Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
   
   
   
   
   
   
   
   


 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JLD007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། ཞེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནམ་མཁའ་ལྟ་བུ་སངས་རྒྱས་རྣམས་ཀྱིས་མ་བྱས་པ་དེ་དང༌། རྟོག་པ་སྟེ་ཤེས་པ་གཉིས་རོ་གཅིག་ཏུ་སོང་བ་དབྱེར་མེད་པའི་འོད་གསལ་གྱི་བྱང་ཆུབ་ཀྱི་སེམས་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དམ་སྔགས་ཀྱི་དོན་དམ་པར་བསྟན་ནོ། །དེ་ལྟར་ན་སྔགས་བཏུ་བའམ། བརྗོད་པའི་སྔགས་དང༌། སྔགས་ཀྱི་བརྡ་གཉིས་ཀྱིས་རྡོར་བཟླས་བྱེད་ཚུལ་བསྟན་ལ། དེ་བྱས་པས་བདེན་པ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། སྔགས་ཀྱི་དོན་ནམ། སྔགས་ཀྱི་དམིགས་པ་དང༌། སྔགས་ཀྱི་དོན་དམ་པ་གཉིས་ཀྱིས་བསྟན་པ་འདི་བཤད་རྒྱུད་ཀྱི་དོན་དུ་ཟུངས་ཤིག །ལྔ་པ་ནི། རིམ་ལྔར་སྔགས་ཀྱི་དེ་ཁོ་ན་ཉིད་ནི་རྩ་རྒྱུད་ལེའུ་བཅུ་པ་ལས། སྔགས་ཐམས་ཅད་བསྡུས་པ་འབྲུ་གསུམ་དུ་གསུངས་པ་དེས་བསྟན་པ་དང༌། དེ་ཉིད་དགོངས་པ་ལུང་སྟོན་གྱི་ལེའུ་གཉིས་པ་ལས། བརྗོད་པའི་སྔགས་གསུངས་པའི་གཞུང་རྣམས་ཀྱིས་འཆད་པར་མཛད་ནས། གཞུང་དེ་རྣམས་དྲངས་ལ། སྤྱོད་བསྡུས་ལས་ཀྱང༌། ཡི་གེ་གསུམ་ཡི་གེ་གཞན་གྱིས་སྐྱེད་ཚུལ་གཞུང་དེ་དག་གིས་སྟོན་པར་མཛད་ནས་དེ་རྣམས་དྲངས་སོ། །དྲངས་པའི་གཞུང་ལས་ཡི་གེ་གསུམ་གྱིས་སྔགས་བཏུ་བ་བསྟན་པའི་འོག་ཏུ། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། ཞེས་སོགས་གསུངས་པ་ལ། སྤྱོད་བསྡུས་ལས། ཐུང་ངུ་མ་ལུས་ངག་ཏུ་འགྱུར། ཞེས་པའི་དོན་བཤད་པ་མ་གཏོགས་པ་གཞུང་གཞན་རྣམས་ལ་དངོས་སུ་བཤད་པ་


JLD007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཛད་དོ། །དེའི་རྒྱུ་མཚན་ནི། སྔགས་ཀྱི་དེ་ཉིད་ཤེས་པ་ལ་ཨ་ཐུང་ངག་མ་ལུས་པའི་རྩ་བར་གསུངས་པའི་དྲང་ངེས་ཀྱི་ཁྱད་པར་ལེགས་པར་ཤེས་པ་མེད་མི་རུང་ཡིན་པ་དང༌། དེ་ཤེས་ན་གཞུང་གཞན་རྣམས་ཀྱི་ངེས་དོན་རྟོགས་པར་སླ་བ་ལ་དགོངས་སོ། །དེས་ན་སྤྱོད་བསྡུས་ལས། ཨ་ཐུང་ཚིག་མ་ལུས་པ་ལ་འཇུག་པའི་རྒྱུར་འགྱུར་ཚུལ་དྲིས་པའི་ལན་དུ། འདི་ན་གསུང་རབ་འཆད་པ་དག་ནི་བྱཱ་ཀ་ར་ཎའི་ཚིག་སྔོན་དུ་བྱས་ནས། སྒྲ་ཡི་དོན་འབའ་ཞིག་གི་རྗེས་སུ་འབྲང་གི །ཡང་ཡི་གེས་བརྗོད་པ་གང་དུ། གང་གི་ཕྱིར། ཇི་ལྟར་རབ་ཏུ་འཇུག་པ་ཤེས་པ་ནི་མ་ཡིན་ནོ། །ཡི་གེའི་དེ་ཁོ་ན་ཉིད་ཇི་ལྟ་བ་ཉིད་ནི་མི་ཤེས་ཏེ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །བསྟན་པའི་རིམ་གྱིས་དེ་ཁོང་དུ་ཆུད་པར་བྱ་ཡིས་ཉོན་ཅིག །ཅེས་གསུངས་པའི་དོན་ལེགས་པར་གཏན་ལ་དབབ་དགོས་སོ། །དེ་ལ་གསུང་རབ་འཆད་པ་ནི། བཤད་རྒྱུད་ལ་བརྟེན་ནས་ཨ་ཐུང་ངག་མ་ལུས་པ་ལ་འཇུག་པའི་རྒྱུར་འགྱུར་བའི་ངེས་དོན་སྔགས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པའི་རང་སྡེ་གསུང་རབ་ཀྱི་དོན་འཆད་པ་ཀུན་ཡིན་ཏེ། སྤྱོད་བསྡུས་ལས། སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ། གང་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་ལས་སྔགས་ཙམ་གསུངས་ཀྱི། སྔགས་བཏུ་བ་ནི་མ་བསྟན་ནོ། །བཤད་པའི་རྒྱུད་ལས་ནི་སྔགས་བཏུ་བ་དང་སྔགས་ཀྱི་བརྡ་དང༌། སྔགས་ཀྱི་དོན་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་བདེན་པ་ཁོ་ནར་གསུངས་སོ། །


JLD007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་བཤད་པའི་རྒྱུད་མ་རྟོགས་ཤིང༌། ཕྱི་རོལ་གྱི་གསང་སྔགས་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཤེས་པར་མི་འགྱུར་ཏེ། ཞེས་གསུངས་སོ། །བྱཱ་ཀ་ར་ཎ་ནས། རྗེས་སུ་འབྲང་གིའི་བར་གྱི་དོན་ནི། སྒྲ་པའི་ལུགས་ཀྱིས་ངག་ཚིག་གི་དོན་སྒྲའི་སྟོབས་ཀྱིས་ཇི་ཙམ་ཞིག་ལ་འཇུག་པར་འཆད་པའི་ཚིག་དོན་ངེས་པར་བྱས་ནས་སྒྲའི་བརྗོད་བྱའི་དོན་དེ་ཙམ་ཞིག་ཤེས་པའི་དོན་ནོ། །ཡི་གེས་བརྗོད་པ་ནི་རྒྱུད་ལས། ཐུང་ངུ་མ་ལུས་ངག་ཏུ་འགྱུར། ཞེས་པའི་སྒྲའི་ཐོབ་ཚོད་ཀྱི་དོན་ཙམ་ལས་གཞན་དུ་གྱུར་པའི་ངེས་དོན་ནོ། །དེ་ཡང་གང་དུ་འཇུག་པ་དང༌། གང་གི་ཕྱིར་འཇུག་པ་དང༌། ཇི་ལྟར་འཇུག་པའི་དོན་ནོ། །འདི་ལ་བོད་ཀྱི་བླ་མ་རྣམས་ཀྱིས་ངག་ཚིག་རྣམས་གང་དུ་འཇུག་ན་རང་གི་བརྗོད་བྱའི་དོན་ལ་འཇུག །གང་གི་ཕྱིར་ཏེ་རྒྱུ་མཚན་གང་གིས་འཇུག་ན་ཨ་ཐུང་རྒྱུར་གྱུར་པའི་སྒོ་ནས་འཇུག །ཇི་ལྟར་འཇུག་ན་ཡི་གེ་དུ་མ་འདུས་པ་ལས་མིང་དང༌། དེ་འདུས་པ་ལས་ཚིག་དང༌། དེ་འདུས་པ་ལས་ངག་དང༌། དེ་འདུས་པ་ལས་བསྟན་བཅོས་ཀྱི་བར་དུ་འགྲུབ་པ་ལ་འཆད་པ་ནི་དོན་མིན་ཏེ། དེ་ལྟ་ན་སྒྲའི་གཞུང་ལ་བརྟེན་ནས་གསུང་རབ་འཆད་པས་མི་ཤེས་པར་གསུངས་པ་ཤིན་ཏུ་མི་རིགས་པར་འགྱུར་རོ། །འོ་ན་གང་ཞེ་ན། འདིར་འཇུག་པ་པོ་ནི། ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་གྱི་ངག་ཏུ་གསུངས་པའི་མཚོན་དོན་རླུང་དབྱངས་གསལ་གྱི་རྣམ་པར་སྣང་བའོ། །གང་དུ་འཇུག་ན། སྙིང་ཁའི་མི་ཤིགས་པར་འཇུག་སྟེ། སྔར་སྤྱོད་བསྡུས་དྲངས་ནས་བཤད་ཟིན་ནོ། །གང་གི་ཕྱིར་འཇུག་ན། མི་ཤིགས་པ་


JLD007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ནས་དངོས་པོ་མེད་པར་འགྱུར་རོ། ཞེས་སྤྱོད་བསྡུས་ལས་གསུངས་པས། དངོས་པོ་མེད་པ་འོད་གསལ་མངོན་དུ་བྱ་བའི་ཕྱིར་དུའོ། །ཇི་ལྟར་འཇུག་ན། ས་ཆུ་ལ་ཐིམ་པ་སོགས་ཀྱི་ཐིམ་རིམ་གྱི་ཚུལ་གྱིས་སོ། །དེ་འདྲ་བའི་ཚུལ་གསུམ་གྱི་ཡི་གེ་ཨ་ཐུང་གི་དེ་ཁོ་ན་ཉིད་ནི། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་གདུལ་བྱ་འོག་མ་རྣམས་ལ་གསང་བའི་དོན་ཡིན་པས། དེ་རྣམས་ཀྱིས་མི་ཤེས་སོ། །སྤྱོད་བསྡུས་ཀྱི་འགྲེལ་པར་ཡི་གེའི་དོན་ལ་ཐོས་པ་ལ་སོགས་པས་འཇུག་པའི་སྐབས་སུ། མཛུབ་མོས་ཟླ་བ་བསྟན་པ་ལྟར་དམ་པ་མིན་པ་རྣམས་ཀྱིས་མི་ཤེས་ཞེས་འཆད་པ་ནི་དོན་དུ་མ་མཐོང་ངོ༌། །བསྟན་པའི་རིམ་གྱིས་ཁོང་དུ་ཆུད་པར་བྱེད་ཚུལ་ལ། མ་ལུས་ངག་ཅེས་པ་ནི་དབྱངས་བཅུ་དྲུག་དང་གསལ་བྱེད་སོ་གསུམ་གྱི་ཡི་གེ་ཞེ་དགུ་པོ་མ་ལུས་པ་ཐམས་ཅད་དོ། །དེ་རྣམས་རིམ་གྱིས་འདུས་པ་ལས་མདོ་སྡེ་དང་རྒྱུད་སྡེ་ལ་སོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་བྱུང་ནས་དངོས་གྲུབ་ཐམས་ཅད་རྫོགས་པར་བྱེད་དོ། །དེ་རྣམས་ཀྱི་ངག་ཚིག་ལ་སོགས་པར་གཏོགས་པའི་ཡི་གེའི་བྱེ་བྲག་རྣམས་ཀྱི་དོན་ཤེས་པ་ནི་ཨ་ཐུང་སྲོག་ཏུ་ཡོད་པའི་དབང་གིས་ཡིན་ཏེ། ཨ་ཐུང་དང་མི་ལྡན་པའི་ཀ་ལ་སོགས་པའི་ཡི་གེ་ནི་ཡོད་པ་མིན་པའི་ཕྱིར་ཏེ། མཐའ་ཅན་ཡིན་པའི་ཕྱིར་ཚིག་ཏུ་མི་འགྱུར་རོ་ཞེས་བཤད་པ་ནི། ཐུང་ངུ་མ་ལུས་ངག་ཏུ་འགྱུར། ཞེས་གསུངས་པའི་སྒྲས་ཟིན་དྲང་དོན་གྱི་བཤད་པའོ། །དེ་ནས། ཇི་སྐད་དུ་མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །


JLD007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ། ཞེས་དྲངས་པ་ནི། སྔར་ཨ་ཐུང་ཡི་གེ་གཞན་ཀུན་དང་ལྡན་དགོས་པར་བསྟན་པའི་ཤེས་བྱེད་དུ་དྲངས་པ་མིན་ཏེ། ཞེས་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་བསམ་གཏན་མ་ལུས་པའི་སྒོའི་ས་བོན་གྱི་ཚིག །ཨ་ནི་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའ། ཞེས་གསུངས་པ་དང༌། ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པར་ཡང་གསུངས་ཏེ། རྡོ་རྗེ་དཀྱིལ་འཁོར་རྒྱན་ཞེས་བྱ་བའི་རྒྱུད་ལས་ཀྱང༌། ཨ་གསལ་བར་བསྟན་པའི་ཕྱིར། སྙིང་གི་དབུས་ན་མི་ཤིགས་པ། ཞེས་སོགས་སྔར་དྲངས་པ་ལྟར་དྲངས་པའི་མཐར། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་དང༌། ཨ་རྒྱུར་གྱུར་པ་དང༌། ཨ་ལས་ངེས་པར་འབྱུང་བ་སྟེ། ཞེས་ལུང་གསུམ་ལས་གསུངས་པ་རྒྱུ་མཚན་དུ་བྱས་ནས། སངས་རྒྱས་རྣམས་ཨ་ལས་འབྱུང་བར་བསྒྲུབས་ཀྱི། ངག་ཀུན་ལ་ཨ་ཐུང་ཡོད་པར་མ་བསྒྲུབས་པའི་ཕྱིར་རོ། །དེའི་མཇུག་ཏུ་སྤྱོད་བསྡུས་ལས། ལང་གཤེགས་ལས། དོན་ལ་བརྟན་པར་བྱའི་ཡི་གེ་ལ་བརྟན་པར་མི་བྱ་བ་དང༌། ཡི་གེའི་ཕྱིར་འབྲང་བས་ནི་རང་ཡང་དོན་དམ་ལས་ཉམས་པར་བྱེད་ཅིང༌། གཞན་ཡང་ཁོང་དུ་ཆུད་པར་མི་བྱེད་པ་དང༌། གཅིག་གིས་གཅིག་ལ་སོར་མོའི་རྩེ་མོས་དོན་ཅིག་བསྟན་ན། དེས་སོར་མོའི་རྩེ་མོ་ཉིད་ཀྱི་ཕྱིར་འབྲང་ཞིང་ལྟ་བ་དེ་བཞིན་དུ། བྱིས་པས་ཀྱང་སྒྲ་ཇི་བཞིན་པའི་དོན་ལ་ཆགས་ནས་དོན་དམ་པ་ཚོལ་བར་མི་བྱེད་དོ། །དེས་ན་


JLD007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འདོད་པས་དེ་བསྟེན་པར་མི་བྱ་ཞིང༌། སྒྲ་ཇི་བཞིན་པ་ལ་ཞེན་པ་དོར་ནས་དོན་བཙལ་བར་བྱའོ་ཞེས་གསུངས་པ་ཁུངས་སུ་དྲངས་ཏེ། ཨ་ཐུང་ཚིག་ཐམས་ཅད་ལ་འཇུག་པར་བསྟན་པའི་སྒྲས་ཟིན་གྱི་དོན་དེ་ཙམ་དུ་འཛིན་ན། དེས་མཚོན་པའི་དོན་གཞན་མི་རྙེད་པས། སོར་མོའི་རྩེ་མོ་ཁོ་ན་ལ་ལྟ་བ་ན་དེས་མཚོན་པའི་དོན་མི་མཐོང་བ་དང་འདྲ་བས། དེའི་སྒྲས་ཟིན་གྱི་དོན་ལས་དོན་གཞན་བཙལ་དགོས་པའི་དོན་ནོ། །འོ་ན་དོན་དེ་གང་ཡིན་ཞེ་ན། འདི་ལ་བོད་ཀྱི་བླ་མ་རྣམས། ངག་གི་སྒྲ་ཐམས་ཅད་དབྱངས་གསལ་ལས་བྱུང་ཞིང༌། དེ་ཐམས་ཅད་ཨ་ཐུང་ལས་བྱུང་བ་དང༌། ཨ་ཐུང་ལུས་ཀྱི་ཁོང་སྟོང་འོད་གསལ་ལས་བྱུང་བའི་ཕྱིར། སྒྲ་ཐམས་ཅད་ནམ་མཁའ་དང་མཉམ་ཞིང༌། སྟོང་ཉིད་ཀྱི་རྩ་བ་ཅན་ཡིན་པས་ན། སྒྲ་དེས་བརྗོད་པའི་དོད་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱང༌། ནམ་མཁའ་དང་འདྲ་བ་རང་བཞིན་མེད་པར་ཤེས་པར་བྱ་བ་ནི་སྒྲའི་དེ་ཁོ་ན་ཉིད་དུ་འཆད་དོ། །རང་གི་ལུགས་ནི། རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་ལུང་དྲངས་པས། སྙིང་གི་དབུས་ན་མར་མེ་ལྟར་འབར་བའི་མི་ཤིགས་པ་ཨའི་དོན་དུ་གསུངས་ལ། དེ་དང་མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཏུ་བཤད་པ་དང༌། རྒྱུད་གཞན་ལས་ཨ་ཆོས་ཐམས་ཅད་ཀྱི་སྒོར་གསུངས་པ་རྣམས་སྐབས་འདིར་དོན་གཅིག་ཏུ་བཤད་དགོས་ཤིང༌། དེ་ཡང་སྤྱོད་བསྡུས་སུ་འཆི་བའི་མཐར་རླུང་རྣམས་ཐིམ་པའི་གཞི་མི་ཤིགས་པ་ཡིན་པར་གསུངས་པ་དེའོ། །ཨ་ཐུང་གི་ངེས་དོན་དེ་ལྟར་བཤད་པ་ན། དེ་དབྱངས་གསལ་གྱི་ཡི་གེ་མ་ལུས་པ་འཇུག་པའི་རྒྱུར་གསུངས་པའི་


JLD007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གསལ་གྱི་ཡི་གེའི་ངེས་དོན་ཀྱང༌། མི་ཤིགས་པའི་རླུང་ཕྲ་བ་ལ་བརྟེན་ནས་བྱུང་བའི་རླུང་རྣམས་ལུས་ཀྱི་ནང་གི་གནས་རྣམས་སུ་ཕྱིན་པ་ན། དབྱངས་གསལ་གྱི་གདངས་ཀྱི་རྣམ་པ་ཅན་དུ་འབྱུང་བར་བཤད་པའི་དབྱངས་གསལ་ལ་བྱ་ཡི། ལྕེ་རྐན་གྱི་རྩོལ་བ་ལས་བྱུང་བའི་དབྱངས་གསལ་ལ་མིན་ནོ། །སཾ་བྷུ་ཊ་ལས། ལྟེ་བའི་རྩ་འདབ་བརྒྱད་ཀྱི་དབུས་སུ་ཡིག་འབྲུའི་མཆོག་ཨ་ཡིག་གནས་པ་དང༌། ལུས་ཅན་རྣམས་ཀྱི་སྔགས་ཀུན་དེ་ཉིད་ལས་སྐྱེ་བར་གསུངས་པའི་ཨ་ཐུང་ནི། གཏུམ་མོ་རྡུལ་གྱི་རི་མོའི་ནཱ་ད་ཡིན་ལ། འདིར་ནི་རྡོ་རྗེ་འཕྲེང་བ་ལས། རླུང་བརྒྱ་རྩ་བརྒྱད་གསུངས་པ་རྣམས་གནས་གང་ལས་ལྡང་བ་དང༌མཆེད་པར་བགྱིད་པ་ལགས། ཞེས་ཞུས་པའི་ལན་དུ། རླུང་གི་གནས་ཀྱི་མཚན་ཉིད་ནི། །འཁོར་ལོ་དྲུག་ལ་ཁྱབ་པའི་རླུང༌། །ཆོས་ཀྱི་འཁོར་ལོར་རྟག་ཏུ་གནས། །སྲོག་ཅེས་བྱ་བས་འགྲོ་ལ་ཁྱབ། །རྣམ་རྟོག་མེད་པ་མཚན་ཕྱེད་ན། །ནམ་མཁའ་མཆོག་ལས་ཤར་ནས་ནི། །རླུང་གི་རང་བཞིན་འབྱེད་པར་བྱེད། ཅེས་སྤྱིར་རླུང་གི་གནས་འཁོར་ལོ་དྲུག་ཀ་ཡིན་པ་དང༌། ཁྱད་པར་དུ་སྙིང་ཁའི་ཁོང་སྟོང་གི་ནམ་མཁའ་ལས་སྲོག་རླུང་ཤར་བ་དེས། རླུང་ཐམས་ཅད་འབྱེད་པ་སྟེ་གཡོ་བར་བྱས་ནས་ལྡང་བ་དང༌། རླུང་དེས་འགྲོ་བ་རྣམས་ཀྱི་རླུང་ཀུན་ལ་ཁྱབ་པར་གསུངས་པ་དང༌། དང་པོར་ཆགས་པ་ན་སྙིང་ཁ་ནས་སྲོག་རླུང་འཆགས་ཤིང༌། མཐར་སྡུད་པ་ན་དེར་སྡུད་པར་གསུངས་པས། སྔར་མི་ཤིགས་པའི་ཨ་ཐུང་ལས་སྔགས་ཀུན་སྐྱེ་བར་བཤད་པ་


JLD007_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྙིང་ཁ་ན་གནས་པའི་སྲོག་གི་རླུང་དང༌། བྱང་སེམས་ཀྱི་མི་ཤིགས་པའི་ཨ་ཐུང་ངོ༌། །མན་སྙེ་ལས། ལྟེ་བར་ཡི་གེ་སྡེ་ཚན་བརྒྱད་གནས་པར་གསུངས་པ་ལ། མི་གསལ་བའི་ངོ་བོས་གནས་པ་དང༌། བརྗོད་པའི་དུས་སུ་བྷ་གའི་པདྨར་རླུང་གི་སྐྱེ་གནས་ཅན་རྣམས་མི་གསལ་བར་སྐྱེ་ལ། རྐན་ལ་སོགས་པའི་བྱེད་པ་རྣམས་ལས་གསལ་བར་སྐྱེ་བར་བཤད་དོ། །སྙིང་ཁའི་ཨ་ཐུང་ནི་འོད་གསལ་འཆར་བའི་གཞི་མཆོག་ཡིན་པས། ཡིག་འབྲུ་ཀུན་གྱི་མཆོག་དང༌། དེའི་ཕྱིར་དོན་ཆེན་པོ་དང༌ཡི་གེ་དམ་པའོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད་ལ། ཆག་འགྱུར་དུ། སྲོག་ཆེན་པོ་ནི་ཡི་གེ་མེད། །ཅེས་འབྱུང་སྟེ། སྲོག་ནི་སྲོག་རླུང་དང༌། ཆེན་པོ་ནི་མཆོག་གི་དོན་ནོ། །ཡི་གེ་མེད་པ་ནི་མི་ཤིགས་པ་ཡིག་འབྲུའི་གཟུགས་སུ་མེད་པའོ། །ཚིག་ཏུ་བརྗོད་པ་སྤངས་པ་ནི། བརྗོད་པའི་ངོ་བོར་མེད་པའོ། །བརྗོད་པའི་རྒྱུ་ནི། སྤྱིར་རླུང་ཀུན་ཡིན་ཀྱང་མི་ཤིགས་པ་ནི་གཙོ་བོའི་རྒྱུའོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད་པ་ཡང་དེ་ལས་འོངས་པའི་རླུང་གིས་མགྲིན་པར་ཕྱིན་པ་ན་སྒྲ་གསལ་བའི་ཚིག་རྣམས་སྐྱེ་བའོ། །ཆོས་ཐམས་ཅད་ཀྱི་སྒོ་ནི་བསམ་གཏན་མ་ལུས་པའི་སྒོ་སྟེ། བདེ་སྟོང་གི་འོད་གསལ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །མི་ཤིགས་པའི་ཨ་ལ་ཏིང་ངེ་འཛིན་གྱིས་རླུང་སྡུད་ནུས་ན་རང་བཞིན་གྱིས་སྐྱེ་བ་མེད་པའི་སྟོང་ཉིད་བདེ་ཆེན་གྱིས་ངེས་པའི་འོད་གསལ་འཆར་བས། གདོད་མ་ནས་མ་སྐྱེས་པའི་ཕྱིར་ཞེས་གསུངས་ཀྱི། རང་བཞིན་


JLD007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྐྱེ་བ་མེད་པའི་སྟོང་ཉིད་ཙམ་ལ་མི་བྱའོ། །དེ་ལྟར་ན་སྔར་བཤད་པ་ལྟར་གང་དུ་འཇུག་པ་སོགས་གསུམ་ཨ་ཐུང་གི་དོན་ཡིན་པ་དེ་ཉིད། འཚང་རྒྱ་བའི་ལམ་གྱི་གནད་མཐར་ཐུག་པ་ཡིན་པས། སངས་རྒྱས་ཐམས་ཅད་ཨ་ལས་འབྱུང་བར་གསུངས་སོ། །མདོར་བསྡུ་ན་སྙིང་ཁའི་མི་ཤིགས་པ་ནི་ནང་གི་དབྱངས་གསལ་གྱི་རྣམ་པ་ཅན་གྱི་རླུང་ཐམས་ཅད་ཀྱི་རྩ་བར་ཤེས་ནས། རླུང་རྣམས་དེར་བསྡུས་པ་ལས་འོད་གསལ་མངོན་དུ་འགྱུར་བར་རྟོགས་པ་ནི་རྡོར་བཟླས་ཀྱི་སྔགས་ཀྱི་དེ་ཉིད་ཤེས་པའི་ཚུལ་ཐུན་མོང་མ་ཡིན་པ་ཡིན་ལ། ཐུང་ངུ་མ་ལུས་ངག་ཏུ་འགྱུར། ཞེས་གསུངས་པའི་སྒྲས་ཟིན་གྱི་དོན་གྱིས་དོན་གཞན་མཚོན་པའི་ངེས་པའི་དོན་རྙེད་པ་ཡིན་ནོ་ཞེས་པའི་དོན་ནོ། །དེས་ན་སོར་མོའི་རྩེ་མོས་བསྟན་པ་ན་དེས་མཚོན་དོན་ལ་ལྟ་དགོས་ཀྱི། མཚོན་བྱེད་ཉིད་ལ་ལྟ་བ་བཞིན་དུ་མ་སོང་བ་ཅིག་དགོས་ཞེས་གསུངས་པའི་དོན་འཆད་བཞིན་དུ། ད་དུང་ཡང་དེ་བཞིན་དུ་སོང་བ་མང་བར་སྣང་བས། ཞིབ་པའི་རྣམ་དཔྱོད་ཡངས་པས་ཚིམ་མ་སླ་བར་རིང་དུ་རྟོགས་ཤིག །ལྔ་པ་ནི། ངག་དབེན་སྦྱོར་དྲུག་གི་སྲོག་རྩོལ་གྱི་ཡན་ལག་ཏུ་འགྲོ་ཚུལ་སྟོན་པ་ལ། ཡན་ལག་དེ་རྒྱུད་ཕྱི་མ་ལས་གསུངས་ཚུལ་ནི། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་ཁའི་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་སོ། །འདིའི་དོན་


JLD007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་གསལ་གྱིས་བཤད་པ་ནི། རྐང་པ་དང་པོ་བཞིས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་དང༌། རྐང་པ་དང་པོ་གཉིས་དང༌། རིན་ཆེན་ཞེས་པ་ནས། རང་སྔགས་ཞེས་པའི་བར་གྱིས་སྟེང་གི་སྣ་སྒོར་རྡོར་བཟླས་བྱེད་པའི་འོད་ཀྱི་ཐིག་ལེ་སྒོམ་པ་དང༌། སྙིང་ཁར་ཞེས་པ་མན་ཆད་རྐང་པ་ཕྱེད་དང་གཉིས་ཀྱིས་སྙིང་ཁའི་སྣ་རྩེར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དགོས་པ་དང་བཅས་པ་བསྟན་ཏེ། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་སྒོམ་པའི་སྲོག་རྩོལ་གསུམ་སྒོམ་པའོ། །དེ་ལ་ཡེ་ཤེས་ལྔའི་དབུགས་ནི་ཁྱབ་བྱེད་ཀྱི་རླུང་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པ་ནས། སྲོག་འཛིན་གྱི་རླུང་ཆོས་དབྱིངས་ཡེ་ཤེས་ཡིན་པའི་བར་རོ། །འབྱུང་བ་ལྔ་ནི། ས་ནས་ནམ་མཁའི་བར་ཏེ། ཐུར་སེལ་སའི་ངོ་བོ་ཉིད་ཡིན་པ་སོགས་སོ། །ས་ལ་སོགས་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ལྔའི་དབུགས་དེ་ཉིད། རང་གི་རྡོ་རྗེའི་བུ་ག་ནས་བྱུང་ནས། རིག་མའི་པདྨའི་སྣའི་རྩེ་མོར་བྱང་ཆུབ་ཀྱི་སེམས་གོང་བུའི་གཟུགས་ཏེ་ཐིག་ལེའི་གཟུགས་ཀྱིས་བསྒོམ་པར་བྱའོ། །རླུང་རྣམས་ཐིག་ལེའི་ངོ་བོར་འགྱུར་ཚུལ་ནི། ལེའུ་དྲུག་པའི་སྒྲོན་གསལ་ལས། ཐབས་ཤེས་སྙོམས་པར་འཇུག་པའི་དུས་སུ། སྟེང་ན་གནས་པའི་སྲོག་རྩོལ་གྱི་རླུང་སྙོམས་འཇུག་གི་དགའ་བས་དྲངས་པས་ཆགས་པའི་མེས་ཞུ་ནས་ཐིག་ལེར་འགྱུར་བར་བཤད་དོ། །ལེའུ་དྲུག་པའི་སྒྲོན་གསལ་དུ་རྒྱུད་ཕྱི་མ་དྲངས་པའི་འགྱུར་ཐམས་ཅད་དང༌། བཅུ་གཉིས་པའི་འགྲེལ་པར་དྲངས་པའི་འགྱུར་གསར་གཉིས་དང༌། ཆག་གིས་བསྒྱུར་བའི་རིམ་ལྔ་དང་སྤྱོད་བསྡུས་ལས། པདྨའི་སྣ་རྩེར་ཞེས་འབྱུང་ལ། ལེའུ་བཅུ་གཉིས་པའི་འགྲེལ་པའི་འགྱུར་རྙིང་


