཏེ། གཟུགས་སྐུ་བསོད་ནམས་ཚོགས་ཀྱིས་འཐོབ་ན་ཡང༌། །དེ་ནི་ཡུན་རིང་དུས་གཞན་དམན་པ་སྟེ། །འབྲས་བུའི་ཁྱད་པར་རྒྱུ་ཡི་ཁྱད་པར་ལས། །སྐུ་གསུམ་དུས་མཉམ་པར་ནི་སྣང་བ་ཡིན། ཞེས་སོ། །ཡང་ན་བདག་གི་གཟུགས་གང་དག་འཛིན་པར་ལྷག་པར་སྒྲོ་བཏགས་པ་ལ་སོགས་པའི་རྒྱུ་དེ་དག་ལས་སྦྱིན་པ་ལ་སོགས་པས་འབྱུང་བ་ནི་དེ་ཁོ་ན་ཉིད་དུ་བདག་མེད་པ་དང་ལྡན་པ་ཡིན་མོད་ཀྱི་དེ་ལྟ་ནའང་སྲིད་པའི་སྡུག་བསྔལ་དང་ལྷན་ཅིག་འགལ་བ་མེད་དེ། གང་གི་ཕྱིར་འདིར་སྦྱིན་པ་ལ་སོགས་པ་ཡོད་ཀྱང༌། དེ་ཐ་མལ་པའི་རང་གི་ངོ་བོ་ལས་བྱུང་བ་སྲིད་པའི་སྡུག་བསྔལ་བཟློག་པར་མི་འགྱུར་རོ། །དགོངས་པ་ནི་འདི་ཡིན་ཏེ། རེ་ཞིག་སེམས་ཅན་དུ་ལྟ་བས་སྦྱིན་པ་ལ་སོགས་པ་ནི་ཐ་མལ་པའི་རྣམ་པར་རྟོག་པ་སྲིད་པའི་སྡུག་བསྔལ་དང་འགལ་བར་མི་འགྱུར་ཏེ། བདག་མེད་པའི་ལྟ་བ་དང་ལྡན་ཡང་སྦྱིན་པ་ལ་སོགས་པ་དང་དངོས་སུ་འགལ་བ་མེད་ལ། བདག་མེད་པའི་ལྟ་བ་ཁོ་ན་དང་ནི་དངོས་སུ་འགལ་བ་ཡིན་ནོ། །དེ་ལྟར་ཡང་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས། ཐ་མལ་པ་ཡི་རང་གི་གཟུགས་ཀྱིས་ནི། །བདག་མེད་ལྡན་ཡང་སྦྱིན་པ་ལ་སོགས་པས། །འགལ་བ་དག་ནི་ཡོད་མིན་གང་གི་ཕྱིར། །འདི་ནི་བདེན་ཡང་དེར་ནི་བཟློག་མི་འགྱུར། ཞེས་གསུངས་སོ། །མཆོག་ཏུ་དགའ་བ་བདེ་བའི་


JLD006_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་ནི་མི་འགྱུར་ཏེ། བཏང་སྙོམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དཀའ་བ་བརྒྱ་ཕྲག་གིས་བསྟེན་ཅིང་འཁྲུག་པ་རྫོགས་པའི་བྱང་ཆུབ་ཀྱང་བསྐལ་པ་མི་ཉུང་བས་ཐོབ་པར་བྱ་བ་ཡིན་ཏེ། དེས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་སྐྱེས་བུ་མཆོག་གི་དོན་གྱི་ལམ་གྱི་རྒྱུ་ལེགས་པ་མ་ཡིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་འདི་ནི་དངོས་པོ་ཁོ་ནར་འཁོར་བའི་སྡུག་བསྔལ་མ་ལུས་པ་དང་འགལ་བ་མཆོག་ཏུ་དགའ་བ་བདེ་བ་ཚེགས་མེད་ཅིང་བདེ་བའི་ཐབས་མྱུར་བས་ན་རྒྱུ་ཡིན་ཏེ། འདི་ཁོ་ན་ལམ་གྱི་བདེ་བ་ཡིན་པར་རིགས་པའི་ཕྱིར་ན་རྟོག་པ་དང་ལྡན་པས་སྟོན་པར་བྱ་བ་ཡིན་ནོ། །གལ་ཏེ་འོ་ན་དེ་ལྟ་ན་ནི་སྦྱིན་པ་ལ་སོགས་པ་འབྲས་བུ་མེད་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་དཀའ་བས་བསྟན་པར་བྱ་སྟེ། འགྲོ་བའི་དོན་བྱ་བ་ཁོ་ན་དགོངས་པའོ་འདི་ལྟར་ཡང་དང་པོ་ཁོ་ནར་འགྲོ་བའི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བའི་དོན་དུ། འགྲོ་བ་སྡུག་བསྔལ་བར་གྱུར་པ་ལ་ལྟ་བས་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པའི་མིང་ཅན་རྣམ་པ་གཉིས་པོསྐྱེད་པའི་སྙིང་རྗེ་ཁོ་ནས་རྒྱུ་མེད་པར་མཆོག་ཏུ་མཉེས་གཤིན་པ་དག་གིས་འཇུག་པ་ནི་རང་གི་དགོས་པ་མ་ཡིན་ནོ། །དེས་ཏིང་ངེ་འཛིན་གྱི་གནས་སྐབས་ན་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་བྱེད་ཅིང་ཏིང་ངེ་འཛིན་ལས་ལངས་པ་ན་ཆོས་དང་ཟང་ཟིང་ལ་སོགས་པ་དམིགས་པ་མེད་པའི་སྦྱོར་བ་བྱེད་པ་ལ་སོགས་པའི་གནས་སྐབས་ན་ཡིད་བཞིན་གྱི་ནོར་བུའི་ཚུལ་གྱིས་སྦྱིན་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པ་


