Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
ཤོག་ལྷེབ་ ༡ ནས་ ༡༠༠ བར།
   
   
   
   
   
   
   
   
   
   
   


 
no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next

ཤོག་ལྷེབ་ ༡ ནས་ ༡༠༠ བར།


JLD007_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


JLD007_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་ཞེས་བྱ་བ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པད་མོ་ལ་གུས་པས་ཕྱག་འཚལ་ལོ། །རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང༌། །དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ། །རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ། །གསང་བ་ཀུན་འདུས་སྡུད་མཛད་གསང་བའི་བདག །རྒྱུད་རྒྱལ་འདུས་པའི་ལམ་གྱིས་མཆོག་བརྙེས་པ། །ཨིནྡྲ་བྷུ་ཏི་ཀླུ་ཡི་མཁའ་འགྲོ་མ། །


JLD007_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བི་སུ་ཀལྤ་དཔལ་ལྡན་ས་ར་ཧ། །ཀླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པ་ལྷ། །ཀླུ་བྱང་ཤཱཀྱ་བཤེས་གཉེན་མ་ཏང་གི །ཟླ་བའི་ཞབས་སོགས་བླ་མ་བརྒྱུད་པ་ལ། །ཤུགས་དྲག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །གང་ཞིག་རྟོགས་ན་མཐའ་དག་གསུང་རབ་ལ། །མི་འཇིགས་སྤོབས་པ་མཆོག་སྟེར་འདུས་པའི་ལམ། །ཇི་བཞིན་གསལ་མཛད་འཇམ་དབྱངས་བླ་མ་ཡི། །ཞབས་ཀྱི་པདྨར་རྟག་ཏུ་གུས་ཕྱག་འཚལ། །རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་སོགས། །རླབས་ཆེན་དགེ་ཚོགས་དུ་མས་བསྐུལ་བ་ཡིས། །དཀའ་བ་དུ་མས་འཕགས་པའི་ཡུལ་བགྲོད་ནས། །ལམ་འདི་གངས་རིའི་ཁྲོད་དུ་རྒྱས་མཛད་


JLD007_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པ། །འཇིག་རྟེན་མིག་གྱུར་རིན་ཆེན་བཟང་པོ་དང༌། །གསང་བའི་མཛོད་འཛིན་ལྷོ་བྲག་མར་པ་དང༌། །རབ་འབྱམས་གཞུང་ལ་མཁས་པའི་སྒྲ་སྒྱུར་མཆོག །རྟ་ནག་འགོས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །མདོ་སྔགས་གཞུང་ལ་ཕྱོགས་རེའི་མིག་ཅན་དང༌། །གཞུང་ལུགས་གདམས་པའི་མཆོག་ཏུ་མ་ཤར་དང༌། །ཟབ་མོའི་ལུང་དོན་འཚོལ་བའི་སྒོ་གཅིག་པུ། །འཛམ་གླིང་རྒྱན་གྱི་རིགས་ལམ་ཕྲ་མོ་རྣམས། །ཇི་བཞིན་མི་ཤེས་ལུང་ཙམ་སྐྱབས་གྱུར་དང༌། །ཕྲ་མོའི་གདམས་པ་འགའ་ཡིས་ཆོག་ཤེས་པས། །ཤིན་ཏུ་འབད་ཀྱང་ཇི་བཞིན་མི་རྙེད་པའི། །འདུས་པའི་ལམ་བཟང་བདག་གིས་བཤད་པར་བྱ། །རྡོ་རྗེ་འཆང་ཆེན་གཉིས་པའི་མན་ངག་གིས། །རྩ་བའི་རྒྱུད་དང་བཤད་པའི་རྒྱུད་ཀུན་ནི། །ལེགས་པར་ཤན་སྦྱར་ལུང་རིགས་ལམ་ནས་ནི། །འོངས་པའི་གདམས་ངག་དོན་དུ་གཉེར་བ་རྣམས། །ཨིནྡྲ་བྷུ་ཏི་བདེ་བའི་མགོན་པོ་དང༌། །ས་ར་ཧ་དང་ཀླུ་སྒྲུབ་ལ་སོགས་དང༌། །ཀླུ་ཡི་རྣལ་འབྱོར་མ་སོགས་དཔའ་བོ་དང༌། །དཔའ་མོ་བྱེ་བས་བགྲོད་པའི་གསང་ཆེན་ལམ། །འདིར་འཇུག་པ་ནི་སྐལ་བ་བཟང་པོ་ཞེས། །ལེགས་པར་སོམས་ལ་དགའ་བའི་བཞིན་གྱི་མདངས། །རབ་གསལ་འཛུམ་པའི་ཉམས་དང་ལྡན་པ་ཡིས། །རྣམ་གཡེང་སྣོད་ཀྱི་སྐྱོན་གསུམ་སྤོངས་ལ་ཉོན། །འདིར་ས་གསུམ་གྱི་སྒྲོན་མེ་གཅིག་བུ། ལྷ་དང་མིའི་རྣམ་པར་འདྲེན་པ་དམ་པ། ལེགས་པར་བཤད་པ་ཐམས་ཅད་ཀྱི་འབྱུང་ཁུངས། སངས་རྒྱས་བཅོམ་


JLD007_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་གདུལ་བྱ་རྣམས་དང་ཇི་ལྟར་འཚམ་པར་ལེགས་པར་བཤད་པ་ཇི་སྙེད་ཅིག་བསྟན་པའི་རབ་དང་ཕུལ་དང་གཙོ་བོར་གྱུར་པ་ནི་དཔལ་གསང་བ་འདུས་པ་ཞེས་བྱ་བ་འཇིག་རྟེན་གསུམ་གྱི་རིན་པོ་ཆེ་འདི་ཡིན་ལ། དེ་ལ་བརྟེན་ནས་སྐལ་བ་དང་ལྡན་པའི་གང་ཟག་བྱང་ཆུབ་མཆོག་ཏུ་བགོད་པའི་ལམ་གྱི་རིམ་པ་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་འཆད་པ་ལ་དྲུག །རྒྱུད་གཉིས་ཀྱི་རྣམ་པར་བཞག་པ། འདུས་པའི་ཆེ་བ་བརྗོད་པ། དེའི་དགོངས་པ་འགྲེལ་བའི་རིམ་པ། འཕགས་སྐོར་གྱི་གཞུང་གི་གྲངས། དེའི་མན་ངག་བོད་དུ་བརྒྱུད་ཚུལ། གདམས་པ་རིན་པོ་ཆེ་དངོས་ཀྱི་དོན་ནོ། །དང་པོ་ལ་གསུམ། བླ་མེད་ཀྱི་རྒྱུད་ལ་མཚན་གྱི་དབྱེ་བ་བྱུང་ཚུལ། མཚན་དོན་དང་མཐུན་པའི་རྒྱུད་གཉིས་ཀྱི་དབྱེ་བ་བསྟན་པ། ཐབས་ཀྱི་རྒྱུད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་ལ་གཉིས་སུ་ཕྱེ་བའི་མཚན་གྱི་འདོགས་ལུགས་ནི་མང་སྟེ། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཅེས་གསུངས་ལ། སངས་རྒྱས་ཐོད་པ་དང་རྡོ་རྗེ་གུར་ལ་སོགས་པར་ཡང་ཐ་སྙད་དེ་བཞིན་དུ་མཛད་དོ། །འདི་ནི་དཔེར་ན་བུ་ནི་བུ་ཕོ་དང་བུ་མོ་གཉིས་ཀའི་དབྱེ་གཞི་ཡིན་ཀྱང༌བུ་ཕོ་ལ་བུ་ཞེས་སྤྱི་མིང་སྒོས་


JLD007_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏགས་པ་ལྟར། རྣལ་འབྱོར་གྱི་རྒྱུད་ནི་ཐབས་ཤེས་གཉིས་ཀ་ལ་འཇུག་ཀྱང་ཐབས་རྒྱུད་ལ་རྣལ་འབྱོར་རྒྱུད་ཅེས་སྤྱི་མིང་སྒོས་ལ་བཏགས་པའོ། །རྣལ་འབྱོར་མའི་རྒྱུད་ལ་མཁའ་འགྲོ་མའི་རྒྱུད་ཅེས་ཀྱང་མང་པོ་ལས་གསུངས་སོ། །དྲི་མེད་འོད་ལ་སོགས་པ་ལས་ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཅེས་གསུངས་ལ། མ་རྒྱུད་ལ་ཤེས་རབ་ཀྱི་མདོ་ཞེས་ཀྱང་ཀླུ་བྱང་དང་ཟླ་བ་གྲགས་པས་གསུངས་སོ། །བོད་ཀྱི་བླ་མ་རྣམས་ཀྱིས་རྣལ་འབྱོར་མའི་རྒྱུད་ཅེས་པའི་མིང་གི་ཟླས་དྲངས་ནས་ཕ་རྒྱུད་དང་མ་རྒྱུད་ཀྱི་ཐ་སྙད་མཛད་པ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། །མཁའ་འགྲོ་མ་དང་མཁའ་འགྲོ་ཕ། །རྒྱུད་རྣམས་ཀུན་གྱི་ཕྱི་མོ་སྟེ། །ཞེས་གསུངས་པ་དང་མཐུན་ནོ། །གཉིས་པ་ལ་གཉིས། དོགས་པའི་གནས་དགོད་པ་དང༌། དེ་ལ་སོ་སོའི་འདོད་པ་བཤད་པའོ། །དང་པོ་ནི། གལ་ཏེ་བླ་མེད་ཀྱི་རྒྱུད་ལ་ཐབས་ཤེས་ཀྱི་རྒྱུད་གཉིས་སུ་འབྱེད་ན་རྒྱུད་གཉིས་པོ་དེ་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཡིན་ནམ་མིན། དང་པོ་ལྟར་ན་མི་འཐད་དེ། ཐབས་དང་ཤེས་རབ་ཀྱི་རྒྱུད་ཅེས་བཏགས་པའི་མིང་དོན་ནི་ཐབས་ཤེས་ཕྱོགས་རེ་བའི་རྒྱུད་ཡིན་ལ། གཉིས་སུ་མེད་པའི་རྒྱུད་ནི་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་རྒྱུད་ཡིན་པས་སོ། །གཉིས་པ་ལྟར་ཡང་མི་རིགས་ཏེ། རྣལ་འབྱོར་བླ་ན་མེད་ཅེས་པའི་རྣལ་འབྱོར་གྱི་དོན་ནི་འདུས་པ་ཕྱི་མར། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པ་


JLD007_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་དོན་ཡིན་གྱི་ཕྱོགས་རེ་བའི་དོན་མིན་ནོ། །དེའི་ཕྱིར་བླ་ན་མེད་པའི་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་རྒྱུད་ནི་གཉིས་སུ་མེད་པའི་རྒྱུད་དུ་རིགས་སོ། །དེ་ལྟར་ན་ཐབས་ཤེས་ཀྱི་རྒྱུད་གཉིས་དང་གཉིས་སུ་མེད་པའི་རྒྱུད་འགལ་མི་འགལ་ཇི་ལྟར་ཡིན་བརྗོད་པར་བྱའོ་སྙམ་ན། གཉིས་པ་ལ་གཉིས། གཞན་གྱི་ལུགས་དང༌། རང་གི་ལུགས་སོ། །དང་པོ་ནི། བོད་ཀྱི་བླ་མ་ཁ་ཅིག་བླ་མེད་ཀྱི་རྒྱུད་ལ་ཐབས་དང་ཤེས་རབ་དང་གཉིས་སུ་མེད་པའི་རྒྱུད་སོ་སོ་བ་གསུམ་དུ་འབྱེད་ཅིང༌། ཐབས་དང་ཤེས་རབ་ཀྱི་རྒྱུད་དུ་འཇོག་པའི་འཇོག་བྱེད་ནི་རེ་རེ་བ་དང་དེ་གཉིས་ཀ་སྟོན་པ་གཉིས་མེད་ཀྱི་རྒྱུད་དུ་འདོད་ལ། དེ་ཡང་ཀྱཻ་རྡོར་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་གསུངས་པས། ཀྱཻ་རྡོར་གཉིས་མེད་ཀྱི་རྒྱུད་དུ་བྱེད་ཅིང༌། རྒྱུད་དེ་ལས་ཀྱཻ་རྡོར་རྣལ་འབྱོར་མའི་རྒྱུད་དུ་གསུངས་པ་དང་མི་འགལ་ཏེ། གཉིས་མེད་ཀྱི་རྒྱུད་ལ་ཤེས་རབ་ཀྱི་རྒྱུད་དགོས་པའི་ཕྱིར་རོ་ཞེས་སྨྲའོ། །དེའི་ལྟར་ན་གཉིས་མེད་ཀྱི་རྒྱུད་ཐབས་རྒྱུད་དུ་ཡང་སྨྲ་དགོས་པས། བླ་མེད་ཀྱི་རྒྱུད་ལ་རྒྱུད་སོ་སོ་བ་གསུམ་དུ་རང་ལུགས་ལ་ཕྱེ་ནས་རྒྱུད་གཉིས་ཀྱི་འཇོག་བྱེད་ནི་སོ་སོ་རེ་རེ་བ་དང༌། གཉིས་མེད་ཀྱི་རྒྱུད་ནི་ཕྱོགས་དེ་གཉིས་ཀ་ཚོགས་པ་སྟོན་པ་ལ་བཤད་པ་དང་ཇི་ལྟར་མི་འགལ་བ་སྨྲ་དགོས་སོ། །བོད་ཀྱི་བླ་མ་ལ་ལ་ནི་ལུགས་སྔ་མས་འདི་སྐད་བདག་ཐོས་ཀྱིས་ཐོག་དྲངས་པ་ཐབས་


JLD007_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང༌། གསང་བ་མཆོག་གིས་དགྱེས་པ་ན། །ཞེས་སོགས་ཀྱིས་དྲངས་པ་མའི་རྒྱུད་དུ་ནག་པོ་སྤྱོད་པས་བཤད་པས། ཀྱཻ་རྡོ་རྗེའི་རྒྱུད་ནི་རྩ་རྒྱུད་ལས་སྔ་མ་དང༌། བཤད་རྒྱུད་གུར་ལས་ཕྱི་མར་གསུངས་ཤིང༌། སཾ་བྷུ་ཊ་ལས་དེ་གཉིས་ཀ་གསུངས་པས་གཉིས་མེད་ཀྱི་རྒྱུད་དོ་ཞེས་རྗོད་བྱེད་སྒྲའི་ཁྱད་པར་གྱིས་རྒྱུད་གསུམ་གྱི་ཁྱད་པར་བཞག་པ་ལ། བདེ་མཆོག་གི་རྒྱུད་ལ་རྩ་རྒྱུད་དུ་ཕྱི་མ་དང༌། བཤད་རྒྱུད་མངོན་བརྗོད་བླ་མ་སོགས་ལས་འདི་སྐད་བདག་ཐོས་སྨོས་ཤིང༌། མངོན་བརྗོད་ལས་དེ་གཉིས་ཀ་གསུངས་པ་ལ་བསམས་ནས་དེ་ལྟ་ན་བདེ་མཆོག་གི་རྒྱུད་ཀྱང་གཉིས་མེད་ཀྱི་རྒྱུད་དུ་འགྱུར་ལ། དེ་འདོད་ན་མའི་རྒྱུད་གང་ཡིན་ཞེས་སོགས་ཀྱི་སྐྱོན་བརྗོད་བྱས་ནས། རང་གི་ལུགས་ནི་རྒྱ་ཆེ་བའི་ཐབས་དང་ཟབ་པའི་ཤེས་རབ་སོགས་རེ་རེ་ནས་གཉིས་ཀ་སྟོན་ཀྱང་གཙོ་ཆེ་ཆུང་གིས་ཡིན་པར་སྨྲ་སྟེ། འདིས་ཀྱང་རྒྱུད་གཉིས་དང་གཉིས་མེད་ཀྱི་རྒྱུད་འགལ་བར་བསམས་ཤིང༌། གཉིས་མེད་ཀྱི་ཐབས་ཤེས་དང་རྒྱུད་གཉིས་ཀྱི་ཐབས་ཤེས་རྣམས་ཇི་ལྟར་ཡིན་དཔྱད་པ་མི་སྣང་ངོ༌། །བོད་ཀྱི་མཁས་པ་གཞན་དག་ནི་བླ་མེད་ཀྱི་རྒྱུད་ལ་ཐབས་ཤེས་ཀྱི་རྒྱུད་དང༌གཉིས་མེད་ཀྱི་རྒྱུད་སོ་སོ་བ་གསུམ་དུ་ཕྱེ་བ་དྲང་དོན་དང༌། བླ་མེད་ཀྱི་རྒྱུད་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བྱེད་པ་ངེས་པའི་དོན་དུ་སྨྲ་ཞིང༌། ཐབས་ཤེས་སོ་སོ་བའི་རྒྱུད་དུ་འཇོག་པའི་འཇོག་བྱེད་གཉིས་ཀའམ། གཉིས་ཀ་མིན་པ་གཅིག་སྟོན་པས་ནི་གཉིས་མེད་ཀྱི་རྒྱུད་དུ་འཇོག་པར་འདོད་


JLD007_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེའི་ལྟར་ན་ཡང་བླ་མེད་ཀྱི་ཐབས་ཤེས་ཀྱི་རྒྱུད་གཉིས་ཀ་གཉིས་མེད་ཀྱི་རྒྱུད་ཡིན་པ་ངེས་དོན་དུ་འདོད་བཞིན་དུ། རྒྱུད་གསུམ་པོའི་འཇོག་བྱེད་མི་མཐུན་པ་གསུམ་དུ་བྱེད་པ་དང༌། གཉིས་མེད་ཀྱི་རྒྱུད་ཀྱི་མཚན་གཞི་རང་གང་ལ་ཞེན་པ་ཆེ་བའི་རྒྱུད་བྱེ་བྲག་པ་ཞིག་ལ་བྱེད་པ་འགལ་བར་འགྱུར་ཏེ། རང་ལུགས་ལ་ཕ་རྒྱུད་མ་རྒྱུད་གཉིས་ཁས་མི་ལེན་ན་ནི་རང་གིས་ཁས་བླངས་པ་དང་ལུང་དང་འགལ་བ་སོགས་ཀྱིས་གནོད་ལ། ཁས་ལེན་ན་ནི་དེ་གཉིས་གཉིས་མེད་རྒྱུད་མིན་ན་དེ་གཉིས་གཉིས་མེད་རྒྱུད་ཡིན་པ་ངེས་དོན་དུ་བྱེད་པ་དང་འགལ་ཞིང༌། ཡིན་ན་ནི་རྒྱུད་གསུམ་གྱི་འཇོག་བྱེད་མི་མཐུན་པ་གསུམ་དུ་བྱེད་པ་དང་འགལ་བར་འགྱུར་རོ། །ཕལ་མོ་ཆེས་ནི་ཕ་རྒྱུད་མ་རྒྱུད་གཉིས་ལས་གཉིས་སུ་མེད་པའི་རྒྱུད་མཆོག་ཏུ་གྱུར་པའོ་སྙམ་དུ་བསམས་ནས། རང་རྒྱུད་གང་ལ་ཞེན་ཆེ་བ་དེ་གཉིས་མེད་ཀྱི་རྒྱུད་དུ་ནན་གྱིས་སྒྲུབ་ཅིང༌། དེ་ལས་ལོགས་སུ་རྒྱུད་གཉིས་རྣམ་པར་འཇོག་པར་བྱེད་དོ། །གཉིས་པ་ལ་གཉིས། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཀྱི་འཇོག་ཚུལ་དང༌། ཐབས་ཤེས་སོ་སོ་བའི་རྒྱུད་ཀྱི་དོན་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། དོགས་པ་བསལ་བའོ། །དང་པོ་ནི། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཅེས་པའི་ཐབས་ཤེས་དང༌། ཐབས་ཤེས་སོ་སོ་བའི་རྒྱུད་ཅེས་པའི་ཐབས་ཤེས་གཉིས་ཐབས་ཤེས་ཞེས་པའི་


JLD007_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གཅིག་ཏུ་བྱུང་བས་དོན་ཡང་གཅིག་ཏུ་འཁྲུལ་བ་ལ་བརྟེན་ནས། ཐབས་ཤེས་གཅིག་གི་དབང་དུ་བྱས་པའི་ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་རྒྱུད་དང༌། ཐབས་ཤེས་ཕྱོགས་རེ་བའི་རྒྱུད་གཉིས་འགལ་བར་འདུག་སྙམ་དུ་བཟུང་ནས། བླ་མེད་ཀྱི་རྒྱུད་ལ་རྒྱུད་སོ་སོ་བ་གསུམ་དུ་འབྱེད་པར་སྣང་བས་དེ་གཉིས་རྣམ་པར་དབྱེ་བར་བྱའོ། །དེ་ལ་རྣལ་འབྱོར་མ་བླ་ན་མེད་པ་དང་རྣལ་འབྱོར་ཕ་བླ་ན་མེད་པ་གཉིས་ཀའི་རྣལ་འབྱོར་གྱི་དོན་ནི་ཐབས་ཤེས་ཕྱོགས་རེ་བ་མིན་པར་ཐབས་ཤེས་མཉམ་པར་སྦྱོར་བར་གསུངས་པའི་ཐབས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཡིན་ལ། ཤེས་རབ་ནི་བདག་མེད་པ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་བློ་ཡིན་པར་མང་དུ་གསུངས་ཤིང་གྲགས་ཀྱང་ཆེ་བ་ལྟར་ཡིན་ནོ། །དེ་འདྲ་བའི་བདེ་སྟོང་གི་ཐབས་ཤེས་གཉིས་ཀྱི་ངོ་བོ་དབྱེར་མེད་པར་སྦྱོར་བའི་དབང་དུ་བྱས་ན་ནི་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་དེ་འདྲ་ཞིག་བརྗོད་བྱའི་དོན་མཆོག་ཏུ་བྱེད་པ་ལ་འདྲ་བ་ཡིན་པས། བླ་མེད་ཀྱི་རྒྱུད་ཐམས་ཅད་རང་གི་ངོ་བོའི་གནས་ཚུལ་ནི་གཉིས་སུ་མེད་པའི་རྒྱུད་ཉིད་དུ་གནས་སོ། །དེའི་ཕྱིར་ཐབས་ཤེས་དེ་གཉིས་ཀྱི་དབང་དུ་བྱས་ནས་ཐབས་ཤེས་ཕྱོགས་རེ་བའི་རྒྱུད་དུ་འཇོག་པ་མིན་པས། གཉིས་མེད་ཀྱི་རྒྱུད་ནི་ཕ་རྒྱུད་དང་མ་རྒྱུད་གཉིས་ཀྱི་དབྱེ་གཞིར་བྱའི་ཕྱེ་བའི་ཡ་གྱལ་དུ་མི་གཟུང་ངོ༌། །དེ་ལྟར་ཡང་དྲི་མེད་འོད་ལས། རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་


JLD007_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་རྒྱུད་ཉིད་དེ། དེ་བཞིན་དུ་དགྱེས་པའི་རྡོ་རྗེ་ལས་གསུངས་པ། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲ་ཤེས་རབ་ཅེས་བརྗོད་དེ། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །ཞེས་གསུངས་པའི་ཕྱིར་དགྱེས་པའི་རྡོ་རྗེ་ནི་ཤེས་རབ་ཀྱི་རྒྱུད་དུ་མི་འགྱུར་ཏེ། ཤེས་རབ་ཀྱི་རྒྱུད་ཉོན་ཞེས་གསུངས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་པར་བརྗོད། །འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད། །ཅེས་གསུངས་པའི་ཕྱིར་འདི་ནི་ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ། །དེབཞིན་དུ་དང་པོའི་སངས་རྒྱས་ལས་གསུངས་པ། ཐབས་ཀྱི་ལུས་ཀྱིས་རྣལ་འབྱོར་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་སོ། ཞེས་གསུངས་ཤིང༌། རྡོ་རྗེ་སྙིང་པོའི་འགྲེལ་པ་ལས་ཀྱང་དེ་བཞིན་དུ་བཤད་དོ། །འདུས་པ་ཐབས་རྒྱུད་དང་ཀྱཻ་རྡོར་ཤེས་རབ་རྒྱུད་དུ་མི་འགྱུར་རོ་ཞེས་པ་ནི། དེ་གཉིས་བདེ་སྟོང་གི་ཐབས་ཤེས་ལ་བལྟོས་ན་རེ་རེ་བའི་རྒྱུད་ཡིན་པ་འགོག་གི །དེ་གཉིས་རང་ལུགས་ལ་ཕ་རྒྱུད་དང་མ་རྒྱུད་དུ་མི་འདོད་པ་མིན་ནོ། །ཕ་མའི་རྒྱུད་ལ་དེ་གཉིས་གྲགས་ཆེ་བས་སྨོས་ཀྱི་དེ་གཉིས་ལས་གཞན་པའི་ཐབས་ཤེས་


JLD007_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་མི་འདོད་པ་ཡང་མིན་ནོ། །གཉིས་པ་ནི། ཀྱཻ་རྡོར་སོགས་རྣལ་འབྱོར་མའི་རྒྱུད་རྣམས་ལས་བདེ་བ་མང་དུ་བསྟན་པ་ལྟར། འདུས་པའི་སྐོར་ལས་ཚིག་ཟིན་ལ་བདེ་བ་མི་མང་ཞིང་སྟོང་པ་བཞིའི་སྒོ་ནས་བཤད་པ་མང་བ་ལ་བརྟེན་ནས། བདེ་བ་ཆེན་པོ་མ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའོ་སྙམ་པ་དང༌། ཕ་རྒྱུད་ལ་བདེ་བ་ཆེན་པོ་ལམ་གྱི་དངོས་གཞིར་མི་བྱེད་དོ་སྙམ་དུ་མི་བཟུང་སྟེ། གྲུབ་ཆེན་ནག་པོ་སྤྱོད་པས། རྣལ་འབྱོར་གྱི་ནི་རྒྱུད་དག་ཏུ། །འདི་སྐད་ཅེས་སོགས་པས་གསུངས་གང༌། །དེ་ནི་རྣལ་འབྱོར་མ་རྒྱུད་དུ། །མེ་སྟེ་གཞན་དག་སོག་མ་འདྲ། །རང་བཞིན་དབྱེ་བ་ཡོད་མིན་ཞེས། །ཐུགས་རྡོ་རྗེ་ཡིས་དེ་སྐད་གསུངས། །ཞེས་ཐབས་རྒྱུད་དུ་གསུངས་པའི་འདི་སྐད་བདག་ཐོས་སོགས་ཀྱི་གླེང་གཞིའི་དོན་གྱི་དངོས་གཞི་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་ལ་བཤད་པ་དེ་ཉིད་རྣལ་འབྱོར་མའི་རྒྱུད་ཀྱི་དོན་ཡང་ཡིན་པས། རྒྱུད་དེ་གཉིས་ཀྱི་བདེ་སྟོང་སྦྱོར་བའི་རང་བཞིན་ལ་དབྱེ་བ་མེད་པར་རྒྱལ་བས་གསུངས་སོ་ཞེས་བཤད་ལ། ཁྱད་པར་དུ་འདུས་པའི་འདི་སྐད་བདག་ཐོས་ཀྱི་གླེང་གཞིའི་དོན་གཏན་ལ་འབེབས་པ་གསང་བ་གྲུབ་པ་ལས་ཀྱང༌། སྒྲུབ་པོ་དེ་ཉིད་ལ་གཏད་པས། །བརྟུལ་ཞུགས་མེད་ཀྱང་འགྲུབ་པར་འགྱུར། །བརྟུལ་ཞུགས་བརྒྱ་ཕྲག་ལ་སྤྱད་ཀྱང༌། །དེ་ཉིད་དམན་ན་འགྲུབ་མི་འགྱུར། །ཞེས་དང༌། དེ་ཉིད་དེ་ཡང་རྒྱུད་གནས་པར། །དཔལ་ལྡན་གསང་བ་འདུས་པར་


JLD007_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཞེས་དང༌། རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་བ་པོའང་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུང་བ་མེད། །འདི་སྐད་ཐོས་པའི་ཚིག་རྐང་དང༌། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །དཔལ་ལྡན་བདེ་ཆེན་མགོན་པོ་ཡིས། །བཞུགས་ཞེས་བྱ་བའི་ཚིག་བཟང་པོར། །ཇི་ལྟར་བཟང་པོ་གང་བསྟན་པ། །དེ་བཞིན་བདག་གིས་ཅུང་ཞིག་བརྗོད། །དུས་གཅིག་མཆོག་ཏུ་མདོར་བསྟན་པ། །གང་ཚེ་གཙོ་བོས་གསུངས་པ་ནི། །སངས་རྒྱས་རྣམས་ཀྱི་རྒྱུད་དོན་བདེན། །བདེ་བ་ཆེན་པོའི་བདག་ཉིད་ཡིན། །ཞེས་དེ་ཉིད་ཡོད་ན་ཡོད་ལ་མེད་ན་མེད་ཅེས་བསྔགས་པའི་དེ་ཉིད་ནི་བདེ་ཆེན་དང་སྟོང་པ་དབྱེར་མེད་དུ་སྦྱོར་བ་ལ་ལན་ཅིག་མ་ཡིན་པར་བཤད་དོ། །འདི་ནི་སློབ་དཔོན་བདེ་བ་ཆེན་པོ་ཞེས་པ་མཚན་གཞན་པདྨ་རྡོ་རྗེ་ཞེས་པས་མཛད་ལ། དེ་ཉིད་སྤྱོད་བསྡུས་སུ་ཡང་ལན་མང་པོར་ཁུངས་སུ་འདྲེན་པར་མཛད་པས། འཕགས་སྐོར་དང་ཤིན་ཏུ་མཐུན་ལ། བདེ་སྟོང་སྦྱོར་བ་ལམ་གྱི་དངོས་གཞི་ཡིན་པ་འདུས་པའི་དོན་ཡིན་པར་ཡང་དང་ཡང་དུ་འཆད་པས། འཕགས་ལུགས་འཛིན་པ་རྣམས་ཀྱིས་ངེས་པར་ཤེས་དགོས་པར་ཡོད་དོ། །དེ་ལྟར་བླ་མེད་ཀྱི་རྒྱུད་ཐམས་ཅད་བདེ་སྟོང་གི་ཐབས་ཤེས་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཞིག་


JLD007_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་དངོས་གཞིར་བྱེད་པ་ལ་ཁྱད་པར་མེད་པར་བསྟན་པ་འདིས་ནི། རྒྱུད་གཉིས་པོ་གང་གི་ལམ་དུ་འཇུག་ཀྱང་བདེ་སྟོང་གི་ཐབས་ཤེས་གཉིས་ངོ་བོ་དབྱེར་མེད་དུ་རྒྱུད་ལ་སྐྱེད་པ་ཞིག་མེད་མི་རུང་དུ་ཤེས་དགོས་ལ། བདེ་བ་དང་སྟོང་པ་ཡང་འོལ་སྤྱི་ཙམ་རེ་ལ་གོ་བ་མིན་པར་ཐུན་མོང་མ་ཡིན་པའི་བདེ་སྟོང་གི་གནད་ཕྲ་མོ་རྣམས་རྙེད་དགོས་པར་ཤེས་པར་གྱིས་ཤིག །གཉིས་པ་ལ་གཉིས། དྲི་མེད་འོད་ལ་སོགས་པ་ལས་གསུངས་པ་དང༌། རྡོ་རྗེ་གུར་ལ་སོགས་པ་ལས་གསུངས་པའོ། །དང་པོ་ནི། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཀྱི་ཐབས་ཤེས་སྔར་བཤད་པ་ལྟར་ཡིན་ན། ཐབས་ཤེས་སོ་སོ་བའི་རྒྱུད་དུ་གསུངས་པའི་ཐབས་ཤེས་གང་ཡིན་ཞེ་ན། དེའི་འཇོག་ཚུལ་རེ་ཞིག་དྲི་མེད་འོད་ལས་གསུངས་པ་ནི། རྒྱུད་གང་ལ་འཇིག་རྟེན་གྱི་ཀུན་རྫོབ་ཏུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་ཕུང་པོ་དང་ཁམས་རྣམ་པར་དག་པ་ལས། ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་དབང་པོ་རྟུལ་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་ཕུང་པོ་དག་པ་ལས་ཐབས་སུ་བཞག་པའི་ལྷ་ཕོ་དང༌། ཁམས་དག་པ་ལས་ཤེས་རབ་ཏུ་བཞག་པའི་ལྷ་མོའི་སྒོ་ནས་ཐབས་ཤེས་སོ་སོ་བའི་རྒྱུད་དུ་བཞག་ལ། དེ་འདྲ་བའི་ཐབས་ཤེས་ནི་སྔར་གྱི་དོན་དམ་པའི་ཐབས་ཤེས་ལ་བལྟོས་ན་ཀུན་རྫོབ་པ་དང༌། དབང་པོ་རྟུལ་པོའི་བསམ་པའི་དབང་གིས་བཞག་པ་ཡིན་པར་གསུངས་སོ། །ལྷ་ཕོ་མོའི་


