Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
   
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JLD007_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱུད་པ་རྣམས་ཀྱིས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཙམ་མི་འགོག་པར་དེ་མིན་པའི་བདེན་གྲུབ་བཀག་པའི་སྟོང་པ་ཉིད་དང། ཐལ་འགྱུར་བ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་བདེན་པ་གཉིས་ཆར་དུ་བཀག་པའི་རང་བཞིན་མེད་པའི་ལྟ་བ་བཞིའོ། །དེ་ལ་སྔགས་བླ་མེད་ཀྱི་ཐེག་པའི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་དབང་དུ་མཛད་ནས་བདེ་སྟོང་སྦྱོར་བར་གསུངས་པའི་སྟོང་ཉིད་ཀྱི་ལྟ་བ་ནི་བཞི་པ་ཡིན་ལ། གདུལ་བྱ་གཞན་གྱི་བདེ་སྟོང་སྦྱོར་བའི་སྟོང་པ་ལ་ནི་སེམས་ཙམ་པ་དང་རང་རྒྱུད་པའི་ལྟ་བ་གཉིས་ཀ་གདུལ་བྱའི་དབང་གིས་འབྱུང་ངོ༌། །དེ་བཞི་ནི་བདག་མེད་པའི་ལྟ་བ་ལ་བལྟོས་ཏེ་ཐ་མ་འབྲིང་རབ་རབ་ཀྱི་རབ་ཡིན་ལ། སྔགས་ཀྱི་གཞུང་འགྲེལ་རྣམས་ལས་སེམས་ཙམ་གྱི་ལྟ་བའི་དབང་དུ་བྱས་ནས་བདེ་སྟོང་སྦྱོར་བའི་འདོད་ལུགས་སྣང་མོད་ཀྱང༌། གང་ཟག་གི་བདག་མེད་སྔར་བཤད་པའི་ལྟ་བ་ཙམ་གྱི་དབང་དུ་བྱས་ནས་དེ་ལྟར་སྦྱོར་བ་ནི་མི་སྣང་ངོ༌། །དེས་ན་བདེ་སྟོང་སྦྱོར་བའི་སྟོང་པ་ལ་ཐ་ནའང་རྣམ་པར་རིག་པ་ཙམ་གྱི་ལུགས་ཀྱི་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་སྟོང་ཉིད་ཙམ་ཞིག་ལ་ངེས་པ་ལེགས་པར་རྙེད་པ་དགོས་ཏེ། འདི་དག་གི་རྣམ་གཞག་ཀྱང་རྒྱས་པར་གཞན་དུ་བཤད་ཟིན་ཏོ། །གཉིས་པ་ནི། འོ་ན་བདེ་སྟོང་སྦྱོར་བའི་བདེ་བ་དེ་ཇི་འདྲ་བ་ཡིན་ཞེ་ན། འདི་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཙམ་ཞིག་བསྒོམས་པས་སེམས་ཤིན་ཏུ་སྦྱངས་པ་སྐྱེས་པ་ན། དེའི་མཐུས་ལུས་ཀྱི་རླུང་རྣམས་


JLD007_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རུང་དུ་སོང་ནས་ནང་དུ་ཕན་འདོགས་པའི་རྣམ་པ་ཅན་གྱི་ལུས་ཤིན་སྦྱངས་སྐྱེ་ལ། དེ་ལ་བརྟེན་ནས་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་ཆེན་པོ་སྐྱེ་བར་རྣལ་འབྱོར་སྤྱོད་པའི་ས་ལས་གསུངས་པ་ནི། ཕྱི་ནང་གཉིས་ཀ་དང༌། ཐེག་པ་ཆེ་ཆུང་གཉིས་ཀ་དང༌། མདོ་སྔགས་གཉིས་ཀའི་ཐུན་མོང་བ་སེམས་མི་རྟོག་པར་འཇོག་པ་རིང་དུ་བསྐྱངས་པ་ཐམས་ཅད་ལ་འབྱུང་བ་ཡིན་ཏེ། དེའི་ཚུལ་ནི་ཤེས་བྱེད་ཀྱི་ལུང་དང་བཅས་པ་བྱང་ཆུབ་ལམ་གྱི་རིམ་པར་བཤད་ཟིན་ཏོ། །དེའི་ཕྱིར་དེ་འདྲ་བའི་བདེ་བ་ཡང་འདིའི་བདེ་བ་མིན་ནོ། །གཞན་ཡང་མཚན་ཉིད་ཀྱི་ཐེག་པར་བཤད་པའི་རླུང་འབྱུང་རྔུབ་སྒོམ་པ་དང༌། བྱ་རྒྱུད་བསམ་གཏན་ཕྱི་མ་དང༌། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་དུ་གསུངས་པའི་རླུང་ཕྱིར་རྒྱུ་བ་བཀག་ནས་ནང་དུ་བཟུང་སྟེ། ལྷའི་རྣལ་འབྱོར་སྒོམ་པའི་སྲོག་རྩོལ་ཞེས་གསུངས་པ་དེ་བསྒོམས་པ་ལ་བརྟེན་ནས་ཀྱང་ལུས་སེམས་ལ་བདེ་བ་ཆེན་པོ་སྐྱེ་བའི་ཏིང་ངེ་འཛིན་སྐྱེ་མོད་ཀྱང༌། ནང་གི་ལུས་ཀྱི་རྩའི་འཁོར་ལོའི་གནད་རྣམས་སུ་གནད་དུ་བསྣུན་པའི་རླུང་གི་རྣལ་འབྱོར་མིན་པས། དེའི་བདེ་བ་ཡང་བླ་མེད་ཀྱི་ཐེག་པར་བདེ་སྟོང་སྦྱོར་བར་བཤད་པའི་བདེ་བ་མིན་པས། རླུང་རྡོ་རྗེའི་བཟླས་པ་དང༌། བུམ་པ་ཅན་གྱི་སྲོག་རྩོལ་རྣམས་དང་མཚུངས་པ་མ་ཡིན་ནོ། །སློབ་དཔོན་སངས་རྒྱས་གསང་བས་རླུང་ཕྱིར་འགྲོ་བ་བཀག་ནས་ནང་དུ་བཟུང་སྟེ་ལྷ་སྒོམ་པ་རྣལ་འབྱོར་རྒྱུད་ལའང་སྦྱོར་བར་བཤད་དོ། །དེ་རྣམས་མ་གཏོགས་པ་ཤེས་རབ་སྙིང་པོའི་འགྲེལ་པར་བུམ་པ་


JLD007_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྒོམ་པར་བཤད་པ་དང༌། རྒྱུད་སྡེ་འོག་མའི་སྐབས་འགའ་ཞིག་ཏུ་ལུས་ལ་གནད་དུ་བསྣུན་ལུགས་འགའ་ཞིག་གིས་བཤད་པ་ནི། མདོ་སྔགས་དང་རྒྱུད་སྡེ་གོང་འོག་གི་ལམ་གྱི་ཁྱད་པར་ལེགས་པོ་མི་ཤེས་པའི་རང་བཟོ་མཁན་གྱིས་བྱས་པ་ཡིན་པས་ཡིད་བརྟན་མི་རུང་ངོ༌། །མདོར་ན་རྣལ་འབྱོར་རྒྱུད་མན་ཆད་ཀྱི་རྒྱུད་སྡེ་གསུམ་དང༌། མཚན་ཉིད་ཀྱི་ཐེག་པར་སྟོང་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་བསྒོམས་པའི་འཇིག་རྟེན་ལས་འདས་པའི་ཟག་མེད་ཀྱི་བདེ་བ་མང་པོ་བཤད་མོད་ཀྱང༌། ལུས་ཀྱི་རྩ་འཁོར་གྱི་གནད་དུ་བསྣུན་པ་ལས་རླུང་དབུ་མར་ཚུད་པའི་དབང་གིས་གཏུམ་མོ་འབར་ནས་བྱང་སེམས་ཞུ་བའི་བདེ་བ་མ་བཤད་པས། བདེ་སྟོང་སྦྱོར་བར་གསུངས་པའི་བདེ་བའི་དོན་མེད་དོ། །མན་ངག་སྙེ་མ་ལས་ཀྱང༌། འོ་ན་བསམ་གཏན་དང་པོ་ཐོབ་པ་རྣམས་ཀྱང་འཁོར་ལོས་སྒྱུར་བ་རྣམས་བཞིན་དུ་བདེ་བར་ཉེ་བར་བསྟན་ན། བདག་མེད་པ་ཉིད་གཉིས་ཀ་རབ་ཏུ་རྟོགས་པ་ན་ལྟ་ཅི་སྨོས། དེ་ལྟར་ནི་རབ་ཏུ་དགའ་བ་ལྷག་པ་ཉིད་ལས་ས་དང་པོ་རབ་ཏུ་དགའ་བའ་ཞེས་བརྗོད་པར་བྱ་བས་སོ་ཞེ་ན། བདེན་ཏེ། འདི་ལྷན་ཅིག་སྐྱེས་པའི་བདེ་བ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ཡིན་ཞིང༌། ལས་དང་པོ་པའི་གནས་སྐབས་སུ་ཐབས་སུ་གྱུར་པ་ཡང་མ་ཡིན་ཏེ། ཁབ་ཀྱི་བུ་ག་ནི་ནམ་མཁའི་བུ་གའོ་ཞེས་པ་ཁོ་ནས། ནམ་མཁའ་དང་ཡང་མཉམ་པར་འགྱུར་བ་མ་ཡིན་པས་སོ། །ཞེས་བདག་མེད་གཏན་མ་རྟོགས་པའི་བསམ་


JLD007_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་པོ་ཐོབ་པ་ལ་ཡང་བདེ་བ་རྒྱ་ཆེན་སྐྱེ་བར་གསུངས་ན། བདག་མེད་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཡུན་དུ་མའི་བར་དུ་སྒོམ་པའི་ཕར་ཕྱིན་གྱི་ཐེག་པ་པ་ལ་སྟོང་ཉིད་བསྒོམས་པའི་བདེ་བ་ཆེན་པོ་སྐྱེ་བ་ལྟ་ཅི་སྨོས། ས་དང་པོ་རབ་ཏུ་དགའ་བ་ཞེས་པ་ཡང་ས་དེར་བདེ་བ་ཤིན་ཏུ་ལྷག་པས་དེ་ལྟར་བཏགས་པས་ན། བླ་མེད་ཀྱི་ཐེག་པ་བདེ་བའི་སྒོ་ནས་ཕར་ཕྱིན་གྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་མ་ཡིན་ནོ་སྙམ་པའི་རྩོད་པ་བཀོད་པའི་ལན་དུ་སྟོང་ཉིད་བསྒོམས་པའི་བདེ་བ་ཆེན་པོ་ཡོད་པ་བདེན་ཡང༌། དེ་ལྷན་ཅིག་སྐྱེས་པའི་བདེ་བ་མིན་པས་བླ་མེད་དུ་གསུངས་པའི་བདེ་བ་ཆེན་པོ་མིན་ལ། ཕར་ཕྱིན་གྱི་ཐེག་པར་ལས་དང་པོ་པའི་སྐབས་སུ་ལྷན་ཅིག་སྐྱེས་པའི་བདེ་བ་དངོས་སུ་འདྲེན་པའི་ཐབས་ཀྱང་མ་གསུངས་པས། བདེ་བ་ཆེན་པོའི་སྒོ་ནས་མཆོག་ཏུ་མ་གྱུར་པ་མིན་པར་གསུངས་སོ། །ཡང་དེ་ཉིད་ལས། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ཞེས་གསུངས་སོ་ཞེ་ན། འདི་གསུངས་མོད། འདིའི་ཐབས་བསྟན་པ་ནི་མ་ཡིན་ཏེ། ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་དེ་ཡང་རིམ་པ་འདི་ཁོ་ནས་རྟོགས་པར་བྱའོ། །ཞེས་ཕར་ཕྱིན་གྱི་ཐེག་པར་འབྲས་བུ་བྱང་ཆུབ་ཀྱི་བདེ་བའི་ཐབས་རྒྱུ་ལམ་གྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མ་བསྟན་པས། འབྲས་བུའི་སྐབས་སུ་བདེ་བ་ཆེན་པོ་བཤད་དུ་ཆུག་ཀྱང༌། ཐེག་པ་གཉིས་ཁྱད་


JLD007_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཆེ་བར་གསུངས་སོ། །གསང་བ་གྲུབ་པ་ལས་ཀྱང༌། དེ་ཡང་དེ་ཉིད་རྒྱུད་གནས་པར། །དཔལ་ལྡན་གསང་བ་འདུས་པར་གསལ། །སྤྲོས་པ་དུ་མ་རྒྱས་འགྱུར་བ། །གཞན་དུ་སྦས་ནས་བསྟན་པ་ཡིན། །བྱ་བ་སྤྱོད་པའི་དབྱེ་བ་ཡང༌། །མདོ་སྡེའི་སྡེ་སྣོད་ལ་སོགས་སུ། །མཆོག་ཏུ་དགའ་བ་གཅིག་པུ་ཉིད། །རྣམ་པ་དུ་མར་རྣམ་པར་གནས། །ཕུང་པོ་རིན་ཆེན་སྣོད་ཉིད་དུ། །སེམས་ཅན་བསམ་པའི་བྱེ་བྲག་གིས། །དེ་ཉིད་འབད་པས་སྦས་མཛད་ནས། །སངས་རྒྱས་མགོན་པོས་རྣམ་པར་བཞག །ཅེས་ལྷན་ཅིག་སྐྱེས་དགའི་དེ་ཉིད་དེ་རྒྱུད་སྡེ་འོག་མ་དང་མདོ་སྡེ་རྣམས་སུ་མ་བསྟན་པར་སྦས་པར་གསུངས་སོ། །དེས་ན་མཆོག་ཏུ་དགའ་བ་གཅིག་པུ་ཉིད་དེ་རྣམས་སུ་རྣམ་པ་དུ་མར་གནས་པར་གསུངས་པ་ནི། མཆོག་ཏུ་དགའ་བ་དེ་ཉིད་ལ་རིམ་གྱིས་བཀྲི་བར་བཞེད་ནས་རྣམ་པ་མི་འདྲ་བ་དུ་མར་གསུངས་ཞེས་པའི་དོན་ཡིན་གྱི། དེ་ཉིད་དེ་རྣམས་སུ་སྟོན་པ་མིན་ཏེ། གཞན་དུ་ན་དེ་རྣམས་སུ་དབང་གོང་མ་རྣམས་ཀྱང་གསུངས་དགོས་ཏེ། གསང་བ་ལ་སོགས་པའི་དབང་མ་བསྐུར་བ་ལ་བདེ་བ་ཆེན་པོའི་དེ་ཉིད་སྟོན་པ་བཀག་པའི་ཕྱིར་རོ། །དེ་ལྟར་ལྷན་ཅིག་སྐྱེས་པའི་བདེ་བ་ཐེག་པ་གཞན་དང་རྒྱུད་སྡེ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམ་པར་སྟོན་པ་འདི་བླ་མེད་ཀྱི་རྒྱུད་དང་དེའི་དགོངས་འགྲེལ་ཚད་ལྡན་ཐམས་ཅད་ནས་བཤད་མོད་ཀྱང་ཚིག་མང་དུ་དོགས་པས་མ་བྲིས་སོ། །དེ་ལྟར་ན་སྟོང་ཉིད་ཕྱིན་ཅི་མ་ལོག་པར་ངེས་ནས་བསྒོམ་པའི་


JLD007_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཀྱི་བདེ་བ་ཡིན་ཀྱང་ལྷན་ཅིག་སྐྱེས་པའི་བདེ་བ་མིན་པ་དུ་མ་ཞིག་ཡོད་པ་ནི་ཚུལ་འདིར་སྦྱངས་པ་ཞིག་ཡིན་ན། ཕར་ཕྱིན་གྱི་ཐེག་པ་ལ་གོ་བ་རགས་པ་ཆགས་ནས་ཤེས་ལ། ཡང་དེ་འདྲ་བ་དེ་ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པ་དང་འབྲེལ་བར་འཇུག་པ་ཡིན་ཀྱང་བླ་མེད་ཀྱི་རྫོགས་རིམ་གྱི་དོན་མེད་པ་ནི་རྒྱུད་སྡེ་འོག་མའི་གཞུང་ལ་གོ་བ་རགས་པ་ཆགས་ནའང་ཤེས་པར་ནུས་མོད་ཀྱང༌། བློ་གྲོས་ཀྱི་ནུས་པ་ཤིན་ཏུ་ཞེན་པའི་སྐབས་སུ་འདུག་པས། སྔར་བཤད་པའི་བདེ་བ་དང་པོ་ཙམ་ལའང་བླ་མེད་ཀྱི་བདེ་སྟོང་སྦྱོར་བའི་བདེ་ཆེན་དུ་འཛིན་པ་ཤིན་ཏུ་མང་བར་སྣང་ངོ༌། །དེ་ལྟར་ན་བདེ་སྟོང་སྦྱོར་བར་གསུངས་པའི་བདེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ལ། དེ་ཐོག་མར་སྐྱེ་བ་ནི་རོ་རྐྱང་གི་རླུང་ཨཱ་ཝ་དྷཱུ་ཏཱིར་བཙུད་པའི་དབང་གིས་གཏུམ་མོ་སྦར་བས་བྱང་སེམས་བཞུས་པ་ལས་སྐྱེ་ལ། དེའི་བདེ་བ་དང་སྔར་བཤད་པའི་བདེ་བ་རྣམས་བདེ་བ་ཙམ་དུ་མཚུངས་ཀྱང༌། དོན་ཤིན་ཏུ་ཁྱད་ཆེ་བས་མ་འཁྲུལ་བར་སོ་སོར་ཕྱེད་པར་བྱའོ། །དེ་ལ་ནི་ཐེག་པ་འདིར་དམིགས་པ་མེད་པའི་སྙིང་རྗེ་ཞེས་ཀྱང་གསུངས་ཏེ། མན་ངག་སྙེ་མ་ལས། ཐབས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འགྲོ་བའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་གསུངས་ཏེ། དེ་ལྟར་གསུངས་པ་མང་ངོ༌། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་དམིགས་མེད་ཀྱི་སྙིང་རྗེའི་བདེ་བ་དང་སྟོང་པ་གཉིས་དབྱེར་མེད་དུ་སྦྱོར་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ནི་དཔལ་


JLD007_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་བྷུ་ཊ་ལས། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟའ། །ཞེས་གསུངས་ཤིང༌། དེའི་དོན་ཐབས་ཤེས་གཏན་ལ་དབབ་པ་གྲུབ་པ་ལས་ཀྱང༌། ཤེས་པ་ཤེས་བྱར་རབ་ཕྱེ་སྟེ། །སྦྱོར་བས་ཡོངས་སུ་བརྟགས་ན་ནི། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཤེས་རབ་དེ་ཉིད་དུ་ནི་བརྗོད། །མ་ལུས་སྡུག་བསྔལ་རྒྱ་མཚོ་དང༌། །སྡུག་བསྔལ་རྒྱུ་ལས་དོན་གང་ཡིན། །སྙིང་རྗེ་སེམས་ཅན་ལ་ཆགས་པས། །འདོད་ཆགས་ཞེས་ནི་བྱ་བར་གྲགས། །ཞེས་གཟུགས་དང་སེམས་སོ་སོར་ཕྱེ་ནས་བརྟགས་པས་རང་བཞིན་མེད་པར་ངེས་པ་ཤེས་རབ་དང༌། ཐབས་གང་ལས་འགྲོ་བའི་དོན་འབྱུང་བའི་ཆགས་པ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་བ་ལ་སྙིང་རྗེར་བཤད་ནས། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམ་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་གྲགས། །ཞེས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་སྦྱོར་བར་གསུངས་པ་ལྟར་བྱེད་པའོ། །དེ་ཡང་བདེ་བ་དང་དེའི་ཆོས་ཉིད་ངོ་བོ་དབྱེར་མེད་ནི་ཆོས་ཅན་གྲུབ་ཙམ་ནས་རང་གི་སྟོང་ཉིད་དང་ངོ་བོ་དབྱེར་མེད་དུ་གྲུབ་ཟིན་པས། དེ་རྣལ་འབྱོར་དབྱེར་མེད་དུ་བྱ་མི་དགོས་ལ། དེ་བཞིན་དུ་སྟོང་ཉིད་རྟོགས་པའི་བློ་གཞན་ཞིག་ལ་བདེ་བས་


JLD007_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདེབས་པ་དང༌། བདེ་བ་བསྐྱེད་པའི་འོག་ཏུ་སྟོང་ཉིད་ཀྱི་ལྟ་བ་གཞན་ཞིག་གིས་རྒྱས་འདེབས་པ་ཡང་མིན་ཏེ། དེ་ལ་ནི་དཔེར་ན་སྦྱིན་སོགས་བདག་མེད་པའི་ལྟ་བས་ཟིན་ཡང་སྦྱིན་སོགས་དེ་ཉིད་ལྟ་བ་དེའི་ངོ་བོར་མི་སྐྱེ་བ་ལྟར། སྟོང་ཉིད་རྟོགས་པ་དང་བདེ་བ་གཉིས་ཕན་ཚུན་གཅིག་གཅིག་གི་ངོ་བོར་མ་སོང་བའི་ཕྱིར་རོ། །འོ་ན་ཇི་ལྟར་བྱེད་སྙམ་ན། ཡུལ་ཅན་ཤེས་པ་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོར་སྐྱེས་པ་དེས། ཡུལ་སྟོང་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡུལ་ཡུལ་ཅན་དུ་སྦྱོར་བ་ཉིད་བདེ་སྟོང་དབྱེར་མེད་དུ་སྦྱོར་བའོ། །དེ་ཡང་དོན་གྱི་ལྷན་སྐྱེས་ཀྱི་དུས་སུ་ཡུལ་ཡུལ་ཅན་གཉིས་འོ་མ་ཆུ་ལ་ཞུགས་པ་བཞིན་དུ་རོ་གཅིག་ཏུ་གྱུར་ནས་གཉིས་སྣང་ཕྲ་མོ་ཡང་དག་པ་ཡིན་ལ། དོན་གྱི་ལྷན་སྐྱེས་མ་སྐྱེས་པའི་གོང་དུ་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པས་དེ་ཁོ་ན་ཉིད་ལ་མོས་པ་ཡིད་བྱེད་ཀྱིས་འཇུག་དགོས་པའི་ཕྱིར་རོ་གཅིག་པར་མོས་པ་ཙམ་མོ། །ཡུལ་སྟོང་པ་ཉིད་དང་གཉིས་མེད་དུ་སྦྱོར་ཚུལ་དེ་ལྟར་ཡིན་པས་སྟོང་ཉིད་རྟོགས་པའི་བློ་དང་བདེ་བ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་ཚུལ་ནི་བློ་གཉིས་ངོ་བོ་ཐ་མི་དད་ཀྱི་གྲུབ་སྡེ་གཅིག་ཏུ་སྐྱེས་པའོ། །སྟོང་ཉིད་ཀྱི་གོ་བའི་ཕུ་ཐག་གཅོད་ལུགས་དབུ་མ་ནས་འབྱུང་བ་ལས་ལྷག་པོ་མེད་པས། ཐེག་པ་འདི་དང་ཕར་ཕྱིན་གྱི་ཐེག་པ་གཉིས་སྟོང་ཉིད་ཀྱི་ལྟ་བ་ལ་མཆོག་དམན་མེད་དོ། །ངེས་རྒྱུའི་དོན་གཅིག་ཡིན་ཀྱང་ངེས་བྱེད་ཀྱི་བློ་ལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ངེས་པའི་སྟོབས་འདྲ་བ་ཡུལ་ཅན་གཞན་གང་གིས་ངེས་པ་ལ་


JLD007_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས། སྟོང་པ་ལ་ཁྱད་མེད་ཀྱང་ཐབས་བདེ་བས་ཁྱད་པར་དུ་འཕགས་པར་གསུངས་སོ། །བདག་མེད་པའི་སྟོང་ཉིད་ཕུ་ཐག་ཆོད་པ་མ་ངེས་ན་འཁོར་བ་ལས་མི་གྲོལ་ལ། ངེས་བྱེད་ལྷན་ཅིག་སྐྱེས་པའི་བདེ་བ་མ་སྐྱེས་ན་སྔགས་ཀྱི་ལམ་མཆོག་གི་གནད་མེད་པས་རེ་རེས་མི་ཆོག་གི་གཉིས་ཀ་དགོས་པར་གསུངས་ཏེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པས། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང༌། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་ཏེ་དྷོ་ཧ་ལས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལམ་གྱི་སྙིང་པོར་འཆད་པས། འདིའི་སྙིང་རྗེ་ཡང་ལྷན་སྐྱེས་ཀྱི་བདེ་བ་ཡིན་ནོ། །སྔར་བཤད་པ་ལྟར་གྱི་ལྷན་སྐྱེས་ཀྱི་བདེ་བ་སྐྱེས་པ་ན་རྣམ་རྟོག་རགས་པ་རྣམས་ལོག་ནས་སེམས་གཡོ་མེད་དུ་གནས་པ་ངང་གིས་འབྱུང་བས། བདེ་བ་ཉིད་ཡུལ་གང་ལ་ཡང་མི་འཕྲོ་བར་མི་རྟོག་པ་སྒོམ་པ་ཙམ་སྟོང་པ་སྒོམ་པའི་དོན་ཡིན་ན། བདེ་བ་འབའ་ཞིག་བསྒོམས་ན་འཁོར་བ་ལས་མི་གྲོལ་བར་འཆད་པ་མི་རིགས་པས། བདག་མེད་པའི་དོན་ལེགས་པར་གཏན་ལ་ཕབ་པའི་ངེས་ཤེས་སྐྱོང་དགོས་སོ། །གཉིས་པ་ནི། གལ་ཏེ་ལྷན་སྐྱེས་ཀྱི་བདེ་བས་བདག་མེད་པའི་དོན་ངེས་པར་བྱས་པའི་ངེས་ཤེས་སྐྱོང་བ་སྟོང་ཉིད་སྒོམ་པ་ཡིན་ན། སཾ་བྷུ་


JLD007_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཊ་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤང༌། །ཞེས་སྟོང་མི་སྟོང་གང་དུ་ཡང་བཟུང་ནས་བསྒོམ་པར་མི་བྱ་བར་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དེའི་དོན་ནི་མན་ངག་སྙེ་མ་ལས་འདི་ལྟར་བཤད་དེ། གཟུགས་ལ་སོགས་པ་རྣམས་དོན་དམ་པར་ཡོད་པས་སྟོང་པས་རྟག་པའི་མཐའ་སྤངས་ཤིང༌། ཀུན་རྫོབ་ཏུ་ཡོད་པས་མི་སྟོང་པས་ཆད་པའི་མཐའ་སྤངས་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་པས་སྟོང་པ་དང༌། དོན་དམ་དུ་ཡོད་པས་མི་སྟོང་པར་བཟུང་ནས་སྒོམ་པ་བཀག་པ་དང༌། གཟུགས་སོགས་དོན་དམ་པར་རང་བཞིན་མེད་པ་ཉིད་ཀུན་རྫོབ་ཏུ་གཟུགས་སོགས་ཀྱི་ངོ་བོ་ཡིན་པས། དོན་དམ་པར་སྟོང་པ་དང་ཀུན་རྫོབ་ཏུ་མི་སྟོང་པའི་ངོ་བོ་སྤོང་བ་མི་རིགས་པར་བཤད་དོ། །དེས་ན་དོན་དམ་པར་མི་སྟོང་པར་འཛིན་པ་དང༌། ཐ་སྙད་དུ་མེད་པའི་སྟོང་པར་བཟུང་བ་ལས་མཐར་འཛིན་གྱི་རྟོག་པ་ཀུན་སྐྱེ་ལ། དོན་དམ་པར་སྟོང་པ་སྤངས་ན་རྟག་མཐར་ལྟུང་བའི་ཀུན་རྟོག་དང༌། ཐ་སྙད་དུ་མི་སྟོང་པ་སྤངས་ན་ལས་འབྲས་ཆད་པར་འཛིན་པའི་ཀུན་རྟོག་སྐྱེ་བ་གཞུང་གི་དོན་ཡིན་གྱི། ཁྱེད་ཅག་འཆད་པ་ལྟར་མིན་ཏེ། ལུང་དེའི་གོང་དེ་ཉིད་དུ། ཆོས་དབྱིངས་ཤིན་ཏུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་གཟུང༌། །


JLD007_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྙིང་པོ་མེད་པར་གཟུང་བར་གསུངས་པའི་ཕྱིར་དང༌། ཡང་དེ་ཉིད་ལས། སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང༌། །རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་འདོད་པས། །སེམས་ནི་བརྟན་པར་བྱས་ནས་འབད་པས་དཔྱད། །དེ་ཡི་རང་བཞིན་དངོས་པོ་མེད་པར་བྱ། །ཞེས་འབད་ནས་དཔྱད་དེ་རང་བཞིན་མེད་པར་ངེས་པར་བྱེད་པ་སྡུག་བསྔལ་ཐམས་ཅད་ཟད་པ་དང་བདེ་བ་མཆོག་ཐོབ་པའི་རྒྱུར་གསུངས་པའི་ཕྱིར་རོ། །གཞན་ཡང་དངོས་པོ་བདེན་པར་འཛིན་པ་མི་སྟོང་བར་འཛིན་པ་དང༌། དངོས་པོ་མི་བདེན་ཀྱང་བདེན་དངོས་ཀྱིས་སྟོང་པའི་སྟོང་ཉིད་བདེན་པར་འཛིན་པ་སྟོང་པར་འཛིན་པའི་དོན་ཡང་ཡིན་ཏེ། ཐབས་དང་ཤེས་རབ་གྲུབ་པ་ལས། །འཁྲུལ་པ་བསལ་བར་འདོད་པ་ཡི། །བཤེས་གཉེན་ཅན་གྱིས་དངོས་འཛིན་སྤོངས། །གལ་ཏེ་མིང་ཙམ་ཐ་དད་ཀྱང༌། །རྟོག་པ་ཉིད་དུ་དབྱེར་མེད་ཕྱིར། །མཁས་པས་དངོས་འཛིན་ཡོངས་བཏང་སྟེ། །དངོས་མེད་པར་ཡང་མི་བརྟག་གོ །མར་མེ་འབར་བ་བསད་རུང་གི །ཤི་ནས་ཅི་ཡང་བྱར་མེད་ལྟར། །དངོས་པོར་འཛིན་པ་ཉིད་རུང་གི །དངོས་མེད་འཛིན་པ་དེ་ལྟ་མིན། །ཞེས་དངོས་པོ་བདེན་འཛིན་ལ་དངོས་འཛིན་ཞེས་མིང་བསྡུས་ནས་བརྗོད་པ་དེ་སྤང་དགོས་པ་ལྟར་དེ་དང་བདེན་དངོས་ཀྱི་སྟོང་པའི་སྟོང་ཉིད་བདེན་པར་འཛིན་པ་གཉིས་མིང་མི་འདྲ་ཡང་དོན་བདེན་འཛིན་གྱི་རྟོག་པ་ལ་ཁྱད་པར་མེད་པས་དེ་ཡང་སྤང་དགོས་ཞེས་གསུངས་སོ། །མར་མེ་ཞེས་


JLD007_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་དོན་ནི། དངོས་པོ་བདེན་པར་འཛིན་པ་ལ་དེ་བདེན་མེད་དུ་བསྟན་ན་བདེན་འཛིན་ལྡོག་སླ་ཡང་དངོས་པོ་བདེན་འཛིན་ལྡོག་བྱེད་དངོས་པོ་བདེན་པས་སྟོང་པ་ལ་བདེན་པར་བཟུང་ན། ཟས་མ་ཞུ་བ་འཇོམས་བྱེད་ཀྱི་སྨན་ཁོང་དུ་སོང་ནས་མ་ཞུ་བ་དང་འདྲ་བར་གསོར་མི་རུང་བའི་ལྟ་བ་ཅན་དུ་དབུ་མའི་གཞུང་ནས་གསུངས་པ་དང་དོན་གཅིག་གོ །འདིས་ནི་བྱང་ཆུབ་སེམས་འགྲེལ་ལས། སྐྱེ་མེད་དང་ནི་སྟོང་ཉིད་དང༌། །བདག་མེད་ཅེས་བྱར་སྟོང་པ་ཉིད། །བདག་ཉིད་དམན་པར་གང་སྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །ཞེས་གསུངས་པ་ཡང་སྐྱེ་མེད་དང་བདག་མེད་ལ་བདེན་པར་བཟུང་ནས་སྒོམ་པ་འགོག་པར་ཤེས་པར་བྱ་སྟེ། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་བསལ་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་གསུངས་པ་ལྟར་རོ། །དེས་ན་དེ་འདྲའི་རིགས་ཀྱང་བཀའ་དང་དགོངས་འགྲེལ་ལས་མང་དུ་གསུངས་ལ། ཡང་སྟོང་ཉིད་དང་བདག་མེད་དང་སྐྱེ་མེད་སོགས་སུ་བལྟས་ནས་སྒོམ་པར་ཡང་མང་དུ་གསུངས་པ་རྣམས་མི་འགལ་བའི་ཚུལ་དེ་ལྟར་དུ་ཤེས་པར་བྱའི། འཁོར་བའི་རྩ་བ་གཅོད་བྱེད་བདག་མེད་ཀྱི་ངེས་པ་འདྲེན་པ་ལ་བར་ཆད་མི་བྱའོ། །དེ་འདྲ་བའི་ངེས་པ་དེ་སོ་སོ་སྐྱེ་བོའི་དུས་སུ་རྟོག་པ་ཕྲ་མོ་དང་ཡང་བྲལ་བའི་རྟོག་བྲལ་མིན་ཀྱང་མི་རྟོག་ཡེ་ཤེས་དང་ཤིན་ཏུ་མཐུན་པས་དེ་བསྒོམས་པ་ལས་མི་རྟོག་པ་སྐྱེ་བར་གསང་


JLD007_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཀྱི་འགྲེལ་པ་སྙིམ་པའི་མེ་ཏོག་དང༌། མན་ངག་སྙེ་མ་དང༌། བདག་སྒྲུབ་པའི་ཐབས་ལ་འཇུག་པ་ལས་གསལ་བར་གསུངས་ཏེ། གཞན་དུ་མང་དུ་བཤད་ཟིན་པ་དང་ཚིག་མང་དུ་དོགས་ནས་མ་བྲིས་སོ། །མདོར་ན་འཁོར་འདས་ཀྱི་ཆོས་གང་ལ་ཡང་བདེན་པར་འཛིན་པའི་མཚན་འཛིན་གྱི་དམིགས་གཏད་བྱ་ས་རྡུལ་ཙམ་ཡང་མེད་པར་ངེས་ཤིང༌། དོན་དེ་ལ་ཡང་རྒྱུ་འབྲས་རྟེན་འབྲེལ་གྱི་བྱ་བྱེད་ཐམས་ཅད་ཆེས་ཤིན་ཏུ་འཐད་པར་མཐོང་བའི་མཐའ་གཉིས་དང་བྲལ་བའི་དོན་ལ། ཚད་མའི་སྟོབས་ཀྱིས་ངེས་པ་རྙེད་པའི་སྟོང་ཉིད་རྟོགས་པ་ལ་ནི། ཐ་ན་དོན་འགྱུར་གྱི་ཐེ་ཚོམ་ཟོས་པས་ཀྱང་སྲིད་པ་ཧྲུལ་པོར་བྱེད་པ་ལ་སོགས་པའི་ཕན་ཡོན་མཐའ་མེད་པ་ཅིག་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ལན་ཅིག་མ་ཡིན་པར་གསུངས་པའི་སྟེང་དུ་བླ་མེད་རྡོ་རྗེ་ཐེག་པ་ལ་དེ་འདྲ་བ་དེ་ཡུལ་ཅན་ཁྱད་པར་ཅན་ལྷན་ཅིག་སྐྱེས་པའི་དགའ་བས་ལེགས་པར་ངེས་པ་ལ། ཡུལ་ཅན་བདེ་བ་ཆེན་པོའི་སྒོ་ནས་ཀྱང་ཚེ་འདི་ཉིད་ལ་མཆོག་སྟེར་བ་སོགས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པ་ཞིག་བཤད་པས། རྣམ་དཔྱོད་ཅན་གྱིས་ནི་བདག་མེད་པའི་དོན་ཕུ་ཐག་ཆོད་པར་ངེས་པའི་ལྟ་བ་དང༌། ཐུན་མོང་མ་ཡིན་པའི་བདེ་བ་ཆེན་པོ་འདྲེན་པའི་ཐབས་མཐའ་ཆོད་པའི་མན་ངག་ལ་ཞུགས་ནས། བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཚོལ་བ་ལ་འགྲུས་པར་