JLD007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དག་པ་དང༌། རྒྱུད་ཕྱི་མ་དང་རིམ་ལྔ་དང་སྤྱོད་བསྡུས་ལོ་ཆེན་གྱིས་བསྒྱུར་བ་ལ་པདྨ་ཞེས་པ་མེད་པས། རྒྱ་གར་གྱི་དཔེ་ལ་ཡོད་མེད་གཉིས་བྱུང་བར་གསལ་ཡང༌། སྤྱོད་བསྡུས་སུ་དཀྱིལ་འཁོར་བཞིའི་རླུང་ལ་ཡི་གེ་གསུམ་གྱི་རྡོར་བཟླས་སྟེང་གི་སྣ་རྩེར་བྱེད་པ། ཡེ་ཤེས་ལྔའི་ཞེས་སོགས་རྐང་པ་དྲུག་གིས་གསལ་བར་བསྟན་པར་གསུངས་པས། པདྨ་མེད་པ་དག་པར་མངོན་ནོ། །ནག་པོ་པས་གདོང་གི་པདྨའི་སྣ་རྩེ་ཞེས་བཤད་ཀྱང་འགྲིག་པ་མ་ཡིན་ནོ། །གདོང་གི་སྣ་རྩེར་ད་ལྟ་རྡོར་བཟླས་བྱེད་པ་ལ་སྦྱོར་ན། སྤྱོད་བསྡུས་སུ་གསུངས་པ་ལྟར་ཁྱབ་བྱེད་དོར་བའི་རླུང་བཞི་དང༌། སྣའི་རྩེ་མོ་ནི་སྟེང་གི་སྣ་སྒོ་དང༌། གོང་བུའི་གཟུགས་ཀྱིས་ཕྱུང་བ་ནི་རེ་རེ་གཙོ་བོར་རྒྱུ་བ་ན། གཞན་གསུམ་དེའི་ནང་དུ་འདུས་པའི་ཚུལ་གྱིས་འབྱུང་བའོ། །བདུད་རྩི་གསང་བ་ལས། རླུང་དེ་རྣམས་འཇུག་གནས་ལྡང་གསུམ་དུ་འགྱུར་བ་ནི་གོང་བུ་དང༌། དེ་ཡང་ཡི་གེ་གསུམ་གྱི་གཟུགས་སུ་གྱུར་ནས་འབྱུང་བར་བཤད་དོ། །སྐལ་ལྡན་གྲགས་པས། པདྨའི་སྣ་རྩེར་སྒོམ་པ་མཚོན་པ་ཙམ་ཡིན་པས། རྡོ་རྗེའི་སྣ་རྩེར་སྒོམ་པ་ཡང་བསྟན་ཟེར་བ་ནི། ཕོ་མོ་སོ་སོས་སྣ་རྩེ་སོ་སོར་སྒོམ་པའི་ལུགས་སོ། །འདིར་ནི་རང་དང་རིག་མའི་སྣ་རྩེ་གཉིས་ཀར་སྒོམ་པ་ཡིན་ཏེ། སྣ་རྩེ་སོ་སོར་སྒོམ་པ་ནི་བསྐྱེད་རིམ་ཕྲ་མོའི་སྐབས་དང༌། ལུས་དབེན་གྱི་སྐབས་སུ་བཤད་ཟིན་པའི་ཕྱིར་རོ། །གཞུང་འདི་རྣམས་ཀྱིས་བསྐྱེད་རིམ་པའི་འོག་སྒོའི་ཐིག་ལེ་ཕྲ་མོ་སྒོམ་པ་བསྟན་པར་ལེའུ་དྲུག་པའི་སྒྲོན་གསལ་


JLD007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་ནི། མཚན་ཉིད་མཚུངས་པའི་སྒོ་ནས་བསྟན་གྱི། དངོས་ཀྱི་དོན་རྫོགས་རིམ་པའི་ཡིན་ནོ། །སྣ་རྩེ་གཉིས་ཀར་སྒོམ་པ་ནི། རྡོ་རྗེ་འཕྲེང་བ་ལས། རྩ་རྣམས་ཀུན་ཏུ་དབབ་པ་དང༌། །བྱང་ཆུབ་སེམས་ནི་བརྟན་བྱས་ལ། །རྡོ་རྗེའི་རྩེ་དང་པདྨའི་རྩེར། །རླུང་ནི་བཟུང་བའི་སྐད་ཅིག་ལ། །རྐན་ལ་ཡི་གེའི་སྦྱོར་བ་དང༌། །ཀྵྨཾ་སྔགས་ཀྱི་སྦྱོར་བ་ཡིས། །རྣལ་འབྱོར་མཆོག་ནི་འཐོབ་པར་བཤད། ཅེས་པས་གསུངས་སོ། །དེའི་དོན་ནི། རྩ་རྣམས་ལས་བབ་པའི་བྱང་སེམས་ཞུ་བ་འཆད་པར་འགྱུར་བའི་ཐབས་ཀྱིས། སྣ་རྩེ་གཉིས་སུ་བརྟན་པར་བྱས་པ་ལས་རྣལ་འབྱོར་མཆོག་འཐོབ་བོ། །བརྟན་པའི་ཐབས་ནི་འགྲེལ་པས་རྐན་ནི་ཆོས་འབྱུང་གི་དབུས་ཀྱི་ཤིན་ཏུ་རིང་བའི་རྩ་དང༌། དེ་ལ་རྡེབས་པའི་སྦྱོར་བ་ནི་ཤིན་ཏུ་དམ་པར་བསྡམས་པ་དང༌། ཀྵྨཾ་ནི་རྡོ་རྗེའི་རྩེ་མོར་སྒོམ་པ་དང༌། རླུང་ནི་བཟུང་བའི་སྐད་ཅིག་ལ། ཞེས་པ་སྲོག་རླུང་གི་དེ་ཉིད་སྒོམ་པའི་རྣལ་འབྱོར་མཆོག་གིས་འཐོབ་པར་བྱེད་པ་ལ་བཤད་དོ། །དེའི་ལྟར་ན། རྐན་ལ་རྡེབས་པའི་སྦྱོར་བ་དང༌། ཞེས་འཐོབ་བོ། །འགྱུར་གཞན་ལས། རླུང་གིས་བཟུང་བ། ཞེས་འབྱུང་བ་ལེགས་ལ། རྐན་ལ་ཡི་གེའི་སྦྱོར་བ་དང༌། །བུ་ཀྵཱིཾ་སྔགས་ཀྱི་སྦྱོར་བ་ཡིས། ཞེས་པ་མི་ལེགས་སོ། །དེ་འདྲ་བའི་རྡོ་རྗེའི་རྩེར་བཟུང་བ་ནི་པདྨའི་སྣ་རྩེར་འཛིན་པ་ཡང་ཡིན་ཏེ། རྩ་གཉིས་ཀྱི་ཕྲད་མཚམས་སུའོ། །རྩ་བའི་རྒྱུད་ལས་ཀྱང༌། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། ཞེས་གསུངས་པས། རྣལ་འབྱོར་པ་ཁྱད་པར་ཆེན་པོ་ཅན་


JLD007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་ལ་སྐབས་འདིར་ཡང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་མི་འགལ་ལོ། །འདིར་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཀྱང་སྒོམ་པ་ཡིན་ནོ། །སྒྲོན་གསལ་ལས་གསུངས་པ་འདི་རིམ་ལྔའི་ཁྲིད་ཡིག་ཏུ་འཁྱེར་ཤེས་ན་རླུང་ངྷཱུ་ཏཱིར་སྡུད་པའི་སྲོག་རྩོལ་མཆོག་ཏུ་སྣང་ངོ༌། །སྒྲོན་གསལ་ལས། དེ་ཉིད་གྱེན་དུ་འགྲོ་བའི་དབུགས་ཁ་དོག་སྣ་ལྔ་པ་སྟེ། ཞེས་བསྒྱུར་བ་ནི། པ་ཚབ་ཀྱིས། དབུགས་དེ་ཉིད། ཅེས་བསྒྱུར་བ་ལེགས་པས། སྔར་ཡེ་ཤེས་དང་འབྱུང་བའི་དབུགས་སུ་བཤད་པའི་རླུང་དེ་ཉིད་སྟོད་དུ་དབང་པོའི་སྒོར་འགྲོ་བ་ནི་ཁ་དོག་སྣ་ལྔ་པ་སྟེ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །དེས་ན་རིན་པོ་ཆེའོ། །སྲོག་ནི་འཚོ་བ་དང༌། རྩོལ་ཞིང་རིང་དུ་སྤྲོས་པ་རྩོལ་བའི་དོན་དུ་འགྱུར་རྙིང་ལས་འབྱུང་བ་ནི། པ་ཚབ་ཀྱིས། གང་གིས་སྲིང་ཞིང་རིང་དུ་མཆེད་པར་བྱེད་པས་ན། དེ་ནི་སྲོག་རྩོལ་ཞེས་བསྒྱུར་བ་བདེ་ལ། དོན་ནི་གང་གིས་སྲོག་སྟེ་ཚེ་རིང་དུ་སྲིང་བར་བྱེད་པའི་རླུང་ལ་སྲོག་རྩོལ་དུ་བརྗོད་པའོ། །རྩོལ་བའི་སྐད་དོད་ཨ་ཡཱ་མ་ཞེས་པ་འབད་པ་དང༌། འགོག་པ་དང༌། མཆུ་རིང་བ་རྣམས་ལ་འཇུག་པ་ལས། འདིར་ནི་ཕྱི་མ་ཡིན་པས། སྲོག་དང་རྩོལ་བ་ཞེས་པ་ནི་འགྱུར་ནོར་བ་སྟེ། ཟླས་དབྱེའི་བསྡུ་བ་ཡིན་ན་གཉིས་ཀྱི་ཚིག་ཏུ་འགྱུར་བའི་ཕྱིར་རོ། ཞེས་བོད་ཀྱི་མཁས་པ་གསུང་ངོ༌། །དུས་འཁོར་གྱི་སྐོར་ནས་བར་པའི་དབང་དུ་མཛད་དེ། སྲོག་འགོག་པ་སྲོག་རྩོལ་གྱི་དོན་དུ་བཤད་དོ། །བོད་སྐད་ཀྱི་རྩོལ་བ་ནི་འགོག་པ་དང་སྲིང་བར་བྱེད་པ་གཉིས་ཀ་ལ་མི་


JLD007_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཀྱང༌། དེའི་སྐད་དོད་ཀྱི་སྟེང་ནས་དེ་གཉིས་སུ་བྱར་ཡོད་ལ། དེ་བཞིན་དུ་བོད་སྐད་ཀྱི་སོར་སྡུད་ཀྱི་སྡུད་པ་ལེན་པ་ལ་འཇུག་པ་ཡོད་ཅིང༌། སོ་སོ་ཡང་ཡང་གི་དོན་ལ་འཇུག་པ་མེད་ཀྱང་སྐད་དོད་ལ་ཡོད་པ་མི་འགལ་ལོ། །སྟེང་གི་སྒོར་འགྲོ་བའི་རླུང་དེ་ཉིད་འཇུག་ལྡང་གནས་གསུམ་གྱི་ངོ་བོ་ཉིད་ཀྱིས། ཉིན་དང་མཚན་དུ་རང་གི་ངང་གིས་ཟློས་པའི་ཕྱིར་རང་སྔགས་སོ། །འདིའི་འགྲེལ་པ་འགྱུར་རྙིང་གཉིས་ལས། ཉིན་དང་མཚན་དུ་ཟློས་པར་འགྱུར་བའི་ཕྱིར་རོ། །རང་སྔགས་སྙིང་ཁར་ཏེ་རང་གི་སྙིང་ཁའི་པདྨ་ལ་བསམས་ནས། ཞེས་འབྱུང་ཡང༌། འགྲེལ་པ་འགྱུར་གསར་གཉིས་ལས། ཟློས་པར་འགྱུར་བའི་ཕྱིར་རང་སྔགས་སོ། ཞེས་འབྱུང་བ་ལེགས་ཏེ། ཕྱིར་ཞེས་པ་རྒྱུ་མཚན་ཡིན་ཞིང༌། གོང་དུ་རླུང་སྲོག་རྩོལ་དུ་བྱས་པའི་རྒྱུ་མཚན་ནི་མིན་ལ། རྒྱུ་མཚན་གཞན་ལའང་སྦྱར་རྒྱུ་མེད་པས་རང་སྔགས་ཀྱི་རྒྱུ་མཚན་དུ་བྱ་དགོས་པའི་ཕྱིར་དང༌། ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས་ཀྱང༌། རང་སྔགས་ནི་འཇུག་པ་ལ་སོགས་པའི་རང་བཞིན་ཅན་གྱི་ཡི་གེ་གསུམ་མོ། ཞེས་གསུངས་པའི་ཕྱིར་རོ། །འདིར་ནཱ་རོ་པའི་རྒྱུད་ཕྱི་མའི་འགྲེལ་པར། སྲོག་དང་རྩོལ་བ་ཞེས་པ་ནི། རང་གི་སྙིང་ཁའི་པདྨ་ལ་ཨ་ཐུང་དུ་བསམས་ཏེ། ཞེས་འབྱུང་བ་ལ། སྲོག་རྩོལ་གྱི་བཤད་པ་དང་རླུང་འཇུག་པ་ལ་སོགས་པ་ཉིན་མཚན་དུ་ཟློས་པ་དང༌། རང་སྔགས་ཞེས་སྒྲོན་གསལ་དུ་འབྱུང་བ་རྣམས་མ་བྱུང་བ་ནི། དཔེ་མ་དག་པའམ། འགྱུར་གྱི་སྐྱོན་ཡིན་ཏེ། ཡན་ལག་དྲུག་གི་སྐབས་གཞན་རྣམས་སྒྲོན་


JLD007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཇི་བཞིན་དུ་སྣང་བའི་ཕྱིར་རོ། །སྙིང་ཁའི་ཨ་ཐུང་བསམ་པར་བཤད་པ་ནི། སྒྲོན་གསལ་གྱི་རྒྱ་དཔེ་ཁ་ཅིག་ལ་ཡོད་པའམ། ཡང་ན་འགྲེལ་པའི་དགོངས་པ་བསྐངས་པ་སྟེ། སྒྲོན་གསལ་ལས། ཐིག་ལེ་མི་ཤིགས་པ་ལ་བཤད་ཅིང༌། སྤྱོད་བསྡུས་སུ་དྲངས་པའི་ལུང་གིས་སྙིང་ཁར་མི་ཤིགས་པའི་ཨ་ཐུང་བཤད་པ་དང་མཐུན་པས་ལེགས་པ་ཡིན་ནོ། །སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་པ་ལ་སྒྲོན་གསལ་ལས། མི་ཤིགས་པར་གཏོགས་པར་དགོད། ཅེས་པ་ཙམ་ལས་མ་བྱུང་ལ། དེའི་དོན་ནི། ཐིག་ལེ་ནི་སྙིང་ཁར་བསམ་རྒྱུའི་མི་ཤིགས་པའོ། །སྲོག་ནི་རླུང་རྣམས་སོ། །གྱུར་པར་བཞག་པ་ནི་མི་ཤིགས་པའི་ཁོངས་སུ་གཏོགས་པར་དགོད་པ་སྟེ། རླུང་རྣམས་མི་ཤིགས་པ་ལ་སྡུད་པའོ། །འདི་ནི་སྲོག་རྩོལ་གསུམ་བསྒོམས་པས་ཅི་ཞིག་བྱེད་པའི་བྱེད་ལས་སོ། །འདིར་བདུད་རྩི་གསང་བ་ལས། རང་སྔགས་ནི་ཡི་གེ་གསུམ་དང༌། སྙིང་ཁར་བསམ་པ་ནི་དེ་གསུམ་རླུང་ལྡང་འཇུག་གནས་གསུམ་ལ་ཐིམ་པ་དང༌། དེ་གསུམ་ཡང་སྲོག་རླུང་ལ་ཐིམ་པར་བསྒོམ་པའོ། །སྲོག་རླུང་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་སྒོམ་པ་ནི། སྲོག་ནི་ཐིག་ལེར་གྱུར་པར་བཞག་པའི་དོན་དུ་བཤད་པ་དང༌། ཐུབ་པ་དཔལ་གྱིས། རང་སྔགས་སྙིང་ཁར་སྒོམ་པ་དེར་ཧཱུཾ་ཡིག་བསམས་ནས། ཧཱུཾ་ལས་བྱུང་བའི་ནཱ་ད་མི་ཤིགས་པ་ཞེས་བྱ་བ་ཨ་ཡིག་ཕྲ་མོ་ཐིག་ལེའི་རྣམ་པའོ། །སེམས་ནི་ཐིག་ལེར་གྱུར་པར་དགོད་པ་ནི་སེམས་དེར་གྱུར་པར་བྱས་ནས་བསྒོམ་པར་བྱ་བའི་དོན་ནོ། །


JLD007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དང༌། འགྲེལ་པ་ཟླ་འོད་ལས། སྙིང་ཁར་རང་གི་སྔགས་ཏིང་ངེ་འཛིན་སེམས་དཔའ་བསམས་ལ། དེའི་ཐིག་ལེའི་སྟེང་དུ་ནཱ་དའི་རྣམ་པའི་རང་བཞིན་གྱི་སེམས་ནི་ཡིད་ཀྱི་ངོ་བོར་བསམ་པར་བྱའོ། །ཞེས་པ་དང༌། ལག་སྨིས། སྙིང་ཁའི་པདྨའི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་རང་གི་སྔགས་སྤྲིན་གྱི་སྒྲ་ཧཱུཾ་ཡིག་གི་ཐིག་ལེ་བསམས་ནས། དེར་སྲོག་བཞག་པ་ནི་རླུང་ལ་ཞོན་པའི་རྣམ་ཤེས་གཞག་པར་བྱ་བ་ལ་བཤད་དོ། །དེ་ལ་ལུགས་གཞན་ནས་གཞན་དུ་བཤད་པ་ཡོད་ཅིང༌། ལུགས་འདི་ལའང་སྐབས་འདིར་སྙིང་ཁར་ཧཱུཾ་དང༌། ཨ་ཡིག་སྒོམ་པ་རུང་མོད་ཀྱང༌། རང་སྔགས་ཞེས་འདིར་གསུངས་པའི་དོན་ནི་དེ་རྣམས་མིན་ལ། སྲོག་སེམས་ལ་བྱས་ནས་དེ་ཡི་གེའི་སྟེང་གི་ཐིག་ལེ་ལ་གཏོད་པ། སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་པའི་དོན་མིན་ཏེ། སྐབས་འདིར་སྲོག་རྩོལ་གསུམ་བསྒོམས་པའི་དགོས་པ་ཐུན་མོང་མ་ཡིན་པ་ནི། རླུང་གཞན་རྣམས་སྙིང་ཁའི་མི་ཤིགས་པ་ལ་བསྡུས་ཏེ་ཐིམ་པ་ལས་སྟོང་པ་བཞི་འདྲེན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་སྲོག་རྩོལ་གཞན་གཉིས་པོ་དེ་ལྟར་ཡིན་དུ་ཆུག་ཀྱང༌། འོག་སྒོའི་སྲོག་རྩོལ་སྒོམ་པ་ལ་ནི། བྱང་སེམས་རྟགས་ཀྱི་རྩེར་ཕབ་ནས་འཛིན་པར་སྔར་བཤད་པས་ན། སྙིང་ཁའི་སྡུད་རིམ་ལས་བྱུང་བའི་སྟོང་པ་བཞི་མི་སྐྱེའོ་སྙམ་ན་བདེན་ཏེ། དེ་ནི་སྔོན་དུ་ཐིག་ལེ་གསང་གནས་ཀྱི་རྩེར་བཟུང་བར་ནུས་ནུས་ཀྱི་བར་ཡིན་ལ། དེའི་རྗེས་སུ་ཕྱག་རྒྱ་གཉིས་དང་སྦྱོར་བ་ཡང་སྙིང་ཁར་རླུང་སྡུད་པའི་ཐབས་སུ་འགྱུར་བའི་གདམས་པ་ཐུན་


JLD007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པ་ཡོད་པས་སྐྱོན་མེད་དོ། །རྩ་རྒྱུད་ལས། རིན་ཆེན་ཁ་དོག་སྣ་ལྔ་པ་ཡུངས་ཀར་གྱི་འབྲུ་ཚད་ཙམ་སྣའི་རྩེ་མོར་སྒོམ་པར་གསུངས་པའི་དོན་འཆད་པ་ན། སྣ་རྩེ་གསུམ་དང༌། དེར་སྒོམ་རྒྱུའི་ཐིག་ལེ་གསུམ་རྡོ་རྗེ་འཕྲེང་བ་ལས་གསུངས་ཏེ། སྣ་རྩེ་གསུམ་གྱི་མཚན་ཉིད་ནི། །གསང་བ་སྙིང་ཁ་གདོང་སྣའི་མིང༌། ཞེས་དང༌། རླུང་དང་སྔགས་དང་རྫས་རྣམས་ཀྱི། །ཐིག་ལེ་གསུམ་སྟེ་བླ་ན་མེད། ཅེས་གསུངས་སོ། །གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་ནི་སྔར་དྲངས་པས་བསྟན་ལ། སྙིང་ཁའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་སྒོམ་པ་ནི། སྙིང་ཁའི་པདྨའི་ལྟེ་བ་ལ། །དབུས་སུ་ཧཱུཾ་ནི་བཀོད་ནས་ནི། ཞེས་སོགས་གསུངས་པའི་མཐར། འདི་ནི་སྔགས་ཀྱི་ཐིག་ལེར་བཤད། ཅེས་པ་དང༌། གདོང་གི་སྣ་རྩེར་རླུང་གི་ཐིག་ལེ་སྒོམ་པ་ཡང༌། རླུང་གི་ཐིག་ལེ་རྣལ་འབྱོར་མཆོག །ཁ་དོག་རྣམ་ལྔ་གསལ་བ་ཆེ། །སྣ་རྩེར་སྦྱོར་བའི་རྣལ་འབྱོར་གྱིས། །ཀུན་ནས་ཀྱང་ནི་བསྒོམ་པར་བྱ། །འདི་ལྟ་བུ་ཡི་སྔགས་ཀྱི་མཆོག །རྣལ་འབྱོར་པ་ཡིས་བཟླས་པར་བྱ། ཞེས་པས་བསྟན་ནོ། །ཡང༌། སྔགས་ཀྱི་ཐིག་ལེ་འདི་ཉིད་མཆོག །ཐིག་ལེ་གཉིས་ནི་འོད་དང་རྫས། ཞེས་སྙིང་ཁའི་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་ནི། ཐིག་ལེ་གཞན་གཉིས་ལས་མཆོག་དང༌། རླུང་གི་ཐིག་ལེ་ལ་འོད་ཀྱི་ཐིག་ལེ་ཞེས་ཀྱང་གསུངས་ལ། འོད་ཀྱི་ཐིག་ལེ་སྒོམ་པ་ནི་སྣ་


JLD007_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་རླུང་འགྲོ་འོང་གི་རྡོ་རྗེ་བཟླས་པ་ལ་གསུངས་པས། སྔར་བཤད་པའི་རྒྱུད་ཕྱི་མའི་སྲོག་རྩོལ་དང་སྦྱར་རྒྱུ་ཡིན་གྱི། སྐལ་ལྡན་གྲགས་པ་ལ་སོགས་པས་བཤད་པ་ནི་དོན་མིན་ནོ། །གལ་ཏེ་སྔར་བཤད་པའི་སྲོག་རྩོལ་གསུམ་ནི་གང་ཟག་གཅིག་གིས་སྒོམ་པ་ཡིན་ལ། རྡོ་རྗེ་འཕྲེང་བ་ལས་གསུངས་པ་ནི། རྣལ་འབྱོར་པ་གཅིག་གམ། སོ་སོ་བ་གང་གིས་སྒོམ་ཞུས་པའི་ལན་དུ། འདོད་ཆགས་ཆེ་བས་རྫས་ཐིག་དང༌། ཞེ་སྡང་ཆེ་བས་སྔགས་ཐིག་དང༌། གཏི་མུག་ཆེ་བས་འོད་ཐིག་སྒོམ་པར་གསུངས་པས་མི་མཐུན་ནོ་སྙམ་ན། སྤྱིར། སྐྱེ་བོ་འདོད་ཆགས་ཅན་དོན་དུ། ཞེས་འདུས་པ་དབང་པོ་གཉིས་སྦྱོར་གྱི་ཆགས་ཅན་གྱི་དོན་དུ་གསུངས་པས། གང་ཟག་འདི་གསུམ་གའང་དེ་ལྟར་ཡིན་མོད་ཀྱང༌། དེ་ལ་ཡང་ནང་གི་དབྱེ་བ་གསུམ་ཡོད་ལ། དེ་དག་གཙོ་བོར་ལམ་གང་གིས་འཁྲིད་པ་ལ་གསུམ་གསུངས་ཀྱི། གང་ཟག་གཅིག་གིས་དེ་གསུམ་ག་སྒོམ་དུ་མི་རུང་བར་སྟོན་པ་མིན་ནོ། །ལམ་འདི་གསུམ་ཡང་གདུལ་བྱ་དེ་རྣམས་ཚེ་འདི་ལ་གྲོལ་བའི་དོན་དུ་དང༌། མྱུར་དུ་གྲོལ་བར་གསུངས་སོ། །འདིར་གཏི་མུག་ཅན་ནི་ཆགས་སྡང་ཆ་མཉམ་པ་ཅན་ནོ། །རླུང་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་སྦྱར་བའི་རང་སྔགས་ཟློས་པ་ན། སྙིང་ཁའི་པདྨར་མི་ཤིགས་པའི་ཐིག་ལེ་བསམས་ནས་ཟློ་མོད་ཀྱང༌། དེ་དང་མ་སྦྲེལ་བར་ཡང་སྔགས་ཀྱི་ཐིག་ལེ་སྙིང་ཁར་སྒོམ་པ་དགོས་སོ། །སྲོག་རྩོལ་ནི་ལུགས་འདིར་ཚེ་གནས་པར་བྱེད་པའི་རླུང་ཡིན་ལ། དེ་ཙམ་ནི་སྦྱོར་དྲུག་གི་ཡན་ལག་


JLD007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མིན་པས། སྲོག་རྩོལ་གྱི་རྣལ་འབྱོར་གྱི་ཡན་ལག་ལ་སྲོག་རྩོལ་ཞེས་མིང་བསྡུས་པའོ། །སྙི་ཁ་དང་གསང་གནས་ཀྱི་སྣ་རྩེར་ཐིག་ལེ་གཉིས་སྒོམ་པ་ལ། སྲོག་རྩོལ་རླུང་དངོས་སུ་སྒོམ་པ་མེད་ཀྱང༌། ལས་རླུང་དྷཱུ་ཏཱིར་སྡུད་པའི་ཐབས་ཁྱད་པར་ཅན་ཡིན་པས་སྲོག་རྩོལ་སྒོམ་པར་མི་འགལ་ལོ། །ངག་དབེན་དང་རྡོར་བཟླས་ནི་སྲོག་རྩོལ་གྱི་རྣལ་འབྱོར་གྱི་ཁྱད་པར་གཅིག་གི་སྒོ་ནས་བཏགས་པའི་མིང་ཡིན་པས། ཁྱད་པར་གྱི་མིང་སྤྱི་ལ་བཏགས་པ་ལ་འཁྲུལ་ནས། རྡོར་བཟླས་ཀྱི་སྐབས་སུ་སྲོག་རྩོལ་སྒོམ་པ་གཞན་གཉིས་སྟོར་ན། ནོར་པ་ཤིན་ཏུ་ཆེན་པོ་ཡིན་པས། སྲོག་རྩོལ་གསུམ་ག་སྒོམ་དགོས་པའི་ཚུལ་ལེགས་པར་ཤེས་པར་བྱའོ། །དྲུག་པ་ངག་དབེན་ཇི་ལྟར་ཉམས་སུ་བླང་པའི་ཚུལ་ལ་གསུམ། སྲོག་རྩོལ་གསུམ་སྒོམ་པའི་རིམ་པ་བཤད་པ། རྡོར་བཟླས་ཀྱི་བྱེད་ལས་ཐུན་མོང་མ་ཡིན་པ་བཤད་པ། སྲོག་རྩོལ་བསྒོམས་པས་ཉམས་མྱོང་སྐྱེ་བའི་རིམ་པ་བཤད་པའོ། །དང་པོ་ལ་གསུམ། སྙིང་ཁའི་སྣ་རྩེར་སྔགས་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམ་པ་དང༌། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་སྲོག་རྩོལ་སྒོམ་པ་དང༌། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་སྒོམ་པའི་བཤད་པའོ། །དང་པོ་ལ་གཉིས། སྔགས་ཀྱི་ཐིག་ལེ་ཉི་ཚེ་བསྒོམ་པའི་ཚུལ་དང༌། སྔགས་ཀྱི་འཁོར་ལོ་སྒོམ་པའི་ཚུལ་ལོ། །དང་པོ་ནི། གནས་གང་དུ་བསྒོམ་པ་ནི། རྡོ་རྗེ་འཕྲེང་བ་ལས། སྐྱེ་བོས་དབེན་པའི་ལྷ་ཡི་གནས། །སྒྲ་ཡི་ཚེར་མ་རྣམས་དང་བྲལ། །སྐྱེ་བོའི་