JLD007_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་ཐབས་ཤེས་ཀྱི་རྒྱུད་དུ་འདོད་ཚུལ་ཡང་དེ་ཉིད་ལས། ཀུན་རྫོབ་ཀྱིས་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང༌། ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །ཞེས་ལྷ་དམ་ཚིག་པ་ལ་ཡེ་ཤེས་པ་དགུག་པ་ལ་སོགས་པའི་བྱ་བ་བྱེད་པ་ལ་ལྷ་མོ་རྣམས་རྒྱུ་ཞིང་ལྷ་ཕོ་རྣམས་མི་རྒྱུ་བ་ཤེས་རབ་དང༌། དེ་ལས་བཟློག་སྟེ་བྱེད་པ་ཐབས་ཀྱི་རྒྱུད་དུ་གསུངས་ཏེ། རྡོ་རྗེའི་སྙིང་པོའི་འགྲེལ་པར་ཡང་དེ་བཞིན་དུ་བཤད་དོ། །དེ་ལྟ་ན་དུས་འཁོར་ཐབས་ཀྱི་རྒྱུད་དུ་འདོད་དགོས་ལ། དེ་འདོད་ན་དྲི་མེད་འོད་ལས། ལོ་གསུམ་གྱི་དབྱེ་བས་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ཞེས་ལོ་གསུམ་གྱི་དབུ་མའི་ཞག་གིས་རྣལ་འབྱོར་མའི་རྒྱུད་ཀྱི་ལྷ་གྲངས་བསྟན་པའི་སྐབས་སུ་རྣལ་འབྱོར་མའི་རྒྱུད་དུ་བཤད་པ་དང་འགལ་ལོ་ཞེ་ན། རྒྱུད་གཉིས་སུ་འཇོག་ཚུལ་ལྷ་ཕོ་མོའི་སྒོ་ནས་བཞག་པ་དེ་ཡང་ཤས་ཆེ་ཆུང་ལ་དགོངས་ཀྱི་ངེས་པ་ནི་མིན་ཏེ། གསང་འདུས་འཕགས་ལུགས་ལྟ་བུ་ཐབས་རྒྱུད་ལ་ཡེ་ཤེས་པ་དགུག་གཞུག་སོགས་ལྷ་ཕོས་མི་བྱེད་པ་ཡང་ཡོད་ལ། དེ་བཞིན་དུ་ལྷ་མོས་དགུག་གཞུག་སོགས་མི་བྱེད་པའི་མ་རྒྱུད་ཀྱི་གཞུང་ཚད་ལྡན་ཡང་ཡོད་པ་དང༌། རྒྱུད་གཉིས་ཀའི་ཐུན་མོང་གི་རྣམ་གཞག་སྟོན་པའི་རྒྱུད་འགའ་ཞིག་ལ་དེ་གཉིས་ཀ་སྟོན་པ་ཡང་མི་འགལ་བའི་ཕྱིར་རོ། །


JLD007_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རྡོ་རྗེ་འཕྲེང་བ་རྒྱུད་གཉིས་ཀའི་ཐུན་མོང་གི་བཤད་རྒྱུད་ཡིན་ཀྱང་རང་གི་ངོ་བོ་ཐབས་རྒྱུད་དུ་གསུངས་པ་ལྟར། དུས་འཁོར་ལས་ཀྱང་ཚུལ་གཉིས་ཀ་བཤད་ཀྱང་རང་གི་ངོ་བོ་རྣལ་འབྱོར་མའི་རྒྱུད་དུ་སེམས་སོ། །འདི་འདྲའི་རིགས་ལ་ཁ་ཅིག་ན་རེ། རྒྱུ་མཚན་དེ་ཉིད་ཀྱིས་གཉིས་མེད་ཀྱི་རྒྱུད་དུ་འཇོག་གོ་ཞེས་ཟེར་བ་ནི། གཉིས་མེད་ཀྱི་རྒྱུད་དུ་འཇོག་འདོད་ཀྱང་དྲི་མེད་འོད་ཀྱི་དགོངས་པ་ལྟར་འཇོག་མ་ཤེས་པ་ཡིན་ཏེ། འདི་ལྟར་དྲི་མེད་འོད་ལས་ནི་གཉིས་སུ་མེད་པའི་རྒྱུད་དུ་སྔར་བཤད་པ་ལྟར་གྱི་དོན་དམ་པའི་ཐབས་ཤེས་ཀྱི་སྒོ་ནས་འཇོག་ལ། ཐབས་ཤེས་གཡོ་མི་གཡོའི་ཐབས་ཤེས་ནི་ཀུན་རྫོབ་པ་དབང་རྟུལ་གྱི་བསམ་པའི་དབང་གིས་བཞག་པར་བཤད་པའི་ཕྱིར་རོ། །འདིས་ནི་བསྒོམས་པའི་ལྷ་ཕོ་མོའི་སྒོ་ནས་ཕ་མའི་རྒྱུད་དུ་བཞག་པའི་ཐབས་ཤེས་གཉིས་དབང་པོ་རྟུལ་པོའི་བསམ་པའི་དབང་གིས་བཞག་པར་སྟོན་གྱི། ཕ་རྒྱུད་དང་མ་རྒྱུད་དུ་འཇོག་པའི་ཐབས་ཤེས་ཐམས་ཅད་དེ་ལྟར་སྟོན་པ་མིན་ནོ། །དྲི་མེད་འོད་ལས་ཐབས་རྒྱུད་ལ་ཉིན་མཚན་མཉམ་པ་དག་པས་ལྷ་ཡབ་ཡུམ་ཞལ་ཕྱག་མཉམ་པ་དང༌། ཤེས་རབ་ཀྱི་རྒྱུད་ལ་སྔ་ཕྱིའི་ཐུན་མཚམས་དག་པས་ཡབ་ཡུམ་ཞལ་ཕྱག་མི་མཉམ་པར་གསུངས་པ་རྒྱུད་གཉིས་ཀྱི་འཇོག་བྱེད་དུ་བྱས་ནས། དེའི་ཤུགས་ཀྱིས་གཙོ་བོ་ཡབ་ཡུམ་ཞལ་ཕྱག་མི་མཉམ་ལ་འཁོར་མཉམ་པ་གཉིས་མེད་


JLD007_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་དུ་འཐོབ་ཅེས་གསུང་པ་ཡང་ལེགས་པར་མ་མཐོང་སྟེ། དེ་ནི་རྒྱུད་གཉིས་ལས་ཞལ་ཕྱག་མཉམ་མི་མཉམ་གསུངས་པའི་རྒྱུ་མཚན་བསྟན་པ་ཙམ་ཡིན་གྱི། ཐབས་ཤེས་ཀྱི་རྒྱུད་ཀྱི་དོན་དུ་འཇོག་པ་མིན་པའི་ཕྱིར་ཏེ། དེ་དག་ལ་ཕོ་མོའམ་ཐབས་ཤེས་ཀྱི་དོན་གྱི་ལྡོག་པ་ཅི་ཡང་མི་སྣང་བའི་ཕྱིར་རོ། །གཞན་ཡང་གཉིས་མེད་ཀྱི་རྒྱུད་དུ་སྒྲུབ་པ་ནི་རྒྱུད་གཞན་ལས་མཆོག་ཏུ་སྒྲུབ་འདོད་པར་སྣང་ལ། རྒྱུ་མཚན་དེས་གཉིས་མེད་ཀྱི་རྒྱུད་དུ་གྲུབ་ཀྱང་ཁྱད་པར་དུ་འཕགས་ཆོས་མིན་ཏེ། གཙོ་བོ་ཡབ་ཡུམ་ཞལ་ཕྱག་གྲངས་མི་མཉམ་པ་དང༌། འཁོར་གྱི་ལྷ་མཉམ་པ་གཉིས་ཀ་བྱུང་ཡང་དེའི་ཆ་ནས་ཟབ་གནས་མི་སྣང་བའི་ཕྱིར་རོ། །རིགས་པ་འདི་དེ་འདྲ་བའི་སྒྲུབ་བྱེད་ལྟར་སྣང་གཞན་སྨྲ་བ་ལ་ཡང་ཤེས་པར་བྱའོ། །གཉིས་པ་ལ་གཉིས། གཞན་གྱིས་བརྟགས་པའི་མཐའ་དགག་པ་དང༌། ལེགས་པར་གནས་པའི་ཕྱོགས་བཞག་པའོ། །དང་པོ་ལ་གཉིས། གཞན་གྱི་ལུགས་དང༌། དེ་དགག་པའོ། །དང་པོ་ནི། བོད་ཁ་ཅིག་གུར་གྱི་ལེའུ་བཞི་པ་ལས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་འགྲོ་མ་ཡི་དམ་པའི་ཚོགས། །མཁའ་འགྲོ་ལྔ་པོ་རབ་བསྒྲུབ་ཕྱིར། །མཁའ་འགྲོ་མ་ཡི་རྒྱུད་བཤད་དོ། །ཞེས་དང༌། སྲོག་ཆགས་གསོད་པ་འབད་ལྡན་དང༌། །ལྟ་བ་ལས་ནི་ལོག་རྣམས་དང༌། །བཙུན་མོ་རྣམས་ནི་


JLD007_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བའི་ཕྱིར། །བདེ་བའི་ཐབས་ནི་རྒྱས་མིན་ཞིང༌། །གཞུང་ཉུང་བ་ལ་དོན་རྒྱས་པ། །བློ་དམན་རབ་ཏུ་རྟོགས་བྱེད་པའི། །སྔགས་རྣམས་ཀྱི་ནི་ཁྱད་པར་ཕྱིར། །རྒྱུད་ཀུན་གྱི་ནི་སྙིང་པོ་ཡི། །མཁའ་འགྲོ་མ་ཡི་རྒྱུད་བཤད་དོ། །ཞེས་གསུངས་པའི་དང་པོ་བཞིས་དེ་བཞིན་གཤེགས་པ་མཁའ་འགྲོ་མའི་སྐུར་སྟོན་ཞིང་མོས་གཙོ་བྱས་པའམ། འཁོར་མོ་ཚོགས་ཤས་ཆེ་བས་བསྐོར་བ་ནི་མ་རྒྱུད་དང༌། དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་སྟོན་ཞིང་། འཁོར་ཕོ་ཚོགས་ཤས་ཆེ་བས་བསྐོར་བ་ནི་ཕ་རྒྱུད་དུ་བསྟན་པར་འདོད་དེ། ལུང་དེས་དོན་སྔ་མ་དངོས་སུ་བསྟན་པའི་ཤུགས་ཀྱིས་ཕྱི་མ་བསྟན་པར་བསམས་སོ། །དེ་བཞིན་དུ་ལུང་ཕྱི་མ་རྣམས་ཀྱིས་ཕྱི་རོལ་པའི་གང་ཟག་སྲོག་གཅོད་པ་ལ་དགའ་ཞིང༌། ལྟ་བ་དང་ལམ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འདུལ་བའི་ཕྱིར་མ་རྒྱུད་བསྟན་པའི་གནད་ཀྱིས། རང་སྡེ་ལྟ་བ་ཕྱིན་ཅི་མ་ལོག་པ་དང་ལྡན་པས་བྱང་ཆུབ་སྒྲུབ་པར་འདོད་པ་འདུལ་བའི་ཕྱིར་ཕ་རྒྱུད་གསུངས་པར་འདོད་ལ། དེ་གཉིས་ཀྱང་རྒྱུད་གཉིས་སུ་འཇོག་པའི་ཁྱད་པར་དུ་འདོད་དོ། །ཡང་གུར་གྱི་ལེའུ་བཅུ་གསུམ་པ་ལས། སྐྱེས་བུ་འདུལ་བར་མཛད་དོན་དུ། །རྣལ་འབྱོར་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་རབ་བཤད། །ཅེས་གསུངས་པས་དགོས་པ་དེ་གཉིས་ཀྱི་ཕྱིར་རྒྱུད་གཉིས་བསྟན་པ་གཉིས་རྒྱུད་གཉིས་ཀྱི་འཇོག་བྱེད་དུ་འདོད་དོ། །གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས།


JLD007_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དང་རྫོགས་འབྱུང་རིམ་པ་ཡིས། །རྣལ་འབྱོར་བསྐྱེད་པར་བསྟན་པ་དང༌། །རྫོགས་པ་རྣལ་འབྱོར་མ་རུ་འདོད། །ཅེས་པས་བསྐྱེད་རིམ་གྱི་དེ་ཉིད་སྟོན་པ་ཕ་རྒྱུད་དང༌། རྫོགས་རིམ་གྱི་དེ་ཉིད་སྟོན་པ་མ་རྒྱུད་དུ་བསྟན་པར་འདོད་དོ། །གཉིས་པ་ནི། ལུང་དང་པོའི་དོན་ནི་སངས་རྒྱས་རིགས་ལྔ་པོ་ཐམས་ཅད་ཀྱི་འཁོར་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བའི་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་རབ་ཏུ་བསྒྲུབ་པའི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་བཤད་ཅེས་པའི་དོན་ཡིན་པར་དེའི་སྔོན་དུ་གསུངས་པ་ལས་ཤིན་ཏུ་གསལ་བས། མ་རྒྱུད་ཀྱི་རྒྱུད་དོན་ངོས་འཛིན་པའང་མིན་ལ། མཁའ་འགྲོ་སྡེ་ལྔ་ཡང་དེའི་གོང་དུ། དཀྱིལ་འཁོར་རྣམ་པ་ལྔ་གསུངས་ཏེ། །རྡོ་རྗེ་ཅན་དང་རྟག་པ་དང༌། །དེ་བཞིན་རྡོ་རྗེ་གཟི་བརྗིད་དང༌། །པདྨ་གར་དབང་ཕྱུག་གི་དང༌། །རྟ་ཡི་རྒྱལ་པོ་ལྔ་པའོ། །ཞེས་གསུངས་པའི་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཉིད་ཡིན་པས་དཀྱིལ་འཁོར་གྱི་གཙོ་བོ་ལྷ་མོར་སྟོན་པ་ཡང་མིན་པས་ལུང་དང་པོའི་བཤད་པ་མི་འཐད་དོ། །ལུང་གཉིས་པའི་དོན་བཤད་པ་ཡང་དེའི་དོན་མིན་ཏེ། དེའི་གོང་ཉིད་དུ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་གུར་འདིར་རྣལ་འབྱོར་མ་དང་མཁའ་འགྲོ་མ་རྣམས་ཇི་ལྟར་བསྡུ་བར་བྱ་བ་ཡིན་ཞེས་བྱང་སེམས་རྣམས་ལ་དྲིས་པའི་ལན་དུ། བྱམས་པ་ལ་སོགས་པའི་སེམས་དཔའ་རྣམས་


JLD007_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། ཐོག་མར་རྡོ་རྗེ་འཛིན་པ་ཡིས། །སྒོང་སྐྱེས་ལ་སོགས་མ་ལུས་པ། །བདག་གིས་བསྒྲལ་བར་བྱའོ་ཞེས། །བྱང་ཆུབ་ཏུ་སྨོན་སྔོན་བརྗོད་ན། །ཅི་ཕྱིར་བཙུན་མོ་རྣམས་བོར་བྱ། །སྲོག་ཆགས་གསོད་ལ་འབད་ལྡན་དང༌། །ཞེས་པ་ནས། རྒྱུད་བཤད་དོ། །ཞེས་པའི་བར་སྔར་བཞིན་གསུངས་པས། བཙུན་མོ་རྣམས་སྡུད་པའི་ཕྱིར་དུ་མཁའ་འགྲོ་མའི་རྒྱུད་ཀྱི་སྙིང་པོ་གསུངས་པའི་རྒྱུད་ནི། དྲི་བའི་སྐབས་སུ་རྡོ་རྗེ་གུར་ལ་དྲིས་པའི་གུར་ཡིན་ལ། དེ་ལ་རྒྱུད་ཀུན་གྱི་སྙིང་པོ་ཞེས་ཟེར་བ་ནི་དེའི་གོང་དུ། འབུམ་ལྔ་དགྱེས་པའི་རྡོ་རྗེ་ལས། །སྙིང་པོ་འདི་ནི་ཡོངས་བསྡུས་པའོ། །ཞེས་གསུངས་པ་ལྟར་ཡིན་པས་མ་རྒྱུད་སྤྱིའི་འཇོག་བྱེད་མིན་ཏེ། གཞུང་ཉུང་བ་ལ་ཞེས་གསུངས་པས་ཀྱང་ཤེས་སོ། །འོ་ན་རྡོ་རྗེ་གུར་དུ་བུད་མེད་ཇི་ལྟར་བསྡུ་ཞེས་འདྲི་བའི་དྲིས་ལན་གྱི་དོན་གང་ཡིན་སྙམ་ན། གསུང་རབ་གཞན་དུ་བུད་མེད་ཀྱི་རྟེན་གྱིས་དངོས་སུ་འཚང་རྒྱ་བ་མེད་པར་བསྟན་ལ། བླ་མེད་ཀྱི་རྒྱུད་རྣམས་སུ་རྟེན་དེས་བསྒྲུབས་ན་མཆོག་འགྲུབ་པ་ཡོད་པར་གསུངས་པ་ལ་བརྟེན་ནས་དྲིས་པ་ཡིན་ལ། ལན་གྱིས་ནི་དང་པོར་ཐུགས་བསྐྱེད་པའི་དུས་སུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས་པས་ན། བུད་མེད་རྣམས་ཡལ་བར་དོར་དུ་མི་རུང་ལ། ཁྱད་པར་དུ་རྟེན་དེ་དང་སྲོག་གཅོད་པས་མཚོན་པའི་སྡིག་ཆེ་བ་དང༌། རེ་ཞིག་ལྟ་བ་ལོག་པས་ཀྱང་ལམ་འདི་


JLD007_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་མཆོག་སྒྲུབ་ཏུ་ཡོད་པས། དེ་རྣམས་བསྡུ་བའི་དོན་དུ་རྡོ་རྗེ་གུར་གསུངས་པར་སྟོན་པ་ཡིན་པས་མ་རྒྱུད་དུ་འཇོག་པའི་འཇོག་བྱེད་སྟོན་པ་ག་ལ་ཡིན། སྐྱེས་པ་འདུལ་བ་དང་བུད་མེད་བསྡུ་བའི་ཕྱིར་རྒྱུད་གཉིས་བཤད་ཅེས་པ་ལ། སྤྱིར་རྒྱུད་འདིར་མ་རྒྱུད་ལ་ཡང་རྣལ་འབྱོར་རྒྱུད་ཅེས་པ་དང༌། བུད་མེད་བསྡུ་བའི་ཕྱིར་དུ་རྡོ་རྗེ་གུར་གསུངས་པ་ལ་བསམ་ནས་རྣལ་འབྱོར་མའི་རྒྱུད་བཤད་ཅེས་གསུངས་པ་ཡོད་དེ། དགྱེས་པའི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོར་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་ནས་རྣལ་འབྱོར་མ་ཡི་རྒྱུད། །དེ་ཉིད་མོ་གཟུགས་བསྡུ་ཕྱིར་རོ། ཞེས་སྔར་དྲངས་པ་ལྟར་དང་པོར་རྒྱུད་རྒྱས་པ་འབུམ་ལྔ་གསུངས་པའི་ཕྱི་ནས་དེ་ལས་བསྡུས་ནས་རྣལ་འབྱོར་མའི་རྒྱུད་གུར་གསུངས་པ་དེ་བུད་མེད་བསྡུ་བའི་ཕྱིར་དུ་ཡིན་ཞེས་གསུངས་སོ། །དེ་ལ་གུར་བརྟག་གཉིས་ཀར་ཀྱཻ་རྡོར་མ་རྒྱུད་དུ་བཤད་པས་དེ་ལ་རྣལ་འབྱོར་རྒྱུད་ཅེས་གསུངས་པ་ནི། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་གཉིས་ཀའི་དབྱེ་གཞི་རྣལ་འབྱོར་རྒྱུད་ཡིན་པ་ལ་དགོངས་ཀྱི། རྣལ་འབྱོར་མའི་རྒྱུད་ཀྱི་ཟླས་དྲངས་པའི་རྣལ་འབྱོར་རྒྱུད་མིན་ནོ། །གུར་བུད་མེད་བསྡུ་བའི་ཕྱིར་དུ་གསུངས་ཚུལ་ནི་བཤད་ཟིན་ལ། ལུང་ཕྱི་མ་འདི་ཡང་དེ་ལྟར་བཤད་པར་བྱ་བའམ། ཡང་ན་ཕ་རྒྱུད་མ་རྒྱུད་གཉིས་ཀའི་དབང་དུ་བྱས་ནས་འཆད་ན། བླ་མེད་


JLD007_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ནས་མཆོག་སྒྲུབ་པའི་རྟེན་གྱི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་ཕོ་མོ་གཉིས་ཡོད་ཀྱང༌། རྒྱུད་དང་བསྟན་བཅོས་རྣམས་ལས་ཕལ་ཆེར་སྒྲུབ་པ་པོ་སྐྱེས་པ་དང༌། དེའི་ཕྱག་རྒྱ་ལ་བུད་མེད་རིགས་བཞི་བཤད་པ་མང་ངོ༌། །དེའི་ཚེ་སྐྱེས་པར་མ་ཟད་རིག་མ་ལ་ཡང་ལམ་སྒྲུབ་པ་པོར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་རྐྱེན་གྱིས་ཐབས་གྲོལ་བ་ལྟར་ཐབས་ཀྱི་རྐྱེན་གྱིས་ཤེས་རབ་མ་གྲོལ་བར་ཡང་ལན་མང་དུ་གསུངས་པའི་ཕྱིར་རོ། །ཚུལ་དེ་ཡང་རྒྱུད་གཉིས་ཀ་ལ་ཡོད་མོད་ཀྱང༌། རིག་མའི་མཚན་ཉིད་དང་དབྱེ་བ་དང་བརྟག་ཐབས་དང་བསྟེན་ཚུལ་དང་དེ་བསྟེན་པ་ལས་ཡེ་ཤེས་སྐྱེ་ཚུལ་རྣལ་འབྱོར་མའི་རྒྱུད་ལས་འཆད་པ་ལྟར་ཕ་རྒྱུད་རྣམས་ལས་མི་རྒྱས་པས། དེའི་སྒོ་ནས་དེ་གཉིས་འདུལ་བའི་དོན་དུ་རྒྱུད་གཉིས་བཤད་པར་གསུངས་སོ། །དེ་ཡང་རྒྱུད་གཉིས་ཀྱི་དགོས་པ་བཤད་པ་ཙམ་ཡིན་གྱི། ཕ་རྒྱུད་དང་མ་རྒྱུད་དུ་འཇོག་པའི་འཇོག་བྱེད་མིན་ཏེ། དཔེར་ན་གསང་འདུས་ནི་གཙོ་བོར་རིན་པོ་ཆེའི་ལྟ་བུའི་གང་ཟག་གི་དོན་དུ་གསུངས་པ་ཡིན་ཀྱང་དེ་ཕ་རྒྱུད་ཀྱི་འཇོག་བྱེད་དུ་མིན་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་བློ་དམན་གྱིས་རབ་ཏུ་རྟོགས་པའི་ཕྱིར་དུ་མཁའ་འགྲོ་མའི་རྒྱུད་བཤད་པར་ཡང་དེ་ལས་གསུངས་པས་དེ་ཡང་མ་རྒྱུད་ཀྱི་འཇོག་བྱེད་དུ་འགྱུར་རོ། །གསང་བའི་དེ་ཁོ་ན་ཉིད་གསལ་བའི་ལུང་གི་དོན་བཤད་པ་ཡང་དེའི་དོན་མིན་ཏེ། དེ་ཉིད་ལས། གཉིས་གཉིས་སྤྲོད་དང་རྣམ་པ་བཞི། །འདུས་པའང་


JLD007_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་གསུངས་ཏེ། །བསྐྱེད་དང་རྫོགས་འབྱུང་རིམ་པ་ཡིས། །རྣལ་འབྱོར་བསྐྱེད་པར་བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་བརྗོད། །དབང་པོ་གཉིས་ཀའི་སྙོམས་འཇུག་པ། །འདུས་པ་ཞེས་བྱར་རྣམ་པར་བརྗོད། །ཅེས་བལྟས་པ་དང་བགོད་པ་དང་ལག་བཅངས་དང༌། གཉིས་སྤྲོད་ཀྱི་རྒྱུད་བཞི་ཡི་བཞི་པ་དབང་པོ་གཉིས་འདུས་པའི་རྒྱུད་ལ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་གཉིས་གསུངས་པའི་དང་པོ་ནི་བསྐྱེད་པ་འབྱུང་བའི་རིམ་པ་སྟོན་པ་དང༌། གཉིས་པ་ནི་རྫོགས་པ་འབྱུང་བའི་རིམ་པ་སྟོན་པ་ཡིན་ཞེས་བཤད་ཀྱི་བསྐྱེད་རིམ་དང་རྫོགས་རིམ་སྟོན་པ་ལ་མ་བཤད་པའི་ཕྱིར་དང༌། ལུང་དེའི་གོང་ཉིད་དུ། དཔལ་ལྡན་འདུས་རྗེས་ལམ་གྱིས་ནི། །རིམ་པ་གཉིས་ཀའི་ངོ་བོ་ལ། །དཔལ་ལྡན་འདུས་པ་ལྷག་ཡིད་འོང༌། །རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན། །ཞེས་གསུངས་པས་རྣལ་འབྱོར་གྱི་རྒྱུད་འདུས་པ་སོགས་ལས་རྫོགས་རིམ་གྱི་དེ་ཉིད་གཙོ་བོར་མི་སྟོན་པར་བསྐྱེད་རིམ་གྱི་དེ་ཉིད་གཙོ་བོར་སྟོན་པ་འགལ་བའི་ཕྱིར་རོ། །ནག་པོ་སྤྱོད་པས་འདི་སྐད་བདག་ཐོས་སོགས་གླེང་གཞིར་བྱས་པ་ཕ་རྒྱུད་དང༌། གསང་བ་མཆོག་གིས་དགྱེས་པ་སོགས་གླེང་གཞིར་བྱས་པ་མ་རྒྱུད་གྱི་དོན་དུ་བཞེད་ཟེར་བ་ནི་དེའི་བཞེད་པ་མིན་ཏེ། དེས་ནི་རྣལ་འབྱོར་རྒྱུད་དུ་འདི་སྐད་བདག་ཐོས་སོགས་གསུངས་པ་དང༌། མ་རྒྱུད་ཁ་ཅིག་ལ་དེའི་དོད་ལ་གསང་བ་མཆོག་གིས་


JLD007_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་ཞེས་སོགས་འབྱུང་བ་གཉིས་བདེ་སྟོང་སྦྱོར་བ་དངོས་གཞིར་བྱེད་པ་ལ་ཁྱད་པར་མེད་པར་གསུངས་ཀྱི་དེ་གཉིས་རྒྱུད་གཉིས་ཀྱི་འཇོག་བྱེད་དུ་མ་གསུངས་པའི་ཕྱིར་ཏེ། དེའི་ལུང་ནི་སྔར་དྲངས་ཟིན་ནོ། །དེ་དག་ལས་གཞན་རྒྱ་གར་བ་ཁ་ཅིག་དང་བོད་རྣམས་ཀྱིས་རྒྱུད་གཉིས་སུ་འཇོག་ཚུལ་བྱས་པ་མང་པོ་ཅིག་སྣང་ནའང་། ཕལ་ཆེ་བ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་དུ་འཇོག་པའི་ཕོ་མོའམ་ཐབས་ཤེས་ཀྱི་དོན་གྱི་ལྡོག་པ་ཅི་ཡང་མི་སྣང་ལ། ཐབས་དང་ཤེས་རབ་གཙོ་བོར་སྟོན་པ་ཞེས་ཟེར་བ་ལ་ནི་ཐབས་ཤེས་འདི་ལ་བྱེད་དང་གཙོ་བོར་སྟོན་མི་སྟོན་གྱི་ཁྱད་པར་བཤད་པ་མི་སྣང་ཞིང༌། འཇོག་བྱེད་དུ་བཤད་པ་རྣམས་ཀྱང་རྒྱུད་གཉིས་ཀྱི་མཐུན་ཕྱོགས་ལ་མཐོང་ཙམ་དུ་འདུག་པས་མི་འཐད་པ་རྟོགས་པར་སླ་བའི་ཕྱིར་མ་བྲིས་སོ། །གཉིས་པ་ནི། འོ་ན་ཕ་རྒྱུད་མ་རྒྱུད་གཉིས་སུ་འཇོག་ཚུལ་ཇི་ལྟར་བྱེད་སྙམ་ན། རྒྱུད་འདི་གཉིས་ལ་བསྐྱེད་རིམ་གྱི་སྐོར་ནས་ཀྱང་སོ་སོར་འཇོག་པའི་ཕལ་པའི་ཁྱད་པར་ཡང་འདོད་མོད་ཀྱང་གཙོ་བོར་རྫོགས་རིམ་གྱི་སྒོ་ནས་ཁྱད་པར་གཞག་དགོས་སོ། །དེ་ཡང་བདེ་སྟོང་གི་ཐབས་ཤེས་ལ་བལྟོས་ནས་ཐབས་ཤེས་རེ་རེ་བའི་རྒྱུད་དུ་མི་འཇོག་པར་གཉིས་མེད་ཀྱི་རྒྱུད་དུ་འཇོག་པ་སྔར་བཤད་པ་ལྟར་ཡིན་ལ། དེ་ལ་བལྟོས་ནས་ནི་ཤས་ཆེ་ཆུང་གི་སྒོ་ནས་ཀྱང་གཞག་ཏུ་མི་རུང་སྟེ། ཀྱཻ་རྡོར་སོགས་མའི་རྒྱུད་ལས་བདེ་བ་ཤས་ཆེར་བསྟན་པ་ལྟར་འདུས་


JLD007_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་མ་གསུངས་པས། ཀྱཻ་རྡོར་ཕ་རྒྱུད་དང་འདུས་པ་མ་རྒྱུད་དུ་གཞག་དགོས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེས་ན་རྫོགས་རིམ་གྱི་སྒོ་ནས་ཐབས་ཤེས་སོ་སོ་བའི་རྒྱུད་དུ་གསུངས་པའི་ཐབས་ཤེས་ནི་ཤེས་རབ་དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་དང༌། ཐབས་ཀུན་རྫོབ་སྒྱུ་མའི་སྐུའོ། །དེ་ལ་དང་པོའི་སྒོ་ནས་རྣལ་འབྱོར་མའི་རྒྱུད་དུ་འཇོག་པ་ནི་གུར་གྱི་ལེའུ་བཅུ་གསུམ་པ་ལས། བཅོམ་ལྡན་འདས་ཇི་ལྟར་ན་རྣལ་འབྱོར་མའི་རྒྱུད་ཀྱི་མཚན་རབ་ཏུ་འཇུག་པ་ལགས། རྡོ་རྗེ་འཛིན་གྱིས་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དོ། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བྱ། ཞེས་མ་རྒྱུད་སྤྱིའི་དབང་དུ་མཛད་ནས་དེར་འཇོག་བྱེད་གསལ་བར་གསུངས་སོ། །དེའི་དོན་ནི། གང་དང་དེ་གཉིས་འབྲེལ་བས་གང་གི་ཕྱིར་དོན་དམ་པའི་དེ་ཁོ་ན་སྟོང་པ་ཉིད་ལ་ཕྱག་རྒྱ་ཆེན་པོའི་སྦྱོར་བས་རབ་ཏུ་འཇུག་པའི་ཚུལ་སྟོན་པ་དེའི་ཕྱིར་གུར་ལ་སོགས་པ་ལ་རྣལ་འབྱོར་མའི་རྒྱུད་ཅེས་བྱའོ། །རྒྱུ་མཚན་དེས་མ་རྒྱུད་དུ་འགྲུབ་པ་ནི་ཤེས་རབ་ཅེས་པ་གཉིས་ཀྱི་དོན་ནོ། །དོན་དེ་དག་ཞིབ་ཏུ་བཤད་ན། ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུ་བར་དུ་བྱུང་བའི་ཡས་བབས་དང༌། དེ་ནས་སྤྱི་གཙུག་ཏུ་ལོག་པའི་མས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་


JLD007_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དབྱེར་མི་ཕྱེད་པར་སྦྱོར་བའི་སྒོ་ནས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རབ་ཏུ་འཇུག་པའི་རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རིམ་པ་གཙོ་བོར་སྟོན་ཞིང༌། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བཞོན་པའི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་མི་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་ཅེས་བྱ་སྟེ། ལྷན་སྐྱེས་ཀྱི་ཤེར་ཕྱིན་ཆོས་སྐུ་སྒྲུབ་པའི་ཐབས་འདི་ནི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་ཆོས་ཀྱི་སྐུའི་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་ཡིན་པས་མ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གཉིས་པའི་སྒོ་ནས་རྣལ་འབྱོར་ཕའི་རྒྱུད་དུ་འཇོག་པ་ནི་མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་རྣམས་ལ་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོག་དབྱེ་ཤེས། །འོད་གསལ་སྒྱུ་མ་བདག་གིས་ནི། །སྒྱུ་མ་འཇིག་རྟེན་ལ་བཤད་དོ། །ཞེས་གསལ་བར་གསུངས་སོ། །དེའི་དོན་ནི་བཤད་དོ་ཞེས་དྲང་ངོ་། །གང་དུ་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱལ་པོ་རྣམས་སུའོ། །གང་ན་སྒྱུ་མའི་སྐུའོ། །གང་ལ་ན་འཇིག་རྟེན་ཏེ་དེའི་གདུལ་བྱ་ལའོ། །གང་གིས་ན་སྟོན་པ་བདག་གིས་སོ། །ཇི་ལྟར་ན་སྟོང་པ་སྔ་མ་གསུམ་དང་བཅས་པའི་འོད་གསལ་ཏེ་སྟོང་པ་བཞིའི་རིམ་པས་སྒྱུ་མའི་སྐུ་སྒྲུབ་པའི་ཚུལ་ལོ། །གང་གིས་སྒྲུབ་ན་རྒྱུད་དེར་གསུངས་པའི་དེ་དང་དེའི་ཆོ་གའི་དབྱེ་བ་སྟེ་ཁྱད་པར་ལེགས་པར་ཤེས་པས་སོ། །དོན་དེ་དག་ཞིབ་ཏུ་བཤད་ན། འོད་གསལ་འཆར་བའི་གནས་སྙིང་ཁར་རླུང་རིམ་གྱིས་སྡུད་པའི་རིམ་པ་ལས་ལུགས་འབྱུང་