JLD007_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདུས་པའི་རྒྱུད་ཕྱི་མ་ལས། རྩ་རྒྱུད་དུ་བྱང་ཆུབ་ཀྱི་སེམས་ཞེས་གསུངས་པའི་དོན་དྲིས་པ་ན། སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སུ་གསུངས་ཤིང༌། རྩ་རྒྱུད་ལེའུ་གཉིས་པར་བྱང་ཆུབ་ཀྱི་སེམས་གསུངས་པ་རྣམས་ལ་སྒྲོན་གསལ་དུ་འོད་གསལ་དང་ཟུང་འཇུག་གི་མཐར་ཐུག་གི་བྱང་ཆུབ་ཀྱི་སེམས་གཉིས་གསུངས་པའི་སྔ་མ་ནི་དོན་གྱི་ལྷན་སྐྱེས་ཡིན་པས། བདེ་སྟོང་དབྱེར་མེད་ཀྱི་སྟོང་པ་དང་སྙིང་རྗེའི་བྱང་ཆུབ་ཀྱི་སེམས་འདུས་པའི་ལུགས་ལ་མ་བཤད་པ་མིན་ནོ། །རིམ་ལྔ་ལས་ཀྱང༌། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ཐུབ་པ་ཆེན་པོས་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ནི་སྙིང་པོར་གསུངས། །ཞེས་དོན་གྱི་འོད་གསལ་མངོན་པར་བྱང་ཆུབ་པ་སྙིང་པོའི་ཡང་སྙིང་པོར་གསུངས་པ་ཡང་དོན་གྱི་ལྷན་སྐྱེས་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །བླ་མེད་ཀྱི་རྒྱུད་དང༌། དེའི་དགོངས་འགྲེལ་ཚད་ལྡན་རྣམས་ཀྱི་ཁ་ཅིག་ཏུ་བདེ་བའི་ཕྱོགས་གསལ་ཞིང་སྟོང་ཉིད་རྟོགས་ཚུལ་དེ་ཙམ་དུ་མི་གསལ་བ་དང༌། ཁ་ཅིག་ཏུ་སྟོང་ཉིད་རྟོགས་ཚུལ་གསལ་ལ་བདེ་བའི་ཕྱོགས་དེ་ཙམ་དུ་མི་གསལ་བ་རྣམས་སུ་ཡང་བདེ་སྟོང་གཉིས་ཀ་སྦྱོར་བ་དོན་དུ་གཟུང་གི་རེ་རེ་བ་ལ་འཁྲུལ་བར་མི་བྱའོ། །བདེ་སྟོང་དབྱེར་མེད་ཀྱི་གཏམ་ནི་རླུང་ལྟར་རབ་ཏུ་གྲགས་ཀྱང༌། བདེ་བ་རྣམས་ཀྱི་ཁྱད་པར་ཕྱེད་པའི་བདེ་ཆེན་དང༌། སྟོང་པ་རྣམས་ཀྱི་ཁྱད་པར་ཕྱེད་པའི་སྟོང་པའི་མཐར་ཐུག་དང་སྦྱོར་ཚུལ་ཤེས་པ་


JLD007_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དཀོན་པ་ལ་དགོངས་ནས་ས་ར་ཧས། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང༌། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །ཅེས་གསུངས་པས་ཅུང་ཟད་ཙམ་རེས་ཚིམ་སླ་བར་མི་བྱ་བར་གསང་བ་ལས་ཀྱང་ཆེས་གསང་བའི་དོན་འདི་རྟོགས་པ་ལ་ཡུན་རིང་དུ་འབད་པར་བྱའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། དེ་ལྟར་བདེ་སྟོང་དབྱེར་མེད་ཀྱི་སྟོང་པ་དང་སྙིང་རྗེ་ཨེ་ཝཾ་གྱི་དོན་ཡིན་ཚུལ་སྔར་བཤད་པ་ལྟར་ཡིན་ན། བདེན་གཉིས་དབྱེར་མེད་ཀྱི་སྟོང་པ་དང་སྙིང་རྗེའི་བྱང་ཆུབ་ཀྱི་སེམས་ཨེ་ཝཾ་གྱི་དོན་དུ་འཆད་པ་ཇི་ལྟར་ཡིན་སྙམ་ན། སྔར་བཤད་པའི་བདེ་སྟོང་དབྱེར་མེད་དེ་ཉིད་ལ་རྣལ་འབྱོར་མའི་རྒྱུད་ཀྱི་བཤད་པ་མཛད་པ་མང་པོས། བདེ་སྟོང་ཟུང་འཇུག་དང༌། བདེན་གཉིས་ཟུང་འཇུག་ཅེས་བཤད་ཅིང༌། འཕགས་ལུགས་ཀྱི་ཟུང་འཇུག་གི་དོན་ཀྱང་དེ་ལ་འཆད་པ་ཡོད་མོད་ཀྱང༌། མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱིས་ནི་སྔར་བཤད་པའི་དོན་གྱི་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་དེ་ཙམ་ལ་ཟུང་འཇུག་ཏུ་མི་བྱེད་དོ། །དེ་ཡང་འདུས་པ་ཕྱི་མ་ལས། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་མི་ཟད་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་གསུངས་པའི་བྱང་ཆུབ་ཀྱི་སེམས་ལ་སྔར་བཤད་པ་ལྟར་གཉིས་ཡོད་པའི་ཟུང་འཇུག་གི་བྱང་ཆུབ་


JLD007_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་འདིར་བཤད་པར་བྱའོ། །དེ་ལ་སྟོང་ཉིད་ནི་དངོས་མེད་ཅེས་པ་དང༌། སྙིང་རྗེ་ནི་དངོས་དང་ཞེས་པས་སྟོན་ལ། དེ་གཉིས་ཀྱང་ཐབས་དང་ཤེས་རབ་ཏུ་གསུངས་ཏེ། དེ་ཉིད་ལས། གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་ཐབས་ཤེས་སྙོམས་པར་འཇུག་པ་རྣལ་འབྱོར་གྱི་དོན་དུ་བཤད་པའི་སྐབས་སུ་གསུངས་སོ། །སྦྱོར་བ་ཡན་ལག་དྲུག་གི་དྲུག་པའི་སྐབས་སུ་ཐབས་ཤེས་སྙོམས་པར་འཇུག་པར་གསུངས་པའི་དོན་སྒྲོན་གསལ་ལས་ཐབས་ཀུན་རྫོབ་ཀྱི་བདེན་པ་དང༌། ཤེས་རབ་དོན་དམ་པའི་བདེན་པ་གཉིས་སྦྱོར་བ་ཟུང་འཇུག་ཏུ་གསུངས་པ་ལྟར་ཡིན་ནོ། །སྤྱིར་ཐབས་ཤེས་ལ་མང་དུ་ཡོད་ཀྱང་འདིར་ཟུང་འཇུག་གི་ཐབས་ཤེས་ངོས་འཛིན་པའ། །དེ་ལ་དོན་དམ་བདེན་པ་དངོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་ཡིན་མོད་ཀྱང༌། འདིར་དེ་དང་བདེ་བ་ཆེན་པོ་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་ལ་ཡང་དོན་དམ་བདེན་པ་ཞེས་ཡུལ་དང་ཡུལ་ཅན་སོ་སོར་མ་ཕྱེ་བར་མང་དུ་གསུངས་སོ། །དེ་འདྲ་བའི་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ལ་ཡང་དོན་གྱི་འོད་གསལ་རྐྱང་པའི་སྐབས་གཅིག་དང་ཟུང་འཇུག་གི་སྐབས་ཀྱི་འོད་གསལ་གཉིས་ལས། དང་པོ་ནི་རིམ་ལྔའི་རིམ་པ་བཞི་པར་བཤད་པའི་མངོན་པར་བྱང་ཆུབ་པའི་རིམ་པའམ་འོད་གསལ་གྱི་རིམ་པ་དང༌། གཉིས་པ་ནི་རིམ་པ་ལྔ་པ་ཟུང་འཇུག་གི་རིམ་པའི་ཡ་གཅིག་ཡིན་པས། གཞུང་གཞན་ནས་བཤད་པའི་བདེ་སྟོང་དབྱེར་མེད་ཀྱི་དོན་གྱི་


JLD007_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཙམ་ཞིག་ནི། ཚུལ་བཞིའི་མཐར་ཐུག་གི་བཤད་པ་ལ་གཉིས་ཡོད་པའི་འོད་གསལ་གྱི་མཐར་ཐུག་ཡིན་ཀྱང༌། དེའི་གོང་ན་ཟུང་འཇུག་གི་མཐར་ཐུག་ཡོད་པས་ད་དུང་དེར་མ་སླེབ་བོ། །གལ་ཏེ་ཟུང་འཇུག་གི་ཡ་གཅིག་དོན་དམ་པའི་ཕྱོགས་དེ་ལྟར་ཡིན་ན། དེའི་ཡ་གཞན་ཀུན་རྫོབ་བདེན་པའི་ཕྱོགས་དེ་གང་ཡིན་སྙམ་ན། གཞུང་གཞན་ནས་ཀུན་རྫོབ་བདེན་པ་བཤད་པ་དང་འདི་མི་འདྲ་བས། འདིར་ནི་སྟོང་པའི་ཡེ་ཤེས་དང་ངོ་བོ་གཅིག་ཏུ་འཇུག་པ་དེའི་བཞོན་པར་གྱུར་པའི་ཡེ་ཤེས་ཀྱི་རླུང་འད་ཟེར་ལྔ་པའི་ཉེར་ལེན་ལས་གྲུབ་པའི་མཚན་དཔེས་བརྒྱན་པའི་ཡོངས་སུ་དག་པའི་སྒྱུ་མའི་སྐུ་ལ་ཀུན་རྫོབ་བདེན་པ་ཞེས་ཡང་ཡང་བཤད་པ་དེའོ། །སེམས་དབེན་གྱི་སྟོང་པ་གསུམ་གྱི་མཐར་ཡང་རླུང་འོད་ཟེར་ལྔ་པ་ལས་གྲུབ་པའི་སྒྱུ་མ་ཀུན་རྫོབ་པའི་སྐུ་འབྱུང་བ་ནི་རིམ་ལྔའི་རིམ་པ་གསུམ་པ་བདག་བྱིན་གྱིས་རླབ་པའི་རིམ་པ་ཞེས་པ་སྒྱུ་མའི་སྐུའོ། །འདི་རྣམས་རྒྱས་པར་འཆད་པར་འགྱུར་རོ། །དེས་ན་སྔར་བཤད་པ་དེ་འདྲ་བའི་དོན་གྱི་འོད་གསལ་དང༌། ཡོངས་སུ་དག་པའི་སྒྱུ་མའི་ལུས་གཉིས་ནི་དབྱེར་མེད་དུ་སྦྱོར་རྒྱུ་ཨེ་དང་ཝ་ཡིག་གི་དོན་ཡིན་ལ། སྦྱོར་ཚུལ་སྔ་མ་ཐུགས་དང་ཕྱི་མ་སྐུར་ངོ་བོ་གཅིག་ཏུ་སྦྱོར་བ་ནི་ཐིག་ལེའི་དོན་ཏེ། ཨེ་ཝཾ་དོན་གཉིས་པ་ཟུང་འཇུག་གི་མཐར་ཐུག་གོ །དེ་ཡང་འདུས་པའི་བཤད་རྒྱུད་ལྷའི་དབང་པོས་ཞུས་པ་ལས། ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་


JLD007_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །ཅེས་གསུངས་པའི་སྒྱུ་མ་ནི་ཟུང་འཇུག་ཡིན་པས། ཨེ་ཝཾ་གྱི་དོན་གཉིས་པ་བསྟན་ནོ། །འདི་ལ་སློབ་པ་དང་མི་སློབ་པའི་ཟུང་འཇུག་གཉིས་ཡོད་དོ། །འདི་ལ་ཤེས་རབ་དང་སྙིང་རྗེའི་ཐ་སྙད་ཀྱང་འཕགས་པས་མཛད་དེ། རིམ་པ་ལྔ་པ་ལས། ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཤེས་ནས་གང་དུ་འཇུག་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །རིམ་པ་གསུམ་པ་བདག་བྱིན་བརླབས་ཀྱི་སྐབས་ནས་ཀྱང་སྒྱུ་མའི་སྐུ་དང་སྟོང་པའི་ཡེ་ཤེས་གཉིས་སྦྱོར་བའི་ཨེ་ཝཾ་གྱི་དོན་ཡོད་དེ། དེ་ནི་སྦས་དོན་གྱི་ཨེ་ཝཾ་མོ། །ལུགས་འདི་དག་ཏུ་སྟོང་པ་བཞི་བཤད་པའི་དོད་ནི་རྣལ་འབྱོར་མའི་རྒྱུད་དང་དེའི་དགོངས་འགྲེལ་རྣམས་སུ་དགའ་བ་བཞི་བཤད་པ་ཡིན་ལ། འདིར་སྟོང་པ་གསུམ་དང་བཞི་པའི་བར་དུ་རླུང་སེམས་ལས་གྲུབ་པའི་སྒྱུ་མའི་སྐུ་བཤད་པ་བཞིན་དུ། རྣལ་འབྱོར་མའི་རྒྱུད་ཀྱི་སྐོར་དུ་དགའ་བ་གསུམ་དང་བཞི་པའི་བར་དུ་དེ་ལྟར་མ་བཤད་ཅིང༌། འདིར་དོན་གྱི་འོད་གསལ་གྱི་མཇུག་ཏུ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་བཤད་པ་བཞིན་དུ། གཞན་དུ་དོན་གྱི་ལྷན་སྐྱེས་ཀྱི་དགའ་བའི་མཇུག་ཏུ་དེ་ལྟར་མ་བཤད་པས། འབྲས་བུའི་གཟུགས་སྐུའི་ཉེ་རྒྱུའི་སློབ་པའི་ཟུང་འཇུག་གི་སྐུ་དང༌། དེའི་ཉེ་རྒྱུར་རིམ་པ་གསུམ་པའི་སྒྱུ་མའི་སྐུ་རླུང་ལས་སྒྲུབ་ཚུལ་གསལ་བར་བཤད་པ་འདི་ནི། ལུགས་མཆོག་ཏུ་གྱུར་པ་འདིའི་ཁྱད་པར་གྱི་


JLD007_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བླ་ན་མེད་པའོ། །གཉིས་པ་ནི། གལ་ཏེ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་འདིར་དེ་འདྲ་བའི་སྒྱུ་མའི་སྐུ་སྒྲུབ་ཚུལ་གདོན་མི་ཟ་བར་བཤད་དགོས་ན་དེ་ལྟར་ཡིན་མོད་ཀྱང༌། དེ་འདྲ་བའི་སྒྱུ་མའི་སྐུ་སྒྲུབ་ཚུལ་ངེས་པར་གང་ལས་ཤེས་སྙམ་ན། རྣམ་དཔྱོད་དང་ལྡན་པ་ཁྱོད་ཉོན་ཅིག །ཤིན་ཏུ་རྟོགས་དཀའ་བའི་གནས་འདི་བདག་གིས་ཡང་དག་པའི་སྒྲུབ་བྱེད་རྣམས་ཀྱིས་གཏན་ལ་དབབ་པར་བྱའོ། །འདི་ལ་བཞི། གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པའི་སྒོ་ནས་བསྒྲུབ་པ་དང༌། སྦྱང་གཞིའི་གནད་ཐུན་མོང་མ་ཡིན་པའི་སྒོ་ནས་བསྒྲུབ་པ་དང༌། ལྷ་སྐྱེད་ཚུལ་གྱི་གནད་ལ་བརྟེན་ཏེ་བསྒྲུབ་པ་དང༌། ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་གནད་ལ་བརྟེན་ནས་བསྒྲུབ་པའོ། །དང་པོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པས་དཔེར་ན་སྐོམ་པའི་གདུངས་པས་དོན་དུ་གཉེར་བྱའི་གཙོ་བོ་བཏུང་བ་ཡིན་ཀྱང༌། དེ་ཐོབ་པའི་ཐབས་སུ་སྣོད་དོན་དུ་གཉེར་བ་ལྟར། ཐེག་པ་ཆེན་པོ་པ་རྣམས་ཀྱང་སེམས་ཅན་སྡུག་བསྔལ་གྱི་མནར་བ་དང༌། བདེ་བས་ཕོངས་པ་ཤས་མ་བཟོད་པའི་སྙིང་རྗེ་ཆེན་པོས་ཡིད་བསྐྱོད་པའི་མཐུས་དོན་དུ་གཉེར་བྱའི་གཙོ་བོ་གཞན་གྱི་དོན་ཡིན་ལ། འོན་ཀྱང་དེ་ཕུན་སུན་ཚོགས་པ་བསྒྲུབ་པ་ལ་སངས་རྒྱས་མ་ཐོབ་ན་ཐབས་གཞན་གྱིས་མི་ནུས་པར་


JLD007_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས། དེའི་ཐབས་སུ་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བ་འདི་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་འདྲ་སྟེ། སེམས་བསྐྱེད་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཅན་ལ་དངོས་སུ་སྣང་ནས་དེའི་དོན་སྒྲུབ་པ་ནི་སྐུ་གཉིས་ཀྱི་ནང་ནས་གཟུགས་སྐུ་ཡིན་གྱི། ཆོས་སྐུ་མིན་པས་དོན་དུ་གཉེར་བྱའི་གཙོ་བོ་གཟུགས་སྐུའོ། །དེའི་ཕྱིར་གཟུགས་སྐུ་སྒྲུབ་བྱེད་ཀྱི་ཐབས་དེའི་རིགས་འདྲའི་རྒྱུ་ཁྱད་པར་ཅན། ཐེག་པ་གཞན་དང༌། རྒྱུད་སྡེ་གཞན་དང༌། རིམ་པ་དང་པོ་ལ་མེད་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་རྫོགས་རིམ་གྱི་སྐབས་སུ་དགོས་སོ། །དེ་ལ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་མེད་ན་འཁོར་བའི་འཆིང་བ་ལས་གྲོལ་བའི་ཐར་པ་ཡང་འཐོབ་པར་མི་ནུས་པས། དེ་འདྲ་བའི་ཤེས་རབ་ཐེག་དམན་ལ་ཡང་ཡོད་མོད་ཀྱང༌། གཟུགས་སྐུའི་རྒྱུའི་ཐབས་ཀྱི་ཆ་ཚང་བ་མེད་པས་སྟོང་ཉིད་ཇི་ཙམ་བསྒོམས་ཀྱང་སྲིད་པ་ལས་གྲོལ་བའི་ཐར་པ་འཐོབ་ཀྱི་ཐམས་ཅད་མཁྱེན་པ་མི་འཐོབ་བོ། །དེས་ན་གཟུགས་སྐུའི་རྒྱུའི་ཐབས་རྣམས་ལའང་སྟོང་ཉིད་ཀྱི་རྟོགས་པ་མེད་མི་རུང་ཡིན་ཀྱང༌། སྟོང་ཉིད་ཀྱི་རྟོགས་པ་ཆོས་སྐུའི་བར་དུ་ཁྱད་ཞུགས་པར་འགྲོ་བ་ལ་ཡང་ཐབས་ཀྱི་ཆ་ཚང་བ་ངེས་པར་སྒོམ་དགོས་པ་ནི་ཐེག་ཆེན་པ་གཉིས་ཀའི་ལུགས་ཡིན་ནོ། །འོན་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་ལ་ཆོས་སྐུ་དང་རྗེས་སུ་མཐུན་པའི་ལམ་སྒོམ་པ་ཡོད་ཀྱང༌། གཟུགས་སྐུ་དང་རྗེས་སུ་མཐུན་པའི་ལྷའི་སྐུ་སྒོམ་པ་མེད་པས་གཟུགས་སྐུའི་ཐབས་ལ་མཆོག་


JLD007_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ཡོད་པ་དང༌། སྐུ་གཉིས་དང་རྗེས་སུ་མཐུན་པའི་ལམ་གཉིས་ཀྱང་སྒོམ་དགོས་མི་དགོསམགོ་མཚུངས་པའི་ཚུལ་དང༌། དེ་ཡང་རྒྱུད་སྡེ་བཞི་ཀའི་ལམ་ལ་འདོད་དགོས་པ་སོགས་རྒྱས་པར་ནི་རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །དེ་ཡང་རྒྱུད་སྡེ་འོག་མ་གསུམ་གྱི་ལྷའི་རྣལ་འབྱོར་ནི་བླ་མེད་ལ་བལྟོས་ཏེ་ཤིན་ཏུ་རིང་བའི་གཟུགས་སྐུའི་རྒྱུ་ཡིན་ལ། བླ་མེད་ཀྱི་རིམ་པ་དང་པོའི་ལྷའི་རྣལ་འབྱོར་རྣམས་ཀྱང༌། རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཙམ་ཡིན་པས། དེ་ལས་ཆེས་ཁྱད་ཞུགས་པའི་རྫོགས་རིམ་པའི་ལྷའི་རྣལ་འབྱོར་སྤྱིར་གཟུགས་སྐུའི་རྒྱུ་བྱེད་པ་ཅིག་དང༌། ཁྱད་པར་དུ་སློབ་ལམ་གྱི་རྫོགས་རིམ་གྱི་མཐར་འབྲས་བུའི་གཟུགས་སྐུའི་ཉེར་ལེན་བྱེད་པའི་མཚན་དཔེའི་རིགས་འདྲའི་རྒྱུ་ཞིག་དགོས་སོ། །འདི་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གཟུགས་སྐུའི་རྒྱུར་སྤྱིར་བསོད་ནམས་ཀྱི་ཚོགས་དུ་མ་ཞིག་དང༌། ཁྱད་པར་དུ་མཚན་དཔེེ་སོ་སོའི་རྒྱུ་བླ་མ་བསུ་སྐྱེལ་ལ་སོགས་པ་ཚེ་རབས་མང་པོར་ཚོགས་བསགས་པའི་ས་ཐོབ་ནས། འབྲས་བུའི་མཚན་དཔེ་དང་རྗེས་སུ་མཐུན་པའི་ལུས་འཐོབ་པ་དང༌། དེ་ཡང་ས་གོང་མ་གོང་མར་ཇེ་བཟང་དུ་སོང་ནས་སྲིད་པ་ཐ་མ་པའི་དུས་སུ་ལམ་དེའི་སློབ་ལམ་གྱི་མཚན་དཔེ་མཐར་ཐུག་པ་རྣམས་འཐོབ་བོ། །དེ་ནས་དེ་འཚང་རྒྱ་བའི་ཚེ་ལུས་དེ་ཉིད་ཀྱི་མཚན་དཔེའི་རིགས་འདྲ་སྔ་མས་འབྲས་བུའི་མཚན་དཔེའི་རིགས་འདྲའི་རྒྱུ་བྱེད་པར་བཤད་ཀྱི།


JLD007_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མཚན་དཔེའི་ལུས་མ་ཐོབ་པར་གློ་བུར་དུ་གནས་འགྱུར་འདོད་པ་མིན་ནོ། །དེ་བཞིན་དུ་བླ་མེད་ཀྱི་ལམ་གྱིས་ཚེ་གཅིག་ལ་འཚང་རྒྱ་བ་ལ་ཡང་ལུས་གྲུབ་ཙམ་ནས་མཚན་དཔེས་བརྒྱན་པའི་ལུས་འཐོབ་དགོས་པར་གསུངས་པ་མེད་ལ་སློབ་ལམ་དུ་མཚན་དཔེས་བརྒྱན་པའི་ལུས་ཤིག་མ་ཐོབ་ནའང་རིགས་འདྲའི་རྒྱུ་མེད་པས་གློ་བུར་དུ་ལུས་གནས་འགྱུར་བ་ཡང་མིན་ནོ། །དེའི་ཕྱིར་རྫོགས་རིམ་གྱི་སློབ་ལམ་གྱི་སྐབས་ནས་མཚན་དཔེས་བརྒྱན་པའི་ལུས་འཐོབ་དགོས་ལ། རྣམ་སྨིན་གྱི་ལུས་རགས་པ་འདི་ལྷའི་རྣལ་འབྱོར་བསྒོམས་པས་མཚན་དཔེས་བརྒྱན་པའི་ལུས་སུ་སྐྱེད་པ་ཡང་མིན་ཞིང༌། བསྐྱེད་རིམ་གྱི་སྐབས་བཞིན་དུ་བློས་ལྷའི་སྐུར་བསྒོམས་པ་རྐྱང་པའི་ལུས་ཀྱིས་ཀྱང་མི་ཆོག་པས་དེ་དག་ལས་གཞན་པའི་མཚན་དཔེས་བརྒྱན་པའི་ལུས་ཐོབ་པའི་ལྷའི་རྣལ་འབྱོར་ཁྱད་པར་ཅན་ཞིག་དགོས་ལ། དེའི་ཉེར་ལེན་ཀྱང་རླུང་ལས་གཞན་དུ་འཐད་པ་མིན་པའི་ཕྱིར་རླུང་ལས་སྒྱུ་མའི་སྐུ་སྒྲུབ་པའི་ཚུལ་ངེས་པར་དགོས་སོ། །གཞན་ཡང་བཤད་པའི་རྒྱུད་རྡོ་རྗེ་འཕྲེང་བ་དང་དགོངས་པ་ལུང་སྟོན་ལ་བརྟེན་ནས། གཞི་དུས་ཀྱི་སེམས་ཅན་གྱི་ལུས་ལ་གནས་སྐབས་པ་རགས་པའི་ལུས་གཅིག་དང༌། རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་གཉིས་ཡོད་པར་ནི་འོག་ཏུ་སྒྲུབ་ལ། དེའི་ཚེ་ཡེ་ཤེས་ཆོས་སྐུའི་ཉེར་ལེན་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་ཡིན་པར་འདོད་པ་དེ་བཞིན་དུ་རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་ཀྱི་ཉེར་ལེན་ལས་ཀྱང་གཟུགས་ཀྱི་སྐུ་སྒྲུབ་


JLD007_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་རྣམ་པ་ཐམས་ཅད་དུ་མཚུངས་པ་ཡིན་ཏེ་འཆད་པར་འགྱུར་རོ། །གཉིས་པ་ནི། བླ་མེད་ཀྱི་རྒྱུད་རྣམས་ནས་རྟེན་གཞལ་ཡས་ཁང་གི་སྣོད་དང༌། བརྟེན་པ་ལྷའི་བཅུད་ཁྱད་པར་ཅན་གཉིས་གསར་དུ་འཆགས་པའི་རིམ་པ་ཅིག་སྟོན་ལ། དེའི་སྣོད་འཆགས་པའི་རིམ་པ་ནི་གཞི་དུས་ཀྱི་སྣོད་ཀྱི་འཇིག་རྟེན་འཇིག་ཆགས་ཀྱི་རིམ་པ་དང་བསྟུན་ནས་བྱེད་པར་འདོད་ཀྱང་འདོད་ལ་རྒྱུད་ཀྱི་དགོངས་པ་ཡང་ཡིན་ནོ། །རྒྱུ་མཚན་དེའི་གནད་ཀྱིས་བཅུད་ཀྱི་ལྷ་སྐྱེད་པ་སོགས་ཀྱི་རིམ་པ་ཡང་གཞི་དུས་ཀྱི་སེམས་ཅན་སྐྱེ་བ་དང་འཆི་བ་དང་བར་དོའི་རིམ་པ་བཞིན་དུ་བྱ་དགོས་ཤིང༌། དེ་ཡང་བསྐྱེད་རིམ་ཙམ་མིན་གྱི་རྫོགས་རིམ་ལ་ཡང་དེ་ལྟར་བྱ་དགོས་སོ། །དེའི་ཚེ་འོད་གསལ་མངོན་དུ་བྱེད་པ་འཆི་བའི་རིམ་པ་བཞིན་དུ་བྱས་པའི་མཐར་ཕུང་པོ་རགས་པ་རྙིང་པའི་ལུས་ལས་ལོགས་སུ་བྱེ་ནས། རླུང་སེམས་ཙམ་ལས་བར་དོ་གྲུབ་པའི་རིམ་པ་བཞིན་དུ་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་ཡང་སྒྲུབ་དགོས་པར་ཤེས་པ་ཡིན་ཏེ། འདི་ནི་རྒྱས་པར་དཔལ་ཀླུའི་བྱང་ཆུབ་ཀྱིས་བཤད་པའི་གཞུང་རྣམ་གཞག་རིམ་པའི་རྣམ་བཤད་དུ་བཤད་ཟིན་པས་འདིར་མ་སྤྲོས་ལ། རྫོགས་རིམ་གྱི་རྣམ་གཞག་རྣམས་དེ་རྣམས་དང་འདྲ་བར་བྱེད་པར་རྡོ་རྗེ་འཕྲེང་བ་ལས་གསུངས་པ་ནི་འཆད་པར་འགྱུར་རོ། །གསུམ་པ་ནི། བྱ་རྒྱུད་ནས་བརྩམས་ཏེ་ལྷའི་སྐྱེད་ཆོག་བྱེད་པ་ན། སྟོང་པར་ཞུགས་པ་རེའི་མཐར་ལྷའི་སྐུར་ལྡང་བ་རེ་


JLD007_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་འདུག་པ་འདི་ལ། མཐར་རྫོགས་རིམ་གྱི་སྐབས་སུ་མོས་མནོ་ཙམ་གྱིས་དེ་ལྟར་བྱེད་པ་མིན་པར་སྟོང་པར་ཞུགས་པའི་མཐར་རྣལ་འབྱོར་པ་དེ་ལྷའི་སྐུར་ལྡང་བ་ཞིག་དགོས་ལ། དེ་ཡང་སྒྱུ་མའི་སྐུ་སྒྲུབ་ཤེས་ན་འབྱུང་བར་སྣང་ལ། དེ་ལྟ་མིན་ན་མི་འདུག་པའི་གནད་ཀྱིས་ཀྱང་འཆི་རིམ་བཞིན་དུ་འོད་གསལ་དུ་ཞུགས་པའི་མཐར། བར་དོ་བཞིན་དུ་རླུང་སེམས་ལས་གྲུབ་པའི་ལྷའི་སྐུ་ཞིག་སྒྲུབ་དགོས་པ་ཡིན་ནོ། །འདི་ནི་སྤྱོད་བསྡུས་ལས་བསྐྱེད་རིམ་ནས་བརྩམས་ཏེ་ལུས་དབེན་གྱི་བར་དང༌། ངག་དབེན་དང་སེམས་དབེན་ལ་ཡང་ལྷའི་སྐུ་མི་སྣང་བས་ཡེ་ཤེས་ཀྱི་སྐུ་ཇི་ལྟར་སྐྱེད་དྲིས་པའི་ལན་དུ། སྒྱུ་མའི་སྐུ་རླུང་ལས་སྒྲུབ་ལུགས་གསུངས་པའི་དོན་ཡིན་ལ། དེ་ཡང་བསྐྱེད་རིམ་གྱི་ཐོག་མ་ནས་སྟོང་པར་ཞུགས་པའི་མཐར་ལྷའི་སྐུར་ལྡང་བ་ཞིག་བཤད་འདུག་ནའང་མོས་པ་ཡིད་བྱེད་ཙམ་གྱིས་ལྷའི་སྐུར་སྐྱེད་པ་མིན་པའི་ལྷའི་སྐུ་སྒྲུབ་ལུགས་སྐབས་དེ་རྣམས་སུ་མ་བྱུང་བས། དེ་ནས་ལྷའི་སྐུ་འགྲུབ་ལུགས་དྲིས་པའི་ལན་དུ་སྒྱུ་མའི་སྐུ་བཤད་པའོ། །བཞི་པ་ནི། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་ལ་ལེགས་པར་བསླབས་ཤིང༌། སྤྱོད་པ་བྱ་རན་ནས་སྤྱོད་པ་བྱེད་པའི་དུས་སུ་སྤྲོས་བཅས་ཀྱི་སྤྱོད་པ་ལ་བཤད་པ་ལྟར་གྱི་ཕྱག་དང་ཕྱག་གི་ལན་ལ་སོགས་པ་རྟོགས་པས་བྱ་དགོས་པ་རྣམས་དང༌། རྗེས་ཐོབ་ཏུ་རང་བཞིན་མེད་པར་དཔྱོད་པ་ལ་སོགས་པ་མ་གཏོགས་པར་མཆོད་རྟེན་བྱེད་པ་དང༌། གླེགས་བམ་ཀློག་པ་དང༌། དཀྱིལ་འཁོར་ཏེ་མཎྜལ་དབུལ་


JLD007_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་བསོད་ནམས་ཀྱི་ཚོགས་གསོག་པ་རྗེས་ཐོབ་ཏུ་བྱེད་པ་ཕར་ཕྱིན་གྱི་ཐེག་པ་དང་རྒྱུད་སྡེ་འོག་མ་ནས་གསུངས་པ་རྣམས་བྱེད་པ་བཀག་སྟེ། གསང་བ་གྲུབ་པ་ལས། ཤིང་རྡོ་ས་ཡི་རང་བཞིན་གྱི། །ལྷ་རྣམས་ལ་ཡང་ཕྱག་མི་བྱ། །ལུས་ཉིད་ལ་ནི་མཆོད་པ་བྱ། །བླ་མར་གུས་པས་ཕྱག་བྱའོ། །ས་རྡོའི་རང་བཞིན་མཆོད་རྟེན་དང༌། །གླེགས་བམ་ལ་སོགས་མི་བྱ་ཞིང༌། །རྨི་ལམ་དུ་ཡང་དཀྱིལ་འཁོར་སོགས། །ལག་པའི་ཕྱག་རྒྱ་ཡང་མི་བྱ། །ཐེག་པ་གསུམ་ལ་ཞུགས་རྣམས་ལ། །ཕྱག་ལ་སོགས་པ་མི་བྱ་འོ། །ཞེས་གསུངས་ཤིང༌། རྒྱུད་གཞན་མང་པོར་ཡང་དེ་བཞིན་དུ་གསུངས་སོ། །ཁྱད་པར་དུ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་སྐབས་སུ་ཟ་བ་དང་བཤང་གཅི་དོར་བའི་སྐབས་ཙམ་མ་གཏོགས་པར་སྤྲོས་པ་གཞན་ཐམས་ཅད་དོར་ནས། འོད་གསལ་དུ་འཇུག་པའི་རིམ་པ་རྣམས་བྱས་པའི་སྒོ་ནས་འོད་གསལ་ཉིད་སྒོམ་པར་བཤད་དོ། །མདོསྡེ་ས་བཅུ་པ་ལས་ནི་ས་བརྒྱད་པར་ཉོན་མོངས་ས་བོན་དང་བཅས་པ་ཟད་པའི་ཚེ། དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་དོན་དམ་པའི་བཟོད་པ་ཉིད་ཁོ་ན་སྒོམ་པ་ན། དེ་ལས་བསླང་ནས་ངེད་ཀྱི་སྐུ་དང༌ཡེ་ཤེས་དང་ཞིང་ཚད་མེད་པ་ལ་སོགས་པ་ཁྱེད་ལ་མེད་པས། དེ་རྣམས་སྒྲུབ་པའི་བརྩོན་འགྲུས་རྩོམས་ཤིག་བཟོད་པའི་སྒོ་འདི་ཡང་མ་འདོར་ཅིག །ཅེས་མཉམ་གཞག་ཏུ་མི་རྟོག་ཡེ་ཤེས་འབའ་ཞིག་སྒོམ་པ་བྱེད་དུ་མི་འཇུག་པར་