JLD007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནི་མེད་པ་དང༌། །བགེགས་མེད་སྐལ་བཟང་ཉམས་དགའ་བ། །སྐྱེད་མོས་ཚལ་ཞི་བདེ་བ་ཆེ། །འདོད་པ་ལྔ་ལ་ལོངས་སྤྱོད་པས། །སྔགས་ཀྱི་གཙོ་བོ་འགྲུབ་པར་འགྱུར། ཞེས་གསུངས་པ་ལྟར་རོ། །ལྷའི་གནས་ནི་ལྷའི་ཁང་པ་སོགས་སོ། །དེར་ལུས་ཀྱི་གནད་སྤྱོད་ལམ་ཇི་འདྲ་བས་སྒོམ་པ་དང༌། རླུང་གི་གནད་ཀྱང༌། དེ་ཉིད་ལས། སྤྱོད་ལམ་བདེ་བ་ཆེན་པོའི་གནས། །གང་གིས་དངོས་གྲུབ་མཆོག་ཏུ་འགྱུར། །སྒྲུབ་པོ་བདེ་བའི་སྟན་འདུག་ནས། །མིག་གཉིས་སྣ་རྩེར་གཏད་བྱས་ལ། །སྣ་ནི་ལྟེ་བའི་ཚད་དུ་བཞག །ཕྲག་གོང་བསྙམས་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་འབྱུང་རྔུབ་གློད་ནས་ནི། །ཅུང་ཟད་ཅུང་ཟད་རྩོལ་བྲལ་བས། །ཇི་ལྟ་བ་བཞིན་འབྱུང་རྔུབ་ནི། །སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་པ། །དེ་ལྟར་སྤྱོད་ལམ་དང་ལྡན་པས། །ཡི་གེ་གཉིས་ནི་རྟག་ཏུ་བཟླ། ཞེས་གསུངས་པ་ལྟར་རོ། །ཡི་གེ་གཉིས་ཀྱི་རྡོར་བཟླས་ལ་དེ་ལྟར་གསུངས་པ་ནི། ཡི་གེ་གསུམ་གྱི་རྡོར་བཟླས་ལའང་འདྲའོ། །འགྱུར་གཞན་ལས། རྡོ་རྗེ་སྐྱིལ་ཀྲུང༌། ཞེས་འབྱུང་ངོ༌། །དུས་ཀྱི་གནད་ནི། སྔར་བཤད་པ་དང་འདྲའོ། །རྟེན་ནི། ལུས་དབེན་གྱི་གསང་ཆེན་རིགས་གཅིག་པ་ཡབ་ཡུམ་བསྒོམས་ནས་བྱའོ། །རིམ་ལྔར་རྒྱུད་ཕྱི་མ་དྲངས་པ་ལས། སྙིང་ཁར་བསམས་ནས་ནི། སྲོག་ནི་ཐིག་ལེར་གནས་པར་བཞག །ཅེས་གསུངས་པའི་དོན་སྒྲོན་གསལ་ལས། མི་ཤིགས་པའི་ཐིག་ལེ་སྙིང་ཁར་སྒོམ་པ་ལ་བཤད་ཅིང༌། རིམ་ལྔའི་འགྲེལ་བྱེད་རྣམས་ཀྱིས་ཀྱང༌།


JLD007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་སྔགས་ཀྱི་ཐིག་ལེ་སྒོམ་པར་བཤད་ལ། རིམ་ལྔར་དྲངས་པའི་ལྷ་མོ་བཞིས་ཞུས་པའི་འཕྲོ་ཉིད་ལས། ཕྱེད་ཚད་ཙམ་གྱི་ཕྲ་མོ་མཆོག །ཅེས་སོགས་སྔར་དྲངས་པ་བཞིན་གསུངས་པ་ཡང་སྔར་གྱི་རྒྱུད་ཕྱི་མའི་ལུང་དང་དོན་གཅིག་གོ །སྤྱོད་བསྡུས་ལས་ཀྱང༌། རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་ལུང་དྲངས་ནས། སྙིང་ཁར་མི་ཤིགས་པའི་ཨ་ཐུང་དང༌། མི་ཤིགས་པ་རླུང་སྡུད་པའི་གནས་སུ་གསུངས་པ་ཡང༌། སྙིང་ཁར་མི་ཤིགས་པ་སྒོམ་པ་རྟོགས་པའི་དོན་དུ་ཡིན་ནོ། །དེ་ཡང་ལེའུ་གསུམ་པའི་སྒྲོན་གསལ་ལས། ཁ་དོག་རྣམ་པ་ལྔའི་དེ་བཞིན་གཤེགས་པ་རྣམ་པ་ལྔའི་བདག་ཉིད་ཅན། རིན་པོ་ཆེ་ནི་མི་ཤིགས་པར་གྲགས་པ་སྟེ། སངས་རྒྱས་ཀྱི་རིན་པོ་ཆེ་སྐྱེད་པས་སོ། །ཡུངས་ཀར་གྱི་འབྲུ་ཚད་ཙམ་ནི་ཐིག་ལེའི་གཟུགས་ཅན་ཡིན་པས་སོ། །སྣའི་རྩེ་མོར་ཞེས་བྱ་བ་ནི་སྙིང་ཁའི་པདྨའི་ལྟེ་བར་རོ། །ནན་ཏན་དུ་ཞེས་པ་ནི་དེ་ལ་ཞེན་པས། འཇུག་པ་དང༌། གནས་པ་དང༌། ལྡང་བ་དང༌། སྡུད་པའི་རྣལ་འབྱོར་གྱིས་རྟག་པར་ཉིན་མཚན་དུ་བསྒོམ་པར་བྱའོ། །ཞེས་སྙིང་ཁར་མི་ཤིགས་པ་འཇུག་པ་ལ་སོགས་པའི་རྣལ་འབྱོར་གྱིས་ཉིན་དང་མཚན་དུ་བསྒོམ་པར་གསུངས་སོ། །མི་ཤིགས་པ་དང་རྡོར་བཟླས་སྒོམ་པའི་གོ་རིམ་ཀྱང་དེའི་འཕྲོ་ཉིད་ནས། བརྟན་པ་ནི་རྟག་པ་སྟེ། དེ་གང་ཞེ་ན། མི་ཤིགས་པའོ། །དེ་ལས་རིན་ཆེན་ཏེ་ཁ་དོག་སྣ་ལྔ་པའི་འོད་ཟེར་གྱི་ཚོགས་སྤྲོ་བར་བྱ་ཞིང༌། འཇུག་པ་དང༌། གནས་པ་དང༌། ལྡང་བས་འཇུག་


JLD007_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །བརྟན་པར་མ་གྱུར་ཞེས་པ་ནི། མི་ཤིགས་པའི་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་རྣལ་འབྱོར་འདི་བྱའི། གཞན་གྱིས་ནི་མ་ཡིན་ནོ། ཞེས་བསྟན་པ་ཡིན་ནོ། ཞེས། རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་ཡོང་མི་སྤྲོ། ཞེས་པའི་འགྲེལ་པར་གསུངས་སོ། །དེའི་དོན་ནི། སྔར་འཇུག་པ་ལ་སོགས་པའི་རྣལ་འབྱོར་གྱིས་མི་ཤིགས་པ་རྟག་ཏུ་བསྒོམ་པར་གསུངས་པའི་མི་ཤིགས་པའི་ཐིག་ལེ་དེ་བསྒོམས་པས་བརྟན་པར་གྱུར་པ་ན། མི་ཤིགས་པ་དེ་ལས་རླུང་ནང་དུ་འཇུག་པ་སོགས་ཀྱི་རྣལ་འབྱོར་བྱ་བ་དང༌། མི་ཤིགས་པའི་དེ་ཁོ་ན་ཉིད་དེའི་ངང་ཚུལ་རྟོགས་པ་སྟེ་ཡུལ་དུ་བྱས་པའི་མི་ཤིགས་པ་བརྟན་པ་ལས། གཞན་གྱིས་འཇུག་པ་སོགས་ཀྱི་རྣལ་འབྱོར་འདི་མི་བྱའོ་ཞེས་པའི་དོན་ཡིན་པས། བསྒོམས་པའི་མི་ཤིགས་པ་རྟག་པ་སྟེ་མི་འགྱུར་བའི་བརྟན་པ་སྔོན་དུ་བྱས་ནས། དེའི་རྗེས་སུ་རྡོར་བཟླས་བྱེད་པ་ཡིན་ནོ། །བཤད་པ་འདི་སྒྲོན་གསལ་ལས་མཐར་ཐུག་གི་བཤད་པར་གསུངས་པ་ལ། ཁ་ཅིག །མཐར་ཐུག་ཟུང་འཇུག་པའི་རྟེན་གྱིས་རྡོར་བཟླས་བྱེད་ཚུལ་ཡིན་པས་དེ་ལྟར་བཤད་པར་འདོད་ལ། གཞན་དག་མི་ཤིགས་པ་རིམ་པ་བཞི་པའི་འོད་གསལ་ལ་འཆད་མོད་ཀྱང༌། དོན་འདི་རྒྱས་པར་བཤད་པའི་ལེའུ་གསུམ་པའི་འགྲེལ་པ་ལས། མི་ཤིགས་པ་ལས་འབྱུང་བའི་དཀྱིལ་འཁོར་བཞིའི་རླུང་བཤད་པའི་མཐར། དེ་རྣམས་ཀྱི་སྐུ་གསུང་ཐུགས་ནི་སྒྲུབ་པ་ཡིས་ཏེ་སྐུ་ལ་སོགས་པ་བསྐྱེད་པ་ཡིས། རྡོ་རྗེ་ལས་བྱུང་བ་སྟེ་འོད་གསལ་ལས་བཞེངས་པ་


JLD007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ལྷའི་འཁོར་ལོ་སྐྱེའོ། ཞེས་ཆག་འགྱུར་ལས་འབྱུང་བས། རྡོ་རྗེ་བཟླས་པ་བྱས་པས་རླུང་གིས་ཟུང་འཇུག་སྐྱེད་པ་རྡོར་བཟླས་ཀྱི་ལས་སུ་བྱ་བའི་སྒོ་ནས་མཐར་ཐུག་ཏུ་གསུངས་ཏེ། ལེའུ་བཅུ་བདུན་པའི་འགྲེལ་པར་སྟོང་པ་གསུམ་མཐར་ཐུག་ཏུ་བཤད་པ་བཞིན་ནོ། །མི་ཤིགས་པ་གང་དུ་སྒོམ་པའི་གནས་ཡུལ་གྱི་གནད་སྙིང་ཁའི་པདྨའི་ལྟེ་བ་ནི། རྡོ་རྗེ་འཕྲེང་བ་ལས། ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ཀྱི་ལྟེ་བར་སྔགས་ཀྱི་ཐིག་ལེ་སྒོམ་པར་གསུངས་པ་དང་དོན་གཅིག་པས། ལག་སྨིས་སྙིང་ཁའི་དབུས་ཀྱི་ཨ་བ་དྷཱུ་ཏཱིའི་ནང་དུ་སྒོམ་པར་གསུངས་པ་ལེགས་ཀྱི། དོན་ལྔ་མར་སྙིང་དཀར་ནག་གི་མཚམས་དང༌། དོན་བཞི་མར་སྙིང་ཁོང་སྟོང་གི་ནང་ཟེར་བ་དོན་མིན་ནོ། །དྷཱུ་ཏཱི་ནི་སྲོག་གི་དབྱིག་པ་ཞེས་པ་སྲོག་པ་རྩ་ལ་བརྟེན་པར་ཕྱག་ཆེན་ཐིག་ལེ་དང༌། ཡེ་ཤེས་ཐིག་ལེ་ལས་གསུངས་པས། ནུ་མ་གཉིས་ཀྱི་དབུས་ཀྱི་ཐད་ནས་སྲོག་རྩའི་ངོས་སུ་སྙིང་ཁའི་རྩ་འཁོར་གྱི་ལྟེ་བ་ཡོད་པས་དེར་དམིགས་པར་བྱའོ། །ལུས་ཀྱི་གནད་དུ་བསྣུན་པའི་ཐིག་ལེ་སོགས་སྒོམ་པ་འདི་འདྲའི་རིགས་རྣམས་ལ། ལུས་ཀྱི་གནད་ལེགས་པར་ཤེས་ནས་དེར་སེམས་གཏད་ན་གནད་དུ་འགྲོ་ཡི། དེ་ལྟ་མིན་ན་མི་འགྲོའོ། །གནས་དེར་སྒོམ་པའི་ཐིག་ལེ་ནི། རྡོ་རྗེ་འཕྲེང་བར་ཡི་གེ་མ་གཏོགས་པའི་ཐིག་ལེ་དངོས་སུ་མ་གསུངས་ཀྱང༌། སྒྲོན་གསལ་ལས། མི་ཤིགས་པ་ཐིག་ལེའི་གཟུགས་ཅན་དུ་སྒོམ་པར་བཤད་དོ། །འདི་ལ་འགོས་ལུགས་པ་ཁ་ཅིག་ཉི་ཟླ་ཁ་སྦྱོར་གྱི་ཐིག་


JLD007_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་དབུས་ན་ཨ་ཐུང་སྒོམ་པར་འདོད། རིམ་ལྔ་བསྡུས་པ་ལས། མི་ཤིགས་པའི་ཐིག་ལེ་ཨ་ཐུང་དང་བཅས་པ་བསྒོམ་པར་བཤད་ལ། གསེར་སྡིངས་པའི་མན་ངག་གཉིས་སུ་ཐིག་ལེ་དཀར་པོ་དང་ཨ་ཐུང་ནག་པོར་བཤད། གཅིག་ཏུ་ཐིག་ལེ་དཀར་པོའི་ནང་ན་ཨ་ཐུང་ཕྱེད་དཀར་ཕྱེད་ནག་གནས་ཟེར། ཡང་གཅིག་ཏུ་ཐིག་ལེ་ཕྱེད་དཀར་ཕྱེད་ནག་གི་ནང་ན་ཨ་ཤད་ལྟ་བུ་གནས་ཟེར། གཞན་གཅིག་ཏུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་བསམ་ཟེར་རོ། །ཐིག་ལེ་དཀར་དམར་ཁ་སྦྱོར་ནི། གྲུབ་ཆེན་ཀུ་ཀུ་རི་པས། དེ་ཡི་ལྟེ་བར་བསམ་པ་ནི། །ཉི་དཀྱིལ་ཐིག་ལེ་ཟླ་བ་སྟེང༌། །དབྱིབས་ནི་གའུ་ཁ་སྦྱོར་འདྲ། །ཉི་མ་ཐབས་ལ་ཤེས་རབ་ཟླ། ཞེས་རྡོར་བཟླས་ཀྱི་རྟེན་གྱི་ཐིག་ལེ་ལ་དེ་ལྟར་གསུངས་པ་དང་མཐུན་ཏེ། འོན་ཀྱང་དེའི་དབུས་ཀྱི་ཐིག་ལེའི་དོད་འདིར་ཡི་གེ་ལ་བྱས་སོ། །ཞལ་ལུང་ལས། དཀར་ལ་ཅུང་ཟད་དམར་བར་བཤད་དོ། །མངལ་དུ་ཕ་མའི་ཁུ་ཁྲག་གི་དབུས་སུ་བར་དོའི་རྣམ་ཤེས་ཞུགས་པ་དེ་སྙིང་ཁར་བཤད་ཅིང༌། དེ་སེམས་ཀྱི་རྟེན་དུ་ཡང་བཤད་པས། ལུགས་དེ་གཉིས་ལྟར་སྒོམ་པ་ལ་སྦྱང་གཞིའི་གནད་ཡོད་དོ། །ཐིག་ལེའི་ཚད་ནི་ཡུངས་ཀར་གྱི་ཚད་ཙམ་དུ་གསུངས་ཏེ། དམིགས་པ་ཕྲ་མོ་ལ་སེམས་ཟིན་ན། ཀུན་རྟོག་གཅོད་པ་དང་རླུང་སྡུད་པར་སླའོ། །ཡི་གེ་ནི། རྡོ་རྗེ་འཕྲེང་བ་ལས། སྙིང་ཁའི་དབུས་ཀྱི་ཡི་གེ་ལ་ཨ་དང་ཧཱུཾ་གཉིས་ཀ་དང༌། སྤྱོད་བསྡུས་ལས་ཨ་ཡིག་གསུངས་པ་ནི་མི་ཤིགས་པའི་མཚོན་བྱེད་དུ་སྒོམ་པ་ཡིན་གྱི། དེར་ཡི་གེའི་གཟུགས་སུ་གྲུབ་པ་ཞིག་མེད་པས་ངེས་པ་མེད་མོད་ཀྱང༌། འདིར་ནི་ཨ་དང་ཧཱུཾ་གང་རུང་ཞིག་བསྒོམ། ཁ་དོག་


JLD007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཉིས་ཀ་མཐིང་གར་བྱ་བའམ། སྡོམ་འབྱུང་ལས། ཧཱུཾ་ཡིག་དཀར་པོར་ཡང་བཤད་དོ། །འདི་ནི་རླུང་མི་ཤིགས་པ་དང༌། ཐིག་ལེ་དཀར་དམར་ནི་བྱང་སེམས་མི་ཤིགས་པའི་མཚོན་བྱེད་དོ། །སྐབས་འདིའི་རིན་ཆེན་ཁ་དོག་སྣ་ལྔ་པ་ནི་འོད་ཟེར་ལྔ་འབར་བ་ཡིན་ལ། དེ་ནི་ཡི་གེ་དང་ཐིག་ལེ་གཉིས་ཀ་ལ་སྦྱར་བས་ཆོག་གོ །ལུགས་གཞན་ནས་ཕྱག་མཚན་ལ་གནས་པའི་ཡི་གེའི་སྟེང་གི་ཐིག་ལེ་ལ་བཤད་ཀྱང༌། འདིར་ནི་སྔར་ལྟར་བྱའོ། །དེ་ལྟར་སྙིང་ཁའི་མི་ཤིགས་པ་ལ་སེམས་ཧ་ཅང་གྲིམས་དྲགས་པ་དང༌། ཧ་ཅང་གློད་པའི་སྐྱོན་དང་བྲལ་བར་བྱས་ཏེ་སེམས་གཟུང་བར་བྱའོ། །འདི་ལ་ནི་གྲོལ་བའི་ཐིག་ལེ་ལས་ཀྱང་ཤིན་ཏུ་བསྔགས་ཏེ། དེ་གསལ་མི་ཤིགས་ཐིག་ལེའི་གཟུགས། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །འོད་ཟེར་སྣ་ལྔ་འབར་འཛག་པའི། །ཚུལ་ཅན་སྙིང་དབུས་རྟག་ཏུ་གནས། །དེ་ལ་བལྟས་པས་ཡེ་ཤེས་ཆེ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་ལ། །འབར་བ་འདི་ལ་ཐེ་ཚོམ་མེད། ཅེས་གསུངས་སོ། །རྒྱུད་གཞན་ལས་ཀྱང་བསྔགས་ཏེ། མངོན་བརྗོད་བླ་མ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་པ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར་ཞེས་གསུངས་ཤིང༌། དེའི་དོན་འགྲེལ་བའི་བདེ་མཆོག་རིམ་ལྔ་ལས་ཀྱང༌། སྒྲ་དང་ཐིག་ལེར་ལྡན་པའི་སེམས། སྙིང་ཁར་གཞག་བྱ་དེ་ནས་འདིའི། །རྨོངས་པའི་རབ་རིབ་འཇོམས་མཛད་པའི། །མངའ་བདག་བཅོམ་ལྡན་འབྱུང་འགྱུར་ཏེ། ཞེས་སྙིང་ཁར་མི་ཤིགས་པའི་ཐིག་ལེ་བསྒོམས་པ་ལ་བརྟེན་ནས་མ་རིག་


JLD007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩད་ནས་གཅོད་པའི་ལྷན་སྐྱེས་འཆར་བར་གསུངས་སོ། །སྡོམ་འབྱུང་ལས་ཀྱང༌། སྙིང་ཁའི་ཆུ་སྐྱེས་སོན་པའི་རླུང༌། །ཧཱུཾ་ཡིག་དཀར་པོ་དང་མཚུངས་པ། །བསམ་བྱ་མཉམ་པར་བཞག་པ་གང༌། །དེ་ལས་ཡུལ་སོགས་ཀྱིས་མི་འཆིང༌། །འཁོར་བའི་སྟེང་དུ་འགྲོ་བའི་རླུང༌། །མྱ་ངན་འདས་པའི་འོག་ཏུ་བགྲོད། །རབ་ཏུ་མི་གནས་མྱ་ངན་འདས། །སྙིང་ཁའི་ཆུ་སྐྱེས་ཟེའུ་འབྲུར་གནས། ཞེས་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་སྔར་བཤད་པ་ལ་སོགས་པའི་ཐབས་ཁྱད་པར་ཅན་གྱིས་རླུང་བསྡུས་ཏེ་བཀག་ནས་བརྟན་པར་བྱེད་ནུས་ན། གཟུགས་སྒྲ་སོགས་ཀྱི་ཡུལ་ལ་འཇུག་པའི་ཀུན་རྟོག་གིས་འཆིང་མི་ནུས་པས། སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་ཀྱི་གོ་འཕང་སྟེར་བར་གསུངས་སོ། །དེ་ཡང་སྔར་བཤད་པ་ལྟར་གཟུང་འཛིན་གྱི་རླུང་བཅུ་གཉིས་སྙིང་ཁ་ནས་འབྱུང་བར་གསུངས་པས། དེར་སེམས་འཛིན་པའི་ལུས་ལ་གནད་དུ་བསྣུན་པའི་ཐབས་བྱས་ན། རླུང་དེ་རྣམས་དེར་འདུས་ནས་ཐིམ་པར་འགྱུར་བའི་གནད་ཀྱིས། གཟུང་འཛིན་གྱི་རྟོག་པ་གཅོད་པར་སླ་བ་ཡིན་ནོ། །དེ་འདྲ་བའི་ཚུལ་གྱིས་རྒྱུད་སྡེ་དང་གྲུབ་ཆེན་གྱི་གཞུང་དུ་མར་བསྔགས་པ་ལ་ངེས་པ་ཆེན་པོ་བསྐྱེད་ལ། སྙིང་ཁའི་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེའི་སྲོག་རྩོལ་སྒོམ་པ་ལ་འབད་པར་བྱའོ། །གཉིས་པ་ནི། རིམ་ལྔ་བསྡུས་པ་ལས། དྲན་པ་སྣ་ཚོགས་རྣམ་རྟོག་རྣམས། །སེམས་ལས་ཡང་དག་འབྱུང་བས་ན། །རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །སྙིང་ཁར་སྔགས་ཀྱི་འཁོར་ལོ་བསྒོམ། ཞེས་སྣ་ཚོགས་པའི་རྟོག་པ་རྣམས་སེམས་ལས་འབྱུང་


JLD007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། རླུང་སེམས་གཉིས་སྡུད་པའི་གནས་སྙིང་ཁ་ཡིན་པས། སྙིང་ཁར་གནད་དུ་བསྣུན་པའི་སྔགས་ཀྱི་འཁོར་ལོ་བསྒོམ་པ་དང༌། སྔགས་ཀྱི་ཡི་གེའི་འཁོར་ལོ་ནི། དང་པོར་ཆུ་སྐྱེས་འདབ་བརྒྱད་པ། །ཕྱི་ནང་གསང་བའི་ཚུལ་གྱིས་ནི། །རིམ་པ་ལྡན་པར་བསམ་གཏན་བྱ། ཞེས་སྙིང་ཁར་པདྨ་འདབ་བརྒྱད་སུམ་རིམ་པ་ཅིག་སྒོམ་པ་དང༌། ཕྱི་རིམ་ཤེས་རབ་དབྱངས་ཡིག་མཚན། །བར་མ་གསལ་བྱེད་ཐབས་བཅས་པ། །གཉིས་སུ་མེད་པ་ནང་མར་གནས། །ཕྱོགས་མཚམས་རིམ་པའི་ཏིང་ངེ་འཛིན། །སྦྱོར་བ་རྣམ་པ་གསུམ་རང་བཞིན། །དབུས་སུ་མི་ཤིགས་ཐིག་ལེ་སྟེ། །ཨ་ཡིག་དང་བཅས་སྲོག་གྱུར་གང༌། །ཀུན་གྱི་སྙིང་པོ་སྤྲོ་ཞིང་སྡུད། ཅེས་པད་འདབ་ཕྱི་མ་བརྒྱད་ལ་ཤེས་རབ་ཀྱི་ངོ་བོ་དབྱངས་ཡིག་བཅུ་གཉིས་ཀྱིས་མཚན་པ་དང༌། བར་པ་བརྒྱད་ལ་ཐབས་ཀྱི་ངོ་བོ་གསལ་བྱེད་དང༌། ནང་མ་ལ་ཐབས་ཤེས་གཉིས་སུ་མེད་པའི་ངོ་བོ་མ་ནིང་གི་ཡི་གེ་བཞིས་མཚན་པ་དང༌། དབུས་སུ་མི་ཤིགས་པའི་ཐིག་ལེ་ཨ་ཐུང་དང་བཅས་པ་སྒོམ་པར་བཤད་དོ། །འདི་ལ། དོན་ལྔ་མ་དང༌། འཁོར་ལོ་ཅན་དང༌། གདན་རྫོགས་གསུམ་དུ་རྡོར་བཟླས་ཀྱི་སྔོན་དུ་སྔགས་འཁོར་སྒོམ་པར་བཤད་ལ། དོན་བཞི་མར་སེམས་དབེན་གྱི་སྐབས་སུ་བཤད་མོད་ཀྱང༌། རྩ་ཚིག་ལས། སྔོན་དུ་སྔགས་འཁོར་བསྒོམས་པའི་འོག་ཏུ་རྡོར་བཟླས་བྱེད་པར་བཤད་པས། སྔ་མ་གསུམ་ལྟར་བྱའོ། །པད་འདབ་ཁ་དོག་དམར་པོ་དབྱིབས་མེ་ལོང་བསླང་བ་ལྟ་བུ་ལ་ཡིག་འབྲུ་རྣམས་དཀར་


JLD007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གསེར་སྡིངས་པས་བཤད། མར་ལུགས་ཀྱི་གདམས་ངག་གཞན་ཁ་ཅིག་ལས། རྩ་པདྨའི་རྣམ་པ་ལྟར་གནས་པ་དཀར་ལ་དམར་བའི་མདངས་ཅན་ལ་ཡིག་འབྲུ་དཀར་པོར་བཤད་དོ། །རྡོར་བཟླས་ཀྱི་རྟེན་གྱི་ཐིག་ལེ་སྙིང་ཁར་འགོད་པའི་གནས་ཀྱི་པདྨ་ནི་དཀར་པོ་འདབ་བཞི་པ་དང༌། དམར་པོ་འདབ་བཞི་པ་འབྱུང་བ་བཞིའི་རང་བཞིན་ཅན་དུ་སེམས་པར་ཀུ་ཀུ་རི་པས་བཤད་དེ། སྙིང་ཁའི་ཕྱོགས་ཀྱི་རྩ་བཞིའི་ངོ་བོར་སེམས་པའོ། །གཞུང་གཞན་ལས་ཀྱང་རྫོགས་རིམ་པའི་སྐབས་སུ་ཐིག་ལེ་དང་ཡི་གེ་སོགས་འགོད་པའི་ལྟེ་བ་ལ་སོགས་པའི་པདྨ་རྣམས་རྩ་འདབ་ཏུ་བཤད་པས་དེ་ལྟར་བྱ་བའམ། ཡང་ན་པད་འདབ་ཉིད་རྩའི་ངོ་བོར་མོས་ཀྱང་ཆོག་གོ །སྙིང་ཁའི་པདྨ་ལ་ཁ་དོག་གི་ངེས་པ་མེད་ལ། དེར་རྩ་འཁོར་འདབ་བརྒྱད་པ་ཞིག་བཤད་པ་མང་ཞིང༌། གཉིས་བཤད་པའང་སྣང་ལ། གསུམ་བཤད་པ་གཞན་ལས་ཆེར་མི་འབྱུང་ངོ༌། །མེ་ཏོག་པདྨའི་འདབ་མ་ལྟར་སྒོམ་ནའང་མེ་ལོང་བསླང་བ་བཞིན་བྱེད་དོན་མེད་དོ། །གསེར་སྡིངས་པས་པད་འདབ་ཕྱི་མ་ལ་ཀཱ་ལི་དང༌། བར་མ་ལ་དབྱངས་ཡིག་འགོད་པ་རྩ་ཚིག་དང་མི་མཐུན་པས། མར་ལུགས་གཞན་ནས་རྩ་ཚིག་བཞིན་འབྱུང་བ་ལྟར་འགོད་དགོས་ཏེ། རྩ་ཚིག་ལས། དབྱངས་ཡིག་སྣང་བ་དང༌། གསལ་བྱེད་མཆེད་པ་དང༌། མ་ནིང་ཉེར་ཐོབ་ཏུ་བཤད་པས་ཀྱང་ཤེས་སོ། །དེ་ལྟར་ན་ཡི་གེ་ཕྱི་མའི་ཁ་དོག་དཀར་པོ་དང༌། བར་པ་དམར་པོ་དང༌། ནང་མ་སྔོན་པོའམ་ནག་པོར་བྱས་ན་ལེགས་སོ། །རྩ་ཚིག་ལས། བཅུ་གཉིས་ཡི་གེ་ཐིག་ལེར་བཅས། ཞེས་པའི་དོན་མ་


JLD007_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནིང་བཞི་དོར་བའི་དབྱངས་ཡིག་བཅུ་གཅིག་པ་ལ་ཐིག་ལེ་ཡོད་པས། ལྷག་མ་བཅུ་གཅིག་གི་མགོར་ཐིག་ལེ་འཇོག་པའི་དོན་ཡིན་གྱི། ཐིག་ལེ་དེ་རྣམས་ཀྱི་མདུན་དུ་འཇོག་པར་འདོད་པ་དང༌། དེ་རྣམས་ལ་ཐིག་ལེ་མེད་པར་འགོད་པ་མིན་ནོ། །དེའི་འགོད་ཚུལ་ནི། ཤར་ནས་བརྩམས་ཏེ་ཕྱོགས་བཞིར་རིམ་པ་བཞིན་གཉིས་གཉིས་དང༌། ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞིར་རེ་རེའམ། ཡང་ན་ཤར་ནས་ཁྲིགས་ཆགས་སུ་དགོད་ཅེས་གསེར་སྡིངས་པ་གསུང་པ་ལྟར་བྱ་སྟེ། ཀཱ་ལི་ལ་ཡང་དེ་དང་འདྲའོ། །ཀཱ་ལི་འགོད་ཚུལ་ལ། རྩ་ཚིག་ལས། ཡི་གེ་ཀ་ནས་ཧ་ཡི་བར། །ཀྵ་ནི་སྤངས་པ་བཞི་བཅས་པ། ཞེས་བཤད་པའི་དོན། ཤར་ནས་བརྩམས་ཏེ་འདབ་མ་ལྔ་ལ་ཀ་ཙ་ཊ་ཏ་པའི་སྡེ་ཚན་ལྔ་ལྔ་དང༌། དེ་ནས་འདབ་མ་གསུམ་ལ་ཡ་དང་ཤའི་སྡེ་ཚན་བཞི་བཞི་དང༌། འདབ་མ་ཐ་མ་ལ་ཀླ་བླ་སླ་ཤཱའི་ཡི་གེ་བཞི་འགོད་ཅིང༌། དེ་བཞི་ལ་སྦས་པ་དང༌། ལྕེ་རྩ་ཅན་གྱི་ཡི་གེ་བཞི་ཞེས་ཀྱང་ཟེར་ཏེ་དོན་མ་ཤེས་པའོ། །གཞུང་དེའི་དོན་ནི། འདབ་མ་བརྒྱད་པོ་རེ་རེ་ལ་ཀྵ་སྤངས་པའི་ཀ་ནས་ཧའི་བར་བཞི་བཞི་དང་བཅས་པར་བྱ་ཞེས་པ་ཡིན་ཏེ། འདི་ལྟར་ཀ་ཙ་ཊ་ཏ་པའི་སྡེ་པ་ལ་བཞི་ཚན་ལྔ་དང༌། ང་ཉ་ཎ་ནའི་སྡེ་ཚན་ལ་བཞི་དང༌། ཡ་དང་ཤའི་སྡེ་ཚན་གྱི་བཞི་ཚན་གཉིས་ཏེ་བརྒྱད་དོ། །མ་ཡིག་ནི་དབྱངས་རྣམས་ཀྱི་ཐིག་ལེ་ལ་སོང་ངོ༌། །པད་འདབ་ནང་མའི་ཕྱོགས་བཞིར་ར་རཱ་ལ་ལཱ་བཞི་དགོད་ཅིང༌། མཚམས་རྣམས་སྟོང་པར་བཞག་གོ །དེ་རྣམས་རྩ་འདབ་ལ་འགོད་ན། ཡི་གེ་རེ་