JLD007_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟོང་པ་བཞི་དང༌། དེ་ནས་ཕྱིར་ལ་ལྡང་བའི་རིམ་པ་ལས་ལུགས་ལྡོག་གི་སྟོང་པ་བཞིའི་སྒོ་ནས་སྟོང་པའི་ཡེ་ཤེས་སྐྱེ་ཚུལ་དང༌། འོད་གསལ་གྱི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་སྟོན་པ་ནི་རྣལ་འབྱོར་ཕའི་རྒྱུད་ཅེས་བྱ་སྟེ། དེ་ནི་སྟོང་པའི་ཡེ་ཤེས་དང་རླུང་ལས་བསྒྲུབས་པའི་སྐུ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་གཟུགས་ཀྱི་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་ཡིན་པས་ཕ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་གསལ་བའི་ལུང་གི་དོན་ཡང་སྒྱུ་མའི་སྐུ་སྐྱེད་པ་སྟོང་པ་བཞི་ལས་འབྱུང་བའི་རིམ་པ་དང༌། གདོད་མ་ནས་རྫོགས་པ་སྟེ་གྲུབ་པའི་དེ་ཁོ་ན་ཉིད་ལ་འཇུག་པ་གོང་ནས་གོང་དུ་འབྱུང་བའི་རིམ་པ་རྒྱུད་གཉིས་ཀྱིས་གཙོ་བོར་སྟོན་པ་ཡིན་པས་སྔ་མ་གཉིས་དང་དོན་འདྲའོ། །གཙོ་བོར་སྟོན་མི་སྟོན་ནི་རྒྱུད་དེས་དེ་ལ་རྩལ་དུ་བཏོན་ནས་འཆད་མི་འཆད་ཡིན་གྱི་དེར་བསྟན་མ་བསྟན་ཙམ་མིན་ནོ། །ཁྱད་པར་དེ་གཉིས་ནི་ཕ་རྒྱུད་དང་མ་རྒྱུད་ཀྱི་གཙོ་བོ་རེ་ལ་ཚད་ལྡན་གྱིས་བཀྲལ་བའི་ཚུལ་སྣང་ན། ཐབས་ཤེས་ཀྱི་རྒྱུད་གཞན་རྣམས་དེའི་སྡེར་གཏོགས་ཀྱི་ཡན་ལག་ཡིན་པས། ཚུལ་དེ་དངོས་སུ་མི་གསལ་བ་རྣམས་ཀྱང་ཕྱོགས་གཉིས་པོ་དེར་དྲངས་ནས་བཤད་དགོས་པས། འཇོག་ཚུལ་དེས་རྒྱུད་གཉིས་པོ་ཀུན་ལ་མ་ཁྱབ་པ་ཡང་མིན་ནོ། །གསུམ་པ་ལ་གཉིས། ཐབས་རྒྱུད་ལ་གསུམ་དུ་དབྱེ་བ།


JLD007_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐབས་ཀྱི་རྒྱུད་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཐབས་རྒྱུད་གསུམ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་པའི་དང་པོ་ནི། དེ་ཉིས་ལས། དེ་ནས་གཞན་ཡང་བཤད་བྱ་བ། །འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད། །གང་གིས་ལེགས་པར་ཤེས་ན་ནི། །ཚེ་འདིར་དངོས་གྲུབ་སྦྱིན་པར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ། །དགོངས་པ་ལུང་སྟོན་སྟོང་ཕྲག་བཞི། །ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ། །ཨུ་རད་ཏནྟ་ཉིས་བརྒྱ་བརྒྱད། །དེ་ཡི་ཉེ་བར་བཤད་པའི་རྒྱུད། །དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། །རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བཅུ། །ཟླ་གསང་ཐིག་ལེ་སྟོང་བདུན་བརྒྱ། །རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། །ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན། །ནོར་བུ་གསང་ཐིག་འབུམ་ཕྲག་གཅིག །སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག །རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱད། །དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན། །དམ་ཚིག་མངོན་རྒྱན་སྟོང་ཕྲག་འབུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག །གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ། །


JLD007_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་ཅུ། །ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོངས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་པོ་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །ཞེས་དང༌། དེ་བཞིན་ཞེ་སྡང་གཏི་མུག་གི །རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། ཞེས་གསུངས་སོ། །འདོད་ཆགས་ཀྱི་ཐབས་རྒྱུད་ལ་འདིར་མིང་སྨོས་པ་ཉེར་བདུན་དང་བཅས་པའི་ལྔ་བརྒྱ་དང་བདུན་ཡོད་པར་གསུངས་སོ། །ཞེ་སྡང་གི་ཐབས་རྒྱུད་ནི་གཤིན་རྗེ་གཤེད་ལ་སོགས་པའི་རྒྱུད་དང༌། གཏི་མུག་གི་ཐབས་རྒྱུད་ནི་རྡོ་རྗེ་ཨ་ར་ལི་ལ་སོགས་པའི་རྒྱུད་ཡིན་ཞེས་བོད་ཀྱི་མཁས་པ་དག་གསུང་ངོ༌། །རྒྱུད་གཉིས་པོ་སོ་སོའི་སྤྱིའི་གྲངས་སྡོམ་འབྱུང་ལས་གསུངས་པ་ནི་སྔར་དྲངས་པ་ལས་ཤེས་སོ། །གཉིས་པ་ལ་གཉིས། རྩ་རྒྱུད་དང་རྒྱུད་ཕྱི་མའི་དོན་དང་བཤད་རྒྱུད་ཀྱི་གྲངས་བསྟན་པ་དང༌། བཤད་པའི་རྒྱུད་ཀྱིས་ཇི་ལྟར་བཤད་པའི་ཚུལ་བསྟན་པའོ། །དང་པོ་ནི། གསང་བ་འདུས་པ་ལ་རྒྱུད་རྒྱས་པ་ཉི་ཁྲི་ལྔ་སྟོང་པ་གཅིག་དང༌། བསྡུས་པའི་རྒྱུད་སྟོང་བརྒྱད་བརྒྱ་པ་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་གཉིས་སུ་རྡོ་རྗེ་འཕྲེང་བའི་འགྲེལ་པས་བཤད་དེ། སྟོང་ཕྲག་གི་གྲངས་རྣམས་ནི་ཤླཽ་ཀ་ཡིན་ནོ། །དེས་ན་སྔར་གསང་བ་འདུས་པ་སྟོང་ཕྲག་གཅིག །ཅེས་གསུངས་པ་ནི་


JLD007_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་རྒྱུད་ཀྱི་རགས་པའི་གྲངས་ལ་དགོངས་སོ། །འདིར་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་དང་བཤད་པའི་རྒྱུད་ཅེས་གྲགས་པའི་དོན་གང་ཡིན་སྙམ་ན། རྩ་བའི་རྒྱུད་ཀྱི་དབྱེ་བ་ནི་རྒྱུད་རྒྱས་པ་དང༌། ཉུང་ངུའི་རྒྱུད་དམ་བསྡུས་པའི་རྒྱུད་ཅེས་པ་གཉིས་ཡིན་ཏེ། དང་པོར་རྒྱུད་ཤིན་ཏུ་རྒྱས་པར་གསུངས་པ་ཕྱིས་ཀྱི་གདུལ་བྱ་སྔ་མ་ལ་བལྟོས་ན་ཚེ་དང་ཤེས་རབ་སོགས་དམན་པས་བདེ་བླག་ཏུ་ཁོང་དུ་ཆུད་མི་ནུས་པའི་དོན་དུ་སྔ་མ་ལས་བསྡུས་ནས་བསྟན་པའོ། །དེ་གཉིས་ནི་རྒྱུད་ཀྱི་ཚིག་རྒྱས་བསྡུས་ཀྱི་དབྱེ་བ་ཙམ་མ་གཏོགས་པ་གཉིས་ཀ་རྩ་རྒྱུད་ཡིན་པས་སྔ་མ་ཕྱི་མའི་རྩ་རྒྱུད་དུ་འགྲོ་བ་མིན་ནོ། །རྩ་རྒྱུད་ཀྱི་རྩ་བའི་དོན་ནི། ཡལ་ག་ལ་བལྟོས་ནས་ཤིང་སྡོང་པོའི་རྩ་བའི་ཐ་སྙད་བྱེད་པ་ལྟར་ཡན་ལག་ལ་བལྟོས་ནས་བཞག་པ་གཅིག་དང༌། དང་པོའི་བདག་པོ་ལ་རྩ་བའི་བདག་པོ་ཞེས་བརྗོད་པ་ལྟར་དུས་ཀྱི་དབང་དུ་བྱས་པ་རྒྱུད་ཕྱི་མ་ལ་བལྟོས་ནས་བཞག་པ་གཅིག་དང༌། རྩ་བ་དང་འགྲེལ་པ་ཞེས་བརྗོད་པ་ལྟར་བཤད་རྒྱུད་ལ་བལྟོས་ནས་བཞག་པ་གཅིག་སྟེ་གསུམ་སྣང་ངོ༌། །དེ་ལ་དང་པོ་ནི། སྒྲོན་གསལ་ལས་རྒྱུད་སྡེ་གཞན་ཐམས་ཅད་ཀྱི་རྩ་བ་འདུས་པར་གསུངས་པ་ལྟ་བུ་ཡིན་ཏེ། རྩ་བར་འགྲོ་ཚུལ་འཆད་པར་འགྱུར་རོ། །དེ་ནི་རྩ་བ་ཡང་ཡིན་ལ་རྒྱུད་ཡང་ཡིན་པས་རྩ་རྒྱུད་ཅེས་བྱའི་དོན་དེ་ཚང་བ་ཐམས་ཅད་ལ་རྩ་རྒྱུད་ཀྱི་མིང་དངོས་མིང་དུ་འཇུག་


JLD007_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་ངེས་སོ། །གཉིས་པ་ནི། སྔར་གསུངས་པའི་འདུས་པ་ལེའུ་བཅུ་བདུན་པོ་ཕྱིས་གསུངས་པའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་ལ་བལྟོས་ནས་རྩ་རྒྱུད་དུ་མཛད་པ་ལྟ་བུའོ། །ཚུལ་འདི་ལ་དེ་ཉིད་བསྡུས་པ་རྩ་རྒྱུད་དང༌། འདུས་པའི་རྩ་རྒྱུད་དེའི་རྒྱུད་ཕྱི་མ་དང༌། ལེའུ་བཅོ་བརྒྱད་པ་དེའི་ཡང་རྒྱུད་ཕྱི་མར་ནཱ་རོ་པས་གསུངས་སོ། །ཕྱི་མའི་སྐད་དོད་བླ་མའམ་གོང་མ་སྟེ་མཆོག་གི་དོན་དང༌། ཕྱི་མ་གཉིས་ལ་བསྒྱུར་དུ་རུང་བ་ལས། ཁ་ཅིག་གིས་མཆོག་ཏུ་བསྒྱུར་ཡང༌། ལོ་ཆེན་གྱིས་ཕྱི་མའི་ཕྱི་མར་བསྒྱུར་བ་ལེགས་ཏེ་འགྲེལ་པས་ཀྱང་ཕྱི་མའི་དོན་དུ་བཤད་དོ། །འདུས་པ་ལ་བལྟོས་ནས་དེ་ཉིད་བསྡུས་པ་རྩ་རྒྱུད་ཡིན་པ་འདི་སྤྱོད་བསྡུས་ཀྱིའང་དགོངས་པར་སྣང་ངོ༌། །འོ་ན་དེ་ཉིད་བསྡུས་པ་འདུས་པ་ལ་བལྟོས་ནས་རྩ་རྒྱུད་དུ་འཇོག་པ་དེ་དུས་སྔ་བ་ཙམ་གྱིས་མི་རུང་བས་དེའི་རྒྱུ་མཚན་གང་ཡིན་སྙམ་ན། འདུས་པ་རྒྱུད་སྡེ་བཞིར་བྱས་པའི་རྣལ་འབྱོར་རྒྱུད་མིན་མོད་ཀྱང༌། སྤྱིར་དེ་ལ་རྣལ་འབྱོར་རྒྱུད་དུ་མང་དུ་གསུངས་པས། དེ་དང་དེ་ཉིད་བསྡུས་པ་གཉིས་རྣལ་འབྱོར་རྒྱུད་ཅེས་པའི་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱུད་སྡེ་ཚན་པ་གཅིག་ཏུ་ཡང་བྱུང་བ་དང༌། དེའི་ནང་ནས་ཀྱང་དེ་ཉིད་བསྡུས་པའི་རྒྱུད་ཐབས་ཤེས་ལ་ཡབ་ཡུམ་གཉིས་སུ་བྱས་པའི་ཡབ་ཀྱི་ཕྱོགས་སུ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས་བཤད་པ་ལྟར་ཐབས་ཀྱི་རྒྱུད་ཀྱང་ཡིན་ཞིང༌། ལེའུ་བཅུ་དྲུག་པའི་སྒྲོན་གསལ་ལས་གསུངས་པ་ལྟར་དབང་གི་སྐོར་ལ་


JLD007_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འགའ་ཞིག་རྒྱུད་འདི་ཉིད་ནས་དེ་ཉིད་བསྡུས་པ་ལས་ཤེས་པར་བྱ་བར་ཡང་གསུངས་པས། དང་པོའི་གཞི་འཛིན་པ་ལྟ་བུ་ཡིན་པ་ལ་དགོངས་ནས་དེ་ལྟར་འཆད་དམ་བརྟག་གོ །གལ་ཏེ་སྔ་མའི་དོན་ཕྱི་མས་འཆད་པ་ལ་རྒྱུད་ཕྱི་མར་འཇོག་ན། འདུས་པའི་ལེའུ་དང་པོས་རྒྱུད་ཀྱི་དོན་མདོར་བསྟན་པ་དེ་ཉིད་ལེའུ་ལྷག་མ་བཅུ་དྲུག་གིས་འཆད་པར་གསུངས་པས་དང་པོ་ཡང་བཅུ་དྲུག་པོ་ལ་བལྟོས་ནས་རྩ་རྒྱུད་དང༌། བཅུ་དྲུག་པོ་ཡང་དང་པོ་ལ་བལྟོས་ནས་རྒྱུད་ཕྱི་མར་གཞག་དགོས་པ་དང༌། གཞན་ཡང་ལེའུ་རེ་རེའི་སྔ་ཕྱི་ལ་ཡང་དེ་ལྟར་གཞག་དགོས་པ་སོགས་ཀྱི་སྐྱོན་ཡོད་ལ། དེ་ལྟར་མི་འཇོག་ན་ནི་རྒྱུད་ཕྱི་མའི་འཇོག་མཚམས་གང་ནས་ཡིན་སྨོས་ཤིག་ཅེ་ན། རྒྱུད་ཕྱི་མར་སྤྱིར་འཇོག་ཚུལ་མང་ཡང༌། འདིར་འདུས་པའི་རྒྱུད་ཕྱི་མར་འཇོག་ཚུལ་བཤད་པར་བྱའོ། །དེ་ལ་ལེའུ་བཅོ་བརྒྱད་པ་འདི་འདུས་པའི་རྒྱུད་ཀྱང་ཡིན་ལ། འདུས་པའི་རྩ་བའི་རྒྱུད་ལས་ཕྱིས་གསུངས་ཤིང༌། རྩ་རྒྱུད་ལེའུ་བཅུ་བདུན་པོ་ཐམས་ཅད་ཀྱི་ཐུན་མོང་གི་དོན་དང་ལེའུ་སོ་སོའི་དོན་དཀའ་ཞིང་སྦས་པ་རྣམས་གསལ་བར་འབྱེད་པས་འདུས་པ་ཕྱི་མ་ཞེས་ཟེར་བས། རྩ་རྒྱུད་ཀྱི་ལེའུ་ཕྱི་མ་རྣམས་ལེའུ་སྔ་མའི་རྒྱུད་ཕྱི་མར་འགྱུར་བའི་སྐྱོན་མེད་དོ། །འདུས་པའི་བཤད་རྒྱུད་དུ་འཕགས་པ་ཡབ་སྲས་ཀྱི་དངོས་སུ་གསུངས་


JLD007_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལྔ་སྟེ། རིམ་ལྔ་ལས་ལྷ་མོ་བཞིས་ཞུས་དང༌། དགོངས་པ་ལུང་སྟོན་དང༌། རྡོ་རྗེ་འཕྲེང་བ་བཤད་རྒྱུད་དུ་གསུངས་ལ། སྤྱོད་བསྡུས་ལས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱང་བཤད་རྒྱུད་དུ་གསུངས་ཤིང༌། སྒྲོན་གསལ་ལས་གླེང་གཞིའི་ཡི་གེ་དང་པོ་གཉིས་འཆད་པ་ན་ལྷའི་དབང་པོས་ཞུས་པའི་ཁུངས་དངོས་སུ་སྨོས་ཤིང༌། དེ་ནས་དེའི་ལྷག་མ་རྣམས་འཆད་པ་ན་བཤད་པའི་རྒྱུད་ལས་ཞེས་གསུངས་པ་ནི་སྔ་མ་ཉིད་དུ་སྣང་བས། ལྷའི་དབང་པོས་ཞུས་པ་བཤད་རྒྱུད་དུ་གསུངས་ཏེ་འདི་མ་འགྱུར་རོ། །ཡབ་སྲས་རྣམས་ཀྱིས་ལེའུ་བཅོ་བརྒྱད་པ་རྒྱུད་ཕྱི་མར་གསུངས་པ་མ་གཏོགས་པ་བཤད་རྒྱུད་དུ་གསལ་བར་གསུངས་པ་མི་སྣང་ཡང༌། ཐ་ག་ན་དང་རྒྱལ་བས་བྱིན་གྱིས་རྩ་རྒྱུད་ཀྱི་བཤད་པར་འདོད་པ་ལྟར་བཤད་རྒྱུད་དུ་འདོད་པར་བྱའོ། །ཁ་ཅིག་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་སྒྱུ་འཕྲུལ་དྲ་བ་གཉིས་ཀྱང་བཤད་རྒྱུད་དུ་བཞེད་མོད་ཀྱང༌། དེ་གཉིས་འདུས་པ་དང་ཕྱོགས་མཐུན་པའི་རྒྱུད་ཡིན་གྱི་བཤད་རྒྱུད་མིན་ནོ། །ལྷ་མོ་བཞིས་ཞུས་ནི་དེའི་འགྲེལ་པ་ལས་ཐམས་ཅད་གསང་བའི་མཆོག་ཅེས་བྱ་བ་སྟོང་ཕྲག་གཅིག་བཞུགས་པའི་རྒྱུད་ཕྱི་མ་ཡིན་ཞེས་ཟེར་རོ། །རྡོ་རྗེ་འཕྲེང་བའི་རྒྱུད་ལ་སྟོང་ཕྲག་བཅུ་གཉིས་པ་གཅིག་དང་ཉུང་ངུའི་རྒྱུད་གཉིས་དང༌། ཡེ་


JLD007_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྡོ་རྗེ་ཀུན་ལས་བཏུས་ལའང་རྒྱུད་ཆེ་ཆུང་གཉིས་ཡོད་པར་རྡོ་རྗེ་འཕྲེང་བའི་འགྲེལ་པར་བཤད་ལ། སྔར་ལུང་དྲངས་པར་རྡོ་རྗེ་འཕྲེང་བ་ལ་འབུམ་ཕྲག་གསུམ་ཡོད་པར་བཤད་དོ། །དགོངས་པ་ལུང་སྟོན་ནི་རྩ་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ཡན་འཆད་པའི་བཤད་རྒྱུད་ལས་ལྷག་མ་མ་འགྱུར་རོ། །གཉིས་པ་ལ་གཉིས། རྒྱུད་ཕྱི་མ་དང་དགོངས་པ་ལུང་སྟོན་གྱིས་ཇི་ལྟར་བཤད་པ་དང༌། རྡོ་རྗེ་འཕྲེང་བ་ལ་སོགས་པ་གསུམ་གྱིས་ཇི་ལྟར་བཤད་པའོ། །དང་པོ་ནི། འདུས་པའི་བཤད་རྒྱུད་གཞན་ནི་དེའི་བཤད་རྒྱུད་ཡིན་ཀྱང་འདུས་པའི་རྒྱུད་མིན་ལ། རྒྱུད་ཕྱི་མ་ནི་དེ་གཉིས་ཀ་ཡིན་ནོ། །འདིས་རྩ་རྒྱུད་འཆད་ཚུལ་ལ། རྒྱུད་ཀྱི་ཐུན་མོང་གི་དོན་འཆད་པ་ནི་དཔལ་གསང་བ་འདུས་པ་རྣལ་འབྱོར་གྱི་རྒྱུད་ཅེས་པའི་མཚན་དོན་དང་ཐབས་རྒྱུད་ཀྱི་དབྱེ་བ་དང་རྒྱུད་སྤྱིའི་སྡོམ་ལ་དྲིས་ལན་མཛད་པ་རྣམས་ཡིན་ལ། ལྷག་མ་རྣམས་ནི་ལེའུ་བཅུ་བདུན་པོ་སོ་སོའི་དོན་ལ་དྲིས་ལན་མཛད་པའོ། །རྒྱུད་ཀྱི་འགྲེལ་པ་དྲིས་པའི་འགྲེལ་པ་ནི་གང་བཤད་པས་རྒྱུད་ཀྱི་དོན་ཐམས་ཅད་ཁྲིག་ཆགས་སུ་འབྲེལ་བའི་ཕུན་སུམ་ཚོགས་པ་ཡིན་ལ། དེ་ནི་དཔལ་གྱི་དོན་དུ་ནཱ་རོ་པ་བཞེད་དོ། །དེའི་ལན་དུ་ལེའུ་གཉིས་པ་ནས་བཅུ་བདུན་པའི་བར་བཅུ་དྲུག་གི་བཞི་ཚན་རེ་རེས་བསྙེན་སྒྲུབ་ཡན་ལག་བཞིའི་རེ་རེ་སྟོན་པར་བཤད་པ་ལ། ནཱ་རོ་པས་ལེའུ་དང་པོས་རྒྱུད་དོན་མདོར་


JLD007_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལྷག་མ་བཅུ་དྲུག་གིས་བསྙེན་སྒྲུབ་ཡན་ལག་བཞིར་འཆད་ཅིང། བཅོ་བརྒྱད་པ་ནི་དེ་ཐམས་ཅད་ཀྱི་གསང་བའི་མན་ངག་སྟོན་པར་གསུངས་སོ། །དེ་དག་ནི་རིམ་གཉིས་སོ་སོར་མ་ཕྱེ་བར་རིམ་གཉིས་ཐུན་མོང་གི་བསྙེན་སྒྲུབ་ཡན་ལག་བཞི་བསྟན་ལ། ཐབས་རྒྱུད་ཀྱི་དབྱེ་བའི་སྐབས་སུ་རིམ་གཉིས་སོ་སོར་ཕྱེ་བའི་བསྙེན་སྒྲུབ་ཡན་ལག་བཞི་བསྟན་ནོ། །བཤད་རྒྱུད་རྣམས་ལ་ཐུན་མོང་མ་ཡིན་པའི་རྩལ་དུ་འདོན་ཕྱོགས་རེའི་སྒོ་ནས་རྩ་རྒྱུད་འཆད་ཚུལ་རེ་ཡོད་པ་ལ། རྒྱུད་ཕྱི་མ་འདིས་ནི་རྩ་རྒྱུད་ཀྱི་ལེའུ་བཅུ་གཉིས་པར་གསུངས་པའི་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་རྩ་རྒྱུད་འཆད་ལ། འགྲེལ་པའི་དོན་དཔལ་གྱི་དྲིས་ལན་དུ་ལེའུ་བཅུ་དྲུག་གིས་བསྙེན་སྒྲུབ་བཞི་འཆད་པ་བྱུང་བས་ལེའུ་སོ་སོའི་དྲིས་ལན་རྣམས་དེར་འདུ་ཞིང༌། ཐབས་རྒྱུད་ཀྱི་དབྱེ་བའི་དྲིས་ལན་ནི་མཚན་དོན་གྱི་དྲིས་ལན་ཉིད་ཡིན་པ་དང༌། སྤྱི་དོན་ཡང་མཚན་དོན་གྱི་དྲིས་ལན་དུ་འདུ་བས། རྩ་རྒྱུད་ཀྱི་གཞུང་ནི་གཙོ་བོར་རྒྱུད་ཀྱི་མཚན་གྱི་གཞུང་ཉིད་འཆད་པ་ལ་སྦྱར་ན་ཤིན་ཏུ་ངོ་མཚར་བསྐྱེད་པར་བྱེད་དོ། །འདི་ལ་ནི་ལེའུ་བཞི་བཞིས་བསྙེན་སྒྲུབ་ཡན་ལག་རེ་རེ་བསྟན་པར་འགྲོ་ཚུལ་དཀའ་བས་དེ་ལེགས་པར་ཐོན་པ་དང་། རིམ་གཉིས་སོ་སོའི་ཡན་ལག་བཞིའི་ས་མཚམས་ལེགས་པར་ཕྱེད་པ་དང༌། ཁྱད་པར་དུ་རྫོགས་རིམ་གྱི་བསྙེན་པའི་ཡན་ལག་དྲུག་བཤད་པ་རྣམས་ལེགས་པར་རྟོགས་ནས་


JLD007_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་འཆད་ཤེས་པ་ཅིག་དགོས་ཏེ། འཕགས་ལུགས་ཀྱིས་རྒྱུད་ཕྱི་མ་དེ་ལྟར་འཆད་ཤེས་པ་ནི་ནཱ་རོ་པའི་འགྲེལ་པ་ཉིད་ལ་རག་ལས་པར་སྣང་ངོ༌། །དགོངས་པ་ལུང་སྟོན་ནི་རྩ་རྒྱུད་དང་ལེའུ་ཡི་རིམ་པ་རྣམས་མཐུན་ཞིང༌། ལེའུ་རྣམས་སུ་རྩ་རྒྱུད་ལས་གང་གསུངས་པ་ཕལ་ཆེ་བ་བཀོད་ནས་དེ་ནས་ལེའུ་དེའི་དཀའ་གནས་རྣམས་འཆད་པ་ཞིག་གོ །རྒྱུད་འདིར་ལེའུ་བཅུ་བདུན་པོ་སོ་སོས་དོན་འདི་སྟོན་པ་བསྡུས་པ་རེ་གསུངས་ཤིང༌། འདུས་པའི་རྒྱུད་སྒྲ་ཇི་བཞིན་པར་བཤད་དུ་མི་རུང་བར་བསྟན་ནས། དྲང་དོན་གསུངས་པ་རྣམས་ཀྱི་ངེས་དོན་སྦས་པ་རྣམས་གསལ་བར་མཛད་ཅིང༌། དོན་གཞན་ལ་སྒྲ་འགལ་བ་གཞན་གྱིས་གསུངས་པའི་དགོངས་བཤད་རྣམས་ཀྱང་ལེགས་པར་བཀྲལ་ལ། ལེའུ་སོ་སོ་ཕལ་ཆེ་བར་རྡོ་རྗེ་བཟླས་པ་རྩ་རྒྱུད་དུ་སྦས་ནས་གསུངས་པ་རྣམས་ཡང་དང་ཡང་དུ་གསལ་བར་སྟོན་པར་མཛད་དོ། །དེས་ན་འདིས་རྩལ་དུ་བཏོན་ནས་རྩ་རྒྱུད་འཆད་པ་ཡང་རིམ་པ་དེ་དག་གི་སྒོ་ནས་ཡིན་ནོ། །སྒྲོན་གསལ་དུ་བཤད་རྒྱུད་ཁུངས་སུ་དྲངས་པ་ལ་འདི་མང་ཤོས་སུ་ཡོད་དེ་དེ་ཤས་ཆེར་ངེས་དོན་གྱི་བཤད་པ་ལ་དྲངས་སོ། །གཉིས་པ་ནི། རྡོ་རྗེ་འཕྲེང་བ་ཉུང་ངུའི་རྒྱུད་འདི་ལ་ལེའུ་བཅུ་དགུ་པ་དང་ཉི་ཤུ་པའི་གཞུང་གི་གཅོད་མཚམས་མི་འདྲ་བ་གསུམ་བྱུང་སྟེ། འདི་ལྟར་ལེའུ་བཅུ་དགུ་པའི་ཐོག་མ། དེ་ནས་གཞན་ཡང་བཤད་བྱ་བ། །སྣ་ཚོགས་ལ་སོགས་སྐད་ཅིག་བདག །ཅེས་པ་ནས། རྣམ་པ་སྣ་ཚོགས་མངོན་པར་འདོད། །ཅེས་པའི་


JLD007_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་ཚིག་རྐང་དགུ་མ་གཏོགས་པ་དེའི་རྗེས་ནས་ལེའུ་བཅུ་དགུ་པའི་མཐར་ཐུག་པའི་གཞུང་མ་དར་བས་འདི་བཞག་པའོ་ཞེས་འགྲེལ་པར་བཤད་ལ། དེའི་རྗེས་སུ། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ནས། བླ་མ་བརྒྱུད་པ་ལས་ཤེས་བྱ། །ཞེས་པའི་བར་ལ་ལེའུ་ཉི་ཤུ་པར་མཛད་ནས་སྤྱིར་ལེའུ་རེ་བརྒྱད་དུ་འགྲེལ་པར་བྱས་སོ། །ལྷ་བླ་མ་ཞི་བ་འད་ཀྱིས་བསྒྱུར་བ་ལ། རྣམ་པ་སྣ་ཚོགས་མངོན་པར་འདོད། ཅེས་པ་ཡན་ཆད་སྔར་དང་འདྲ་བ་ལ། དེའི་རྗེས་སུ། བལྟ་དང་འགུགས་དང་དེ་བཞིན་བརྡ། །ཁ་ལ་ཙུམྦ་བྱེད་པ་ཡི། །དགའ་བ་ཉམས་སུ་མྱོང་བར་ཤེས། །ཞེས་པ་ནས། ལྷན་ཅིག་སྐྱེས་དགའ་ཉམས་མྱོང་བ། །མཚན་ཉིད་དང་བྲལ་སྐད་ཅིག་གོ །ཞེས་པའི་བར་དུ་བཏོན་ནས་དེ་རྣམས་ལ་ལེའུ་བཅུ་དགུ་པ་སྐད་ཅིག་མ་རྣམ་པར་ཕྱེ་བའི་ལེའུར་མཛད་ཅིང༌། དེ་ནས་གཞན་ཡང་བཤད་བྱ་བ། །དགའ་བ་བཞི་ཡི་མཚན་ཉིད་ནི། །ཞེས་པ་ནས། སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། ཅེས་པའི་བར་དུ་བཏོན་ནས་དེའི་འོག་ཏུ། རྩ་རྣམས་ཀུན་གྱི་ནམ་མཁའ་ཆེ། ཞེས་པ་ནས། བླ་མ་བརྒྱུད་པ་ལས་ཤེས་བྱ། །ཞེས་པའི་བར་གྱིས་ལེའུ་ཉི་ཤུ་པ་དགའ་བའི་མཚན་ཉིད་རྣམ་པར་ཕྱེ་བའི་ལེའུ་ཞེས་མཛད་དེ། སྤྱིར་ལེའུ་རེ་བརྒྱད་དུ་བྱས་སོ། །ཞི་བ་འོད་ཀྱི་འགྱུར་དར་མ་བརྩོན་འགྲུས་ཀྱིས་བཅོས་པ་ལས། རྣམ་པ་སྣ་ཚོགས་མངོན་པར་


JLD007_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། ཅེས་པ་ཡན་ཆད་སྔར་དང་འདྲ་བ་ལ། དེའི་རྗེས་སུ། དེ་ནས་གཞན་ཡང་བཤད་བྱ་བ། །དགའ་བ་བཞི་ཡི་མཚན་ཉིད་ནི། །ཞེས་པ་དང། སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། ཅེས་པའི་བར་དུ་འདོན་ནོ། །དེའི་འོག་ཏུ། བལྟ་དང་འགུགས་དང་དེ་བཞིན་བརྡ། །ཞེས་པ་ནས། ལྷན་ཅིག་སྐྱེས་དགའ་ཉམས་མྱོང་བ། །མཚན་ཉིད་དང་བྲལ་སྐད་ཅིག་གི །ཞེས་པའི་བར་དུ་འདོན་ཞིང༌། དེའི་འོག་ཏུ། རྩ་རྣམས་ཀུན་གྱི་ནམ་མཁའ་ཆེ། ཞེས་པ་ནས། བླ་མ་རྒྱུད་པ་ལས་ཤེས་བྱ། ཞེས་པའི་བར་རྣམས་བཏོན་ཏེ། དེ་རྣམས་ཀུན་དགའ་བའི་མཚན་ཉིད་རྣམ་པར་ཕྱེ་བ་ཞེས་བྱ་བ་ལེའུ་བཅུ་དགུ་པར་བྱས་ནས། སྤྱིར་ལེའུ་རེ་བདུན་དུ་བྱས་སོ། །དེ་ལྟར་མི་མཐུན་པ་མང་དུ་སྣང་ཡང་པཎྜི་ཏ་མཱནྟྲ་ཀ་ལ་ཤའི་རྒྱ་དཔེ་དང་སུ་ཇ་ན་ཤྲཱི་ཛྙཱ་ན་དང༌། ཞི་བ་འོད་ཀྱིས་བསྒྱུར་བའི་ལེའུ་ཡི་གཅོད་མཚམས་དེ་ཉིད་གཞུང་གི་དོན་དུ་སྣང་སྟེ། སྐད་ཅིག་མ་བཞི་ལུགས་འབྱུང་དང་ལུགས་ལྡོག་ཏུ་བཤད་པའི་ཚན་པ་གཅིག་དང༌། དགའ་བ་བཞི་ལུགས་འབྱུང་དང་ལུགས་ལྡོག་ཏུ་བཤད་པའི་ཚན་པ་གཉིས་གཞུང་ལ་སྣང་བའི་ཕྱིར་དང༌། བལྟ་དང་འགུགས་དང་དེ་བཞིན་བརྡ། ཞེས་སོགས་ནི། རྣམ་པ་སྣ་ཚོགས་མངོན་པར་འདོད། ཅེས་པའི་འཕྲོར་ཤིན་ཏུ་གསལ་བའི་ཕྱིར་དང༌། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་པའི་ཚིག་ནི་ལེའུ་གཞན་དུ་མ་ལ་ཡང་ལེེའུ་ཡི་མགོ་འདྲེན་གྱི་ཚིག་ཏུ་གསུངས་པའི་