JLD007_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཐོབ་ཏུ་གཟུགས་སྐུའི་རྒྱུའི་བསོད་ནམས་ཀྱི་ཚོགས་གསོག་པ་ལ་བསྐུལ་བར་གསུངས་སོ། །ཚུལ་དེ་གཉིས་ལ་རྣམ་དཔྱོད་ཅན་གྱིས་བརྟགས་ན་ནི། བླ་མེད་ནས་བཤད་པའི་ལྷན་སྐྱེས་ཀྱི་དགའ་བ་དང༌། སྟོང་པ་བཞི་པ་འོད་གསལ་སྒོམ་པའི་སྟེང་ནས་སྐུ་གཉིས་ཀྱི་རིགས་འདྲའི་རྒྱུ་ཐུན་མོང་མ་ཡིན་པ་ཡོད་པར་གསལ་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན་ས་བརྒྱད་པ་ཙམ་གྱི་མཉམ་གཞག་གི་མི་རྟོག་ཡེ་ཤེས་ལ་ཡང་གཟུགས་སྐུའི་ལྷན་ཅིག་བྱེད་རྐྱེན་ཡོད་མོད་ཀྱང༌། ཉེར་ལེན་གྱི་རྒྱུ་མ་ཚང་བར་གསལ་ལོ། །སྔ་མ་ལ་ཚང་ཚུལ་ཡང་ལྷན་སྐྱེས་ཀྱི་དགའ་བའམ་འོད་གསལ་གྱི་ཡེ་ཤེས་དེ་ཡེ་ཤེས་ཆོས་སྐུའི་ཉེར་ལེན་ཡིན་པ་གོ་སླ་ལ། གཟུགས་སྐུའི་ཉེར་ལེན་དུ་འགྲོ་ཚུལ་ནི། སྟོང་པའི་ཡེ་ཤེས་དང་ངོ་བོ་གཅིག་ཏུ་ཞུགས་པའི་རླུང་འད་ཟེར་ལྔ་ལས་གྲུབ་པའི་སྒྱུ་མའི་སྐུར་གསལ་ལོ། །དེ་ལྟར་བྱས་ན་སྐུ་གཉིས་ཀྱི་ཉེར་ལེན་གྱི་དབང་དུ་བྱས་པའི་ཐབས་ཤེས་ངོ་བོ་དབྱེར་མེད་འོང་གི་གཞན་དུ་ན་ཤིན་ཏུ་དཀའ། །འདི་ཡང་སྔར་བཤད་པ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས། དབང་དང་དམ་ཚིག་ལེགས་པར་བཟུང་ནས་བསྐྱེད་རིམ་མཐར་ཕྱིན། རྫོགས་རིམ་གྱི་བོགས་འབྱིན་གྱི་སྤྱོད་པ་བྱེད་པའི་སྐབས་སུ་གསུངས་པ་ཡིན་གྱི། གཞན་ལ་དེ་གསུངས་པ་མིན་པས། དེ་དག་གི་རྣམ་གཞག་གང་ཡང་མ་ཆགས་པར་མྱུར་ལམ་ཡོད་པ་སྐད་ཟེར་ནས་ཚོགས་རྒྱ་ཆེན་པོ་གསོག་པའི་སྤྱོད་པ་རྣམས་འགེགས་པ་ནི་རང་གཞན་རྣམས་ཉམས་པར་


JLD007_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའོ། །བྲམ་ཟེ་ཆེན་པོའི་དྷོ་ཧ་སོགས་ཀྱང་སྔར་བཤད་པའི་ལམ་མཐོན་པོའི་སྐབས་དེ་དག་ཏུ་སྤྲོས་པ་གཞན་དོར་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་སྐོར་ཉིད་སྙིང་པོར་བྱས་ནས་སྐྱོང་དགོས་པའི་ཚུལ་སྟོན་པ་ཡིན་པ་ལ། ལམ་ལ་འཇུག་པའི་ཐོག་མ་ནས་དབང་པོ་རྣོ་ན་དེ་ལྟར་བྱེད་པའི་ཅིག་ཅར་བའི་ལུགས་བསྟན་ནོ་སྙམ་དུ་འཁྲུལ་འདུག་པས། གྲུབ་སྙིང་གི་སྐོར་རྣམས་ལ་ལྷག་པར་ཡང་བློ་ཞིབ་པར་བྱས་ནས་དཔྱད་དགོས་པར་ཡོད་དོ། །སྔར་བཤད་པའི་གནད་དེ་རྣམས་ལ་བརྟེན་ནས་གཞུང་གཞན་དུ་བཤད་པའི་བདེ་སྟོང་དབྱེར་མེད་ཀྱི་ཐབས་ཤེས་ནི། འཕགས་པ་ཡབ་སྲས་ཀྱི་ལུགས་ཀྱིས་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་གི་ཡ་གཅིག་ཏུ་བྱས་པའི་ཟུང་འཇུག་གི་དོན་ཨེ་ཝཾ་གྱི་དོན་དུ་འཆད་པ་འདི་ཤེས་ན། རྒྱུད་གཞན་གྱི་ལུགས་ཀྱང་རྫོགས་པར་ཤེས་པ་ལ་ཤིན་ཏུ་གལ་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐམས་ཅད་འདུས་པའི་དོན་ལ་ཚུལ་བཞིར་བཤད་པའི་སྦས་བཤད་ཀྱི་སྙིང་པོ་ནི་རིམ་པ་གསུམ་པའི་སྒྱུ་ལུས་ཡིན་ལ། མཐར་ཐུག་གི་བཤད་པའི་སྙིང་པོ་ནི་ཟུང་འཇུག་གི་སྐུ་ཡིན་པས། གསང་ཞིང་ཤིན་ཏུ་གསང་ལ་ཆེས་ཆེར་གསང་བའི་གནས་སུ་གྱུར་པ་འདི་ནི་ལུགས་འདི་མིན་པ་གཞན་ནས་གསང་བར་མ་བསྟན་ལ། ལུགས་འདི་ལ་རིང་དུ་འདྲིས་པས་ཀྱང་དོན་གྱི་སྤྱི་རགས་པ་ཡང་ཇི་བཞིན་དུ་རྙེད་དཀའ་བར་སྣང་བས། བློ་


JLD007_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་དང་ལྡན་པ་རྣམས་ཀྱིས་བཤེས་གཉེན་མཁས་པ་རིང་དུ་མཉེས་པར་བྱས་པའི་བཀའ་དྲིན་གྱིས་ཁོང་དུ་ཆུད་པ་ལ་འབད་པ་དྲག་པོ་བྱའོ། །གཉིས་པ་ལ་གཉིས། བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་སྐྱེད་པ་ལ་ལུས་ལ་གནད་དུ་བསྣུན་དགོས་ལུགས་དང༌། བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་སྐྱེད་པ་ལ་ལུས་ལ་གནད་དུ་བསྣུན་དགོས་ལུགས་སོ། །དང་པོ་ལ་གཉིས། ཐབས་གཉིས་སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། སྔར་བཤད་པ་ལྟར་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་མཐར་ཐུག་པའི་གོ་བ་འཚོལ་ལུགས་ལ་ཕར་ཕྱིན་ཐེག་པ་ལས་ལྷག་པ་ཅིག་སྔགས་ལ་མེད་དེ། བདེན་འཛིན་གྱིས་བཟུང་བའི་ཞེན་ཡུལ་རིགས་པས་ཕུ་དག་པར་བཀག་པའི་སྒོ་ནས་བདེན་འཛིན་གྱི་དམིགས་གཏད་མ་བཤིག་པར་ཡིད་ནང་དུ་བསྡུས་པ་ཙམ་གྱིས་ནི། བདེན་འཛིན་དང་འཛིན་སྟངས་འགལ་བ་མེད་པས་བདེན་འཛིན་ལ་ཅི་ཡང་མི་གནོད་པའི་ཕྱིར་དང༌། གང་བཀག་པས་བདག་མེད་པའི་དོན་རྙེད་པའི་དགག་བྱ་དབུ་མ་ཐལ་འགྱུར་བས་བཤད་པ་དེ་ལས་རགས་སུ་བཏང་ནས་བདག་མེད་འཚོལ་ན་ནི་བདེན་འཛིན་གྱི་དམིགས་གཏད་ཕྲ་མོ་ནས་མི་ཁེགས་པས། བདེན་འཛིན་ལ་ལྷག་མ་ལུས་པའི་ཕྱིར་དང༌། དེ་ལས་ཕྲ་རུ་བཏང་ནས་འགོག་ན་ནི་དོན་དེ་ལ་རྟེན་འབྲེལ་གྱི་ངེས་པ་ཚད་མའི་སྟོབས་ཀྱིས་དྲང་ས་མེད་པས་ཆད་སྟོང་དུ་འགྱུར་བའི་ཕྱིར་རོ། །དེས་


JLD007_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྟོང་ཉིད་ཀྱི་དོན་གཏན་ལ་འབེབས་ཚུལ་ཁྱད་མེད་ཀྱང་དེའི་དོན་སྒོམ་པར་བྱེད་པ་ན། གཡས་གཡོན་གྱི་རླུང་དྷཱུ་ཏཱིར་བཙུད་ནས་དེར་ཐིམ་པའི་དབང་གིས་གཏུམ་མོ་འབར་བས་བྱང་སེམས་བཞུས་པའི་བདེ་བ་ཆེན་པོས་སྟོང་པའི་དོན་ངེས་ནས་སྒོམ་པའི་ལྷན་སྐྱེས་ཀྱིས་སྒྲིབ་པའི་བག་ཆགས་སྦྱོང་མྱུར་བའི་ནུས་པ་འདྲ་བ་ཡུལ་ཅན་གཞན་གང་ལའང་མེད་པས། ངེས་པར་བདེ་བ་དེ་བསྐྱེད་དགོས་སོ། །དེ་ཡང་ལུས་ལ་གནད་དུ་བསྣུན་པ་མེད་ན་མི་སྐྱེ་བར་དགོངས་ནས་ལུས་ལ་གནད་དུ་བསྣུན་པའི་ཐབས་གཉིས་གསུངས་ཏེ། རིག་མའི་ཕྱག་རྒྱ་ལ་བརྟེན་པ་དང༌། ནང་གི་རྩ་རླུང་ཐིག་ལེ་སོགས་སྒོམ་པའི་ཐབས་སོ། །དེའི་དང་པོ་རྒྱུད་སྡེ་འོག་མ་ནས་ལས་ཀྱི་ཕྱག་རྒྱ་དངོས་སུ་ལྟ་ཞོག །དེ་ལ་དམིགས་ནས་རྒོད་པ་དང་ལྟ་བ་སོགས་ཀྱང་ཆགས་སེམས་ཀྱིས་བྱེད་པར་མ་གསུངས་ལ། རང་དང་མཉམ་པར་སྦྱོར་བ་མིན་པའི་བསྒོམས་པའི་ལྷ་མོ་ལ་དམིགས་ནས་རྒོད་པ་དང་ལྟ་བ་དང་ལག་པ་འཛིན་པ་བྱེད་པར་བཤད་པས། རྒྱུད་དེ་དག་ལ་རྒོད་པའི་རྒྱུད་ལ་སོགས་པའི་ཐ་སྙད་མཛད་དོ། །རྣལ་འབྱོར་བླ་མེད་ལས་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ལྷ་མོ་གཉིས་ཀ་དང་མཉམ་པར་སྦྱོར་བའི་ཐབས་གསུངས་པས། རྒྱུད་དེ་ལ་གཉིས་སྦྱོར་གྱི་རྒྱུད་ཅེས་གསུང་སོོ། །རྒྱུད་གང་ལས་ལས་ཀྱི་ཕྱག་རྒྱ་དང་སྦྱར་ནས་བདེ་བ་ཆེན་པོ་འདྲེན་པའི་ཐབས་མ་གསུངས་པ་དེར་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་


JLD007_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡང་མི་སྟོན་ལ། ནང་གི་རྩ་རླུང་ཐིག་ལེ་བསྒོམས་ནས་བྱང་སེམས་ཞུ་བའི་བདེ་བ་འདྲེན་པའི་ཐབས་ཀྱང་སྟོན་པར་མི་མཛད་དོ། །སྔ་མ་གང་དུ་གསུངས་པའི་རྒྱུད་དེར་ནི་ཕྱི་མ་གཉིས་ཀྱང་གསུངས་ལ། ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་གསུངས་པའི་རྒྱུད་དེར་ཡང་ཕྱག་རྒྱ་གཉིས་དང་མཉམ་པར་སྦྱོར་བ་ཡང་གསུངས་པ་ཡིན་ཏེ། ཐབས་དེ་རྣམས་ཀུན་གྱིས་ནི་རོ་རྐྱང་གི་རླུང་དྷཱུ་ཏཱིར་བསྡུས་ནས་ཐིམ་པའི་དབང་གིས་བདེ་བ་ཆེན་པོ་འདྲེན་པར་བྱེད་པ་ལ་འདྲ་བ་ཡིན་པས་ན། དེ་རྣམས་ཀྱི་དགོས་པ་ནི་སྟོང་ཉིད་ངེས་པའི་ཡུལ་ཅན་ཁྱད་པར་ཅན་ལྷན་ཅིག་སྐྱེས་པའི་དགའ་བ་སྔར་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་ཟིན་གྱི་རྒྱུན་གནས་པ་དང༌། གོང་ནས་གོང་དུ་འཕེལ་བར་བྱེད་པའི་དོན་ནོ། །གཉིས་པ་ལ་གཉིས། རིག་མའི་ཕྱག་རྒྱའི་ཐབས་དང༌། ནང་གི་རྩ་རླུང་སོགས་སྒོམ་པའི་ཐབས་སོ། །དང་པོ་ནི། གལ་ཏེ་ལུས་ལ་གནད་དུ་བསྣུན་པའི་ཐབས་དེ་རྣམས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཚུད་པའི་ཐབས་ཡིན་ན། ནང་གི་རྩ་རླུང་ཐིག་ལེ་སོགས་སྒོམ་པའི་ཐབས་རྣམས་དེ་ལྟར་ཡིན་དུ་ཆུག་ཀྱང༌། ཕྱག་རྒྱ་གཉིས་དང་མཉམ་པར་སྦྱར་བས་དེ་ལྟར་མི་ནུས་པས། ཐབས་དེ་ཐམས་ཅད་ཀྱིས་དེ་ལྟར་བྱེད་པ་མི་འཐད་དོ་ཞེ་ན། ལས་རྒྱ་ལ་བརྟེན་ནས་དེ་ལྟར་ནུས་པ་ལ་ནི་ཡུལ་རྟེན་གཉིས་ཀ་རྒྱུད་ནས་བཤད་པ་ལྟར་གྱི་མཚན་ཉིད་ཐམས་ཅད་ཚང་བ་དགོས་པས། ཆེས་ཤིན་ཏུ་དཀོན་པའི་ཕྱིར་གང་ཟག་གཞན་ལ་གསུངས་


JLD007_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་ནོ། །མཚན་ཉིད་ཚང་བ་ལ་ནི་མན་སྙེ་ལས། ཤེས་རབ་དང་བཅས་པའི་ཐབས་དག་སྙོམས་པར་འཇུག་པས། ལ་ལ་ནཱ་དང་ར་ས་ནཱའི་རླུང་དག་ཨ་ཝ་དྷཱུ་ཏཱིར་འཇུག་པ་ན་གཏུམ་མོ་འབར་རོ། །དེ་ཡང་ཕུང་པོ་ལ་སོགས་པ་སྲེག་ཅིང་ཟླ་བ་འཇུ་བར་བྱེད་དོ། །ཞེས་ལས་རྒྱ་དང་མཉམ་པར་སྦྱར་བས་གཡས་གཡོན་གྱི་རླུང་དྷཱུ་ཏཱིར་ཞུགས་ནས། གཏུམ་མོ་སྦར་བས་བྱང་སེམས་འཇུ་བར་བཤད་ལ། དེ་བཞིན་གཤེགས་པའི་རྡོ་རྗེས་དེའི་ཚེ་སྣ་བུག་གཉིས་ཀྱི་རླུང་རྒྱུ་བ་ལྡོག་པར་བཤད་པས། རླུང་གཉིས་དྷཱུ་ཏཱིར་ཐིམ་པ་ཡིན་ཏེ། ཐབས་དེ་ནི་ཕྱིའི་སྲོག་རྩོལ་ཡིན་ནོ། །བླ་མེད་ཀྱི་རྒྱུད་སྡེ་ནས་སྲོག་རྩོལ་གྱི་ལམ་འདི་མ་བཤད་པ་ཡང་མེད་ཅིང༌། བཤད་པ་ཡང་མང་པོ་ལ་ཐབས་འདིས་རླུང་དྷཱུ་ཏཱིར་སྡུད་པའི་རྒྱུ་མཚན་གྱི་གནད་ཤིན་ཏུ་རྟོགས་དཀའ་བར་སྣང་ནའང་གོ་བ་རགས་པ་ཆགས་ན་རྒྱུད་ཀྱི་དོན་མང་པོ་ཞིག་གོ་བ་ལ་ཁྱད་ཆེ་བར་སྣང་ངོ༌། །ལས་རྒྱ་ལ་བརྟེན་ནས་ཇི་ལྟར་འབྱུང་བའི་གཟུགས་བརྙན་ཕལ་མོ་ཆེ་ཡེ་ཤེས་ཀྱི་ཕྱག་རྒྱ་ཤིན་ཏུ་གསལ་ཞིང་བརྟན་ན་དེ་ལ་བརྟེན་ནས་ཀྱང་འབྱུང་བས། ཡེ་རྒྱ་ལ་བརྟེན་ནས་ཀྱང་གཡས་གཡོན་གྱི་རླུང་དྷཱུ་ཏཱིར་ཚུད་པའི་སྐབས་ཡོད་དེ། འདི་ནི་རྒྱུད་ཕྱི་མ་ལས་སྲོག་རྩོལ་གསུམ་བཤད་པའི་འོག་སྒོའི་སྲོག་རྩོལ་གྱི་མན་ངག་ཤེས་པ་ལ་རག་ལས་སོ། །གཉིས་པ་ནི། ནང་གི་རྩ་རླུང་ཐིག་ལེ་སོགས་སྒོམ་པའི་ཐབས་ནི། རྩ་ཨ་ཝ་དྷཱུ་ཏཱི་


JLD007_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རོ་རྐྱང་གིས་ལུ་གུ་རྒྱུད་དུ་འཁྱུད་པའི་རྩ་འཁོར་ལུས་ཀྱི་གནད་གང་ན་ཡོད་པའི་དབུས་དེར། རོ་རྐྱང་གི་རླུང་དྷཱུ་ཏཱིར་འཛུད་པའི་སྒོ་རེ་ཡོད་དོ། །འཛུད་ལུགས་ནི། རྡོ་རྗེ་བཟླས་པ་དང༌། བུམ་པ་ཅན་ལ་སོགས་པའི་རླུང་གི་རྣལ་འབྱོར་དང༌། འདུས་པ་ལུགས་གཉིས་དང༌། དྲིལ་བུ་ཞབས་ཀྱི་གཞུང་ལས་འབྱུང་བ་ལྟར་ཐིག་ལེའི་རྣལ་འབྱོར་མང་པོ་དང༌། ཌ་བི་ཧེ་རུ་ཀ་དང་ནག་པོ་སྤྱོད་པའི་གཞུང་ལས་འབྱུང་བ་ལྟར་གཏུམ་མོ་སྒོམ་པ་སོགས་སྒོ་མང་པོ་ཡོད་དོ། །དེ་ཡང་དུས་འཁོར་གྱི་སྐོར་རྣམས་སུ་ནི་ལྟེ་བའི་འཁོར་ལོའི་གནས་སུ་བུམ་པ་ཅན་གྱི་རླུང་སྦྱོར་བསྒོམས་ནས་རླུང་གཉིས་དབུ་མར་འཛུད་ལ། ཌ་བི་ཧེ་རུ་ཀ་དང་ནག་པོ་སྤྱོད་པས་ནི་ལྟེ་བར་གཏུམ་མོའི་དམིགས་པ་བསྒོམས་ནས་མཛད་པས། ཐོག་མར་ལྟེ་བའི་འཁོར་ལོ་ལ་གནད་དུ་བསྣུན་པ་ཡིན་ནོ། །ཡེ་ཤེས་ཞབས་ལུགས་ཀྱིས་ཐོག་མར་སྙིང་ཁ་དང༌། དེ་ནས་གསང་གནས་དང༌། དེ་ནས་སླར་ཡང་སྙིང་ཁར་གནད་དུ་བསྣུན་པར་བཞེད་ལ། འཕགས་ལུགས་ཀྱིས་ཐོག་མར་གསང་གནས་ཀྱི་འཁོར་ལོའི་གནས་སུ་དང༌། དེ་ནས་སྙིང་ཁའི་འཁོར་ལོའི་གནད་དུ་བསྣུན་པར་མཛད་དོ། །འདི་ལ་ཁ་ཅིག་རྣལ་འབྱོར་མའི་རྒྱུད་ཀྱི་ལུགས་ཀྱིས་ལྟེ་བ་ནས་བྱེད་པར་ངེས་པར་འདོད་པ་ནི་མི་འཐད་དེ། དྲིལ་བུ་ཞབས་ཀྱིས་ཐོག་མར་སྙིང་ཁར་ཐིག་ལེ་སྒོམ་པ་དང༌། ཀུ་ཀུ་རི་པས་མ་ཧཱ་མཱ་ཡའི་རྒྱུད་ལ་བརྟེན་ནས་ཐོག་མར་སྙིང་ཁར་སྲོག་རྩོལ་རྡོ་རྗེ་བཟླས་པ་བྱེད་པ་དང༌། མཚོ་སྐྱེས་ཀྱིས་


JLD007_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ་རྡོ་རྗེའི་སྒྲུབ་ཐབས་སུ་སྙིང་ཁར་སྤྲོས་པ་རྣམས་བསྡུས་ནས་འོད་གསལ་དུ་འཇུག་པར་བཤད་པའི་ཕྱིར་རོ། །དེས་ན་ཚད་ལྡན་རྣམས་ཀྱིས་གསུངས་པའི་སྒོ་སོ་སོ་བ་དེ་དག་དང་མཐུན་པར་རྒྱུད་རྣམས་ནས་ཀྱང་གསུངས་ལ། དེ་དག་ལ་ཁྱད་པར་གྱི་ཆོས་ཀྱང་མི་འདྲ་བ་རེ་རེ་ཡོད་དོ། །དེ་རྣམས་ལའང་གཞུང་དེ་ཀ་ནས་རོ་རྐྱང་གི་རླུང་དབུ་མར་འཛུད་པའི་ཐབས་ཡིན་ནོ་ཞེས་གསལ་པོར་བཤད་པ་འགའ་རེ་ཡང་ཡོད་མོད་ཀྱང༌། ཕལ་ཆེར་མི་གསལ་བར་བཤད་པ་མང་ལ། སྒོམ་པའི་ཚེ་རྩ་གསུམ་གསལ་འདེབས་པ་སོགས་ཀྱང་ཉུང་བའི་གནད་ཀྱིས་ཐིག་ལེ་དང་ཡི་གེ་སོགས་རྩ་འཁོར་གང་དུ་འོང་བའི་དབུས་སུ་བཀོད་ནས་སྒོམ་པ་སོགས་བཤད་པ་རྣམས་ཀྱིས། རོ་རྐྱང་གི་རླུང་དྷཱུ་ཏཱིར་འཛུད་པར་བྱེད་པ་གོ་དཀའ་བར་ཡོད་པས་གསལ་བར་བཤད་པ་རྣམས་དང༌། རྒྱུད་དང་ཁུངས་ཐུབ་ཀྱི་གཞུང་མང་པོའི་གུང་སྒྲིག་པ་སོགས་ཞིབ་ཏུ་དཔྱད་པ་ལས་ཤེས་དགོས་པར་ཡོད་དོ། །དེ་ལྟར་རླུང་གཉིས་དྷཱུ་ཏཱིར་འཛུད་པའི་སྒོ་མི་འདྲ་བ་མང་པོ་ཡོད་ཀྱང༌། ཐབས་དེ་དག་གིས་གཏུམ་མོ་སྦར་ནས་བྱང་སེམས་བཞུས་པ་ལས་བྱུང་བའི་འབྲས་བུ་དགའ་བ་བཞིའམ་སྟོང་པ་བཞིའི་ཡེ་ཤེས་བསྐྱེད་ནས། ལྷན་ཅིག་སྐྱེས་པའི་དགའ་བའམ་འད་གསལ་གྱི་ཡེ་ཤེས་ངོས་བཟུང་ནས་དེའི་རྒྱུན་སྐྱོང་བར་བྱེད་པ་ལ་རྒྱུད་གཉིས་ཀ་འདྲ་བ་ཡིན་ནོ། །འོན་ཀྱང་དེ་དག་ལ་རྒྱུའི་ཁྱད་པར་མི་འདྲ་བ་མང་པོ་ཡོད་པའི་རྒྱུ་མཚན་གྱིས་འབྲས་བུ་ལྷན་སྐྱེས་དང་འོད་


JLD007_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་ཡང་ནང་གི་ཁྱད་པར་མི་འདྲ་བ་མང་པོ་ནི་ཡོད་དོ། །ལུས་ཀྱི་རྩ་འཁོར་གྱི་དབུས་སམ་དྷཱུ་ཏཱིའི་མར་སྣ་ལ་སོགས་པ་ལུས་ཀྱི་གནད་ཆེ་ས་རྣམས་སུ། ཡི་གེ་དང་ཐིག་ལེ་སོགས་ལ་དམིགས་པ་གཏད་ནས་སྒོམ་པའི་སྒོམ་ལུགས་ཐུན་མོང་མ་ཡིན་པ་རྣམས་ཤེས་ནས་བསྒོམས་པས། དེ་དག་ཏུ་སེམས་ཟིན་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དངོས་སུ་རླུང་སྒོམ་པ་མེད་ཀྱང༌། རླུང་གཉིས་དྷཱུ་ཏཱིར་ཚུད་པའི་ཐབས་སུ་འགྱུར་བའི་རྒྱུ་མཚན་ལེགས་པར་ཤེས་ན། ཁུངས་ཐུབ་ཀྱི་རྫོགས་རིམ་གྱི་གཞུང་མང་པོ་ཞིག་གི་གནད་ཤེས་ནས་དེ་རྣམས་ལ་ངེས་པ་རྙེད་པར་འགྱུར་རོ། །དེ་ལྟར་རླུང་གཉིས་དྷཱུ་ཏཱིར་འཛུད་པའི་སྒོ་སོ་སོ་བ་དེ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་རྩལ་དུ་འདོན་ཕྱོགས་རྣམས་སོ་སོར་མ་འདྲེས་པར་ཤེས་ན། གཞུང་དེ་རྣམས་དོན་ཅིག་ཏུ་མ་བྱུང་ཡང་དེ་རྣམས་ཀྱི་ལག་རྗེས་རླུང་གཉིས་དྷཱུ་ཏཱིར་བཙུད་པའི་འབྲས་བུ་ལ་དགའ་བ་བཞི་དང༌། སྟོང་པ་བཞིའི་ཡེ་ཤེས་འཆར་བའི་ཚུལ་ངེས་པར་བྱེད་ནས་ལྷན་སྐྱེས་དང་འོད་གསལ་གྱི་བདེ་སྟོང་སྦྱོར་བའི་རྒྱུན་སྐྱོང་བ་ལམ་གྱི་སྙིང་པོར་འཛིན་པ་ཞིག་འབྱུང་བས། གདམས་ངག་གི་འགག་སྡོམ་མི་འཕྱུག་པའི་གཟེར་ཐེབས་པས་རྒྱུད་ཀྱི་ངེས་དོན་ལ་མི་འཇིགས་པ་འཐོབ་པ་ཡིན་ནོ། །ཚུལ་དེ་ལ་དགོངས་ནས་ས་ར་ཧས་ཀྱང༌། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང༌། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་


JLD007_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇིག་རྟེན་མགོ་བོར་རྡོག་པས་མནན་ནས་སོང༌། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང༌། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུངས་ཤིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང༌། །ཞེས་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་ཉི་ཟླའི་རླུང་དྷཱུ་ཏཱིར་བཙུད་ནས་ཐིམ་པ་ལ་བརྟེན་ནས་གཏུམ་མོ་འབར་བས་བཞུས་པའི་བྱང་སེམས་ཀྱིས་ལུས་བཀང་བའི་བདེ་སྟོང་སྦྱོར་བས། རྨོངས་པ་རྩད་ནས་གཅོད་པ་གདམས་ངག་ཐམས་ཅད་ཀྱི་གནད་བསྡུས་པར་གསུངས་སོ། །སྔར་བཤད་པ་ལྟར་མི་ཤེས་ན་ལྷན་སྐྱེས་སྐྱེད་པའི་སྒོ་སོ་སོ་བ་རྣམས་དོན་གཅིག་ཏུ་མ་བྱུང་ན་ཕན་ཚུན་འགལ་བ་ཞུགས་སོ་སྙམ་པ་དང༌། ཡང་ཁ་ཅིག་རང་གི་གདམས་ངག་གི་བསྔགས་པར་བསྒོམས་ནས་གདམས་ངག་གཅིག་གི་སྟེང་དུ། ཐམས་ཅད་དོན་གཅིག་ཏུ་བཤད་པ་མི་འགྲིག་བཞིན་དུ་བྱེད་པ་དང༌། གཞན་དག་རང་གང་ལ་ཞེན་ཆེ་བ་དེ་ལས་གཞན་པ་རྣམས་ལ་ཁྱད་དུ་གསོད་པར་འགྱུར་རོ། །གཉིས་པ་ལ་གཉིས། རྫོགས་རིམ་གྱི་ལམ་རྣམས་སྐྱེ་ཤི་བར་དོའི་རིམ་པ་བཞིན་དུ་སྐྱེད་དགོས་པ་དང༌། དེ་ལ་བརྟེན་ནས་ལུས་ལ་གནད་དུ་བསྣུན་ལུགས་བཤད་པའོ། །དང་པོ་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀུན་གྱི་དགོངས་པས། རིམ་པ་དང་པོར་རྟེན་དང་བརྟེན་པའི་འཁོར་ལོ་སྐྱེད་པ་སྣོད་བཅུད་ཀྱི་སྲིད་པ་སྐྱེ་འཇིག་གི་རིམ་པ་དང་མཐུན་པ་ཅིག་མཛད་དེ། རྒྱུད་སྡེ་འོག་མ་


JLD007_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་མེད་དོ། །དེ་ལྟར་མཛད་པ་ནི་ལམ་རྣམས་རིམ་པ་དེ་བཞིན་དུ་སྐྱེད་པའི་ཆེད་ཡིན་ལ། དེ་ཡང་བསྐྱེད་རིམ་ནི་རྫོགས་རིམ་གྱི་རྣམ་པ་དང་རྗེས་སུ་མཐུན་པར་བསྒོམས་ནས་རྫོགས་རིམ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཙམ་ཡིན་པས། གཙོ་བོ་ནི་རྫོགས་རིམ་གྱི་ལམ་རྣམས་སེམས་ཅན་སྐྱེ་འཆིའི་རིམ་པ་དང་མཐུན་པར་སྐྱེད་པའི་ཆེད་དོ། །ཚུལ་འདི་གསལ་བར་ནི་འདུས་པའི་སྐོར་རྣམས་ནས་བཤད་དེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་མེས་བསྲེགས་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང༌། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང༌། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །སྔོན་བཞིན་རྡོ་རྗེ་བཟླས་པ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །ཞེས་གསུངས་སོ། །འདི་ནི་འཆི་བའི་དུས་ཀྱི་རླུང་འཇིག་ཚུལ་དྲིས་པའི་ལན་ཡིན་ལ། དེ་ཡང་ཇི་ལྟར་མེས་བསྲེགས་པ་ན་ཤིང་གི་དངོས་པོ་མེད་པར་འགྲོ་བ་བཞིན་དུ། འཆི་བའི་ཚེ་ཡང་རླུང་རྣམས་སྲོག་འཛིན་གྱི་བར་དུ་རིམ་གྱིས་ཐིམ་ནས་འཆི་ཞིང༌། ཡང་ཤི་བའི་འོད་གསལ་ལས་ལས་ཀྱི་རླུང་ཤར་ཏེ། དེ་དང་རྣམ་ཤེས་གཉིས་ལྷན་ཅིག་ཏུ་འཇིག་རྟེན་གསུམ་དུ་གནས་པའི་སྐྱེ་བ་ལེན་ནོ། །ལས་ཀྱི་རླུང་དེ་ལས་ཀྱང་ཆགས་པ་ལ་སོགས་པའི་ཀུན་རྟོག་རྣམས་སྐྱེ་ལ། དེས་ལས་བཟང་ངན་གཉིས་


JLD007_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ནས་ཡང་འཆི་ཞིང་ཡང་སྐྱེ་བ་འཁོར་ལོ་བསྐོར་བ་བཞིན་དུ་འགྱུར་རོ། །སྔོན་དུ་བཤད་པའི་རྡོ་རྗེ་བཟླས་པ་སོགས་རིམ་པ་ལྔ་ནི་གཞི་དུས་ཀྱི་སྐྱེ་འཆིའི་རིམ་པ་དེའི་དབྱེ་བར་འགྱུར་རོ་ཞེས་གསུངས་སོ། །འགྱུར་ཚུལ་ནི། རླུང་འབྱུང་འཇུག་རྒྱུན་ལྡན་དུ་བྱེད་པ་ནི་གཞིའི་རྡོ་རྗེ་བཟླས་པ་ཡིན་ཏེ། དེ་ཉིད་ལས། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །སྲོག་དང་རྩོལ་བ་ལ་བརྟེན་པ། །གསང་སྔགས་རྒྱལ་པོ་ཟློས་བཞིན་དུ། །མི་ཤེས་བསམ་གཏན་ཀློག་པ་སྤངས། །ཞེས་སོ། དེ་ལྟར་ཉིན་མཚན་ཀུན་ཏུ་རླུང་གི་བཟླས་པ་བྱས་པའི་མཐར་འཆི་བ་ན། རླུང་ཕྱི་ནང་དུ་རྒྱུ་བ་ལོག་ནས་འབྱུང་བ་རྣམས་རིམ་གྱིས་ཐིམ་སྟེ། སྣང་མཆེད་ཐོབ་གསུམ་གྱི་ཉམས་འཆར་བ་ནི་སེམས་དབེན་གྱི་རིམ་པའོ། །ཉེར་ཐོབ་ཀྱི་མཐའ་འཆི་བའི་འོད་གསལ་འཆར་བ་ནི་འོད་གསལ་གྱི་རིམ་པ་སྟེ་གཞིའི་ཆོས་སྐུ་ཞེས་ཀྱང་བྱའོ། །འཆི་བའི་འོད་གསལ་གྱི་མཐར་ཕུང་པོ་རྙིང་པའི་ཁྲོད་ན་གནས་པའི་རླུང་སེམས་ཙམ་ལས་ལུས་རྙིང་པ་ལས་ལོགས་སུ་ཕྱེ་ནས་བར་དོའི་ལུས་གྲུབ་པ་ནི་སྒྱུ་ལུས་ཀྱི་རིམ་པ་སྟེ་གཞིའི་ལོངས་སྐུ་ཞེས་ཀྱང་བྱའོ། །གཞི་ལ་དག་མ་དག་གི་སྒྱུ་ལུས་ཀྱི་རིམ་པ་སོ་སོ་བ་གཉིས་མེད་ཀྱང༌། འདིས་ལམ་དུས་ཀྱི་སྒྱུ་མའི་སྐུ་གཉིས་ཀ་མཚོན་ནུས་པ་ནི་འཆད་པར་འགྱུར་རོ། །གཞིའི་བར་དོ་ལོངས་སྐུ་མིག་ཐ་མལ་པ་ཤའི་མིག་གི་ཡུལ་དུ་མི་མཐོང་བ་དེ། སྐྱེ་སྲིད་དུ་སྐྱེ་བ་བླངས་པ་ན་མིག་དེའི་ཡུལ་དུ་