JLD007_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བ་མིན་པ་རྣམས་རྩའི་ནང་དུ་ཕྱི་ནས་ནང་དུ་རིམ་པ་བཞིན་བསྒྲིགས་ཏེ་ལངས་པའི་རྣམ་པར་བྱ་ལ། པད་འདབ་ཉིད་ཀྱི་རྣམ་པ་ལ་འགོད་ན་འཕྲེང་ལ་བསྒྲིགས་པའི་རྣམ་པ་ཅན་དུ་བྱའོ། །དབུས་སུ་མི་ཤིགས་པ་ཨ་དང་བཅས་པ་འགོད་པ་ནི་བཤད་ཟིན་པ་ལྟར་རོ། །རྩ་ཚིག་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་བསམ་པར་བྱ། ཞེས་སྔགས་འཁོར་གྱི་སྐབས་སུ་འབྱུང་བའི་དོན་ལ། ཁ་ཅིག་སྟོང་པའི་ངང་ནས་རིག་པ་ནཱ་ད་ཙམ་དུ་ལངས་པ་ཡོངས་སུ་གྱུར་པ་ལས། སྙིང་ཁར་ཟླ་བའི་དཀྱིལ་འཁོར་སྒོམ་པར་འདོད་པ་ནི་དོན་མིན་ཏེ། རྩ་རྒྱུད་ལས་དེ་ལྟར་གསུངས་པའི་ངེས་དོན་ནི་སྒྲོན་གསལ་ལས། ནམ་མཁའི་དབྱིངས་འོད་གསལ་དང༌། དེའི་དབུས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར་ནི་མི་ཤིགས་པ་ལ་གསུངས་ལ། དེ་ཉིད་འདིར་ཡང་སྦྱར་རྒྱུ་ཡིན་ཏེ། དེས་རྡོར་བཟླས་ཀྱི་རྟེན་མི་ཤིགས་པ་སྟོན་པའི་ཕྱིར་རོ། །སྔགས་འཁོར་འདི་ལྟར་སྒོམ་པ་ནི་ནཱ་རོ་པའི་མན་ངག་མ་གཏོགས་པ། འཕགས་སྐོར་གྱི་གཞུང་མན་ངག་དང་བཅས་པ་ལས་མི་འབྱུང་ལ། ཛྙཱ་ན་ཀ་ར་ནས་ནག་ཚོ་ལ་བརྒྱུད་པའི་མན་ངག་འགའ་ཞིག་ལ་འདི་དང་མི་མཐུན་པར་འབྱུང་ཞིང༌། མར་ལུགས་ཀྱི་གདམས་ངག་ལ་ཡང་མི་འདྲ་བ་འགའ་རེ་སྣང་ཡང༌། སྔར་བཤད་པ་ཉིད་དག་པ་ཡིན་ནོ། །གསེར་སྡིངས་པས་དགོངས་པ་ལུང་སྟོན་རིམ་ལྔར་དྲངས་པ་ལས། ལྔ་པ་ལྔ་དང་ཡང་དག་ལྡན། ཞེས་དང༌། བཞི་ནི་གསུམ་དུ་ངེས་པར་སྦྱར། ཞེས་དང༌། ཆ་ལ་སོགས་པ་བཅུ་དྲུག་གནས། ཞེས་པས་འདབ་མའི་ཡི་གེ་འགོད་


JLD007_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྣམས་བསྟན་ཟེར་བ་ནི་དོན་མིན་ཏེ། དེ་རྣམས་ནི་དབྱངས་གསལ་ལས་ཨ་ཨཱཿཧཱུཾ་གསུམ་ཐུ་བ་ཡིན་གྱི། པད་འདབ་ལ་ཡི་གེ་བཀོད་ནས་སྒོམ་པའི་དོན་མིན་པའི་ཕྱིར་རོ། །རྒྱུད་གཞན་ལས་འཁོར་ལོ་རྣམས་ལ་ཡི་གེ་མང་པོ་བཀོད་ནས་སྒོམ་པར་གསུངས་པ་རྣམས། དེར་རླུང་སྡུད་པའི་ཆེད་ཡིན་པ་བཞིན་དུ་འདིར་ཡང་དེ་དང་འདྲ་བས། སྙིང་ཁར་ང་སྡུད་པའི་ཆེད་དུ་རིམ་གྱིས་དེའི་ཕྱོགས་མཚམས་སུ་ཡི་གེ་བཀོད་པ་ལ་དམིགས་ནས་བསྒོམས་པས་རླུང་མི་ཤིགས་པ་ལ་རིམ་གྱིས་འདུ་བའི་ཆེད་དུ་མན་ངག་ཏུ་མཛད་པ་ཙམ་མོ། །དེ་ཡང་དང་པོར་པད་འདབ་ལ་དམིགས་པ་དང༌། དེ་ནས་ཕྱི་ནས་རིམ་པ་བཞིན་དུ་ཕྱོགས་དང་མཚམས་རྣམས་ཀྱི་ཡི་གེ་ལ་རིམ་པ་བཞིན་དམིགས་ནས་སེམས་ཟིན་ན། མི་ཤིགས་པ་ལ་རླུང་འདུ་བ་ཉེ་རུ་ཉེ་རུ་འགྲོ་སླ་བའི་གནད་ཀྱིས་དེ་ལྟར་གསུངས་ཀྱི། སྔགས་འཁོར་རྒྱས་པ་ངེས་པར་དགོས་པ་ནི་མིན་ཏེ། མར་ལུགས་ཀྱི་རིམ་ལྔའི་གདམས་ངག་འཁོར་ལོ་མེད་པ་དང༌། སེམས་དཔའ་སུམ་རྩེག་དང༌། ཅིག་ཅར་བ་གསུམ་ག་ལ་སྔགས་འཁོར་མེད་པར་སྙིང་ཁར་མི་ཤིགས་པ་ཨ་ཐུང་དང་བཅས་པ་དང༌། ཧཱུཾ་ཡིག་བཀོད་ནས་རྡོར་བཟླས་བྱེད་པར་བཤད་པ་བཞིན་ནོ། །འོན་ཀྱང་སྔར་བཤད་པའི་མི་ཤིགས་པ་ཡི་གེ་དང་བཅས་པ་སྒོམ་པ་ནི་ངེས་པར་དགོས་པས། སྔགས་འཁོར་འགོད་མི་འགོད་ནི་རྒྱས་བསྡུས་ཏེ། དཔེར་ན། མན་ངག་སྙེ་མར་འཁོར་ལོ་བཞི་ལ་ལྟེ་བ་དང་འདབ་མའི་ཡི་གེ་གཉིས་ཀ་འགོད་པ་དང༌། ལྟེ་བ་ཁོ་ནར་ཡི་གེ་བཞི་འགོད་པའི་ཚུལ་གཉིས་


JLD007_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་བཞིན་ནོ། །གཉིས་པ་ལ་གཉིས། རླུང་གང་ལ་གནས་གང་ནས་རྡོར་བཟླས་བྱ་བ་དང༌། རླུང་སྔགས་སྦྱོར་ཚུལ་དང་རྡོར་བཟླས་ཀྱི་དབྱེ་བ་བསྟན་པའོ། །དང་པོ་ནི། དེ་ལྟར་མི་ཤིགས་པ་སྔགས་འཁོར་དང་བཅས་པའམ། མི་ཤིགས་པ་ཡི་གེ་དང་བཅས་པ་བསྒོམས་པས་མི་གཡོ་བའི་བརྟན་པོར་སོང་བ་ན། དེ་ལ་བརྟེན་ནས་རྡོར་བཟླས་བྱའོ། །དེ་ལ་རྫོགས་རིམ་པས་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པའི་དོན་དུ་རྡོར་བཟླས་བྱེད་པ་ན། རྩ་བའི་རླུང་བཞི་ལ་བྱེད་ལ། ཡང་རྫོགས་རིམ་པས་མིག་གི་མངོན་ཤེས་སོགས་ལྔ་སྒྲུབ་པའི་དོན་དུ་རྡོར་བཟླས་བྱེད་པ་ན། ཡན་ལག་གི་རླུང་ལྔ་ལ་བྱེད་ཅིང༌། ལུས་དབེན་སྔོན་དུ་སོང་ནས་སེམས་དབེན་གྱི་སྟོང་པ་རྣམས་བསྐྱེད་པའི་དོན་དུ་རྡོར་བཟླས་བྱེད་པ་ན། ཐོག་མར་རྩ་བའི་རླུང་བཞི་དང༌། དེ་ལ་ནུས་པ་རྙེད་པའི་མཚམས་ཤིག་ནས་ཡན་ལག་གི་རླུང་ལྔ་ལ་བྱེད་དེ། རྡོར་བཟླས་བྱེད་པའི་སྐབས་གསུམ་གསུངས་པ་ལས་འདིར་ནི་ཕྱི་མའོ། །རླུང་གང་ལ་རྡོར་བཟླས་བྱེད་པའི་ཚུལ་དེ་ལྟར་ཡིན་ན། ལུས་ཀྱི་གནད་ཀྱི་གནས་འདི་ནས་བྱེད་ཅེས་པའི་གནས་ངེས་པ་ཡོད་དམ་མེད་ཅེ་ན། འདི་ལ། ཕལ་མོ་ཆེས་ལུས་ཀྱི་ཁོང་པ་ནས་སྣ་བུག་ཏུ་འབྱུང་འཇུག་བྱེད་པ་ཙམ་མ་གཏོགས་པ་ལུས་ཀྱི་རྩ་འཁོར་གྱི་གནས་འདི་ནས་བྱེད་ཀྱི་ངེས་པ་མི་བྱེད་པ་དང༌། ཡང་ཁ་ཅིག །རྩ་བའི་རླུང་བཞིའི་གནས་མགྲིན་པ་སོགས་བཞི་ནས་དཀྱིལ་འཁོར་བཞི་སོ་སོ་ལ་བྱེད་ཟེར་རོ། །དེའི་དང་པོ་ལ་ནི། རླུང་གི་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་སྦྱར་བ་ཡོད་དུ་ཆུག་ཀྱང༌། ལུས་ཀྱི་རྩ་འཁོར་གྱི་གནད་འདིར་བྱེད་ཅེས་པའི་མན་ངག་


JLD007_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བས། ཇི་ཙམ་འབད་ཀྱང་དྷཱུ་ཏཱིར་རླུང་ཚུད་ནས་ཐིམ་པ་ལས་སྟོང་པ་བཞི་འདྲེན་པ་མི་འོང་སྟེ། གཞན་དུ་ན་ཉན་སར་བཤད་པའི་རླུང་འབྱུང་འཇུག་བགྲངས་པས་ཀྱང༌། དེ་ལྟར་བྱེད་པར་འགྱུར་བ་བཟློག་མི་ནུས་སོ། །ཕྱོགས་གཉིས་པ་ལ། ལུས་ཀྱི་རྩ་འཁོར་གྱི་གནད་དུ་བསྣུན་པ་ཙམ་ཞིག་ཡོད་ཀྱང༌། ལུགས་འདིའི་རྡོར་བཟླས་ཀྱིས་ལུས་ལ་གནད་དུ་བསྣུན་པའི་གནད་ཀྱི་དོན་རྙེད་པ་མ་ཡིན་ནོ། །དེས་ན་རང་གི་ལུགས་ནི། སྔར་བཤད་པའིསྙིང་ཁའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་ཡི་གེ་དང་བཅས་པ་ཉིད་ལས་འཇུག་ལྡང་གནས་གསུམ་བྱེད་པ་ཡིན་ནོ། །དོན་འདི་ཐོག་མར་སྒྲོན་གསལ་གྱིས་སྒྲུབ་པ་ནི། སྔར་དྲངས་པའི་སྒྲོན་གསལ་ལས། གཞུང་སྔ་མས་ལྡང་འཇུག་གནས་གསུམ་གྱི་རྣལ་འབྱོར་གྱིས་སྒོམ་པར་གསུངས་པའི་དོན། གཞུང་ཕྱི་མས་གསལ་དུ་བཏང་བ་ན། མི་ཤིགས་པ་དེ་ལས་ཁ་དོག་སྣ་ལྔའི་འོད་ཟེར་གྱི་ཚོགས་ཀྱི་ལྡང་འཇུག་གནས་པ་བྱ་བར་གསུངས་པ་དང༌། ཡང་ལེའུ་གསུམ་པའི་སྒྲོན་གསལ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཟླ་བའི་དཀྱིལ་འཁོར་བྲི་བ་དང༌། གསལ་བའི་དཀྱིལ་འཁོར་གྱི་དབུས་གནས་འཁོར་ལོའི་དཀྱིལ་འཁོར་དང༌། པད་མོའི་དཀྱིལ་འཁོར་འདྲ་བ་དང༌། རིན་ཆེན་གྱི་དཀྱིལ་འཁོར་དང་འདྲ་བ་བསྒོམ་པ་དང༌། སྦྱོར་བའི་དཀྱིལ་འཁོར་བྲི་བར་བྱ་བར་གསུངས་པའི་ངེས་དོན་འཆད་པ་ན། ཟླ་བའི་དཀྱིལ་འཁོར་གྱི་བར་སྔར་བཞིན་དང༌། གསལ་བའི་དཀྱིལ་འཁོར་ནི་མི་ཤིགས་པ་དང༌། དབུས་གནས་ནི་དེ་


JLD007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་སྟེ། དེ་ལྟར་བྱུང་བའི་དཀྱིལ་འཁོར་བཞི་ནི་རིམ་པ་བཞིན་དུ་ཆུ་དང་མེ་དང་དབང་ཆེན་དང་རླུང་གི་དཀྱིལ་འཁོར་གྱི་རླུང་བཞི་འབྱུང་བར་ཤེས་པར་བྱ་བ་ལ་བཤད་པ་དང༌། ཡང་རྒྱུད་ཀྱི་ལེའུ་དྲུག་པར། ནམ་མཁའི་དབྱིངས་ཀྱི་དབུས་ན་གནས་པར་ཉི་མ་དང༌། གསལ་བ་དང༌། རིན་ཆེན་དང༌། འོད་ཀྱི་དཀྱིལ་འཁོར་བཞི་བསྒོམ་པར་གསུངས་པའི་དོན་འགྲེལ་པར་ནམ་མཁའི་དབྱིངས་མི་ཤིགས་པ་དང༌། དབུས་ན་གནས་པ་དེ་ལས་བྱུང་བ་དང༌། བྱུང་བའི་དཀྱིལ་འཁོར་བཞི་རིམ་པ་བཞིན་དུ་འབྱུང་བ་བཞིའི་རླུང་ལ་བཤད་ནས། དེ་རྣམས་ལ་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པ་དང༌། ཡང་རྡོར་བཟླས་ཀྱིས་སྙིང་ཁ་ན་གནས་པའི་རྡོ་རྗེ་སེམས་དཔའ་བསྐུལ་བར་ཡང་གསུངས་སོ། །ལེའུ་གསུམ་པར་བཤད་པའི་རླུང་བཞིའི་རྡོར་བཟླས་ཀྱི་བཤད་པ་ནི། བཤད་རྒྱུད་དགོངས་པ་ལུང་སྟོན་དྲངས་ནས་དེའི་དོན་དུ་བཤད་དོ། །ཁྱད་པར་དུ་རྡོ་རྗེ་འཕྲེང་བ་ལས། ལྐོག་མ་སྙིང་ཁ་ལྟེ་བ་དང༌། །གསང་བའི་པད་མར་འགྲོ་འོང་སྟོན། ཞེས་རླུང་བཞི་གནས་དེ་བཞི་ནས་འགྲོ་འོང་བྱེད་པར་གསུངས་པ་ལ་དོགས་པ་བཅད་ནས། སྙིང་ཁའི་མི་ཤིགས་པ་ལས་རླུང་འགྲོ་འོང་བྱེད་པའི་ཚུལ་ལྷ་མོ་བཞིས་ཞུས་ལས་གསུངས་པ། སྒྲོན་གསལ་ལས་སྔར་བཞིན་བཤད་པའི་དོན་ཡིན་པ་ནི། དེའི་རྣམ་བཤད་དུ་རྒྱས་པར་གཏན་ལ་ཕབ་པ་ལས་ཤེས་པར་བྱའོ། །སྤྱོད་བསྡུས་ལས། རྡོར་བཟླས་ཀྱི་ཡི་གེ་གསུམ་གྱི་སྐབས་སུ། དེ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་ཀཱ་ལི་ལས་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་མི་ཤིགས་པ་ལས་བྱུང་བའི་ཡི་གེ་


JLD007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། ཞེས་གསུངས་པས་ཀྱང་རྡོར་བཟླས་ཀྱི་སྔགས་གསུམ་ཟློ་བ་ནི་མི་ཤིགས་པ་ལས་བྱུང་བའི་ཚུལ་གྱིས་ཟློ་བའི་དོན་ཡིན་པས། འཁོར་ལོ་བཞིའི་གནས་ནས་འབྱུང་འཇུག་བྱེད་པའི་ཚུལ་གྱིས་ཟློ་བ་མིན་ནོ། །དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ཡང༌། སྔར་བཤད་པ་ལྟར་སྙིང་ཁའི་མི་ཤིགས་པ་ལ་རླུང་བསྡུས་པ་ལས་སྟོང་པ་བཞི་འབྱུང་བ་ཡིན་ལ། རྡོར་བཟླས་ནི་སྙིང་ཁའི་མི་ཤིགས་པ་ལ་རླུང་སྡུད་བྱེད་ཡིན་པའི་གནད་ཀྱིས་ཡིན་ཏེ། གང་དུ་འཇུག་པ་སོགས་གསུམ་སྔར་བཤད་པའི་འཇུག་བྱེད་ཀྱི་ཐབས་ཀྱི་གཙོ་བོ་ནི་རྡོར་བཟླས་ཡིན་པའི་ཕྱིར་རོ། །དེས་ན་སྒྲ་དབྱངས་བཅུ་གཅིག་པས། སྙིང་གི་དཀྱིལ་གྱི་པདྨའི་ལྟེ་བ་ལ་གནས་པའི་མི་ཤིགས་པའི་ཐིག་ལེ་ལས་ལྡང་བ་ཧཱུཾ་དང༌། འཇུག་པ་ཨ་དང༌། གནས་པ་ཨཱཿའི་རང་བཞིན། ཆུའི་དཀྱིལ་འཁོར་ལ་སོགས་པའི་མཚན་ཉིད་ཅན་ཁ་དོག་དཀར་པོ་ལ་སོགས་པ་ལ་བརྟེན་ཏེ། ཀུན་རྫོབ་ཀྱི་སྣ་སྒོ་གཡས་པ་ལ་སོགས་པའི་རིམ་གྱིས་བྱུང་ནས། ཞི་བ་ལ་སོགས་པའི་ལས་ལྷུན་གྱིས་གྲུབ་པའི་རྡོ་རྗེའི་བཟླས་པ་བྱས་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་དོ། །ཞེས་བཤད་པ་དང༌། རིམ་ལྔའི་དཀའ་འགྲེལ་བྷ་བྱ་ཀཱིརྟིས་མཛད་པ་ལས། དཀྱིལ་འཁོར་བཞི་ཀ་མི་ཤིགས་པ་ལས་ལྡང་འཇུག་གནས་གསུམ་བྱེད་པའི་རྡོར་བཟླས་བྱ་བར་བཤད་པ་ལེགས་པ་ཡིན་ནོ། །རྩ་ཚིག་ལས། དབུས་ཀྱི་མི་ཤིགས་པ་ལུས་ཀུན་གྱི་སྙིང་པོ་རླུང་ལ་སོགས་པ་རྣམས་དང་པོར་སྤྲོ་བ་དང་མཐར་སྡུད་བྱེད་དུ་བཤད་ནས། རྡོར་བཟླས་བྱེད་པར་བཤད་


JLD007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པས། མི་ཤིགས་པ་ལས་འབྱུང་བའི་ཚུལ་གྱིས་ཟློ་བ་ཡིན་ལ། དོན་བཞི་མར། སྙིང་གི་དབུས་ན་གནས་པའི་མི་ཤིགས་པ་དེ་ལས་འོད་ཁ་དོག་ལྔར་རྩ་བའི་རླུང་ལྔ་འཕྲོ་བ་དེའི་འཇུག་ལྡང་གནས་གསུམ་ཡི་གེ་གསུམ་དང་སྦྱར་བའི་བཟླས་པ་བྱ་བར་བཤད་པ་ནི། རྩ་ཚིག་གི་དོན་ཡིན་ཞིང༌། རྡོར་བཟླས་བྱེད་པའི་ཡང་གནད་མཐར་ཐུག་ཡིན་མོད་ཀྱང༌། ལུགས་འདི་ལ་སྙིང་ཁའི་གནད་ལེགས་པར་ཤེས་དགོས་པ་མ་རྟོགས་པའི་གནད་ཀྱིས། དེ་རྣམས་ལ་ལེགས་བཤད་དུ་མི་ཤེས་པར་སྣང་ངོ༌། །མར་ལུགས་པ་གཞན་ཁ་ཅིག །པད་འདབ་རིམ་པ་གསུམ་གྱི་ཡི་གེ་ལ་ཕྱི་ནས་རིམ་པ་བཞིན་དམིགས་ནས། རིམ་པ་དེ་དག་ཏུ་རླུང་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱེད་པ། སྦྱོར་བ་རྣམ་པ་གསུམ་རང་བཞིན། ཞེས་པའི་དོན་དུ་འདོད་པ་ནི་མི་རིགས་ཏེ། ཕྱོགས་མཚམས་རིམ་པའི་ཏིང་ངེ་འཛིན། །སྦྱོར་བ་རྣམ་པ་གསུམ་རང་བཞིན། ཞེས་པའི་དོན་རིམ་པ་གསུམ་གྱི་ཕྱོགས་མཚམས་ལ་དམིགས་པའི་ཏིང་ངེ་འཛིན་གསུམ་སྦྱོར་བ་སྟེ་རྣལ་འབྱོར་གསུམ་གྱི་ངོ་བོར་སྟོན་པ་ཡིན་པའི་ཕྱིར་རོ། །ཀུ་ཀུ་རི་པས་ཀྱང༌། སྙིང་ཁར་བཀོད་པའི་ཐིག་ལེ་ཁ་སྦྱོར་གྱི་ནང་ནས་ལྡང་འཇུག་གི་རྡོར་བཟླས་བྱེད་པར་བཤད་དོ། །ཞལ་ལུང་ལས། སྤྱི་བོ་དང༌། མགྲིན་པ་དང་། སྙིང་ཁ་དང༌། ནུ་མ་གཉིས་ཀྱི་དབུས་སུ་རྡོ་རྗེ་གསུམ་དང༌། ཡེ་ཤེས་སེམས་དཔའ་བསྒོམས་པའི་ཐུགས་ཀར་རིམ་པ་བཞིན་དུ་མཚན་མ་ལ་གནས་པའི་རླུང་དང་ཆུ་དང་མེ་དང་སའི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བ་ལ་གནས་པའི་འབྲུ་གསུམ་དང༌། རང་གི་ལྷའི་ས་བོན་བསྒོམས་ནས་རྡོ་རྗེ་


JLD007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱེད་པར་བཤད་ཀྱང༌། ལྷ་སོ་སོའི་ཐུགས་ཀ་ནས་མི་བྱེད་ཀྱི། མི་ཤིགས་པ་ལས་བྱེད་པ་ཡིན་ཏེ། རིམ་པ་འདི་ཡིས་མི་ཤིགས་པའི། །རྡོ་རྗེ་བཟླས་པའི་ངོ་བོ་བྱ། ཞེས་གསུངས་སོ། །དེས་ན་གྲོལ་བའི་ཐིག་ལེ་ལས། ཡི་གེ་བཞི་ལས་འཕྲོས་པའི་འོད་ཟེར་སྟེང་གི་སྣ་སྒོ་ལས་འབྱུང་བའི་རླུང་བཞི་ལ་རྡོར་བཟླས་བྱ་བར་གསུངས་པ་ནི། དེར་གཡས་ཀྱི་རླུང་སྐུ་དང༌། གཡོན་གྱི་ཆུ་གསུང་དང༌། གཉིས་ཀའི་མེ་ཐུགས་རྡོ་རྗེ་དང༌། གཉིས་ཀའི་ས་ལྷ་ཐམས་ཅད་ཀྱི་ངོ་བོར་བཤད་པས། རླུང་བཞི་དེ་བཞིའི་རླུང་དུ་བསྟན་པར་བཞེད་ནས་དེ་ལྟར་གསུངས་ཀྱི། དེ་ནས་ལྡང་འཇུག་གནས་གསུམ་བྱེད་པའི་རྡོར་བཟླས་མིན་ཏེ། དེ་དང་ཞལ་ལུང་གཉིས་ཀར་ལྷའི་ཐུགས་ཀར་བཀོད་པའི་ཡི་གེ་བཞི་རླུང་འཇུག་གནས་ལྡང་གསུམ་དང༌། དེ་གཉིས་དང་བྲལ་བར་བཤད་པ་བཞིན་ནོ། །དེ་དག་ནི་ལུགས་འདི་དང་མཐུན་པ་རྣམས་སྨོས་པ་ཡིན་གྱི། ལུགས་གཞན་ནས་ལྟེ་བར་རྡོར་བཟླས་བྱེད་པར་ཡང་བཤད་དོ། །གཉིས་པ་ནི། རླུང་དང་སྔགས་གཉིས་སྦྱོར་ཚུལ་ལ། སྒྲོན་གསལ་ལས། ལུས་ཀྱི་གནས་སུ་བཀོད་པའི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཅན་གྱི་ཨ་དཀར་པོ་སོགས་རླུང་འཇུག་གནས་ལྡང་བར་བཤད་པ་ནི། ཡི་གེ་གསུམ་གྱི་མཚོན་དོན་རླུང་གསུམ་ཡིན་པས། དེ་ལྟར་བཤད་ཀྱི། དེ་རྣམས་རླུང་གསུམ་དུ་སྒོམ་པ་ཡང་མིན་ལ། རྡོར་བཟླས་ཀྱི་སྐབས་ཀྱང་མིན་ནོ། །རྡོར་བཟླས་ཀྱི་སྐབས་སུ་རྒྱུད་དང་འཕགས་སྐོར་རྣམས་ནས། ཡི་གེ་གསུམ་སྒྲ་


JLD007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གང་ཡིན་དང༌། དེ་དང་སྦྱར་རྒྱུའི་རླུང་གི་དེ་ཉིད་ལ་རླུང་དང་དེའི་གདངས་གང་ཡིན་གསལ་བར་བཤད་པ་མི་སྣང་ངོ༌། །རྗེ་འགོས་ཀྱིས་ནི་སྒྲའི་གདངས་ལ་མཛད་ཀྱི། དབྱིབས་ཀྱི་ཡི་གེ་ལ་མི་མཛད་པས། འདིའི་རྗེས་འབྲང་མཁས་པ་རྣམས་ཀྱང་དེ་བཞིན་དུ་འདོད་དོ། །མར་ལུགས་པ་མང་པོས་རླུང་འཕྲེང་ཐག་ལྟ་བུ་ལ་ཡི་གེ་གསུམ་འཕྲེང་རྡོག་འཁྲིགས་པ་བཞིན་དུ་བྲིས་པའི་རྣམ་པ་ཅན་ལ་འདོད་དོ། །རྩ་རྒྱུད་ལེའུ་བདུན་པར། སློངས་མོ་ཟ་ཞིང་མི་བཟླ་སྟེ། ཞེས་གསུངས་པའི་ངེས་དོན་སྒྲོན་གསལ་ལས། དགོངས་པ་ལུང་སྟོན་དྲངས་ཏེ་བཤད་པ་ལས། ཐ་དད་ཡི་གེ་སློངས་མོ་ཡིན། །དེ་འདོན་པ་ནི་ཟ་བ་སྟེ། །དེ་དག་སློངས་མོ་ཟ་བར་འདོད། ཅེས་གསུངས་ཏེ། འདིས་རྡོར་བཟླས་ཀྱི་མི་མཐུན་ཕྱོགས་རླུང་སྔགས་ཐ་དད་དུ་ཟློ་བ་བཤད་པས། དེ་ལ་བརྟེན་ནས་ཐ་མི་དད་ཤེས་དགོས་སོ། །དེ་ལ་སློང་མོའི་སྐད་དོད་བྷི་ཀྵ་ལ་ངེས་ཚིག་གི་ཚུལ་གྱིས། བྷིནྣ་ཐ་དད་དང༌། ཨ་ཀྵ་ར་ཡི་གེ་སྟེ། རླུང་དང་ཡི་གེ་སོ་སོར་བྱས་ནས་འདོན་པ་ནི་སློངས་མོ་ཟ་བ་ཡིན་པས། རླུང་སྔགས་གཉིས་སོ་སོར་བྱེད་པ་ན་སྔགས་ནི་གདངས་སུ་འདོན་པ་ལ་བྱས་ཀྱིས་བྲིས་པའི་རྣམ་པ་ལ་སེམས་པ་ལ་མ་བཤད་དོ། །དེས་ན་རླུང་སྔགས་གཉིས་ཐ་མི་དད་དུ་བྱེད་པའང་སྔགས་ཀྱི་གདངས་དང་ཐ་མི་དད་དུ་བྱ་དགོས་ཀྱི། བྲིས་པའི་རྣམ་པ་དང་ཐ་མི་དད་དུ་བྱེད་པ་མིན་ནོ། །གདངས་ཀྱང༌། ཚིག་ཏུ་བཏོན་པ་ནི་ཕྱི་རོལ་གྱི་ངག་ཡིན་ལ། སྤྱོད་བསྡུས་ལས་འདི་ནང་གི་ངག་ཏུ་བཤད་པས་དེ་མིན་ནོ། །ཚིག་ཏུ་