JLD007_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རྒྱུད་འདིར་ཕྱག་རྡོར་གྱིས་གསང་བ་འདུས་པར་བརྡ་ཙམ་གྱིས་མི་གསལ་བར་གསུངས་པའི་རིམ་གཉིས་ལ་རྡོ་རྗེ་འཕྲེང་བའི་སྒོ་ནས་འདྲི་འདོད་པས། གཙོ་བོར་རྫོགས་རིམ་གྱི་སྒོ་ནས་བསྟན་དུ་གསོལ་ཞེས་པའི་ངག་སྔོན་དུ་བཏང་ནས། རྡོ་རྗེ་འཕྲེང་བའི་མིང་དོན་ནས་རླུང་གི་མཚན་ཉིད་དང་འཇིག་ཚུལ་གྱི་བར་གྱི་དྲི་བ་མཛད་དོ། །དེ་རྣམས་ཀྱི་ལན་གྱིས་ཕལ་ཆེར་འདུས་པའི་དོན་དང༌། མངོན་བརྗོད་འབུམ་པ་སོགས་རྣལ་འབྱོར་མའི་རྒྱུད་ཀྱི་དོན་མང་པོ་ཡང་བཤད་དེ། དེ་ཡང་ཕལ་མོ་ཆེ་འདུས་པའི་དོན་གྱི་མཐའ་གཅོད་པའི་ཡན་ལག་ཏུ་སྣང་ངོ༌། །དྲིས་ལན་གྱི་གྲངས་ནི་བརྒྱད་ཅུ་གྱ་གཉིས་སུ་འགྲེལ་པས་བཤད་དོ། །རྒྱུད་འདིས་གསལ་ཁ་བཏོན་ནས་འདུས་པའི་གཞུང་གང་འཆད་སྙམ་ན། རྩ་རྒྱུད་ཀྱི་ལེའུ་གསུམ་པ་དང་དྲུག་པར་སྣ་རྩེར་ཡུངས་ཀར་ཙམ་གྱི་རིན་ཆེན་བསྒོམ་པར་གསུངས་པ་སོགས་མང་པོ་ཞིག་འཆད་མོད་ཀྱང༌། གཙོ་བོ་ནི་ཨེ་ཝཾ་མ་ཡཱ་ལ་སོགས་པའི་ཡི་གེ་བཞི་བཅུའི་གླེང་གཞིས་རྒྱུད་ཀྱི་དོན་ཐམས་ཅད་བསྡུས་པར་སྒྲོན་གསལ་ལས་གསུངས་པ་དེ་རྒྱུད་འདིར། ཨེ་ནི་ཤེས་རབ་དམ་པ་སྟེ། ཞེས་སོགས་ཚིགས་བཅད་བཞི་བཅུའི་ཚིགས་བཅད་རེས་ཡི་གེ་རེའི་དོན་འཆད་པ་འདི་ཡིན་ནོ། །གཞུང་དེ་དག་གིས་ལུས་དབེན་དང༌། ངག་དབེན་དང༌། སེམས་དབེན་དང༌། སྒྱུ་ལུས་རྣམས་གཙོ་བོར་བསྟན་ལ། སྐབས་གཞན་དུ་འོད་གསལ་དང་ཟུང་འཇུག་ཀྱང་


JLD007_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་སྟོན་པས་རྫོགས་རིམ་ཚང་བར་སྟོན་ནོ། །དེའི་ལམ་གྱི་ཆིངས་ཀྱང་རིམ་ལྔར་མཛད་དེ། དེ་ཉིད་ལས། རྡོ་རྗེ་བཟླས་པར་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་གྱུར། །བདག་ལ་བྱིན་བརླབས་རིམ་པས་ཀྱང༌། །དངོས་གྲུབ་བརྒྱད་ནི་ཐོབ་པར་འགྱུར། །སྣང་བ་ལ་སོགས་དབྱེ་བ་ཤེས། །མངོན་པར་བྱང་ཆུབ་པ་ནི་འཐོབ། །ཟུང་འཇུག་རིམ་པ་ལ་གནས་པ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །ཚེ་འདི་ཉིད་ལ་འགྲུབ་འགྱུར་བར། །རྣལ་འབྱོར་པ་ཡིས་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར་རོ། །མགོན་པོ་ཀླུ་སྒྲུབ་ཀྱིས་རྫོགས་རིམ་རིམ་ལྔར་བསྡུས་པ་ནི་རྒྱུད་འདི་ཡི་རྗེས་སུ་འབྲངས་པ་ཡིན་ལ། བསྐྱེད་རིམ་ལ་ཏིང་ངེ་འཛིན་གསུམ་དང༌། རྣལ་འབྱོར་བཞི་དང༌། ལྷ་སོ་གཉིས་སུ་མཛད་པ་ལ་སོགས་པ་ཡང་རྒྱུད་འདིའི་རྗེས་སུ་འབྲངས་པའོ། །དེས་ན་མདོར་བྱས་ལས་རྗེ་བཙུན་གྱིས་སྲུབ་མཁན་མཛད་ནས་རྡོ་རྗེ་འཕྲེང་བའི་སྲུབ་ཤིང་གིས་གསང་འདུས་སྦས་ཆུའི་རྒྱ་མཚོ་བསྲུབས་པ་ལས་འདུས་པའི་སྒྲུབ་ཐབས་རྙེད་པར་གསུངས་པ་ནི་བསྐྱེད་རིམ་ཙམ་ལ་མི་གཟུང་ངོ༌། །འདོད་ཆགས་ཆོས་སྦས་ཀྱི་ཕྱིའི་ཕྱག་རྒྱ་དང༌། རྡོ་རྗེ་བཟླས་པ་སོགས་ཀྱི་སྲོག་རྩོལ་ལ་བརྟེན་ནས་སྟོང་པ་བཞི་དང་སྒྱུ་མའི་སྐུ་འདྲེན་པའི་ཕྱི་ནང་གི་སྲོག་རྩོལ་མཐའ་ཆོད་པར་ངེས་པའི་ཡན་ལག་ཏུ་


JLD007_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་རྩ་དང་གཡོ་བ་རླུང་དང་བཀོད་པ་བྱང་ཆུབ་ཀྱི་སེམས་ལ་བརྩམས་ནས་ལུས་འཆགས་པ་དང་འཇིག་པའི་རིམ་པ་དུ་མ་བཤད་ནས། ཐབས་དེ་གཉིས་ལས་མངོན་པར་རྟོགས་པའི་རིམ་པ་འཆར་ཚུལ་སོགས་མཐའ་ཡས་པ་ཅིག་འཆད་དོ། །ལམ་གྱི་སྣོད་རུང་དུ་སྒྲུབ་པའི་དབང་གི་ཆིངས་རྣམས་ཆོ་ག་ཉི་ཤུར་སྡུད་པ་དང༌། བསྐྱེད་རིམ་སྡུད་པའི་ཆིངས་རྣམས་དང༌། རིམ་གཉིས་ཀྱི་གོ་རིམ་ངེས་པ་སོགས་མང་པོ་ཡང་གསུངས་ཤིང༌། ཁྱད་པར་དུ་སྲོག་རྩོལ་རྡོ་རྗེ་བཟླས་པས་སྙིང་ཁའི་རྩ་མདུད་འབྱེད་པའི་གནད་རྣམས་ལེའུ་དྲུག་པ་དང༌། སྙིང་ཁའི་རྩ་མདུད་འགྲོལ་བ་འཁོར་ལོ་ཐམས་ཅད་ཀྱི་རྩ་མདུད་འགྲོལ་བའི་མཆོག་ཡིན་ཚུལ་ལེའུ་ཉེར་གཉིས་པའི་ཡི་གེ་གསུམ་གྱི་ངེས་དོན་གྱི་སྔགས་བཏུ་བ་ལས་འཆད་དེ། ལེགས་པར་ཐོན་པ་ཉུང་བར་བྱུང་སྣང་ངོ༌། །རྒྱུད་འདིས་འདུས་པ་རྩལ་དུ་བཏོན་ནས་འཆད་ཚུལ་ནི། གླེང་གཞིའི་ཡི་གེ་རེའི་དོན་བཤད་པས་འདུས་པར་གབ་པའི་དོན་རྣམས་གསལ་བར་འདོན་ལ། དེ་ཉིད་ཀྱི་མཐའ་གཅོད་པའི་ཡན་ལག་ཏུ་བཤད་རྒྱུད་ཀྱི་གཞུང་གཞན་རྣམས་འགྲོ་བའི་ཚུལ་འདི་རིམ་གཉིས་ཀྱི་ཆིངས་བྱས་པ་རྣམས་ཀྱི་སྒོ་ནས་ཤེས་པར་བྱས་ནས་འཆད་པ་ཞིག་དགོས་སོ། །བཤད་རྒྱུད་ལ་འདི་ལས་བཟང་བ་སྔར་མ་འགྱུར་ཞེས་འདིའི་འགྱུར་བྱང་ལས་འབྱུང་བ་ནི་ད་དུང་ཡང་དེ་ཁོ་ན་ལྟར་སྣང་ངོ༌། །ལྷ་མོ་བཞིས་ཞུས་ཀྱིས་ནི་གཙོ་བོར་སྲོག་རྩོལ་གྱི་གནད་རྣམས་རྒྱས་པར་འཆད་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱིས་ནི་


JLD007_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་གཙོ་བོར་བྱས་པའི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་འཆད་པའི་མན་ངག་གི་མཐར་ཐུག་རྒྱན་བདུན་སྟོན་ཏེ། སྟོང་པ་གསུམ་དང་དེ་ལས་སྒྱུ་མའི་སྐུ་སྒྲུབ་པ་ནི་བཤད་རྒྱུད་གཞན་ལས་འདི་གསལ་ལོ། །རྒྱུད་དེ་གཉིས་ཀྱིས་འདུས་པ་འཆད་ཚུལ་རྒྱས་པར་ནི་དེ་གཉིས་ཀྱི་རྒྱ་ཆེར་བཤད་པ་ལས་བཤད་ཟིན་པས་འདིར་རྒྱས་པར་མ་སྨོས་སོ། །དེ་ལྟར་རྗེ་བཙུན་ཡབ་སྲས་ཀྱི་མན་ངག་གི་གཞུང་རྣམས་ལ་རིང་དུ་འདྲིས་པས་དོན་གྱི་གནད་ལེགས་པར་ཐོན་པའི་ལྡེ་མིག་གིས་རྩ་རྒྱུད་ཀྱི་སྒོ་ལ་མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པའི་དོན་བཤད་རྒྱུད་རྣམས་དང་ལེགས་པར་ཤན་སྦྱར་བས་རྩ་རྒྱུད་ཀྱི་སྒོ་ཕྱེད་པ་ཞིག་བྱུང་ན། རྒྱུད་ཀྱི་གདམས་ངག་ལ་མི་འཇིགས་པ་ཐོབ་པའི་གདམས་ངག་ཅན་དུ་འགྲོ་བ་ཡིན་ལ། དེ་ལྟར་ཤེས་ན་རྒྱུད་གཞན་ལའང་དེའི་རིགས་པ་སྦྱོར་ཤེས་པས་རྒྱུད་སྡེ་ཀུན་ལ་མཁས་པར་འགྱུར་རོ། །གཉིས་པ་ནི། རྩ་བའི་རྒྱུད་ལས་མཚན་བརྗོད་པའི་སྐབས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་རྒྱུད་འདིར་འདུས་པར་གསུངས་ཏེ། དེས་ནི་རྡོ་རྗེ་ཐེག་པའི་གསང་བའི་གནད་ཐམས་ཅད་འདིར་འདུས་པར་བསྟན་ནོ། །རྒྱུད་ཕྱི་མ་ལས་ཀྱང༌། ཨེ་མ་ཧོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཅེས་གསུངས་སོ། །ཤིན་ཏུ་རྙེད་དཀའ་ཞིང་དོན་ཆེ་བས་འདི་ལ་ཐུན་བཞིའི་རྣལ་འབྱོར་བྱེད་པ་དང༌། ཉན་པ་དང་འདྲི་འདོན་དང་


JLD007_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བྱེད་པ་ལ་ཡང་བྱང་ཆུབ་རྡོ་རྗེ་རྡོ་རྗེ་འཆང་དང་འདྲ་བར་བལྟས་ནས་ཕྱག་བྱ་བར་གསུངས་ཤིང༌། དེར་མ་ཟད་རྒྱུད་དེའི་སྒྲུབ་པ་པོའི་དབང་པོ་དེ་གང་གིས་མཐོང་ཐོས་དྲན་རེག་དང༌། དད་པར་བྱེད་ཅིང་རྒྱུད་ཀྱི་ཕྱོགས་གཅིག་ཙམ་ཞིག་འཛིན་པ་ཡན་ཆད་ལའང་རྡོ་རྗེ་འཆང་དང་འདྲ་བར་བལྟས་ནས་ཕྱག་བྱ་བར་གསུངས་ཏེ། རྒྱུད་ཕྱི་མ་ལས། གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་ཅིང༌། །མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་གྲུབ་ཅིང༌། །བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང༌། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང༌། །མཆོད་པར་བྱེད་པ་དང་ནི་འདྲི་འམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་དང༌། གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང༌། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང༌། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་གསུངས་སོ། །འཇམ་དཔལ་གྱི་ཞལ་གྱི་ལུང་ལས་ཀྱང༌། སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་ཆེན་གསང་བ་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །ཞེས་བསྔགས་ཤིང༌། བསྟན་པའི་སྙིང་པོ་གནས་མི་གནས་ཀྱང་འདི་ཉིད་ཡོད་མེད་ཀྱི་རྗེས་སུ་བྱེད་པར་དེར་གསུངས་ཏེ། འདི་དོན་རྣ་བར་འཕོ་བྱེད་པ། །


JLD007_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་དུས་སུ་གནས་པ་དེར། །སངས་རྒྱས་བསྟན་པ་རིན་ཆེན་ཀྱང༌། །གནས་པར་རབ་ཏུ་བཤད་པ་ཡིན། །བརྒྱུད་པའི་རིམ་པ་འདི་ཆད་ནས། །སངས་རྒྱས་བསྟན་པ་ནུབ་པ་རུ། །ཀུན་གྱི་རབ་ཏུ་ཤེས་པར་བྱ། ཞེས་སོ། །རྒྱུད་འདིའི་སྐོར་དུ་དེ་ལྟར་བྱུང་བར་མ་ཟད་རྒྱུད་གཞན་ལས་ཀྱང་བསྔགས་ཏེ། དམར་ནག་གི་རྒྱུད་གཉིས་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། ཞེས་གསུངས་སོ། །གསང་བ་གྲུབ་པ་ལས་ཀྱང༌། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་འགྱུར། །སྙིང་པོ་ལས་ནི་སྙིང་པོ་མཆོག །རྒྱུད་ཀུན་གྱི་ནི་བླ་མའི་བླ། །བསྟན་དང་བཤད་པ་རྣམ་གནས་ན། །རྫོགས་པའི་རྣལ་འབྱོར་རིམ་པ་ཉིད། །འདུས་པ་གང་གིས་མི་ཤེས་པ། །དེ་ཡིས་དངོས་གྲུབ་ཇི་ལྟར་འགྲུབ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་ཅིང༌། །མི་ཤེས་རབ་རིབ་སེལ་བྱེད་པ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དཔལ་ལྡན་འདུས་པ་ཡོངས་སྤངས་ནས། །རྣམ་རྟོག་དུ་མས་བརྟགས་པ་ཡིས། །རྨོངས་པ་དངོས་གྲུབ་འདོད་གྱུར་པ། །མཁའ་ལ་ཁུ་ཚུར་རྡེག་པ་དང༌། །སྨིག་རྒྱུའི་ཆུ་ལ་འཐུང་བ་བཞིན། །ཞེས་དང༌། སྒྲོན་གསལ་ལས་ཀྱང༌། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ཎ་ཛའི་མཐའ། །ཏ་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། །ཞེས་རྒྱུད་སྡེ་


JLD007_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཀུན་གྱི་རྩ་བ་དང༌། མདོ་སྡེ་ཀུན་གྱི་ཟ་མ་ཏོག་ཏུ་གྱུར་པས་རྒྱུད་སྡེ་ཀུན་གྱི་རྩེ་མོར་གསུངས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་ཀ་ལ་སོགས་པ་རེ་རེའི་མཐའ་ཅན་གྱི་རྒྱུད་ལའང་རྒྱུད་སྡེ་སྟོང་ཕྲག་རེར་བཤད་ཅིང༌། དེ་ཡང་རྒྱུད་སྡེ་བཞི་ཀའི་དབང་དུ་མཛད་ནས་གསུངས་སོ། །གསལ་བྱེད་ཀྱི་ཡི་གེའི་མཐའ་ཅན་གྱི་རྒྱུད་སྡེའི་རྩ་བར་གསུངས་པ་ནི་མཚོན་པ་ཙམ་ཡིན་པས། དབྱངས་ཀྱི་ཡི་གེ་རྣམས་ཀྱི་མཐའ་ཅན་གྱི་རྒྱུད་སྡེའི་རྩ་བར་ཡང་བསྟན་པར་སློབ་དཔོན་སྐལ་ལྡན་གྲགས་པ་དང་ཀུ་མཱ་རས་བཤད་དོ། །རྩ་བ་ཡི་གེ་གསུམ་ཞེས་གསུངས་པའི་ཡི་གེ་གསུམ་ནི་ནཱ་རོ་པས་འབྲུ་གསུམ་ལ་བཤད་ལ། བོད་ཀྱི་གོང་མ་རྣམས་ས་མཱ་ཛ་ལ་བཞེད་དོ། །དེའི་སྔ་མ་ནི་གསང་བ་འདུས་པའི་འདུ་རྒྱུ་གསང་བ་གསུམ་སྐུ་གསུང་ཐུགས་ལ་རྒྱུད་ཕྱི་མར་བཤད་པས། འདུ་རྒྱུའི་སྒོ་ནས་འདུས་པ་ངོས་བཟུང་བའོ། །དེ་ལྟར་འདུས་པའི་རྒྱུད་ལ་མི་བྱེད་པར་རྒྱུད་ཐམས་ཅད་ཀྱི་དོན་ཡི་གེ་གསུམ་གྱི་དོན་རྡོ་རྗེ་གསུམ་དུ་འདུ་བ་ལ་བཤད་ན་སྐབས་དོན་བོར་བར་འགྱུར་ཏེ། དེས་ནི་འདུས་པའི་རྒྱུད་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བར་སྟོན་པའི་ཕྱིར་རོ། །རྩ་བའི་དོན་ནི་ཤིང་སྡོང་པོ་ལ་ཡལ་ག་དང་ལོ་མ་སོགས་དུ་མ་ཞིག་ཡོད་ཀྱང༌། གང་དུ་འདུ་བའི་གནས་རྩ་བ་ཡིན་པ་ལྟར་རྒྱུད་སྡེ་རྣམས་ལ་དོན་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང༌། དེ་དག་གི་གནད་ཐམས་ཅད་མཐར་གཏུགས་ན་འདུས་པའི་ལམ་དུ་འདུ་བའི་དོན་ཏེ།


JLD007_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེའི་སྣོད་ཀྱང་དེ་དང་འདྲའོ། །འདིས་ནི་འདིའི་ལམ་རྫོགས་པར་འཆད་ཤེས་ན་འདི་ལས་མཆོག་ཏུ་གྱུར་པ་གཞན་ན་མེད་པར་སྟོན་པའོ། །ནག་པོ་སྤྱོད་པས་རིམ་པ་གཉིས་ཀ་ལ་འདུས་པའི་ལམ་ལྷག་པ་དང༌། རྒྱུད་ཀུན་གྱི་གཙོ་བོ་ཡིན་པའི་སྒོ་ནས་བསྔགས་པ་ནི་སྔར་དྲངས་ཟིན་ཏོ། །བླ་མེད་ཀྱི་རྒྱུད་རྣམས་ལ་རྒྱུད་སྡེ་འོག་མ་གསུམ་བཞིན་དུ་རྒྱུད་སྡེའི་རིམ་པའི་སྒོ་ནས་མཆོག་དམན་མེད་ཀྱང་ཁྱད་པར་འགའ་ཞིག་ལ་བལྟོས་པའི་མཆོག་དམན་མེད་པ་ནི་མིན་ཏེ། དཔེར་ན་རྒྱུད་སྡེ་གཅིག་གིས་རིམ་གཉིས་སྟོན་པའི་གཞུང་ལ་ནང་ཚན་གྱི་མཆོག་དམན་ཡོད་ཀྱང༌། དེ་གཉིས་ལ་རྒྱུད་སྡེའི་རིམ་པའི་སྒོ་ནས་མཆོག་དམན་མེད་པ་བཞིན་ནོ། །གསུམ་པ་ནི། ཨིནྟྲ་བྷུ་ཏི་ཆེན་པོ་དང་ཀླུའི་རྣལ་འབྱོར་མ་དང་ས་བདག་བི་སུ་ཀལྤས་གཞུང་མཛད་པ་ནི་འདི་ན་མི་སྣང་ལ། དཔལ་མགོན་པོ་བདེ་བ་ཆེན་པོས་ནི་འདུས་པའི་དོན་གཏན་ལ་འབེབས་པ་གསང་བ་གྲུབ་པ་མཛད་དོ། །འདིས་འདུས་པའི་གཞུང་ནི་གཙོ་བོར་གླེང་གཞི་གཏན་ལ་འབེབས་ལ། ལམ་གྱི་རིམ་པ་ནི་དང་པོར་ཡི་གེ་འགོད་པའི་བསྐྱེད་རིམ་གཉིས་པ་ལས་རྒྱ་ལ་བརྟེན་ནས་རང་གི་རང་བཞིན་དེ་ཁོ་ན་ཉིད་མཚོན་པར་བྱེད་པ། གསུམ་པ་དེ་བརྟན་པའི་དོན་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྒོམ་པ། བཞི་པ་ཕྱག་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་སྒོམ་པ་བཞི་སྤྱོད་པ་དང་བཅས་པ་སྟོན་ནོ། །འདིས་འདུས་པའི་དཀྱིལ་འཁོར་གྱི་ལྷ་གྲངས་བཅུ་བདུན་དུ་མཛད་ཅེས་པ་ནི་དེ་


JLD007_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས། བྱང་ཆུབ་སེམས་དཔའ་བཅུ་བདུན་གྱི་གོ་རིམ་གྱིས་ངེས་པར་རྫོགས་པར་གྱུར་ནས། ཞེས་བཅུ་བདུན་གྱིས་རྫོགས་ཞེས་པ་ཙམ་ལ་བསམས་པར་སྣང་ལ། དེ་ལྟ་ན་སྒྲོན་གསལ་ལས། དེ་ལས་གང་གིས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར་པ་དེ་ཙམ་ཉིད་ཅིག་བསྟན་པའི་ཕྱིར། ཞེས་གླེང་གཞིའི་འཁོར་གྱི་སྐབས་སུ་གསུངས་པས་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་མི་འདོད་པར་འགྱུར་རོ། །དེས་ན་དེའི་དོན་ནི་གཤེགས་པ་གཤེགས་མ་དང་སེམས་དཔའ་སེམས་མའི་འཁོར་གང་གིས་དཀྱིལ་འཁོར་གྱི་ལྷ་རྫོགས་པ་དེ་ཙམ་ཞིག་གླེང་གཞིར་བསྟན་ཞེས་པའི་དོན་ཡིན་ལ། སྔ་མའི་དོན་ནི་རིགས་ལྔ་མ་གཏོགས་པའི་གླེང་གཞིའི་འཁོར་དངོས་སུ་སྨོས་པ་རྣམས་སེམས་དཔར་བྱས་ནས། དེ་དག་གིས་དངོས་སུ་སྨོས་པའི་བྱང་སེམས་ཀྱི་འཁོར་རྫོགས་ཞེས་པའི་དོན་ནོ། །གསང་བ་གྲུབ་པ་འདི་ནི་གྲུབ་སྙིང་ཞེས་གྲགས་པའི་གྲུབ་པའི་སྡེ་གཞན་དྲུག་པོ་ཀུན་གྱི་ཕྱི་མོར་གྲགས་ལ། སྙིང་པོའི་སྐོར་གྱི་བྲམ་ཟེ་ཆེན་པོའི་དྷོ་ཧའི་ཡང་ཕྱི་མོར་སྣང་སྟེ། བདེ་སྟོང་སྦྱོར་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་བླ་མེད་ཀྱི་རྒྱུད་སྡེ་ཀུན་གྱི་སྙིང་པོར་གོ་བ་ལ་ཤིན་ཏུ་གལ་ཆེ་བ་རྣམས་སོ། །སློབ་དཔོན་ས་ར་ཧས་གསང་འདུས་ཀྱི་གཞུང་སྒོས་སུ་འགྲེལ་བའི་གཞུང་མཛད་པ་ནི་མི་སྣང་ངོ༌། །དེ་ནས་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་འདུས་པའི་དོན་འགྲེལ་བར་མཛད་


JLD007_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དེའི་ལུགས་ཀྱིས་ཇི་ལྟར་དཀྲལ་བ་ནི་འཆད་པར་འགྱུར་རོ། །སློབ་དཔོན་སྒེག་པའི་རྡོ་རྗེས་རྒྱུད་ཀྱི་གླེང་གཞིའི་བཤད་པ་ཙམ་མཛད་ཀྱང༌། རིམ་གཉིས་ཀྱི་ལམ་གྱི་སྲོལ་ཟུར་པ་མི་སྣང་ངོ༌། །སྒེག་རྡོར་གྱི་སློབ་མ་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་འདུས་པའི་དོན་བཤད་པའི་རིམ་པ་ནི་ཡེ་ཤེས་ཞབས་ལུགས་ཞེས་ཡོངས་སུ་གྲགས་སོ། །དེའི་ལམ་ལ་རིམ་པ་གཉིས་ལས་བསྐྱེད་པའི་རིམ་པ་ནི། འཇམ་དཔལ་རྡོ་རྗེས་གཙོ་མཛད་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་ཏེ་བསྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་དང་བཞི་བརྒྱ་ལྔ་བཅུ་པར་བཤད་པ་ལྟར་རོ། །རྫོགས་པའི་རིམ་པ་ནི་རྗེ་བཙུན་གྱིས་གསུངས་པའི་ཞལ་ལུང་དང༌། སློབ་དཔོན་ཉིད་ཀྱིས་མཛད་པའི་གྲོལ་བའི་ཐིག་ལེ་ལས་འབྱུང་ངོ༌། །དེ་ཡང་ཞལ་ལུང་ལས་རྫོགས་རིམ་སྒོམ་པའི་ཐོག་མ་སྙིང་ཁར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དང༌། དེ་ནས་ནོར་བུར་གསང་བའི་ཐིག་ལེ་སྒོམ་པ་དགག་པའི་ཡན་ལག་ཅེས་པ་སྲོག་རྩོལ་གྱི་ཡན་ལག་དང༌། དེ་བསྒོམས་པས་གཟུང་བའི་ཡན་ལག་ཅེས་པ་འཛིན་པའི་ཡན་ལག་སྐྱེ་བ་དང༌། དེ་ནས་རྗེས་དྲན་བཅུ་དྲུག་སྒོམ་པའི་རྗེས་དྲན་གྱི་ཡན་ལག་དང༌། དེ་ནས་སྤྲུལ་པའི་ཐིག་ལེ་ཞེས་པ་རྡོ་རྗེའི་བཟླས་པ་དང༌། དེ་ནས་སླར་ཡང་སྙིང་ཁར་མི་ཤིགས་པའི་ཐིག་ལེ་སྒོམ་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབའ་ཞིག་གི་དབང་དུ་བྱས་པ་སྒོམ་པར་


JLD007_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །འདིས་ནི་རྒྱུད་ཕྱི་མར་བཤད་པའི་སྦྱོར་བ་ཡན་ལག་དྲུག་གི་སོར་བསམ་གཉིས་མ་བསྟན་པར་ཡན་ལག་ཕྱི་མ་བཞི་བཤད་སྣང་ངོ༌། །དེ་ལྟར་བཤད་པའི་ཤུགས་ཀྱིས་སོར་བསམ་གཉིས་བསྐྱེད་རིམ་དུ་འཇོག་པ་དགོངས་པར་སྣང་སྟེ། ཡེ་ཤེས་ཞབས་ལུགས་ཀྱི་སྦྱོར་དྲུག་གི་གཞུང་རྣམས་ལས་ཀྱང་སོར་བསམ་གཉིས་བསྐྱེད་རིམ་དུ་བསྟན་ཏོ། །འདི་ལ་རྒྱུད་ཕྱི་མ་ལས་ཐུན་མོང་གི་བསྙེན་པ་རྡོ་རྗེ་བཞི་དང༌། མཆོག་གི་བསྙེན་པ་ཡན་ལག་དྲུག་ཏུ་གསུངས་པའི་དོན་མཆོག་གི་བསྙེན་པ་དང་བསྐྱེད་རིམ་གཉིས་འགལ་བར་འདོད་པ་མིན་ནོ། །རྫོགས་རིམ་གྱི་སྐབས་འདིར་རྒྱུད་ཕྱི་མ་གཞིར་བྱས་སྣང་ལ། ལྷ་མོ་བཞིས་ཞུས་དང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང་བཏུས་ནས་མཛད་སྣང་ངོ༌། །འདིའི་རྗེས་འབྲང་རྩ་རྒྱུད་ཀྱི་བཤད་པ་བྱེད་པ་རྣམས་ཀྱིས་རྒྱུད་ཕྱི་མ་མ་བཤད་པ་ཆེར་མི་སྣང་ནའང་བཤད་རྒྱུད་གཞན་རྣམས་ཀྱིས་རྩ་རྒྱུད་འཆད་ཚུལ་ཆེར་མི་སྣང་ངོ༌། །ཁྱད་པར་དུ་ཞལ་ལུང་དང་གྲོལ་བའི་ཐིག་ལེ་གཉིས་ལ་བརྟེན་པའི་མན་ངག་གིས་རྩ་རྒྱུད་ཀྱི་གཞུང་མང་པོས་རྫོགས་རིམ་བསྟན་ཚུལ་དང༌། རྒྱུད་ཕྱི་མའི་སྦྱོར་དྲུག་གི་ཡན་ལག་ཕྱི་མ་བཞི་ཞལ་ལུང་དང་གྲོལ་བའི་ཐིག་ལེ་དང་བསྟུན་ནས་ལེགས་པར་འཆད་ཐད་པར་འདུག་ནའང་དེ་ལྟར་བཤད་པ་མི་སྣང་ངོ༌། །སློབ་དཔོན་ཀུན་དགའ་སྙིང་པོའི་བཤད་ཚུལ་ལ་ཕྲ་རགས་ཀྱིས་བསྒྱུར་བའི་


JLD007_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་འགྲེལ་པ་ཆེན་མོ་འདིས་མཛད་པར་བྱས་པ་ནི་འགྲེལ་པ་དེ་ཉིད་ལ་མ་བརྟགས་པར་སྨྲ་བར་འདུག་པས་མི་འཐད་ལ། ལོ་ཆེན་གྱི་བསྒྱུར་བའི་འགྲེལ་པ་ཀུན་སྙིང་གིས་མཛད་པར་བྱས་པ་ནི། སློབ་དཔོན་དྲི་མེད་སྦས་པའི་འགྲེལ་པར་ཡང་དེའི་ལེའུ་ལྔ་པའི་བཤད་པ་བཀོད་ཅིང་ཁུངས་མ་ཡིན་ནོ། །འདིས་ནི་ལས་རྒྱ་བསྟེན་པར་བཤད་པ་ཐམས་ཅད་ཁྱབ་འཇུག་གི་རྒྱུད་ཀྱི་རྗེས་སུ་འབྲང་བ་འདོད་ཡོན་གྱི་ཡུལ་སྤོང་མི་ནུས་པའི་ཆགས་ཅན་རེ་ཤིག་དྲང་པའི་ཕྱིར་དུ་གསུངས་པ་ཙམ་གྱི་དོན་དང༌། བཤང་གཅི་སོགས་ཀྱི་བཟའ་བའི་དམ་ཚིག་བསྟེན་པར་གསུངས་པ་ཐམས་ཅད་ཀྱང་ཕྲ་མེན་མ་དང་འཆོལ་བའི་རྒྱུད་ལ་ཞུགས་པ་རྣམས་ཀྱི་ངོར་མཛད་པ་ཙམ་དུ་བཤད་ནས། གདུལ་བྱ་རབ་ཀྱི་དབང་དུ་བྱས་ནས་དེ་དག་བཤད་པ་མིན་པར་བཤད་ལ། ནང་གི་རྩ་རླུང་ཐིག་ལེ་སྒོམ་པ་སོགས་ཀྱི་རྣལ་འབྱོར་གཞན་ནས་རྫོགས་རིམ་དུ་བཤད་པའི་རིགས་ཀྱང་མ་བཤད་དོ། །དེ་རྣམས་ལ་བསམ་ནས་བོད་ཀྱིས་བླ་མ་རྣམས་ཀྱིས་ཀུན་སྙིང་གིས་གསང་འདུས་ཡོ་གར་བཀྲལ་ཞེས་གསུང་ངོ་། །འདི་ནི་རྒྱ་གར་བའི་ཆེན་པོ་གཞན་དུ་མས་བཤད་པ་དང་མི་མཐུན་པའི་བླ་མེད་ཀྱི་རྒྱུད་ཀྱི་བཤད་སྲོལ་དུ་སྣང་ངོ༌། །སློབ་དཔོན་ཤཱནྟི་པས་རྩ་རྒྱུད་ཀྱི་ལེའུ་དང་པོས་ཐབས་ལས་བྱུང་བའི་འབྲས་བུའི་རྒྱུད་བསྟན། དེ་ཐོབ་པར་བྱེད་པའི་ཐབས་རྒྱུད་ལ་བཞི་ཡོད་པར་ལྷག་མ་ལེའུ་བཅུ་