JLD007_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ནི་གཞིའི་སྤྲུལ་སྐུའོ། །ཚུལ་འདི་ལ་རིམ་ལྔ་ལས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །ཞེས་རིམ་པ་གསུམ་པའི་སྒྱུ་མའི་སྐུ་དྲི་ཟའི་སེམས་ཅན་བར་དོར་བཤད་པས། ལམ་གྱི་སྒྱུ་མའི་སྐུ་ལ་བར་དོར་བཏགས་པ་དང༌། གཞིའི་བར་དོ་ལ་ལམ་གྱི་སྒྱུ་མའི་སྐུར་བཏགས་པ་གཉིས་ཀ་ཤེས་པར་བྱའོ། །དེ་ལྟར་གསུངས་པ་ནི་ཐབས་ལ་མཁས་པའི་མན་ངག་དང་བྲལ་བ་ལ་བར་དོར་འོང་རྒྱུའི་རླུང་སེམས་དེ་ཉིད་ཐབས་མཁས་ཀྱི་མན་ངག་དང་ལྡན་པ་ལ་སྒྱུ་མའི་ལུས་ལོངས་སྤྱོད་རྫོགས་པའི་སྐུར་འཆར་བའི་རྒྱུ་མཚན་གྱིས་ཡིན་ཏེ། སྤྱོད་བསྡུས་ལས། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་སྲིད་པ་བར་མ་ཞེས་བྱ་བ་ནི་འཁོར་བའི་རྒྱུར་འགྱུར་རོ། །དེ་ཉིད་བླ་མ་བརྒྱུད་པའི་རིམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི། བདག་ལ་བྱིན་གྱིས་བརླབ་པ་ཞེས་བྱ་བ་འདི་ལྟར་རྩིག་པའམ་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ། རྡོ་རྗེའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་ཆོག་མི་ཤེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ། ཞེས་གསུངས་སོ། །ཡབ་སྲས་གཉིས་ཀྱི་བར་དོ་ལ་དེ་ལྟར་བཤད་པའི་གནད་ཀྱིས་འཆི་བ་དང་སྐྱེ་བ་ཡང་མན་ངག་མེད་པ་ལ་སྐྱེ་འཆི་རང་དགའ་བ་འཁོར་བའི་འཁོར་ལོ་


JLD007_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་དེ་མན་ངག་དང་ལྡན་པ་ལ་འཆི་བར་འོང་རྒྱུ་དེ་ཆོས་སྐུ་དང༌། སྐྱེ་བ་ལེན་པར་རང་དགའ་བར་འོང་རྒྱུ་དེ་སྤྲུལ་སྐུ་རུ་འཆར་བས། གཞི་ལ་ལམ་གྱི་སྐུ་གཉིས་དང༌། ལམ་གྱི་སྐུ་གཉིས་ལ་གཞིའི་ཆོས་གཉིས་ཀྱི་མིང་གིས་བསྟན་པ་ཡང་འཐོབ་བོ། །རྣམ་གཞག་རིམ་པར་ཡང་རྡོ་རྗེ་བཟླས་པ་ལ་གནས་ནས་སེམས་དམིགས་ཀྱི་རིམ་པ་གཉིས་པ་ཤེས་པར་བྱས་ཏེ། བསམ་གཏན་གཉིས་ཀྱིས་འཆི་རིམ་བཞིན་དུ་འོད་གསལ་མངོན་དུ་བྱེད་པར་བཤད་པས། རྫོགས་རིམ་གྱི་ལམ་རྣམས་ཀྱང་འཆི་བའི་རིམ་པ་བཞིན་དུ་རྒྱུད་ལ་སྐྱེད་དགོས་པ་གསལ་བར་གསུངས་སོ། །འགོས་ལུགས་པ་རྣམས་རིམ་པ་གཉིས་ཀའི་སྦྱང་གཞིར་སྲིད་པ་སྐྱེ་འཇིག་གི་རིམ་པ་འཆད་ཀྱང་གཞི་དུས་ལ་སྐུ་གསུམ་དང་རིམ་ལྔའི་རྣམ་གཞག་མི་བྱེད་ཀྱང༌། མར་ལུགས་པ་རྣམས་རིམ་ལྔ་བསྡུས་པ་ལས། སྲིད་པ་སྐྱེ་དང་ཉིན་ཞག་གཅིག །སྟན་གཅིག་སྟེང་དུ་སྦྱར་ཏེ་བཤད། །ཅེས་འབྱུང་བ་ལ་བརྟེན་ནས་སྐྱེ་ཤི་བར་དོ་གསུམ་ལ་སྐུ་གསུམ་གྱི་ཐ་སྙད་དང༌། གཞི་དུས་ཀྱི་རྡོར་བཟླས་སོགས་རིམ་ལྔའི་ཐ་སྙད་བྱེད་པ་ནི་ཤིན་ཏུ་ལེགས་ཏེ། དེ་ལྟར་བྱེད་པ་ནི་གཞིའི་སྲིད་པ་སྐྱེ་འཆིའི་རིམ་པ་ཇི་ལྟ་བ་བཞིན་དུ་ལམ་རྒྱུད་ལ་སྐྱེད་པའི་ཆེད་ཡིན་པས་དེ་དགོས་སོ། །ཐ་སྙད་དེ་ལྟར་བྱེད་ཀྱང་དགོས་པ་དེ་མ་ཤེས་པར་འཆི་བ་ཆོས་སྐུ་སོགས་ཀྱི་གདམས་ངག་རྣམས་འཆི་བའི་དུས་དང་བར་དོའི་དུས་ཁོ་ནར་ཉམས་སུ་ལེན་རྒྱུ་ལ་འཆད་པ་དང༌། གཞིའི་རིམ་ལྔའི་ཐ་སྙད་སྔར་བཤད་


JLD007_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གཞན་དུ་བྱེད་པ་ནི་ལེགས་པར་མི་སྣང་ངོ༌། །ཉིན་ཞག་གཅིག་ལ་རིམ་ལྔ་འཇོག་པའི་དོན་ནི། མར་ལུགས་པ་ཁ་ཅིག་ཞག་གཅིག་གི་རླུང་འབྱུང་འཇུག་རྡོ་རྗེའི་བཟླས་པ། རང་བཞིན་གྱི་རྟོག་པ་སྙིང་ཁར་ཐིམ་པ་སེམས་དམིགས། གཉིད་འོད་གསལ། རྨི་ལམ་འབྱུང་བ་སྒྱུ་ལུས། སད་པ་ཟུང་འཇུག་གོ་ཞེས་ཟེར་རོ། །སྤྱིར་གཉིད་དང་རྨི་ལམ་གྱི་གདམས་ངག་འཕགས་ལུགས་ཀྱི་གདམས་ངག་ཏུ་བྱེད་པ་འདི། སྤྱོད་བསྡུས་ལ་བརྟེན་ནས་འཆད་ཤེས་ན་མ་གཏོགས་པ། གསལ་པོར་བཤད་པ་འཕགས་ལུགས་ཀྱི་གཞུང་གང་ནའང་མི་གསལ་ལོ། །སྒྲོན་གསལ་དུ་སྤྱོད་བསྡུས་ཀྱི་དེའི་སྐབས་ཀྱི་ལུང་ཞིག་དྲངས་མོད་ཀྱང་དྲངས་པ་ཙམ་དུ་ཟད་དོ། །དེའི་དགོངས་པ་ལྟར་བྱེད་ན། རྡོར་བཟླས་སྔར་དང་འདྲ། གཉིད་ཀྱི་མགོ་བརྩམས་ནས་རྨི་ལམ་མ་ཤར་བའི་བར་ལ་སྟོང་པ་བཞི་འཆར་བའི་དང་པོ་གསུམ་སེམས་དམིགས་དང༌། བཞི་པ་འོད་གསལ་འདི་ལ་གཉིད་ཆོས་སྐུ་ཞེས་ཀྱང་བྱའོ། །རྨི་ལམ་འབྱུང་བ་ཙམ་མིན་གྱི་རྨི་ལམ་གྱི་ལུས་ཁྱད་པར་བ་ཞིག་ཡོད་པ་དེ་སྒྱུ་ལུས་ཀྱི་རིམ་པ་ཡིན་ལ། འདི་ལ་རྨི་ལམ་ལོངས་སྐུ་ཞེས་ཀྱང་བྱའོ། །འདིས་རིམ་པ་གསུམ་པ་དང་ལྔ་པའི་སྒྱུ་མའི་སྐུ་ཡང་མཚོན་ནུས་སོ། །དེ་ནས་སད་པ་སྤྲུལ་སྐུ་ཡིན་ཏེ། འདི་ལའང་གཉིད་སད་པ་ཙམ་མིན་པའི་སད་ལུགས་ཁྱད་པར་བ་ཞིག་ཡོད་དོ། །ཡབ་སྲས་ལྔའི་རྗེས་འབྲང་སྔར་བཤད་པའི་རྒྱ་གར་བ་གཞན་རྣམས་ཀྱིས་སྲིད་པ་སྐྱེ་འཇིག་གི་རིམ་པ་ལྔ་དང༌། གཞིའི་སྐུ་གསུམ་དང༌། ཞག་གཅིག་གི་རིམ་ལྔ་མ་བཤད་ཀྱང༌། ནཱ་རོ་པའི་མན་ངག་ལས་


JLD007_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ནི་སྔར་བཤད་པའི་གཞུང་རྣམས་ཀྱི་དགོངས་པ་ཡིན་པས་ངེས་པར་དགོས་སོ། །གཞི་ལ་རིམ་ལྔའི་གཞི་འདིངས་ཚུལ་འདི་ལྟར་ལེགས་པར་ཤེས་ན་བསྲེ་བའི་གདམས་ངག་གི་གནད་རྣམས་ལ་ངེས་པ་ཆེན་པོ་རྙེད་པ་ཡོད་པས་འདིར་བཤད་དོ། །གཉིས་པ་ནི། དེ་ལྟར་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་གཉིས་སྒྲུབ་པ་དེ་བར་དོ་ཇི་ལྟ་བ་བཞིན་དུ་སྒྲུབ་པས་ན། དེའི་སྔོན་གྱི་སྟོང་པ་བཞི་ཡང་འཆི་བའི་དུས་ཀྱི་སྟོང་པ་བཞི་བཞིན་དུ་སྒྲུབ་དགོས་སོ། །དེ་ལ་ནི་རྒྱུད་རྡོ་རྗེ་འཕྲེང་བ་ལས། རླུང་རྣམས་མཆོག་ཏུ་ནུབ་པ་ནི། །གང་གིས་ཡང་དག་ཤེས་པ་ནི། །འཆི་བའི་སྐད་ཅིག་མཚན་ཉིད་ཤེས། །ཕན་ཚུན་དུ་ནི་ཡང་དག་སྡུད། །སྐྱེ་བའི་རིམ་ལྟར་ཐིམ་པར་འགྱུར། །ཞེས་སྐྱེ་བའི་ཚེ་ཇི་ལྟར་འབྱུང་བའི་རིམ་པ་བཞིན་དུ་འཆི་བའི་ཚེ་མས་རིམ་ནས་ཐིམ་པར་གསུངས་ལ། ཡང་དེ་ཉིད་ལས། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །རྟག་ཏུ་ཡང་དག་འགྲོ་བར་འགྱུར། །ཐོག་མར་འཕོ་བའི་དུས་སུ་ནི། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ཞེས་འཕོ་བ་དང་པོའི་དུས་སུ་སྲོག་འཛིན་གྱི་རླུང་ཆགས་ནས། དེ་ལས་རིམ་པ་བཞིན་ཐུར་སེལ་ལ་སོགས་པ་རླུང་དགུ་འཆགས་པར་བཤད་ལ། སྲོག་གི་རླུང་ནི་སྙིང་ཁར་གནས། །ཞེས་སྲོག་འཛིན་སྙིང་ཁ་ནས་གནས་པར་བཤད་པས་ན། འཆི་བའི་ཚེ་རླུང་སེམས་རྣམས་སྙིང་ཁར་སྡུད་པ་ཡིན་ནོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང་དང་པོ་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་པའི་གནས་དེ་སྙིང་ཁ་


JLD007_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེ་ནས་ལུས་ཡན་མན་དུ་འཆགས་པ་དང༌། མཐར་འཆི་བའི་ཚེ་སྙིང་ཁ་ནས་རྣམ་ཤེས་འཐོན་པར་བཤད་པ་དང་རྒྱུད་འདི་མཐུན་ནོ། །སཾ་བྷུ་ཊ་ལ་སོགས་པ་ནས་འཆི་བའི་ཚེ་མིག་དང་རྣ་བ་ལ་སོགས་པའི་སྒོ་དགུ་ནས་རྣམ་ཤེས་འཕོ་བར་བཤད་པ་དང་མི་འགལ་ཏེ། སེམས་ཀྱི་རྟེན་གྱི་གཙོ་བོ་སྙིང་ཁ་ཡིན་པས་སྙིང་ཁའི་མི་ཤིགས་པའི་གནས་ནས་མ་འཐོན་བར་དུ་རྣམ་ཤེས་སྒོ་གཞན་ནས་མི་འཕོ་བའི་ཕྱིར་དང༌། རྒྱུད་དེ་དག་གི་སྐབས་དེའི་འཕོ་བའི་མན་ངག་མན་སྙེར་བཤད་པ་ལས་ཀྱང་རྣམ་ཤེས་སྙིང་ཁ་ནས་འདོན་པའི་རྣལ་འབྱོར་ལ་སློབ་པར་གསུངས་པའི་ཕྱིར་རོ། །དེས་ན་གཞིའི་རིམ་ལྔ་ཇི་བཞིན་དུ་བྱེད་དེ། སྙིང་ཁར་མི་ཤིགས་པ་སྒོམ་པ་དང༌། སྙིང་ཁར་དམིགས་ནས་རླུང་འབྱུང་འཇུག་གནས་གསུམ་ལ་རྡོ་རྗེའི་བཟླས་པ་བྱས་པས། དེའི་མཐར་རླུང་ཕྱི་ནང་དུ་རྒྱུ་བ་ལོག་ནས་སྙིང་ཁར་རིམ་གྱིས་ཐིམ་པ་ལས་སྟོང་པ་བཞི་ཤར་བའི་འོག་ཏུ། རགས་པའི་ལུས་ཀྱི་ནང་ན་གནས་པའི་རླུང་སེམས་ཙམ་ལས་ཤིན་ཏུ་ཕྲ་བའི་སྒྱུ་མའི་སྐུ་འགྲུབ་སྟེ། དེ་ཡང་དོན་གྱི་འོད་གསལ་གྱི་མཇུག་ཏུ་ཟུང་འཇུག་གི་སྐུ་དང༌། དཔེའི་འོད་གསལ་གྱི་མཇུག་ཏུ་སྒྱུ་མའི་སྐུ་འགྲུབ་བོ། །ལོངས་སྐུ་དེ་མིག་ཐ་མལ་པས་མཐོང་དུ་མི་རུང་བས། དེས་རགས་པའི་ཕུང་པོའི་ལུས་བཟུང་བ་ན་ཤའི་མིག་གི་ཡུལ་དུའང་འགྱུར་ཏེ། དེ་ནི་སྤྲུལ་པའི་སྐུའོ། །དེ་ལྟར་ན་འཕགས་ལུགས་ཀྱིས་ལུས་ལ་གནད་དུ་བསྣུན་པའི་གནས་དམ་པ་ནི་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་ཡིན་པས་འདི་གནད་ཀྱི་དོན་དུ་ཟུངས་ཤིག །གཞི་དུས་


JLD007_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐྱེ་ཤི་བར་དོ་གསུམ་གྱི་འཕྲེང་བས་འཁོར་བའི་འཁོར་ལོ་བསྐོར་བ་འདི། འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་པའི་སྐུར་སྒྱུར་བའི་ཐབས་མཁས་ཀྱི་མཐར་ཐུག་འདི་དང༌། དེའི་ཐབས་ཀྱང་སེམས་ཅན་རང་ལ་རང་ཆས་སུ་གནས་པའི་རླུང་འབྱུང་འཇུག་ཉིད་ལ་མན་ངག་ངོ་སྤྲད་པས་ཆོག་པའི་སྲོག་རྩོལ་གྱི་རྒྱལ་པོ་འདི་འདྲ་བ་ནི། རྡོ་རྗེ་འཆང་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་སྐུ་གསུམ་ངོ་སྤྲོད་ཀྱི་མན་ངག་ཡིན་ནོ། །ཞག་གཅིག་གི་རིམ་ལྔ་ལྟར་ཉམས་སུ་ལེན་པའི་ལུས་ལ་གནད་དུ་བསྣུན་ཚུལ་ནི་འཆད་པར་འགྱུར་རོ། ༈ གསུམ་པ་བྱེ་བྲག་ཏུ་རྒྱུད་འདིའི་རྫོགས་རིམ་བཤད་པ་ལ་གསུམ། མན་ངག་བདར་ཤ་གཅོད་ཚུལ་མཐར་ཐུག་པ་བཤད་པ་དང༌། བླ་མ་སྔ་མ་རྣམས་ཀྱི་མན་ངག་གཞན་ཡང་དེ་དང་བསྟུན་དགོས་པ་དང༌། རྫོགས་རིམ་གྱི་ལམ་གྱི་རིམ་པ་དངོས་བཤད་པའོ། །དང་པོ་ནི། རིམ་ལྔའི་མན་ངག་ཡོད་ས་མཐར་ཐུག་པ་ནི་འདུས་པའི་རྩ་རྒྱུད་ཡིན་པས། དེ་མན་ངག་དེའི་གཞུང་མཐར་ཐུག་གོ །འོན་ཀྱང་རྒྱུད་དེར་རིམ་ལྔའི་རྫོགས་རིམ་རྣམས་རྒྱས་བཏབ་སྟེ་མི་མངོན་པར་སྦས་ལ། རྒྱ་དེ་བཀྲོལ་ནས་གབ་པ་དེ་མངོན་དུ་འབྱིན་པ་ལ་བཤད་རྒྱུད་རྣམས་གསུངས་སོ། །དེ་ལྟ་ནའང་རྩ་བཤད་སྦྱར་ནས་རྒྱུད་དོན་རྫོགས་པར་འཆད་ཤེས་པའི་བླ་མ་མཚན་ཉིད་དང་ལྡན་པའི་ཞལ་ནས་མ་བཤད་ན། རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ཀྱང་རྒྱུད་དོན་རྫོགས་པར་མི་ཤེས་པར་གསུངས་པས་བླ་མའི་མན་ངག་ལ་ལྟོས་དགོས་ཏེ། རིམ་ལྔ་ལས། དཔལ་ལྡན་འདུས་པའི་


JLD007_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་གསུངས་སོ། །དེས་ན་རྩ་རྒྱུད་དུ་རྒྱས་བཏབ་སྟེ་སྦས་པའི་དོན་བླ་མའི་ཞལ་ལས་ཤེས་པར་བྱ་བར་གསུངས་པའི་དོན་དེ་ལྟར་དུ་ཡིན་གྱི། རྒྱུད་དུ་བྲི་བར་ཕངས་ནས་མ་བཀོད་པ་བླ་མ་རྣམས་ཀྱི་ངག་བརྒྱུད་དུ་བྱས་པའི་དོན་དུ་མི་གཟུང་སྟེ། དེ་ལྟར་བཟུང་ན་རྩ་བཤད་ཀྱི་རྒྱུད་རྣམས་ལ་གུས་པ་བླ་ན་མེད་པ་སྐྱེ་བའི་གེགས་སུ་འགྱུར་བས་ཚེ་འདིར་རྒྱུད་དོན་མི་རྙེད་ཅིང༌། སྐྱེ་བ་གཞན་དུ་ཡང་དེའི་རྒྱུ་མཐུན་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་འདྲ་བའི་སྦས་པ་ནི་གང་དུ་སྦས་པའི་རྒྱུད་དེར་བསྟན་ཀྱང་མི་མངོན་པར་བྱས་པའི་སྦས་པ་ཡིན་ལ། རྒྱུད་རྡོ་རྗེ་འཕྲེང་བ་ལས། སྔགས་ཀྱི་དེ་ཉིད་རབ་གསལ་བ། །དེ་ཉིད་མཆོག་ཏུ་གསང་བ་ནི། །གང་དུའང་ང་ཡིས་མ་བཤད་པ། །སྐལ་བ་མེད་པའི་བསམ་པའི་རྒྱུས། །རྒྱུད་རྣམས་ཀུན་ཏུ་སྦས་བྱས་པ། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་རྒྱུད་སྡེ་འོག་མ་གང་དུ་ཡང་རྡོར་བཟླས་མ་བཤད་པར་སྦས་པར་གསུངས་པ་ལྟ་བུ་ནི། རྒྱུད་དེར་མ་བསྟན་པའི་སྦས་པ་ཡིན་པས། དེ་འདྲ་བ་ལ་ནི་དེའི་མན་ངག་དེ་ལས་མི་རྙེད་པས་གཞན་དུ་བཙལ་དགོས་པས་སྦས་ཚུལ་གཉིས་གསུངས་པའི་ཁྱད་པར་ཤེས་དགོས་སོ། །དེ་ལྟ་ན་རྡོ་རྗེ་འཕྲེང་བ་ལས། མི་ཤེས་པ་ཡི་མི་འགའ་ཞིག །རྒྱ་མཚོ་བཞི་ཡི་ཕ་མཐའ་ཡི། །ས་ལ་ཤིན་ཏུ་འགྲོ་འདོད་པ། །ལམ་ནི་གང་ཡིན་མི་འདྲི་གང༌། །ཇི་ལྟར་བདག་ཉིད་འགྲོ་བར་བྱེད། །དེ་བཞིན་དཀའ་བ་ཆེར་བྱེད་


JLD007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །མན་ངག་དང་བྲལ་སྒྲུབ་པ་པོ། །འབྲས་བུ་མེད་ཕྱིར་མཁས་པ་ཡང༌། །སྒྲུབ་པ་པོ་ནི་ཁོང་ཁྲོ་སྐྱེ། །ཁོང་ཁྲོ་སྐྱེས་པའི་སྐད་ཅིག་ལ། །འབྲས་བུ་མེད་ཅིང་དུ་འབོད་འགྲོ། དེ་བས་འབད་པ་ཐམས་ཅད་ཀྱིས། །དད་པས་བླ་མ་བརྒྱུད་པ་ལས། །མན་ངག་དག་ནི་བསླབ་པར་བྱ། །ཞེས་རྩ་བཤད་ཀྱི་རྒྱུད་ལ་མཁས་ཀྱང་བླ་མའི་མན་ངག་དང་བྲལ་བའི་ཉེས་དམིགས་གསུངས་པས། རྩ་བཤད་ཀྱི་རྒྱུད་མན་ངག་གི་གཞུང་མཐར་ཐུག་ཏུ་འདོད་པ་མི་འཐད་དོ་སྙམ་ན། དེར་གསུངས་པའི་མཁས་པ་ནི་རིག་གནས་གཞན་ལ་མཁས་ཀྱང་བླ་མའི་མན་ངག་མེད་པ་ཡིན་གྱི། རྩ་བཤད་ཀྱི་རྒྱུད་ལ་མཁས་པ་མིན་ཏེ། དེའི་མན་ངག་མེད་ན་རྒྱུད་གཉིས་ལ་མཁས་པ་འགལ་བའི་ཕྱིར་དང༌། དེ་ལྟར་གསུངས་པ་ན་ཕྱག་ན་རྡོ་རྗེས་དེའི་མན་ངག་གང་ཡིན་ཞེས་ཞུས་པའི་ལན་དུ། སྐབས་དེར་རྒྱུད་ལས་མན་ངག་གསལ་བར་གསུངས་པའི་ཕྱིར་དང༌། རྩ་བཤད་སྦྱར་ནས་འཆད་པའི་བླ་མའི་མན་ངག་དགོས་པ་དང༌། རྩ་བཤད་ཀྱི་རྒྱུད་མན་ངག་གི་མཆོག་ཡིན་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །རྒྱུད་ཀྱི་གཞུང་དེ་དག་གིས་ནི་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གང་དུ་བགྲོད་པར་བྱ་བའི་ལམ་རྣམས་ཐོག་མར་ལེགས་པར་ཤེས་པའི་གོ་བ་བཙལ་ནས། དེའི་འོག་ཏུ་གདམས་ངག་ཉམས་སུ་ལེན་པ་མི་བྱེད་པར་ཐོམ་རྒྱག་ཏུ་ཞུགས་ནས་ལམ་བགྲོད་པ་ནི། རྒྱ་མཚོའི་ཕ་མཐའ་ལ་འགྲོ་འདོད་པས་སྔོན་དུ་


JLD007_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་ཅན་ལ་ལམ་རྒྱུས་རྩད་མི་གཅོད་པར་ཐོམ་འགྲོས་བྱེད་པ་དང་འདྲ་བར་སྟོན་པས། མན་ངག་ཉམས་སུ་ལེན་པའི་སྔོན་དུ་དེའི་གོ་བ་ལེགས་པོར་འཆགས་དགོས་པའི་ཁུངས་སུ་ཤེས་པར་གྱིས་ཤིག །སྔར་བཤད་པ་ལྟར་གྱི་བླ་མས་རྩ་བཤད་སྦྱར་ནས་འཆད་ཤེས་པ་ཕྱི་དུས་སུ་རྙེད་དཀའ་ཞིང༌། དེ་འདྲའི་བླ་མས་རྩ་བཤད་ཀྱི་རྒྱུད་སྦྱར་བ་ལས་རྙེད་པའི་མན་ངག་ཡི་གེར་བྲིས་པ་ནི་དུས་རིང་པོའི་བར་དུ་གནས་པར་གཟིགས་ནས། འཕགས་པ་ཡབ་སྲས་རྣམས་ཀྱིས་རིམ་ལྔ་དང་སྤྱོད་བསྡུས་ལ་སོགས་པའི་རིམ་གཉིས་ཀྱི་མན་ངག་གི་གཞུང་མང་དུ་མཛད་དེ། དེ་དག་ནི་རྒྱུད་དོན་རྙེད་པ་བླ་མའི་ཞལ་ནས་ཤེས་དགོས་པའི་མན་ངག་གི་གནད་མཐར་ཐུག་པ་རྣམས་སོ། །དེ་རྣམས་དངོས་པོ་ལ་མན་ངག་མཐར་ཐུག་ཡིན་ཀྱང༌། ཕྱི་དུས་ཀྱི་གང་ཟག་ལ་དེར་འཆར་མ་ཐུབ་པ་ནི། སྔོན་གྱི་དུས་ལས་ཕྱི་དུས་སུ་བློའི་མཐུ་རྣམས་རིམ་གྱིས་བྲི་བའི་གནད་ཀྱིས་ཡིན་གྱི། མན་ངག་གི་གནད་མཐར་ཐུག་པ་རྣམས་དེར་མི་གསལ་བ་མིན་ནོ། །གཞུང་དེ་དག་ཏུ་རྩ་རྒྱུད་ལྟར་དོན་མི་མངོན་པར་སྦས་པ་མ་ཡིན་པ་ཙམ་དུ་མ་ཟད། སྦས་དོན་གསལ་བར་བཤད་ཀྱང༌། དུས་ཀྱི་ཤུགས་ཀྱིས་གང་ཟག་གི་བློ་མི་གསལ་བར་སོང་བའི་རྒྱུ་མཚན་གྱིས་གཞུང་ཡང་མི་གསལ་དུ་སོང་བ་ན། དེ་རྟོགས་པའི་ཐབས་སུ་དེ་དག་ལ་ཡང་ཚིག་དོན་ཤིན་ཏུ་གསལ་བར་བྱེད་པའི་འགྲེལ་པ་དང༌། དངོས་སུ་དེ་ལྟར་མི་བྱེད་ཀྱང་དེའི་དོན་རྟོགས་པའི་ཐབས་སུ་མན་ངག་


JLD007_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡི་གེ་ཟུར་པ་རྣམས་ཀྱང་མཛད་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ན་འདིའི་གདམས་ངག་བོད་ཀྱི་དམ་པ་རྣམས་ཀྱིས་མཛད་པའི་འཁྲིད་པའི་རིམ་པ་རྣམས་ཀྱི་བདར་ཤ་ལེགས་པར་གཅོད་ན་ནི། རྩ་བཤད་ཀྱི་རྒྱུད་ཀུན་ལེགས་པར་སྦྱོར་བའི་ཚུལ་དང༌། ཡབ་སྲས་ལྔའི་གཞུང་ཡན་ལག་དང་བཅས་པ་ལ་རིང་དུ་སྦྱངས་པ་དང༌། མན་ངག་ཟུར་ནས་འབྱུང་བ་ཀུན་ལ་ཡང་ལེགས་པར་སྦྱངས་ནས་བྱ་དགོས་སོ། །རྗེ་འགོས་ཀྱིས་འདིའི་རིམ་པ་གཉིས་ཀའི་མན་ངག་རྒྱས་པར་བཤད་པ་སྟོང་ཐུན་ཆེན་མོར་གྲགས་པར་མཛད་ལ། ད་ལྟ་ནཱ་རོ་པའི་གདམས་པ་རྗེ་མར་པ་ནས་བརྒྱུད་པའི་སྲོལ་ཁ་ཅུང་དྲག་པར་སྣང་ངོ༌། །འདི་ལ་བླ་མ་མར་པ་ལ་ཁ་གཡར་བའི་བླ་མའི་གསུང་གི་འོད་ཟེར་བསྟན་པ་ཞེས་པའི་རིམ་ལྔའི་ཁྲིད་ཡིག །གཉིས་མེད་རྣམ་རྒྱལ་གྱི་རྒྱུད་རྫུས་མ་ཚད་མར་བྱེད་ཅིང་རྒྱུད་རྐྱང་གི་བཤད་པ་བྱེད་པ་རྣམས་དང་མཐུན་ལ། མར་ལུགས་ཀྱི་གདམས་པ་ཁུངས་མ་རྣམས་ཀྱི་གཞུང་དང་མི་མཐུན་པ་ཅིག་སྣང་བ་ནི་བླ་མ་དེས་མཛད་པར་མི་སྣང་ངོ༌། །མཚུར་སྟོན་ནས་གད་པ་བ་ལ་བརྒྱུད་པ་ལ་ལུགས་གཉིས་སྣང་བས། གསེར་སྡིངས་པས་མཛད་པའི་ཁྲིད་ཡིག་རྣམས་དང༌། བརྒྱུད་པ་གཞན་གྱི་རིམ་ལྔ་བསྡུས་པ་གསལ་བའི་བཤད་པ་རྣམས་ཁོག་མཐུན་ནོ། །དེ་ལ་མར་ལུགས་ཀྱི་མན་ངག་འདིའི་རྩ་ཚིག་ནི་སྔར་བཤད་པ་ལྟར་རིམ་ལྔ་བསྡུས་པ་གསལ་བ་ཡིན་ལ། གསེར་


JLD007_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྡིངས་པས་ཀྱང་དེ་ལ་བརྟེན་པར་སྣང་ངོ༌། །གསེར་སྡིངས་པས་མཛད་པའི་འདུས་པའི་མན་ངག་གི་སྐོར་ལ་རྣལ་འབྱོར་མའི་རྒྱུད་ནས་འབྱུང་བའི་གྲོང་འཇུག་དང་འཕོ་བ་དང་གཏུམ་མོ་སྒོམ་པ་སོགས་འབྱུང་བ་ནི། རིམ་ལྔ་བསྡུས་པ་གསལ་བ་ན་དེ་རྣམས་ཀྱི་གཞི་རེ་ཡོད་པས་དེའི་དབང་དུ་བྱས་ལ། གཞུང་དེར་དེ་དག་འཆད་པའི་རྒྱུ་མཚན་ནི་འོག་ཏུ་བསྟན་པར་བྱའོ། །གཞན་འདུས་པའི་མན་ངག་ཕྲ་རགས་མང་དུ་སྣང་ཡང་གཙོ་བོ་ནི། རིམ་ལྔ་དོན་ལྔ་མ་དང༌། དོན་བཞི་མ་དང༌། རིམ་ལྔ་གདན་རྫོགས་དང༌། འཁོར་ལོ་ཅན་ཏེ་བཞི་ཡིན་ནོ། །འདི་རྣམས་ནི་ལུགས་འདིའི་རིམ་ལྔའི་དོན་ཚན་རྣམས་ཚང་བར་སྟོན་པའི་ཁྲིད་ཡིག་ཡིན་པས། སྔོན་གྱི་བླ་མ་རྣམས་ཀྱིས་ཁྲིད་ཡིག་ཚང་བ་ཡི་གེར་མ་བཀོད་པར་ངག་བརྒྱུད་བྱས་པ་མིན་ནོ། །དེ་ལ་དོན་སྔ་མའི་དོན་ཚན་དང་པོ་བཞི་ལ་ནི་མན་ངག་གི་ཡི་གེ་ཟུར་ན་ཡོད་པས་གཞུང་དེར་ས་བཅད་བཏབ་པ་ཙམ་མ་གཏོགས་པ་མི་འཆད་པས། དོན་ཚན་ལྔ་པ་རིམ་གཉིས་གདན་ཐོག་གཅིག་ཏུ་སྒོམ་པ་ལམ་རྟགས་དང་འབྲེལ་བའི་གདམས་པ་དེ་ཙམ་ཞིག་སྟོན་ནོ། །དེའི་ཕྱིར་དེ་ནི་རིམ་ལྔ་གདན་ཐོག་གཅིག་ཏུ་སྒོམ་པའི་མན་ངག་གོ །དོན་བཞི་མ་ནི་སྒྲུབ་པ་པོ་དང་གནས་དང་གྲོགས་དང་གདམས་པ་དངོས་ཏེ་བཞི་སྟོན་པ་ཡིན་ལ། གདམས་པ་དངོས་ཀྱི་ཁོག་ནི་སྔ་མ་དང་འདྲའོ། །རིམ་ལྔ་གདན་རྫོགས་ཞེས་པ་ཕ་རྒྱུད་ཡང་སྙིང་དུ་


JLD007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ནི་དེ་ཉིད་ལས། གདམས་པ་ལ་ནི་དོན་དྲུག་ཡིན། །བསྐྱེད་རྫོགས་གདན་གཅིག་སྟེང་སྒོམ་དང༌། །འཇུག་ལྡོག་མ་རིག་རྩད་གཅོད་དང༌། །བདེ་བ་ལམ་དུ་བསླང་བ་དང༌། །གཏུམ་མོ་གྲོང་འཕོ་གྲོང་འཇུག་གོ །ཞེས་དོན་དྲུག་སྟོན་པ་མར་ལུགས་ཀྱི་འདུས་པའི་མན་ངག་གི་སྐོར་ཀུན་གྱི་དོན་སྣ་ཚང་བ་ཞིག་སྟོན་པ་ཡིན་ཡང༌། གཙོ་བོ་ནི་རིམ་ལྔ་སྟན་གཅིག་གི་སྟེང་དུ་སྒོམ་པའོ། །འཁོར་ལོ་ཅན་ནི་རིམ་པ་ལྔ་སྟོན་ཀྱང་སྙིང་ཁར་སྔགས་འཁོར་སྒོམ་པ་ལ་མིང་བཏགས་པ་སྟེ། འདི་ལ་སྟན་གཅིག་གི་སྟེང་དུ་རིམ་པ་ལྔ་འཁོར་ལོ་ཅན་དུ་རྫོགས་པའི་མན་ངག་ཅེས་འབྱུང་ངོ་། །སྙིང་ཁར་སྔགས་འཁོར་སྒོམ་པ་ནི་མན་ངག་དེ་བཞི་ཀ་ལ་ཡོད་པས་དེའི་ཆ་ནས་འཁོར་ལོ་ཅན་ཞེས་ཟེར་བ་ནི་འདྲའོ། །རིམ་ལྔ་སྟན་གཅིག་གི་སྟེང་དུ་འཁོར་ལོ་ཅན་དུ་རྫོགས་པར་སྒོམ་པ་ལ་རིམ་ལྔ་གདན་རྫོགས་ཟེར་བས་དེ་བཞི་ཀ་ཡང་རིམ་ལྔ་གདན་རྫོགས་ཀྱི་མན་ངག་གོ །དོན་བཞི་མར་གད་པ་བས་བྱ་ཁང་པ་ལ་དབུ་བསྙུང་བཞེས་ནས་མན་ངག་གནང་བའི་གྲངས་སྨོས་པ་ན་སྔར་གྱི་བཞི་མ་སྨོས་པར་རིམ་ལྔ་གདན་རྫོགས་ཀྱི་དམར་འཁྲིད་ཅེས་འབྱུང་བ་ཡང་དེ་དག་གོ །མིང་དེ་ལྟར་འདོགས་པའི་རྒྱུ་མཚན་ནི། རིམ་ལྔ་བསྡུས་པ་ལས། ཐེག་པ་སྣ་ཚོགས་ཕ་རོལ་ཕྱིན། །སྲིད་པ་སྐྱེ་དང་གནས་པ་སོགས། །དུས་ཀྱི་དབྱེ་བའི་ཁྱད་པར་གྱིས། །སྟན་གཅིག་སྟེང་དུ་སྦྱར་ཏེ་བསྒོམ། །ཞེས་རིམ་ལྔ་སྟན་གཅིག་གི་