JLD007_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏོན་ཀྱང་ཚིག་ཏུ་བཏོན་པའི་རྣམ་པ་ཡིད་ལ་བྱེད་པའི་གདངས་ཀྱང་མིན་ནོ། །དེས་ན་རླུང་འཇུག་གནས་ལྡང་གསུམ་གྱི་རང་གདངས་ནི་འདིར་ཡི་གེ་གསུམ་དུ་བྱའོ། །རླུང་གི་རང་གདངས་ཉིད་སྔགས་ཀྱི་གདངས་སུ་དབྱེར་མེད་དུ་སྦྱོར་བ་དེ་རླུང་སྔགས་དབྱེར་མེད་དུ་སྦྱོར་ཞེས་པའི་དོན་ནོ། །རླུང་གིས་ཡི་གེ་གསུམ་གྱི་གདངས་དང་འདྲ་བ་སྒྲོག་བཞིན་པར་ཡོད་པ་དེ་ཉིད་རང་གིས་ངོ་ཤེས་ནས། དེ་ལ་མ་ཡེངས་པར་ཡིད་གཏོད་པ་ཉིད་འདིའི་བཟླས་པ་བྱེད་པ་ཡིན་ལ། དེ་ལ་སྒྲོན་གསལ་ལས། ཡིད་ཀྱི་བཟླས་པར་གསུངས་ཀྱི། ལྕེ་རྐན་གྱི་རྩོལ་བས་སྔགས་འདོན་པའི་རྣམ་པ་ཡིད་ལ་བྱེད་པའི་ཡིད་བཟླས་དང་ཡེ་མི་འདྲ་བས་ལེགས་པར་ཕྱེད་པར་བྱའོ། །རླུང་སྔགས་དབྱེར་མེད་དུ་སྦྱོར་བར་གསུངས་པའི་དོན་དེ་ཡིད་ངོར་གཅིག་ཏུ་འཆར་བ་ཅིག་དགོས་ཀྱི། སྔར་ལྟར་མ་བྱས་ན་ཡིད་ངོར་གཅིག་ཏུ་མི་འཆར་རོ། །གདམས་ངག་ལས། རླུང་ནང་དུ་གནས་པའི་དུས་སུ་ཅུང་ཟད་རིང་བ་རེ་བྱ་ཞེས་པ་ལ། མཁས་པ་ཁ་ཅིག །རྒྱུད་འགྲེལ་གྱི་དགོངས་པ་ནི། རླུང་ཇི་ལྟར་འདུག་པ་བཞིན་བཟོ་མེད་པར་འཇོག་པ་ཡིན་གསུང་བ་མི་འཐད་དེ། ཞག་གཅིག་ལ་རླུང་འབྱུང་འཇུག་གཉིས་ལ་གཅིག་ཏུ་བྱས་པའི་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལས་མ་བཤད་པས། བཟོ་མེད་དུ་འཇོག་ན་འབྱུང་འཇུག་གཉིས་མིན་པའི་གནས་པ་མེད་པའི་ཕྱིར་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱར་མེད་པར་འགྱུར་རོ། །དེས་ན་ཡི་གེ་གཉིས་ཀྱི་རྡོར་བཟླས་


JLD007_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་བྱེད་ན། བཟོ་མེད་དུ་བྱས་པས་ཆོག་ཀྱང༌། ཡི་གེ་གསུམ་ལ་བར་དུ་གནས་པ་རེ་ཆེད་དུ་བྱེད་པ། མར་འགོས་གཉིས་ཀའི་གདམས་ངག་ལས་འབྱུང་བ་ལྟར་བྱ་དགོས་ཏེ། ཞལ་ལུང་ལས། ཨཱཿའི་རང་བཞིན་གནས་པའི་དུས་སུ་དལ་བུས་གཟུང་བར་ལན་བཞིར་བཤད་པའི་ཕྱིར་རོ། །ལྡང་འཇུག་གཉིས་ལས་ནང་དུ་གནས་པ་རིང་བར་བྱ་བར་མང་པོ་འདོད་མོད་ཀྱང༌། རྗེ་འགོས་ཀྱི་བཞེད་པས་གསུམ་ག་མཉམ་པར་བཞེད་པ་ལྟར་ལེགས་སོ། །རླུང་ཕྱིར་ལྡང་བའི་དུས་སུ་ཆོས་ཀུན་དག་པར་བྱས་ནས་བདུད་རྩིར་གྱུར་པ་ཨ་གྱི་ངོ་བོར་འོངས་ནས་རང་རྒྱུད་ཀྱི་བག་ཆགས་བཀྲུས་པ་དང༌། ཨཱཿའི་ངོ་བོས་ཀྱང་རང་རྒྱུད་དག་པར་བྱེད་པར་ཞལ་ལུང་ལས་གསུངས་ཤིང༌། གྲོལ་བའི་ཐིག་ལེ་ལས། ཧཱུཾ་གིས་སངས་རྒྱས་སོགས་སྤྲོས་པའི་དུས་སུ་བརྟན་པའི་ཆོས་ཀུན་འགྲུབ་པར་བྱེད། ཨ་གྱིས་སངས་རྒྱས་སོགས་སྡུད་པའི་དུས་སུ་གཡོ་བའི་ཆོས་ཀུན་འགྲུབ་པར་བྱེད། ཨཱཿཡིས་སངས་རྒྱས་སོགས་གཟུང་བའི་དུས་སུ་བརྟན་གཡོའི་ཆོས་ཀུན་གཉིས་མེད་ཡེ་ཤེས་སུ་འཇུག་པར་བྱེད། ཅེས་གསུངས་ཏེ། འགྲུབ་པར་བྱེད་པ་ནི་དག་པར་བྱེད་པའི་དོན་དུ་འགྲེལ་པས་བཤད་དོ། །འཕགས་སྐོར་དུ་དེ་ལྟར་བྱེད་པར་མ་བཤད། ཁ་ཅིག །རིམ་ལྔ་ལས། ཧཱུཾ་ཡིག་སེམས་ཅན་ཡང་དག་སྤྲོ། ཞེས་སོགས་ཀྱིས་བསྟན་པར་འདོད་མོད་ཀྱང༌། དོན་མིན་ནོ། །དོན་ལྔ་མར། ཡི་གེ་གསུམ་གྱི་རྡོར་བཟླས་ཉེར་གཅིག་རེ་ཙམ་སྦྱང༌།


JLD007_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་གྲངས་མང་ན་ཁམས་བདེ་རླུང་བཟུང་སླ་རྡོར་བཟླས་དངོས་ནི། སྟེང་རླུང་ཨ་གྱིས་མནན། འོག་རླུང་ཧཱུཾ་གིས་དྲངས་ཏེ་སྙིང་ཁར་རླུང་ཁ་སྦྱར་སྒོམ་པ་ལ་བྱེད། དོན་བཞི་མར། ཡི་གེ་གསུམ་གྱི་རྡོར་བཟླས་བྱས་པས་རླུང་མི་རྒྱུ་བར་དྷཱུ་ཏཱིའི་དབུས་སུ་ཚུད་པ་ལས་བདེ་སྟོང་གི་ཉམས་སྐྱེད་པའི་རྡོར་བཟླས་མཐར་ཕྱིན་གྱི་བར་དུ་བྱ་བར་བཤད། འཁོར་ལོ་ཅན་དུའང་རྡོར་བཟླས་བརྒྱ་རྩ་བརྒྱད་སོགས་ཡང་ཡང་བྱས་པས་རྟགས་ལྔ་འཆར་བར་བཤད་དོ། །དེ་ལྟར་མི་མཐུན་པ་སྣང་བའི་དང་པོས་ཡི་གེ་གསུམ་གྱི་རྡོར་བཟླས་ཉེར་གཅིག་ལ་སོགས་པ་ཅུང་ཟད་རེ་ལས་མི་སྦྱོང་བ་ནི། རྩ་བཤད་ཀྱི་རྒྱུད་དང༌། ཡབ་སྲས་ཀྱི་གཞུང་ཀུན་དང་འགལ་བའི་ནོར་བ་ཆེན་པོར་སྣང་ལ། རླུང་ཁ་སྦྱོར་འཛིན་པ་རྡོར་བཟླས་སུ་བཤད་པ་ནི་རྟོག་བཟོ་འབའ་ཞིག་ཏུ་སྣང་ཞིང༌། རང་ལུགས་ཀྱིས་སེམས་དབེན་གྱི་རླུང་སྦྱོར་དུ་འདོད་པ་མང་པོ་དང་ཡང་འགལ་ལོ། །དེས་ན་དོན་བཞི་མ་ལྟར་བྱ་དགོས་ལ། འཁོར་ལོ་ཅན་ཡང་དེ་དང་མཐུན་པར་བྱའོ། །མདོར་བྱས་སུ་ལྷ་མོ་བཞིས་ཞུས་ཀྱི་གཞུང་བཀོད་པ་ལས། ཁ་ཟས་ཀྱི་སྐབས་སུ་ཁ་སྦྱར་བྱ་བར་བཤད་པ་ལ། འགྲེལ་པ་ཁ་ཅིག་གིས་རླུང་ཁ་སྦྱོར་དུ་བཤད་པ་མ་གཏོགས་པ། འཕགས་སྐོར་གྱི་རྒྱ་གཞུང་གང་དུ་ཡང་མ་བཤད་ལ། གལ་ཏེ་མན་ངག་གིས་བྱེད་ནའང༌། རང་ལུགས་ཀྱི་མན་ངག་གཞན་ལས་སེམས་དབེན་གྱི་སྐབས་སུ་བཤད་པ་ལྟར་བྱས་ན་རང་གི་


JLD007_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དང་མཐུན་ནོ། །རྡོར་བཟླས་ལ་བཟླས་པའི་ཡུལ་རླུང་གི་སྒོ་ནས་ཕྱེ་ན། རྩ་བ་དང༌། ཡན་ལག་གི་རྡོར་བཟླས་གཉིས་དང༌། དེ་གཉིས་ལའང་བཞི་དང་ལྔར་དབྱེ་བའོ། །བཟླས་པའི་སྔགས་ཀྱི་སྒོ་ནས་ཕྱེ་ན། རྡོ་རྗེ་འཕྲེང་བར། ཧཱུཾ་ཧོཿའི་ཡི་གེ་གཉིས་ཀྱི་རྡོར་བཟླས་དང༌། ཡི་གེ་གསུམ་གྱི་རྡོར་བཟླས་གཉིས་བཤད་ལ། དགོངས་པ་ལུང་སྟོན་དང་རྒྱུད་ཕྱི་མར་ནི་ཡི་གེ་གསུམ་གྱི་རྡོར་བཟླས་ཉིད་བཤད་དོ། །ལག་སྨི་དང་སྐལ་ལྡན་གྲགས་པ་སོགས་ཀྱིས་རིགས་དྲུག་དང༌། ཁྲོ་བོ་དང༌། དུག་གསུམ་དང༌། མ་ནིང་གི་རྡོར་བཟླས་ཏེ་བཅུ་གཅིག་ཏུ་བཤད་ཅིང༌། དེ་ཡང་ལེའུ་བཅུ་གསུམ་པ་རྩ་འགྲེལ་གྱི་དོན་དུ་འདོད་དོ། །སྒྲོན་གསལ་གྱི་དགོངས་པ་ནི། འབྲུ་གསུམ་གྱི་དེ་ཁོ་ན་ཉིད་ལ་དཔྱད་ནས་དེའི་དོན་ཤེས་པར་བྱེད་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟླས་པར་བཤད་ལ། དེ་ནས་རིན་ཆེན་གྱི་བཟླས་པ་དང༌། ཐོགས་མེད་ཀྱི་བཟླས་པ་གཉིས་རྡོར་བཟླས་ཀྱི་གཙོ་བོར་གསུངས་པས། སྔ་མ་གསུམ་ཙམ་ནི་རྡོར་བཟླས་ཀྱི་མཚན་ཉིད་ཚང་བ་མིན་ནོ། །རྡོར་བཟླས་ཡིད་བཟླས་སུ་བཤད་ཅིང༌། ཁྲོ་བོའི་བཟླས་པ་ངག་བཟླས་སུ་བཤད་པས། དེ་རྡོར་བཟླས་མིན་པ་ནི་ཤིན་ཏུ་ཡང་གསལ་ལོ། །དུག་གསུམ་གྱི་བཟླས་པ་ནི་དུག་གསུམ་ཅན་གྱི་སེམས་ཅན་རྣམས་འོད་གསལ་དུ་འཇོག་པར་སེམས་པ་ལ་བཤད་པས། དེ་ལ་རླུང་གི་བཟླས་པ་མེད་དོ། །མ་ནིང་གི་བཟླས་པ་ནི་འོད་གསལ་སྒོམ་པ་ལ་མཛད་སྣང་བས། དེ་ལའང་རླུང་གི་བཟླས་པ་མེད་ལ།


JLD007_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་རྡོར་བཟླས་སུ་ཡང་མ་གསུངས་སོ། །རྡོར་བཟླས་ཀྱི་གཙོ་བོར་གསུངས་པ་ནི་རྒྱུད་ལས། དོན་གྱི་རྗེས་འགྲོའི་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་ཡིས། །དུས་གསུམ་སངས་རྒྱས་རྣམས་དཔྱད་པ། །དེ་ནི་རིན་ཆེན་བཟླས་པར་བཤད། །སངས་རྒྱས་ཞིང་རྣམས་ཀུན་ཏུ་ནི། །སྐུ་ཡི་སྤྲིན་རྣམས་སྤྲོ་བ་དང༌། །བཞུད་ཅིང་བྱོན་པ་རྡོ་རྗེའི་དོན། །དེ་ནི་ཐོགས་མེད་བཟླས་པར་བཤད། ཅེས་གསུངས་པའོ། །རྐང་པ་གཉིས་པ་ལ་ཆག་འགྱུར་ལས། ངོ་བོ་ཉིད་བྱུང་བཟང་པོ་ཡིས། ཞེས་འབྱུང་བ་ལེགས་སོ། །དེ་རྣམས་ཀྱི་དོན་ནི། འབྲུ་གསུམ་གྱི་དོན་འཇུག་ལྡང་གནས་གསུམ་གྱི་རྗེས་སུ་འབྲང་བའི་བཟླས་པ་ནི་དོན་གྱི་རྗེས་འགྲོའི་བཟླས་པའོ། །མི་ཤིགས་པའི་ངོ་བོ་ཉིད་ལས་བྱུང་བའི་བཟང་པོ་སྟེ་རྒྱུད་མི་འཆད་པར་རྣམ་པར་འཕྲོ་བའི་རྒྱུ་དེས། ལྡང་འཇུག་གནས་གསུམ་གྱི་དུས་གསུམ་དུ་འབྱུང་བའི་སངས་རྒྱས་རྣམ་པར་དཔྱད་དེ་ཡོངས་སུ་ཤེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོའི་རླུང་རྣམས་མི་ཤིགས་པའི་ངོ་བོར་རྟོགས་པར་བྱས་པ་སྟེ། རིན་ཆེན་གྱི་བཟླས་པའོ། །འདིའི་འགྲེལ་པའི་འགྱུར་བཟང་བ་རྣམས་དང་བསྟུན་པའི་བཤད་པའོ། །དེ་ནི་རྡོར་བཟླས་ཀྱིས་རླུང་རྣམས་མི་ཤིགས་པར་བསྡུས་པའི་དོན་ནོ། །དེ་ལྟར་བསྡུས་ཏེ་ཐིམ་པ་ལས་ཡང་ལྡང་བ་ན་སངས་རྒྱས་ཀྱི་ཞིང་སྙིང་ཁའི་པདྨའི་མི་ཤིགས་པ་ལས། ཐམས་ཅད་དུ་སྟེ་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་སྒོ་རྣམས་སུ་སྐུའི་སྤྲིན་རྣམས་


JLD007_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཞུད་པ་དང་ནང་དུ་བྱོན་པ་དང༌། ནང་དུ་གནས་པའི་རྡོ་རྗེའི་དོན་གྱི་བདག་ཉིད་ཅན་གྱི་སྤྲོ་བ་གང་ཡིན་པ་དེ་ནི་ཐོགས་མེད་ཀྱི་བཟླས་པའོ། །སྔ་མ་ལ་རིན་ཆེན་གྱི་བཟླས་པ་ཟེར་བ་ནི། རྩ་བའི་རླུང་གི་རྡོར་བཟླས་ཀྱིས་མི་ཤིགས་པའི་རིན་པོ་ཆེ་ལ་རླུང་བསྡུས་པ་ལ་དགོངས་པ་ཡིན་གྱི་རིགས་ལྔའི་རིན་འབྱུང་གི་བཟླས་པར་སྟོན་པ་མིན་ནོ། །དེ་ལྟར་རླུང་སྡུད་པའི་ནུས་པ་ཐོབ་ནས་ཡན་ལག་གི་རླུང་ལ་རྡོར་བཟླས་བྱེད་པ་ནི། དབང་པོ་སོ་སོའི་སྒོར་ཐོགས་པ་མེད་པར་འཇུག་པའི་བཟླས་པ་ཡིན་པས་ཐོགས་མེད་ཀྱི་བཟླས་པ་ཞེས་བྱའི། དོན་གྲུབ་ཀྱི་བཟླས་པ་སྟོན་པ་མིན་ནོ། །རིམ་ལྔར་དྲངས་པ་ལས། སྔ་མ་ལ་རྡོ་རྗེ་བཟླས་པ་ཞེས་འབྱུང་ངོ༌། །སྒྲོན་གསལ་མ་གཏོགས་པ་ཡབ་སྲས་ཀྱི་གཞུང་རྣམས་དང༌། རིམ་ལྔ་བསྡུས་པ་སོགས་ནས་ཡན་ལག་གི་རླུང་གི་རྡོར་བཟླས་མ་བཤད་དོ། །སྔར་བསྟན་པའི་མཚམས་དེ་ནས་ཡན་ལག་གི་རླུང་གི་བཟླས་པ་བྱེད་ནའང་སྙིང་ཁའི་མི་ཤིགས་པ་ལས་འབྱུང་བའི་ཚུལ་གྱིས་བཟླ་དགོས་ཤིང༌། དེ་ལྟར་བྱེད་པ་དེས་ཡུལ་སྣང་ཐམས་ཅད་ཀྱི་བདེ་བ་འབར་བའི་གྲོགས་བྱེད་པར་རྗེ་འགོས་བཞེད་དེ། རྡོ་རྗེ་འཕྲེང་བའི་དགོངས་པ་དམ་པར་སྣང་ངོ༌། །རྡོ་རྗེ་བཟླས་པའི་སྒྲའི་དོན་ལ། བོད་དང་རྒྱ་གར་བ་ཁ་ཅིག་གིས་སྣ་ཚོགས་ཤིག་བཤད་སྣང་ན་ཡང༌། སྒྲོན་གསལ་ལས། དེ་རྣམས་ཀྱི་དོན་ནི་ཡི་གེ་གསུམ་མོ། །དེའི་བཟླས་པ་ནི་འཇུག་པ་ལ་སོགས་པ་གསུམ་མོ། །དེ་རྣམས་ཡོད་པ་ནི་རྡོ་རྗེ་མི་ཕྱེད་གསུམ་གྱིས་


JLD007_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་སྟེ། དེའི་ངོ་བོ་ཉིད་ཀྱི་རྡོ་རྗེ་བཟླས་པ་གསུངས་སོ། ཞེས་གསུངས་པས། རྡོ་རྗེ་གསུམ་གྱི་ཡི་གེ་གསུམ་དང་རླུང་གསུམ་གྱི་གདངས་གསུམ་དབྱེར་མི་ཕྱེད་པར་སྦྱར་བའི་ངོ་བོ་ཉིད་ཀྱི་བཟླས་པ་ལ་རྡོ་རྗེ་བཟླས་པ་ཞེས་བྱའོ། །དེ་ལྟར་ན་མཉམ་གཞག་ཏུ་སྔར་བཤད་པའི་ལུས་ཀྱི་གནད་ལ་སོགས་པའི་གནད་བཞི་དང་ལྡན་པའི་ངང་ནས། བྱིང་བ་དང་རྒོད་པར་འགྱུར་བའི་སྐྱོན་བཅད་ནས་རླུང་གི་རྣལ་འབྱོར་དང༌། བཟླས་པའི་རྣལ་འབྱོར་གཉིས་ཀའི་ཡོན་ཏན་ལེགས་པར་མཐོང་བའི་སྤྲོ་ཤུགས་ཀྱིས། རླུང་གསུམ་གྱི་གདངས་སྔགས་སུ་འཆར་བ་ལ་ཚུལ་བཞིན་དུ་བསླབ་པར་བྱ་ཞིང༌། རྗེས་ཐོབ་ཏུའང་བསླབ་པ་ནི་དགོངས་པ་ལུང་སྟོན་ལས། བྱ་བ་ཐམས་ཅད་ཉིད་དུ་ཡང༌། །རྣལ་འབྱོར་རིག་པས་ཉལ་སོགས་ལ། །མིང་མེད་བརྗོད་དུ་མེད་པ་དང༌། །དུས་གསུམ་འདས་པ་རྟག་ཏུ་བཟླ། ཞེས་གསུངས་པ་ལྟར་རོ། །རྐང་པ་ཕྱི་མ་གཉིས་ཀྱི་དོན་ནི། དུས་གསུམ་ཐམས་ཅད་དུ་མིང་དང་ཚིག་གིས་བརྗོད་པ་དང་བྲལ་བའི་ཡི་གེ་གསུམ་བཟླ་ཞེས་ཤྲཱདྡྷཱས་བཤད་དོ། །གསུམ་པ་ནི། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་ལ་གཉིས་ལས། རྡོ་རྗེ་འཕྲེང་བར་གསུངས་པ་ནི། ལས་ཀྱི་ཕྱག་རྒྱའི་པདྨའི་སྣ་རྩེ་དང༌། རང་གི་རྡོ་རྗེའི་སྣ་རྩེ་ཕྲད་མཚམས་སུ་བྱང་སེམས་མི་འཕོ་བར་འཛིན་པ་ལ་ཐིག་ལེ་སྒོམ་པ་ཞེས་གསུངས་ཀྱི། དེར་ཐིག་ལེ་གཟུགས་ལ་དམིགས་ནས་སྒོམ་པ་མིན་ནོ། །སྒྲོན་གསལ་ལས། རྒྱུད་ཕྱི་མའི་དོན་བཤད་པ་ནི། རང་གི་རྡོ་རྗེའི་བུ་ག་ནས་རླུང་ཐིག་ལེའི་


JLD007_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱིས་ཕྱུང་ནས། རིག་མའི་པདྨའི་སྣ་རྩེར་ཐིག་ལེའི་གཟུགས་ཀྱིས་བརྟག་པར་གསུངས་པས། ཐིག་ལེ་ལ་དམིགས་ནས་སྒོམ་པ་ཡིན་ནོ། །དེ་ནི་ཡེ་ཤེས་ཀྱི་ཕྱག་རྒྱར་གསལ་ལ། དེ་ཡང་སྣ་རྩེ་གཉིས་ཕྲད་མཚམས་སུ་སྒོམ་པས། རེ་རེ་བའི་སྣ་རྩེར་སྒོམ་པ་དང་མི་འདྲའོ། །སྤྱིར་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྒོམ་པ་ལ། དེ་དང་སྙོམས་པར་ཞུགས་ནས་བདེ་བ་སྐྱེད་པ་ཅིག་དང༌། དེ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡུམ་གྱི་པད་མར་ཞུགས་པའི་ཐིག་ལེའི་ནང་དུ་དཀྱིལ་འཁོར་སྒོམ་པ་ཅིག་དང༌། ཡབ་ཡུམ་གཉིས་ཀྱི་གསང་གནས་ཀྱི་སྣ་རྩེ་གཉིས་ཕྲད་མཚམས་སུ་ཐིག་ལེ་ལ་དམིགས་ནས་སྒོམ་པ་གསུམ་འཕགས་སྐོར་དུ་བཤད་པ་ལས་འདིར་ཕྱི་མའོ། །དེའི་དགོས་པ་ཡང་རླུང་དྷཱུ་ཏཱིར་སྡུད་པའི་ཆེད་ཡིན་མོད་ཀྱང༌། སྔར་དྷཱུ་ཏཱིར་སྡུད་མ་ནུས་པ་འདིར་བསྡུ་བའི་དོན་མིན་ཏེ། ལུས་དབེན་ལ་ལོབས་པ་ན་རླུང་སྡུད་ནུས་པའི་ཕྱིར་རོ། །དེས་ན་སྐབས་འདིའི་སྲོག་རྩོལ་སྒོམ་པ་སྔ་མ་གཉིས་ཀྱིས་ནི་སྔར་སྙིང་ཁར་སྡུད་མ་ནུས་པ་སྡུད་པར་བྱེད་ལ། འདི་ནི་སྐབས་འདིར་སྙིང་ཁར་བསྡུས་པའི་བོགས་འདོན་དུ་འགྲོ་བ་ཡིན་པས། སྐབས་གཞན་དུ་ཡང་དེའི་རིགས་པ་སྦྱར་རོ། །གཉིས་པ་ལ་གཉིས། རྡོར་བཟླས་ཀྱིས་སྙིང་ཁའི་རྩ་མདུད་འགྲོལ་བར་བསྟན་པ་དང༌། སྙིང་ཁའི་རྩ་མདུད་འགྲོལ་བ་དེ་རྩ་མདུད་འགྲོལ་བའི་གཙོ་བོར་བསྟན་པའོ། །དང་པོ་ནི། དེ་ལྟར་སྙིང་ཁའི་འཁོར་ལོའི་དབུས་ཀྱི་མི་ཤིགས་པ་ལས་རྡོར་བཟླས་བྱ་དགོས་པའི་རྒྱུ་མཚན་


JLD007_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྡོ་རྗེ་འཕྲེང་བ་ལས་གསལ་བར་གསུངས་ཏེ། མཛོད་སྤུའི་དབུས་ན་གནས་པ་ནི། །ཐིག་ལེ་རླུང་དུ་ཡང་དག་བཤད། །སྔགས་ཀྱི་དེ་ཉིད་ཀྱིས་དེ་འབྱེད། །རྣལ་འབྱོར་མདུད་པ་བཀྲོལ་ནས་ནི། །རླུང་གི་དེ་ཉིད་རིགས་པ་དེ། །ཁྱད་པར་དབྱེ་བའི་སྦྱོར་བ་ཡིས། །སྦྱོར་བ་དེ་ཡང་མི་རིག་གོ །རླུང་འཛིན་པ་ཡི་རྣལ་འབྱོར་གྱིས། །རྗོད་དང་བརྗོད་བྱའི་དོན་ལས་འདས། །མི་གསལ་ལོག་པར་མཐོང་རྣམས་ལ། །བསམ་གཏན་བསྒོམ་བྱ་དང་བྲལ་བའི། །སངས་རྒྱས་ཀྱིས་ཀྱང་ཐོབ་པར་དཀའ། །རྣལ་འབྱོར་མ་ཡི་དྲིན་གྱིས་ནི། །ཞལ་ནས་ཞལ་དུ་བརྒྱུད་ནས་གནས། ཞེས་སོ། །རྐང་པ་དང་པོ་གཉིས་ཀྱི་དོན་ནི། དེ་ཉིད་ལས། ཨ་ནི་ཆོས་འཁོར་པད་མར་གནས། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །འདི་ཉིད་ཁོ་ན་རླུང་ཆེན་པོ། །སྲོག་ཅེས་བྱ་བ་ཞེས་གསུངས་ཤིང༌། །མཛོད་སྤུའི་གནས་སྨིན་མཚམས་ན་རླུང་གི་འཁོར་ལོ་འདབ་མ་དྲུག་པ་གནས་པར་གསུངས་པས། སྙིང་ཁ་ནས་དེའི་བར་དུ་ཁྱབ་པའི་སྲོག་རླུང་གི་གནས་དྷཱུ་ཏཱི་སྟོན་ནོ། །སྔགས་དང་རླུང་གི་དེ་ཉིད་ཀྱིས་དེ་འབྱེད་པ་ནི་སྔགས་ཞེས་པ་གཅིག་གིས་སོ། །དྷཱུ་ཏཱིའི་རྩ་མདུད་འབྱེད་པ་ནི་རྣལ་འབྱོར་ཞེས་པ་གཅིག་གིས་སོ། །སྔགས་དང་རླུང་གི་དེ་ཉིད་རིགས་པ་དང་བཅས་པ་ཁྱད་པར་ཅན་གྱི་འབྱེད་བྱེད་དེ་མི་ཤེས་པར་རླུང་འཛིན་པའི་རྣལ་འབྱོར་གྱིས་དོན་དེ་འཐོབ་དཀའ་བ་ནི། རླུང་གི་ཞེས་པ་ནས། རླུང་འཛིན་པ་ཡི་རྣལ་འབྱོར་གྱིས། །འཐོབ་པར་དཀའ། ཞེས་སྦྲེལ་བའི་དོན་ནོ། །ཞི་བ་འོད་ཀྱི་འགྱུར་ལས། མཆོག་ཏུ་དབྱེ་བའི་སྦྱོར་བ་