JLD007_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གིས་འཆད་དེ། གསུམ་ལྡན་གྱི་ལེའུ་བཞིས་བསྙེན་པ་དང༌། གཉིས་ལྡན་གྱི་ལེའུ་བཞིས་ཉེར་སྒྲུབ་དང༌། རྫོགས་ལྡན་གྱི་ལེའུ་བཞིས་སྒྲུབ་པ་དང༌། དགའ་བ་ཅན་གྱི་ལེའུ་བཞིས་སྒྲུབ་པ་ཆེན་པོ་བསྟན་ལ། རྒྱུད་ཕྱི་མ་ནི་དེ་རྣམས་གསལ་བར་བྱེད་པའོ་ཞེས་འཆད་དོ། །འདིས་རིམ་པ་དང་པོ་ལ་མི་བསྐྱོད་པས་གཙོ་བྱས་པས་ལྷ་བཅུ་དགུ་དང༌། བསྐྱེད་རིམ་བརྟན་པའི་འོག་ཏུ་སྒོམ་པའི་རྫོགས་རིམ་ཡན་ལག་དྲུག་གི་ཚུལ་ནི་ཡེ་ཤེས་ཞབས་ལུགས་དང་འཕགས་ལུགས་དང་དུས་འཁོར་གྱི་ལུགས་གང་དང་ཡང་མི་འདྲ་བ་ཅིག་རྒྱུད་ཕྱི་མ་ལ་བརྟེན་ནས་ལེའུ་བདུན་པའི་དོན་དུ་འཆད་དོ། །དེ་དག་ལས་གཞན་པའི་འགྲེལ་བྱེད་རྣམས་ནི་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲངས་ནས་འཆད་པར་སྣང་ལ། རེ་རེ་ཙམ་དེའི་རྗེས་སུ་འབྲངས་པའི་གསལ་ཁ་མི་སྣང་ཡང་བཤད་པའི་འགངས་ཆུང་བར་སྣང་བས་མ་བྲིས་སོ། །དེ་ལྟར་ན་དཔལ་འདུས་པའི་རྒྱུད་འགྲེལ་པ་ལ་ཤིང་རྟ་ཆེན་པོའི་སྲོལ་ནི་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས་སུ་གྲགས་པ་ལྟར་ཤེས་པར་བྱའོ། །བཞི་པ་ལ་གསུམ། འཕགས་པ་ཡབ་སྲས་གཉིས་ཀྱིས་གཞུང་ཇི་ལྟར་མཛད་པ་དང༌། སྲས་ལྷག་མ་གསུམ་གྱིས་གཞུང་ཇི་ལྟར་མཛད་པ། དེ་དག་གི་རྗེས་འབྲང་རྣམས་ཀྱིས་གཞུང་ཇི་ལྟར་མཛད་པའོ། །དང་པོ་ནི། འདུས་པའི་ཕྱོགས་ལ་འཕགས་པས་གཞུང་ཇི་ལྟར་མཛད་པའི་ཚུལ་ལ། རབ་ཏུ་


JLD007_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་གསལ་ལས་མདོར་བྱས་དང་མདོ་བསྲེ་དང་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་དང་རིམ་པ་ལྔ་པ་དང་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་མཛད་པར་བཤད་དོ། །འདུས་པའི་རྒྱུད་ཀྱི་འགྲེལ་པ་འཕགས་པས་མཛད་ཟེར་བ་ད་ལྟ་འདུག་པ་འདི་ནི་བོད་ཀྱི་མཁས་པ་དག་པཎྜིཏ་ཞིག་གིས་བོད་དུ་བྱས་པ་ཡིན་ཞེས་གསུང་ལ། འདི་ནི་སྙན་དངགས་མེ་ལོང་དང་རྣམ་བཤད་རིགས་པ་དང་མངོན་པ་མཛོད་ཀྱི་གཞུང་ལ་སོགས་པ་དྲངས་ཤིང༌། འདིའི་མཇུག་ཏུ། རྒྱལ་བ་མཆོག་གི་བདེར་གཤེགས་ཉིད་བསྒོམས་པས་ནི་སད་གྱུར་པ། །བདག་གི་གནས་ན་རབ་གནས་མགོན་པོ་ཡེ་ཤེས་ཞབས་ལ་སོགས། །ཞེས་འབྱུང་ཞིང༌། རྒྱུད་ཀྱི་བཤད་པ་ཡང་ཡབ་སྲས་ཀྱི་གཞུང་དང་མི་མཐུན་པ་མང་དུ་སྣང་བས་འཕགས་པ་ལ་ཁ་གཡར་བ་འབའ་ཞིག་གོ །དེས་ན་བསྐྱེད་རིམ་སྟོན་པ་ལ་མདོར་བྱས་དང་མདོ་བསྲེ་གཉིས་མཛད་ལ། དཀྱིལ་ཆོག་ཆོ་ག་ཉི་ཤུ་པ་ནི་བོད་ཀྱི་སྔོན་གྱི་བླ་མ་རྣམས་འཕགས་པའི་ཡིན་པར་བཞེད་ལ། རབ་ཏུ་སྒྲོན་གསལ་ལས་ཀྱང་འཕགས་པས་མཛད་པའི་དཀྱིལ་ཆོག་ཅིག་ཡོད་པར་འདོད་པས་ཕལ་ཆེར་འདི་ལ་བསམས་པ་འདྲའོ། །བོད་ཀྱི་ཕྱིས་ཀྱི་མཁས་པ་དག་རྒྱ་གར་བའི་མཁས་པ་མང་པོས་ཚད་མར་བྱས་པའི་ཀླུ་བྱང་གི་ཆོ་ག་ཉི་ཤུ་པ་དང་མི་མཐུན་པ་མང་ཞིང༌། སློབ་དཔོན་རང་གི་གཞུང་དང་ཡང་མི་མཐུན་པས་ཁ་གཡར་དུ་བཞེད་པ་ལྟར་འཐད་པར་མཐོང་ངོ༌། །རྫོགས་རིམ་སྟོན་པའི་སྐོར་ལ། རྡོ་རྗེ་བཟླས་པའི་རིམ་པ་ལ་


JLD007_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་ཤིན་ཏུ་གྲགས་ཆེ་ལ། རྩ་རྒྱུད་ཀྱི་ལེའུ་གཉིས་པར་རྣམ་སྣང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་གཞུང་འགྲེལ་བ་ལ་བྱང་ཆུབ་སེམས་འགྲེལ་མཛད་དེ། འདི་ལ་སྨྲི་ཏིའི་འགྲེལ་པའང་ཡོད་ཅིང༌། ཨ་བྷྱ་ལ་སོགས་པ་པཎྜི་ཏ་མང་པོས་ཁུངས་སུ་འདྲེན་ནོ། །རྡོ་རྗེ་བཟླས་པའི་རིམ་པ་ལ་སོགས་པ་རིམ་པ་ལྔའི་གཞུང་འདི་རྣམས་ལོ་ཆེན་གྱི་འགྱུར་ལ་རིམ་པ་ལྔ་པ་ཞེས་པའི་གཞུང་གཅིག་གི་ལེའུ་ལྔར་ཡང་མཛད་ལ། རིམ་པ་གཉིས་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་ཡང་བྱས། དེ་བཞིན་དུ་ལག་སྨིའི་འགྲེལ་པ་དང་འགྲེལ་པ་ནོར་བུའི་འཕྲེང་བར་ཡང་འབྱུང་ངོ༌། །ཆག་ལོ་ཙྪ་བས་གཞུང་མི་གཅིག་པ་ལྔར་བྱས་སོ། །འདིར་གཞུང་འདི་ཉིད་ལས་བདག་བྱིན་བརླབས་རིམ་པ་གསུམ་པ་དང༌། མངོན་པར་བྱང་ཆུབ་པ་རིམ་པ་བཞི་པ་དང༌། ཟུང་འཇུག་གི་མཇུག་ཏུ་རིམ་པ་ལྔ་བརྩམས་པའི་བསྔོ་བ་མཛད་པས་འཕགས་པ་ཉིད་ཀྱིས་མཛད་པའི་རིམ་པ་ལྔ་ངེས་པར་ཡོད་དོ། །དེ་ལ་ཨ་བྷྱཱ་དང་དམ་ཚིག་རྡོ་རྗེའི་འགྲེལ་པ་ལས་རིམ་པ་གཉིས་པ་འཕགས་པའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་བཤད་པས། དེ་དག་གི་ལྟར་ན་མདོར་བྱས་རིམ་པ་གཅིག་ཏུ་བྱས་ནས་རིམ་པ་ལྔར་འདོད་དགོས་ལ། ཐུབ་པ་དཔལ་བཟང་པོ་ཡང་དེ་བཞིན་དུ་འདོད་དོ། །ལག་སྨིའི་འགྲེལ་པར་སློབ་དཔོན་གྱི་དངོས་གྲུབ་ཀྱི་མཚན་ཀླུ་སྒྲུབ་དང༌། རབ་ཏུ་བྱུང་བའི་མཚན་ཤཱཀྱ་བཤེས་གཉེན་ཡིན་པས་


JLD007_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་པ་སློབ་དཔོན་ཉིད་ཀྱིས་མཛད་པའི་རང་ལུགས་དང༌། ཁ་ཅིག་སློབ་དཔོན་ཉིད་ཀྱིས་མཛད་པ་ལ་ཉིད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་གྱི་མིང་བཅུག་པ་ནི་ཤིན་ཏུ་དགྱེས་པའི་ཕྱིར་རོ་ཞེས་པའི་གཞན་ལུགས་གཉིས་བཤད་དོ། །འགྲེལ་པ་ནོར་བུའི་འཕྲེང་བ་ལས་ནི་བཤད་པ་སྔ་མ་ལྟར་རམ། ཡང་ན་ཕྱི་མ་ལྟར་ཡིན་ཞེས་གདམ་ཁ་རུ་བྱེད་དོ། །འདི་ལ་རིམ་པ་གཞན་གསུམ་ལ་མཆོད་བརྗོད་དང་བརྩམ་པར་དམ་བཅའ་རེ་ཡོད་ཀྱང་བསྔོ་བ་མེད་ལ། རིམ་པ་ཐ་མའི་མཇུག་ཏུ་བསྔོ་བ་ཐུན་མོང་དུ་མཛད་ཅིང༌། མདོར་བྱས་ལ་བསྔོ་བ་ལོགས་སུ་མཛད་པའི་ཕྱིར་དང༌། རྡོ་རྗེ་བཟླས་པའི་རིམ་པར་མདོར་བསྟན་གྱི་སྐབས་སུ་རིམ་པ་ལྔ་ཀའི་མདོར་བསྟན་བྱུང་བ་དང་བསྟུན་ན། རྫོགས་རིམ་སྟོན་པའི་གཞུང་ཚན་ལྔ་འཕགས་པས་མཛད་པ་འདྲ་བ་ཞིག་འདུག་གོ །འོ་ན་རིམ་པ་གཉིས་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་བཤད་པ་ཇི་ལྟར་ཡིན་སྙམ་ན། འདི་ལ་མཇུག་ཏུ་བསྔོ་བ་ལོགས་སུ་མཛད་ཅིང༌། འཕགས་པ་རྡོ་རྗེའི་དྲིན་གྱིས་རྒྱུད་རྣམས་མང་པོ་ཐོས་སོ། །ཞེས་པའི་དོན་གཞན་དུ་བཤད་པ་རྣམས་མི་འགྲིག་པར་སྣང་བ་དང༌། རིམ་པ་གཉིས་པ་ཚང་བར་འཕགས་པས་མཛད་ན་འོད་གསལ་དང་ཟུང་འཇུག་གི་སྐབས་སུ་བཤད་རྒྱུ་མང་པོ་འདིར་བཤད་སྣང་བ་མི་འཐད་པར་སྣང་བས། འདི་ཚང་བར་འཕགས་པས་མཛད་པ་མི་ལེགས་སོ། །ཡང་འདི་ཚང་བར་འཕགས་པའི་སློབ་མ་ཤཱཀྱ་


JLD007_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་གྱིས་མཛད་ནའང་རྫོགས་རིམ་རིམ་ལྔར་འཕགས་པས་བསྡུས་པ་སོགས་མི་འཐད་པར་སྣང་ཞིང༌། འཕགས་པ་ལྷས་དགོངས་པ་བླ་ན་མེད་པ་ལས་ཞེས་ལུང་ལན་གཉིས་དྲངས་སྣང་བ་ཡང་མི་འགྲིག་པ་ལྟར་མངོན་པས། སྟོད་འཕགས་པས་མཛད་པའི་འཕྲོ་ཞིག་ཤཱཀྱ་བཤེས་གཉེན་ལ་གནང་བ་བྱིན་ནས་རྩོམ་དུ་བཅུག་པ་ཅིག་ཡིན་ནམ་སྙམ་སྟེ། བློ་གྲོས་ཆེ་ལ་ཞིབ་པ་རྣམས་ཀྱིས་དཔྱད་པར་བྱའོ། །དེ་ལྟར་དུ་ཁས་ལེན་ན་རིམ་པ་ལྔ་པ་ཞེས་པའི་གཞུང་གཅིག་ལ་རིམ་པ་གཉིས་པའི་སྟོད་དང་བཅས་པའི་ལེའུ་ལྔ་ཡོད་པར་བྱ་ཞིང༌། རིམ་པ་གཉིས་པ་ལ་མཚན་གཉིས་བྱུང་བའི་དགོངས་པ་བླ་ན་མེད་པ་ཞེས་པ་འཕགས་པས་བཏགས་པའི་མཚན་དུ་བྱའོ། །དེ་ལྟར་མི་བྱེད་ན་རིམ་པ་ལྔ་པ་ཞེས་པའི་གཞུང་གཅིག་ཏུ་མི་བྱ་སྟེ། མདོར་བྱས་གཞུང་ལོགས་པ་ཡིན་པའི་ཕྱིར་དང༌། རིམ་པ་གཉིས་པ་ཡང་རྩོམ་མཁན་གཞན་ཡིན་པའི་ཕྱིར་རོ། །གཞན་ཡང་དེའི་ལྟར་ན་རྡོ་རྗེ་བཟླས་པའི་རིམ་པ་སྟེ་དང་པོའ། །ཞེས་པའི་གཞུང་ཡང་སོར་བཞག་ཏུ་བྱ་མི་རུང་ངོ༌། །གང་ལྟར་ཡང་འཕགས་པས་རྫོགས་རིམ་ལ་སེམས་དམིགས་རིམ་པ་གཉིས་པར་བྱས་ནས་རིམ་ལྔར་བསྡུས་པ་ནི་རྡོ་རྗེ་བཟླས་པའི་རིམ་པ་ལས་ཤེས་ལ། དེ་ཉིད་རྣམ་བཞག་རིམ་པའི་ཡང་དགོངས་པར་སྣང་ངོ༌། །གཞན་ཡང་བོད་ཀྱི་མཁས་པ་དག་དབང་བཞིའི་དོན་གཏན་


JLD007_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབེབས་པ་འཕགས་པས་མཛད་པར་འདོད་པ་རྫུན་མར་བཞེད་ལ། ཕྱག་རྒྱ་བཞིའི་རིམ་པ་འཕགས་པས་མཛད་ཟེར་བ་ནི་མན་ངག་སྙེ་མ་དང་འགྲེལ་པ་གྲུ་གཟིངས་ལས་བཀག་ལ། བླ་མ་མཻ་ཏྲི་པ་རྗེས་འབྲང་དང་བཅས་པ་རྣམས་འཕགས་པའི་ཡིན་པར་འདོད་དོ། །འཕགས་པ་ལྷས་མཛད་པ་ལ། རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་སྒྲོན་མ་ནི་གྲགས་ཤིན་ཏུ་ཆེ་ལ། བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་སློབ་དཔོན་ཨ་བྷྱས་ཁུངས་སུ་དྲངས་སོ། །སེམས་ཀྱི་སྒྲིབ་སྦྱོང་ནི་སེམས་དབེན་སྟོན་པ་ཡིན་གསུང་ཡང་སེམས་གཙོ་བོར་སྟོན་པའི་སྔགས་ཀྱི་གཞུང་ཡིན་ཡང་གསང་འདུས་ཀྱི་སྒོས་ཀྱི་གཞུང་མིན་ནོ། །འདིར་ཡང་ཨ་བྷྱཱ་ཀ་རས་ཁུངས་སུ་མཛད་དོ། །མངོན་པར་བྱང་ཆུབ་པའི་རིམ་པ་སློབ་དཔོན་འདིས་མཛད་ཟེར་བ་ལ། བོད་ཀྱི་མཁས་པ་དག་ཐེ་ཚོམ་གྱི་གཞིར་གསུང་བ་ལྟར་སྤྱོད་བསྡུས་དང་མི་མཐུན་པ་ཆེན་པོ་སྣང་བས་ཁ་གཡར་རོ། །ཡང་སློབ་དཔོན་འདིས་མཛད་ཟེར་བའི་ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ་དང༌། རོ་བསྲེག་གི་ཆོ་ག་གཉིས་ལའང་བོད་ཀྱི་མཁས་པ་དག་བརྟག་པའི་གནས་སོ་ཞེས་བཞེད་དོ། །དེའི་སྔ་མ་ནི་སྒྲོན་གསལ་གྱི། ཇི་སྲིད་ཡ་ར་ལ་ཧའི་བར། །ཞེས་སོགས་ཚིགས་བཅད་གཉིས་འགྲེལ་ཞིང༌། སྤྱོད་བསྡུས་ཀྱི་གཞུང་ཁུངས་སུ་དྲངས་པ་དང༌། རྡོ་རྗེ་རྩེ་མོ་དང་རྡོ་རྗེ་འཕྲེང་བ་དང་དགོངས་པ་ལུང་སྟོན་རྣམས་རྩ་རྒྱུད་དུ་བཤད་དེ། སློབ་དཔོན་ཀུ་


JLD007_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྷ་རས་མཛད་པའི་སྒྲོན་གསལ་གྱི་འགྲེལ་བཤད་དུ་ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ་ལོགས་སུ་བཀོད་བར་སྣང་བས། འཕགས་པ་ལྷས་མཛད་པའི་དོན་མེད་ལ། ཕྱི་མ་ཡང་རྫུན་མར་མངོན་ནོ། །གཉིས་པ་ནི། ཀླུའི་བློའམ་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ལ། བསྐྱེད་རིམ་གཙོ་ཆེ་ཞིང་རྫོགས་རིམ་ཡང་སྟོན་པ་རྣམ་གཞག་རིམ་པ་ནི་ཤིན་ཏུ་གྲགས་ཆེ་ལ། དཀྱིལ་ཆོག་ཆོ་ག་ཉི་ཤུ་པ་ནི་སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་ཨ་བྷྱཱ་ཀ་ར་དང་ཐུགས་རྗེ་དཔལ་ཞབས་དང་ཐུབ་པ་དཔལ་བཟང་པོ་སོགས་པཎྜི་ཏ་མང་པོས་ཁུངས་སུ་མཛད་དོ། །སྟོང་པ་བཞི་གཏན་ལ་འབེབས་པ་ལས་མཐའ་རྣམ་འབྱེད་ནི་སྒྲོན་གསལ་ལས་ཁུངས་སུ་མཛད་ལ། ད་ལྟ་འགྱུར་བ་འདི་ལ་མདོར་བསྟན་དུ་རང་བཞིན་བརྒྱ་དྲུག་ཅུར་བཤད་ནས། རྒྱས་བཤད་དུ་རང་བཞིན་བརྒྱད་ཅུ་ཚང་བར་མ་བྱུང་ཞིང༌། དོན་བསྡུར་རང་བཞིན་ལྔ་བཅུ་ང་བཞིར་བཤད་སྣང་བས་བོད་དཔེ་མ་དག་པའམ་རྒྱ་དཔེ་མ་དག་པ་ལས་བསྒྱུར་བའི་སྐྱོན་ཡིན་པ་འདྲའོ། །སློབ་དཔོན་འདི་ལ་ཁ་གཡར་བ་མངས་པའི་དོན་གྱིས་འདིས་མཛད་ཟེར་བའི་རིམ་ལྔའི་འགྲེལ་པ་ལ་ནོར་བུའི་འཕྲེང་བ་དང༌། དོན་གསལ་བ་དང་རིམ་པ་ཁོངས་སུ་བསྡུ་བ་གསུམ་སྣང་ངོ༌། །དེའི་དང་པོ་ནི་བོད་ཀྱི་བླ་མ་མང་པོས་ཁུངས་མར་བྱེད་ལ། ཕྱིས་ཀྱི་མཁས་པ་དག་དེ་དང་དོན་གསལ་གཉིས་


JLD007_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྫུན་མར་མཛད་དོ། །དེ་ལ་དང་པོ་ནི། འདུས་པའི་དོན་འཆད་པ་ལ་འཕགས་པ་ཡབ་སྲས་དང་མི་མཐུན་པ་མང་དུ་ཡོད་ཅིང༌། ཟླ་གྲགས་ཀྱི་གཞུང་ཁུངས་སུ་འདྲེན་པའི་སློབ་དཔོན་སེང་གེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་གཞུང་ཟླ་གྲགས་ཀྱིས་ཁུངས་སུ་འདྲེན་པའི་ཀླུ་བྱང་གི་གཞུང་ཡིན་ཟེར་བར་འགོད་པར་སྣང་ལ། རིམ་པ་གཉིས་པ་ཀླུ་སྒྲུབ་དང་དེའི་སློབ་མ་ཤཱཀྱ་བཤེས་གཉེན་གཉིས་གང་གིས་མཛད་མཐའ་གཅིག་ཏུ་ཐག་གཅོད་མི་ཐུབ་པར་སྣང་བས། ཀླུ་བྱང་ལ་ཁ་གཡར་བ་འབའ་ཞིག་གོ །འགྲེལ་པ་དོན་གསལ་དེས་མཛད་ཟེར་བ་ཡང་ཁ་གཡར་འབའ་ཞིག་གོ །རིམ་པ་ཁོངས་སུ་བསྡུ་བ་ནི་བོད་ཀྱི་མཁས་པ་དག་ཀླུ་བྱང་གི་ཡིན་པར་བཞེད་ལ། ཆག་ལོ་ཙྪ་བ་ཀླུ་བྱང་དང་མཚན་མཐུན་པ་ཅིག་གིས་བྱས་པར་བཞེད་དོ། །འདིས་མངོན་རྟོགས་རྒྱན་དུ་ཕར་ཕྱིན་དྲུག་པོ་རེ་རེར་དྲུག་དྲུག་བསྡུ་བ་བཞིན་དུ་བསྐྱེད་རིམ་ནས་ཟུང་འཇུག་གི་བར་གྱི་རིམ་པ་དྲུག་ཏུ་ཡང་དྲུག་དྲུག་སྡུད་པ་ཡིན་ཟེར་ནས། དེ་དག་གི་འདུས་ཚུལ་བཤད་པའི་ཚེ་དེའི་ལྟར་ན་སྐབས་དེའི་རིམ་པ་རེ་རེ་སྒོམ་པའི་ལམ་གྱི་ནང་དུ་ལྔ་ལྔ་བསྡུ་རྒྱུར་སྣང་ནའང་དེའི་ངེས་པ་མེད་པར་དཔེར་ན་སེམས་དབེན་གྱི་སྐབས་སུ་ཟླ་བ་དང་རྡོ་རྗེ་སོགས་ལས་ལྷ་སྐྱེད་པའི་བསྐྱེད་རིམ་གསུངས་པ་སེམས་དབེན་གྱི་བསྐྱེད་རིམ་དུ་འདོད་པ་སོགས་རིམ་པ་དེའི་སྐབས་སུ་བཤད་པ་དང་རིམ་པ་དེ་ཉམས་


JLD007_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལེན་པའི་ཉམས་ལེན་གྱི་ནང་དུ་འདུ་བ་གཉིས་མ་ཕྱེད་པར་བཤད་པ་མང་པོ་སྣང་བས་ཀླུ་བྱང་ལ་ཁ་གཡར་བ་ཞིག་གིས་བྱས་སོ། །འོན་ཀྱང་འདི་དང་ནོར་བུའི་འཕྲེང་བ་གཉིས་རྒྱ་གར་བ་ཞིག་གིས་བརྩམས་པར་སྣང་ངོ༌། །སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་ལ། རིམ་པ་གཉིས་པའི་གཞུང་གི་ཚུལ་ནི་བཤད་ཟིན་ལ། སྤྱོད་བསྡུས་ཀྱི་འགྲེལ་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་ཟེར་བ་ནི་སློབ་དཔོན་དེ་དང་མིང་མཐུན་པ་ཙམ་ཡིན་ན་ནི་རུང་ལ། འཕགས་པའི་སློབ་མ་ཤཱཀྱ་བཤེས་གཉེན་ལ་གོར་རེ་ན་ནི་ཡེ་མིན་པར་འདུག་གོ །སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ལ། སྒྲོན་གསལ་ནི་གྲགས་ཤིན་ཏུ་ཆེ་ལ། འདིས་མཛད་པའི་སྦྱོར་བ་ཡན་ལག་དྲུག་ནི་ལེའུ་བཅུ་གཉིས་པའི་སྒྲོན་གསལ་ལས་འབྱུང་བ་ལོགས་སུ་བཀོལ་བར་སྣང་ངོ༌། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལ་ནི་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། ལི་ལ་བཛྲ་གཉིས་ཀྱིས་འགྲེལ་པ་མཛད་ཅིང༌། མ་ག་ཏའི་པཎྜི་ཏ་ཐུབ་པ་དཔལ་བཟང་པོ་སོགས་ཀྱང་ཟླ་གྲགས་ཀྱི་གཞུང་དུ་བཞེད་དོ། །འདུས་པའི་མངོན་རྟོགས་རྒྱན་རྩ་བ་རང་འགྲེལ་དང་བཅས་པ་གཉིས་ཟླ་བ་གྲགས་པས་མཛད་ཟེར་བ་ལ་བོད་ཀྱི་མཁས་པ་དག་བརྟག་པའི་གནས་སོ་ཞེས་གསུང་ངོ་། །འདི་གཉིས་རྩོམ་མཁན་སློབ་དཔོན་དེ་དང་མིང་མཐུན་པ་ཙམ་ཡིན་ན་ནི་རུང་ལ། སྒྲོན་གསལ་མཁན་པོ་


JLD007_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོར་རེ་ན་ནི་ཁ་གཡར་བ་འབའ་ཞིག་པར་སྣང་ངོ༌། །དེ་ལ་འཕགས་པ་ལྷ་དང་ཀླུ་བྱང་དང་ཤཱཀྱ་བཤེས་གཉེན་གསུམ་འཕགས་པའི་སློབ་མར་གྲགས་ཆེ་ལ། མ་ཏཾ་གི་ནི་གསང་འདུས་མར་ལུགས་པ་རྣམས་འཕགས་པའི་སློབ་མར་བྱེད་དོ། །ཟླ་བ་གྲགས་པ་ནི་རྗེ་འགོས་ལ་སོགས་པ་བླ་མ་སྔ་མ་རྣམས་ནི་འཕགས་པའི་སློབ་མར་མཛད་དོ། །བོད་ཀྱི་དབུ་མ་པ་ཁ་ཅིག་ཚིག་གསལ་གྱི་མཇུག་ཏུ་འཕགས་པས་མཛད་པའི་གཞུང་དང་སློབ་མ་རྣམས་དུས་མང་ཞིག་ན་ཉམས་པས་དེང་སང་གཞུང་ལུགས་གསལ་པོ་མེད་ཅེས་གསུངས་པས་ཟླ་བ་གྲགས་པས་འཕགས་པ་མ་ཟིན་ནོ་ཞེས་སྨྲའོ། །རྒྱུ་མཚན་དེ་ནི་མ་ངེས་ཏེ་ཟླ་བ་གྲགས་པས་རིག་འཛིན་བརྙེས་ནས་ཡུན་རིང་དུ་བཞུགས་པར་རྡོ་རྗེ་གདན་པའི་གསུང་ལས་བྱུང་བ་པ་ཚབ་ལོ་ཙཱ་བའི་གཏམ་རྒྱུད་ལས་འབྱུང་བ་ལྟར་ཡིན་པས། དེའི་སྐུ་ཚེའི་སྨད་ལ་ཀླུ་སྒྲུབ་ཀྱི་སློབ་གཞུང་བཟང་པོ་རྣམས་ཉམས་པ་དང༌། དེས་ཀླུ་སྒྲུབ་ལ་ཟིན་པ་གཉིས་མི་འགལ་བའི་ཕྱིར་རོ། །དེས་ན་བོད་ཀྱི་མཁས་པ་དག་དཔལ་ལྡན་ཨ་ཏི་ཤས་ཀླུ་སྒྲུབ་སློབ་མ་ཟླ་གྲགས་སུ་བཤད་པ་ལྟར་འཕགས་པའི་སློབ་མ་ཡིན་ནོ་གསུང་པ་ལྟར་ཁས་བླང་ངོ༌། །སྒྲོན་གསལ་ལས་ཀྱང༌། སངས་རྒྱས་ཀུན་གྱིས་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད། །ཅེས་


JLD007_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་དོན་རྣམས་ཀླུ་སྒྲུབ་ལས་རྙེད་པར་གསུངས་ཤིང༌། སྐལ་ལྡན་གྲགས་པས་ཀྱང༌། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ལས་རྙེད་པ་ཞེས་བྱ་བ་སྨོས་ཏེ། དེས་ནི་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་དངོས་སུ་སློབ་མ་ཉིད་དུ་སོ་སོར་བསྟན་གྱི་བརྒྱུད་པས་ནི་མ་ཡིན་ནོ། ཞེས་དང༌། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ས་ར་ཧས་ཀླུ་སྒྲུབ་ལ་བཤད་ཅིང༌། དེས་ཟླ་བ་གྲགས་པ་ལ་བཤད་ཚུལ་ཡོན་ཏན་བརྗོད་པ་དང་བཅས་པ་ཡང་སྒྲོན་མ་རབ་གསལ་ལས། ཀོང་ཀཱ་ན་ཡི་གྲོང་ཁྱེར་དུ། །དཔལ་གྱི་རི་བོའི་རྩེ་མོར་ནི། །སྐྱེ་བོས་དབེན་པའི་གནས་ཉིད་དུ། །དང་པོར་དེ་ལ་གནས་བྱས་ནས། །མི་དང་ལྷ་ཡི་བདག་པོར་མཚུངས། །མཆོག་ཏུ་གྱུར་པའི་ཆོས་གསུངས་པ། །སྒྲ་གཅན་འཛིན་གྱི་ཞལ་སྔ་ནས། །ས་སྟེང་འདི་ལ་རྒྱལ་གྱུར་ཅིག །མཉེས་པ་དེ་ལས་དེ་ཉིད་ནི། །ཐེག་ཆེན་རྣལ་འབྱོར་པས་ཐོབ་པས། །ས་ཐོབ་གཞན་གྱི་དོན་ལ་བརྩོན། །དཔལ་ལྡན་ཀླུ་སྒྲུབ་རྒྱལ་གྱུར་ཅིག །དེ་ལས་དེ་ཉིད་རིན་ཆེན་ནི། །ཐོབ་པས་འཇིག་རྟེན་གསུམ་དུ་གྲགས། །འདུས་པའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཟླ་གྲགས་གསལ་བྱེད་རྒྱལ་གྱུར་ཅིག །ཅེས་གསུངས་ལ་མཁས་པ་ལཀྵ່་ཀ་རའི་སློབ་མ་པཎྜི་ཏ་ཀུ་མཱ་རས་ཀྱང་འདི་དག་གིས་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་སློབ་མ་ཡིན་པ་ཉིད་ཀྱིས་མན་ངག་དང་ལྡན་པ་ཉིད་དུ་རབ་ཏུ་བསྟན་ཏོ། ཞེས་སོ། །དེས་ན་ནཱ་རོ་པ་དང་ཨ་བྷྱཱ་ཀ་ར་དང་ཐུགས་རྗེ་དཔལ་ཞབས་དང་ཁ་ཆེ་ལག་སྨི་དང་ཐུབ་པ་དཔལ་བཟང་པོ་དང་སྐལ་ལྡན་གྲགས་པ་