JLD007_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བསྒོམ་པར་གསུངས་པ་ལ་བརྟེན་ནས་བྱས་སོ། །རྗེ་ནཱ་རོ་པས་བླ་མ་མར་པ་ལ་རྒྱུད་ཁྱད་པར་དུ་འཕགས་པ་བཞི་ལ་བརྟེན་ནས་གདམས་པ་ཁྱད་པར་ཅན་བཞི་གནང་བའི་ནང་ནས། དཔལ་གསང་བ་འདུས་པ་ལ་བརྟེན་ནས་རིམ་པ་ལྔ་གདན་ཐོག་གཅིག་ཏུ་རྫོགས་པར་སྒོམ་པའི་མན་ངག་གནང་ཞེས་པ་ནི་སྔར་བཤད་པ་འདི་ཉིད་དུ་ཤེས་པར་བྱའོ། །བོད་ཀྱི་ཕྱིས་ཀྱི་མཁས་པ་དག་གིས་མར་ལུགས་ཀྱི་འདུས་པའི་མན་ངག་དག་ལ་བརྒྱུད་པ་ཡི་གེར་བཀོད་པ་ཡིན་ཞེས་གསུངས་པ་ནི། དེ་དག་གི་འགའ་ཟུང་ཙམ་མ་གཏོགས་པ་ལུགས་འདིའི་མན་ངག་འཛིན་པ་རྣམས་ཀྱིས། ཁ་ཅིག་ནི་འདུས་པའི་མན་ངག་ཐོར་བུ་བར་བྱས་ཏེ་བཀོད་པ་དང༌། ཁ་ཅིག་ནི་ནཱ་རོ་ཆོས་དྲུག་ནས་འབྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པར་སྣང་བས་སྒྲིག་ལུགས་དེ་འདྲ་བ་དེ་སྔར་ཡི་གེར་ཕྱོགས་གཅིག་ཏུ་མ་བཀོད་ཀྱང་ཡེ་མ་བྲིས་པ་མིན་ལ། མར་ལུགས་ཀྱི་ཁྲིད་ཡིག་ཚད་མ་དེའི་གོང་དུ་ཡི་གེར་བཀོད་པ་མ་བྱུང་བ་ཡང་མིན་ནོ། །སྔར་བཤད་པའི་གདན་རྫོགས་ཀྱི་མན་ངག་བཞི་ནི་རྩོམ་པ་པོ་གཅིག་ཡིན་ཀྱང༌། བླ་མ་ཐ་དད་དམ་སྔ་ཕྱིའི་གསུང་བགྲོས་མི་འདྲ་བ་ཡིན་ནམ། རྩོམ་པ་པོའི་བློའི་ཁྱད་པར་སྔ་ཕྱིའི་དབང་གིས་ཡིན་པ་འདྲ་སྟེ། མི་མཐུན་པ་མང་དུ་སྣང་ཞིང༌། བྲིས་ནོར་རིང་དུ་བརྒྱུད་པའང་མང་བར་སྣང་ངོ༌། །དེས་ན་དེ་དག་གིས་རིམ་ལྔ་བསྡུས་པའི་དོན་ཇི་ལྟར་བཤད་པ་རྣམས་ནཱ་རོ་པའི་སློབ་མ་ཛྙཱ་ན་ཀ་ར་ནས་ནག་ཚོ་ལ་བརྒྱུད་པའི་མན་ངག་དང༌།


JLD007_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མར་པ་ནས་བརྒྱུད་པ་གཞན་གྱི་མན་ངག་དང་ཡང་གུང་བསྒྲིགས་ཏེ་རིམ་ལྔ་བསྡུས་པའི་དོན་དུ་སོང་མ་སོང་དང༌། དེ་ཀུན་ཀྱང་རྩ་བཤད་ཀྱི་རྒྱུད་དང༌། ཡབ་སྲས་ལྔའི་གཞུང་རྩོད་མེད་རྣམས་ལ་ལེགས་པར་གཏུགས་ནས་དེ་དག་ནས་དངོས་སུ་ཟིན་མ་ཟིན་དང༌། མ་ཟིན་པའི་རྣམ་དག་རྣམས་ཀྱང་དོན་ཐོབ་ལ་ཡོད་ལུགས་དང༌། བརྒྱུད་པ་རིངས་པའི་དབང་གིས་དང་པོའི་གདམས་ངག་གི་དགོངས་པ་ཅུང་ཟད་མ་འཁྱོར་བ་རྣམས་ཀྱི་མ་དག་པའི་རྒྱུ་མཚན་རྣམས་འདི་ལྟར་རོ་ཞེས་བཤད་ན། མར་ལུགས་ཀྱི་འདུས་པའི་མན་ངག་གི་ནུས་པ་རྫོགས་པར་ཐོན་པ་ཞིག་འོང་བར་མཐོང་བས་དེ་བཞིན་དུ་བཤད་པར་བྱའོ། །གསུམ་པ་ལ་བཞི། རྫོགས་རིམ་གྱི་དབྱེ་བ། གོ་རིམ་ངེས་པ། གྲངས་ངེས་པ། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ལ་གཉིས། དབྱེ་བ་དངོས་དང༌། རིམ་ལྔར་ཡན་ལག་དྲུག་འདུ་བའི་ཚུལ་ལོ། །དང་པོ་ནི། རྫོགས་པའི་རིམ་པ་ལ་རིམ་པའི་གྲངས་དུ་ཞིག་ཡིན་སྙམ་ན། རྩ་རྒྱུད་པ་ཚབ་ཀྱིས་བསྒྱུར་བའི་ལེའུ་དྲུག་པ་ལས། སྔགས་ལ་ངེས་རྟོག་ལུས་ཀྱིས་ནི། །ངག་གིས་ཡིད་ལ་བསྐུལ་གྱུར་པས། །བསྒྲུབ་བྱ་རབ་མཆོག་དངོས་གྲུབ་དང༌། །ཡིད་ནི་དགའ་ཞིང་མགུ་བའོ། །ཞེས་གསུངས་ལ། དེའི་དོན་ནི། སྔགས་ལ་ངེས་རྟོག་ནི་ངག་དབེན་ནོ། །ལུས་ཀྱིས་ཞེས་པ་རྡོར་བཟླས་སྒྲུབ་བྱེད་ཀྱི་སྤྲུལ་པའི་ལུས་ཞེས་གསུངས་ཏེ་ལུས་དབེན་ནོ། །དེས་བསྒྲུབས་པའི་ངག་དབེན་གྱིས་ཡིད་ལ་སྟེ་སྙིང་ཁ་ན་གནས་པའི་རྡོ་རྗེ་སེམས་དཔའ་བསྐུལ་བ་སྟེ་ཇི་བཞིན་དུ་


JLD007_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་བྱས་པས། རྣལ་འབྱོར་པའི་རྒྱུད་ལ་རབ་མཆོག་ལ་སོགས་པ་བཞི་བསྒྲུབ་པར་བྱའོ། །དེ་ལ་རབ་མཆོག་ནི་རྡོར་བཟླས་ལས་རབ་ཏུ་གྱུར་པའི་སེམས་དབེན་ནོ། །དངོས་གྲུབ་ནི་བདག་བྱིན་བརླབ་བོ། །ཡིད་དགའ་བ་ནི་སྒྱུ་མའི་ལུས་དེ་དག་པར་བྱེད་པའི་དོན་དམ་བདེན་པ་འོད་གསལ་ལོ། །མགུ་བ་ནི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་འགྲེལ་པས་བཤད་པས། སྐབས་འདིར་ལུས་དབེན་ལ་སོགས་པའི་རིམ་པ་དྲུག་གསུངས་སོ། །སྐབས་འདིའི་རྒྱུད་དང་འགྲེལ་པ་གཉིས་ཀའི་འགྱུར་ནི་འགྱུར་གསར་བཟང་ངོ༌། །ཚིགས་བཅད་འདི་སྤྱོད་བསྡུས་ཀྱི་རིགས་གཅིག་གི་ལུས་དབེན་གྱི་སྐབས་སུ་དྲངས་ནས་དེའི་དོན་སྐུ་རྡོ་རྗེར་གྱུར་ནས། རྐན་དང་ལྕེ་དང་མཆུ་ཚོགས་པ་ལས་གསུང་རྡོ་རྗེ་ལ་འཇུག་ལ། ཐུགས་རྡོ་རྗེ་ནི་དེ་ལ་སྐུལ་བར་བྱེད་པ་ཡིན་ཏེ། དེ་ལྟར་གསུམ་ཚོགས་པ་ལས་ཡིད་དགའ་ཞིང་ཚིམ་པར་བྱེད་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་བཤད་པ་དང་མི་འགལ་ཏེ། རྡོ་རྗེའི་ཚིག་རེ་ལ་བཤད་པ་མི་འདྲ་བ་མང་པོ་འཇུག་པའི་ཕྱིར་ཏེ། དཔེར་ན། ལེའུ་བདུན་པར་དེ་བཞིན་གཤེགས་པའི་ཚོགས་བསད་ན་དངོས་གྲུབ་མཆོག་འཐོབ་པར་གསུངས་པ། མགོན་པོ་ཀླུ་སྒྲུབ་ཀྱིས་ལྷག་མོས་འོད་གསལ་དུ་སྡུད་པ་ལ་སྦྱར། འཕགས་པ་ལྷས་དེའི་དོན་རྫོགས་རིམ་པའི་འོད་གསལ་དུ་འཇུག་པ་ལ་བཤད་པ་བཞིན་ནོ། །ལེའུ་དང་པོའི་


JLD007_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་གསལ་དུ་བསྐྱེད་རིམ་རིམ་པ་གཅིག་དང༌། རྫོགས་རིམ་ལ་སེམས་དམིགས་ཀྱི་རིམ་པ་ལ་སོགས་པ་བཞིར་མཛད་དོ། །དེ་ནི་དེ་ཉིད་ལས། རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་གསུངས་པས་རྒྱུད་ཀྱི་བརྗོད་བྱའི་ཆ་གཅིག་ལ་རིམ་ལྔར་མ་བྱས་པར་གཙོ་བོའི་དོན་ཀུན་བསྡུས་པའི་ལུགས་སོ། །སློབ་དཔོན་སྐལ་ལྡན་གྲགས་པ་ལ་སོགས་པས། གསང་སྔགས་སྐུ་ནི་རབ་སྒྲུབ་བྱེད། །ཅེས་གསུངས་པས་རྡོར་བཟླས་ཀྱང་བསྟན་པར་འཆད་མོད་ཀྱང༌། བོད་ཀྱི་མཁས་པ་རྣམས་ལུས་དབེན་དང་ངག་དབེན་གཉིས་སེམས་དམིགས་སུ་བསྡུས་པ་ཡིན་གསུང་པ་ལྟར་ལེགས་ཏེ། རྒྱུད་ཀྱི་གླེང་གཞིའི་སྦས་བཤད་ཀྱི་རྒྱུད་རྡོ་རྗེ་འཕྲེང་བའི་སེམས་ཀྱི་སྦས་པའི་སྐབས་ཉིད་དུ་དབེན་པ་དང་པོ་གཉིས་བསྟན་པ་དང་མཐུན་པའི་ཕྱིར་རོ། །རིམ་ལྔའི་མདོར་བསྟན་དུ་འཕགས་པས་རྡོ་རྗེ་བཟླས་པ་ལ་རིམ་པ་དང་པོར་བྱས་པའི་རྫོགས་རིམ་ལ་རིམ་པ་ལྔར་མཛད་དེ། བཤད་རྒྱུད་རྡོ་རྗེ་འཕྲེང་བའི་ལེའུ་ཐ་མར་དེ་བཞིན་དུ་མཛད་པའི་རྗེས་སུ་འབྲངས་པའོ། །སྤྱོད་བསྡུས་ལས་དེ་ཉིད་ལྔ་ཞེས་གསུངས་པ་ནི་དེ་དང་འདྲ་ལ། རྒྱས་བཤད་དུ་ལུས་དབེན་ལ་ལེའུ་གཅིག་མཛད་ནས་རིམ་པ་དྲུག་ཏུ་ཡང་གསུངས་སོ། །རྣམ་གཞག་རིམ་པར་ཡང་རྡོ་རྗེ་བཟླས་པའི་རིམ་པས་ཞེས་དེ་ལ་རིམ་པ་གཅིག་ཏུ་མཛད་ཅིང༌། སེམས་དམིགས་རིམ་པ་གཉིས་པར་གསུངས་པས་རིམ་ལྔའི་མདོར་བསྟན་དང་འདྲ་བར་


JLD007_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལྔར་བཞེད་དོ། །འཕགས་པས་རིམ་པ་གསུམ་པར་ལུས་རྣམ་པར་དབེན་པ་ཞེས་པའི་མིང་ཙམ་མ་གཏོགས་པ་ལུས་དབེན་གསལ་བར་མ་བཤད་པ་ནི་སྤྱོད་བསྡུས་ལས་རྒྱས་པར་གསུངས་སོ། །སྤྱོད་བསྡུས་ལས་དེ་ངག་དབེན་གྱི་སྔོན་དུ་གསུངས་པ་ལྟར་འཕགས་པས་མ་གསུངས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། འདི་ལ་ཁ་ཆེ་ལག་སྨི་དང༌། སྐལ་ལྡན་གྲགས་པ་གཉིས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །ཞེས་པའི་ཚིག་གིས་ཏིང་ངེ་འཛིན་གསུམ་གྱི་བསྐྱེད་རིམ་དང་ལུས་དབེན་གཉིས་ཀ་བསྟན་པར་བཤད་པས། འཕགས་པས་ཀྱང་ལུས་དབེན་ངག་དབེན་གྱི་སྔོན་དུ་བསྟན་པར་འདོད་དོ། །བསྐྱེད་པའི་རིམ་ཞེས་པའི་ཚིག་གིས་ལུས་དབེན་བསྟན་པ་ནི། འགྲེལ་པ་ཟླ་འོད་སོགས་སུ་ལུས་དབེན་བསྐྱེད་རིམ་དུ་བཤད་པ་རྣམས་ཀྱིས་ཀྱང་ཁས་བླང་དགོས་སོ། །དོན་ལྔ་མར་འཕགས་པས་བསྐྱེད་རིམ་སྒྱུ་ལུས་ལ་ཚང་བར་བཞེད་པས་མ་གསུངས་ཞེས་དང༌། དོན་བཞི་མར་བསྐྱེད་རིམ་སྒྱུ་ལུས་ལ་འདུས་ཏེ་སྔོན་འགྲོར་བྱས་ཞེས་ཟེར་བ་ནི། ལུས་དབེན་གྱི་ལྷ་སྐྱེད་ཚུལ་དང༌། སྒྱུ་ལུས་པའི་རྡོ་རྗེ་འཆང་སྐྱེད་ཚུལ་གཉིས་གཅིག་པར་འདོད་ཅིང༌། དེ་གཉིས་ཀ་བསྐྱེད་རིམ་དུ་འདོད་པར་སྣང་བས། བསྐྱེད་རིམ་སྒྱུ་ལུས་ལ་འདུས་ཟེར་ཡང༌། ལུས་དབེན་སྒྱུ་ལུས་དེ་བསྐྱེད་རིམ་ལ་འདུས་པས། བསྐྱེད་རིམ་ལས་ལོགས་སུ་ལུས་དབེན་མ་བཤད་ཅེས་པའི་དོན་ནོ། །འདི་ནི་འཕགས་སྐོར་གྱི་གཞུང་རྣམ་དག་གང་དང་


JLD007_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་མཐུན་ཞིང༌། རིམ་ལྔ་བསྡུས་པ་གསལ་བའི་དོན་ཡང་མ་རྟོགས་པའི་བཤད་པར་སྣང་ངོ༌། །རང་གི་ལུགས་ནི། ལུས་དབེན་ལ་རིམ་གཉིས་ཀྱི་ཆ་གཉིས་ཡོད་པའི་རིམ་པ་གཉིས་པའི་ལུས་དབེན་འཕགས་པས་ངག་དབེན་གྱི་སྔོན་དུ་མ་གསུངས་པ་ནི་རྡོ་རྗེ་བཟླས་པའི་རིམ་པར་བསྡུས་པ་ལ་དགོངས་པ་ཡིན་ནོ། །དེས་ན་དབེན་པ་དང་པོ་གཉིས་སེམས་དམིགས་ཀྱི་རིམ་པར་བསྡུས་ནས་རྫོགས་རིམ་ལ་རིམ་པ་བཞིར་མཛད་པ་དང༌། དེ་ལས་རྡོ་རྗེ་བཟླས་པའི་རིམ་པ་ལ་ལོགས་སུ་བཏོན་ཅིང༌། དེར་ལུས་དབེན་བསྡུས་པའི་རིམ་པ་ལྔ་དང༌། ལུས་དབེན་ཡང་ལོགས་སུ་བཏོན་ནས་རིམ་པ་དྲུག་ཏུ་མཛད་པ་རྣམས་ནི་དབྱེ་བསྡུ་ཡིན་པས་འགལ་བ་མེད་དོ། །ཡང་འདུས་པ་ཕྱི་མ་ལས། བསྙེན་པའི་ཡན་ལག་དྲུག་ཏུ་ནི། །བྱས་ནས་མཆོག་ཏུ་བསྒྲུབ་པར་བྱ། །གཞན་དག་གིས་ནི་བསྒྲུབས་གྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བ་ཡན་ལག་དྲུག་ཅེས་བྱ། །ཞེས་རྫོགས་རིམ་མཆོག་གི་བསྙེན་པ་ལ་སོ་སོར་སྡུད་པའི་ཡན་ལག་ལ་སོགས་པ་སྦྱོར་བ་ཡན་ལག་དྲུག་ཏུ་གསུངས་སོ། །དེའི་རྐང་པ་དང་པོ་བཞིས་ཡན་ལག་དྲུག་གི་སྒོ་ནས་མཆོག་སྒྲུབ་པ་མ་བྱས་ན་མཆོག་མི་འགྲུབ་པར་གསུངས་པས། བླ་མེད་ཀྱི་མཆོག་སྒྲུབ་པ་ཐམས་ཅད་ལ་ཡན་ལག་


JLD007_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཚང་དགོས་མོད་ཀྱང༌། ལུགས་རེ་རེའི་སྦྱོར་དྲུག་འགྲེལ་ཚུལ་ཇི་མ་ཇི་བཞིན་དུ་བྱ་མི་དགོས་ཏེ། དེ་ལྟ་མ་ཡིན་ན་རྫོགས་རིམ་ཐམས་ཅད་གཅིག་ཏུ་འགྱུར་དགོས་ལ། དེ་ལྟ་ན་བསྐྱེད་རིམ་ཐམས་ཅད་ལ་ཡང་རིགས་པ་མཚུངས་པས། གདུལ་བྱ་མི་འདྲ་བ་དུ་མའི་དོན་དུ་རྒྱུད་མཐའ་ཡས་པ་གསུངས་པ་རྣམས་དོན་མེད་པར་འགྱུར་ཏེ། རྒྱུད་གཅིག་བསྟན་པས་ཆོག་པའི་ཕྱིར་རོ། །དེས་ན་བསྐྱེད་རིམ་གྱི་སྒྲུབ་ཐབས་ཕལ་མོ་ཆེ་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱིས་བསྡུས་པར་འདྲ་མོད་ཀྱང༌། དེ་གསུམ་གྱི་དོན་དུ་ཇི་ཙམ་ཞིག་བྱ་དགོས་པ་མི་མཐུན་པ་དུ་མ་ཡོད་པ་བཞིན་དུ། རྫོགས་རིམ་ལ་ཡང་ཡན་ལག་དྲུག་གི་རྣམ་གཞག་བྱ་དགོས་པར་མཚུངས་ཀྱང༌། དོན་མི་འདྲ་བ་དུ་མ་ཞིག་འོང་བས། སོར་སྡུད་ལ་སོགས་པའི་མིང་འདྲ་བས་དོན་གཅིག་ཏུ་བྱ་དགོས་པ་མ་ཡིན་ཏེ། མིང་གཅིག་ལ་དོན་དུ་མ་དང་དོན་གཅིག་ལ་མིང་དུ་མ་འཇུག་པ་ནི་མདོ་སྔགས་ཀྱི་ཕྱོགས་རྣམས་ལ་མཐའ་ཡས་པ་ཅིག་སྣང་བའི་ཕྱིར་རོ། །གཉིས་པ་ལ་གཉིས། ལུགས་མི་འདྲ་བ་རྣམ་པར་དགོད་པ་དང༌། དེ་རྣམས་ཀྱི་འཐད་མི་འཐད་དཔྱད་པའོ། །དང་པོ་ལ་གཉིས། འགྲེལ་བྱེད་རྣམས་ཀྱི་ལུགས་དགོད་པ་དང༌། བོད་ཀྱི་བླ་མ་རྣམས་ཀྱི་ལུགས་དགོད་པའོ། །དང་པོ་ནི། འདིར་སྡུད་བྱེད་ནི་ལུས་དབེན་དང་བཅས་པའི་རིམ་པ་དྲུག་གོ །བསྡུ་བྱ་ནི་སྦྱོར་བ་ཡན་ལག་དྲུག་ཡིན་ལ། དེ་ལ་ཡང་བྱང་ཆུབ་སེམས་


JLD007_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་འགྲེལ་པ་སྐོར་གསུམ་གྱི་ལུགས་དང༌། འཇམ་དཔལ་ཞལ་ལུང་རྗེས་འབྲང་དང་བཅས་པའི་ལུགས་དང༌། སྙིམ་པའི་མེ་ཏོག་གི་ལུགས་དང༌། མན་ངག་སྙེ་མའི་ལུགས་དང༌། བདེ་མཆོག་ལཱུ་ཨི་པའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་རྡོ་རྗེས་བཤད་པའི་སྦྱོར་དྲུག་ལ་སོགས་པ་ནི། མིང་འདྲ་ཡང་དོན་མི་མཐུན་པ་དུ་མ་ཅིག་ཡོད་པས། འདིར་དེ་རྣམས་ཀྱི་སྡུད་ཚུལ་སྟོན་པ་མིན་གྱི། རྒྱུད་ཕྱི་མའི་གཞུང་གི་དོན་སྒྲོན་གསལ་ལས་བཤད་པའི་ཡན་ལག་དྲུག་གི་སྡུད་ཚུལ་སྟོན་པ་ཡིན་ནོ། །འདི་ལ་འགྲེལ་པ་ཟླ་འོད་ལས་མདོར་བསྡུས་ཀྱི་རིམ་པ་བསྐྱེད་རིམ་གྱིས་སོར་བསམ་གཉིས་བསྡུས་པའི་སོར་སྡུད་ནི་ལྷ་སྒོམ་པ་སྟེ། དེ་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིས་བརྟག་པ་ལ་རྟོག་དཔྱོད་དང༌། དེ་ནས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་པར་ཕྱོགས་པས་དགའ་བདེ་དང༌། སྟོང་ཉིད་གཅིག་བུ་ལ་སེམས་གཏད་པ་ནི་སེམས་རྩེ་གཅིག་པ་སྟེ། བསམ་གཏན་གྱི་ཡན་ལག་ལྔའོ། །གཞོམ་དུ་མེད་པ་ལ་རླུང་བསྡུས་པ་སྲོག་རྩོལ་དུ་བཤད་ནས་རིམ་ལྔའི་འདིས་བསྡུས་མ་བཤད་ཀྱང་རྡོར་བཟླས་སུ་བསྡུའོ། །སྒྱུ་མའི་རང་བཞིན་རྡོ་རྗེ་འཛིན་པའི་སྐུ་འོད་གསལ་གྱི་བདག་ཉིད་ནི་འཛིན་པའོ་ཞེས་བཤད་པས། འཛིན་པ་ནི་སྒྱུ་ལུས་དང་འོད་གསལ་དུ་བསྡུའོ། །འོད་གསལ་གྱི་རྗེས་སུ་སྐད་ཅིག་གིས་རྡོ་རྗེ་འཛིན་པའི་སྐུར་རྫོགས་པ་ནི་རྗེས་དྲན་དང༌། དེ་ཉིད་ཟུང་འཇུག་གི་


JLD007_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དུ་སྒོམ་པ་ནི་ཏིང་ངེ་འཛིན་ཏེ་ཡན་ལག་ཐ་མ་གཉིས་ཟུང་འཇུག་ཏུ་བཤད་དོ། །འདི་ནི་སྒྲོན་གསལ་གྱི་རྗེས་སུ་འབྲང་བ་བསྡུས་ཤིང་སྙིང་པོར་གྱུར་པའི་བཤད་པ་ཡིན་ཞེས་གསུངས་སོ། །སྒྲོན་མ་རབ་གསལ་ལས་སོར་མཉམ་གཉིས་སེམས་དབེན་དང༌། སྲོག་རྩོལ་རྡོར་བཟླས་དང༌། འཛིན་པ་འོད་གསལ་དང༌། རྗེས་དྲན་དང་ཏིང་ངེ་འཛིན་ཟུང་འཇུག་ཏུ་འདུས་པར་བཤད་དེ། སྙིང་གི་མེ་ལོང་ཡང་དེ་དང་འདྲའོ། །དེ་གཉིས་ཀྱང་སྒྲོན་གསལ་གྱི་བཤད་པའི་སྦྱོར་དྲུག་རིམ་ལྔར་སྡུད་ལུགས་སོ། །སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས། དབང་པོ་བཅུ་པོ་ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་པའི་སོར་སྡུད་ནི་ལུས་དབེན་གྱི་གཞི་དང༌། དེ་ནས་འདོད་པ་ལྔ་ནི་ཞེས་སོགས་ཀྱི་ཚིགས་བཅད་བཞིས་བསྟན་པའི་བསམ་གཏན་ནི་ལུས་དབེན་དུ་བཤད་དོ། །འདིའི་གཞུང་ལ་གསང་བའི་རྒྱུད་ནི་ཞེས་པའི་རྐང་པ་གཉིས་མི་སྣང་ངོ༌། །དེ་ནས་ཡེ་ཤེས་ལྔ་ཡི་ཞེས་སོགས་ཀྱི་ཚིགས་བཅད་གཉིས་ཀྱིས་བསྟན་པའི་སྲོག་རྩོལ་ནི་ངག་དབེན་དང༌། དེ་ནས་རང་དབང་ཞེས་པ་རྐང་པ་གཉིས་ཀྱིས་བསྟན་པའི་འཛིན་པའི་ཡན་ལག་ནི་སེམས་དབེན་དུ་འདོད་དོ། །སྒྱུ་ལུས་ནི་སོ་སོར་སྣང་བ་དེ་ལས་སྐྱེ། །ཞེས་པས་བསྟན་ཏེ། དེ་ལྟར་གསུངས་པ་ནི་ཤེས་རབ་ཅན་ང་རྒྱལ་བཅག་པའི་ཕྱིར་ཡན་ལག་ལྔ་པའི་མཐར་སྦས་ཏེ་བཞག་པ་ཡིན་ཞེས་ཟེར་རོ། །འོད་གསལ་མངོན་དུ་བྱེད་པའི་ཐབས་རིལ་འཛིན་ནི། ཐབས་


JLD007_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་སྙོམས་འཇུག་པ། །ཞེས་པ་ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་སྦྱོར་བ་ལ་ཐབས་ཤེས་སྙོམས་འཇུག་ཏུ་གསུངས་པས་བསྟན་ཅིང༌། རྗེས་གཞིག་ནི། དངོས་པོ་ཐམས་ཅད་མདོར་བསྡུས་ན། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི་ཞེས་པ་གཉིས་དང༌། དེའི་ཚེ་མཚན་མ་ལྔ་སྐྱེ་ཚུལ་ནི། སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་གྱིས་བསྟན་ནོ། །འོད་གསལ་ནི་གསང་ཆེན་ཡིན་པས་ཡན་ལག་ལྔ་པ་དང་དྲུག་པ་གཉིས་སུ་དཀྲུགས་ཏེ་བཤད་པ་ཡིན་ཞེས་ཟེར་ཏེ། དེ་ནི་སེམས་ནི་འགོག་པའི་རྡོ་རྗེ་ཞེས་སོགས་ཡན་ལག་ལྔ་པ་དང༌། ཐབས་དང་ཞེས་སོགས་རྐང་པ་གསུམ་ཡན་ལག་དྲུག་པའི་གཞུང་དུ་འདོད་པའི་དོན་ནོ། །ཟུང་འཇུག་ནི་བརྟན་གྱུར་ཞེས་སོགས་རྐང་པ་ལྔས་བསྟན་པར་འདོད་དེ། སྒྱུ་ལུས་དང་འོད་གསལ་དང་ཟུང་འཇུག་གསུམ་ག་རྗེས་དྲན་གྱི་ཡན་ལག་ལས་ཕྱེ་བར་འདོད་དོ། །དབུས་སུ་གཟུགས་ནི་ཞེས་པ་རྐང་པ་གསུམ་གྱིས་བསྟན་པའི་ཏིང་ངེ་འཛིན་གྱི་ཡན་ལག་ནི་ལྷུན་གྱིས་གྲུབ་པའི་ལམ་དུ་བཤད་དོ། །ཡན་ལག་དྲུག་པ་སྟོན་པའི་རྐང་པ་གསུམ་གྱིས་འོད་གསལ་སྟོན་པར་སྔར་བཤད་པས་ཡན་ལག་དྲུག་པ་ལ་འོད་གསལ་གྱི་ཆ་གཅིག་ཀྱང་འདོད་དགོས་སོ། །འདིས་སྒྲོན་གསལ་གྱི་ཁུངས་དངོས་སུ་མ་དྲངས་ཀྱང་རྒྱུད་ཕྱི་མ་སྒྲོན་གསལ་གྱིས་བཤད་པ་ལ་བརྟེན་ནས་ཡན་ལག་དྲུག་བཤད་པར་སྣང་བས་


JLD007_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྡུད་ཚུལ་ལོ། །གཉིས་པ་ནི། སྔོན་གྱི་འགོས་ལུགས་པ་མཁས་པ་གླན་གྱིས། ཡན་ལག་དྲུག་ནི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང༌། དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་གཉིས་སུ་འདུ་ལ། སོར་སྡུད་ཀྱིས་སྒྱུ་ལུས་ཀྱི་སྐབས་ཀྱི་སྤྱོད་པ་དང༌། ཡན་ལག་ལྷག་མ་ལྔས་ཏིང་ངེ་འཛིན་སྟོན་ནོ། །དེ་ལ་བསམ་གཏན་གྱི་ཡན་ལག་རྟོག་དཔྱོད་གཉིས་ཀྱིས་ལུས་དབེན་དང༌། དགའ་བས་ལུས་དབེན་གྱི་ཕན་ཡོན་དང༌། སྲོག་རྩོལ་ཀྱིས་ངག་དབེན་དང༌། བདེ་བས་དེའི་ཕན་ཡོན་དང༌། སེམས་རྩེ་གཅིག་པས་སེམས་དབེན་དང༌། སངས་རྒྱས་ཀུན་དངོས་ཞེས་པ་བསམ་གཏན་གྱི་ཕན་ཡོན་གྱིས་སྒྱུ་ལུས་དང༌། འཛིན་པས་འོད་གསལ་དང༌། རྗེས་དྲན་དང་ཏིང་ངེ་འཛིན་གྱིས་ཟུང་འཇུག་བསྟན་པར་འདོད་དེ། འདི་ཡང་སྒྲོན་གསལ་གྱིས་བཤད་པའི་སྦྱོར་དྲུག་གི་སྡུད་ལུགས་སོ། །མར་ལུགས་པ་ཁ་ཅིག་ནི། སོར་སྡུད་ལུས་དབེན་དང༌། བསམ་གཏན་སེམས་དབེན་དང༌། སྲོག་རྩོལ་རྡོར་བཟླས་དང༌། འཛིན་པ་སེམས་དབེན་དང༌། རྗེས་དྲན་སྒྱུ་ལུས་སུ་འདུ་ཞིང༌། འོད་གསལ་དང་ཟུང་འཇུག་ཏིང་ངེ་འཛིན་དུ་འདུ་ཟེར་ཏེ། ཕྱི་མ་སྔ་མ་གཉིས་སུ་འདུ་ཟེར་རྒྱུར་སྣང་ངོ༌། །འདི་ནི་དུས་འཁོར་བའི་སྦྱོར་དྲུག་སྡུད་ཚུལ་དུ་འདོད་དོ། །བོད་ཀྱི་ཕྱིས་ཀྱི་མཁས་པ་ཁ་ཅིག །ཨ་བྷྱས་སོར་བསམ་གཉིས་བསྐྱེད་རིམ་དུ་བཤད་པ་མི་འཐད་དེ། རྒྱུད་ཕྱི་མ་ལས། བསྐྱེད་རིམ་དང་འབྲེལ་བའི་བསྙེན་པ་རྡོ་རྗེ་བཞི་ཐུན་


JLD007_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གི་དངོས་གྲུབ་སྒྲུབ་བྱེད་དུ་བཤད་ལ། ཡན་ལག་དྲུག་གིས་བསྒྲུབས་པ་ལས་གཞན་དུ་བསྒྲུབས་ན་མཆོག་མི་འགྲུབ་ཅེས་གསུངས་པས། ཡན་ལག་དྲུག་མཆོག་སྒྲུབ་བྱེད་ཀྱི་བསྙེན་པ་ཐུན་མོང་མ་ཡིན་པ་དང༌། བསྐྱེད་རིམ་མཆོག་སྒྲུབ་བྱེད་མ་ཡིན་པར་བཤད་པ་དང་འགལ་ལོ། །གླན་གྱིས་སོར་སྡུད་ཀྱིས་སྤྱོད་པ་དང་བསམ་གཏན་གྱིས་ལུས་དབེན་བསྟན་ཞེས་པ་ཤིན་ཏུ་མི་འཐད་ཏེ། མཆོག་སྒྲུབ་པའི་དང་པོ་ཉིད་དུ་སྤྱོད་པ་འོང་པ་གོ་རིམ་འགལ་བའི་ཕྱིར་དང༌། ལུས་དབེན་ལ་ཤེས་དང་ཤེས་བྱ་བྱུང་ཟད་ཀྱི་ཕན་ཡོན་མི་འོང་བའི་ཕྱིར་རོ། །དེས་ན་དྲི་མེད་འོད་ལས། བདག་བྱིན་བརླབ་པ་དག་ནི་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བར་འགྱུར་བའི་མཚན། ཞེས་དང༌། ཕྱག་རྡོར་སྟོད་འགྲེལ་ལས། འདིར་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི། སོ་སོར་སྡུད་པས་དུ་བ་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །ཞེས་གསུངས་པས་སོར་བསམ་གཉིས་སྒྱུ་ལུས་སུ་འདུ། སྲོག་རྩོལ་ནི་རྡོ་རྗེ་བཟླས་པ། འཛིན་པ་ནི་འོད་གསལ། རྗེས་དྲན་ནི་སྔར་སོར་སྡུད་ཀྱི་སྐབས་སུ་མཐོང་བ་དང་འདྲ་བར་དག་པའི་གཟུགས་བརྙན་མཐོང་བའི་ཆ་ནས་སྒྱུ་ལུས། དེའི་དུས་སུ་ཞུ་བདེ་ཉམས་སུ་མྱོང་བའི་ལམ་གྱི་ཆ་ནས་སེམས་དབེན་ཏེ། སེམས་དབེན་ནི་སྣང་མཆེད་ཐོབ་གསུམ་ལམ་དུ་བྱེད་པ་ཡིན་ལ། དེ་ནི་དགའ་