JLD006_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་ནི་ཞར་ལ་འབྱུང་བ་ཡིན་ནོ། །ཇི་སྲིད་ཐ་དད་པར་ཞེན་པ་འཁོར་བར་ཞེན་པ་དེ་སྲིད་དུ་དགེ་བ་བཅུའི་ལས་ཀྱི་ལམ་དང་དེའི་ཅིག་ཤོས་སྤང་བ་དང་དཀྱིལ་འཁོར་ལ་སོགས་པ་བྱ་བ་དང་མཆོད་རྟེན་ལ་ཕྱག་བྱ་བ་དང༌། མཆོད་རྟེན་གྱི་ལས་ལ་སོགས་པ་ལ་ངེས་པར་ནན་ཏན་དུ་བྱའོ། །གཞན་ཡང་རིགས་པ་དང་ལྡན་པའི་ཕྱིར་དང་སྐྱེས་བུའི་དོན་གཙོ་བོ་བསླུ་བ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་འབྲེལ་བའི་ཕྱིར་རོ། །དེ་བཞིན་དུ་རྒྱན་ལས་ཀྱང༌། གལ་ཏེ་གཉིས་མེད་ལ་བརྟེན་ནས། །འཇིག་རྟེན་ཕ་རོལ་ཟློག་བྱེད་ན། །འདི་ལའང་གྱིས་ཤིག་མིན་ཞེ་ན། །འདི་ཞེས་བྱ་བ་ཉིད་གནས་སོ། །གལ་ཏེ་གཉིས་མེད་ཀྱིས་མགུ་ཡོད། །ཐམས་ཅད་དུ་ནི་གྲོལ་བར་འགྱུར། །ཐ་སྙད་དུ་ནི་འཇུག་ཅེ་ན། །འཇིག་རྟེན་ཕ་རོལ་ཀྱང་སོམས་ཤིག །ཅེས་གསུངས་སོ། །བླ་མའི་ཞལ་སྔ་ནས་ཀྱང༌། ཇི་སྲིད་དུ་ནི་ཐ་སྙད་ཡོད། །སྡིག་པ་སྤང་ཞིང་བསོད་ནམས་ཚོགས་བསག་གྱིས། ཞེས་གསུངས་སོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ལ་རང་དང་གཞན་ཧེ་རུ་ཀའི་རྣམ་པ་ལྟ་བུར་སེམས་ཤིང༌། གཡེལ་བ་མེད་པའི་ཡིད་ཀྱིས་བསོད་སྙོམས་དང་མཉན་པ་དང་བཤད་པ་ལ་སོགས་པ་བྱའོ་ཞེས་སོ།། །།འདི་ཡང་རྗེ་ཉིད་ཀྱིས་ཟིན་བྲིས་སུ་གནང་བའོ།། །།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། སརྦ་མངྒ་ལཾ། །


previousརྒྱལ་བས་བྱིན་དང་ཤཱནྟི་པའི་གསང་འདུས་ཀྱི་འགྲེལ་པ་དང་འདུལ་བ་བྱིན་གྱི་སྒྱུ་འཕྲུལ་དཀྱིལ་ཆོག་གི་ཟིན་བྲིས།no next