JLD007_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཀུ་མཱ་ར་དང་ཀུ་ལ་དྷ་ར་དང་ཏ་ཐཱ་ག་ཏ་རཀྵི་ཏ་དང་ལི་ལ་བཛྲ་སོགས་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས་འདུས་པ་བཤད་པ་ཀུན་གྱིས་ཀྱང་ཟླ་བའི་ཞབས་ལ་འཕགས་པ་དང་འདྲ་བར་ཡིད་ཆེས་པའི་གནས་སུ་བྱེད་པ་ཡིན་ནོ། །གསུམ་པ་ནི། འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲང་པའི་འདུས་པའི་སྐོར་རྒྱ་གར་བ་གཞན་གྱིས་མཛད་པ་ལ། རྒྱུད་ཕྱི་མའི་འགྲེལ་པ་གསང་བའི་སྒྲོན་མེ་ཞེས་བྱ་བ་འདི་དཔེ་ཁ་ཅིག་ལས་རྗེ་ནཱ་རོ་པས་མཛད་ཅེས་འབྱུང་ལ། དཔེ་ཁ་ཅིག་ལས་སྙན་གྲགས་བཟང་པོས་མཛད་ཅེས་འབྱུང་ཞིང༌། དེའི་མཇུག་ཏུ་ཀུན་ཏུ་བཟང་པོ་ནམ་མཁའི་སྙིང་པོ་སྙན་གྲགས་བཟང་པོ་ནཱ་རོ་པ་ཡེ་ཤེས་དངོས་གྲུབ་རྩ་བཤད་པ་རྣམས་མཚན་གྱི་རྣམ་གྲངས་ཡིན་ནོ་ཞེས་འབྱུང་བ་སྨྲི་ཏིས་བསྒྱུར་བ་ཞིག་ཡོད་དེ། སྨྲི་ཏི་ནི་ནཱ་རོ་པ་དང་ཡེ་ཤེས་སྙིང་པོ་གཉིས་ཀའི་སློབ་མ་ཡིན་ནོ། །འདུས་པའི་མན་ངག་རིམ་པ་ལྔ་པ་ཞེས་པ་གཞུང་ཆེ་བ་གཅིག་དང༌། དེ་ལས་ཆུང་བ་རིམ་པ་ལྔ་བསྡུས་པ་གསལ་བ་ཞེས་བྱ་བ་ནཱ་རོ་པས་མཛད་ཅིང་མར་པས་བསྒྱུར་ཟེར་བ་གཉིས་སྣང་བའི་དང་པོ་ནི། སྐས་ཀྱི་རིམ་པ་ལྟར་རིམ་གྱིས་འཁྲིད་པ་དབང་པོ་འབྲིང་རྟུལ་གཉིས་ཀྱི་ལམ་དང༌། དབང་རྣོན་ཅིག་ཅར་བའི་ལམ་དུ་འདོད་པ་སོགས་རིམ་ལྔ་དང་སྤྱོད་བསྡུས་དང་འགལ་བའི་ནོར་བ་རགས་པ་དུ་མ་སྨྲ་བ་ཞིག་འདུག་པས་ནཱ་རོ་པ་ལ་བོད་ཁ་ཅིག་གིས་ཁ་གཡར་བྱས་པར་སྣང་ངོ༌། །རིམ་ལྔ་བསྡུས་པ་གསལ་བ་འདི་


JLD007_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་ཀྱི་འདུས་པའི་གདམས་པ་མཚུར་ནས་བརྒྱུད་པ་ལུགས་གཉིས་སྣང་བས་གཉིས་ཀས་ཁུངས་སུ་བྱེད་དོ། །བླ་མ་མར་པའི་གདམས་ངག་ཕལ་ཆེ་བ་ལ་རྒྱ་གཞུང་གི་གཞུང་ཆུང་རེ་འདུག་ལ། རིམ་ལྔའི་གདམས་ངག་ལ་གཞུང་ཆུང་ཟུར་པ་མི་སྣང་ཞིང་འདི་ཉིད་ལ་གཞུང་དུ་བྱེད་པར་སྣང་བ་དང༌། འཕགས་སྐོར་གྱི་གཞུང་ཆེ་བ་རྣམས་ཀྱིའང་དོན་འདྲིལ་བ་ཞིག་སྣང་བས། མར་ལུགས་ཀྱི་རིམ་ལྔའི་གདམས་ངག་གི་རྩ་བའི་གཞུང་དུ་འདོད་པར་བྱའོ། །འདིའི་མཇུག་ཏུ། དཔལ་ལྡན་གསང་བ་འདུས་པའི་རྒྱུད། །འཕགས་པ་ཡབ་སྲས་རིམ་བཤད་པ། །དེ་ཉིད་དགོངས་པ་ནཱ་རོས་རྙེད། །འགྲེལ་པ་མཁན་གྱིས་མི་ཤེས་པས། །རྒྱུད་རྐྱང་བཤད་པ་བསྡུས་པ་ཉིད། །བྱིན་བརླབས་ལམ་འདི་ཐུན་མོང་མིན། །ཞེས་སྒྲོན་གསལ་ལ་ཟུར་ཟ་བའི་ཚིག་འབྱུང་བ་ནི་ནཱ་རོ་པ་ལ་བསྟོད་ར་གཏོང་འདོད་ཀྱང་གཏོང་མི་ཤེས་པ་ཅིག་གིས་བཅུག་པར་སྣང་སྟེ། རྒྱུད་ཕྱི་མའི་འགྲེལ་པར་ནཱ་རོ་པས། ཕྱི་མའི་རྒྱུད་ཀྱི་དོན་གསལ་འདི། །སྒྲོན་མ་གསལ་བའི་རྗེས་འབྲངས་ནས། །ཀླུ་སྒྲུབ་མན་ངག་བཤད་པ་ཡིན། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་འཕགས་པའི་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱའི་བཤེས། །ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །བདག་གིས་བགྱིས་ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་མཚུར་གྱི་སློབ་མ་ཁམས་པ་རོ་མཉམ་རྡོ་རྗེའི་རྒྱུད་རྐྱང་གི་ཊཱིཀྐའི་ལུགས་ལ་མཆོག་ཏུ་


JLD007_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་མང་པོས། སྒྲོན་གསལ་དང་མི་མཐུན་པའི་རྒྱུད་རྐྱང་གི་བཤད་པ་རྣམས་ནཱ་རོ་པའི་ལུགས་མཆོག་ཏུ་སྨྲ་བ་ཡང་བཀག་པར་ཤེས་པར་བྱའོ། །པཎྜི་ཏ་ཨ་ལཾ་ཀ་དེ་བ་ཞེས་ཀྱང་ཟེར་ཨ་ལཾ་ཀ་ཀ་ལ་ཤ་ཞེས་ཀྱང་ཟེར་བས་བཤད་རྒྱུད་རྡོ་རྗེ་འཕྲེང་བའི་ལེའུ་ཞེ་བཞི་པའི་ཕྱེད་ཡན་ཆད་ལ་འགྲེལ་པ་མཛད་པ་ནི་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲང་བའོ། །མདོར་བྱས་ཀྱི་འགྲེལ་པ་རིན་ཆེན་འཕྲེང་བ་ཞེས་པ་ཤནྟི་པས་མཛད་ཟེར་བ་ལ། བོད་ཀྱི་མཁས་པ་དག་ཁ་གཡར་དུ་བཞེད་དེ་མིང་མཐུན་པ་མིན་ན་དེ་ལྟར་རོ། །མདོར་བྱས་ཀྱི་དཀའ་འགྲེལ་བི་བྷཱུ་ཏིས་མཛད་པ་དང༌། མདོར་བྱས་དང་བཅས་པའི་རིམ་ལྔའི་འགྲེལ་པ་ལ་ཨ་བྷྱཱས་མཛད་པའི་ཟླ་བའི་འོད་དང༌། ནག་པོ་དམ་ཚིག་རྡོ་རྗེས་མཛད་པའི་དཀའ་འགྲེལ་དང༌། བྷ་བྱ་ཀཱིརྟིས་མཛད་པའི་དཀའ་འགྲེལ་གསུམ་མོ། །རིམ་པ་གཉིས་པ་མ་གཏོགས་པ་མདོར་བྱས་དང་རིམ་པ་བཞི་པའི་འགྲེལ་པ་རྣལ་འབྱོར་པའི་ཡིད་འཕྲོག་ཐུབ་པ་དཔལ་བཟང་པོས་མཛད་པ་དང༌། རིམ་ལྔའི་དཀའ་འགྲེལ་བརྩོན་འགྲུས་བཟང་པོས་མཛད་པ་དང༌། ཁ་ཆེའི་མཁས་པ་ལག་རྨིས་མཛད་པའི་རིམ་ལྔའི་འགྲེལ་པ་དང༌། སྔར་བཤད་པའི་ཁ་གཡར་བྱས་པ་རྣམས་ཀྱང་འཕགས་སྐོར་རོ། །སྤྱོད་བསྡུས་ཀྱི་འགྲེལ་པ་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་གཉིས་ནི་སྔར་བཤད་ཟིན་ནོ། །སྒྲོན་གསལ་གྱི་འགྲེལ་བཤད་སྒྲོན་མ་རབ་གསལ་དང༌། སྒྲོན་གསལ་གྱི་མདོར་བཤད་སྙིང་གི་མེ་ལོང་དང༌། སྒྲོན་གསལ་གྱི་འགྲེལ་


JLD007_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཐུགས་རྗེ་དཔལ་ཞབས་ཀྱིས་མཛད་པ་དང༌། སྒྲོན་གསལ་གྱི་བཤད་སྦྱར་ཀུ་ལ་དྷ་རས་མཛད་པ་དང༌། སྒྲོན་གསལ་གྱི་དཀའ་བ་བཏུས་པའི་བཤད་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ་འདི་ལེགས་ལྡན་འབྱེད་ཤེས་རབ་སྒྲོན་མེ་རྩོམ་པ་པོ་དང་མིང་མཐུན་པ་ཞིག་གོ །སྒྲོན་གསལ་གྱི་འགྲེལ་བཤད་ཨཱརྱ་དེ་བས་བྱས་ཟེར་བ་ཡང་འཕགས་པ་ལྷ་དང་མིང་མཐུན་པ་ཞིག་སྟེ། སྔོག་ཨ་དེ་བ་མིན་པར་སྣང་ངོ༌། །འདི་དང་ཀླུ་བྱང་ལ་ཁ་གཡར་བའི་འགྲེལ་པ་དོན་གསལ་གཉིས་བོད་མ་ཡིན་པ་འདྲའོ། །དགོངས་པ་ལུང་སྟོན་ནས་གསུངས་པའི་རྡོ་རྗེའི་བཟླས་པའི་བཤད་པ་དང༌། རྒྱན་བདུན་རྣམ་པར་དགྲོལ་བ་ཤྲཱདྡྷས་མཛད་པ་དང༌། སྒྲ་དབྱངས་བཅུ་གཅིག་པས་མཛད་པའི་རྡོ་རྗེ་འཆང་གི་ལམ་རིམ་དང༌། སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པའི་དཀྱིལ་ཆོག་དང༌། དམ་ཚིག་རྡོ་རྗེས་མཛད་པའི་དཀྱིལ་ཆོག་དང༌། རྡོ་རྗེ་སེམས་དཔའི་མཆོད་ཆོག་རྣམས་ཀྱང་འཕགས་སྐོར་རོ། །ས་འདིས་མཁས་གྲུབ་བརྒྱ་སྟོང་གི །རིན་ཆེན་ཁུར་ཆེན་འཛིན་པའི་ཚེ། །འབད་པ་དུ་མས་དེ་རྣམས་ཀྱི། །སྤྱན་སྔར་སོ་སོའི་ལེགས་བཤད་ལེན། །དུས་ཀྱི་དབང་གིས་དེ་ཉམས་ཚེ། །དེ་དག་རྣམས་ཀྱི་ཐུགས་ཀྱི་བཅུད། །ཡི་གེར་བཀོད་པའི་གཞུང་མང་རྣམས། །བླ་མའི་མན་ངག་ལ་བརྟེན་ནས། །ལེགས་པར་སྦྱངས་ཏེ་ལེན་པ་ནི། །དེ་ཡི་དོད་དུ་མཁས་པས་ཤེས། །


JLD007_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་ཡང་དག་ལྟར་སྣང་གི །ལམ་གྱི་དབྱེ་བ་ཇི་བཞིན་ཕྱེད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལྔ་པ་ནི། མངའ་རིས་སུ་དཔལ་ལྡན་ཨ་ཏི་ཤས་སྒྲོན་གསལ་གསུངས་ཤིང༌། དེ་ནས་རིམ་གྱིས་བརྒྱུད་པའི་རིམ་ལྔའི་གདམས་ངག་ཡོད་ལ། སྐྱེས་མཆོག་རིན་ཆེན་བཟང་པོས་རྩ་རྒྱུད་དང་དགོངས་པ་ལུང་སྟོན་སོགས་ཀྱི་རྒྱུད་དང༌། འཕགས་པ་ཡབ་སྲས་ལྔའི་གཞུང་མང་པོ་ལ་གཞི་འགྱུར་མཛད་ཅིང་གཏན་ལ་ཕབ་སྟེ། དེའི་བཤད་སྲོལ་རིང་དུ་མ་བྱུང་བར་འདུག །བླ་མ་མར་པ་ལ་གསང་འདུས་ཀྱི་བཤད་སྲོལ་བདུན་ཡོད་པར་གྲགས་ཤིང༌། ནཱ་རོ་པ་ལ་ཁ་ཆེ་ཨ་ཀ་ར་སིདྡྷི་དང་མཉམ་དུ་སྒྲོན་གསལ་བསླབས་སྣང་ནའང་བོད་དུ་སྒྲོན་གསལ་གྱི་བཤད་པ་མ་ཚུགས་ལ། རིམ་ལྔའི་གདམས་ངག་གི་དར་རྒྱས་ཆེ་བར་བྱུང་ངོ༌། །རྗེ་འགོས་ཀྱིས་རྒྱ་གར་དུ་ལན་བཅུ་གཉིས་བྱོན་ནས་སྤྱིར་པཎྜི་ཏའི་བླ་མ་བདུན་ཅུ་དང་མཁའ་འགྲོ་མའི་བླ་མ་གཉིས་བསྟེན་ཞིང༌། ཁྱད་པར་དུ་འཕགས་ལུགས་ཀྱི་འདུས་པ་རྩད་གཅོད་པ་ལ། བ་ག་ལའི་མཁས་པ་མངོན་ཤེས་ཅན། ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། ཀོད་ནའི་མཁས་པ་སྤྲིན་གྱི་ཤུགས་ཅན། ཁ་ཆེ་ཁྲི་བརྟན་གྱི་མཁས་པ་ཙནྡ་ཧ་རི། འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ་ཛྙཱ་ན་ཀ་ར། བལ་པོ་མཐིལ་གྱི་ཙ་ཧ་དུ། བལ་པོ་རྫོང་གི་ནཱ་ག་ཀོ་ཊི། པཎྜི་ཏ་ས་ར་ཧ་པ། རྡོ་རྗེ་གདན་གྱི་མཁས་པ་ནག་པོ་དམ་ཚིག་རྡོ་རྗེ། བི་ཀ་མ་ལའི་མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་རྣམས་བསྟེན་ཏེ་ཕྱི་མ་གཉིས་


JLD007_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བོད་དུ་གསན་ནོ། །དེ་རྣམས་ལ་འཕགས་སྐོར་ལྔའི་གཞུང་ལ་བརྟེན་པའི་གཞུང་བཤད། དབང་མན་ངག་གི་སྐོར་རྣམས་ལེགས་པར་གཏན་ལ་འབེབས་པ་མཛད་ལ། མངོན་ཤེས་ཅན་དང་བཙུན་མོ་ཅན་དང་ནག་པོ་པ་གསུམ་ལ་མཆོག་གི་བླ་མར་མཛད་ཅིང༌། གཞུང་བཤད་དང་གདམས་པ་ཡང་དེ་གསུམ་གྱི་ལུགས་ལ་གཙོ་བོར་མཛད་དོ། །བླ་མ་འདི་ལ་འདུས་པའི་འཕྲིན་ལས་ཞུགས་པས་སྐུ་ཚེའི་སྟོད་དང་བར་དང་སྨད་ཀྱི་མཁས་པ་བཞི་བཞི་ལ་སོགས་པ་བཤད་སྲོལ་འཛིན་པའི་སློབ་མ་དུ་མ་ཞིག་བྱུང་ཞིང་བཤད་རྒྱུན་ཡང་དེང་སང་གི་བར་དུ་གནས་སོ། །ཛྙཱ་ན་ཀ་ར་ནས་ནག་ཚོ་ལ་བརྒྱུད་པའི་རིམ་ལྔའི་གདམས་ངག་ཀྱང་ཡོད་དོ། །གཞན་ཡང་པ་ཚབ་ལོ་ཙྪ་བས་ཀྱང་གསང་འདུས་འཕགས་སྐོར་ལ་སྦྱངས་ནས་གཞུང་མང་པོ་ལ་འགྱུར་མཛད་པ་དང༌། སྔར་བཤད་པའི་སྒྲོན་གསལ་གྱི་འགྲེལ་བཤད་ལ་སོགས་པ་བསྒྱུར་བའི་ལོ་ཙྪ་བ་དེ་རྣམས་ཀྱིས་ཀྱང་དང་པོར་བཤད་པ་རེ་བྱུང་ཚོད་དུ་འདུག་སྟེ་ཡུན་རིང་བར་མ་བྱུང་འདུག །ཤུད་བུ་ལོ་ཙྪ་བ་དང༌། ཆག་ལོ་ཙྪ་བས་ཀྱང་བོད་དུ་འགོས་ཀྱི་བཤད་སྲོལ་ལ་སྦྱངས་ཤིང༌། པཎྜི་ཏའི་བླ་མ་ལ་ཡང་གཏུགས་ནས་འཕགས་སྐོར་གྱི་བཤད་པ་མཛད་པའི་སྲོལ་ཡོད་དོ། །དེ་ལྟར་རྒྱ་གར་ནས་བོད་དུ་བྱུང་བའི་གསང་འདུས་འཕགས་ལུགས་ལ་རྒྱུད་ཀྱི་བཤད་སྲོལ་གཞན་མང་དུ་སྣང་ནའང་རྗེ་རིན་པོ་ཆེ་འགོས་ཀྱི་བཤད་སྲོལ་ཉིད་དེ་རྣམས་ཀྱི་མཆོག་ཉིད་དུ་མཐོང་ངོ༌། །དྲུག་པ་ལ་གཉིས། ཐེག་པ་ཆེན་པོ་གཉིས་ཐུན་མོང་ངམ་ལམ་སྤྱི་ལ་བསླབ་


JLD007_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང༌། ཐུན་མོང་མ་ཡིན་པའང་བྱེ་བྲག་འདུས་པའི་ལམ་ལ་བསླབ་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཐེག་པ་ལ་ཐོག་མར་འཇུག་པའི་རྟེན་ནི། རྒྱུད་རྡོ་རྗེ་འཕྲེང་བ་ལས། སློབ་མ་ཡོན་ཏན་གང་ལྡན་ན། །རྣལ་འབྱོར་རྒྱུད་ཀྱི་སྣོད་དུ་འགྱུར། །ཞེས་དྲིས་པའི་ལན་དུ། དད་ཅིང་བླ་མ་ལ་ཡང་གུས། །རྟག་ཏུ་དགེ་བའི་ལས་ལ་གནས། །རྟོག་པ་ངན་པ་རྣམ་པར་སྤངས། །ལུང་ནི་མང་དུ་ཐོས་པ་དང༌། །གསོད་པ་དང་ནི་འཚེ་བ་སྤངས། །སེམས་ཅན་རྣམས་ནི་གདོན་པའི་བློས། །ཀུན་ཏུ་བརྩོན་དང་ཡང་དག་ལྡན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །དད་པ་ཆེན་པོའི་སློབ་མ་བཟང༌། །ཞེས་གསུངས་ཤིང༌། སྣོད་རུང་གི་ཡོན་ཏན་དང་མི་ལྡན་པ་ལ་བསྟན་ན་སློབ་མ་འདི་ཕྱིར་ཕུང་བ་དང༌། སློབ་དཔོན་གྱི་རྒྱུད་ལ་ལམ་མྱུར་དུ་སྐྱེ་བ་སོགས་ཀྱི་སྒོ་ནས་དངོས་གྲུབ་འཐོབ་པ་ཡུན་རིང་དུ་འགྱང་བར་གསུངས་ཏེ། དེ་ཉིད་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་གཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལ་འཆི། །འདི་དང་ཕ་རོལ་ཏུ་ནི་ཕུང༌། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་གསུངས་སོ། །དེ་ཡང་སློབ་མའི་ལུས་རྟེན་གྱི་མཚན་ཉིད་རྣམས་གསར་དུ་བསྒྲུབ་མི་དགོས་ཀྱང་བསམ་པའི་རྟེན་གྱི་ཡོན་ཏན་ཆོས་ལ་དད་ཅིང་བླ་མ་ལ་གུས་པ་དང༌། རྒྱུན་དུ་དགེ་བའི་ལས་ལམ་བཅུ་ལ་གནས་པ་དང༌། ལུང་གི་ཆོས་ལ་ཐོས་པ་དང་ལྡན་པ་དང༌། འགྲོ་བ་འདོན་པར་འདོད་


JLD007_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་དྲག་པོས་དེའི་ཀུན་སྤྱོད་ལ་བརྩོན་པ་སོགས་ཀྱི་མཚན་ཉིད་རྣམས་ནི་ལས་དང་པོ་པ་རྣམས་ལ་རང་འཁྲུངས་སུ་མི་འབྱུང་བས་བློ་སྦྱངས་ནས་གསར་དུ་བསྐྱེད་དགོས་ལ། དེ་ཐོག་མའི་སྣོད་རུང་དུ་སྣང་བས་སྔགས་ཀྱི་ཐེག་པར་ཞུགས་ཟིན་ནས་སྐྱེད་པ་མིན་ནོ། །དེའི་ཕྱིར་སྣོད་རུང་གི་ཆོས་དེ་དག་ནི་ཐེག་ཆེན་པ་གཉིས་ཐུན་མོང་བའི་ལམ་ལ་བློ་སྦྱངས་ནས་སྐྱེད་པ་ཡིན་ནོ། །ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང་ཤིན་ཏུ་ཟབ་པ་འདི་དང་གཏིང་དཔག་དཀའ་བ་དང༌། གསང་བ་བས་ཀྱང་ཆེས་གསང་བ་སེམས་ཅན་སྡིག་པ་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི་ནི་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་ཏུ་དཀོན་པ་ཞིག་སྨྲས་ཏེ། འདི་ནི་སྔོན་མ་ཐོས་ན་འདི་སེམས་ཅན་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང༌། གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ་འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱའི། གང་དག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་བལྟར་མི་གཞུག་གོ །


JLD007_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་སྦྱངས་པ་ལ་དབང་བསྐུར་དུ་མི་རུང་བར་གསུངས་ཤིང༌། བླ་མ་ལྔ་བཅུ་པ་ལས་ཀྱང༌། བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་འདི། །ཁ་ཏོན་བྱ་བར་སྦྱིན་པར་བྱ། །དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །ཞེས་བསམ་པ་དག་པ་སྟེ་བྱང་ཆུབ་ཀྱི་སེམས་སྦྱངས་པ་དང༌། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་ལྡན་པ་ལ། བླ་མ་ལྔ་བཅུ་པའི་སྒོ་ནས་སྔགས་ཀྱི་བླ་མ་བསམ་སྦྱོར་གྱིས་བསྟེན་ཚུལ་བྱིན་པའི་འོག་ཏུ་དབང་གིས་སྣོད་རུང་དུ་བྱ་བར་གསུངས་སོ། །སྤྱོད་བསྡུས་ལས་ཀྱང༌། དེའི་རིམ་པ་ཡང་འདི་ཡིན་ཏེ། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ། ཐེག་པ་གསར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་བསླབ་བོ། །ཞེས་འདུས་པའི་ལམ་དུ་འཇུག་པ་ལ་རིམ་གྱི་བསླབ་དགོས་ཀྱི་ཅིག་ཅར་དུ་མ་ཡིན་ནོ་ཞེས་བསྒྲུབས་པའི་འོག་ཏུ་རིམ་གྱིས་སློབ་ཚུལ་ལ། ཐོག་མར་སངས་རྒྱས་ཀྱི་ཐེག་པ་སྟེ་ཐེག་པ་ཆེན་པོའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་གསུངས་སོ། །སྨོན་འཇུག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་སྦྱོང་ཚུལ་ནི། ཇོ་བོ་ཆེན་པོའི་མན་ངག་ལས་འབྱུང་བ་འདི་ཡིན་ཏེ། ཐོག་མར་ཐེག་པ་ཆེན་པོའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཅིག་ལ་བསམ་


JLD007_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྦྱོར་བས་བསྟེན་པ་ཚུལ་བཞིན་དུ་བྱའོ། །དེས་ཀྱང་དལ་བ་དོན་ཆེ་བ་དང་རྙེད་དཀའ་བའི་ཚུལ་བསྟན་ཏེ་བློ་སྦྱངས་པས་དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་ཆེན་པོ་སྐྱེས་པ་ན། སྙིང་པོ་ལེན་པའི་མཆོག་ནི་ཐེག་ཆེན་དུ་འཇུག་པ་ཉིད་མཆོག་ཡིན་ལ། དེའི་འཇུག་སྒོ་ཡང་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཏེ། དེ་ཡང་དག་པ་ཞིག་རྒྱུད་ལ་ཡོད་ན་དེའི་ཐེག་ཆེན་པ་ཡང་བཅོས་མ་མ་ཡིན་པར་འགྱུར་ལ། དེ་ཚིག་ཙམ་དུ་སོང་ན་ཐེག་པ་ཆེན་པོ་པ་ཡང་ཚིག་ཙམ་དུ་འགྲོ་བའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་ཅན་གྱིས་སེམས་དེའི་མི་མཐུན་པའི་ཕྱོགས་རིམ་གྱིས་བསལ་ནས་མཚན་ཉིད་ཚང་བ་ཅིག་བསྐྱེད་པར་བྱའོ། །དེ་ལ་ཡང་ཐོག་མར་ཚེ་འདི་ལ་བློ་མ་བཟློག་ན་ཐེག་པ་ཆེ་ཆུང་གང་གི་ཡང་ལམ་གྱི་གེགས་ཡིན་པས་ཚེ་འདིར་རིང་དུ་མི་གནས་པའི་འཆི་བ་དྲན་པ་དང༌། ཤི་བའི་འོག་ཏུ་ངན་འགྲོར་འཁྱམ་པའི་ཚུལ་རྣམས་བསམས་ནས་ཚེ་འདི་ལ་བློ་བཟློག་པར་བྱའོ། །དེ་ནས་འཇིག་རྟེན་ཕྱི་མའི་ཕུན་ཚོགས་ལ་སྲེད་པའི་བློ་ཡང་འཁོར་བ་མཐའ་དག་གི་ཉེས་དམིགས་ལེགས་པར་བསམས་ཏེ་བཟློག་ནས་ཡིད་ཐར་པ་ལ་ཕྱོགས་པར་བྱའོ། །དེའི་འོག་ཏུ་རང་ཉིད་ཞི་བདེའི་སེམས་བཟློག་པའི་ཕྱིར་དུ་བྱམས་པ་དང་སྙིང་རྗེ་དང་དེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་རིང་དུ་སྦྱངས་ནས་བཅོས་མ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་སྦྱང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཤེས་པར་བྱས་ལ་སློབ་འདོད་བསྐྱེད་དེ། རྒྱལ་སྲས་


JLD007_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱོད་པའི་ཁུར་གཟུང་བར་ནུས་པ་ན། བྱང་སེམས་ཀྱི་སྡོམ་པ་བཟུང་ནས་དེའི་བསླབ་བྱ་ལ་བསླབ་པར་བྱའོ། །དེ་ནས་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པའི་ཁུར་གཟུང་བར་ནུས་པ་ན། བླ་མ་ལྔ་བཅུ་པ་མཉན་ནས་བླ་མའི་བསྟེན་ཚུལ་རྣམས་དག་པར་བྱས་ནས་སྔགས་ལ་འཇུག་པར་བྱའོ། །དེ་ལྟར་བྱེད་པ་ལ་དགོངས་ནས་གསང་འདུས་འཕགས་ལུགས་པ་ཆེན་པོ་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་ཀྱང༌། དེ་ལ་འདི་ཡི་རིམ་པ་ནི། །ཚེས་དང་རྒྱུ་སྐར་སོགས་དགའི་ཚེ། །སློབ་མས་ཐལ་སྦྱར་བཏུད་པ་ཡིས། །སྡིག་པ་ཐམས་ཅད་བཤགས་བྱ་སྟེ། །སྐྱབས་གསུམ་གཟུང་བ་ཉིད་དུ་བྱ། །བྱང་ཆུབ་སེམས་ནི་ལེགས་བསྟེན་ཏེ། །དགེ་བསྙེན་སྡོམ་པ་ཉིད་དང་ཡང༌། །བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། །དེ་ནས་གསོ་སྦྱོང་ཉིད་ཀྱང་བླང༌། །འདི་ཡི་རྗེས་མཐུན་རིམ་པ་ཡང༌། །རྡོ་རྗེ་སློབ་དཔོན་ཚུལ་དམ་པར། །བསྟེན་ཏེ་འདིར་ནི་གཞུང་མངས་པས། །འཇིགས་པའི་ཕྱིར་ནི་མ་བྲིས་སོ། །དེ་ལྟར་བྱས་ནས་བླ་མ་ལ། །བདག་ལ་དབང་བསྐུར་སྩོལ་ཞེས་གསོལ། །ཞེས་དབང་གི་སྔོན་དུ་སོ་ཐར་དང་བྱང་སེམས་ཀྱི་སེམས་བསྐྱེད་དང་སྡོམ་པ་བཟུང་ནས། དེ་ནས་བླ་མ་ལ་དབང་སྐུར་གྱི་དོན་དུ་གསོལ་བ་གདབ་པར་གསུངས་སོ། །དགེ་བསྙེན་དང་དེའི་གསོ་སྦྱོང་བསྙེན་གནས་ནི་ཁྱིམ་པའི་དབང་དུ་བྱས་ཀྱི། སྔགས་ལ་འཇུག་པའི་རབ་བྱུང་གིས་ནི་དགེ་ཚུལ་ལ་སོགས་པའི་སྡོམ་པ་ཡོངས་སུ་དག་པར་བྱ་དགོས་སོ། །འདི་ནི་


JLD007_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་མོ་ལས་ཀྱང་གསུངས་ཏེ། སྲོག་གཅོད་རྐུ་དང་འཁྲིག་པ་དང༌། །རྫུན་དང་མྱོས་བྱེད་རྣམ་པར་སྤང༌། །ཁྱིམ་པའི་སྡོམ་པ་ལ་གནས་ནས། །དེ་ཚེ་རིག་པའི་རྒྱལ་པོ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །སྡོམ་པ་གསུམ་ལ་ཡང་དག་གནས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྡོམ་པ་མཆོག་ཡིན་ནོ། །ཞེས་གསུངས་སོ། །ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པ་སྔར་བཤད་པ་འདི་དག་ལ་ལེགས་པར་མ་སྦྱངས་ན། ཚེ་འདིའི་འཁྲི་བ་མི་ཆོད་པས་ཆོས་བྱེད་འདོད་བརྟན་པོ་མི་འབྱུང༌། དད་པ་ཁ་ཞེ་མེད་པ་མི་སྐྱེ་བས་སྐྱབས་གནས་ལ་བློ་ལིངས་སྐྱུར་མི་འོང༌། ལས་འབྲས་ལ་ངེས་པ་བརྟན་པོ་མི་རྙེད་པས། སྡོམ་པ་གང་གིའང་བསྲུང་སྡོམ་ཞིབ་མོ་མེད་པའི་རྩིང་ཆོས་པར་འགྲོ། འཁོར་བ་ལ་ཞེན་ལོག་རྣལ་མ་མི་སྐྱེ་བས་ཐར་པ་དོན་གཉེར་གོ་བ་ཙམ་དུ་ཟད། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་སྨོན་སེམས་མ་བཅོས་པ་མི་སྐྱེ་བས་ཐེག་ཆེན་པ་མིང་དུ་འགྲོ། བྱང་སེམས་ཀྱི་སྤྱོད་པ་སྤྱི་ལ་སློབ་འདོད་དྲག་པོ་མི་འབྱུང་བས་འཇུག་སྡོམ་རྣལ་མ་མི་སྐྱེ། ཞི་གནས་དང་ལྷག་མཐོང་སྤྱིའི་གོ་བ་རྣམ་དག་མི་འཆགས་པས་ཏིང་ངེ་འཛིན་ཕྲ་མོ་ལའང་འཁྲུལ་ཞིང༌། བདག་མེད་ཀྱི་ལྟ་བ་ལ་ངེས་པ་མི་སྐྱེ་བས་དེ་རྣམས་སུ་མ་སོང་བ་འདོད་ན་ཐེག་ཆེན་གཉིས་ཀྱི་སྤྱིའི་ལམ་ལ་སྦྱང་བར་བྱའོ། །འདི་ནི་རྗེ་བཙུན་བྱམས་པ་ནས་ཐོགས་མེད་དང༌། རྗེ་བཙུན་འཇམ་དབྱངས་ནས་ཀླུ་སྒྲུབ་དང་ཞི་བ་ལྷ་ལ་བརྒྱུད་པའི་ཆུ་བོ་