JLD007_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ་དང་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཟུང་འཇུག་གོ་ཞེས་འཆད་དོ། །འདིས་ནི་དུས་འཁོར་བའི་སྦྱོར་དྲུག་རིམ་ལྔར་སྡུད་ལུགས་བཤད་དོ། །གཉིས་པ་ལ་གཉིས། འགྲེལ་བྱེད་རྣམས་ཀྱི་ལུགས་འཐད་མི་འཐད་དཔྱད་པ་དང༌། བོད་རྣམས་ཀྱིས་བཤད་པ་འཐད་མི་འཐད་དཔྱད་པའོ། །དང་པོ་ནི། ཟླ་འོད་ལས་སོར་བསམ་གཉིས་བསྐྱེད་རིམ་དུ་བསྡུས་པ་འགོག་པ་ལ། བསྐྱེད་རིམ་ཐུན་མོང་གི་དངོས་གྲུབ་དང༌། ཡན་ལག་དྲུག་མཆོག་གི་སྒྲུབ་བྱེད་དུ་གསུངས་པས་མི་གནོད་དེ། གནོད་ན་ལམ་གཅིག་གིས་དངོས་གྲུབ་གཉིས་ཀ་སྒྲུབ་པ་འགལ་བར་འགྱུར་ལ། དེ་ལྟ་ན་རྫོགས་རིམ་གྱི་ལམ་གྱིས་ཐུན་མོང་གི་དངོས་གྲུབ་མི་འགྲུབ་པར་འགྱུར་རོ། །ཡན་ལག་དྲུག་གིས་སྒྲུབ་པ་ལས་གཞན་དུ་བསྒྲུབས་ན་མཆོག་མི་འགྲུབ་ཅེས་པས་ནི། ཡན་ལག་དྲུག་གིས་སྒྲུབ་པ་ལས་གཞན་དུ་སྟེ་དེས་མ་བསྒྲུབས་ན་མཆོག་མི་འགྲུབ་པར་སྟོན་པ་ཡིན་གྱི། ཡན་ལག་དྲུག་ལས་གཞན་པའི་ལམ་མཆོག་སྒྲུབ་བྱེད་མིན་པར་སྟོན་པ་གཏན་མིན་ནོ། །བསྐྱེད་རིམ་གཅིག་པུས་བསྒྲུབས་པས་མཆོག་མི་འགྲུབ་ཀྱང༌། བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བ་ཅི་ཞིག་འགལ་ཏེ། གཞན་དུ་ན་རྫོགས་རིམ་ལའང་མཚུངས་པ་དང༌། རྫོགས་རིམ་གྱི་ཡན་ལག་དྲུག་རེ་རེས་ཀྱང་མི་འགྲུབ་པས། དེ་རྣམས་མཆོག་སྒྲུབ་པའི་ལམ་མ་


JLD007_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་འགྱུར་རོ། །བསྐྱེད་རིམ་མཆོག་སྒྲུབ་བྱེད་དུ་གཏན་མི་རུང་ན་བསྙེན་པ་ལ་ཐུན་མོང་དང་མཆོག་གི་བསྙེན་པ་གཉིས་གསུངས་པའི་ཐུན་མོང་གི་དོན་ལ་རྒྱུ་ཐུན་མོང་བ་དངོས་གྲུབ་གཉིས་ཀའི་རྒྱུར་རང་གིས་བཤད་པ་དང་ཡང་ཇི་ལྟར་མི་འགལ་ལ། བཅོམ་ལྡན་འདས་མི་བསྐྱོད་པ་དང་འཁོར་ལོ་བདེ་མཆོག་སོགས་ཀྱི་སྒྲུབ་ཐབས་སུ་བཤད་པའི་དོན་ཀྱང་མ་ངེས་པ་དང༌། དེ་དག་བསྒོམས་པའི་ཕན་ཡོན་གྱི་སྐབས་སུ་སངས་རྒྱས་འཐོབ་པའི་ཐབས་སུ་གསུངས་པ་ཐམས་ཅད་དང་འགལ་བར་འགྱུར་རོ། །གལ་ཏེ་ལམ་གཉིས་ཀ་དངོས་གྲུབ་གཉིས་ཀའི་ཐབས་ཡིན་ན། དེ་གཉིས་ལ་ཐུན་མོང་དང་མཆོག་སྒྲུབ་བྱེད་སོ་སོར་གསུངས་པ་ཅི་ཡིན་སྙམ་ན། རྫོགས་རིམ་ལ་མ་བལྟོས་པར་ཡང་བསྐྱེད་རིམ་གྱིས་ཐུན་མོང་གི་དངོས་གྲུབ་འགྲུབ་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་བྱེད་དང་བསྐྱེད་རིམ་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཡིན་གྱི། མཆོག་སྒྲུབ་པའི་ལམ་གྱི་གཙོ་བོ་རྫོགས་རིམ་ཡིན་པས། དེ་ལ་མཆོག་སྒྲུབ་བྱེད་དུ་གསུངས་ཀྱི་སྒྲུབ་བྱེད་གཉིས་འགལ་བ་མིན་ནོ། །སོར་བསམ་ནི་ཚད་ལྡན་གཞན་གྱིས་རྫོགས་རིམ་གྱི་སྒོ་ནས་བཤད་ལ། ཞལ་ལུང་གི་དགོངས་པས་བསྐྱེད་རིམ་ལའང་བཤད་དགོས་པར་སྣང་བས། སྤྱིར་སོར་བསམ་རིལ་པོ་བསྐྱེད་རིམ་མམ་རྫོགས་རིམ་དུ་མི་བྱའི་ཆ་གཉིས་ཀ་ཁས་བླང་ངོ༌། །བྱེ་བྲག་ཏུ་རང་གི་གཞུང་


JLD007_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གང་ནས་རིམ་གཉིས་གང་གི་ཆ་བཤད་པ་དེ་བཞིན་དུ་བྱ་སྟེ། དེ་ལྟར་ན། འཕགས་ལུགས་ལྟར་ན་རྫོགས་རིམ་གྱི་ཆ་བཤད་པར་བྱས་ན་ལེགས་པར་སེམས་སོ། །འཛིན་པས་སྒྱུ་ལུས་བསྟན་པ་ལེགས་པར་མ་མཐོང་སྟེ། དེ་ནི་འོག་ཏུ་བཤད་པར་བྱའོ། །སྒྲོན་མ་རབ་གསལ་ལས་བཤད་པའི་འདུས་ཚུལ་འཐད་མི་འཐད་ནི། ཡན་ལག་དྲུག་གི་ངོས་འཛིན་འོག་ཏུ་བཤད་པའི་སྐབས་སུ་བཤད་ན་རྟོགས་སླའོ། །སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས་སོར་སྡུད་ལུས་དབེན་གྱི་གཞིར་བཤད་པ་ནི་སྒྲོན་གསལ་ལས་སོར་སྡུད་སྦྱང་བྱ་དང༌། བསམ་གཏན་དེ་སྦྱོང་བྱེད་དུ་བཤད་པའི་དོན་དུ་བསམས་སོ། །རང་དབང་ཞེས་པ་གཉིས་ཀྱིས་བསྟན་པའི་འཛིན་པ་སེམས་དབེན་དང༌། སོ་སོར་སྣང་བ་ཞེས་པས་སྒྱུ་ལུས་དང༌། ཡན་ལག་ཐ་མ་སྟོན་པའི་རྐང་པ་གསུམ་གྱིས་བསམ་གཏན་གཉིས་དང༌། ཟུང་འཇུག་ཏིང་ངེ་འཛིན་གྱི་ཡན་ལག་ལས་ཟུར་དུ་འཆད་ཅིང༌། ཟུང་འཇུག་ལས་ལོགས་སུ་ལྷུན་གྲུབ་ཀྱི་ལམ་རྐང་པ་ཐ་མ་གསུམ་གྱིས་བསྟན་པར་འདོད་པ་རྣམས་ལེགས་པ་མ་ཡིན་ཏེ། འདི་རྣམས་ཀྱང་འོག་ནས་ཡན་ལག་དྲུག་གི་གཞུང་འཆད་པའི་སྐབས་སུ་བཤད་ན་རྟོགས་སླའོ། །གཉིས་པ་ནི། བོད་ཁ་ཅིག་གིས་གླན་གྱིས་སོར་སྡུད་ཀྱིས་སྤྱོད་པ་བསྟན་པར་འདོད་པ་འགོག་པ་ན། མཆོག་སྒྲུབ་པའི་ཐོག་མར་སྤྱོད་པ་འོང་བ་གོ་རིམ་འགལ་ཞེས་པ་ནི་རང་ལུགས་ལ་


JLD007_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཚུངས་པ་ཡིན་ཏེ། དེ་ལྟ་ན་སོར་བསམ་གཉིས་སྒྱུ་ལུས་སུ་སྟོན་པ་ཡང་མི་འཐད་དེ། མཆོག་སྒྲུབ་པའི་ཐོག་མར་སྒྱུ་ལུས་འོང་བ་དེ་ལས་ཀྱང་འགལ་བའི་ཕྱིར་རོ། །ཐོག་མར་བཤད་པས་ཐོག་མར་འོང་མི་དགོས་ཞེས་སྨྲ་ན་ནི་སྤྱོད་པ་ལའང་མཚུངས་སོ། །གོ་རིམ་འགལ་བའི་སྐྱོན་སྟོན་ན་ནི་སྦྱོར་དྲུག་དང་རིམ་ལྔ་གཉིས་འདྲ་བས། སྲོག་རྩོལ་རྡོ་རྗེ་བཟླས་པའི་སྔོན་དུ་སོར་བསམ་སྒྱུ་ལུས་སྐྱེ་བ་དང༌། འཛིན་པ་འོད་གསལ་གྱི་མཇུག་ཏུ་རྗེས་དྲན་གྱི་སེམས་དབེན་དང༌། རིམ་པ་གསུམ་པའི་སྒྱུ་ལུས་སྐྱེ་བ་ཤིན་ཏུ་ཡང་འགལ་ལོ། །གཞན་ཡང་རིམ་ལྔ་ལ་སྲོག་རྩོལ་གྱི་ལམ་དང༌། སེམས་དབེན་དང་སྒྱུ་ལུས་སྔ་ཕྱི་རིམ་ཅན་དུ་སྐྱེ་བར་ངེས་པས། དུས་འཁོར་གྱི་ལུགས་ལའང་སྲོག་རྩོལ་གྱི་རྡོར་བཟླས་དང༌། རྗེས་དྲན་གྱི་སེམས་དབེན་གཉིས་སོར་བསམ་གྱི་སྒྱུ་ལུས་ཀྱི་སྔོན་དུ་འགྲོ་དགོས་པར་འགྱུར་ཞིང༌། རྗེས་དྲན་གྱི་ཆ་གཅིག་འཛིན་པའི་སྔོན་དུ་སྐྱེ་དགོས་པར་འགྱུར་ཏེ། དེ་རྣམས་དོན་གཅིག་ཏུ་ཁས་བླངས་པའི་ཕྱིར་རོ། །འདི་འདྲ་བའི་སྐྱོན་ནི་དོན་གཅིག་ཏུ་བཤད་དུ་མི་རུང་བ་རྣམས་ནན་གྱིས་གཅིག་ཏུ་བཤད་པའི་སྐྱོན་ནོ། །དེ་བཞིན་དུ་སྒྱུ་ལུས་ས་བཅུ་གཅིག་པ། འོད་གསལ་ས་བཅུ་གཉིས་པ། དེ་ཉིད་མོས་སྤྱོད་ཀྱི་ས་ནས་བགྲངས་པས་བཅུ་གསུམ་པར་རང་ཉིད་བཞེད་པས། ས་བཅུ་གཉིས་འཕགས་པའི་ས་ཡིན་ལ།


JLD007_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་ན་འཕགས་པའི་ས་བཅུ་གཅིག་པའི་སྒྱུ་ལུས་མཆོག་སྒྲུབ་པའི་ཐོག་མ་སོར་སྡུད་ནས་འཐོབ་པ་སོགས་དང༌། དུས་འཁོར་བའི་ཏིང་ངེ་འཛིན་གྱི་ཡན་ལག་སོ་སྐྱེའི་ས་ནས་ཀྱང་འཐོབ་པ་དང༌། དེ་ཟུང་འཇུག་ཏུ་མཛད་པ་སོགས་ཀྱང་འགལ་བར་མཐོང་ངོ༌། །བསམ་གཏན་གྱིས་ལུས་དབེན་བསྟན་པ་མི་འཐད་པའི་རྒྱུ་མཚན་དུ། ལུས་དབེན་ལ་ཤེས་དང་ཤེས་བྱ་བྱུང་ཟད་ཀྱི་ཕན་ཡོན་མི་འོང་བའི་ཕྱིར་རོ་ཞེས་གསུངས་པ་ནི། ཕྱོགས་སྔ་མ་སྨྲ་བས་ཤེས་དང་ཤེས་བྱ་བྱུང་ཟད་ཀྱི་སེམས་རྩེ་གཅིག་པ་སེམས་དབེན་དུ་འདོད་པར་སྣང་བས་དེ་ལ་སྐྱོན་དེ་མི་འཇུག་གོ །དེས་ན་འཕགས་པ་ཡབ་སྲས་ཀྱིས་བཤད་པ་དང༌། དུས་འཁོར་གྱི་སྐོར་ནས་བཤད་པའི་བདག་བྱིན་བརླབས་དང་ཀུན་རྫོབ་བདེན་པ་ཞེས་པ་གཉིས་མིང་གཅིག་ཀྱང་དོན་མི་གཅིག་སྟེ། དཔེར་ན་དྲིལ་བུ་ཞབས་ཀྱི་རིམ་ལྔར་སྙིང་ཁར་ཐིག་ལེ་སྒོམ་པ་བདག་བྱིན་བརླབས་སུ་བཤད་པ་བཞིན་ཏེ་དེ་འདྲ་མང་ངོ༌། །དུས་འཁོར་གྱི་སྦྱོར་དྲུག་རིམ་པ་དྲུག་ཏུ་སྡུད་ཚུལ་བོད་གཞན་གྱིས་བཤད་པ་ཡང་དོན་གཅིག་ཏུ་འཆད་པའི་ཕྱོགས་སུ་སྣང་ལ། དེ་མི་འཐད་པ་ནི་སྔར་བཤད་པས་ཤེས་སོ། །དེས་ན་རྒྱུད་ཕྱི་མའི་སྦྱོར་དྲུག་གི་གཞུང་རྣམས་ནཱ་རོ་པས་ཀྱང་རྒྱུད་ཕྱི་མའི་འགྲེལ་པར་སྒྲོན་གསལ་ཇི་བཞིན་དུ་བཤད་ལ་དབང་མདོར་བསྟན་གྱི་འགྲེལ་པར་དུས་འཁོར་བཞིན་དུ་བཤད་དོ། །དེ་ལྟར་དོན་གཅིག་


JLD007_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཤད་དུ་མི་རུང་ཡང་དེའི་དོད་ཐུབ་ཇི་ལྟར་ཡིན་དཔྱོད་ན་ནི་ལེགས་ཏེ། དེ་ལྟར་བྱས་ན་རྒྱུད་སོ་སོའི་མན་ངག་གི་མཐའ་ཆོད་པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཅུང་ཟད་བཤད་ན། དུས་འཁོར་བའི་ལུགས་ཀྱི་སོར་བསམ་ནི། རླུང་གཉིས་དབུ་མར་འཛུད་པའི་སྲོག་རྩོལ་གྱི་སྔོན་འགྲོ་རྩ་དབུ་མ་སྦྱོང་བྱེད་ཡིན་པས། དེ་ནས་བཤད་པ་ཇི་ལྟ་བ་བཞིན་དུ་མི་སྒོམ་ཡང༌། རླུང་གཉིས་དབུ་མར་འཛུད་པའི་སྔོན་འགྲོ་རྩ་དབུ་མ་སྦྱོང་བྱེད་དུ་འགྲོ་བར་སྣང་ན་དེའི་དོད་ཡིན་ནོ། །དེ་བཞིན་དུ་དུས་འཁོར་བའི་སྲོག་རྩོལ་ནི་རླུང་དབུ་མར་འཛུད་བྱེད་ཡིན་ལ། བཙུད་པ་དེ་འཁོར་ལོ་རྣམས་ཀྱི་ལྟེ་བར་གཡོ་མེད་དུ་འཛིན་པ་ནི་འཛིན་པ་ཡིན་པས། དེ་ནས་བཤད་པ་ཇི་མ་ཇི་བཞིན་གྱི་སྲོག་རྩོལ་དང་འཛིན་པ་སྒོམ་པ་མ་ཡིན་ཀྱང༌། དགོས་པ་དེ་སྒྲུབ་པའི་ཐབས་སུ་སྣང་ན་དེ་གཉིས་ཀྱི་དོད་དང༌། དེ་བཞིན་དུ་ཐབས་སྔ་མ་ལ་བརྟེན་ནས་བསྒོམ་པའི་ཐབས་ཀྱིས་གཏུམ་མོ་སྦར་ཏེ་བྱང་སེམས་བཞུས་པས་གསང་གནས་ཀྱི་རྩེའི་བར་དུ་འབེབས་པའི་དགའ་བ་མྱོང་བ་ནི་རྗེས་དྲན་དང༌། བྱང་སེམས་ཕྱིར་འཕོ་མེད་དུ་བཟུང་བའི་འགྱུར་མེད་ཀྱི་བདེ་བ་ནི་ཏིང་ངེ་འཛིན་ཡིན་པས། དེ་ནས་བཤད་པ་ཇི་མ་ཇི་བཞིན་དུ་མི་སྒོམ་ཡང་དགོས་པ་དེ་སྒྲུབ་ནུས་པའི་ལམ་དུ་འདུག་ན་དེ་གཉིས་ཀྱི་དོད་ཐུབ་ཏུ་འོང་ངོ༌། །དེས་ན་དགོས་པ་དེ་སྒྲུབ་ནུས་


JLD007_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོས་ནས་རིམ་ལྔ་སོགས་ལམ་གཞན་ལ་དཔྱད་ནས་ལམ་ཕན་ཚུན་དུ་སྡུད་ཚུལ་བྱེད་ན་ནི། དེ་རྣམས་དོན་གཅིག་ཏུ་མ་བཤད་ཀྱང་སྐབས་དོན་འགྲུབ་པས། རྒྱུད་སོ་སོའི་ལམ་གྱི་གནད་གང་དུ་སོང་ལ་མི་འཇིགས་པ་འཐོབ་པར་འགྱུར་ཏེ། རིགས་པ་དེ་ལམ་གཞན་ལ་ཡང་ཤེས་པར་བྱའོ། །འདི་ནི་བློ་གྲོས་ཆེན་པོ་རྣམས་ཀྱི་དཔྱོད་ཚུལ་ཐུན་མོང་མ་ཡིན་པར་ཟུངས་ཤིག །གླན་གྱིས་སོར་སྡུད་སྤྱོད་པ་ལ་སྦྱར་བ་ནི་མཚན་ཉིད་མཚུངས་པ་ཙམ་ཡོད་ཀྱང༌། རྒྱུད་ཕྱི་མ་ལས་ཡན་ལག་དྲུག་ལས་ལོགས་སུ་སྤྱོད་པ་གསུངས་པས་མི་འགྲིག་གོ །དེས་ན་དེ་དོར་ནས་རྫོགས་རིམ་གྱི་རིམ་པ་དྲུག་ལ་ཡན་ལག་དྲུག་སྦྱོར་ན། སོར་བསམ་གཉིས་ལུས་དབེན་ལ་སྦྱོར་བ་སྒྲ་དབྱངས་བཅུ་གཅིག་པ་ལྟར་ལེགས་སོ། །སྒྲོན་གསལ་ནས་བཤད་པ་ལ་སྣ་རྩེ་གསུམ་དུ་སྒོམ་པའི་སྲོག་རྩོལ་གསུམ་ཡོད་པས། ངག་དབེན་དང་རྡོར་བཟླས་དངོས་མིན་པའི་སྲོག་རྩོལ་ཡོད་ཀྱང༌། དེ་གཉིས་སྲོག་རྩོལ་གྱི་གཙོ་བོའི་སྒོ་ནས་ཀྱི་མིང་འདོགས་སུ་བྱས་ན་དེ་གཉིས་སུ་འདུའོ། །སེམས་དབེན་ནི་བསམ་གཏན་གྱི་རྩེ་གཅིག་པ་དང༌། འོད་གསལ་དུ་འཇུག་པའི་སྔོན་གྱི་སྟོང་པ་གསུམ་དང་མཚན་ཉིད་མཚུངས་པའི་སྒོ་ནས་གོ་ས་ཡོད་པ་མ་གཏོགས་པ་ཚིག་ཟིན་ལ་མེད་དོ། །འཛིན་པ་ནི་འོད་གསལ་དང་དོན་གཅིག་ཏུ་སྒྲོན་གསལ་ལས་བཤད་པས་དེས་སེམས་དབེན་དང་སྒྱུ་ལུས་སྟོན་པ་མི་འགྲིག་གོ །རྗེས་དྲན་ནི་འོད་གསལ་ལས་


JLD007_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལྡོག་ཏུ་ལངས་པའི་སྣང་བ་རྣམས་ཀྱི་འཆར་ཚུལ་དང༌། ཏིང་ངེ་འཛིན་ནི་ཟུང་འཇུག་ཡིན་པ་སྒྲོན་གསལ་ལས་ཤིན་ཏུ་གསལ་བས། དེ་ལས་གཞན་དུ་འཆད་པ་དོན་མིན་ཏེ། ཞིབ་ཏུ་འཆད་པས་འགྱུར་རོ། །རིམ་པ་གསུམ་པའི་སྒྱུ་ལུས་ནི་ཟུང་འཇུག་གི་སྒྱུ་མའི་སྐུ་དང་མཚན་ཉིད་མཚུངས་པའི་སྒོ་ནས་གོ་ས་ཡོད་པ་མ་གཏོགས་པ་ཡན་ལག་དྲུག་གི་གཞུང་འགྲེལ་པས་བཤད་པའི་དངོས་ཀྱི་ཚིག་ཟིན་ལ་མེད་དོ། །སངས་རྒྱས་ཀུན་དངོས་ཞེས་པས་སྒྱུ་ལུས་སྟོན་པ་དོན་མིན་པ་ཡང་འཆད་པར་འགྱུར་རོ། །དེ་དག་གི་དོན་རྒྱས་པར་བཤད་ན་སྒྱུ་ལུས་དང་སེམས་དབེན་ཡང་ཐོན་པར་འགྱུར་བས་ཡན་ལག་དྲུག་གི་ལམ་དུ་རྫོགས་རིམ་གྱི་མཆོག་སྒྲུབ་པའི་ལམ་གལ་ཆེ་བ་རྣམས་མ་འདུས་པའི་སྐྱོན་ཡང་མེད་དོ། །གཉིས་པ་ནི། རིམ་ལྔར་རིམ་གཉིས་སྐས་ཀྱི་རིམ་པ་ལྟར་གསུངས་པ་ནི། རྫོགས་རིམ་གྱི་རིམ་པ་ལྔ་ལའང་འདྲ་སྟེ། དེར་རྡོར་བཟླས་ལ་གནས་པས་སེམས་དམིགས་འཐོབ་པ་དང༌། སྒྱུ་ལུས་ཡང་དག་པའི་མཐའ་འོད་གསལ་གྱིས་སྦྱོང་བ་དང༌། དེ་ལས་ལངས་ནས་གཉིས་མེད་ཟུང་འཇུག་འཐོབ་པར་གསུངས་ལ། དེས་ནི་སེམས་དམིགས་ལ་གནས་པས་སྒྱུ་ལུས་འཐོབ་པ་ཡང་གོ་བར་ནུས་པའི་ཕྱིར་རོ། །དེ་ཡང་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བར་སྟོན་པའི་གོ་རིམ་མོ། །རིམ་ལྔར་མི་རྒྱས་པ་དེ་


JLD007_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་སྤྱོད་བསྡུས་ལས། སངས་རྒྱས་ཀྱི་ཐེག་པའི་བསམ་པ་སེམས་བསྐྱེད་གཉིས་དང༌། རགས་པའི་ལྷའི་རྣལ་འབྱོར་དྲན་པ་གཅིག་པ་དང༌། ཕྲ་མོ་རྟོག་པའི་རྣལ་འབྱོར་དང༌། ལུས་དབེན་ནས་ཟུང་འཇུག་གི་བར་ལ་སྔ་མ་སྔ་མ་ལ་ལོབས་ནས་ཕྱི་མ་ཕྱི་མ་ལ་སློབ་པའི་རྗེས་འགྲོའི་གོ་རིམ་དང༌། ལུས་དབེན་ནས་བཟུང་སྟེ་སྔ་མ་མེད་ན་ཕྱི་མ་མི་འབྱུང་བའི་ལྡོག་པའི་གོ་རིམ་ཀྱང་གསུངས་པས། གོ་རིམ་ངེས་པ་འདོད་དགོས་སོ། །དེ་ལྟར་བཤད་པ་ཙམ་མ་གཏོགས་པ་རྩ་བཤད་ཀྱི་རྒྱུད་དང་ཡབ་སྲས་ལྔའི་གཞུང་ནས་གོ་རིམ་དེ་ལྟར་ངེས་པའི་རྒྱུ་མཚན་གསལ་བར་མ་གསུངས་སོ། །ཁ་ཆེ་ལག་སྨིས། དང་པོར་ཐ་མལ་པའི་ལུས་དག་པར་བྱ་དགོས་པས། དེ་ནི་དང་པོ་སྦྱོར་བ་ནས་རིགས་བརྒྱའི་ལུས་དབེན་གྱི་བར་གྱི་བསྐྱེད་རིམ་གྱིས་བྱེད་དོ། །དེ་ནས་ངག་དག་པ་ལ་ངག་དབེན་དང༌། དེ་ནས་ཐ་མལ་པའི་སེམས་དག་པ་ལ་སེམས་དབེན་དང༌། དེ་ནས་སྔོན་གྱི་སྨོན་ལམ་འབྲས་བུ་དང་ལྡན་པར་བྱ་བ་དང༌། དབང་ཕྱུག་ཆེན་པོའི་བསྟན་པ་བཞིན་དུ་ཆད་པའི་ཕྱོགས་སྤང་པ་དང༌། བསྐལ་པའི་བར་དུ་འགྲོ་དོན་མཛད་པ་དང༌། ཉན་ཐོས་ཀྱི་བྱང་ཆུབ་བཞིན་དུ་འགོག་པའི་བདེན་པ་སྤང་པའི་ཕྱིར་དུ་སྒྱུ་ལུས་དང༌། དེ་ལ་ཡང་ཆགས་ན་དམིགས་པ་དང་བཅས་པར་འགྱུར་བས་དེ་སྦྱང་པའི་དོན་དུ་འོད་གསལ་དང༌། འོད་གསལ་གྱི་ཆད་མཐའ་སྤང་པའི་ཕྱིར་དུ་ཟུང་འཇུག་བསྟན་ནོ་ཞེས་འཆད་དོ། །སྔོན་གྱི་བོད་ཀྱི་


JLD007_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ནི། པི་ཝᨘ་གི་ཁོག་པ་ལེགས་པར་མ་སྦྱངས་ཀྱི་བར་དུ་སྒྲ་སྙན་པོ་མི་འབྱུང་བ་བཞིན་དུ། སྐུ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལུས་ཐ་མལ་པ་ལས་མ་དབེན་གྱི་བར་དུ་ངག་དབེན་མི་འབྱུང་ལ། དེ་ལས་བཟློག་ན་འབྱུང་ངོ༌། །རྟ་ལྟ་བུའི་སེམས་ཀྱི་བཞོན་པའི་རླུང་དབང་དུ་མ་འདུས་ཀྱི་བར་དུ། མི་ལྟ་བུའི་སེམས་དབང་དུ་མི་འདུ་ལ་ངག་དབེན་གྱིས་རླུང་དབང་དུ་འདུས་པ་ལས་སེམས་དབེན་འབྱུང་ངོ༌། །སེམས་དབེན་དུ་རགས་ཤོས་ཆོས་ཐམས་ཅད་རང་རིག་སེམས་ཙམ་དུ་ཤེས་པ་མེད་ན། ཕྲ་ཤོས་ཀུན་རྫོབ་སྒྱུ་མ་ཙམ་དུ་ཤེས་པ་མེད་པའམ། ཡང་ན་སེམས་དབེན་དུ་རང་རིག་པ་བདེ་བའི་ཏིང་ངེ་འཛིན་མེད་ན་སྒྱུ་མའི་སྐུ་མི་འབྱུང་སྟེ། སྒྱུ་མའི་སྐུ་ནི་དེ་ཙམ་ལས་གྲུབ་པའི་ཕྱིར་རོ། །དཔེར་ན་བུམ་པ་བློས་མ་བཅད་པར་དེའི་ཆོས་མི་རྟག་པ་གཅོད་པར་མི་ནུས་པ་བཞིན་དུ། ཆོས་ཅན་སྒྱུ་མ་མཐར་མ་ཕྱིན་པ་ན་དེ་བསམ་གཏན་གཉིས་ཀྱིས་བཤིག་པའི་འོད་གསལ་མངོན་དུ་མི་འགྱུར་རོ། །འོད་གསལ་སྣང་མེད་སྔོན་དུ་མ་སོང་བར་སྣང་སྟོང་དབྱེར་མེད་ཀྱི་ཟུང་འཇུག་རྟོགས་པར་མི་འགྱུར་ཏེ། མེ་ལོང་གི་གཟུགས་བརྙན་སྣང་སྟོང་དབྱེར་མེད་དུ་བློས་གཅོད་པ་ལ་སྔོན་དུ་གཟུགས་བརྙན་ལ་བྱད་བཞིན་གྱི་དངོས་པོ་མེད་པར་གཅོད་དགོས་པ་བཞིན་ནོ་ཞེས་གསུང་ངོ་། །མར་ལུགས་པ་ཁ་ཅིག །དང་པོ་གཉིས་ལག་སྨི་དང་འདྲ་ལ། ལུས་


JLD007_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གཉིས་སེམས་སུ་འདུ་བར་བསྟན་པའི་ཕྱིར་སེམས་དབེན་དང༌། དེ་ལ་བདེན་ཞེན་སྤང་པའི་ཕྱིར་སྒྱུ་མ་དང༌། སྒྱུ་མ་ཙམ་དུ་ཞེན་པ་སྤང་པའི་ཕྱིར་འོད་གསལ་དང༌། ཆད་མཐའ་སྤང་པའི་ཕྱིར་ཟུང་འཇུག་བསྟན་ནོ་ཞེས་ཟེར་རོ། །དེ་ལ་ལུགས་དང་པོ་ནི། དབེན་པ་གསུམ་ནི་སྒོ་གསུམ་གྱི་དྲི་མ་དག་བྱེད་ཡིན་ལ། དེ་ཡང་རགས་རིམ་ནས་སྤང་དགོས་པས་དེ་གསུམ་གྱི་གོ་རིམ་ངེས་སྙམ་པ་དང༌། སེམས་དབེན་དུ་ཆད་མཐའ་ཡོད་པས་དེ་སྤང་པའི་ཕྱིར་སྒྱུ་ལུས་སྒྲུབ་པ་དང༌། དེ་ལ་རྟག་པའི་མཐར་འཛིན་གྱི་དམིགས་པ་ཡོད་པ་སྦྱོང་བ་ལ་འོད་གསལ་དང༌། དེ་ལའང་ཆད་མཐའ་ཡོད་པ་སྤོང་བའི་ཕྱིར་ཟུང་འཇུག་བསྟན་པ་ཡིན་ཟེར་བར་སྣང་སྟེ། དབེན་གསུམ་སྔ་མས་ཕྱི་མ་འདྲེན་ལུགས་ཐུན་མོང་མ་ཡིན་པ་སྟོན་དགོས་པ་མི་འདུག་ཅིང༌། ཆད་མཐའ་སྤང་པའི་ཕྱིར་དུ་བསྟན་པའི་ལམ་རྟག་ལྟ་ཅན་དུ་སྐྱེ་ལ། དེ་སྤོང་བའི་ལམ་ཆད་མཐའ་ཅན་དུ་སྐྱེ་ན་གླང་པོ་ཆེའི་ཁྲུས་དང་འདྲ་བས་ལམ་ཡང་དག་པར་མི་རུང་བའི་ཕྱིར་དང༌། སྤྱོད་བསྡུས་ལས། ཀུན་རྫོབ་ཀྱི་བདེན་པ་དང་བྲལ་བས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཞེས་འོད་གསལ་མངོན་སུམ་དུ་བྱེད་པ་ལ་སྔོན་དུ་སྒྱུ་ལུས་རྟོགས་པ་སྟེ་ཐོབ་དགོས་པར་བསྟན་པས། འོད་གསལ་མངོན་དུ་བྱེད་པ་ལ་སྒྱུ་ལུས་སྔོན་དུ་སྐྱེ་དགོས་པའི་ཕྱོགས་ནས་རྒྱུ་མཚན་བསྟན་དགོས་


JLD007_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། སྒྱུ་མར་ཞེན་པ་སྤོང་བ་ལ་འོད་གསལ་དུ་འཇུག་དགོས་ཞེས་རྒྱུ་མཚན་སྟོན་པ་ག་ལ་ཡིན། སེམས་དབེན་དང་སྒྱུ་མ་དང་འོད་གསལ་དང་ཟུང་འཇུག་གི་གོ་རིམ་གྱི་རྒྱུ་མཚན་ཡང་དེ་བཞིན་དུ་བསྟན་དགོས་ཀྱི། དེ་ལས་གཞན་སྟོན་པ་ལ་ནི་སྙིང་པོ་མ་མཐོང་ངོ༌། །གཞན་ཡང་ལུས་ངག་གཉིས་སེམས་སུ་འདུ་བ་ཁོང་དུ་ཆུད་པའི་དོན་དུ་སེམས་དབེན་སྟོན་ཟེར་བ་ནི། སེམས་དབེན་དམིགས་རྣམ་ཇི་འདྲ་ཞིག་ཏུ་སྐྱེ་བ་ལ་ཞིབ་ཏུ་མ་བརྟགས་པའི་སྐྱོན་ཡིན་ལ། སྤྱོད་བསྡུས་ལས་སེམས་ཀྱི་ཡང་དག་པའི་དོན་ཇི་བཞིན་དུ་ཤེས་ནས་སྒྱུ་ལུས་སྒྲུབ་པ་ལ་འཇུག་པར་གསུངས་པས། སེམས་དབེན་དུ་སེམས་ལ་བདེན་འཛིན་གྱི་དོགས་པ་མ་ཆོད་པ་ཕྱིས་སྒྱུ་ལུས་ཀྱིས་གཅོད་པའི་དོན་མེད་དེ། བསྐྱེད་རིམ་སྒོམ་པའི་དུས་ནས་ཀྱང་སྟོང་ཉིད་ཀྱི་དོན་ལེགས་པར་ངེས་དགོས་པར་གསུངས་པའི་ཕྱིར་རོ། །ལུགས་བར་པས། ངག་དབེན་གྱིས་རླུང་དབང་དུ་བྱས་པའི་མཐུས་སེམས་དབེན་འདྲེན་པ་དང༌། སེམས་དབེན་གྱིས་སྒྱུ་མའི་སྐུ་སྒྲུབ་པའི་གཞི་བྱེད་པ་དང༌། སྒྱུ་ལུས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས་འོད་གསལ་མངོན་དུ་བྱ་དགོས་པ་དང༌། ཟུང་འཇུག་གི་ཡ་གཅིག་སྒྲུབ་པ་ལ་འོད་གསལ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་གསུངས་པ་རྣམས་ནི་ཤིན་ཏུ་ལེགས་ལ། དབེན་པ་དང་པོ་གཉིས་