JLD007_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྦྱོར་བ་དེ་ཡང་མི་ཤེས་པར། །ཞེས་འབྱུང་བ་ལེགས་ལ། རླུང་གི་དེ་ཉིད་རིག་པ་སྟེ། །ཞེས་ཀྱང་འབྱུང་ངོ༌། །དོན་དེ་བླ་མའི་མན་ངག་མེད་པར་མི་རྟོགས་པ་ནི། རྗོད་དང་བརྗོད་བྱའི་དོན་ལས་འདས་སོ། །མི་གསལ་བ་ནི་གསལ་བར་མ་རྟོགས་པའོ། །ལུང་གི་དོན་ཕྱིན་ཅི་ལོག་ཏུ་བཟུང་བ་ནི་ལོག་པར་མཐོང་བའོ། །དེ་ལྟར་རླུང་དང་སྔགས་ཀྱི་དེ་ཉིད་ཤེས་ནས། དེའི་བསམ་གཏན་སྒོམ་པ་དང་བྲལ་ན། སངས་རྒྱས་ཀྱིས་ཀྱང་རྣལ་འབྱོར་གྱི་སྟོབས་ཀྱིས་སྙིང་ཁའི་མདུད་པ་གྲོལ་བ་ཐོབ་པར་དཀའོ། །ཞི་བ་འོད་ཀྱི་འགྱུར་ལས། སངས་རྒྱས་རྣམས་ནི་ཐོབ་པར་དཀའ། ཞེས་ཀྱང་འབྱུང་ངོ༌། །རྒྱུད་འདིར་སྔགས་ཀྱི་དེ་ཉིད་རྣལ་འབྱོར་མའི་དྲིན་དང༌། བླ་མའི་ཞལ་ནས་རྟོགས་པར་འགྱུར་ཞེས་གསུངས་པས། རྣལ་འབྱོར་མ་ཞེས་པ་བླ་མ་ལ་ཟེར་བ་མིན་ནོ། །འོ་ན་གང་སྙམ་ན། རྒྱུད་འདིའི་རྩ་དབབ་པའི་མཚན་ཉིད་ཀྱི་ལེའུ་ལས། རྩ་བདུན་ཁྲི་ཉིས་སྟོང་བསྡུས་པ་ལས། པུལླིར་མ་ལ་ཡ་ལ་སོགས་པའི་གནས་ཉེར་བཞིའི་གྲངས་ཀྱི་རྩར་འགྱུར་བ་དང༌། དེ་ཡང་བསྡུས་པས་སྙིང་ཁའི་ཐུན་ཚོད་ཀྱི་རྩ་བརྒྱད་དུ་འགྲོ་བ་དང༌། དེ་བརྒྱད་ཀྱང་སྙིང་ཁའི་དབུས་ཀྱི་རྩ་གསུམ་དུ་འགྲོ་བ་དང༌། དེ་གསུམ་ཡང་སྦྱོར་བས་དྷཱུ་ཏཱི་གཅིག་ཉིད་དུ་འགྲོ་བའི་ཚུལ་རྣལ་འབྱོར་མའི་རྒྱུད་ལས་ཤེས་པར་བྱ་བར་གསུངས་པས། རླུང་དང་སྔགས་ཀྱི་དེ་ཉིད་རྡོར་བཟླས་ཀྱིས་སྙིང་ཁའི་རྩ་མདུད་དབྱེ་དགོས་པའི་རྒྱུ་མཚན་རྩ་རྣམས་དང་པོ་དེ་ནས་འཆགས་པ་དང༌། མཐར་སྡུད་པའི་གནས་མཐར་


JLD007_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ་རྣལ་འབྱོར་མ་རྣམས་ཀྱིས་ཞུས་པའི་ངོར། མངོན་བརྗོད་འབུམ་པ་ལ་སོགས་པར་བསྟན་པ་ལ་དགོངས་ནས་དེ་ལྟར་གསུངས་སོ། །དེ་ལྟར་སྔར་བཞིན་གསུངས་པ་ན་དེ་སྟོན་པར་རྡོ་རྗེ་དབང་ཕྱུག་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ་ནི། འགྲོ་བའི་མགོན་གྱིས་བསྟན་དུ་གསོལ། །ཐིག་ལེའི་དབྱེ་བ་རིགས་བཅས་པ། །གང་ཤེས་མྱུར་དུ་རྣལ་འབྱོར་མཆོག །སྦྱོར་བས་མདུད་པ་འབྱེད་པར་བྱེད། །ཁམས་གསུམ་པ་ཡི་འགྲོ་བ་འདི། །མྱུར་དུ་དངོས་གྲུབ་མཆོག་ཏུ་འགྲོ། ཞེས་པ་སྟེ། ཐིག་ལེའི་དབྱེ་བ་སྟེ་འབྱེད་བྱེད་རླུང་སྔགས་ཀྱི་དེ་ཉིད་གང་གིས་ཤེས་ནས་སྒོམ་པའི་རྣལ་འབྱོར་མཆོག་གི་སྦྱོར་བས་སྙིང་ཁའི་མདུད་པ་ཕྱེ་ནས། མྱུར་དུ་མཆོག་གི་དངོས་གྲུབ་ཏུ་འགྲོ་བ་ལ་འགྲོ་བའི་མགོན་པོས་བསྟན་དུ་གསོལ་ཞེས་པའོ། །དེ་སྐད་ཞུས་པའི་ལན་གསུངས་པ་ནི། དེ་སྐད་ཞུས་ནས་རྡོ་རྗེ་ཅན། །རྡོ་རྗེ་དབང་ཕྱུག་ལ་ཡང་གསུངས། །མཆོག་ཏུ་གསང་བའི་བདག་ཉིད་ནི། །གང་དུའང་གསལ་བར་མ་གསུངས་པ། །ཐིག་ལེའི་དབྱེ་བ་དེ་ཡང་ནི། །ང་ཡིས་བཤད་ཀྱིས་དེ་ཁྱོད་ཉོན། །སྙིང་གི་པདྨའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །སྟེང་འོག་ཡང་དག་བསྟན་ནས་ནི། །སྲོག་དང་ཐུར་སེལ་རླུང་ཆེན་གནས། །དེ་ལའང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །དེ་ཡིས་ཐུར་སེལ་བཅོམ་བྱས་པས། །སྟེང་དུ་འགྲོ་བ་ཐོབ་མི་བྱེད། །དེས་བཅོམ་སླར་ཡང་རྣམ་ལྔར་རྒྱུ། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། །ཁྱབ་བྱེད་དང་ནི་


JLD007_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གནས་ཉིད། །རྩེ་མོ་ལྔ་ལས་རྒྱུ་བ་ནི། །རྩ་ལྔ་ལ་ནི་ཡང་དག་བརྟེན། །རྒྱས་དང་རྣམ་པར་རྒྱས་པ་དང༌། །མྱོས་དང་ལྟུང་དང་མཛའ་བོ་སྟེ། །དེ་དག་རྩ་ནི་ལྔར་ཤེས་བྱ། །རྡོ་རྗེའི་འོག་ཏུ་གསལ་བར་ཁྱབ། །སྟེང་གི་སྲོག་གི་དབུས་ན་ཡང༌། །རྡོ་རྗེའི་ལྟེ་བ་མཁའ་དབྱིངས་འགྲོ། སྲོག་ཅེས་བྱ་བ་རླུང་ཆེན་པོ། །བྱུང་ནས་མདུད་པ་ལ་བརྟེན་པས། །བཅོམ་ནས་ཀྱང་ནི་རྣམ་ལྔར་རྒྱུ། །རྩེ་མོ་རྣམས་ལ་རྩ་ལྔ་ནི། །ཟླ་བའི་ཆ་དང་སྣང་བ་དང༌། ཞེས་སོགས་སྔར་དྲངས་པ་ལྟར་གསུངས་པའོ། །དེ་ལ་རྒྱུད་གཞན་གང་དུའང་གསལ་བར་མ་གསུངས་པ། ཤིན་ཏུ་གསང་བའི་གནས། རྡོར་བཟླས་ཀྱིས་སྙིང་ཁའི་རྩ་མདུད་འབྱེད་པའི་རྣལ་འབྱོར་འདི་ལ་དབྱེ་བར་བྱ་རྒྱུའི་མདུད་པ་ནི། སྙིང་ཁའི་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་རྩ་སྦུབས་ཀྱི་ནང་གི་ནམ་མཁའ་སྟོང་པ་ལ། ཡེ་ཤེས་རྡོ་རྗེ་མི་ཤིགས་པ་གནས་པའི་ཐད་སོར་ཤིན་ཏུ་དབྱེ་དཀའ་བའི་མདུད་པ་གསུམ་གྱིས་དཀྲིས་པ་དེའོ། །དེ་ནི་གཡས་ནས་རོ་མ་དང་གཡོན་ནས་རྐྱང་མས་འཁྱུད་པའི་མདུད་པ་གསུམ་གསུམ་སྟེ་དྲུག་ཡོད་ཀྱང༌། གཉིས་ཀ་ཐུན་མོང་དུ་གསུམ་མོ། །མདུད་པ་དེས་ཐུར་སེལ་བཀག་པས་སྟེང་དུ་མི་འགྲོ་བ་ནི། མདུད་མཚམས་ཀྱི་དྷཱུ་ཏཱིའི་ནང་ནས་སྟེང་དུ་མི་ཐར་བ་ཡིན་གྱི། སྤྱིར་ཐུར་སེལ་སྟེང་དུ་འགྲོ་བ་ནི་སྔར་བཤད་དོ། །དེས་བཅོམ་རྣམ་ལྔར་རྒྱུ་བ་ནི་ཐུར་སེལ་རླུང་ལྔར་རྒྱུ་བ་མིན་གྱི། མདུད་པས་བཀག་པའི་འོག་ནས་རླུང་ལྔ་ཐུར་དུ་རྒྱུ་བ་སྟེ། སྔར་གྱི་ཡེ་ཤེས་རྡོ་རྗེའི་འོག་ཏུ་ཁྱབ་པར་རྒྱུ་བའོ། །དེ་ཡང་ཐུར་སེལ་གྱི་རླུང་རྣམས་འོག་ཏུ་འདྲེན་པར་རྒྱུད་


JLD007_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་གསུངས་པ་ལྟར་ཡིན་ནོ། །སླར་ཡང་གི་སྒྲས་ནི་རླུང་ལྔ་སྟེང་དུ་རྒྱུ་བར་ཡང་བསྟན་ནོ། །སྲོག་གི་རླུང་ལ་སོགས་པ་ལྔ་ནི་རིམ་པ་བཞིན་དུ་རྒྱས་པ་ལ་སོགས་པའི་རྩ་ལྔ་ལས་རྒྱུའོ། །རྡོ་རྗེའི་ལྟེ་བའི་སྟེང་གི་དབུས་ནའང༌། སྲོག་གི་རླུང་རྩ་སྦུབས་ཀྱི་ནམ་མཁའི་དབྱིངས་ནས་བྱུང་ནས་རྣམ་པ་ལྔར་རྒྱུའོ་ཞེས་སྦྱར་རོ། །མདུད་པ་ལ་བརྟེན་པས་བཅོམ་པ་ནི། སྟེང་གི་སྲོག་རླུང་ཡང་མདུད་པ་དེས་བཀག་པས། དེའི་ནང་ནས་ཐུར་དུ་འགྲོར་མི་སྟེར་བ་སྟེ། དེ་ཉིད་ལས། སྟེང་མ་རྣམས་ཀྱང་ཐུར་དུ་འགྲོ། སྲོག་གིས་རབ་ཏུ་བཅོམ་ན་ཡང༌། །དེ་དག་རྣམས་ཀྱང་སྲོག་རྩའི་ནང༌། །ཞུགས་ནས་ཐུར་དུ་ཁ་བལྟས་པ། །དེ་དག་ཐུར་དུ་མི་འགྲོ་སྟེ། །མ་རིག་མདུད་པས་བཅིངས་པས་ན། ཞེས་གསུངས་པ་ལྟར་རོ། །སྲོག་གི་རྒྱུ་བ་བཅོམ་པ་ལ་སྲོག་གིས་བཅོམ་ཞེས་པ་ནི་འགྱུར་མ་བདེ་བའོ། །སྟེང་གི་རླུང་རྣམས་ཐུར་དུ་འགྲོ་མོད་ཀྱང༌། མདུད་པའི་མཚམས་ཀྱི་དྷཱུ་ཏཱིའི་ནང་ནས་འོག་ཏུ་མི་འགྲོ་བས་ཐུར་དུ་མི་འགྲོ་བའོ། །རྒྱུ་མཚན་ནི་མ་རིག་ཅེས་པས་སྟོན་པས་ན། ཞི་བ་འོད་ཀྱི་འགྱུར་ལས། མ་རིག་མདུད་པའི་འཁྲུལ་འཁོར་ནི། ཞེས་པ་མི་ལེགས་སོ། །སྲོག་འཛིན་སྟེང་གི་རྩ་སྦུབས་ནས་ཀླུ་ལ་སོགས་པའི་རླུང་ལྔ་རྒྱུ་བ་དང༌། སྲོག་འཛིན་གྱིས་སྟེང་དུ་རླུང་རྣམས་དབང་པོ་རྣམས་ཀྱི་སྒོར་སྤྲོ་བར་ཡང་གསུངས་སོ། །འདིར་རྒྱུད་ལས། རྣམ་པར་ཤེས་པའི་ཤིང་རྟའི་རླུང་རྣམ་ཤེས་ཀྱི་བག་ཆགས་དང་འདྲེས་ནས་ཡུལ་ལ་ཞུགས་པ་ལས་རང་བཞིན་རྣམས་སྐྱེད་པ་དང༌།


JLD007_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཀྱིས་བསླད་པའི་དབང་གིས་འཁོར་བར་འཁྱམས་པ་ཡིན་གྱི། དེ་མ་གཏོགས་པའི་འཁོར་བ་མེད་ཅེས་གསུངས་པའི་རྗེས་སུ། དེ་ཕྱིར་འཁོར་བ་སྤང་དོན་དུ། །ཐིག་ལེ་དབྱེ་བའི་གོ་འཕང་གསལ། །སྒོམ་པ་ལ་ནི་རབ་འབད་ཀྱིས། །མ་རིག་གཞན་གྱིས་མི་ཤེས་པ། །དབུས་ཀྱི་མདུད་པ་དེ་ཡང་ནི། །དེ་ཕྱེ་ན་ནི་དངོས་གྲུབ་འགྱུར། ཞེས་འཁོར་བར་འཁོར་བའི་བག་ཆགས་སྦྱང་བའི་ཕྱིར་དུ། སྙིང་ཁའཱི་དྷཱུ་ཏཱི་བཅིངས་པའི་མ་རིག་པའི་སྒོ་ངའི་སྦུབས་འབྱེད་བྱེད་ཐིག་ལེའི་དབྱེ་བ་ཞེས་པ་རླུང་དང་སྔགས་ཀྱི་དེ་ཉིད་བསྒོམ་པར་གསུངས་པ་ནི། སྙིང་ཁའི་མི་ཤིགས་པ་ལ་རྣམ་རྟོག་སྐྱེད་པའི་རླུང་སྲོག་ཐུར་གཉིས་ཐིམ་པར་མ་བྱས་བར་དུ་འོད་གསལ་རྫོགས་པ་མི་འཆར་ལ། དེ་ལ་ནི་སྙིང་ཁའི་རྩ་མདུད་དབྱེ་དགོས། དེ་འབྱེད་པ་ནི་སྔགས་ཀྱི་དེ་ཉིད་ཀྱིས་འབྱེད་པའི་དོན་ནོ། །དེ་ལྟར་རྡོར་འཕྲེང་གི་ལེའུ་དྲུག་པ་ལས། སྙིང་ཁའི་རྩ་མདུད་དབྱེ་དགོས་པ་དང༌། སྔགས་ཀྱི་དེ་ཉིད་ཀྱིས་དེ་ཕྱེད་ན། རལ་གྲི་རི་ལུ་མངོན་ཤེས་སོགས་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པ་དང༌། སྔགས་ཀྱི་དེ་ཉིད་ཀྱང༌། ཧཱུཾ་ཧོཿགཉིས་རླུང་ལྡང་འཇུག་གཉིས་དང་སྦྱར་བའི་བཟླས་པ་ལ་བཤད་ཅིང༌། དེ་ཡང་ཟླ་བ་དྲུག་བྱས་ནི་ངེས་པར་འགྲུབ་ཅེས་གསུངས་སོ། །འོ་ན། ཡི་གེ་གཉིས་ཀྱི་རྡོར་བཟླས་ཀྱི་རྩ་མདུད་འབྱེད་པ་དེ་ཉིད་ཀྱི་ཁྱད་ཆོས་ཡིན་ནམ། ཡི་གེ་གསུམ་གྱི་རྡོར་བཟླས་ཀྱིའང་ཡིན་སྙམ་ན། སྔགས་ཀྱི་དེ་ཉིད་ཀྱིས་འབྱེད་པར་གསུངས་པའི་སྔགས་ཀྱི་དེ་ཉིད་ལ་གཉིས་ཡོད་པའི་གཅིག་དྲུག་པར་གསུངས་


JLD007_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གཉིས་པ་ལེའུ་བཅོ་ལྔ་པར་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །སྔགས་ནི་གསུམ་གྱི་བཟླས་བརྗོད་བྱ། །དེ་ཡིས་མྱུར་དུ་དངོས་གྲུབ་འགྱུར། །རླུང་གི་དེ་ཉིད་ཕ་རོལ་ཕྱིན། ཞེས་དང༌། སྔགས་ཀྱི་དེ་ཉིད་བསྟན་པ་ནི། །དམིགས་པ་མེད་པའི་གོ་འཕང་གསལ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་རྒྱུ། །སྔགས་ཀྱི་ཡོན་ཏན་ཀུན་དང་ལྡན། །ལུས་ངག་ཡིད་ཀྱི་སྡོམ་པ་འོ། །དེ་ཉིད་དེ་སྐྱེས་ཡེ་ཤེས་མཆོག །དེ་ཉིད་ཀུན་གྱི་དོན་བསྡུས་པ། །སྔགས་ཀྱི་དེ་ཉིད་བླ་ན་མེད། །ཟླ་དྲུག་བཟླས་པས་འགྲུབ་པར་ནི། །འགྱུར་ཏེ་གཞན་དུ་མ་ཡིན་ནོ། ཞེས་ཡི་གེ་གསུམ་གྱི་སྔགས་དང༌། རླུང་གི་དེ་ཉིད་སྙིང་ཁའི་པདྨ་ནས་ཟློ་བའི་བཟླས་པ་ཟླ་བ་དྲུག་བྱས་པས་འགྲུབ་པར་ཤིན་ཏུ་གསལ་བར་གསུངས་སོ། །དེའི་ཕྱིར་ཡི་གེ་གཉིས་དང༌། ཡི་གེ་གསུམ་གྱི་རྡོར་བཟླས་གཉིས་ཀས་རྩ་མདུད་འགྲོལ་བ་རྒྱུད་ཀྱི་དགོངས་པར་གདོན་མི་ཟའོ། །འབྱེད་ཚུལ་ནི། དེ་གཉིས་ལས། སྒྲ་ཧཱུཾ་དང་ཐིག་ལེ་ཧོཿའི་མིང་དུ་བྱས། རླུང་གཉིས་ཀྱིས་ནི་ཕྱེ་ནས་ནི། །མ་རིག་མདུད་པ་འབྱེད་པར་བྱེད། ཅེས་གསུངས་ཏེ། དཔེར་ན་སྨྱུག་མའི་སྦུབས་འགགས་པ་ལ་ཐུར་མ་རིང་པོས་དེའི་ནང་དུ་འབྱུང་འཇུག་བྱས་པས་ཕྱེད་པ་བཞིན་དུ། རླུང་འབྱུང་འཇུག་གིས་ཀྱང་དེ་བཞིན་དུ་འབྱེད་དོ། །དེ་ཉིད་ལས། ཨ་ཧཾ་དང་བྲལ་སྐྱེས་བུ་ནི། །རྩ་བ་ཆད་པའི་ཤིང་བཞིན་ནོ། ཞེས་ཨ་ཧཾ་གི་ངེས་དོན་ཤེས་པ་དང་བྲལ་ན་རྩ་བ་ཆད་པ་དང་འདྲ་བར་གསུངས་ནས། ཨ་ནི་སྲོག་གི་རླུང་དུ་བཤད། །དེ་བཞིན་ཐུར་སེལ་ཧཾ་དུ་བརྗོད། །དེ་གཉིས་གཅིག་ཏུ་གྱུར་པ་ནི། །དེ་ནི་ཨ་ཧཾ་ཞེས་བྱར་གྲགས།


JLD007_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཏེ། ལུགས་འདིས་ནི་སྙིང་ཁའི་མི་ཤིགས་པའི་གནས་སུ་སྲོག་ཐུར་གཉིས་བསྲེ་བ་ཡིན་ནོ། །གཉིས་པ་ནི། འབྲུ་གསུམ་གྱི་སྔགས་བཏུ་བ་ལ་གཉིས་ལས། དྲང་དོན་གྱི་སྔགས་བཏུ་བ་ནི། རྡོ་རྗེ་འཕྲེང་བའི་ལེའུ་བཅོ་ལྔ་པ་ལས། དབྱངས་ཀྱི་དང་པོའི་ཨ་དང༌། དབྱངས་ཡིག་ལྔ་པ་ཨུ་ཡིག་དང༌། ཀ་ཙ་ཊ་ཏ་པའི་སྡེ་ཚན་གྱི་ཐ་མ་པ་སྡེའི་མཐའ་ཅན་མ་ཡིག་གསུམ་གྱི། ཨ་དང་ཨུ་ལས་ཨོ་སྟེ་ཨུ་ཡིག་མི་མངོན་པར་འགྱུར་རོ། །དེ་ལ་མ་ཡིག་རྗེས་སུ་ང་རོར་སྦྱར་བས་ཨ་མོ། །དེས་ན་རྒྱུད་འདིའི་སྐུ་གསུང་ཐུགས་ཀྱི་སྙིང་པོའི་ལེའུ་ལས། ཨུའི་དོད་ལ་འགྱུར་གསུམ་ག་ལས་ཨོ་འབྱུང་བ་ནི་མ་དག་པས། འགྲེལ་པར་ཨུ་ཡིག་འབྱུང་བ་དག་པ་ཡིན་ནོ། །དབྱངས་ཀྱི་ཐོག་མ་ཨ་ཡིག་གཉིས་དང༌། ཨུཥྨ་ནའི་ཆ་སྟེ་དྲོ་བའི་སྡེ་ཚན་གྱི་མཐའ་མ་ཧ་དང་གསུམ་གྱི་དང་པོ་གཉིས་ནི། མཚུངས་འདྲའི་ཡི་གེ་ལ་སྔ་མ་རིང་པོར་འགྱུར་ཞིང་ཕྱི་མ་ཕྱིས་པས་ཨཱ་རིང་པོ་གཅིག་གོ །ཧཱ་ཡིག་སྲོག་མེད་ནི་ཚེག་དྲག་གི་གནས་སུ་འཇོག་པར་འགྲེལ་པས་བཤད་དེ། སྐབས་གཉིས་སུ་ཧ་ཡིག་གསུངས་སོ། །ཨུཥྨ་ནའི་ཆ་ཧ་ཡིག་ལ་དབྱངས་དྲུག་པ་ཨཱ་ཡིག་གིས་བརྒྱན་པས་ཧཱུཾའོ། །དེ་ལ་པ་སྡེའི་མཐའི་མ་ཡིག་ཀླད་ཀོར་དུ་བྱིན་པས་ཧཱུཾ་ངོ༌། །འགྲེལ་པའི་གཞུང་ལས། ཨུཥྨ་ནའི་མཐའ་ཆ་ལྡན། ཞེས་པའི་ཆས་ཟླ་ཚེས་བསྟན་པར་འགྲེལ་པར་བཤད་དོ། །དེ་ལྟར་ན་སྤྱོད་བསྡུས་ལས། འབྲུ་གསུམ་གྱི་རེ་རེ་ཡང་ཡི་གེ་གསུམ་གསུམ་ལས་འབྱུང་བར་གསུངས་པ་ནི་དེ་བཞིན་དུ་བྱའོ། །ངེས་དོན་གྱི་སྔགས་བཏུ་བ་ལ་གསུམ་ལས། ངེས་དོན་གྱི་ཨ་ཡིག་ཐུ་ཚུལ་ནི། རྒྱུད་དེ་ཉིད་ལས། ཨ་


JLD007_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་འཁོར་པདྨར་གནས། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །འདི་ཉིད་ཁོ་ན་རླུང་ཆེན་པོ། །སྲོག་ཅེས་བྱ་བ་ཐམས་ཅད་གསུངས། ཞེས་ཨ་ཡིག་གི་ཡི་གེ་གསུམ་གྱི་ཨ་ཡིག་གི་ངེས་དོན་ནི་སྲོག་འཛིན་ལ་བཤད་དོ། །འགྲེལ་པའི་འགྱུར་ལས། སྲོག་ཅེས་བྱ་བ་ཐམས་ཅད་བསྡུས། ཞེས་འབྱུང་ཞིང༌། དེའི་དོན་དེས་རླུང་ཀུན་བསྡུས་པ་ལ་བཤད་དོ། །ཨ་ནི་ལོངས་སྤྱོད་འཁོར་ལོར་གནས། །མེ་དང་ཉི་མ་འདྲ་བ་ཡི། །མགྲིན་པའི་མཐར་གནས་སྤྱི་གཙུག་མཐར། །ཁྱབ་པ་གཟི་བརྗིད་ཀྱི་ནི་ལུས། ཞེས་ཨུ་ཡིག་གི་ངེས་དོན་ལོངས་སྤྱོད་ཀྱི་འཁོར་ལོ་ནས་བདེ་ཆེན་གྱི་འཁོར་ལོའི་བར་དུ་ཁྱབ་པ། ཁ་དོག་མེ་དང་ཉི་མའི་འོད་དང་འདྲ་བ། གཟི་བརྗིད་རབ་ཏུ་འབར་བའི་ལུས་ཏེ། ངོ་བོ་གྱེན་རྒྱུའི་རླུང་དུ་བསྟན་ནོ། །ཞི་བ་འོད་དང་རྭ་དང་འགྲེལ་པའི་འགྱུར་ལས་ཨུ་ཞེས་འབྱུང་བ་དག་གོ །བདེ་ཆེན་འཁོར་ལོ་ཞེས་བྱར་གནས། །ཡི་གེ་མ་ནི་ཐིག་ལེ་ཙམ། །མཐོ་བའི་ཚད་ནི་སོར་བཅུ་གཉིས། རྒྱལ་པོའི་གཙུག་ཏོར་གནས་ན་གནས། ཞེས་མ་ཡིག་གི་ངེས་དོན་སྨིན་མཚམས་ནས་ཡར་སོར་བཅུ་གཉིས་གཞལ་བའི་གཙུག་ཏོར་གྱི་གནས་ན་གནས་པའི་བྱང་སེམས་ཐིག་ལེར་བཤད་དོ། །ཞི་བ་འོད་ཀྱི་འགྱུར་ལས། མཐོ་གང་ཚད་ནི་སོར་བཅུ་གཉིས། །བརྒལ་བའི་གཙུག་ཏོར་ནང་ན་གནས། ཞེས་འབྱུང་ངོ༌། །དྲང་དོན་ལ་ཨ་ཡིག་སྤྱི་བོར་འགོད་པ་བཞིན་དུ་ངེས་དོན་ལ། སྲོག་དང་གྱེན་རྒྱུ་དང་ཧཾ་གི་ཐིག་ལེ་གསུམ་བདེ་ཆེན་གྱི་འཁོར་ལོའི་རྩ་མདུད་ཀྱི་ནང་གི་དྷཱུ་ཏཱིར་སྡུད་པའོ། །ངེས་དོན་གྱི་


JLD007_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཡིག་གི་ཐུ་ཚུལ་ནི། ཡི་གེ་ཨ་ནི་སྔར་བཤད་ཟིན། །སྲོག་གི་རླུང་ནི་མཆོག་ཡིན་ནོ། ཞེས་དང༌། ཨ་ནི་ཆོས་འཁོར་པད་མ་ལས། །མགྲིན་པར་ཡི་གེ་ཨ་ཉིས་འགྱུར། །སྲོག་ཉིད་དང་ནི་ཐུར་སེལ་བ། །ཡི་གེ་ཧ་ཡིས་ཀུན་ནས་ནི། །མགྲིན་པའི་དབུས་ན་གནས་པ་བཅིངས། ཞེས་སྙིང་ཁའི་སྲོག་འཛིན་དང༌། མགྲིན་པའི་གྱེན་རྒྱུ་གཉིས་ཨ་ཡིག་ཉིས་འགྱུར་ཨཱ་རིང་པོའི་དོན་དང༌། ཧ་ཡིས་མཚོན་པའི་དོན་ཐུར་སེལ་གསུམ། ཨཱཿཡིག་མགྲིན་པར་འགོད་པའི་དོད་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་ཀྱི་དྷཱུ་ཏཱིའི་ནང་དུ་སྡུད་པར་གསུངས་སོ། །ངེས་དོན་གྱི་ཧཱུཾ་ཡིག་ཐུ་ཚུལ་ནི། ཧ་ནི་ཐུར་སེལ་མིང་ཅན་རླུང༌། །བཤང་སྒོ་གསང་བའི་དབུས་ན་གནས། །ཡི་གེ་ཨཱུ་ནི་སྟེང་འགྲོའི་རླུང༌། །མགྲིན་པའི་པདྨའི་དབུས་ན་གནས། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་བར་རླུང་གི་འཁོར་ལོ་ལ། །དེ་དག་གཅིག་གྱུར་སྙིང་ཁ་ལ། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། ཅེས་ཧའི་དོན་ཐུར་སེལ་དང༌། སྙིང་ཁ་ནས་སྨིན་མཚམས་ཀྱི་རླུང་གི་འཁོར་ལོ་ལ་ཁྱབ་པའི་སྲོག་རླུང་མའི་དོན་དང༌། ཨཱུ་ཡིག་གི་དོན་སྟེང་འགྲོའམ་གྱེན་རྒྱུའི་རླུང་གསུམ། ཧཱུཾ་ཡིག་སྙིང་ཁར་འགོད་པ་བཞིན་དུ། ཆོས་ཀྱི་འཁོར་ལོའི་རྩ་མདུད་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་སྡུད་པར་གསུངས་ཏེ། དེ་དག་གཅིག་གྱུར་ཞེས་པ་གཉིས་ནི་ཨ་དང་ཨཱཿའི་ངེས་དོན་རྣམས་གཅིག་ཏུ་བྱེད་པ་ལའང་སྦྱར་རོ། །དེ་ལྟར་ཡི་གེ་གསུམ་གྱི་ངེས་དོན་བཤད་པས་ནི་འཁོར་ལོ་གསུམ་གྱི་རྩ་མདུད་གསུམ་གྲོལ་བའི་དྷཱུ་ཏཱིའི་ནང་དུ་སྲོག་ཐུར་དང་གྱེན་རྒྱུའི་རླུང་རྣམས་བསྲེས་པ་བསྟན་ཏེ། ཨོཾ་ཨཱཿཧཱུཾ་གསུམ་གནས་གསུམ་དུ་བཀོད་ནས། སྐུ་