JLD007_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འདྲེས་ཀྱི་གདམས་པ་རྡོ་རྗེ་ཐེག་པ་དང་ཕར་ཕྱིན་གྱི་ཐེག་པ་གང་གི་སྒོར་འཇུག་ཀྱང་བྱ་དགོས་པར་ཇོ་བོ་ཆེན་པོ་བཞེད་དོ། །འོ་ན་གསང་འདུས་པའི་བོད་ཀྱི་བླ་མ་རྣམས་ཀྱང་བཞེད་དམ་སྙམ་ན། བསྐྱེད་རྫོགས་གཉིས་ཀའི་སྔོན་འགྲོར་སྟོང་པ་ཉིད་རྟོགས་པའི་ལྟ་བ་དང༌། སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱོང་བ་སྔར་དྲངས་པའི་སྤྱོད་བསྡུས་ཀྱི་ལུང་དོན་ཡིན་པར་རྗེ་འགོས་ཀྱིས་ཀྱང་བཤད་ལ། མར་ལུགས་ཀྱི་རིམ་ལྔའི་གདམས་པ་དོན་བཞི་མ་ལས་ཀྱང་ལམ་སྒྲུབ་པའི་རྟེན་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ། ལས་འབྲས་རྣམ་སྨིན་ལ་ཡིད་ཆེས་པ། དགེ་བ་བཅུ་ལ་གོམས་པ། ཐུན་མོང་གི་སྐྱབས་སུ་འགྲོ་བ་སྔོན་དུ་སོང་ནས་སོ་སོར་ཐར་པའི་སྡོམ་པ་བླངས་པ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སྔོན་དུ་སོང་བས་སྨོན་འཇུག་གཉིས་ཀྱི་སེམས་དང་ལྡན་པ། དབང་ཡོངས་སུ་རྫོགས་པའི་རྣལ་འབྱོར་པས་བསྒྲུབ་དགོས་པར་བཤད་ཅིང༌། དེ་དག་གི་སྒོ་ནས་བློ་འཁྲིད་ཚུལ་ཞིབ་ཏུ་སྟོན་པ་ལ་ལམ་རིམ་གྱི་མིང་བཏགས་པ་ཡིན་པས། སྔོན་གྱི་འདུས་པའི་ལམ་ལ་སློབ་པའི་བོད་ཀྱི་བླ་མ་རྣམས་ལ་ལུགས་དེ་མེད་པ་མིན་ནོ། །ལམ་གྱི་ལུས་ཡོངས་སུ་རྫོགས་པ་རེ་ལ་གོ་བ་ལེགས་པོར་ཆགས་ནས་ཉམས་སུ་ལེན་པ་ནི་ལམ་རྫོགས་པར་བགྲོད་པའི་གཞི་ཚང་བར་ཐིངས་པ་ཡིན་པས་གཞན་དང་མི་འདྲ་ལ། ལམ་ཐུན་མོང་བ་ལ་བསླབ་ཚུལ་ནི་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ལ་བཞི། རིམ་གཉིས་ཀྱི་ལམ་གྱི་སྣོད་རུང་དུ་བྱ་བ་དང༌། སྣོད་དུ་གྱུར་ནས་


JLD007_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང༌། དམ་ཚིག་དང་སྡོམ་པ་དག་ནས་ལམ་ཇི་ལྟར་བསྒོམ་པ་དང༌། བསྒོམས་པའི་མཐར་འབྲས་བུ་ཇི་ལྟར་འཐོབ་པའི་ཚུལ་ལོ། །དང་པོ་ནི། རྒྱུད་སྡེ་ནས་གསུངས་ཤིང་ཚད་ལྡན་གྱིས་དེའི་དོན་བཀྲལ་བའི་དབང་གི་ཆོ་གས་སློབ་དཔོན་མཚན་ཉིད་དང་ལྡན་པས་སྣོད་ལྡན་གྱི་སློབ་མ་ལ་དབང་བསྐུར་བས་ནི་སྔགས་ཀྱི་ཆོས་ཀྱི་སྒོ་འབྱེད་ཅིང༌། ལམ་རྒྱུད་ལ་སྐྱེ་བ་དང་འབྲས་བུ་འགྲུབ་པའི་རྟེན་འབྲེལ་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྒྲིག་པ་ཡིན་པས། སྔགས་ལ་འཇུག་པའི་དང་པོའི་སྣོད་རུང་དུ་སོང་ཟིན་པའི་འོག་ཏུ་རྣམ་པར་དག་པའི་དབང་གིས་སྔགས་ཀྱི་ལམ་ཉན་པ་སོགས་ལ་དབང་བའི་སྣོད་རུང་གཉིས་པར་བསྒྲུབ་པར་བྱ་སྟེ། དེའི་ཚུལ་ཡང་གཞན་དུ་བཤད་ཟིན་ཏོ། །གཉིས་པ་ནི། དབང་བསྐུར་བའི་དུས་སུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔང་དུ་བཙུགས་ནས། དེ་དག་གི་སྤྱན་སྔར་སྲུང་བར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྲུང་བའི་ཚུལ་ཤེས་ནས། སྲུང་བ་ཉམས་འོག་ཏུ་ཚུད་པ་ཅིག་ལམ་སྒོམ་པའི་སྔོན་དུ་མེད་དུ་མི་རུང་ལ། དེའི་ཚུལ་ཡང་བླ་མ་ལྔ་བཅུ་པ་དང༌། སྡོམ་པ་གཟུང་བ་དང༌། བསྒྲག་པའི་གཞུང་དང༌། རྩ་ལྟུང་དང་སྦོམ་པོའི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །དབང་རྣམ་དག་དང་དམ་ཚིག་གི་སྐོར་གྱི་ཉམས་ལེན་རྣམས་རིམ་པ་གཉིས་ལ་འཁྲིད་པའི་སྔོན་འགྲོ་


JLD007_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ་ངེས་པ་རྙེད་ན། བླ་མའི་རྣལ་འབྱོར་དང་ཡིག་བརྒྱ་དང་མཎྜལ་སྔོན་འགྲོར་བྱེད་པ་དེའི་ཞར་ལ་འབྱུང་ཞིང༌། ཕྱི་མ་ཙམ་ལ་ངེས་པ་རྙེད་པས་ནི་སྔ་མའི་གོ་བ་ཡང་མི་འཆགས་པར་སྣང་བས་སྔ་མ་ལ་འབད་པར་བྱའོ། །གསུམ་པ་ལ་གསུམ། རིམ་གཉིས་ཀྱི་གོ་རིམ་ངེས་པ་དང༌། གོ་རིམ་ཅན་གྱི་རིམ་གཉིས་བསྒོམ་ཚུལ་དང༌། རིམ་གཉིས་ལ་བོགས་འབྱིན་པའི་ཐབས་སྤྱོད་པའོ། །དང་པོ་ནི། མཆོག་འདོད་པའི་གང་ཟག་གིས་བསྐྱེད་རིམ་མི་སྒོམ་པ་ཡང་མིན་ལ། བསྒོམ་པའི་རིམ་པ་ཡང་སྔོན་དུ་བསྐྱེད་རིམ་ལ་ལེགས་པར་སྦྱངས་ནས་ཕྱིས་རྫོགས་རིམ་ལ་འཇུག་པ་ཡིན་ཏེ། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་རིམ་པ་ངེས་པ་ཅན་དུ་མཛད་ཅིང༌། དེའི་དགོངས་པ་རྒྱས་པར་བཤད་པའི་ཕྱིར་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་ལས་ཀྱང༌། བདག་ཅག་ལྟ་བུའི་སོ་སོ་སྐྱེ་བོ་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་པ་ལ་མངོན་པར་ཞེན་པས། ཡོད་པ་དང་མེད་པ་དང༌། གཅིག་དང་དུ་མ་དང༌། གཉིས་དང་གཉིས་ཀ་མ་ཡིན་པ་དང༌། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང༌། རྟག་པ་དང་ཆད་པ་ལ་སོགས་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུས་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་ལ་ཞུགས་པ་རྣམས་ཀྱིས་རྫོགས་པའི་གོ་རིམས་ཀྱི་ཏིང་ངེ་འཛིན་ལ་སློབ་པ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་བསླབ་པར་


JLD007_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའམ་ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་དག་སྐད་ཅིག་ཙམ་གྱིས་སོ་སོར་སྣང་བར་བགྱི། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིམ་གྱིས་འཇུག་པས་བསླབ་པར་བྱ་ཡི་ཅིག་ཅར་ནི་མ་ཡིན་ནོ། །ཞེས་ཐོག་མ་མེད་པ་ནས་མཐའ་བཞིའི་མངོན་ཞེན་གྱི་བག་ཆགས་ཀྱི་དབང་གིས་ཡུལ་ལ་མངོན་པར་ཞེན་པ་རྣམས་ཀྱིས་རྫོགས་རིམ་ལ་སློབ་པ་ན། ལས་དང་པོ་པའི་ས་ནས་རིམ་གྱིས་བསླབ་དགོས་སམ། ཡང་ན་དེ་འདྲ་མི་དགོས་པར་བླ་མའི་མན་ངག་ཟབ་པ་ཞིག་གིས་ཅིག་ཅར་དུ་བསླབས་པས་ཆོག་འདྲི་བ་ལ། དེའི་ལན་དུ་རིམ་གྱིེས་སློབ་པ་མ་གཏོགས་པ་ཅིག་ཅར་དུ་འཇུག་པའི་སྒོ་མེད་ཅེས་གསུངས་ནས། དེའི་ཤེས་བྱེད་དུ་ལང་ཀར་གཤེགས་པ་དང་དཔའ་བར་འགྲོ་བའི་མདོ་གཉིས་དྲངས་ནས་བསྒྲུབས་སོ། །དེས་ན་ལམ་འདིར་འཇུག་པའི་གདུལ་བྱའི་བཟང་ཤོས་རིན་པོ་ཆེ་ལྟ་བུ་ལ་ཡང་ལས་དང་པོ་པའི་གནས་སྐབས་ཤིག་མེད་ན་ནི་ལམ་ལ་མ་བལྟོས་པར་དང་པོ་ནས་གྲོལ་བའི་སྐྱོན་དུ་འགྱུར་བས་ལས་དང་པོ་པའི་སྐབས་འདོད་དགོས་སོ། །དེ་ལ་ནི་སྤྱོད་བསྡུས་ལས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པ་ལྟར་བྱ་དགོས་སོ། །འོན་ཏེ་སྐྱེ་བ་སྔ་མ་མང་པོར་ལམ་འོག་མ་སྦྱངས་པའི་མཐུ་ལྡན་འགའ་ཞིག་ལམ་འོག་མ་རྣམས་ནས་འཁྲིད་


JLD007_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པར་གོང་མ་ནས་ཁྲིད་པས་ཆོག་པ་ལ་བསམ་ནས་ཅིག་ཅར་བར་སྨྲ་ན་ནི། མཐོང་ལམ་སྐྱེ་བ་ལ་ཚོགས་སྦྱོར་གྱི་ལམ་སྔོན་དུ་འགྲོ་དགོས་མི་དགོས་དཔྱོད་པ་ན། ཚོགས་སྦྱོར་སྔོན་དུ་འགྲོ་མི་དགོས་པའི་རྒྱུ་མཚན་དུ་མཐོང་ལམ་ཐོབ་ཟིན་ནས་སྔོན་དུ་འགྲོ་མི་དགོས་ཞེས་སྨྲ་བ་དང་འདྲ་བས་བཞད་གད་ཀྱི་གནས་སོ། །དེས་ན་ཆུའི་ཕ་རོལ་ཏུ་སླེབ་ནས་གཟིངས་འཇོག་ཀྱང་དེར་སླེབ་སླེབ་ཏུ་བསྟེན་དགོས་པ་ལྟར། རྣལ་མ་མ་བཅོས་པའི་རྫོགས་རིམ་གྱི་རྟོགས་པ་ཐོབ་ནས་བསྐྱེད་རིམ་འདོར་བ་ཡིན་ཀྱང༌། དེ་ཐོབ་པ་ལ་བཅོས་མའི་བསྐྱེད་རིམ་སྒོམ་དགོས་པས་ལས་དང་པོ་པ་ལ་བསྐྱེད་རིམ་ཤིན་ཏུ་བསྔགས་ཤིང་གལ་ཆེ་བ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་བསྒོམ་པ་དང༌། །བཅོས་མ་ཡི་ནི་བཟླས་པ་བྱ། །རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མའི་སྦྱོར་བ་ཕྱི་རོལ་པས། །རྣལ་མའི་སྦྱོར་བ་རྟོགས་གྱུར་པས། །བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་འཇུས་ནས་ནི། །ཆུ་ཡི་ཕ་རོལ་འགྲོ་བར་བྱེད། །ཕ་རོལ་ཕྱིན་ནས་འདོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །དཀྱིལ་འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་བའི་དངོས་ཉིད་རིག་ལ་མིན། །ཞེས་གསུངས་ཤིང༌། གྲོལ་བའི་ཐིག་ལེ་དང་དཔྱིད་


JLD007_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐིག་ལེར་ཡང་དེ་ལྟར་གསུངས་ལ། དེ་རྣམས་སུ་བཅོས་མའི་བྱ་བ་ལ་འབད་པས་ནི་ཐར་པ་མི་འཐོབ་པས་སྡུག་བསྔལ་གྱི་ཉོན་མོངས་པ་འབའ་ཞིག་བྱེད་དོ་ཞེས་གསུངས་པའི་དོན་ནི། རྫོགས་རིམ་མི་སྒོམ་པར་ལམ་དེ་ཙམ་ཞིག་ལ་འབད་ན་དེ་ལྟ་བུར་འགྱུར་ཞེས་པའི་དོན་ཡིན་གྱི། བྱང་ཆུབ་འདོད་པས་དེ་དག་མི་བསྟེན་ཞེས་པའི་དོན་མིན་ཏེ་གཟིངས་ཀྱི་དཔེ་དོན་གྱིས་ཤེས་སོ། །དེས་ན་ཆུའི་ཕ་རོལ་ནས་གཟིངས་འདོར་བའི་ལུང་ཆུའི་ཚུ་རོལ་ནས་འདོར་བའི་ཁུངས་སུ་མ་བྱེད་ཅིག །འོ་ན་རིམ་གཉིས་ཀྱི་གོ་རིམ་རྣམས་ངེས་པར་བྱེད་པ་རྒྱུད་ཀྱི་ལུང་གིས་སྒྲུབ་པར་རིགས་པ་ལ། མདོ་སྡེའི་ལུང་གིས་སྒྲུབ་པ་ཅི་ཡིན་སྙམ་ན། མདོ་སྔགས་གཉིས་ལ་ལམ་མྱུར་བུལ་ཡོད་ཀྱང་ལས་དང་པོ་པའི་ས་ནས་རིམ་ཅན་དུ་འཇུག་དགོས་པར་འདྲ་བ་རྟོགས་པའི་དོན་དུ་མཛད་དོ། །རིམ་གཉིས་རིམ་ཅན་དུ་རྒྱུད་ལས་གསུངས་པ་ནི་རྡོ་རྗེ་འཕྲེང་བ་ལས། དེ་ཚེ་ཐོག་མར་སྦྱོར་བ་དྲུག །རྣལ་འབྱོར་རིག་པས་མཆོག་ཏུ་བསྒྲུབ། །དེ་ནས་དབྱངས་མེད་ཡི་གེ་ཧ། །ཤིན་ཏུ་རྒྱ་ཆེར་བཟླས་པར་བྱ། །ཞེས་གསུངས་ཏེ་རྣལ་འབྱོར་དྲུག་ནི། དང་པོ་སྦྱོར་བ་ལ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་སོགས་བཞི་དང༌། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དྲུག་དང༌། དབྱངས་མེད་ཀྱི་ཡི་གེ་བཟླ་བ་རྡོ་རྗེ་བཟླས་པ་ལ་བཤད་དོ། །གསང་བ་གྲུབ་པ་ལས་ཀྱང༌། དཔལ་ལྡན་འདུས་པ་ཡོངས་གསལ་བར། །འགྲོ་བའི་མགོན་


JLD007_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གང་གསུངས་པའི། །གོང་མ་གོང་མའི་ལམ་ཉིད་ཀྱི། །བསྒོམ་པར་བྱ་བ་བཞི་པོ་ཉིད། །དང་པོར་ཡི་གེ་དགོད་པར་བྱ། །བསྐྱེད་པའི་རིམ་པ་ལ་གནས་པས། །སྒྲུབ་པའི་དབང་པོས་བསྒོམ་བྱ་བ། །གཉིས་པ་རང་གི་རང་བཞིན་ཉིད། །གསུམ་པར་ལྷ་རྫས་མཆོག་གྱུར་པ། །ཡེ་ཤེས་ཕྱག་རྒྱ་རྣམ་པར་བསྒོམ། །བཞི་པ་གོང་མར་གང་བྱ་བ། །ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ། །ཞེས་གསུངས་སོ། །དེ་ལྟར་ལམ་རིམ་གྱིས་བགྲོད་པ་ལ་བརྟེན་ནས་གཙོ་བོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་དུ་ཡོད་པའི་སྐབས་སུ་བསྐྱེད་རིམ་ལ་སོགས་པའི་སྤྲོས་པ་སྒོམ་པ་འགོག་པའི་གཞུང་མང་པོ་དྷོ་ཧ་ལ་སོགས་པར་གསུངས་པ་ལ་འཁྲུལ་ནས། བྲམ་ཟེ་ཆེན་པོའི་ལུགས་ཅིག་ཅར་བ་དང༌། ཀླུ་སྒྲུབ་ཀྱི་ལུགས་རིམ་གྱིས་པར་བྱེད་པར་སྣང་ངོ༌། །དེས་ན་ལམ་འདི་ལ་ཐོག་མར་འཇུག་པའི་རིམ་པ་ལ་དབང་པོ་འབྲིང་རྟུལ་རིམ་གྱིས་པ་དང༌། དབང་པོ་ཤིན་ཏུ་རྣོན་པོ་ཅིག་ཅར་བའི་ལམ་གཉིས་འདོད་པའི་རྣམ་གཞག་ནི་རྒྱུད་དང་ཁུངས་ཐུབ་ཀྱི་གཞུང་མཐའ་དག་དང་འགལ་བའོ། །འདི་དག་གི་རྣམ་གཞག་རྒྱས་པར་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པར་བཤད་ཟིན་ཏོ། །གཉིས་པ་ལ་གཉིས། བསྐྱེད་རིམ་སྒོམ་ཚུལ་དང༌། རྫོགས་རིམ་སྒོམ་ཚུལ་ལོ། །དང་པོ་ནི། རིམ་གཉིས་ཀྱི་སྔོན་འགྲོ་སྔོན་དུ་སོང་བ་དེས་ཐོག་མར་བསྐྱེད་རིམ་སྒོམ་དགོས་ན། བསྐྱེད་རིམ་ཇི་ཙམ་ཞིག་ལ་རིམ་པ་ཇི་ལྟར་


JLD007_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ཅེ་ན། འདི་ལ་གཉིས། བསྐྱེད་རིམ་ཇི་ཙམ་ཞིག་སྒོམ་དགོས་པ་དང༌། རིམ་པ་ཇི་ལྟར་སློབ་པའོ། །དང་པོ་ནི། རྩ་རྒྱུད་ཀྱི་ལེའུ་བཅུ་གཉིས་པར་བསྐྱེད་རིམ་བསྙེན་བསྒྲུབ་ཡན་ལག་བཞིར་བཤད་པའི་དོན། ཡེ་ཤེས་ཀྱི་ས་སྒོམ་པ་ནས་ལས་རྒྱལ་མཆོག་གི་མཐར་ཐུག་པའི་བར་ལ་སྒྲོན་གསལ་གྱིས་བཤད་དོ། །ཡང་ལེའུ་དེ་ཉིད་ལས། ཡང་ན་རྡོ་རྗེ་བཞི་དག་གིས། །བརྟུལ་ཞུགས་བརྟན་པས་བསྙེན་པ་བྱ། །ཞེས་པའི་བསྟན་པའི་བསྐྱེད་རིམ་དེ་བསྐྱེད་རིམ་མདོར་བསྡུས་སུ་སྒྲོན་གསལ་ལས་གསུངས་ཤིང༌། དེ་ནི་རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། །བཞི་པ་ཡེ་གེ་དགོད་པའོ། །ཞེས་གསུངས་པའི་དོན་དུ་བཤད་དོ། །འདིའི་དོན་ནཱ་རོ་པས་ཡེ་ཤེས་ཀྱི་ས་སྒོམ་པ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་བར་ལ་བཤད་པ་ནི་རྡོ་རྗེ་བཞིས་སྐྱེད་རྒྱས་པ་ལ་དགོངས་ལ། མདོར་བསྡུས་པར་གསུངས་པ་ནི་ཡེ་ཤེས་ཀྱི་ས་ནས་རྡོ་རྗེ་དང་པདྨའི་ཡི་གེ་དགོད་པའི་བར་རོ། །དེ་ཡང་དངོས་སུ་གསུངས་པ་ཙམ་ཡིན་པས་དེའི་རྗེས་སུ་ཕྲ་མོ་དང་བཟླས་པ་སོགས་ཀྱང་སྦྱར་དགོས་སོ། །ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས་ཡེ་ཤེས་ཀྱི་ས་སྒོམ་པ་ནས་སེམས་དཔའ་སུམ་རྩེག་གི་བར་གྱི་རིགས་དྲུག་གི་དྲན་པ་གཅིག་པ་བཤད་ནས། དེ་


JLD007_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུན་བཞིར་བསླབས་ན་རྒྱུད་སྨིན་པར་གསུངས་པ་ཡང་སྒྲུབ་ཐབས་མདོར་བསྡུས་འདི་དང་དོན་གཅིག་གོ །སྒྲུབ་ཐབས་ལ་རྒྱས་བསྡུས་གཉིས་སུ་བྱེད་པ་འདི་མ་གཏོགས་པ་འཕགས་པ་ཡབ་སྲས་ཀྱི་གཞུང་ནས་མ་བཤད་དོ། །དེའི་ཕྱིར་ལུགས་འདི་ལ་ཐོག་མར་རྡོ་རྗེ་འཆང་ལྟ་བུའི་དཔའ་བོ་གཅིག་ལ་ཁྲིད་ནས་དེ་ལ་གསལ་སྣང་བརྟན་པ་ན་དེ་ནས་སྒྲུབ་ཐབས་ལྷག་མ་ལ་འཁྲིད་པའི་ཕྱག་ལེན་འདུག་པ་བཞིན་བྱེད་ན་མ་གཏོགས་པ། ལྷ་ཡབ་ཡུམ་ཟུང་གཅིག་ཙམ་ཞིག་བསྒོམས་པས་ནི་རྫོགས་རིམ་གྱི་རྟོགས་པ་རྫོགས་པར་སྐྱེ་བའི་དགེ་རྩ་སྨིན་མི་ནུས་སོ། །དེས་ན་མར་ལུགས་པ་ཁ་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལས་ཚོགས་སྒྲུབ་པ་ལ་དགོས། རྫོགས་རིམ་གྱི་སྔོན་འགྲོ་ལ་སྟོང་པའི་ངང་ལས་ལྷ་ཡབ་ཡུམ་དཀྲོངས་བསྐྱེད་ཙམ་ཞིག་བྱེད་པའི་ཡེ་ཤེས་ཀྱི་སྐུ་སྒོམ་པས་ཆོག་ཟེར་བ་དང༌། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །ཞེས་པས་ཀྱང་དེ་ཙམ་ཞིག་བསྟན་པ་ཡིན་ཞེས་པ་ནི། འཕགས་སྐོར་གྱི་གཞུང་རྣམ་དག་གང་དང་ཡང་མི་མཐུན་ལ། རང་གི་ལུགས་དང་ཡང་འགལ་ཏེ་རིམ་ལྔ་བསྡུས་པ་གསལ་བ་ལས། བསྐྱེད་པའི་རིམ་འདི་ལྷ་ཡི་སྐུ། །རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་མཆོག །རྣམ་པ་མངོན་དུ་བྱེད་པ་གང༌། །ལེགས་པར་བསླབས་པའི་མཐར་ཕྱིན་འགྱུར། །ཞེས་འབྱུང་བས་སོ། །རྫོགས་རིམ་སྒོམ་པའི་སྔོན་འགྲོར་ཡེ་ཤེས་ཀྱི་སྐུ་སྐྱེད་ཅེས་པ་ནི་བསྐྱེད་རིམ་ནས་བརྩམས་ཏེ་སེམས་དབེན་གྱི་བར་ལ་ལྷའི་སྐུ་མེད་པས་


JLD007_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་ནས་ཡེ་ཤེས་ཀྱི་སྐུ་སྐྱེད་པར་སྤྱོད་བསྡུས་ལས་གསུངས་པ་དང་མི་མཐུན་ཞིང༌། ཁྱད་པར་དུ་བསྐྱེད་རིམ་ལ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་སུ་འབྱེད་པ་ནི་ལུགས་འདི་ལ་གནས་མ་ཡིན་པའི་དོགས་པའོ། །མདོར་ན་བསྐྱེད་རིམ་ཇི་ཙམ་ཞིག་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་རྫོགས་པར་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་ཚུལ་ཤེས་ནས། བསྐྱེད་རིམ་མ་མཐའ་ཡན་ཆད་ཅིག་སྒོམ་པ་གལ་ཆེ་ལ། ལེའུ་བཅུ་གསུམ་པ་རྩ་འགྲེལ་ལས་ལས་དང་པོ་པའི་སེམས་གཡེང་བ་སྲུང་བ་ལ་བསྲུང་འཁོར་ཐུན་བཞིར་བསྒོམ་དགོས་པར་ཡང་གསུངས་སོ། །གཉིས་པ་ནི། བསྐྱེད་རིམ་ལ་སློབ་པའི་རིམ་པ་ནི། སྤྱོད་བསྡུས་ལས། སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པའི་ཚེ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ། དེ་ལ་ལོབས་པའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ། དེ་ལ་ལོབས་པའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པར་གསུངས་པ་འདི་ཡིན་ནོ། །འདི་ལ་སྤྱོད་བསྡུས་ཀྱི་འགྲེལ་པར་བསྐྱེད་རིམ་ལ་སྐད་ཅིག་མ་གཅིག་གིས་སློབ་པ་དྲན་པ་གཅིག་པ་དང༌། སྐད་ཅིག་མ་མང་པོས་སློབ་པ་རྟོག་པའི་རྣལ་འབྱོར་དུ་བྱེད་པ་ནི་མི་རིགས་ཏེ། སྒྲོན་གསལ་ལས་རྣམ་སྣང་ལ་སོགས་པ་མངོན་བྱང་ལྔ་ལས་སྐྱེད་པ་དྲན་པ་གཅིག་པར་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས་རྣམ་སྣང་ལ་སོགས་པ་རེ་རེ་སྐྱེད་པ་དྲན་པ་གཅིག་པར་བཤད་པ་ལ་བརྟེན་


JLD007_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཐོག་མར་ལྷ་གཅིག་ལ་སློབ་པ་དྲན་པ་གཅིག་པ་དང༌། དེ་ལ་ལོབས་ནས་སྒྲུབ་ཐབས་ཚང་བ་ལ་སློབ་པ་རྟོག་པའི་རྣལ་འབྱོར་ལ་སློབ་པ་ལ་བྱེད་པ་ཡང་མི་འཐད་དེ། རྣམ་སྣང་ལ་སོགས་པ་དྲན་པ་གཅིག་པར་བཤད་པ་དེ་ལ་ཡང་ལྷག་མོས་ཀྱི་དཀྱིལ་འཁོར་སྒོམ་པར་གསུངས་པའི་ཕྱིར་རོ། །དེས་ན་དྲན་པ་གཅིག་ཅེས་པ་ལྷ་དྲན་ཐེབས་གཅིག་གམ། ལྷ་གཅིག་ཙམ་དྲན་པ་ལ་མི་ཟེར་གྱི་གཅིག་ཏུ་ལྷ་དྲན་པའམ་རང་དང་ལྷ་གཅིག་ཏུ་དྲན་པ་ཡིན་ལ། དེ་ནི་སྤྱིར་ལྷ་ཕྲ་རགས་གཉིས་ཀ་སྒོམ་པ་ལ་འཇུག་ཀྱང༌། འདིར་ནི་རྟེན་དང་བརྟེན་པ་རགས་པའི་ལྷའི་རྣལ་འབྱོར་ཡིན་ནོ། །དེ་ཡང་སྤྱོད་བསྡུས་ལས་གསུངས་པ་ལྟར་འཕོང་སློབ་པས་ཐོག་མར་འབེམ་ཆེན་པོ་ལ་སློབ་ལ། དེ་ལ་བྱང་ནས་ཆུང་བ་ལ་སློབ་པ་དང་འདྲ་བར་ལམ་འདི་ལ་ཡང་བསླབ་པར་གསུངས་པས། བསྐྱེད་རིམ་ལ་སློབ་པ་ན་ཐོག་མར་རགས་པ་གསལ་བར་སྣང་བའི་ཏིང་ངེ་འཛིན་སྐྱེད་པ་ཡིན་ཏེ། དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་དོ། །དེ་ལ་ལོབས་པ་ན་ཐིག་ལེ་ཕྲ་མོའི་ནང་དུ་དཀྱིལ་འཁོར་སྒོམ་པ་ལ་སོགས་པའི་རྟོག་པའི་རྣལ་འབྱོར་ལ་སློབ་པོ། །རྟོག་པའམ་བརྟགས་པའི་རྣལ་འབྱོར་ནི་བསྐྱེད་རིམ་གྱི་སྤྱི་མིང་ཡིན་ཀྱང༌། འདིར་སྤྱི་མིང་ཕྲ་མོའི་རྣལ་འབྱོར་ལ་ཞུགས་པ་སྟེ། ལེའུ་དྲུག་པའི་སྒྲོན་གསལ་དུ་ཕྲ་མོའི་རྣལ་འབྱོར་སྒོམ་པ་ལ་རྟོག་པའི་རྣལ་འབྱོར་ལ་སློབ་པར་གསུངས་པ་བཞིན་ནོ། །ལས་དང་པོ་པའི་ཏིང་ངེ་འཛིན་ནི་རིམ་པ་དང་པོའི་རྣལ་


JLD007_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཡིན་ལ། དེ་ལ་གནས་པ་ནི་དེ་བརྟན་པའམ་མཐར་ཕྱིན་པའོ། །བསྐྱེད་རིམ་ལ་ནི་རྫོགས་རིམ་གྱི་རྟོགས་པ་རྣམས་སྐྱེ་བ་དང་རྗེས་སུ་མཐུན་པའི་རྟེན་འབྲེལ་ཟབ་མོ་རེ་རེ་ཡོད་ཅིང༌། རྒྱལ་བ་སྲས་བཅས་ཀྱིས་རྒྱུད་བྱིན་གྱིས་རློབ་ཅིང་ཚེ་རབས་ཀུན་ཏུ་ལྷག་པའི་ལྷས་རྗེས་སུ་འཛིན་པ་དང༌། སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་ཞིང་མཆོད་བསྟོད་ལ་སོགས་པས་ཚོགས་བདེ་བླག་ཏུ་རྫོགས་པར་བྱེད་པ་དང༌། བགེགས་ཀྱི་གནོད་པས་མི་ཚུགས་ཤིང་ཞི་བ་ལ་སོགས་པའི་དངོས་གྲུབ་མང་པོ་ཚེ་འདི་ཉིད་ལ་སྒྲུབ་ནུས་པ་སོགས་ཀྱི་ཡོན་ཏན་གྱི་ཚོགས་ཆེན་པོ་ཡོད་པས། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཕྲ་རགས་གང་གསལ་བཏབ་ཀྱང་འདོད་པ་བཞིན་འཆར་ཞིང་མི་འདོད་པ་མི་འཆར་བ་དང༌། དེ་ལ་སེམས་རྩེ་གཅིག་ཏུ་ཡུན་རིང་དུ་གནས་པ་བྱུང་བྱུང་གི་བར་དུ་སློབ་པ་ཤིན་ཏུ་གལ་ཆེའོ། །འདིར་མ་བཤད་པ་གཞན་ནི་གཞན་དུ་བཤད་ཟིན་པས་མ་སྤྲོས་སོ། །གཉིས་པ་ལ་གསུམ། སྤྱིར་རྫོགས་རིམ་གྱི་གཙོ་བོ་ཨེ་ཝཾ་གཉིས་ཀྱི་དོན་མདོར་བསྟན་པ། ཨེ་ཝཾ་གཉིས་ཀྱི་དོན་རྒྱས་པར་བཤད་པ་དང༌། བྱེ་བྲག་ཏུ་རྒྱུད་འདིའི་རྫོགས་རིམ་བཤད་པའོ། །དང་པོ་ནི། སྤྱིར་བླ་མེད་ཀྱི་རྒྱུད་ཀྱི་དོན་གྱི་གནད་ཐམས་ཅད་ཨེ་ཝཾ་ལ་སོགས་པ་ཡི་གེ་བཞི་བཅུའི་གླེང་གཞིའི་དོན་དུ་འདུས་ལ། དེའི་དོན་གྱི་གཙོ་བོ་ཡང་ཐོག་མའི་ཡི་གེ་གཉིས་


JLD007_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་དུ་འདུ་བ་ཡིན་ནོ། །དེ་ལ་རྒྱུད་རྡོ་རྗེ་འཕྲེང་བ་ལས། རྒྱུད་དུ་ཐོག་མར་གསུངས་པ་ཡི། །འདི་སྐད་བདག་སོགས་ཇི་ལྟ་བུ། །འདི་སྐད་ཅེས་སོགས་དང་པོའི་ངག །དོན་རྒྱས་པར་ནི་ཇི་ལྟར་འགྱུར། །ཞེས་རྐང་པ་དང་པོ་གཉིས་ཀྱིས་འདུས་པ་ལ་སོགས་པའི་རྒྱུད་དུ་ཐོག་མར་གསུངས་པའི་གླེང་གཞིའི་དོན་ཨེ་ཝཾ་གཉིས་ཀྱི་དོན་དུ་འགྱུར་ཚུལ་དང༌། ཕྱི་མ་གཉིས་ཀྱིས་ཨེ་ཝཾ་ཞེས་སོགས་རེ་རེ་ནས་ཀྱི་དོན་རྒྱས་པར་བཤད་ན་ཇི་ལྟར་འགྱུར་ཞེས་གཉིས་དྲིས་པའི་ཕྱི་མའི་ལན་དུ་ཡི་གེ་རེ་ཚིགས་བཅད་རེས་བཤད་ཅིང༌། དང་པོའི་ལན་དུ་ཨེ་ཝཾ་གྱི་དོན་གསུམ་གསུངས་པ་ནི། ཐོབ་བྱ་འབྲས་བུའི་ཨེ་ཝཾ་དང༌། ཐོབ་བྱེད་ལམ་གྱི་ཨེ་ཝཾ་དང༌། དེ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་མོ། །དང་པོའི་ཨེའི་དོན་ནི། སྟོན་པ་གང་ལ་བཞུགས་ནས་ཆོས་སྟོན་པར་མཛད་པའི་རྟེན་རྒྱུད་ལ་ལར་གསང་བ་ཞེས་དང༌། ལ་ལར་མཁའ་དབྱིངས་ཞེས་དང༌། དེ་བཞིན་དུ་བྷ་ག་དང༌། ཆོས་འབྱུང་དང༌། པདྨ་དང༌། སེང་གེའི་གདན་ཞེས་གསུངས་པ་རྣམས་སོ། །ཝཾ་གྱི་དོན་ནི། སྟོན་པ་ལ་རྡོ་རྗེ་ཅན་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་འཇིགས་བྱེད་དང༌། རྡོ་རྗེ་དབང་ཕྱུག་དང༌། ཧེ་རུ་ཀ་དང༌། དུས་ཀྱི་འཁོར་ལོ་དང༌། དང་པོའི་སངས་རྒྱས་ཞེས་སོགས་ཀྱི་མཚན་གྱིས་རྒྱུད་སོ་སོར་གསུངས་པ་རྣམས་ཡིན་ཏེ། ཨེ་ནི་གསང་བ་མཁའ་དབྱིངས་དང༌། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་