JLD007_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གོ་རིམ་གྱི་རྒྱུ་མཚན་དུ་པི་ཝᨘ་གི་དཔེ་དོན་གསུངས་པ་ནི། དཔེ་དང་དོན་གྱི་ཆོས་མཐུན་ད་གདོད་བསྒྲུབ་དགོས་པར་སྣང་བས་དེས་མི་ཆོག་གོ །རང་ལུགས་ཀྱི་གོ་རིམ་ངེས་པའི་རྒྱུ་མཚན་ནི་གྲངས་ངེས་སྒྲུབ་པའི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང༌། ལམ་འདིར་ལམ་གཞན་འདུ་ཚུལ་ལོ། །དང་པོ་ནི། སྤྱོད་བསྡུས་ལས་ལམ་ལ་རིམ་ཅན་དུ་སློབ་ཚུལ་སྔར་ལྟར་བཤད་ནས། ཟུང་འཇུག་ཐོབ་ཕྱིན་ཆད་གསར་དུ་ལམ་གྱི་རིམ་པ་ལ་བསླབ་ཏུ་མེད་པར་གསུངས་ཤིང༌། རིམ་ལྔ་ལས་ཀྱང༌། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །ཞེས་གསུངས་པས། ལམ་གྱི་རིམ་པ་དེ་རྣམས་སུ་མི་འདུ་བ་མེད་པ་དང༌། དེ་རྣམས་ལ་སློབ་དགོས་པར་གསུངས་པས། དེར་མ་འདུས་པའི་ལམ་གཞན་མི་དགོས་པའི་ཕྱིར་གྲངས་མང་བ་སེལ་ལ། དེ་རྣམས་མེད་ན་མི་ནུས་པས་གྲངས་ཉུང་བ་ཡང་སེལ་ལོ། །དེའི་ཕྱིར་གྲངས་ངེས་འདོད་དགོས་སོ། །དེ་ལྟར་ནའང་གྲངས་ངེས་པའི་རྒྱུ་མཚན་གསལ་བ་ནི་རྒྱུད་གཉིས་དང་ཡབ་སྲས་ཀྱིས་དངོས་སུ་མ་གསུངས་སོ། །འདི་ལ་ལག་སྨིས་ནི། དབེན་པ་གསུམ་གྱིས་ལུས་ངག་ཡིད་གསུམ་རྣམ་པར་དབེན་པ་སྟེ་དག་པར་བྱེད་ཅིང༌། འོད་གསལ་གྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྣམ་པར་དབེན་པ་སྟེ་དག་པར་བྱེད་ལ། ཟུང་འཇུག་


JLD007_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བདེན་གཉིས་རོ་གཅིག་པའི་རྡོ་རྗེ་འཆང་འཐོབ་པས་དེ་ཕན་ཆད་དུ་བསླབ་པར་བྱ་བ་མེད་པས་རིམ་པ་དྲུག་མི་དགོས་སོ། །སྔར་བཤད་པ་འདི་ཙམ་གྱིས་འདོད་པའི་དོན་འགྲུབ་པས་རིམ་པ་བཞི་ཡང་མ་ཡིན་པས་རིམ་པ་ལྔར་གྲངས་ངེས་སོ་ཞེས་ཟེར་རོ། །སྐལ་ལྡན་གྲགས་པས། དང་པོ་གསུམ་སྔར་དང་འདྲ། སྒོ་གསུམ་དག་པས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་རང་བྱིན་གྱིས་རློབ། དེ་ལ་མངོན་ཞེན་འོད་གསལ་གྱིས་སྤོང༌། དེའི་ཆད་མཐའ་ཟུང་འཇུག་གིས་སྤོང་ཞིང༌། དེ་ཕན་ཆད་དུ་བསླབ་པར་བྱ་བ་མེད་པས་རིམ་པ་དྲུག་མེད་པ་དང༌། དེ་གཉིས་མེད་ན་རང་གཞན་གྱི་དོན་མི་འགྲུབ་པས་ཉུང་བ་ཡང་མིན་ནོ་ཞེས་སྨྲའོ། །བོད་ཀྱི་སྔོན་གྱི་མཁས་པ་ནི། སྒྲིབ་པ་མངོན་གྱུར་པ་མགོ་གནོན་པ་དང༌། ས་བོན་རྩ་བ་ནས་འཇོམས་པའི་དབང་དུ་བྱས་ནས་རིམ་པ་དྲུག་ཏུ་གྲངས་ངེས་ཏེ། འདི་ལྟར་ཉོན་མོངས་དང་རྣམ་རྟོག་མངོན་གྱུར་མགོ་གནོན་པ་ལ་དབེན་པ་གསུམ་དུ་བཞག་སྟེ། ཞི་གནས་བདེ་སྟོང་གི་རྟེན་ལ་ལུས་དབེན་དང༌། རླུང་དབང་དུ་འདུས་པས་རྟོག་པ་སློང་བར་བྱེད་པ་མེད་པས་ངག་དབེན་ནི་རྐྱེན་དང༌། སེམས་དབེན་ནི་དངོས་ཏེ། བདེ་སྟོང་དེ་ཕྱག་རྒྱ་མོ་ལ་བརྟེན་ནས་རྒྱུད་ལ་སྐྱེ་བས་སོ། །སྒྱུ་མས་ཡུལ་གྱི་སྟོང་ཉིད་རྟོགས་པས་གཟུང་བ་རང་རྒྱུད་པ་ལ་ཞེན་པའི་


JLD007_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་རྟོག་གི་ས་བོན་དང༌། འོད་གསལ་གྱིས་སེམས་ཀྱི་སྟོང་ཉིད་རྟོགས་པས་འཛིན་པ་སེམས་སུ་ཞེན་པའི་འཛིན་རྟོག་གི་ས་བོན་དང༌། ཟུང་འཇུག་གིས་བདེན་གཉིས་ཐ་དད་དུ་ཞེན་པའི་ས་བོན་སྤོང་བའི་ཕྱིར་དང༌། སྤང་བྱ་དེ་དག་ལས་མེད་པའི་ཕྱིར་རོ་གསུང་ངོ་། །སྔ་མ་གཉིས་ནི་ཚིག་མི་འདྲ་ཙམ་མ་གཏོགས་པ་དོན་འདྲ་བར་སྣང་ལ། དེའི་འཐད་མི་འཐད་ནི་སྔར་དཔྱད་ཟིན་ཏོ། །ལུགས་གསུམ་པས་གསུང་པ་ལྟར་སྤང་བྱ་ལ་བལྟོས་ནས་ཀྱང་ལམ་འདི་ཙམ་གྱིས་ཆོག་གོ་ཞེས་བཤད་དགོས་མོད་ཀྱང༌། མགོ་གནོན་པའི་ལམ་བདེ་སྟོང་སྦྱོར་བར་སྨྲ་ན། ཕར་ཕྱིན་ནས་བཤད་པ་ལྟར་གྱི་སྟོང་ཉིད་ལ་དམིགས་པར་འདྲ་ཡང་ཞི་ལྷག་གི་སྒོམ་ཚུལ་མི་འདྲ་བ་བཞིན་དུ་ནི་བཞེད་པར་མི་སྣང་བས། ཞི་ལྷག་གི་ལམ་སོ་སོར་འཇོག་མི་ནུས་ལ། ལམ་ཕྱི་མ་གསུམ་ཡང་རྟོག་པ་གསུམ་སོ་སོའི་གཉེན་པོ་སོ་སོར་མ་ངེས་པས་ལེགས་པར་མི་སེམས་སོ། །འོ་ན་གང་ལ་བལྟོས་ནས་གྲངས་ངེས་སྒྲུབ་སྙམ་ན། བསྒྲུབ་བྱ་མཐར་ཐུག་ལ་བལྟོས་ནས་ཏེ། དེ་སྒྲུབ་པ་ལ་འདི་རྣམས་དགོས་ལ་འདིར་མི་འདུ་བ་མི་དགོས་པའི་ཕྱིར་རོ་ཞེས་པའི་ཚུལ་གྱིས་སོ། །དེ་ལ་ཡེ་ཤེས་ཆོས་ཀྱི་སྐུ་དང༌། དེའི་རྟེན་གཟུགས་སྐུ་ཐུན་མོང་མ་ཡིན་པ་ཚོགས་པའི་ཟུང་འཇུག་གི་འབྲས་བུ་ནི་སྔར་བཤད་ཅིང་འོག་ནས་ཀྱང་འཆད་པར་འགྱུར་


JLD007_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་རོ། །དེ་འདྲ་བའི་ཟུང་འཇུག་འགྲུབ་པ་ལ་ནི། སློབ་ལམ་དུ་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དོན་ལ་མངོན་སུམ་དུ་ཞུགས་པའི་དོན་དམ་འོད་གསལ་དང༌། ཡེ་ཤེས་ཀྱི་བཞོན་པའི་རླུང་འད་ཟེར་ལྔའི་རྒྱུ་ལས་བསྒྲུབས་པའི་ཡོངས་སུ་དག་པའི་ཀུན་རྫོབ་སྒྱུ་མའི་སྐུ་གཉིས་ཚོགས་པའི་སློབ་པའི་ཟུང་འཇུག་བསྐྱེད་དགོས་སོ། །བདེན་གཉིས་ཟུང་འཇུག་དེ་ལ་སྔོན་དུ་ཡ་གཉིས་སོ་སོར་སྒྲུབ་དགོས་ཏེ། སྤྱོད་བསྡུས་ལས། དོན་དམ་པའི་བདེན་པ་རྟོགས་པ་མེད་པར་ནི་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཞེས་གསུངས་ཤིང༌། ཀུན་རྫོབ་སྒྱུ་ལུས་སྔོན་དུ་མ་ཐོབ་པར་ཡང་འོད་གསལ་མངོན་དུ་བྱ་མི་ནུས་པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འོད་གསལ་དུ་མངོན་སུམ་དུ་འཇུག་པའི་རྟེན་ལ་སྔོན་དུ་སྒྱུ་མའི་སྐུ་བསྐྱེད་དགོས་ཏེ། འདིའི་རྒྱུ་མཚན་འོག་ཏུ་བཤད་པར་བྱའོ། །རིམ་པ་གསུམ་པའི་སྒྱུ་ལུས་དང༌། རིམ་པ་བཞི་པའི་འོད་གསལ་གཉིས་ཟུང་འཇུག་གི་དུས་ན་མེད་པས། ཟུང་འཇུག་གི་དུས་ཀྱི་ཡ་གཉིས་མིན་ཀྱང༌། སྤྱིར་ཀུན་རྫོབ་སྒྱུ་མ་དང༌། དོན་དམ་འོད་གསལ་གཉིས་ཟུང་འཇུག་གི་ཡར་འགྲོ་ཞིང༌། སྔ་མ་གཉིས་ཀྱང་དེ་གཉིས་ཡིན་པ་ལ་བསམས་ནས་དེ་ལྟར་བཤད་དོ། །དེ་འདྲ་བའི་སྒྱུ་མའི་སྐུ་གང་


JLD007_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲུབ་པའི་གཞིའི་རླུང་དང་སེམས་ནི། ས་ཆུ་ལ་ཐིམ་པ་སོགས་ཀྱི་སྒོ་ནས་རླུང་རིམ་གྱིས་སྙིང་ཁར་བསྡུས་ཏེ། རང་བཞིན་བརྒྱད་ཅུའི་རྟོག་པ་གཡོ་བའི་རླུང་ཐིམ་པ་སོགས་ཀྱི་ཐིམ་རིམ་ལས། སེམས་དབེན་གྱི་ཡེ་ཤེས་གསུམ་བསྐྱེད་པའི་སེམས་དང༌། དེའི་བཞོན་པའི་རླུང་ཡིན་པས་སྒྱུ་ལུས་ཀྱི་སྔོན་དུ་སེམས་དབེན་འགྲོ་དགོས་སོ། །དེ་འདྲ་བའི་ཐབས་ཀྱིས་སྙིང་ཁར་སྡུད་རིམ་ཁྱད་པར་ཅན་བྱེད་པ་ལ་ནི་ཕྱི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་སྲོག་རྩོལ་དང༌། ནང་རླུང་དང་ཐིག་ལེ་སོགས་སྒོམ་པའི་སྲོག་རྩོལ་སྒོམ་པ་གཉིས་དགོས་པས། སེམས་དབེན་གྱི་སྔོན་དུ་ངག་དབེན་རྡོ་རྗེ་བཟླས་པའི་རིམ་པ་སྒྲུབ་དགོས་སོ། །ངག་དབེན་དང་རྡོ་རྗེ་བཟླས་པ་ཞེས་པ་ནི་སྲོག་རྩོལ་གྱི་ཕྱོགས་གཅིག་གི་མིང་གིས་བཏགས་པ་སྟེ། རིམ་པ་འདིའི་སྤྱི་མིང་ནི། རྒྱུད་ཕྱི་མར་ཡན་ལག་དྲུག་གི་གསུམ་པ་སྲོག་རྩོལ་ཞེས་གསུངས་པའོ། །དེ་ལ་ནི་འོག་གི་སྣ་རྩེར་རྫས་ཀྱི་ཐིག་ལེ་དང༌། སྙིང་ཁའི་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་དང༌། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པའི་སྲོག་རྩོལ་གསུམ་ཡོད་དོ། །ཐབས་དང་ཤེས་རབ་ཀྱི་འོག་སྒོའི་སྣ་རྩེ་གཉིས་ལས་ཕྱི་མར་རྫས་ཀྱི་ཐིག་ལེ་སྒོམ་པས་ཕྱག་རྒྱ་གཉིས་དང་སྦྱོར་བ་བསྟན་ལ། ཕྱག་རྒྱ་གཉིས་དང་སྦྱོར་བའི་སྲོག་རྩོལ་


JLD007_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོར་བཟླས་མཐར་ཕྱིན་པའི་སྔོན་དང༌། ཕྱིན་པའི་འོག་ནས་བྱེད་པའི་སྐབས་གཉིས་སོ། །སྒྱུ་ལུས་སྒྲུབ་གཞི་ལ་སྙིང་ཁའི་དྷཱུ་ཏཱིའི་ནང་དུ་རླུང་བསྡུས་ནས་ཐིམ་པ་ལས་བྱུང་བའི་རླུང་སེམས་དགོས་པའི་རྒྱུ་མཚན་གྱི་གཙོ་བོ་ནི་སྔར་བརྗོད་ཟིན་ལ། དེའི་རྒྱུ་མཚན་ཞིབ་པ་དང༌། ཕྱག་རྒྱ་གཉིས་ཀྱང་སྙིང་ཁར་རླུང་སྡུད་པའི་ཐབས་སུ་འགྲོ་ཚུལ་ནི་འཆད་པར་འགྱུར་རོ། །དེ་ལྟར་སྙིང་ཁར་རླུང་སྡུད་པའི་སྡུད་རིམ་ཁྱད་པར་ཅན་གྱི་སྲོག་རྩོལ་གྱི་ལམ་འགྲུབ་པ་ལ་སྔོན་དུ། ལུས་ཀྱི་གནད་གཞན་དུ་དམིགས་པ་གཏད་ནས་བསྒོམས་པས། སྤྱིར་དྷཱུ་ཏཱིར་རླུང་གཉིས་ཚུད་ནས་ཐིམ་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་དྲངས་ཏེ་སྒོམ་པ་དང༌། གང་ཤར་ཐམས་ཅད་དེའི་རྣམ་རོལ་ཏུ་ལྟ་བ་དང༌། དེ་ཡང་ལྷའི་རྣམ་པར་སྒོམ་པའི་ལུས་དབེན་བསྒོམ་དགོས་སོ། །དེ་འདྲ་བའི་ལུས་ཀྱི་གནད་གཞན་ལ་རྩ་འཁོར་བྱེ་བྲག་པའི་ངེས་པ་མེད་ལ། འདིར་ནི་འོག་སྒོར་ཐིག་ལེ་བསྒོམས་ནས་སྡུད་དོ། །དེ་འདྲ་བའི་རྫོགས་རིམ་ཡོངས་སུ་རྫོགས་པ་རྒྱུད་ལ་སྐྱེ་བའི་དགེ་བའི་རྩ་བ་སྨིན་པ་ལ་ནི། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་སྒོ་ནས་རྒྱུད་སྦྱོང་བའི་རིམ་པ་དང་པོའི་རགས་པའི་རྣལ་འབྱོར་དྲན་པ་གཅིག་པ་དང༌། ཕྲ་མོའི་དཀྱིལ་འཁོར་རྟོག་པའི་རྣལ་འབྱོར་ཐུན་བཞིར་སྒོམ་པ་སྔོན་དུ་


JLD007_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དགོས་སོ། །རིམ་གཉིས་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་ལ་ནི། དབང་རྫོགས་པ་རྣམ་དག་ཅིག་ཐོབ་པ་དང༌། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་སྲུང་བ་དགོས། དབང་དང་དམ་ཚིག་སྲུང་བའི་སྣོད་ཀྱི་མཚན་ཉིད་ཚང་བ་ལ། བྱང་ཆུབ་ཀྱི་སེམས་གཉིས་ཡན་ལག་དང་བཅས་པ་ལ་སྦྱོང་བའི་ལམ་ཐུན་མོང་བའི་རིམ་པ་ལ་བསླབས་པ་དགོས་ཏེ་སྔར་བཤད་ཟིན་ཏོ། །བོགས་འདོན་པའི་སྤྱོད་པ་ནི་ཕྱིའི་སྲོག་རྩོལ་གྱིས་མཚོན་ནས་སྟོན་པས་དེ་ལྟ་བུ་ནི་ལམ་ཐམས་ཅད་ཀྱི་གྲངས་ངེས་དང༌། རིམ་པ་གཉིས་ཀྱི་གྲངས་ངེས་དང༌། རིམ་པ་གཉིས་པའི་རིམ་པ་རྣམས་ཀྱི་གྲངས་ངེས་ཡིན་ནོ། །དེས་ནི་གོ་རིམས་ངེས་པ་ཡང་ཤེས་ལ། གང་ཟག་གཅིག་འཚང་རྒྱ་བ་ལ་ཡང་དེ་དག་ཀུན་དགོས་པས། ལག་སྨི་དང་། སྐལ་ལྡན་གྲགས་པ་སོགས་ཀྱིས་གང་ཟག་གཅིག་གིས་ཀྱང་རིམ་པ་ལྔ་ཁ་བསྒོམ་དགོས་པས། རེ་རེ་གང་ཟག་རྒྱུད་ཐ་དད་པ་རེ་རེའི་དབང་དུ་བྱས་པ་མིན་ཞེས་འཆད་པ་ལེགས་ཀྱི། འགྲེལ་པ་ཟླ་འོད་ལས། གང་ཟག་རབ་ལ་རིམ་པ་ཐ་མ་གཉིས། འབྲིང་ལ་རིམ་པ་གསུམ་པ་དང་བཞི་པ་གཉིས། ཆུང་ངུ་ལ་བསྐྱེད་རིམ་དང་རྡོར་བཟླས་གཉིས། ཆུང་ངུའི་ཆུང་ངུ་ལ་དེ་གཉིས་དང་ངག་གི་བཟླས་པ་གསུམ་བཤད་ནས། རབ་འབྲིང་ཐ་མ་གསུམ་ཡང་རྒྱུད་གཅིག་གི་


JLD007_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བློ་རིམ་གྱིས་གོང་ནས་གོང་དུ་འཕོས་པའི་སྐབས་ལ་འཇོག་པ་གཞན་ལུགས་དང༌། རྒྱུད་ཐ་དད་ལ་བྱེད་པ་རང་ལུགས་སུ་མཛད་པ་ནི་འཕགས་པ་ཡབ་སྲས་ཀྱི་གོ་རིམ་སྟོན་པའི་གཞུང་དང་འགལ་ཞིང༌། རྣལ་འབྱོར་རྫོགས་འཕྲེང་དང་ཡང་འགལ་བས་ལེགས་པ་མ་ཡིན་ནོ། །གྲངས་ངེས་འདི་རྒྱུད་གཞན་ལ་སྦྱོར་ན་རིམ་པ་ཐ་མ་གསུམ་གྱི་རིམ་པ་སྔར་ལྟར་བྱ། བདེ་མཆོག་རིམ་ལྔ་དང༌། ཀུ་ཀུ་རི་པའི་མཧཱ་མཱ་ཡཱའི་མན་ངག་ལྟ་བུ་སྙིང་ཁར་སྡུད་རིམ་དངོས་སུ་ཡོད་པ་རྣམས་ནི་དེར་གཞོལ་ཚུལ་རྟོགས་པར་སླ་ལ། དེ་མེད་པར་ལྟེ་བར་གནད་དུ་བསྣུན་པ་ལ་སོགས་པ་རྣམས་ཀྱི་ལམ་ཡང་མཐར་སྙིང་ཁར་སྡུད་པ་ལ་གཞོལ་བའི་ཚུལ་ཤེས་པར་བྱ་བ་དང༌། ལུས་དབེན་གཞན་དུ་ཐ་སྙད་མེད་ཀྱང་དོན་ཡོད་ན་འདྲ་བ་དང༌། དོན་མེད་ཀྱང་མི་འགལ་བའི་རྒྱུ་མཚན་དུ་འདིར་བཤད་པ་སྙིང་ཁར་སྡུད་སླ་བའི་གོ་རིམ་དུ་ཤེས་པར་བྱ་ཞིང༌། བསྐྱེད་རིམ་ལ་ཡང་དེའི་རིགས་པ་སྦྱར་རོ། །ལམ་ཐུན་མོང་བ་ནི་ཀུན་ལ་འདྲའོ། །གཉིས་པ་ནི། སྒྲོན་གསལ་ལས། འདི་ནི་སྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་རིམ་པ་དང་པོ་དང་བཅས་པའི་རིམ་ལ་ལྔ་པོ་འདིར་རྒྱུད་ཀུན་གྱི་དོན་འདུས་པར་གསུངས་པ་ནི། འདུས་པའི་རྒྱུད་ཀུན་ཞེས་པ་ཙམ་ལ་མི་བྱའི། རྒྱུད་ཐམས་ཅད་


JLD007_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱ་དགོས་ཏེ། དེ་ཉིད་ལས། འདུས་པ་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ་དང༌། མདོ་སྡེ་ཐམས་ཅད་ཀྱི་སྣོད་དུ་གསུངས་པའི་ཕྱིར་རོ། །དེས་ན་དེ་ཉིད་ལས། རིམ་པ་འདི་ཡི་དབྱེ་བ་ཡང༌། །སྤྲོས་པའི་རིམ་པ་རྣམ་པ་མང༌། །དེ་རྣམས་ཡང་དག་བསྡུས་པ་ནི། །གང་གིས་ཤེས་པ་རྒྱུད་རིག་དེ། །ཞེས་གསུངས་པ་ཡང་འདུས་པ་རྐྱང་པའི་རྒྱུད་ལ་མི་བྱའི་རྒྱུད་སྡེ་ཀུན་ལ་བྱའོ། །འོ་ན་རྒྱུད་སྡེ་གཞན་གྱི་ལམ་གྱི་རིམ་པ་རྣམས་འདི་ལས་སྤྲོས་པའི་རིམ་པ་དང༌། དེ་རྣམས་འདིར་འདུས་པར་ཤེས་པ་དེས་རྒྱུད་ཀྱི་དོན་ཤེས་སོ། །ཞེས་གསུངས་པའི་དོན་གང་ཡིན་སྙམ་ན། འདི་ནི་སྔར་བཤད་པ་ལྟར་དོན་གཅིག་པའི་སྒོ་ནས་འདུས་པ་མིན་གྱི་བྱེད་ལས་མཐུན་པའི་སྒོ་ནས་འདུས་པའོ། །དེ་ཡང་སེམས་དབེན་ནས་ཟུང་འཇུག་གི་བར་དགོས་ལུགས་སྔར་བཤད་པ་བཞིན་ཡིན་ལ། སེམས་དབེན་འདྲེན་པའི་ཐབས་ཀྱི་གཙོ་བོ་སྙིང་ཁའི་སྡུད་རིམ་ཡིན་པ་དང༌། སྙིང་ཁར་སྡུད་རིམ་དངོས་སུ་མི་གསལ་བར་ལྟེ་བ་སོགས་གནས་གཞན་དུ་སྡུད་པ་རྣམས་ཀྱང་མཐར་སྙིང་ཁར་གཞོལ་ཚུལ་ཤེས་དགོས་ཏེ་མངས་པས་འཇིགས་པས་རེ་ཞིག་འདིར་མ་བྲིས་སོ། །བསྐྱེད་རིམ་འདི་དང་ཇི་བཞིན་མི་འདྲ་ཡང་རྫོགས་རིམ་རྫོགས་པར་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྲོ་བའི་ཚུལ་ཤེས་ན་དོན་འདྲ་བས། དེ་ལྟ་བུའི་ལམ་སྡུད་ཚུལ་ལེགས་


JLD007_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་དེ་ནི་རྒྱུད་དོན་ཀུན་ལ་མི་འཇིགས་པ་འཐོབ་བོ། །འདིར་ཁ་ཅིག་རིམ་ལྔ་བསྡུས་པ་གསལ་བ་ལས། སྔར་དྲངས་པའི། སྟན་གཅིག་སྟེང་དུ་བསྒོམ་པར་བྱ། ཞེས་པའི་མཇུག་ཏུ། འདི་ཉིད་ཡང་དག་རྟོགས་པའི་ཕྱིར། །ལམ་མཆོག་རིམ་པ་ལྔ་པོ་ཉིད། །ཕ་རོལ་ཕྱིན་དང་ཐེག་སྣ་ཚོགས། །སྲིད་པ་སྐྱེ་དང་ཉིན་ཞག་གཅིག །སྟན་གཅིག་སྟེང་དུ་སྦྱར་ཏེ་བཤད། །ཅེས་པའི་དང་པོའི་དོན་ནི། ཤེར་ཕྱིན་གྱི་མདོར། སྟོན་པའི་སྐུ་དྲང་པོར་བསྲང་སྟེ་བཞུགས་པ་བསྐྱེད་རིམ་དང༌། སྐུ་ལས་འོད་ཟེར་བྱེ་བ་བཀྱེ་བ་རྣམས་རྡོར་བཟླས། སྟོང་པ་ཉིད་བཅོ་བརྒྱད་ཀྱིས་སེམས་དམིགས། གཟུགས་སྒྱུ་མ་ལྟ་བུ་ཞེས་སོགས་ཀྱི་སྒྱུ་ལུས། གཟུགས་ལ་རང་བཞིན་མེད་ཅེས་སོགས་ཀྱིས་འོད་གསལ། གཉིས་སུ་མེད་གཉིས་སུ་བྱར་མེད་ཅེས་སོགས་ཀྱིས་ཟུང་འཇུག་བསྟན་ཞེས་དང༌། ཐེག་པ་སྣ་ཚོགས་དང་སྦྱར་བའི་དོན་ནི། བསྐྱེད་རིམ་དུ་ཉན་ཐོས་ཀྱི་ཐེག་པ་འདུ་སྟེ། ཉན་ཐོས་ཀྱིས་འདོད་པའི་རྡུལ་ཕྲ་རབ་འདུས་པའི་རགས་པའི་སྣང་བ་དང༌། བསྐྱེད་རིམ་རྟོག་པའི་རྣལ་འབྱོར་གཉིས་ཆོས་མཐུན་པའི་ཕྱིར་རོ། །རྡོ་རྗེ་བཟླས་པར་རང་རྒྱལ་གྱི་ཐེག་པ་འདུ་སྟེ། རླུང་འཕོ་བ་བཅུ་གཉིས་ཀྱི་རྡོ་རྗེའི་བཟླས་པ་དང༌། རང་རྒྱལ་གྱི་རྟེན་འབྲེལ་བཅུ་གཉིས་ཆོས་མཐུན་པའི་ཕྱིར་རོ། །སེམས་དམིགས་


JLD007_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིམ་པར་སེམས་ཙམ་གྱི་ཐེག་པ་འདུ་སྟེ། གཉིས་ཀ་སེམས་ལ་རྩི་བའི་ཕྱིར་རོ། །དབུ་མ་སྒྱུ་མ་ལྟ་བུ་སྒྱུ་ལུས་སུ་འདུ་སྟེ། གཉིས་ཀས་ཆོས་ཐམས་ཅད་སྒྱུ་མར་འདོད་པའི་ཕྱིར་རོ། །དབུ་མ་རབ་ཏུ་མི་གནས་པ་འོད་གསལ་དུ་འདུ་སྟེ། གཉིས་ཀས་ཆོས་ཐམས་ཅད་སྟོང་པར་འདོད་པའི་ཕྱིར་རོ། །གསང་སྔགས་ཀྱི་ཐེག་པ་ཐམས་ཅད་ཟུང་འཇུག་ཏུ་འདུ་སྟེ། སྔགས་ཀྱི་ལྟ་བ་ཐམས་ཅད་བདེན་གཉིས་རོ་མཉམ་ཟུང་འཇུག་ཡིན་པའི་ཕྱིར་རོ། །ཞེས་དོན་ལྔ་མ་ལས་འཆད་དེ། འཁོར་ལོ་ཅན་དང༌། ཕ་རྒྱུད་ཡང་སྙིང་དུ་ཡང་ངོ༌། །གཞུང་དེར་རིམ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐེག་པ་སྣ་ཚོགས་དང་སྦྱར་ལ་བཤད་ཅེས་པའི་སྦྱར་བའི་དོན་ནི། སྔར་བཤད་པ་ལྟར་སྲིད་པ་སྐྱེ་འཆིའི་རིམ་པ་དང༌། ཉིན་ཞག་གཅིག་ལ་གཞི་དུས་ཀྱི་རིམ་ལྔ་སྦྱོར་བ་ལྟར་སྦྱོར་བ་མིན་ནོ། །འོ་ན་ཅི་ཞེ་ན། སྤྱིར་ཐེག་པ་ཆེ་ཆུང་སྣ་ཚོགས་པའི་གསུང་རབ་དང༌། བྱེ་བྲག་ཏུ་ཟབ་མོ་ཤེར་ཕྱིན་གྱི་མདོ་སྡེ་ཀུན་གྱི་གནད་རྣམས་འདུས་པའི་རྒྱུད་དུ་འདུ་བས། དེའི་ལམ་རིམ་པ་ལྔར་ཡང་དེ་དག་གི་གནད་རྣམས་འདུས་སོ་ཞེས་སྟོན་པ་ལ་དེ་དང་སྦྱར་ཏེ་བཤད་ཅེས་བསྟན་པ་ཡིན་ཏེ། དེ་ཉིད་ལས། ལམ་གྱུར་རིམ་པ་ལྔ་ལྡན་པ། །བྱང་ཆུབ་ཕྱོགས་ཆོས་མདོ་དོན་དང༌། །སྦས་པ་རྣམ་གསུམ་མཐར་ཐུག་བཅས། །སྣ་ཚོགས་སྒྲ་ནི་མཚོན་པའོ། །


JLD007_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྟོན་པའི་མདོ་སྡེ་དང༌། སྦས་པ་གསུམ་དང་མཐར་ཐུག་གཉིས་སྟོན་པའི་རྒྱུད་སྡེ་སྣ་ཚོགས་པའི་སྒྲའི་དོན་ནི་རིམ་པ་ལྔར་མཚོན་ནས་སྟོན་པར་བཤད་པའི་ཕྱིར་རོ། །འདུས་ཚུལ་ནི། གཞུང་གཞན་དེ་དག་ནས་བཤད་པ་ལྟར་གྱི་ལམ་དེ་དག་འདིར་མ་བཤད་ཀྱང༌། དེ་དག་གི་ལམ་གྱི་གནད་ནི་འཁོར་བ་ལས་གྲོལ་བའི་ཐར་པ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་བྱེད་ཡིན་ལ། དེ་འདིར་བཤད་པའི་ལམ་གྱི་ནང་དུ་ལྷག་དང་བཅས་པ་ཚང་བ་དང༌། ཡང་ལམ་གཞན་དེ་དག་ཀྱང་མཐར་འདིར་གཞོལ་དགོས་པས་འདི་དེ་དག་གི་རྩ་བར་གྱུར་པའི་དོན་ནོ། །གཞན་གྱི་ལུགས་ལམ་འདིར་ལམ་གཞན་འདུ་བའི་རྒྱུ་མཚན་རྣམས་ནི་མ་ངེས་པ་དང་མ་གྲུབ་པ་ཉིད་དུ་སྣང་ངོ༌། །བཞི་པ་ལ་གཉིས། དབེན་པ་གསུམ་གྱི་ཏིང་ངེ་འཛིན་ལ་བསླབ་ཚུལ་དང༌། བདེན་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བསླབ་ཚུལ་ལོ། །དང་པོ་ལ་གསུམ། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་ཚུལ། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་ཚུལ། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་ཚུལ་ལོ། །དང་པོ་ལ་དྲུག །ལུས་དབེན་རིམ་གཉིས་གང་ཡིན་དཔྱད་པ། བསྐྱེད་རིམ་དང་ལུས་དབེན་ཁྱད་པར་ཅན་གྱི་གོ་


JLD007_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རིམ། ལུས་རྣམ་པར་དབེན་པའི་ངོས་འཛིན། ལུས་དབེན་གྱི་རབ་ཏུ་དབྱེ་བ། དེ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་ཏུ་འགྱུར་ཚུལ། ལུས་དབེན་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ལ་གསུམ། ལུགས་སོ་སོ་བ་རྣམ་པར་དགོད་པ་དང༌། དེ་དག་གི་འཐད་མི་འཐད་དཔྱད་པ་དང༌། རང་གི་ལུགས་རྣམ་པར་གཞག་པའོ། །དང་པོ་ནི། ལུས་དབེན་རིམ་གཉིས་གང་དུ་འཇོག་པ་ལ་མི་མཐུན་ཏེ། འདི་ལྟར་ཨ་བྷྱ་དང༌། ཐུབ་པ་དཔལ་དང༌། ལག་སྨི་དང༌། སྐལ་ལྡན་གྲགས་པ་སོགས་མང་པོས་ལུས་དབེན་བསྐྱེད་རིམ་དུ་བཤད་ལ། བླ་མ་བཙུན་མོ་ཅན་དང་མངོན་ཤེས་ཅན་གཉིས་རྫོགས་རིམ་དུ་བཞེད་ཅིང༌། ནག་པོ་དམ་ཚིག་རྡོ་རྗེ་རིགས་བརྒྱ་དང༌། རིགས་ལྔ་དང༌། རིགས་གསུམ་གྱི་ལུས་དབེན་བསྐྱེད་རིམ་དང༌། རིགས་གཅིག་གི་ལུས་དབེན་རྫོགས་རིམ་དུ་བཞེད་ཅེས་རྗེ་འགོས་ཀྱིས་སྟོང་ཐུན་ལས་བཤད་དོ། །མར་ལུགས་པ་ཁ་ཅིག་ནཱ་རོ་པས་ཀྱང་བསྐྱེད་རིམ་དུ་བཞེད་ཟེར་བ་མི་བདེན་ཏེ། རིམ་ལྔ་བསྡུས་པ་གསལ་བ་ལས་དེ་གཉིས་སོ་སོར་བཤད་པའི་ཕྱིར་རོ། །དེ་ལྟར་མི་མཐུན་པ་འོང་བ་ནི། སྤྱོད་བསྡུས་ལས། དྲན་པ་གཅིག་པ་དང་རྟོག་པའི་རྣལ་འབྱོར་ལ་ལོབས་ན་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དང༌། དེ་ལ་གནས་ཟིན་པའི་


JLD007_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ལུས་དབེན་ལ་སློབ་པར་གསུངས་པ་དང༌། བསྐྱེད་པའི་རིམ་པ་ནས་བརྩམས་ཏེ་ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ། ཞེས་དེ་གཉིས་སོ་སོར་གསུངས་པ་ལ་བརྟེན་ནས་རྫོགས་རིམ་དུ་འཇོག་གོ །ལས་དང་པོ་པ་ནི་འདི་པའི་ལུགས་ཀྱིས་བསྐྱེད་རིམ་ཐོག་མར་སྒོམ་པ་ནས་དེ་མཐར་ཕྱིན་པའི་བར་ལ་བཞེད་དེ། རིམ་ལྔར། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་གསུངས་ཤིང༌། སྤྱོད་བསྡུས་ལས། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་བསླབས་ནས་ས་བརྒྱད་པ་འཐོབ་སྟེ། ཞེས་གསུངས་པ་བཞིན་ནོ། །ཡང་སྤྱོད་བསྡུས་ལས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བཤད་མ་ཐག་པ་ནི་ལུས་རྣམ་པར་དབེན་པ་སྟེ། དེ་ལ་ལྷ་རྣམ་པར་དགོས་པ་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ་རགས་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཤིང༌། དེའི་འཕྲོ་ནས་ངག་དབེན་བསྐྱེད་རིམ་པའི་ཡུལ་མིན་ཏེ། ཤིན་ཏུ་ཕྲ་བའི་ཕྱིར་རོ། །ཞེས་བཤད་པའི་ཤུགས་ཀྱིས་ཐམས་ཅད་ཀྱི་ཐུན་མོང་ཞེས་པ་རིམ་གཉིས་ཀྱི་ཐུན་མོང་དུ་བསྟན་པ་ལ་བརྟེན་ནས་རིམ་པ་གཉིས་ཀའི་ཆར་མཛད་དོ། །བསྐྱེད་རིམ་དུ་འཇོག་པ་རྣམས་ཀྱིས་ནི་ཕུང་སོགས་ལྷར་སྒོམ་ཚུལ་བསྐྱེད་རིམ་པའི་ལྷ་སོ་སོའི་རྣམ་དག་