JLD007_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་གསུམ་བྱིན་གྱིས་རློབ་པར་སྔགས་ཀྱི་གཞུང་ཚད་ལྡན་དུ་མ་ནས་བཤད་པའི་ངེས་དོན་གྱི་ཡི་གེ་གསུམ་གནས་གསུམ་དུ་བཀོད་ནས་བྱིན་གྱིས་རློབ་ཚུལ་ནི་དེ་ལྟར་ཡིན་ནོ། །དེ་ལྟར་གསུངས་པ་ལ་ཕྱག་ན་རྡོ་རྗེས། རྡོ་རྗེ་གསུམ་གྱི་ཡིག་དོན་དང༌། །གནས་ཀྱི་དབྱེ་བ་རྟོགས་ལགས་ན། །འདི་རྣམས་དབུས་ན་བདག་པོ་གང༌། །ཇི་ལྟ་བུ་ཞིག་གཙོ་བོས་གསུངས། ཞེས་ཡི་གེ་གསུམ་སྦྱར་ནས་འབྲུ་གསུམ་བྱེད་པའི་ངེས་དོན་རླུང་རྣམས་བསྲེ་བ་དང༌། དེ་ཡང་ལུས་ཀྱི་རྩ་འཁོར་གྱི་གནས་གང་དུ་བསྲེ་བ་རྟོགས་ལགས་ཀྱང༌། གསུམ་པོ་འདི་རྣམས་ཀྱི་དབུས་ན་ལྟེ་ནང་ན་ཇི་འདྲ་བ་ཅིག་བདག་པོ་ཡིན་པ་གསུངས་ཤིག་ཅེས་དྲིས་སོ། །དེའི་ལན་ནི། གསང་བ་མཆོག་ཏུ་གསང་བ་ཡི། །སྦས་པའི་དོན་ནི་ཁྱོད་འདྲི་བ། །རྒྱུད་རྣམས་ཀུན་ཏུ་མ་གསུངས་པ། །རབ་ཏུ་བཤད་ཀྱིས་མཉན་པར་གྱིས། །ཐུགས་ཀྱི་ས་བོན་བདག་པོ་སྟེ། །ཀུན་གྱི་ནང་ནས་རྣམ་རྟོག་མེད། །གང་ཕྱིར་གཙོ་བོ་གཞན་རྣམས་ནི། །འགྲིབ་དང་དེ་བཞིན་འཕྲོག་པར་བྱེད། ཅེས་གསུངས་པའོ། །དེ་ལ་སྙིང་མགྲིན་སྤྱི་བོའི་འཁོར་ལོ་གསུམ་གྱི་རྩ་མདུད་གྲོལ་བའི་གནས་སུ། སྲོག་ཐུར་ལ་སོགས་པའི་རླུང་རྣམས་བསྲེས་པའི་འདི་གསུམ་གྱི་ནང་ནས་གནད་འདི་ཆེའོ་ཞེས་པ་འདི་གསང་བ་ལས་ཀྱང་ཆེས་གསང་བའི་གནས་རྒྱུད་གཞན་དུ་སྦས་པ་ཡིན་པས། དེ་བཤད་ཀྱིས་ཉོན་ཞེས་གསུངས་ནས། གསུམ་པོ་དེ་ཀུན་གྱི་ནང་ནས་ཐུགས་ཀྱི་ས་བོན་ཧཱུཾ་ཡིག་གི་ངེས་དོན་སྙིང་ཁའི་རྩ་མདུད་གྲོལ་བའི་དྷཱུ་ཏཱིའི་


JLD007_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་རླུང་བསྲེ་བ་བདག་པོ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། སྙིང་ཁའི་རྩ་མདུད་གྲོལ་བ་ནི་རྣམ་རྟོག་མེད་པ་སྟེ་གཅོད་པར་བྱེད་པའི་མཆོག་ཡིན་པའི་ཕྱིར་ཏེ། རླུང་མི་གཡོ་བར་གནས་པ་ལས་གཞན་པ་ཀུན་རྟོག་གཡོ་བའི་རླུང་རྣམས་འགྲིབ་པར་བྱེད་པ་དང༌འཕྲོག་པར་བྱེད་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཡང་ན། གཙོ་བོ་གཞན་ནི། ཐུགས་རྡོ་རྗེ་ལས་གཞན་པ་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་སྟེ། དེ་གཉིས་ཀྱི་གནས་སུ་གྱུར་པའི་སྤྱི་བོ་དང་མགྲིན་པའི་རྩ་མདུད་རྣམས་ནི། ཐུགས་རྡོ་རྗེའི་རྩ་མདུད་གྲོལ་བ་དེས་འཇིག་པར་བྱེད་པ་ནི་འགྲིབ་པ་དང་འཕྲོག་པར་བྱེད་པའི་དོན་དུ་བྱ་སྟེ། འོག་ནས་སྙིང་ཁའི་རྩ་མདུད་གྲོལ་ན་དེའི་སྟོབས་ཀྱིས་མདུད་པ་གཞན་འགྲོལ་བར་བཤད་པའི་གནད་ཀྱིས་སོ། །འགྲེལ་པས་ཡི་གེ་གསུམ་གྱི་ནང་ནས་ཧཱུཾ་ཡིག་གཙོ་བོ་ཡིན་ཏེ། ཆོས་ཐམས་ཅད་སེམས་ལ་རག་ལས་པའི་ཕྱིར་རོ། ཞེས་སོགས་བཤད་པ་ནི་ཡི་གེ་གསུམ་གྱི་ངེས་དོན་ལེགས་པར་མ་རྙེད་པའི་བཤད་པའོ། །དེ་ནས། གསུམ་པ་རྣལ་འབྱོར་པ་ཡིས་རྟོགས། །རྣམ་རྟོག་མེད་པ་རྨད་བྱུང་ཆེ། །རླུང་རྣམས་ཐམས་ཅད་འགོག་པས་ན། །སྐྱེ་བ་དེ་ཉིད་རྟོགས་པའོ། ཞེས་གསུངས་ཏེ།གསུམ་པ་ནི། ཐུགས་རྡོ་རྗེའི་ཡིག་དོན་སྙིང་ཁའི་རྩ་མདུད་གྲོལ་བའི་གནས་སུ་རླུང་བཅུག་པའོ། །རྟོགས་པ་ནི་རྣལ་འབྱོར་པ་ལ་དེ་མངོན་དུ་གྱུར་པའོ། །དེའི་ཚེ་རྣམ་རྟོག་མེད་པ་རྨད་དུ་བྱུང་བ་སྟེ་ངོ་མཚར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་ཞེས་སྦྱར་རོ། །དེ་ཉིད་རྟོགས་པ་ནི་རྨད་བྱུང་གི་དོན་ནོ། །རྒྱུ་མཚན་ནི། རླུང་དང་རྣམ་པར་རྟོག་པ་ཐམས་ཅད་འགོག་པ་


JLD007_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་མི་ཤིགས་པ་ལ་སྡུད་ནུས་པའི་ཕྱིར་རོ། །འདི་ནི་སྔར་ཐུགས་ཀྱི་ས་བོན་བདག་པོར་བཤད་པའི་རྒྱུ་མཚན་གསལ་དུ་བཏང་བ་ཡིན་ནོ། །དེས་ནི་ཀུན་རྟོག་དང་དེ་གཡོ་བའི་རླུང་ཐམས་ཅད་འགོག་པ་ལ་སྙིང་ཁའི་རླུང་སྡུད་པ་གནད་ཆེ་བར་བསྟན་པས། རྩ་འཁོར་གཞན་དུ་བསྡུས་པ་ལ་དེ་ཙམ་གྱི་ནུས་པ་མེད་པར་སྟོན་ཏེ། སྙིང་ཁར་སྡུད་པ་གཙོ་བོ་ཡིན་པའི་རྒྱུ་མཚན་སྟོན་པའི་གཞུང་ཡིན་པའི་ཕྱིར་རོ། །དེ་ནས། སྤྲུལ་པ་ཆོས་ཀྱི་འཁོར་ལོའི་དབུས། །འདི་ནི་པད་མ་གཉིས་སུ་གསུངས། །དྲུག་ཅུ་རྩ་བཞི་བརྒྱད་འདབ་གཉིས། །སྟེང་དང་འོག་ཏུ་ཁ་བལྟས་བཞིན། །སྟེང་འོག་ཡང་དག་བསྟེན་ནས་ནི། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །དེ་གཉིས་ཁོ་ན་རྟོག་བཅས་པའི། །རླུང་གཉིས་སུ་ནི་གསལ་བར་གསུངས། །སྐུ་དང་གསུང་གི་སྙིང་པོ་གཉིས། །ལ་ལ་ནཱ་དང་ར་ས་ནཱ། ཞེས་གསུངས་ཏེ། རེ་བཞིའི་འདབ་མ་ནི་སྤྲུལ་པའི་འཁོར་ལོ་ལ་ཡིན་ལ། བརྒྱད་ཀྱི་འདབ་མ་ནི་ཆོས་ཀྱི་འཁོར་ལོ་ལ་སྟེ་དེ་ལྟར་གཉིས་སོ། །རྐང་པ་བཞི་པ་ལ་འགྲེལ་པར། དེ་དག་ཟ་མ་ཏོག་བཞིན་གནས། ཞེས་འབྱུང་བ་ལེགས་ལ། དེའི་དོན་ནི་སྙིང་ཁའི་པདྨ་ཁ་ཐུར་ལྟ་དང༌། ལྟེ་བའི་པདྨ་ཁ་སྟེང་དུ་ལྟ་བར་སམ་བྷུ་ཊ་ལས་བཤད་པ་ལྟར་གནས་པས་ཟ་མ་ཏོག་ཁ་སྦྱོར་དང་འདྲ་བར་གནས་སོ། །དེ་དག་གིས་ནི་སྙིང་ཁ་དང་ལྟེ་བའི་རྩ་འཁོར་གྱི་གནས་ཚུལ་དང༌། སྟེང་འོག་ཏུ་གནས་པའི་སྲོག་ཐུར་གཉིས་རྩ་གཉིས་ལ་རྒྱུ་བ་ནི་རྣམ་རྟོག་སྐྱེད་པའི་རླུང་དུ་བསྟན་ནོ། །དེ་ནས། ཨ་བ་དྷཱུ་ཏཱི་མཆོག་གི་རྩ། །དེ་གཉིས་


JLD007_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མ་མཆོག་གི་མཆོག །རྣམ་རྟོག་མེད་པའི་རླུང་གང་ཡིན། །རྟག་ཏུ་རྒྱུ་ཞིང་ཀུན་ལ་ཁྱབ། །རྣལ་འབྱོར་གང་ཐོབ་རྟག་ཏུ་ནི། །སེམས་ཅན་དོན་བྱེད་ནུས་པར་འགྱུར། །རླུང་གི་རང་བཞིན་བྱེ་བྲག་ནི། །བརྒྱ་དང་བརྒྱད་ལས་གང་རྒྱལ་བ། །དུས་ཀུན་ཏུ་ནི་རྒྱལ་ནས་གནས། །རྣལ་འབྱོར་བྱིས་པས་མི་ཤེས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །དེ་ཡིས་ཐོབ་པར་རྒྱུད་འདིར་གསུངས། ཞེས་གསུངས་ཏེ། རྩ་གཉིས་ཀྱི་དབུས་ན་གནས་པའི་དྷཱུ་ཏཱིར་རླུང་ཚུད་ན་རྣམ་རྟོག་གཅོད་པས། རྩ་དེ་གཞན་གཉིས་ལས་མཆོག་དང༌། དེ་འདྲའི་རྣལ་འབྱོར་ཐོབ་པས་གཞན་གྱི་དོན་ནུས་ཤིང༌། རྣམ་རྟོག་བརྒྱ་རྩ་བརྒྱད་སྐྱེད་པའི་རླུང་ལས་རྒྱལ་བ་དང༌། དེ་ཡང་བསྐྱེད་རིམ་པས་མི་ཤེས་པ་དང༌། རླུང་གཉིས་དྷཱུ་ཏཱིར་ཚུད་པ་དེ་ཡིས་སྐད་ཅིག་ལ་སྟེ་མྱུར་དུ་མངོན་པར་བྱང་ཆུབ་པ་འོད་གསལ་འཐོབ་པར་གསུངས་སོ། །རླུང་དྷུ་ཏཱིར་འཛུད་པ་ལ་ཐོག་མར་བསྐྱེད་རིམ་མཐར་ཕྱུང་ནས། དེ་ནས་རྡོ་རྗེ་བཟླས་པ་བྱ་དགོས་པའི་རིམ་པ་ནི། དེ་ཡང་ཇི་ལྟར་ཐོབ་པར་བྱེད། །དེ་ལ་རིགས་པ་རུ་ནི་བརྗོད། །ཐོག་མར་རྣལ་འབྱོར་པ་ཆེན་པོ། །བློ་བཟང་གིས་ནི་ཞི་གནས་བསྒོམ། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །ཁྲོ་བོའི་ཕྱག་རྒྱ་བྱས་ནས་ཀྱང༌། །དབང་པོ་ཡི་ནི་སྒོ་དགུ་ལ། །ཐམས་ཅད་དུ་ནི་ཀུན་སྡོམ་པ། །ཧཱུཾ་བཟླས་པ་ནི་མཚུངས་མེད་བྱ། །མཆོག་ཏུ་རྒྱུན་མི་འཆད་པར་ནི། །ཟླ་བ་དྲུག་ཏུ་བྱས་ནས་ཀྱང༌། །དེ་རྗེས་སྐད་ཅིག་དེ་ལ་འཐོབ། ཅེས་སོ། །ཕྱག་རྒྱ་ནི་བསྐྱེད་རིམ་པའི་ལྷའི་སྐུ་ཕྱག་


JLD007_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོའོ། །ཁྲོ་བོའི་ཕྱག་རྒྱ་ལ་འགྲེལ་པར་འབར་བའི་ཕྱག་རྒྱ་ཞེས་འབྱུང་སྟེ། བསྐྱེད་རིམ་གྱིས་ཐ་མལ་གྱི་རྣམ་རྟོག་སྲེག་པའོ། །ཧཱུཾ་བཟླས་ནི་རྡོར་བཟླས་ཀྱི་ཕྱོགས་གཅིག་སྨོས་པའོ། །དེས་མིག་ལ་སོགས་པའི་སྒོ་དགུ་ནས་རླུང་ནང་དུ་སྡུད་པ་ནི་དབང་པོ་ཞེས་པ་གཉིས་སོ། །དེ་ནས། གང་ཕྱིར་དེ་ནི་བཟླས་བྱས་ན། །སྙིང་ཁའི་པདྨའང་སྟེང་བལྟས་འཇིག །དེ་ནས་གསང་བའི་པདྨ་ཡི། །ཁ་སྦྱོར་བ་ནི་ཕྱེ་ནས་ཀྱང༌། །རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ། །རྣམ་རྟོག་མེད་པ་བདེ་བ་སྟེར། །སྔགས་ཀྱི་དེ་ཉིད་ཀྱིས་ནི་འཐོབ། །ཨ་བ་དྷཱུ་ཏཱིའི་རྒྱུན་ལ་གནས། །སྨིན་དབུས་རླུང་གིས་ཕྱེ་བྱས་ནས། །དེ་ཐོབ་ཐོབ་བྱས་དགའ་བ་ནི། །རྒྱུན་དུ་འཆར་ཞིང་མི་ཟད་པ། ཞེས་གསུངས་སོ། །རྡོར་བཟླས་ཟླ་བ་དྲུག་བྱས་པས་སྙིང་ཁའི་རྩ་མདུད་འཇིག་ཚུལ་ནི་རྐང་པ་དང་པོ་གཉིས་ཀྱིས་སྟོན་ནོ། །ཞི་བ་འོད་དང་རྭ་དང་འགྲེལ་པའི་འགྱུར་ལས། སྙིང་ཁའི་པདྨ་སྟེང་བལྟས་འགྲོ། ཞེས་འབྱུང་ལ། དར་མ་བརྩོན་འགྲུས་ཀྱིས་སྔར་བཞིན་བསྒྱུར་རོ། །འགྲེལ་པས་རྩ་འཁོར་གཉིས་ཁ་སྦྱོར་དུ་གནས་པའི་ཁ་གབ་ཕྱེ་བ་སྟེང་བལྟས་འགྲོའི་དོན་དང༌། གསང་བའི་པདྨ་སྤྲུལ་པའི་འཁོར་ལོ་ལ་བྱས་ནས་ཕྱེ་བ་ནི། ཟ་མ་ཏོག་བཅིངས་པ་བཟློག་པ་ལ་བཤད་དེ། སྔ་མ་དང་ཁྱད་མི་སྣང་ངོ༌། །སྙིང་ཁ་དང་ལྟེ་བའི་རྩ་འཁོར་གཉིས་དང་པོ་ཁ་ཐུར་ལྟ་དང༌། གཉིས་པ་ལ་ཁ་གྱེན་ལྟར་ཡོད་པ་ཡིན་གྱི། ཁ་སྦྱར་ནས་ཡོད་པ་མིན་པས། དེ་གཉིས་སོ་སོར་


JLD007_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པ་མིན་ནོ། །རྒྱུད་འདིར་རྩ་འཁོར་དྲུག་བཤད་པར་གསང་གནས་ཀྱི་འཁོར་ལོ་མ་བྱུང་ཡང༌། ལྐོག་མ་སྙིང་ཁ་ལྟེ་བ་དང༌། །གསང་བའི་པདྨར་འགྲོ་འོང་སྟོན། ཞེས་པའི་སྐབས་སུ་ལྟེ་བ་ལས་ལོགས་སུ་གསང་བའི་པདྨ་བཤད་པས། དེས་སྤྲུལ་པའི་འཁོར་ལོ་སྟོན་པ་མིན་ནོ། །རྒྱུད་འདིར་རྡོར་བཟླས་ཀྱིས་མདུད་པ་འབྱེད་པ་དང༌། མདུད་པ་འཇིག་པ་དང༌། མདུད་པ་འཇོམས་པར་བཤད་ཅིང༌། འདིར་ཡང་རྡོར་བཟླས་བྱས་པས་མདུད་པ་འཇིག་ཚུལ་སྟོན་པ་ཡིན་པས། སྙིང་ཁའི་པདྨ་འཇིག་པ་ནི་དེའི་རྩ་མདུད་འགྲོལ་བའོ། །སྟེང་བལྟས་འཇིག་པ་ནི་ལྟེ་བའི་མདུད་པའོ། །སྙིང་ཁའི་རྩ་མདུད་འགྲོལ་བའི་སྐབས་སུ་འཆི་རིམ་བཞིན་དུ་འབྱུང་དགོས་ཤིང༌། མན་སྙེ་ལས། འཕོ་བ་སྦྱོང་བའི་དུས་སུ་སྙིང་ཁའི་པདྨ་གྱེན་དུ་ལྡོག་པ་ཡང་ཡང་བྱེད་པར་བཤད་ལ། ཕྱག་ཆེན་ཐིག་ལེ་ལས། ལྟེ་བའི་རྩ་བར་སྲོག་རླུང་ནི། །སྐད་ཅིག་ཙམ་ཡང་མི་བྱེད་ན། །གང་ཞིག་པདྨ་ཁ་སྦུབ་འདི། །སྐད་ཅིག་གིས་ནི་གྱེན་དུ་འགྱུར། ཞེས་གསུངས་པས་སྙིང་ཁའི་པདྨ་གྱེན་དུ་ལོག་པ་དགོས་པ་འདྲའོ། །ལྟེ་བ་ལ་གསལ་ཁ་མི་སྣང་ཞིང༌། རྒྱུད་དེར་ཡང་སྙིང་ཁའི་གནས་ལ་བསྔགས་པས། སྙིང་ཁའི་པདྨའི་ལྟེ་བའམ་ཡང་ན་གྲགས་པ་ལྟར་རོ། །དཔེ་ཁ་ཅིག་ལས། སྐད་ཅིག་ཙམ་འདོར་མི་བྱེད་ན། ཞེས་འབྱུང་བ་ལྟར་སྲོག་རླུང་དེར་བཅིངས་པ་དེ་བརྟན་ན་ཞེས་པའོ། །གསང་བའི་པདྨའི་ཁ་སྦྱོར་ཡང་རོ་རྐྱང་གིས་དབུ་མ་ལ་ཁ་སྦྱར་བའི་མདུད་པའོ། །སྙིང་ཁའི་རྩ་མདུད་གྲོལ་བས་ལྟེ་བ་དང་གསང་གནས་ཀྱི་རྩ་མདུད་འགྲོལ་


JLD007_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདིར་བསྟན་ལ། སྨིན་དབུས་རླུང་གིས་ཕྱེ་བྱས་ནས། ཞེས་པས་རླུང་གི་འཁོར་ལོའི་རྩ་མདུད་འབྱེད་པར་བསྟན་པས་ན། རྩ་མདུད་གཞན་ཐམས་ཅད་དེས་འབྱེད་པ་ཡིན་ནོ། །རྩ་མདུད་གྲོལ་བ་ན་སྲོག་ཐུར་གཉིས་རྩ་གཞན་ལ་རྒྱུ་བ་རྣམ་པར་བཅད་ནས། དྷཱུ་ཏཱི་གཅིག་པུའི་རྒྱུན་ལ་གནས་པར་བྱས་པས། རྣམ་རྟོག་མེད་པའི་བདེ་བ་ཆེན་པོ་རྒྱུན་དུ་འབྱུང་བ་ནི་སྔགས་ཀྱི་དེ་ཉིད་རྡོར་བཟླས་ཀྱིས་བྱེད་པར་གསུངས་སོ། །བཤད་པ་དེ་རྣམས་ནི་རྡོ་རྗེ་འཕྲེང་བར། སྔགས་ཀྱི་དེ་ཉིད་གཅིག་པུས་འགྲུབ། ཅེས་ཡང་ཡང་གསུངས་པ་བཞིན་དུ། འཕགས་པ་ཡབ་སྲས་ཀྱིས་ཀྱང་རླུང་དངོས་སུ་སྒོམ་པའི་རྣལ་འབྱོར་གཞན་མ་བཤད་པར། རྡོ་རྗེ་བཟླས་པ་ཉིད་བཤད་པ་ལ་ངེས་པ་ཆེན་པོ་སྟེར་བའི་ཐབས་མེད་མི་རུང་དུ་སྣང་བས་རྒྱས་པར་བཤད་པ་ཡིན་ནོ། །གསུམ་པ་ལ་གཉིས། སྙིང་ཁར་མི་ཤིགས་པ་བསྒོམས་པས་ཉམས་མྱོང་ཇི་ལྟར་སྐྱེ་བ་དང༌། སྲོག་རྩོལ་ལྷག་མ་བསྒོམས་པས་ཉམས་མྱོང་ཇི་ལྟར་སྐྱེ་བ་བཤད་པའོ། །དང་པོ་ནི། སྔར་བཤད་པ་ལྟར་སྙིང་ཁར་རླུང་བསྡུས་པ་ལས་འོད་གསལ་འཆར་བར་བཤད་ལ། འོད་གསལ་དུ་འཇུག་པའི་སྔོན་དུ་ས་ཆུ་ལ་ཐིམ་པ་སོགས་ཀྱི་ཐིམ་རིམ་ལས། སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔ་འབྱུང་བར་སྒྲོན་གསལ་ལས་གསུངས་སོ། །དེ་ནི་དོན་གྱི་འོད་གསལ་ལ་འཇུག་པའི་སྐབས་ཁོ་ནར་མ་ཟད། རླུང་དྷཱུ་ཏཱིར་བསྡུས་ཏེ་ཐིམ་ནས་སྟོང་པ་བཞི་འཆར་བའི་སྐབས་ཐམས་ཅད་དུ་ཡིན་པས། སྙིང་ཁར་མི་ཤིགས་པ་


JLD007_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་ལས་མཚན་མ་ལྔ་འབྱུང་བར་གསུངས་ཏེ། ཞལ་ལུང་ལས། སེམས་ནི་ཐིག་ལེར་གཞག་པར་བྱ། །རང་གི་དབང་པོ་དེར་གཟུང་ན། །ས་ཡི་དཀྱིལ་འཁོར་ཆུ་ལ་ཞུགས། །ཆུ་དེ་མེ་ལ་དེ་རྗེས་ཞུགས། །མེ་ཡང་རླུང་ལ་རབ་ཏུ་ཞུགས། །རླུང་ཡང་སེམས་ལ་ཞུགས་པར་འགྱུར། །སེམས་ནི་གཉིས་མེད་ཡེ་ཤེས་སུ། །ཅུང་ཟད་ཞུགས་པས་རྟགས་གནས་པ། །སྨིག་རྒྱུ་འདྲ་དང་དུ་བ་དང༌། །མར་མེ་མཁའ་སྣང་རབ་འདྲ་བ། །སྤྲིན་མེད་ནམ་མཁའ་ལྟར་སྣང་བའི། །མཚན་མ་ལྔ་པོ་འབྱུང་བར་འགྱུར། །རྡོ་རྗེ་སེམས་དཔའ་ཞུགས་ཕྱིར་རོ། །ཞེས་པ་དང༌། ཀུ་ཀུ་རི་པས་ཀྱང༌། ཤིན་ཏུ་འབད་པའི་བསམ་པ་ཡིས། །དབྱིབས་ཀྱི་ཐིག་ལེ་ཉིད་ལ་བལྟ། །དེ་ལ་ཡང་ནི་ཞུགས་ནས་ནི། །མཚན་མ་ལྔའམ་བརྒྱད་འབྱུང་ངོ༌། །དེ་ནས་འོད་གསལ་གནས་པར་འགྱུར། །ཞག་དང་ཟླ་བ་ལོ་ལ་སོགས། །ཇི་སྲིད་འདོད་ཀྱི་བར་དུ་གནས། །སེམས་ཅན་དོན་སོགས་བྱ་བ་ཀུན། །འབད་པ་མེད་པར་ལྷུན་གྱིས་འགྲུབ། ཅེས་གསུངས་སོ། །མཚན་མ་ལྔ་ནི་སྨིག་རྒྱུ་སོགས་ལྔ་ཡིན་ལ། བརྒྱད་ནི་ཟླ་ཉི་མུན་པ་བཞིན་སྣང་བ་གསུམ་བསྣན་པའོ། །ཕྱིན་ཅི་ལོག་གི་ས་ལ་སོགས་པ་ལྡོག་ཏུ་རུང་བ་དང༌། ཅུང་ཟད་ལོག་པ་དང༌། གཏན་ནས་ལོག་པའི་རྟགས་གསུམ་ཡོད་པར་སྨན་ཞབས་གྱིས་བཤད་དེ། རྟགས་འདི་རྣམས་ལ་རིམ་པ་མང་པོ་ཞིག་ཡོད་པ་ཤེས་དགོས་སོ། །རྟགས་འདི་རྣམས་སྔ་མ་ལས་ཕྱི་མ་གསལ་དུ་སོང་བ་ལ་སྨིག་རྒྱུ་སོགས་དང་འདྲ་བར་གསུངས་ཀྱི། དེ་རྣམས་དང་འདྲ་བའི་སྣང་བ་འཆར་བ་མིན་ཞེས་པ་དང༌། ཁ་ཅིག་རྟགས་


JLD007_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན་ཞེས་པ་དང༌། ཁ་ཅིག །དུ་བ་སོགས་དང་འདྲ་བའི་སྣང་བ་འཆར་བ་ལ་བཞེད་པ་གསུམ་བྱུང་བ་ནི། ཕྱི་མ་ཉིད་ལེགས་པ་ཡིན་ནོ། །དེ་ཡང་ཟླ་ཉི་མུན་པ་བཞིན་སྣང་བ་ནི། སྣང་མཆེད་ཐོབ་གསུམ་གྱི་རང་དུས་ཡིན་ལ། སྤྲིན་མེད་ནམ་མཁའ་བཞིན་སྣང་བ་ནི་ཐམས་ཅད་སྟོང་པའི་དུས་ཡིན་ཞིང༌། སྨིག་རྒྱུ་དང་འདྲ་བ་སོགས་ནི་སྟོང་པ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་སྔ་ལྟས་ཀྱི་རྟགས་སོ། །དེ་ལ་རྒྱུད་སྡེ་རྣམས་ལས་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཐམས་ཅད་སྟོང་པའི་འོད་གསལ་ལ་མཐའ་ཡས་པའི་བསྔགས་པ་མཛད་པ་ནི། སྔར་བཤད་པ་བཞིན་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ཚུལ་ལ་མཁས་པས་སྦྱར་བའི་བདེ་སྟོང་སྦྱར་བ་ཡིན་ནོ། །དེ་འདྲ་བའི་བདེ་བ་ཁྱད་པར་ཅན་ཐོག་མར་འདྲེན་པ་ལ་ནིགཡས་གཡོན་གྱི་རླུང་དྷཱུ་ཏཱིར་བསྡུས་ནས་ཐིམ་པ་ཅིག་ངེས་པར་དགོས་སོ། །དེ་ལ་ནི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཕྱི་ནང་གི་སྲོག་རྩོལ་གྱི་ལམ་རླུང་དངོས་སུ་སྒོམ་པ་དང༌། ཐིག་ལེའི་རྣལ་འབྱོར་སོགས་མེད་ན་སྟོང་པ་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་ཅིང༌། དེ་སྐྱོང་བའི་ཚུལ་ཕྱིན་ཅི་མ་ལོག་པ་ཤེས་ནས་ཡུན་ཇི་ཙམ་བསྐྱངས་ཀྱང་སྐྱེད་པར་མི་ནུས་པས། ལུས་ལ་གནད་དུ་བསྣུན་པའི་ཐབས་ཚད་ལྡན་གྱི་གཞུང་ལས་འབྱུང་བ་རྣམས་ངེས་པར་སྒོམ་དགོས་སོ། །དེ་བསྒོམས་པ་ན། བསྒོམས་པ་དེ་ཕྱིན་ཅི་མ་ལོག་པར་གནད་དུ་འགྲོ་འདོད་པ་ཅིག་ཡིན་ན་ནི། ལྷན་ཅིག་སྐྱེས་པའི་དགའ་