JLD007_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་སོ། །དེའི་ཡང་གསང་བ་ལ་སོགས་པའི་ངེས་དོན་ནི་སྟོང་པ་ཉིད་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངེས་དོན་ནི་ཐུགས་རྗེ་ཆེན་པོ་ཡིན་པས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་སྟོན་པ་ཡིན་ཏེ། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། །གཉིས་སུ་མེད་པའི་མཚོན་བྱེད་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ལ་དེ་བཞིན་གཤེགས་པའི་རྒྱ། །གཉིས་མེད་ཡེ་ཤེས་མཚོན་པ་ནི། །རྒྱུད་ཀུན་གྱི་ནི་གླེང་གཞིར་གསུངས། །ཞེས་སོ། །གཉིས་པའི་ཨེའི་དོན་ནི་ཤེས་རབ་སྟོང་པ་ཉིད་དང༌། ཝའི་དོན་ནི་ཐབས་སྙིང་རྗེ་ཆེན་པོ་གཉིས་ཡིན་ལ། ཐིག་ལེའི་དོན་ནི་ཐབས་ཤེས་དེ་གཉིས་དབྱེར་མེད་དུ་སྦྱོར་བ་དང༌། དེ་ཉིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཁྱབ་པའི་དོན་གྱི་གཙོ་བོ་མདོར་བསྡུས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་རྒྱས་འདེབས་ཀྱི་ཕྱག་རྒྱར་གསུངས་ཏེ་རྡོ་རྗེ་འཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝ་ནི་ཐུགས་རྗེ་དང༌། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང༌། །དེ་སྦྱོར་བ་ཡི་རྨད་མཆོག་གོ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱ་འོ། །རྒྱལ་པོ་ཆེན་པོའི་ཕྱག་རྒྱ་


JLD007_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། །ཞེས་སོ། །དེ་འདྲ་བའི་གཉིས་སུ་མེད་པའི་ཡེ་ཤེས་དེ་རྒྱུད་གང་ལས་བརྗོད་པ་དེ་ལ་ནི་དེ་ཉིད་མཆོག་ཡོད་ལ། དེ་མི་སྟོན་ན་མེད་པ་ཡིན་ཏེ། རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ནི་དེ་བཞིན་གཤེགས་པའི་རྒྱ། །ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་ཉིད་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་མེད། །ཅེས་གསུངས་སོ། །གསང་བ་གྲུབ་པ་ལས་ཀྱང༌། རྒྱུད་ཀྱི་དང་པོར་རྣམ་གནས་པ། །སྙིང་པོ་ལས་ནི་སྙིང་པོ་མཆོག །དེ་ཉིད་བདེ་ཆེན་མགོན་པོ་ཡིས། །གསང་བའི་དེ་ཉིད་ཅེས་བྱར་གསུངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སེམས་ཅན་ཀུན་གྱི་བདེ་འབྱུང་བ། །གསང་བའི་རྟོག་པའི་རྒྱུད་རྒྱལ་པོ། །དཔལ་ལྡན་འདུས་པར་རྣམ་པར་གནས། །ཨེ་ཝཾ་རྣམ་དག་ཡི་གེ་ལ། །ཁམས་གསུམ་པོ་ཀུན་གུས་ཕྱག་འཚལ། །ཞེས་དང༌། ནམ་མཁའི་ཁམས་ཞེས་བྱ་བ་དེར། །ཏིལ་གྱི་གང་བུ་བཞིན་དུ་མཐོང༌། །གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །དེ་བཞིན་གཤེགས་པས་ཡོངས་གང་བ། །ཡི་གེ་དེ་ཡི་དེ་ཁོ་ན། །བསྟེན་པར་བྱས་པའི་ཐབས་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་ཡི་གེ་གཉིས་ཀྱི་དོན་ཉིད་འཚང་རྒྱ་བའི་ལམ་གྱི་སྙིང་པོར་བསྔགས་སོ། །དེའི་ཕྱིར་དེ་ཉིད་ལས། འདིར་ནི་ཡི་གེ་གཉིས་


JLD007_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། །རྒྱུད་ཀྱི་དང་པོར་མེད་མི་འདོད། །ཅེས་བླ་མེད་ཀྱི་རྒྱུད་ཀུན་གྱི་དང་པོ་གླེང་གཞིའི་སྐབས་སུ་ཡི་གེ་གཉིས་ངེས་པར་དགོས་པར་གསུངས་པ་ནི་ཨེ་ཝཾ་ཞེས་པའི་ཡི་གེ་དངོས་སུ་མེད་པ་ལ་ཡང་དེའི་ངེས་དོན་ཡོད་དགོས་པ་ལ་དགོངས་སོ། །གསུམ་པའི་ཨེའི་དོན་ནི་ཡུམ་གྱི་བྷ་ག་རྟེན་དང༌། ཝའི་དོན་ནི་དེ་ལ་བརྟེན་པའི་ཡབ་ཀྱི་རྡོ་རྗེ་དང༌། བརྟེན་པ་རྡོ་རྗེ་ལ་གནས་པའི་ཐིག་ལེ་ནི་སྣ་ཚོགས་པའི་སྤྲུལ་པ་སྟོན་པར་བྱེད་པའི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལ་སོགས་པའི་བདེ་བ་ཀུན་གྱི་གཞི་ཡིན་ཏེ། ཨེ་ནི་བྷ་གའི་མཚན་ཉིད་དེ། །པདྨ་རྟེན་དུ་ཤེས་པར་བྱ། །བརྟེན་པ་རྡོ་རྗེ་ཞེས་ནི་གསུངས། །བརྟེན་པ་རྡོ་རྗེ་འཆང་བ་ཡི། །དེ་ལ་གནས་པའི་ཐིག་ལེའི་གཟུགས། །སྣ་ཚོགས་སྤྲུལ་པ་སྟོན་པར་བྱེད། །བདེ་བ་ཀུན་གྱི་གཞི་ཡི་གནས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་སོ། །དེས་ནི་ཡབ་ཡུམ་གྱི་རྟགས་ཀྱི་ཨེ་ཝཾ་གཉིས་སྦྱར་བ་ལས་ལམ་གྱི་ཨེ་ཝཾ་འདྲེན་པའི་ཐབས་བསྟན་ཏོ། །ནང་གི་རང་གི་ལུས་ལ་གནད་དུ་བསྣུན་པ་ལས་ལམ་གྱི་ཨེ་ཝཾ་འདྲེན་པའི་ཐབས་ལུས་ཀྱི་གནད་ཀྱི་རྟགས་ཀྱི་ཨེ་ཝཾ་ཡང་སཾ་བྷུ་ཊ་ལས་གསུངས་ཏེ། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡིག་རྣམ་པར་ཡང་དག་གནས། །སྙིང་ཁ་མགྲིན་པར་ཡང་དག་གནས། །ཝཾ་གྱི་ཡི་གེ་འདྲ་བར་འདོད། །ཅེས་སྤྱི་བོ་དང་ལྟེ་བའི་རྩ་འཁོར་གྱི་དབྱིབས་ཨེ་གྲུ་གསུམ་གྱི་དབྱིབས་དང༌། སྙིང་ཁ་དང་མགྲིན་པའི་རྩ་འཁོར་གྱི་དབྱིབས་ཝ་ཡིག་ཟླུམ་པོའི་དབྱིབས་སུ་གནས་པ་ཨེ་ཝཾ་


JLD007_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་དུ་བཤད་དོ། །འདིར་རྟགས་ཞེས་པ་ནི་དབྱིབས་ཀྱི་མཚན་མའི་རྟགས་སོ། །དེ་ལྟར་འབྲས་བུའི་ཨེ་ཝཾ་ལེགས་པར་ཤེས་ནས་དེ་ཐོབ་པར་འདོད་པ་ན། དེའི་ཐབས་ལམ་གྱི་ཨེ་ཝཾ་གཉིས་ཀྱི་སྦྱོར་ཚུལ་རྒྱུད་གཉིས་ནས་བཤད་པ་ལྟར་ལེགས་པར་ཤེས་ཏེ། དེ་འདྲེན་པའི་ཐབས་ཕྱིའི་རྟགས་ཀྱི་ཨེ་ཝཾ་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་དང༌། ནང་གི་རྟགས་ཀྱི་ཨེ་ཝཾ་རྩ་འཁོར་གྱི་གནད་དུ་བསྣུན་ཚུལ་ལ། མཁས་པར་བྱས་ནས་ལམ་དེ་འདྲེན་ཐབས་བྱེད་པ་དེར་རྒྱུད་གཉིས་ཀྱི་གནད་མཐའ་དག་འདུ་བས། ཡི་གེ་གཉིས་ཀྱི་དོན་དང་དེའི་ཡན་ལག་ཏུ་རྒྱུད་མཐའ་དག་འགྲོ་ཚུལ་ལེགས་པར་ཤེས་ན། ཡི་གེ་གཉིས་ཀྱི་དོན་གནད་ཀྱི་དོན་ཡིན་པར་རྒྱུད་རྣམས་ལས་མང་དུ་བསྔགས་པ་རྣམས་ཤེས་པར་འགྱུར་རོ། །གཉིས་པ་ལ་གཉིས། ཨེ་ཝཾ་གཉིས་ཀྱི་ངེས་དོན་རྒྱས་པར་བཤད་པ་དང༌། དེ་སྐྱེད་པ་ལ་རྟགས་ཀྱི་ཨེ་ཝཾ་གྱི་སྒོ་ནས་ལུས་ལ་གནད་དུ་བསྣུན་དགོས་པར་བསྟན་པའོ། །དང་པོ་ནི། རྒྱུད་ཀུན་གྱི་གཙོ་བོའི་དོན་ནི་ཨེ་ཝཾ་གྱི་དོན་ཡིན་ལ། དེའི་ངེས་དོན་ཡང་སྟོང་པ་དང་སྙིང་རྗེ་གཉིས་ཡིན་ན་དེ་གཉིས་ཀྱི་དོན་གང་ཡིན་པ་བཤད་དགོས་སོ་ཞེ་ན། འདི་ལ་གཉིས། བདེ་སྟོང་དབྱེར་མེད་ཀྱི་སྟོང་པ་དང་སྙིང་རྗེའི་དོན་བཤད་པ་དང༌། བདེན་གཉིས་དབྱེར་མེད་ཀྱི་སྟོང་པ་དང་སྙིང་རྗེའི་དོན་བཤད་པའོ། །དང་པོ་ནི། ཨེ་ཡིག་དང་ཆོས་འབྱུང་གི་དབྱིབས་གྲུ་


JLD007_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ཡོད་པས་བདག་མེད་པའི་དེ་བཞིན་ཉིད་མཚོན་པར་བྱེད་ལ། དེའི་ཚེ་གྲུ་གསུམ་གྱིས་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡང་མཚོན་པས། ཆོས་རྣམས་ཀྱི་ངོ་བོ་དང་རྒྱུ་དང་འབྲས་བུ་གསུམ་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་དོན་ཨེ་ཡིག་གི་མཚོན་དོན་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་མེད་ན་ཨེ་ཡིག་གི་དོན་མ་ཚང་ངོ༌། །དེ་ཡོད་ཀྱང་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་བདེ་བ་ཆེན་པོ་ཞིག་མེད་ན་ཝ་ཡིག་གི་དོན་མ་ཚང་ངོ༌། །དེ་གཉིས་ཡོད་ཀྱང་སྟོང་ཉིད་ཀྱི་ལྟ་བ་ཞུ་བདེའི་ངོ་བོར་སྐྱེད་པ་དང༌། སྟོང་ཉིད་ཡུལ་དང་བདེ་ཆེན་ཡུལ་ཅན་དུ་བྱས་ནས་དེས་དེ་ཕྱིན་ཅི་མ་ལོག་པར་ངེས་པའི་བདེ་སྟོང་སྦྱོར་མི་ཤེས་ན་ཐིག་ལེའི་དོན་མ་ཚང་བ་ཡིན་པས། བདེ་སྟོང་དབྱེར་མེད་ཀྱི་ཨེ་ཝཾ་གྱི་དོན་ཤེས་པར་འདོད་ན་དེ་རྣམས་ཤེས་དགོས་སོ། །འདི་ལ་གསུམ། སྟོང་པའི་དོན་བཤད་པ་དང༌། བདེ་བའི་དོན་བཤད་པ་དང༌། བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ཚུལ་བཤད་པའོ། །དང་པོ་ལ་གསུམ། འཁོར་བའི་རྩ་བ་ངོས་གཟུང་བ། དེ་འགོག་པའི་བདག་མེད་ཀྱི་ལྟ་བ་འཚོལ་ལུགས་འདྲ་བར་བསྟན་པ། མི་འདྲ་བར་འདོད་པ་དགག་པའོ། །དང་པོ་ནི། སྤྱོད་བསྡུས་ལས། དེ་ལྟར་ན་སེམས་ཅན་དགེ་བའི་


JLD007_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་དང་བྲལ་བས་རང་གི་སེམས་ཇི་ལྟ་བ་ཉིད་ཡོངས་སུ་ཤེས་པ་མ་རྟོགས་པར་ངར་འཛིན་པ་དང་ང་ཡིར་འཛིན་པ་དང་གསོ་བ་དང་གསོག་ལ་བརྟགས་ནས་དགེ་བ་དང་མི་དགེ་བ་ལ་སོགས་པར་བརྟགས་པས་འཁོར་བ་ཐོག་མ་མེད་པ་ནས་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །ཞེས་སེམས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པའི་བདེན་འཛིན་གྱིེས་རྨོངས་པའི་དབང་གིས་གང་ཟག་གི་བདག་དང་བདག་གིར་བཟུང་བ་ལ་བརྟེན་ནས་འཁོར་བར་འཁོར་བ་ཡིན་པར་བརྒྱད་སྟོང་པ་དང་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་སོགས་ཀྱི་མདོས་བསྒྲུབས་ཤིང༌། དེའི་དོན་གསལ་བར་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གལ་ཏེ་འདི་ཀུན་སྟོང་པ་དང༌། །སྐྱེ་མེད་ངོ་བོ་ཉིད་ཡིན་ན། །བདེ་དང་སྡུག་བསྔལ་སོགས་འཇུག་འདིར། །ཇི་ལྟར་ལས་ཀྱིས་འཁོར་བར་འགྱུར། །བདག་ཏུ་རློམ་པར་གྱུར་མ་ཐག །འདོད་ཆགས་ལ་སོགས་དྲི་མ་ཡིས། །བརྟགས་པས་གཞན་གྱི་དབང་གྱུར་པས། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མའི་རྣམ་པར་ཡང་དག་འབྱུང༌། །དེ་ནས་དགེ་དང་མི་དགེའི་ལས། །དེས་ནི་བདེ་འགྲོ་ངན་འགྲོར་སྐྱེ། །ཞེས་པས་བསྟན་པར་གསུངས་སོ། །མགོན་པོ་བདེ་བ་ཆེན་པོའི་སློབ་མ་ཡན་ལག་མེད་པའི་རྡོ་རྗེས་ཀྱང༌། དེ་དག་ལས་ནི་སྐྱེ་བ་དང༌། །འཆི་བ་ལ་སོགས་རབ་རྒྱས་པ། །མི་བདེན་ལ་ཞེན་སེམས་ལྡན་པའི། །ཤིན་ཏུ་སྡུག་


JLD007_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་འཁོར་མོར་འབྱུང༌། །ཤེས་རབ་ཉམ་ཆུང་དེ་དག་གི །ཇི་སྲིད་དངོས་འཛིན་ཆེན་པོ་ཡོད། །དེ་སྲིད་སྲིད་པའི་བཙོན་རར་གནས། །ཞེས་མི་བདེན་པ་ལ་བདེན་པར་ཞེན་པའི་བདེན་འཛིན་གྱི་དབང་གིས་འཁོར་བར་འཁོར་བ་དང༌། བདེན་ཞེན་གྱི་དངོས་འཛིན་ཇི་སྲིད་ཡོད་པ་དེ་སྲིད་དུ་འཁོར་བ་ལས་མི་གྲོལ་བར་གསུངས་སོ། །འདི་ནི་རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་ཕུང་པོ་ལ་བདེན་འཛིན་མ་བཀག་ན་ལས་ཉོན་གྱི་དབང་གིས་སྐྱེ་བ་མི་ལྡོག་པར་གསུངས་པ་དང་འདྲའོ། །གཉིས་པ་ནི། དེའི་ཕྱིར་འཁོར་བའི་རྩ་བ་བདེན་འཛིན་གྱི་བག་ཆགས་ཟད་པར་སྦྱོང་བ་ལ་ཕུང་པོ་རང་བཞིན་མེད་པར་རྟོགས་པའི་སྟོང་ཉིད་རྟོགས་དགོས་པར་མ་ཟད། འཁོར་བར་ལས་ཉོན་གྱི་དབང་གིས་འཁོར་བའི་འཆིང་བ་གཅོད་པ་ལ་ཡང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་མེད་དུ་མི་རུང་བས། འཁོར་བའི་འཆིང་བ་བཅད་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་དོན་དེ་སྔོན་དུ་བསྒོམས་པ་ཡིན་ཏེ། འདི་རྣམས་རྒྱས་པར་གཞན་དུ་བཤད་ཟིན་ཏོ། །དེས་ན་བྱང་ཆུབ་སེམས་འགྲེལ་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་རྟེན་མ་


JLD007_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་པ་དང༌། ཡན་ལག་མེད་པའི་རྡོ་རྗེས་ཀྱང༌། །དེ་ཕྱིར་འགྲོ་བ་གསུམ་པོ་དག །དགའ་བར་བྱེད་འདོད་རང་གི་ནི། །འཁྲུལ་པ་བསལ་བར་འདོད་པ་ཡི། །བཤེས་གཉེན་ཅན་གྱིས་དངོས་འཛིན་སྤོང༌། །ཞེས་གསུངས་པ་ལྟར་མཚན་ཉིད་ཀྱི་ཐེག་པ་པར་མ་ཟད་རྡོ་རྗེ་ཐེག་པར་འཇུག་པས་ཀྱང་། འཁོར་བའི་རྩ་བ་དངོས་འཛིན་སྤོང་བ་ལ་བདག་མེད་པའི་སྟོང་ཉིད་རྟོགས་པའི་ལྟ་བའི་གོ་བ་བཙལ་ནས་དེའི་དོན་བསྒོམ་དགོས་སོ། །དེ་ལྟར་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རྣལ་འབྱོར་གཅིག་གཅིག་ཤེས་བྱས་ནས། །དབེན་པར་སོང་སྟེ་རབ་འབད་ན། །སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ། །ཆོས་བདག་མེད་པར་རབ་བསྒོམ་པས། །ཐམས་ཅད་མཁྱེན་པ་ཁོང་དུ་ཆུད། །ཅེས་རྣལ་འབྱོར་གཅིག་ཤེས་པར་བྱས་ནས་དབེན་པར་བསྒོམས་ན་ཚེ་འདིར་འཚང་རྒྱ་བའི་རྣལ་འབྱོར་ནི་ཆོས་བདག་མེད་པར་སྒོམ་པ་ལ་བཤད་ཅིང༌། དེ་འདྲ་བ་ཤིན་ཏུ་མང་ངོ༌། །དེ་ལྟར་བདེན་འཛིན་སྤོང་བ་དང་བདག་མེད་རྟོགས་པ་ལ་ཡང་བདག་འཛིན་གྱིས་ཇི་ལྟར་བཟུང་བའི་ཡུལ་སུན་ཕྱུང་ནས་མེད་པར་རྟོགས་དགོས་ཀྱི་བདེན་འཛིན་གྱི་ཡུལ་ལ་སེམས་མི་འཕྲོ་བར་བསྡུས་པ་ཙམ་གྱིས་མི་ཆོག་སྟེ། རིགས་པའི་དབང་ཕྱུག་གིས། འདི་ཡུལ་སུན་ཕྱུང་མེད་པར་


JLD007_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་དང༌། འཕགས་པ་ལྷས་ཀྱང༌། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང༌། དབུ་མ་ལ་འཇུག་པ་ལས་ཀྱང༌། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བའི་བློ་ཡི་མཐོང་གྱུར་ནས། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ཏེ། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་སོ། །ཐོག་མར་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པའི་གོ་བ་སྐྱེད་ལུགས་ནི་སྔགས་དང་དབུ་མའི་གཞུང་ནས་བཤད་པ་ལ་ཁྱད་པར་མེད་དེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་དེ་ལྟར་ཀུན་རྫོབ་ཀྱི་རྣམ་པ་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། དེའི་ཕྱིར་དེའི་རང་བཞིན་བརྗོད་པར་བྱའོ། །ཞེས་གསུངས་ནས་དེའི་འོག་ཏུ་གཞན་སྡེ་འདོད་པའི་གང་ཟག་གི་བདག་དང༌། རང་སྡེ་ཉན་ཐོས་སྡེ་པ་གཟུང་འཛིན་ཐ་དད་བདེན་པ་བ་དང༌། རྣལ་འབྱོར་སྤྱོད་པ་བ་འདོད་པའི་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་སེམས་བདེན་པ་པའི་ཆོས་བདག་བཀག་ནས་བདག་མེད་པ་གཏན་ལ་ཕབ་སྟེ། གསང་སྔགས་པས་དོན་དམ་བྱང་ཆུབ་སེམས་བསྒོམ་སྟོབས་ཀྱིས་བསྐྱེད་པ་ལ་སྔོན་དུ་བདག་


JLD007_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ལྟ་བའི་འཚོལ་ལུགས་དབུ་མའི་གཞུང་རྣམས་ནས་འབྱུང་བ་བཞིན་དུ་གསུངས་པའི་ཕྱིར་རོ། །ཉན་ཐོས་སྡེ་པ་དོན་སྨྲ་སྡེ་གཉིས་ཀྱིས་ནི་གཟུང་འཛིན་བདེན་པར་འདོད་ལ། ཉན་རང་འཕགས་པ་ཐམས་ཅད་ཀྱིས་ནི་དེ་ལྟར་མི་བཞེད་ཅིང༌། དེ་དག་གི་ལམ་དུ་ཞུགས་པའི་སོ་སོ་སྐྱེ་བོ་ལ་ནི་ཚུལ་གཉིས་ཀ་ཡོད་པ་རྣམས་ཤེས་པར་བྱའོ། །གསུམ་པ་ནི། འདི་ལ་ཁ་ཅིག་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་པས། བདག་འཛིན་གྱི་ཡུལ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་གཏན་ལ་ཕབ་པའི་སྟོང་ཉིད་སྒོམ་པ་སྔགས་ཀྱི་ལུགས་མིན་ནོ་ཞེ་ན། བདག་མེད་པའི་དོན་ལུང་རིགས་ཀྱིས་ལེགས་པར་གཏན་ལ་ཕབ་པའི་དོན་ངེས་ནས་སྒོམ་པ་ལ་སྙིང་པོ་མེད་པའི་སྒོམ་དུ་འདོད་པ་ཁྱོད་ནི་རྣམ་དཔྱོད་ཅན་ཞིག་གོ །ལུང་དེའི་དོན་ནི་ལེའུ་ལྔ་པའི་འགྲེལ་ཆེན་དྲི་མེད་འོད་ལས། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ། ཆད་པའི་སྟོང་པ་ལས་རིང་དུ་བྱས་པ། ཞེས་གསུངས་པ་ལྟར། དབུ་མ་པའི་རྟགས་ཀྱི་དགག་བྱའི་ས་ཚིགས་ལེགས་པར་མ་ཟིན་པས། ཕུང་སོགས་རྣམས་རིགས་པས་དཔྱད་པ་ན་སྐྱེ་འགག་ལ་སོགས་པ་ཅིར་ཡང་མ་གྲུབ་པ་རང་བཞིན་མེད་པའི་དོན་ནོ་སྙམ་དུ་གོ་བའི་


JLD007_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སྟོང་འགོག་པ་ཡིན་གྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་ཐམས་ཅད་འགོག་པ་མིན་ནོ། །དེ་ལྟ་མ་ཡིན་ན་ལེའུ་གཉིས་པའི་འགྲེལ་ཆེན་དྲི་མེད་འོད་ལས། རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨོ་བཞིན། །ཞེས་གཅིག་དང་དུ་བྲལ་གྱི་རྟགས་དང་ནམ་མཁའི་མེ་ཏོག་གི་དཔེས་རྣམ་ཤེས་ཀྱི་ཕུང་པོ་རང་བཞིན་མེད་པར་དཔྱོད་པ་ལ། དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་པ་དང༌། བདག་མེད་པ་ལ་སོགས་པ་གྲུབ་པའོ། །འདི་ནི་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་ལུང་རྒྱ་ཆེན་པོ་ལས་ཤེས་པར་བྱའོ། །ཞེས་གཞུང་དེར་བདག་མེད་བསྡུས་ནས་གསུངས་པ་དེ་དབུ་མ་ལ་སོགས་པའི་གཞུང་གཞན་ལས་ཤེས་པར་བྱ་དགོས་པར་གསུངས་པ་དང་འགལ་ལ། གཞན་ཡང་འགྲེལ་ཆེན་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་རྒྱུའི་ཐེག་པ་ཕར་ཕྱིན་གྱི་སྟོང་ཉིད་ཀྱི་ལྟ་བ་དང༌། འབྲས་བུའི་ཐེག་པ་སྔགས་ཀྱི་ཐེག་པའི་བདེ་ཆེན་གཉིས་གཅིག་ཏུ་འདྲེས་པར་གསུངས་པའི་ཕྱིར། ཕར་ཕྱིན་གྱི་ཐེག་པ་ནས་གཏན་ལ་ཕབ་པའི་ལྟ་བ་དང་གཏན་


JLD007_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབེབས་ཚུལ་མི་མཐུན་པ་ཞིག་དུས་འཁོར་གྱི་ལུགས་སུ་སྨྲ་བ་ནི་མི་རིགས་པ་ཆེན་པོའོ། །དེ་ལྟར་སྟོང་པ་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པ་རྩ་བའི་རྒྱུད་ཀྱི་སྐབས་མང་པོར་གསུངས་མོད་ཀྱང༌། ལེའུ་གཉིས་པར་རྣམ་སྣང་གིས། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱང་ཆུབ་ཀྱི་སེམས་གསུངས་པའི་སྟོང་པའི་ཆ་གཏན་ལ་འབེབས་པ་བྱང་ཆུབ་སེམས་འགྲེལ་གྱིས་མཛད་དོ། །དེ་ཡང་རྐང་པ་དང་པོས་མུ་སྟེགས་ཀྱིས་བརྟགས་པའི་བདག་བཀག །དེ་ནས་གཉིས་ཀྱིས་དོན་སྨྲ་གཉིས་ཀྱིས་བརྟགས་པའི་གཟུང་འཛིན་ཐ་དད་བདེན་པ་བཀག །དེ་ནས་ལྷག་མས་སེམས་ཙམ་གྱིས་བརྟགས་པའི་སེམས་བདེན་པ་བ་བཀག་པའི་མཐར། དངོས་པོ་ཞེས་བྱ་རྣམ་རྟོག་ཡིན། །རྣམ་རྟོག་མེད་པ་སྟོང་ཉིད་ཡིན། །གང་དུ་རྣམ་རྟོག་སྣང་གྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །རྟོག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱིས་མ་གཟིགས། །གང་ན་བརྟག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །ཞེས་གསུངས་པའི་རྣམ་རྟོག་ནི་དེ་ཉིད་ལས། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིགས་ཤིང༌། །རྟག་ཏུ་


JLD007_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་མཚན་ཉིད་བཞེད། །ཅེས་གསུངས་པའི་གང་ཟག་གི་བདག་ཏུ་རྟོག་པ་ལ་སོགས་པའི་རྟོག་པ་གསུམ་ལ་ཟེར་བ་ཡིན་གྱི་རྟོག་པ་གང་ཡིན་ཐམས་ཅད་ལ་བྱེད་པ་མིན་ནོ། །རྩ་རྒྱུད་ཀྱི་ལེའུ་བཅོ་ལྔ་པར་ཆོས་ཐམས་ཅད་རྨི་ལམ་བཞིན་དུ་གསུངས་པའི་དོན་འགྲེལ་བ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པར་གསུངས་སོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་ཚུལ་ཡང་རྩ་རྒྱུད་ཀྱི་ལེའུ་དགུ་པའི་བཤད་རྒྱུད་དགོངས་པ་ལུང་སྟོན་དུ་རྒྱུ་ལས་འབྲས་བུ་མ་བརྟགས་པར་འབྱུང་མོད་ཀྱང་སོ་སོར་བརྟགས་ན་གང་ནའང་མི་གནས་པའི་ཚུལ་གྱིས་བརྟག་པར་གསུངས་ལ། རྡོ་རྗེ་འཕྲེང་བའི་ལེའུ་བཅུ་དྲུག་པ་ལས་དུས་གསུམ་པོ་རེ་རེ་ལའང་གསུམ་གསུམ་དུ་རིམ་གྱིས་ཕྱེ་ནས་དཔྱོད་པར་གསུངས་སོ། །ཕྱོགས་མཐུན་གྱི་ཐབས་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང་གཟུགས་ཅན་རྣམས་ལ་རྡུལ་གྱི་ཕྱོགས་ཆའི་དཔྱད་པ་དང༌། སེམས་ལ་སྐད་ཅིག་མ་གསུམ་གསུམ་དུ་ཕྱེ་བའི་དཔྱད་པས་སྟོང་ཉིད་གཏན་ལ་འབེབས་པར་གསུངས་པས། ལྟ་བའི་གོ་བ་འཚོལ་ལུགས་ཕར་ཕྱིན་གྱི་ཐེག་པ་བཞིན་དུ་བཤད་དོ། །གསང་བ་གྲུབ་པ་ལས་ཀྱང༌། གཅིག་དང་དུ་མའི་ངོ་བོས་ཁམས་གསུམ་འདི། །དངོས་པོ་རང་བཞིན་མེད་པར་རྣམ་པར་དཔྱད། །ཅེས་དང༌། སྲིད་པའི་རྩེ་མོའི་མཐར་ཐུག་པ། །ཁམས་གསུམ་འདི་དག་ཐམས་ཅད་


JLD007_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །ལམ་གྱི་སོ་སོར་བརྟག་བྱས་ན། །ཕུང་པོ་བདེན་པ་ཡོད་མ་ཡིན། །སུ་ཞིག་གིས་ནི་སོ་སོར་རྟོག །འདིར་ནི་གང་ལ་བརྟག་པར་བྱ། །འབད་པས་དེ་ཉིད་དེ་ཁོ་ན། །ཇི་སྲིད་བར་དུ་བརྟག་བྱས་ལ། །དེ་སྲིད་ཐམས་ཅད་འོད་གསལ་ཏེ། །ཞེས་གསུངས་ཏེ། འདི་ནི་དང་པོར་གོ་བ་འཚོལ་བ་ཙམ་གྱི་སྐབས་མིན་གྱི་ཕྱིས་སྒོམ་པའི་སྐབས་སུ་གསུངས་སོ། །འོན་ཀྱང་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་དགའ་བ་དང༌། སྟོང་པ་བཞི་པ་འོད་གསལ་ཤར་ནས་བདེ་སྟོང་སྦྱོར་བའི་དུས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱོད་པ་འདིར་མི་བྱེད་ཀྱི། མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ་དེ་ལྟར་བྱེད་པའོ། །མོས་སྤྱོད་པས་ལྷག་མཐོང་མཉམ་གཞག་ཏུ་སྐྱོང་བ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་ནས་སྐྱོང་བར་ཕར་ཕྱིན་གྱི་ཐེག་པ་ནས་གསུངས་པ་དང་འདི་གཉིས་མི་འདྲའོ། མདོར་བསྡུ་ན་སྟོང་པའི་ལྟ་བའི་ཕྱོགས་གཞུང་ཆེ་བ་རྣམས་ལས་འབྱུང་བ་ལ་མཆོག་དམན་གྱི་རིམ་པ་བཞི་ཡོད་དེ། འདི་ལྟར་མདོ་སྡེ་པས་གཏན་ལ་ཕབ་པའི་གང་ཟག་གི་བདག་མེད་དབུ་མ་ཐལ་འགྱུར་བ་མ་གཏོགས་པའི་ཐེག་ཆེན་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཀྱང་དེ་དང་མཐུན་པར་ཁས་བླངས་པ་དང༌། རྣལ་འབྱོར་སྤྱོད་པ་པས་གཟུང་འཛིན་རྫས་ཐ་དད་དང༌། ཆོས་རྣམས་ལ་རང་གི་ངོ་བོ་དང་ཁྱད་པར་དུ་བཏགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཀུན་བརྟགས་ཀྱིས་སྟོང་པའི་སྟོང་ཉིད་ཁས་བླངས་པ་དང༌། དབུ་མ་


no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next