JLD007_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་དང་དོན་གཅིག་ཏུ་འདུག་སྙམ་དུ་བསམས་པ་འདྲའོ། །འོ་ན་ལུས་དབེན་བསྐྱེད་རིམ་དུ་འདོད་པ་རྣམས་ཀྱིས་དེའི་སྐབས་གང་དུ་ལུས་དབེན་བསྟན་པར་འདོད་ཅེ་ན། ཨ་བྷྱ་ནི། བསྐྱེད་པའི་རིམ་པས་གྲུབ་པའི་རྡོ་རྗེ་འཆང་གི་སྐུར་ལྷག་པར་མོས་པ་ཙམ་ལུས་དབེན་དུ་བསྐྱེད་རིམ་གྱི་སྐབས་སུ་གསུངས་པར་བཞེད་པས། ལྷག་མོས་ཀྱི་གཙོ་བོ་ལྟ་བུ་ལ་བྱེད་དོ། །གཞན་གསལ་བར་མ་བཤད་ཀྱང་ལྷག་མོས་ཀྱི་ལྷ་གཞན་ལུས་ལ་བཀོད་པ་ན་ཕུང་སོགས་དང་དབྱེར་མེད་དུ་མོས་དགོས་པས། དེ་རྣམས་ལུས་དབེན་དུ་བྱེད་པ་འདྲའོ། །ལྷག་པར་མོས་པ་ཙམ་གྱིས་སྐྱེད་པར་བཤད་པས། ས་བོན་ལས་བསྐྱེད་པའི་ལུས་དཀྱིལ་ལུས་དབེན་དུ་མི་འདོད་པ་འདྲའོ། །ཐུབ་པ་དཔལ་གྱིས་ཀྱང་མདོར་བྱས་སུ་གསུངས་པའི་བསྐྱེད་རིམ་གྱིས་ལུས་དབེན་བསྟན་ཞེས་པ་ཙམ་མ་གཏོགས་པ་ལུས་དབེན་བསྟན་ཚུལ་མི་གསལ་ལོ། །པཎྜི་ཏ་ཕྱི་མ་གཉིས་ཀྱིས་ནི་མདོར་བྱས་ཀྱི་ཏིང་ངེ་འཛིན་གསུམ་ལ་བསླབས་ཟིན་པའི་འོག་ཏུ་ལུས་དབེན་ལ་སློབ་པར་བཤད་པས་དེ་བསྐྱེད་རིམ་དུ་འདོད་ཀྱང༌། མདོར་བྱས་སུ་བཤད་པའི་བསྐྱེད་རིམ་དུ་མི་འདོད་དོ། །བོད་ཀྱི་འགོས་ལུགས་པ་ཕལ་མོ་ཆེ་ལུས་དབེན་རྫོགས་རིམ་དུ་འདོད་ལ། གླན་གྱིས་ཕུང་པོ་སོགས་ལ་ལྔ་ལྔར་ཞིབ་ཏུ་མ་ཕྱེ་བའི་


JLD007_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པའི་ལུས་དབེན་རྟོག་པ་དང༌། རིགས་བརྒྱ་ནས་གཅིག་གི་བར་ཞིབ་ཏུ་དཔྱོད་པའི་ལུས་དབེན་དཔྱོད་པར་བྱེད་ཅིང༌། སྔ་མ་བསྐྱེད་རིམ་དང་ཐུན་མོང་བའི་ལུས་དབེན་ཡིན་ཏེ། བསྐྱེད་རིམ་པས་ཀྱང་ཤིན་ཏུ་རྣལ་འབྱོར་གྱི་སྐབས་སུ་དེ་ལྟར་སྒོམ་པར་བཤད་པས་སོ། །ཕྱི་མ་ནི་རྫོགས་རིམ་པའི་ཐུན་མོང་མ་ཡིན་པའི་ལུས་དབེན་དུ་འདོད་དོ། །གཉིས་པ་ནི། དེ་ལྟར་ལུགས་ཐ་དད་པ་དེ་དག་ལས་གང་གཟུང་ཞེ་ན། ལུས་དབེན་རིལ་པོ་མདོར་བྱས་སུ་གསུངས་པའི་བསྐྱེད་རིམ་དུ་འདོད་ན་སྤྱོད་བསྡུས་ལས། ལས་དང་པོ་པས་ཏིང་ངེ་འཛིན་ལ་བསླབས་ཟིན་པའི་འོག་ཏུ་ལུས་དབེན་ལ་སློབ་པར་གསུངས་པ་དང་འགལ་བ་སྤང་མི་ནུས་ལ། ལུས་དབེན་མདོར་བྱས་སུ་གསུངས་པའི་ཏིང་ངེ་འཛིན་གསུམ་དུ་མི་འདུ་བར་བསྐྱེད་རིམ་ལོགས་སུ་བྱེད་པ་ཤིན་ཏུ་མི་འཐད་དོ། །མདོར་བྱས་ཀྱི་ཏིང་ངེ་འཛིན་གསུམ་གྱིས་ལས་སྒྲུབ་པའི་དུས་ཀྱི་བསྐྱེད་རིམ་འགའ་ཞིག་མ་གཏོགས་པ། རྫོགས་རིམ་གྱི་སྔོན་དུ་བཏང་དགོས་པའི་བསྐྱེད་རིམ་ཐམས་ཅད་སྟོན་པའི་ཕྱིར་དང༌། མདོར་བྱས་ཀྱི་བསྐྱེད་རིམ་ཕྲ་རགས་གཉིས་ཀ་མཐར་ཕྱིན་པའི་རྗེས་སུ་སྔ་མར་མྱོང་བ་མ་ཐོན་པ་ལུས་དབེན་གྱི་བསྐྱེད་རིམ་གྱི་ལྷའི་རྣམ་པ་འཆར་བ་ལ་སློབ་ཚུལ་འདི་ཡིན་ནོ་ཞེས་གཞག་པར་མི་ནུས་པའི་ཕྱིར་དང༌། ལྷའི་སྐུའི་རྣམ་པ་སྒོམ་པ་ལས་གཞན་པའི་


JLD007_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དབེན་གྱི་སྒོམ་ཚུལ་ཡང་དེ་དག་ལ་མི་སྣང་བའི་ཕྱིར་རོ། །ལུས་དབེན་རིལ་པོ་རྫོགས་རིམ་དུ་འཇོག་པ་ཡང་མི་འཐད་དེ། ལུས་དབེན་ལ་ཐམས་ཅད་ཀྱི་ཐུན་མོང་ཡིན་ཞེས་གསུངས་ཤིང༌། ངག་དབེན་ལ་དམིགས་ཀྱིས་བཀར་ནས་བསྐྱེད་རིམ་པའི་ཡུལ་མིན་ཞེས་གསུངས་པའི་ཕྱིར་དང༌། ཐུན་མོང་ཡིན་མིན་གྱི་སྒྲུབ་བྱེད་དུ་རགས་པ་དང་ཕྲ་བར་གསུངས་པས་ཀྱང་ཤེས་པའི་ཕྱིར་རོ། །དེས་ན་དེ་ལ་ལྷ་དགོད་པ་ནི་ཞེས་པ་ཕུང་སོགས་ལ་ལྷ་དགོད་པ་རིམ་པ་གཉིས་ཀའི་ཐུན་མོང་དུ་སྟོན་པ་ཡིན་གྱི། ལུས་དབེན་ཐུན་མོང་བར་སྟོན་པ་མིན་ཞེས་ཀྱང་བཤད་པར་མི་ནུས་པས། ལུས་དབེན་ལ་རིམ་པ་གཉིས་ཀྱི་ལུས་དབེན་གཉིས་སུ་དབྱེ་བར་བྱའོ། །དེ་ལྟ་ནའང་དམ་ཚིག་རྡོ་རྗེ་ལྟར་ནི་མི་བྱེད་དེ། རིགས་བརྒྱ་ནས་གསུམ་གྱི་བར་གྱི་ལུས་དབེན་རྣམས་རིགས་གཅིག་གི་ལུས་དབེན་དུ་སྡུད་པར་སྤྱོད་བསྡུས་ལས་གསུངས་པས། བསྡུ་རྒྱུ་བསྐྱེད་རིམ་དང་དེ་རྣམས་བསྡུས་པ་རྫོགས་རིམ་དུ་མི་རུང་བའི་ཕྱིར་རོ། །ལུས་དབེན་གྱི་ཕུང་སོགས་ལྷར་སྒོམ་པ་འདི་ལྷའི་རྣམ་པ་འཆར་བ་སྒོམ་པ་ཡིན་ན་ནི། བསྐྱེད་རིམ་ཡུངས་འབྲུ་ཙམ་གྱི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པ་ལ་གསལ་སྣང་ཤིན་ཏུ་བརྟན་པ་རྙེད་ནས། དེ་ནས་འདི་སྒོམ་པར་བཤད་པས། སྔ་མར་མྱོང་བ་མ་ཐོན་པ་འདིར་གདོན་རྒྱུ་


JLD007_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདུག་པས། དེ་ལ་ལོབས་ནས་འདི་ལ་སློབ་པའི་ལམ་གྱི་རིམ་པ་གཞན་དུ་བཤད་པ་མི་འཐད་དོ། །ཕུང་སོགས་ལ་ལྔ་ལྔར་ཕྱེ་བ་འདིའི་རིམ་པ་དང་པོའི་སྐབས་སུ་གསལ་བར་མ་བཤད་ཀྱང༌། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་ན་གང་ཤར་ཤར་ལ་ཡིད་གཏད་པས། དེ་མ་ཐག་ཏུ་ལྷར་འཆར་བའི་གསལ་སྣང་བརྟན་པོ་སྐྱེད་ནུས་པས། ཞིབ་ཏུ་ཕྱེ་བ་ལ་སྐྱེད་མི་ནུས་ཞེས་སྨྲ་མི་ནུས་པས། གླན་གྱིས་ལུས་དབེན་ལ་རིམ་པ་གཉིས་ཀྱི་འབྱེད་ཚུལ་བྱས་པ་ཡང་འཐད་པར་མ་མཐོང་ངོ༌། །ཁ་ཅིག་བསྐྱེད་རིམ་པས་ནི་གསར་དུ་ལྷ་སྐྱེད་པ་ཡིན་ལ། ལུས་དབེན་གྱི་ཕུང་སོགས་ལྷར་སྒོམ་པ་ནི་གདོད་མ་ནས་ལྷར་གྲུབ་པ་ཡིན་ནོ་སྙམ་དུ་ལྟ་བའི་རྫོགས་རིམ་པའི་ལྷ་སྒོམ་ལུགས་སོ་ཞེས་ཟེར་བ་ནི། རིམ་པ་གཉིས་ལ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའི་ལྷ་སྐྱེད་ཚུལ་གཉིས་ཡོད་པ་ལེགས་པར་མ་ཕྱེ་པའི་གཏམ་དུ་སྣང་ལ། རྫོགས་རིམ་གྱི་སྐབས་སུ་ཡང་ཐིག་ལེ་དང་ཡི་གེ་སོགས་བློས་དམིགས་པ་ལྟར་མེད་བཞིན་དུ་དམིགས་པ་ཡོད་མོད་ཀྱང༌། དེ་དག་གིས་དམིགས་པ་རིགས་མི་མཐུན་གཞན་བར་དུ་བརྒྱུད་མི་དགོས་པར་མ་བཅོས་པའི་རྫོགས་རིམ་བསྐྱེད་པས་རྫོགས་རིམ་དུ་སྡུད་པ་ལྟར། ཕུང་སོགས་གདོད་མ་ནས་ལྷ་ཡིན་ནོ་སྙམ་དུ་སེམས་པས་ནི་དེ་ལྟར་ཡང་མི་


JLD007_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ལ། ལྷར་སྒོམ་ལུགས་དེ་ནི་བློས་བཅོས་པ་དང་བརྟགས་ལུགས་བསྐྱེད་རིམ་པ་ལས་ཀྱང་ཆེ་བར་སྣང་བས། དེ་འདྲ་བའི་ལྷར་ལྟ་ལུགས་གཉིས་པོ་དེས་རིམ་གཉིས་ཀྱི་ཁྱད་པར་དབྱེ་མི་ནུས་སོ། །དེ་བཞིན་དུ་སྟོང་པ་ཉིད་རྟོགས་པའི་བློ་གཟུང་རྣམ་ལྷར་འཆར་བ་ལ་བྱས་ནའང༌། དེས་བསྐྱེད་རིམ་ལས་དབྱེ་བར་མི་ནུས་ཏེ། དེ་ནི་བསྐྱེད་རིམ་གྱི་སྐབས་ནས་ཀྱང་འོང་བའི་ཕྱིར་ཏེ། ལྷ་སྐྱེད་པའི་སྔ་རོལ་ཏུ་ཤཱུ་ནྱཱ་ཏཱ་ལ་སོགས་པས་སྟོང་པར་སྦྱང་བར་གསུངས་ལ། དེའི་དོན་ཀྱང་སྟོང་ཉིད་ཀྱི་ལྟ་བ་ལེགས་པར་མ་གོ་བའི་སྣང་བ་བསྡུས་པ་ཙམ་ལ་བྱར་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། འོ་ན་ལུས་དབེན་ལ་རིམ་གཉིས་སུ་འབྱེད་ཚུལ་ཇི་ལྟར་ཡིན་སྙམ་ན། ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་འདི་ལ་སྟོང་ཉིད་རྟོགས་པའི་བཟུང་རྣམ་ལྷར་ཤར་མ་ཤར་གྱི་སྒོམ་ཚུལ་གཉིས་དང༌། ཤར་བ་ལ་ཡང་ཐུན་མོང་མ་ཡིན་པའི་བདེ་བས་སྟོང་ཉིད་རྟོགས་པ་ཡིན་མིན་གཉིས་དང༌། བདེ་བས་སྟོང་ཉིད་རྟོགས་པ་ལ་ཡང་རོ་རྐྱང་གི་རླུང་གཉིས་དྷཱུ་ཏཱིར་བཙུད་ནས་ཐིམ་པ་ལས་བྱུང་བའི་བདེ་བ་ཡིན་མིན་གཉིས་ཡོད་དོ། །དེ་ལ་བསྐྱེད་རིམ་ལ་ནི། དང་པོ་གཉིས་ཀྱི་ཕྱི་མ་དང་ཞུ་བདེས་སྟོང་ཉིད་རྟོགས་པ་མིན་པའི་སྟོང་ཉིད་རྟོགས་པ་དང༌། ཐ་མ་གཉིས་ཀྱི་


JLD007_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་ཡོད་ལ། ཐ་མ་གཉིས་ཀྱི་དང་པོའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་ནི་རྫོགས་རིམ་ཉིད་ལ་འཇོག་གོ །ཕུང་སོགས་ལྷར་སྒོམ་པའི་བསྐྱེད་རིམ་གྱི་ལུས་དབེན་ནི་ལྷག་མོས་དང་ལུས་དཀྱིལ་དང༌། དཀྱིལ་འཁོར་ཉེ་བར་བསྡུ་བའི་སྐབས་དང༌། ཡུལ་སྣང་ཐམས་ཅད་རྡོ་རྗེ་འཆང་དུ་ལྟ་བའི་སྐབས་སུ་གསུངས་ཏེ། དེས་ནི་བསྐྱེད་རིམ་པས་ཡུལ་ལྔ་ལྷ་ཕོ་མོར་ལྟ་བའི་ཐབས་ཤེས་ཀྱི་རྣམ་དག་གསུངས་པ་ཡང་མཚོན་ནོ། །དེས་ན་དེ་འདྲ་བའི་ལུས་དབེན་ལ་སློབ་པ་ནི་བསྐྱེད་རིམ་ལ་སློབ་པའི་སྐབས་ཉིད་དུ་འབྱུང་བས། ལས་དང་པོ་པའི་ཏིང་ངེ་འཛིན་ལ་བསླབས་ཟིན་པའི་འོག་ཏུ། ལུས་དབེན་ལ་སློབ་པར་གསུངས་པ་ནི་རྫོགས་རིམ་པའི་ལུས་དབེན་ནོ། །འོ་ན་བདེ་བ་ཆེན་པོའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་གང་ནས་བཤད་སྙམ་ན། སྤྱོད་བསྡུས་སུ། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང༌། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉམས་ནི་དུ་མས་གར་མཛད་དོ། །ཞེས་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་ལུང་རིགས་ལྔའི་ལུས་དབེན་སྒོམ་པའི་སྐབས་སུ་དྲངས་པ་འདིས་སྟོན་ནོ། །འདིར་གར་མཁན་གཅིག་ཉིད་འབག་དང་ཆས་གོས་མི་འདྲ་བར་ཞུགས་ནས་གར་བྱེད་པ་དང༌། སྔོན་པོ་ལ་


JLD007_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཚོན་གཅིག་ཉིད་གཟུགས་ཀྱི་རྣམ་པ་དུ་མར་འཆར་བ་བཞིན་དུ། བདེ་བ་ཆེན་པོ་གཅིག་པུ་ཉིད་ཉམས་ཀྱི་རྣམ་པ་དུ་མའི་ཚུལ་གྱིས་གར་མཛད་པར་གསུངས་པ་ནི། སངས་རྒྱས་རྡོ་རྗེ་འཆང་ཁོ་ནས་དེ་ལྟར་མཛད་པ་ལ་མི་སྦྱར་གྱི། ལམ་དང་འབྲས་དུས་ཀྱི་བདེ་བ་ཆེན་པོ་ཀུན་གྱི་དབང་དུ་བྱས་པའོ། །དེ་ལྟར་ན་ལུས་དབེན་གྱི་སྐབས་སུ་ཡང་བདེ་བ་ཆེན་པོ་གཅིག་ཉིད་རིགས་ལྔ་ལ་སོགས་པ་དུ་མའི་རྣམ་རོལ་དུ་འཆར་བར་སྒོམ་པ་ཡིན་ལ། དེ་ཡང་རང་རྒྱུད་ལ་བདེ་བ་དེ་མེད་པར་གཞན་རྒྱུད་ཀྱི་བདེ་བ་ལ་དམིགས་ནས་བྱེད་པ་མིན་པས། བདེ་བ་དེ་རང་གི་རྒྱུད་ལ་སྐྱེས་པ་ནས་དེ་ལྟར་སྒོམ་པའོ། །དེས་ན་སྤྱོད་བསྡུས་སུ་སྐབས་དེར། གཟུགས་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་ཐམས་ཅད་བདག་ཡིན་ནོ། །དེ་བས་བདག་ཉིད་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །ཞེས་ཕྱིའི་ལྷའི་གཟུགས་ལ་དམིགས་པ་མིན་པར་བྱང་ཆུབ་ཀྱི་སེམས་ལ་བརྩོན་པའི་སྒོ་ནས་རང་ཉིད་ལྷར་སྦྱོར་བ་བསྒྲུབ་པར་བྱ། ཞེས་སྒྱུ་མ་བདེ་མཆོག་དྲངས་པའི་བྱང་ཆུབ་ཀྱི་སེམས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ཀྱེ་རྡོ་རྗེ་ལས་ཀྱང༌། ངེས་པར་དངོས་


JLD007_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་དང༌། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གིས་རིག་པའི་བདེ་བ་མཆོག །ཅེས་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པར་གཏན་ལ་འབེབས་པ་དེ་བཞིན་ཉིད་ཀྱི་དག་པ་ཞེས་པ་སྤྱིའི་རྣམ་དག་དང༌། གཟུགས་ཕུང་ལ་སོགས་པ་རེ་རེ་ལྷ་རེ་རེར་སྒོམ་པ་ལྷ་སོ་སོའི་རྣམ་དག་དང༌། རྣལ་འབྱོར་པ་སོ་སོ་རང་གིས་རིག་པའི་བདེ་བ་ཆེན་པོ་རང་རིག་པའི་རྣམ་དག་གསུམ་གསུངས་པའི་བར་པ་ལ། དེ་ཉིད་ལས། བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི། །འདིས་ནི་ཕུང་པོ་སྦྱང་བར་བྱ། །ཞེས་བདེ་བ་ཆེན་པོའི་སྒོ་ནས་ལྷར་སྒོམ་པ་མེད་པའི་ལྷ་སོ་སོའི་རྣམ་དག་བསྐྱེད་རིམ་དུ་གསུངས་པས། བདེ་བ་ཆེན་པོ་ནི་རྫོགས་རིམ་པའི་རྣམ་དག་ཡིན་ལ། དེ་བཞིན་ཉིད་ཀྱི་རྣམ་དག་ནི་དེ་གཉིས་ཀའི་ཐུན་མོང་ངོ༌། །དེས་ན་རྫོགས་རིམ་པའི་ལུས་དབེན་གྱི་ལྷ་སྒོམ་ཚུལ་སྔར་བཤད་པ་ལྟར་མི་ཤེས་ན། ཡེ་ཤེས་ཀྱི་སྐུ་སྐྱེད་པའི་ལྷར་སྒོམ་ཚུལ་ནི་སྐབས་འདིར་མེད་པས། རྫོགས་རིམ་དུ་བཞག་ཀྱང་སྔགས་ཀྱི་སྐུའི་ལྷ་སྐྱེད་ཚུལ་ལས་ཁྱད་པར་མི་ཐོན་པས་འདིའི་གནད་རྟོགས་པ་མ་


JLD007_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འོ་ན་འདིའི་བདེ་བ་ཆེན་པོ་ནི་བསྐྱེད་རིམ་དུ་ནི་མི་འཇོག་ལ། བསྐྱེད་རིམ་མཐར་ཕྱིན་ནས་ལུས་དབེན་ལ་མ་སླེབ་པའི་བར་དུ་ནི་འདིའི་སྐྱེད་ཐབས་མི་སྣང་ཞིང༌། ལུས་དབེན་གྱི་སྐབས་སུ་ཡང་འདིའི་སྐྱེད་ཚུལ་མི་སྣང་བས། བདེ་བ་ཆེན་པོ་སྐབས་འདིར་ཇི་ལྟར་འབྱུང་སྙམ་ན། འདི་ནི་འདིའི་དཀའ་གནས་ཆེན་པོར་སྣང་བའི་རྒྱུ་མཚན་གྱིས་ཐོན་དཀའ་བར་བྱུང་འདུག་པ་ནི་གོ་རིམ་གྱི་སྐབས་སུ་བཤད་པར་བྱའོ། །གཉིས་པ་ནི། བསྐྱེད་རིམ་དང་རྫོགས་རིམ་གྱི་ལུས་དབེན་གཉིས་ཀྱི་གོ་རིམ་ངེས་ལུགས་ཇི་ལྟར་ཡིན་སྙམ་ན། སྤྱིར་བསྐྱེད་རིམ་ཕྲ་རགས་རྫོགས་པར་སྒོམ་པ་ནི། རྫོགས་རིམ་ཀུན་སྐྱེ་བའི་དགེ་རྩ་སྨིན་བྱེད་ཡིན་པས་རྫོགས་རིམ་གྱི་ལུས་དབེན་སྐྱེ་བའི་སྨིན་བྱེད་དུ་ཡང་འགྲོའོ། །ཁྱད་པར་དུ་ནོར་བུའི་ནང་དུ་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་སྒོམ་པ་ནི། རོ་རྐྱང་གི་རླུང་གཉིས་དྷཱུ་ཏཱིར་སྡུད་པའི་ཐབས་ཡིན་པས། དེ་ལ་བརྟེན་ནས་སྔར་བཤད་པའི་བདེ་བ་ཆེན་པོ་དྲངས་པ་ན་ལུས་དབེན་གྱི་དངོས་གཞི་སྒོམ་པ་ཡིན་པས། ཕྲ་མོའི་བསྐྱེད་རིམ་དང་དེ་ལྟར་འབྲེལ་ལོ། །འོག་སྒོའི་ཕྲ་མོ་སྒོམ་པ་རླུང་གཉིས་དྷཱུ་ཏཱིར་སྡུད་པའི་ཐབས་སུ་འགྲོ་བར་གང་ལས་ཤེས་སྙམ་ན། བྱ་བ་དང་སྤྱོད་པའི་རྒྱུད་ལས་སྲོག་རྩོལ་བཤད་ཀྱང༌། དེས་རླུང་གཉིས་དྷཱུ་ཏཱིར་སྡུད་མི་ནུས་པ་ནི་སྔར་བཤད་ཟིན་ལ། བླ་མེད་ནས་བཤད་པའི་སྲོག་རྩོལ་སྒོམ་པའི་སྲོག་རོ་རྐྱང་གི་རླུང་གཉིས་དང༌། རྩོལ་བ་དེ་


JLD007_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རོ་རྐྱང་དུ་རྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པ་ལ་དུས་འཁོར་གྱི་སྐོར་ནས་མང་དུ་གསུངས་ལ། སྒྲོན་གསལ་སོགས་ལས་སྲོག་དང་རྩོལ་བའི་དོན་དེ་ལྟར་མི་འཆད་ཀྱང༌། སྲོག་རྩོལ་བསྒོམས་པས་བྱ་བ་དེ་བྱེད་པ་ནི་འདྲའོ། །དེས་ན་རྒྱུད་ཕྱི་མ་ལས། གསང་བའི་སྣ་རྩེར་ཕྲ་མོ་སྒོམ་པ་སྲོག་རྩོལ་དུ་གསུངས་པའི་དོན་འགྲེལ་བ་ན་ཞལ་ལུང་ལས། སྙིང་སྟོབས་ཚུལ་དུ་ཐིག་ལེ་ཡང༌། །སྙིང་གི་པདྨ་ལས་བབས་ནས། །རང་གི་རྡོ་རྗེ་ནོར་བུ་ཡི། །དཀྱིལ་དུ་རྣམ་པར་གནས་པ་ལ། །འབྱུང་བ་ལྔ་ཡི་གཟུགས་ཅན་མཆོག །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །འོད་གཟེར་ལྔ་འབར་རང་ལྷ་ཡི། །མཚན་མ་ཕྲ་མོ་རྣམ་བསམས་ནས། །ཞེས་གསུངས་ནས་དེའི་དོན་བསྡུས་པ་ན། དབུགས་དགག་སྟོང་པའི་ཡན་ལག་གོ །ཞེས་སྣ་བུག་ཏུ་རླུང་འབྱུང་འཇུག་གི་སྤྲོ་བསྡུ་བྱེད་པ་འགོག་ཅིང་དེས་སྟོང་པར་བྱེད་པའི་ཡན་ལག་ཏུ་གསུངས་ཏེ། དེས་ནི་སྲོག་རྩོལ་གྱི་ཡན་ལག་དང་དབུགས་འགོག་པའི་ཡན་ལག་གཉིས་དོན་གཅིག་ཏུ་བསྟན་ནོ། །དེ་བཞིན་གཤེགས་པའི་རྡོ་རྗེས་ཀྱང༌། འབྱུང་བ་ལྔའི་བདག་ཉིད་ཅན་སྲོག་རླུང་ཐུར་དུ་རྒྱུ་བར་བྱས་ནས་ཡུངས་འབྲུའི་ཚད་ཙམ་ཞིག་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འདྲིལ་བའི་ཚུལ་གྱིས། རྡོ་རྗེའི་སྣའི་རྩེ་མོར་ཕབ་ནས་གོང་དུ་གསུངས་པའི་སོ་སོར་སྡུད་པ་དང༌། ཡན་ལག་ལྔའི་བསམ་


JLD007_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་རིམ་པས་བསམ་པར་བྱའོ། །འདི་ཡང་ཐིག་ལེའི་སྦྱོར་བ་སྟེ་སྲོག་རྣམས་ཕྱི་རོལ་ཏུ་འགྲོ་བ་བཟློག་པའི་དོན་དུ། དེའི་རྒྱུ་ཉིད་ཀྱིས་ན་གསང་བ་འདུས་པ་ཕྱི་མའི་རྒྱུད་ལས་སྲོག་རྩོལ་ཞེས་བྱ་བར་བརྗོད་དོ། །འདི་ཡང་ཉེ་བར་མཚོན་པ་ཙམ་སྟེ། ལྟེ་བར་ཕྲ་བའི་ཨཱ་ལི་ཀཱ་ལིའི་སྦྱོར་བའམ། ཐུགས་ལ་སོགས་པ་ལ་ཐིག་ལེ་ལ་སོགས་པའི་བསམ་གཏན་གང་དེ་ཡང་སྲོག་འཐོན་པ་བཟློག་པའི་དོན་ཉིད་ཀྱིས་སྲོག་རྩོལ་ཞེས་བརྗོད་དོ། །བྱེ་བྲག་ཏུ་བསམ་གཏན་འདི་ལྟ་བུའི་སྟོབས་ཀྱིས་རོ་མ་དང་རྐྱང་མ་དག་གི་རྒྱུ་བ་ལས་བཟློག་ནས་དབུ་མར་སྲོག་རླུང་གི་རྩོལ་བ་ནི་རབ་ཏུ་རྒྱུ་སྟེ། འདི་ཡང་སྲོག་རྩོལ་ཞེས་བརྗོད་དོ། །ཞེས་འོག་སྒོའི་ཕྲ་མོ་བསྒོམས་པས་རོ་རྐྱང་ནས་སྣ་བུག་ཏུ་རྒྱུ་བའི་རླུང་འབྱུང་འཇུག་བཀག་ནས་དབུ་མར་འཛུད་པས། རྒྱུད་ཕྱི་མར་དེ་སྲོག་རྩོལ་དུ་གསུངས་པ་དང༌། དེ་ཡང་ཕྱོགས་ཙམ་མཚོན་པ་སྟེ་ལྟེ་བ་དང་སྙིང་ཁ་སོགས་སུ་ཐིག་ལེ་དང་ཡི་གེ་སོགས་ལ་དམིགས་ནས་བསྒོམས་པས་ཀྱང་བྱེད་ལས་དེ་བྱེད་པའི་སྲོག་རྩོལ་དུ་ཤིན་ཏུ་གསལ་བར་བཤད་པ་འདི། རྩ་འཁོར་ཡོད་ས་རྣམས་སུ་ཡི་གེ་སོགས་འགོད་པའི་རྫོགས་རིམ་སྒོམ་པར་གསུངས་པ་ཐམས་ཅད་ལ་ཡང་ཤེས་དགོས་སོ། །སོར་བསམ་གྱིས་སྒོམ་པར་གསུངས་པ་ནི། དེ་གཉིས་བསྐྱེད་རིམ་དུ་འདོད་པས་བསྐྱེད་རིམ་དང་ལྡན་པས་སྒོམ་པའི་དོན་ནོ། །ཡེ་ཤེས་


JLD007_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལུགས་ཀྱི་སྦྱོར་དྲུག་གི་རྒྱ་གཞུང་ཞིག་ལས་ཀྱང་འདི་ཇི་བཞིན་དུ་བཤད་དོ། །ནོར་བུའི་ནང་ན་རྩ་འཁོར་རྩ་འདབ་བརྒྱད་པ་ཞིག་མན་ངག་སྙེ་མ་ལས་བཤད་ཅིང༌། དབང་མདོར་བསྟན་ལས། ནོར་བུའི་ཆུ་སྐྱེས། ཞེས་གསུངས་པ་ཡང་དེ་ལ་དགོངས་པས་དེར་ཕྲ་མོ་བསྒོམས་པས་རླུང་དྷཱུ་ཏཱིར་སྡུད་ནུས་སོ། །འཕྲེང་བར། ནོར་བུའི་ནང་དུ་གནས་བལྟ་བས། །ཞེས་གསུངས་པ་བུད་མེད་ལ་པདྨར་སྒྱུར་བར་གསུངས་པ་དང་འདིར་ཡང་འདྲ་བས་རྟེན་དེ་ལ་ཡང་ཤེས་པར་བྱའོ། །འཕགས་ལུགས་ལས་དང་པོར་ནོར་བུར་ཕྲ་མོ་བསྒོམས་ནས་བརྟན་པ་དང༌། ཡུམ་གྱི་པདྨར་སྤྲོས་པའི་ནང་དུ་དཀྱིལ་འཁོར་སྒོམ་པར་གསུངས་པས། རླུང་འདུ་སླ་བའི་རིགས་མ་གཏོགས་པ་བསྐྱེད་རིམ་པའི་ཕྲ་མོའི་དཀྱིལ་འཁོར་བརྟན་བརྟན་དུ་བསྒོམས་ཀྱང༌། རླུང་གཉིས་དྷཱུ་ཏཱིར་ཐིམ་པ་དཀའ་བས། ཕལ་ཆེར་ཕྲ་མོའི་དཀྱིལ་འཁོར་བརྟན་པ་ནས་ལུས་དབེན་ལ་འཇུག་པ་ན། ནོར་བུར་ཐིག་ལེའམ་ཕྱག་མཚན་ཕྲ་མོ་བསྒོམས་ལ། རླུང་གཉིས་དྷཱུ་ཏཱིར་བཙུད་པའི་རྗེས་སུ་ལུས་དབེན་དངོས་གཞིའི་བདེ་སྟོང་སྦྱོར་བ་སོགས་བསྒོམ་པར་བྱའོ། །རྒྱུད་ཕྱི་མར་སྙིང་ཁ་དང་འོག་སྒོར་ཐིག་ལེ་སྒོམ་པའི་སྲོག་རྩོལ་བཤད་པ་ནི། ཞལ་ལུང་ལས་དབུགས་འགོག་པའི་ཡན་ལག་ཏུ་བཤད་པའི་དོན་རྒྱ་གཞུང་གཉིས་ཀྱིས་གསལ་བར་བཤད་ཅིང༌། ཁྱད་


JLD007_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་རྩ་འཁོར་གྱི་གནས་སུ་ཡི་གེ་དང་ཐིག་ལེ་སྒོམ་པ་སོགས་ཐམས་ཅད་རླུང་དྷཱུ་ཏཱིར་སྡུད་པའི་ཐབས་སུ་འགྱུར་བར་བཤད་ནས། སྲོག་རྩོལ་རྒྱ་ཆེན་པོར་བཏང་བ་འདི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་འདུག་སྟེ། འདི་མི་ཤེས་ན་སྲོག་རྩོལ་རྒྱ་ཆུངས་པས། བླ་མེད་ཀྱི་རྫོགས་རིམ་མང་པོ་ལ་ཡན་ལག་དྲུག་གི་སྲོག་རྩོལ་སྦྱོར་དགོས་པ་མི་ཤེས་པ་དང༌། རྩ་འཁོར་གསལ་བཏབ་ནས་ཡི་གེ་སོགས་བཀོད་ནས་སྒོམ་པའི་གནད་ཀྱང་མི་ཤེས་ན། གསང་འདུས་ལུགས་གཉིས་དང༌། དྲིལ་བུ་པའི་རིམ་ལྔ་སོགས་རྩ་འཁོར་གསལ་མ་བཏབ་པར་དེའི་གནས་སུ་ཐིག་ལེ་དང་ཡི་གེ་སོགས་བཀོད་ནས་སྒོམ་པ་རྣམས་ཀྱི་གནད་ཤེས་པར་མི་འགྱུར་བས། གདམས་ངག་གི་མཐར་ཐུག་པ་རྣམས་ལ་ངེས་པ་ཆེན་པོ་མི་སྐྱེ་བར་སྣང་ལ། ཚུལ་འདི་ཤེས་ན་ནི་དེ་དག་ཐམས་ཅད་ཀྱི་མན་ངག་གི་གནད་ལ་ངོ་མཚར་བའི་ངེས་པ་འདྲེན་པར་སྣང་ངོ༌། །ལུགས་འདིའི་རྫོགས་རིམ་པའི་ལུས་དབེན་སྒོམ་ཚུལ་ཇི་བཞིན་དུ་མ་ཤེས་པ་ཡང༌། ཐིག་ལེ་ཕྲ་མོ་སྒོམ་པ་རླུང་གཉིས་སྡུད་པའི་སྲོག་རྩོལ་དུ་འགྲོ་བ་དང༌། དེས་བདེ་བ་ཆེན་པོ་འདྲེན་ཚུལ་མ་ཤེས་པ་འདིའི་སྐྱོན་ཡིན་ནོ། །བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་ན་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་གསང་གནས་ཀྱི་རྩེའི་བར་དུ་འབེབས་ནུས་ཤིང༌། དེ་ཡང་དམིགས་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next