JLD007_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། ཐམས་ཅད་སྟོང་པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་རྟགས་རྣམས་ངེས་པར་འཆར་ཏེ། རྟགས་དེ་རྣམས་ལ་བསྔགས་པ་གསུངས་པ་ཡང་དེའི་གནད་ཀྱིས་ཡིན་ནོ། །འོན་ཀྱང་སེམས་མི་རྟོག་པར་བཞག་པ་ཙམ་ཞིག་བསྐྱངས་པ་ལ་ཡང༌། རྟགས་དེ་རྣམས་འདྲ་མོ་བྱས་པ་རྣམས་འཆར་བས། ལུས་ལ་གནད་དུ་བསྣུན་པའི་ཐབས་བསྒོམས་པ་ལས་འཆར་བའི་རྟགས་རྣམས་དང༌། ཁྱད་པར་ལེགས་པར་ཕྱེད་པ་ཤིན་ཏུ་དཀའ་བས། མཁས་པར་བྱའོ། །ལུས་ལ་གནད་དུ་བསྣུན་པ་ལས་འཆར་བའི་རྟགས་ལ་ཡང༌། དབང་པོའི་སྒོ་རྣམས་ནས་ཕྱིར་ཧ་ཅང་གཡོ་བའི་རླུང་ཅུང་ཟད་ནང་དུ་ལྡོག་པར་རྩོམ་པ་དང༌། ཅུང་ཟད་ལོག་པ་དང༌། དབུ་མར་ཅུང་ཟད་ཚུད་པ་ལ་སོགས་པའི་རྟགས་ནས་བཟུང་སྟེ། ལམ་མཐོན་པོར་སོང་བའི་སྐབས་ཀྱི་ལྡོག་པ་དང༌། ལོག་རྟགས་ཁྱད་པར་ཅན་དུ་གྱུར་པའི་རིམ་པ་དུ་མ་ཞིག་ཡོད་པས། ལྟར་སྣང་གི་རྟགས་ཀྱི་སྟེང་དུ་ཡང་དག་གི་ཕན་ཡོན་བཤད་པ་ཐམས་ཅད་ཚང་འདུག་སྙམ་དུ་བཟུང་ནས་ཆོག་ཤེས་མི་བྱ་བ་དང༌། ཡང་དག་གི་རྟགས་ཡིན་ཀྱང་སྣ་རྩེ་རྙེད་ཙམ་ནས་ཆོག་ཤེས་མི་བྱ་བར་གོང་འོག་གི་རིམ་པ་རྣམས་ལེགས་པར་ཤེས་ནས། གོང་མའི་ཁྱད་པར་འཚོལ་དགོས་པ་ཡིན་ནོ། །ཚུལ་དེ་དག་ལེགས་པར་ཤེས་ན་རྗེ་བཙུན་གྱི་ཞལ་ལུང་དང༌། ཀླུ་སྒྲུབ་ཞབས་དང༌། ཀུ་ཀུ་རི་པ་དང༌། དྲིལ་བུ་ཞབས་ལ་སོགས་པའི་གྲུབ་ཆེན་གྱི་གཞུང་མང་པོ་ལས། རྫོགས་རིམ་གྱི་སྐབས་སུ་རླུང་དང་ཐིག་ལེ་དང་ཡི་གེ་ལ་དམིགས་པ་སོགས་ཀྱི་


JLD007_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་གནད་དུ་བསྣུན་པའི་ཐབས་བཤད་པ་དང༌། སྙིང་ཁར་ཐིག་ལེ་བསྒོམས་ན་ངེས་པར་ཡེ་ཤེས་སྐྱེ་ཞེས་དང༌། ཡེ་ཤེས་འབར་བར་ཐེ་ཚོམ་མེད། ཅེས་སོགས་གསུངས་པ་རྣམས་ལ། རྨད་དུ་བྱུང་བའི་ངེས་པ་རྙེད་ནས། དེ་དག་ལ་སྙིང་ནས་སྒྲུབ་པ་སྙིང་པོར་བྱེད་པ་འབྱུང་གིདེ་ལྟར་མི་གོ་བའི་རྣམ་དཔྱོད་དམན་པ། རྒྱུད་སྡེའི་གནད་གྲུབ་ཆེན་གྱི་གདམས་པས་མ་རྟོགས་པ་རྣམས་ཀྱིས་ནི། རྫོགས་རིམ་ནི་སྟོང་ཉིད་ཉི་ཚེ་སྒོམ་པ་ཡིན་པ་ལ། འདི་དག་ནས་མཚན་བཅས་ཀྱི་ཏིང་ངེ་འཛིན་ཉིད་མང་དུ་བསྟན་པས་ན། རྫོགས་རིམ་མཆོག་མིན་ནོ་སྙམ་དུ་བཟུང་ནས། ལམ་ལྟར་སྣང་ལ་སྒྲུབ་པ་སྙིང་པོར་བྱེད་པར་འགྱུར་རོ། །དེས་ན་སྟོང་ཉིད་ཕྱིན་ཅི་མ་ལོག་པ་ཤིན་ཏུ་དཀའ་ཞིང༌། བདེ་བ་ཐུན་མོང་མ་ཡིན་པ་ཡང་རྒྱུད་སྡེ་དང་གྲུབ་ཆེན་གྱི་གཞུང་ཤིན་ཏུ་བརླིང་པས་ཕྲ་མོ་ནས་རྟོགས་དཀའ་བས། བདེ་སྟོང་སྦྱོར་བ་ལ་ཆེས་ཤིན་ཏུ་དཀའ་བར་སྣང་མོད་ཀྱང༌། དེ་དག་གི་གནད་རགས་པ་ཤེས་ནས། ཐབས་ཁྱད་པར་ཅན་རྣམས་ལ་ཕྱིན་ཅི་ལོག་ཏུ་མ་བཟུང་བར་དེ་དག་ལ་གོམས་པར་བྱས་པའི་མཐུས། བདེ་བ་ཆེན་པོ་ལེགས་པར་དྲངས་ཏེ་དེ་རྐྱང་པ་སྒོམ་པ་ཡང་ཤིན་ཏུ་ངོ་མཚར་བའི་ཏིང་ངེ་འཛིན་ཡིན་ཏེ། ཟབ་པར་འདོད་པ་གཞན་དང་མི་འདྲའོ། །མཚན་མ་ལྔ་པ་སྤྲིན་མེད་གྱི་ནམ་མཁའ་བཞིན་དུ་སྣང་བ་ལ་ནི། ལུས་ལ་གནད་དུ་བསྣུན་པའི་གདམས་པ་བསྒོམས་པ་དང༌། དེ་ལྟ་མིན་པར་ཏིང་ངེ་འཛིན་རྩེ་གཅིག་པ་ཙམ་བསྒོམས་པ་ལས་འཆར་བ་གཉིས། རྒྱུད་སྡེའི་གནད་ལ་


JLD007_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཁས་པས་དབྱེ་བར་ཤིན་ཏུ་དཀའ་ལ། རྒྱུད་སྡེ་ནས་གསུངས་པ་ལའང༌། རྒྱུད་གཞན་ནས་རླུང་ཅུང་ཟད་ནང་དུ་ལྡོག་པའི་སྐབས་སུ་འབྱུང་བར་ཡང་བཤད་མོད་ཀྱང༌། འདིར་ནི་སྟོང་པ་བཞིའི་ཐ་མ་ཐམས་ཅད་སྟོང་པ་འོད་གསལ་གྱི་དུས་ཡིན་པས། དེའི་སྔ་རོལ་ཏུ། ཟླ་ཉི་མུན་པ་བཞིན་དུ་འཆར་བའི་སྣང་མཆེད་ཐོབ་གསུམ་འགྲོ་དགོས་ཤིང༌། དེ་ཡང་དྷཱུ་ཏཱིར་ཐིམ་ནས་འོང་བ་ཡིན་པས་དོན་མི་གཅིག་གོ །རྟགས་དང་རྟགས་ཅན་བརྒྱད་པོ་རྣམས་ཁྲིགས་ཆགས་སུ་འོང་བའི་ངེས་པ་མེད་ཅེས་མར་ལུགས་པ་འགའ་ཞིག་ཟེར་མོད་ཀྱང༌། གཞུང་རྣམས་ཀྱི་དགོངས་པ་ནི་ངེས་ཅན་དུ་འཆར་བ་ཡིན་ཏེ། རླུང་འདུ་ལུགས་གནད་དུ་སོང་བ་རྣམས་ལ་ཡང་དེ་ལྟར་འཆར་བར་སྣང་ངོ༌། །སྙིང་ཁར་མི་ཤིགས་པ་སྒོམ་པའི་གནད་ལེགས་པར་ཤེས་ནས་རིང་དུ་གོམས་པ་ལས་སྟོང་པ་བཞིའི་ཡེ་ཤེས་ཐོག་མར་སྐྱེ་བ་ནས་སེམས་དབེན་རྗེས་མཐུན་པ་ཡིན་པས། དེའི་སྒོ་ནས་དེའི་མིང་གདགས་སུ་རུང་ཡང་མཚན་ཉིད་པ་ནི་མིན་ནོ། །འདི་ལའང་ལུགས་མཐུན་གྱི་སྟོང་པ་བཞི་དང་ལུགས་ལྡོག་གི་སྟོང་པ་བཞི་འཆར་བ་གཉིས་སྔ་མ་ལས་ཕྱི་མ་ཅུང་དཀའོ། །དེའི་སྟོང་པ་བཞི་ལ་ནི་ཇི་ཙམ་གནས་གནས་ཀྱི་བར་དུ་གཞག་དགོས་ལ། ལངས་པའི་ཚེ་ནི་སྔར་བཞིན་རྟེན་གསལ་བཏབ་ནས་ཐིག་ལེ་ཉིད་ལ་དམིགས་པ་ཡིན་ཏེ། ཀུ་ཀུ་རི་པས། ཏིང་ངེ་འཛིན་དེ་ལས་ལངས་པའི་ཚེ། །གཞན་ནི་བསམ་པར་མི་བྱ་སྟེ། །ཐིག་ལེ་གཅིག་པུ་རྟག་ཏུ་གཟུང༌། ཞེས་གསུངས་པ་ལྟར་རོ། །ཐབས་དེས་ལན་ཅིག་རླུང་དྷཱུ་ཏཱིར་བསྡུས་ཏེ། ཐིམ་པ་ལས་སྟོང་པ་བཞི་སྐྱེད་


JLD007_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་བྱུང་ན། དེ་ནས་ཐིག་ལེ་ལ་དམིགས་པ་ན། རླུང་སྡུད་པར་ཤིན་ཏུ་སླ་བས་ཡུན་རིང་པོ་མི་དགོས་པར་རླུང་འདུས་ནས་སྟོང་པ་བཞི་དྲང་བར་ནུས་སོ། །ལུས་ཀྱི་གནད་ཆེ་སར་ཐིག་ལེ་སོགས་ལ་དམིགས་པ་གཏོད་པའི་སེམས་འཛིན་ཉིད་ཀྱིས། རླུང་དྷཱུ་ཏཱིར་བསྡུས་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པ་འདི་ནི་ཤིན་ཏུ་ངོ་མཚར་བའི་གནས་མཁས་པ་ཡིད་འཕྲོག་པ་ཅིག་སྣང་བས། རླུང་སྦྱོར་གྱི་གནད་ལེགས་པར་མི་ཤེས་པར་བཙན་ཐབས་སུ་རླུང་བསྡུས་པ་དང་ནུས་པ་ཆེ་ཆུང་དང་བརྟན་མི་བརྟན་ཤིན་ཏུ་ཁྱད་ཆེ་བ་སོགས་ཀྱི་ཡོན་ཏན་རྣམས་ཤེས་པར་བྱ་ཞིང༌། སེམས་འཛིན་གཞན་རྣམས་ཀྱིས་བསྒྲུན་དུ་མེད་པའང་ཤེས་པར་གྱིས་ཤིག །གཉིས་པ་ལ་གསུམ། རྡོར་བཟླས་བྱས་པས་ཟླ་བ་སོ་སོ་ལ་མྱོང་བ་སྐྱེ་ལུགས་དང༌། རྡོར་བཟླས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པར་བྱེད་པ་དང༌། གཏུམ་མོ་འབར་བར་བྱེད་ཚུལ་ལོ། །དང་པོ་ནི། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་ཞིང་། ལུས་དབེན་ལ་བསླབས་པ་དེས། ཟླ་བ་དང་པོ་ལ་རྡོར་བཟླས་བྱེད་ཚུལ་ནི། རྡོར་འཕྲེང་ལས། ཐོག་མར་འབྱུང་དང་རྔུབ་པ་རྣམས། །ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་དང་མཚན་མོར་ངེས་པ་ནི། །ཇི་སྲིད་གྲངས་ནི་ཐོབ་པའི་གནས། །ཉིན་ཞག་ཉི་ཤུ་རྩ་བདུན་དུ། །གྲངས་ནི་རྗེས་སུ་སྦྱོར་བ་ཡིས། །གྲངས་ནི་རབ་ཏུ་བརྟགས་པ་ཡིན། ཞེས་གསུངས་ཏེ། ཕྱི་མ་ལ་ཞི་བ་འོད་ཀྱི་འགྱུར་ལས། གྲངས་ནི་ཡང་དང་ཡང་དུ་བརྟག །ཅེས་འབྱུང་ངོ༌། །ཞག་གཅིག་ལ་འབྱུང་རྔུབ་གཉིས་ལ་


JLD007_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བྱས་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྒྱུ་བ་དེ། ཉིན་མཚན་གཉིས་ལ་རླུང་ཇི་ཙམ་རྒྱུ་བའི་གྲངས་ཀྱི་ངེས་པ་ཇི་སྲིད་ཐོབ་པ་དེ་སྲིད་དུ་ཞག་ཉེར་བདུན་དུ། ཡང་ཡང་བགྲང་བར་གསུངས་པ་འདིས་ནི་གནས་པའི་ཆ་མ་གཏོགས་པ། ཉིན་མཚན་སོ་སོའི་རླུང་གི་ཐོབ་སྐལ་གང་ཡོད་དེ་ལས་མ་ཆད་མ་ལྷག་པར་ཆ་སྙོམས་པར་བྱེད་པར་བསྟན་ནོ། །དུས་ཚོད་སོ་སོའི་རླུང་རྣམས་ཆ་སྙོམས་ན་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་ཆ་སྙོམས་ལ། དེ་བྱུང་ན་ལུས་ལ་བརྟེན་ནས་སྐྱེ་བའི་ཡོན་ཏན་རྣམས་བསྐྱེད་པར་སླ་བའི་དགོས་པ་ཡོད་དོ། །ཟླ་བ་གཉིས་པ་ལ་བྱེད་ཚུལ་ནི། དེ་ནས་རྗེས་འགྲོ་ཟློས་པར་འགྱུར། །ཐུན་མཚམས་སོ་སོར་སྲོག་རྣམས་དང༌། །རྩོལ་བ་རུ་ནི་བརྟག་པ་སྟེ། །ཉིས་སྟོང་བདུན་བརྒྱའི་གྲངས་ཀྱིས་ནི། །ཡང་དག་པར་ནི་ངེས་གཟུང་བྱེད། །ཡོངས་སུ་གཅོད་པའི་རྣམ་པ་ཡིས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །ཉིན་དང་མཚན་དུ་ངེས་པར་ནི། ཞེས་ཟླ་བ་གཉིས་པ་ལ་ཐུན་ཚོད་བརྒྱད་ཀྱི་རེ་རེ་ལ་རླུང་ཉིས་སྟོང་བདུན་བརྒྱ་རེ་རྒྱུ་བའི་ཚུལ་གྱིས་ཆ་སྙོམས་པར་བྱེད་དེ། སྔ་མ་བྱ་སླ་ལ། འདི་བྱ་དཀའོ། །འགྲེལ་པས་ཐུན་ཚོད་རེའི་རླུང་དགུ་བརྒྱ་པ་ཕྲག་གཅིག་ལ་འཇུག་གནས་ལྡང་གསུམ་གྱིས་བསྒྱུར་བས། ཉིས་སྟོང་བདུན་བརྒྱར་འཆད་པ་ནི་མི་ལེགས་ཏེ། དེ་ལྟ་ན་ཞག་གཅིག་ལ་རླུང་དགུ་བརྒྱ་པ་ཉེར་བཞི་བཤད་པ་མི་འཐད་པར་འགྱུར་ཏེ། ཐུན་ཚོད་བརྒྱད་ལས་མེད་པའི་ཕྱིར་རོ། །ཉེར་བདུན་ལ་ངེས་པར་བྱེད་ཅེས་སྦྱར་ཞིང༌། འཁོར་ལོ་བཞི་ལས་འབྱུང་བའི་རླུང་


JLD007_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་རྡོར་བཟླས་བྱས་པ་ཡིས་ངེས་པར་བྱེད་པའོ། །ཟླ་བ་གསུམ་པ་ལ་བྱེད་ཚུལ་ནི། དེ་ནས་གནས་པའི་འབད་པ་ཡིས། །ཐ་དད་དུ་ནི་རབ་ཏུ་བརྟག །རྩ་ཡི་འཁོར་ལོར་རྒྱུ་བ་ཡིས། །འབྱུང་དང་རྔུབ་པར་ངེས་པར་ནི། །ངེས་པར་བཟུང་བའི་སྦྱོར་བ་ལས། །རྩ་ཡི་འཁོར་ལོ་དཔྱད་པར་བྱ། །དེ་ནི་འཁོར་ལོ་རྩ་དབྱེ་བས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། ཞེས་ཐུན་ཚོད་ཀྱི་རླུང་སྙོམས་པ་དེ་ནས། རླུང་རྒྱུ་བའི་གནས་རྩ་འཁོར་ལ། འབྱུང་རྔུབ་ཀྱི་རླུང་རྒྱུ་བ་ངེས་པར་བྱེད་པའི་ཐབས་ཀྱིས། རྩ་འཁོར་རྣམས་ཐ་དད་དུ་དཔྱད་པ་ཞག་ཉེར་བདུན་ལ་བྱ་བར་གསུངས་ཏེ། རྩ་འཁོར་གྱི་རྩ་རྣམས་སོ་སོར་གསལ་པོར་མཐོང་བའོ། །ཟླ་བ་བཞི་པ་ལ་བྱེད་ཚུལ་ནི། དེ་ནས་མཚན་ཉིད་ཡང་དག་ནི། །གནས་ཀྱི་དབྱེ་བས་བརྟག་པར་བྱ། །གནས་ནི་སོ་སོར་རྣམ་བརྟགས་རྣམས། །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །རྣམ་རྟོག་མེད་པ་སྦྱོར་བ་མཆོག །རྟོག་པ་སྤངས་པའི་བདག་ཉིད་ཅན། །དངོས་པོ་ཀུན་གྱི་རང་བཞིན་བདག །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །འདི་ནི་ཡང་དག་རྣལ་འབྱོར་མཆོག །ཉིན་ཞག་ཉི་ཤུ་རྩ་བདུན་གྱིས། །མཚན་ཉིད་སྒོམ་པའི་རྣལ་འབྱོར་པ། །ཇི་ལྟར་གནས་པ་རབ་བསྒོམས་པས། ཞེས་རླུང་གི་གནས་རྩ་རྣམས་སོ་སོར་ངེས་ནས། ཇི་ལྟར་གནས་པའི་རླུང་གི་མཚན་ཉིད་སྒོམ་པའི་རྣལ་འབྱོར་པས། ཟླ་བ་བཞི་པ་ལ་རྩ་ནང་ནས་རྒྱུ་བའི་རླུང་བརྒྱ་རྩ་བརྒྱད་རྣམས་མཐོང་ནས་ངེས་པར་བྱེད་པར་གསུངས་སོ། །དངོས་པོ་ཀུན་གྱི་རང་བཞིན་རྣམ་རྟོག་


JLD007_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པའི་འོད་གསལ་དུ་འཇུག་པའི་ཐབས་རྣམ་རྟོག་གཅོད་པར་བྱེད་པའི་རྡོར་བཟླས་ཀྱི་རྣལ་འབྱོར་མཆོག་ཏུ་སྟོན་པ་ནི། རྣམ་རྟོག་ཅེས་པ་གསུམ་དང༌། འདི་ནི་ཞེས་པ་གཅིག་གོ །ཟླ་བ་ལྔ་པ་ལ་བྱེད་ཚུལ་ནི། རྟོག་དང་བཅས་པའི་རྣལ་འབྱོར་པས། །དེ་ལས་རྣལ་འབྱོར་ལོག་ནས་ནི། །མི་རྟོག་པ་ཡི་རླུང་ཆེན་པོ། །རྩ་ཡི་འཁོར་ལོར་རྣམ་པར་རྒྱུ། །དེ་ནས་ཉོན་མོངས་ཀུན་སྦྱོར་ལས། །ངེས་པ་ལས་ནི་དོན་དམ་པ། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །ལས་དང་པོ་ཡི་སྦྱོར་བ་ཡིས། །ལོག་པར་བློ་དང་ལྡན་པས་བསམ། ཞེས་གསུངས་ཏེ། ཞི་བ་འོད་ཀྱིས། བློ་དང་ལྡན་པ་ལོག་པ་ལས། ཞེས་བསྒྱུར་རོ། །ཟླ་བ་ལྔ་པ་ལ་རྡོར་བཟླས་མཐར་ཕྱིན་པ་ལ་བལྟོས་ནས་ལས་དང་པོ་པར་བཞག་པའི་རླུང་གི་རྣལ་འབྱོར་རྣམས་ཀྱིས། བློ་དང་ལྡན་པའི་རྣལ་འབྱོར་པ་ཀུན་རྟོག་རླུང་དང་བཅས་པ་ལས་ལོག་ནས་རྣམ་རྟོག་མེད་པ་འདྲེན་པའི་རླུང་ཆེན་པོ་རྩ་འཁོར་དུ་རྒྱུ་བར་བྱེད་དོ། །འདི་ནི་མི་ཤིགས་པའི་གནས་སུ་རླུང་ལྡོག་པར་རྩོམ་པའི་སྐབས་སོ། །རླུང་གི་དོན་དམ་པ་སྟེ་དེ་ཁོ་ན་ཉིད་ངེས་པ་ལས། ཉོན་མོངས་ཀྱི་ཀུན་སྦྱོར་གྱི་གཡོ་བ་ལས་ལོག་ཅེས་རྣམ་པར་སྦྱར་རོ། །ཟླ་བ་དྲུག་པ་ལ་བྱེད་ཚུལ་ནི། དེ་ནས་རྣམ་དག་དེ་དག་ཀྱང༌། །ཡང་དག་རྣལ་འབྱོར་སྟོབས་ཀྱིས་ནི། །སྲོག་དང་རྩོལ་བའི་རྣམ་རྟོག་རྣམས། །ཀུན་ནས་རབ་ཏུ་སྤངས་ནས་ནི། །རླུང་གི་དེ་ཁོ་ན་ཉིད་རྒྱུ། །རྣལ་འབྱོར་མཆོག་ནི་བསྒོམ་པར་བྱ། །གཉིས་མེད་མཆོག་གི་རྣལ་འབྱོར་གྱིས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །རླུང་གི་དེ་ཁོ་ན་ཉིད་བརྟེན། །གཡེང་བའི་སེམས་


JLD007_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དག་པར་འགྱུར། ཞེས་ཟླ་བ་དྲུག་པ་ལ་རླུང་གི་དེ་ཉིད་ཀྱི་རྒྱུ་ལ་བརྟེན་པ་ཅན་གྱི་རྡོར་བཟླས་བསྒོམས་པའི་སྟོབས་ཀྱིས། སྲོག་དང་རྩོལ་བའི་རླུང་དང་ཀུན་རྟོག་རྣམས་སྤངས་ནས། རྟོག་པ་ཡུལ་ལ་གཡེང་བའི་སེམས་དག་པར་འགྱུར་བར་གསུངས་སོ། །དེ་དག་ལ་ནི་བགྲང་བ་དང༌། རྗེས་སུ་འགྲོ་བ་དང༌། གནས་ཀྱི་དབྱེ་བའི་རྟོག་པ་དང༌། དུས་ཀྱི་དབྱེ་བའི་རྟོག་པ་དང༌། རླུང་ལྡོག་པ་དང༌། ཡོངས་དག་ཅེས་པའི་ཐ་སྙད་ཀྱིས་གསུངས་སོ། །རྡོར་བཟླས་ཟླ་བ་དྲུག་བྱས་པའི་མཐར་སྙིང་ཁའི་རྩ་མདུད་རྫོགས་པར་གྲོལ་བ་ནི། དབང་པོ་ཤིན་ཏུ་རྣོན་པོའི་གདུལ་བྱ་དགོངས་སོ། །རྒྱུད་འདིར་སྐབས་མང་པོར་རླུང་འབྱུང་འཇུག་གཉིས་མིན་པ་གནས་པ་མ་བཤད་པ་ལ། འགྲེལ་པ་མཁན་དག །འགྲོ་འོང་སྟོན། ཞེས་པ་ལ། འགྲོ་བ་དང་མི་འགྲོ་བ་ཞེས་གདོན། ཞེས་འཆད་མོད་ཀྱང༌། འཇུག་དང་གནས་དང་ལྡང་བ་ཡི། །རྫོགས་པའི་རིམ་པའི་རྣལ་འབྱོར་དང༌། ཞེས་པས་གསལ་བར་གསུངས་སོ། །རྗེ་འགོས་ཀྱིས། རླུང་རགས་པ་ལ་བསླབས་པ་མཐར་ཕྱིན་པའི་ཚད་ནི། རྒྱུ་བ་གསལ་བ་སྟེ་ཁ་དོག་གི་རྣམ་པ་དབང་པོའི་མངོན་སུམ་དུ་གསལ་བ་དང༌། གྲངས་ཀྱི་རྣམ་པ་ལ་ལོག་པ་དང་འཁྲུལ་པ་མེད་པར་གསལ་བ་དང༌། ཡི་གེ་འབྲུ་གསུམ་གྱི་རྣམ་པའི་སྒྲའི་རང་བཞིན་དུ་གསལ་བ་དང༌། གནས་དང་ཕྲ་རགས་ཀྱི་རང་བཞིན་དང༌། མྱུར་བུལ་དང་ལྕི་ཡང་གི་རྣམ་པ་གསལ་བའོ། །མཐར་ཕྱིན་པའི་རྟག་ནི། ནད་གློ་བུར་བ་མི་འབྱུང་བའོ། །ཕྲ་བའི་རླུང་ལ་བསླབས་པ་མཐར་ཕྱིན་པའི་ཚད་ནི། ཕྱིའི་སྟོང་གསུམ་གྱི་རླུང་བ་སྤུའི་བུ་གར་


JLD007_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ནས་ལུས་ཀྱི་ནང་དུ་ཤོང་བར་བྱེད་པ་དང༌། ནང་གི་རླུང་ཐམས་ཅད་ཕྱིར་ཕྱུང་ནས་སྟོང་གསུམ་གང་བར་བྱེད་པའི་ཕྱི་ནང་བསྲེ་བར་ནུས་པ་དང༌། ཕྱིའི་རླུང་གིས་རེག་པ་ཙམ་གྱིས་བདེ་བ་དང་རེག་པ་ཡང་བ་གཉིས་འབྱུང་ངོ༌། །ཡན་ལག་གི་རླུང་ལ་བསླབས་པ་མཐར་ཕྱིན་པའི་ཚད་ནི། དབང་པོ་སོ་སོའི་སྒོར་དབང་ཤེས་སྤོ་ནུས་པ་དང༌། གནོད་པ་མེད་པར་བསྡམ་པར་ནུས་པ་ནི། རླུང་མེ་ས་ཆུའི་རླུང་བཞི་རྒྱུ་བའི་དུས་སུ་ཕྱི་རོལ་ཏུ་མ་བཏང་བར་ནང་དུ་བསྡམས་ན། རིམ་པ་བཞིན་དུ་གནོད་པ་མེད་པར་ནམ་མཁའ་ལ་འཕུར་བ་དང༌། ཕྱི་རོལ་གྱི་གྲང་བའི་གནོད་པ་མེད་པ་དང༌། གྱད་ལ་སོགས་པའི་གནོད་པས་སྒུལ་བར་མི་ནུས་པ་དང༌། མེ་ལ་སོགས་པའི་གནོད་པ་མེད་པར་འགྱུར་བ་མངོན་ཤེས་ཅན་གྱི་ལུགས་ཡིན་གསུང་ངོ༌། །གཉིས་པ་ནི། སྔར་བཤད་པ་བཞིན་དུ་རླུང་སྔགས་དབྱེར་མེད་དུ་སྦྱར་བའི་བཟླས་པ་བྱས་པ་ན། ཡིད་ངོ་ན་རླུང་གི་གདངས་རྣམས་ཡི་གེ་གསུམ་དུ་གྲག་པ་ལ་བློའི་མོས་པ་ཙམ་མིན་པར་ཡིད་འགྱུར་བའི་ཉམས་དྲག་པོ་སྐྱེ་བ་ཡིན་ཏེ། དཔེར་ན་བསྐྱེད་རིམ་པས་དང་པོར་ལྷར་མོས་ནས་བསྒོམས་པ་གོམས་པའི་མཐར། བློས་ཆེད་དུ་བཅོས་མི་དགོས་པར་ངང་གིས་ལྷའི་ང་རྒྱལ་དུ་འགྱུར་བ་བཞིན་ནོ། །དེ་ལྟར་སོང་བ་ན་རླུང་སྔགས་ཐ་དད་པའི་སྣང་བ་དང་ཞེན་པ་གཉིས་ཀ་གཅོད་ནུས་པ་ཡིན་ལ། དེ་ཡང་དྷཱུ་ཏཱིའི་དབུས་ཀྱི་ཐད་ནས་འབྱུང་འཇུག་གནས་གསུམ་གྱི་བཟླས་པ་བྱས་པས། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དྷཱུ་ཏཱི་ནས་རྒྱུ་བར་བྱེད་ནུས་ཏེ། འདི་ལ་ཡང་དང་པོར་


JLD007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་བཅོས་ནས་དེར་འབྱུང་འཇུག་བྱ་དགོས་ལ། དེ་གོམས་པ་ན་རྡོར་བཟླས་ཀྱི་རྐྱེན་གྱིས་རླུང་དེར་ཚུད་པ་མཚན་ཉིད་པ་འབྱུང་ངོ༌། །དེའི་རྟགས་ནི། རྡོར་བཟླས་མ་བྱས་པའི་དུས་སུ་སྣ་བུག་གཡས་གཡོན་རེ་རེ་བར་རྒྱུ་བ་ན། རྡོར་བཟླས་བྱས་པའི་ཚེ་རིང་པོར་མི་ཐོགས་པར་རླུང་མཉམ་རྒྱུར་ངེས་ཅན་དུ་ཐེངས་ཀྱིན་འདུག་ན། རྡོར་བཟླས་ཀྱིས་དེར་རླུང་ཚུད་པ་ཙམ་ཡིན་ནོ། །འདི་ནི་འོག་སྒོ་དང་སྙིང་ཁའི་ཕྲ་མོ་སྒོམ་པ་ལ་ཡང་ཤེས་པར་བྱའོ། །དེ་ལྟར་རླུང་དྷཱུ་ཏཱིར་འཛུད་ནུས་པ་ཙམ་ཡོད་ཀྱང༌། ཡུན་རིང་པོ་མི་འོང་བར་གཡས་གཡོན་རེར་འཕོ་བ་ནི་གོམས་པ་ཆུངས་པའི་སྐྱོན་ནོ། །དེ་ལྟར་ཚུད་ནས་དེའི་ནང་ནས་འབྱུང་འཇུག་བྱེད་པ་སྔར་བཤད་པ་བཞིན་གོམས་པར་བྱས་ན། ཅུང་ཟད་ཙམ་རེས་སྙིང་ཁའི་རྩ་མདུད་ཁད་ཀྱིས་ཁད་ཀྱིས་ལྷོད་དུ་སོང་ནས། མཐར་རྩ་མདུད་འགྲོལ་ནུས་སོ། །གལ་ཏེ་སྙིང་ཁའི་གནད་ལ་བརྟེན་པའི་དྷཱུ་ཏཱིའི་ནང་གི་རྡོར་བཟླས་ཀྱིས་རླུང་དྷཱུ་ཏཱིར་འཛུད་པ་དང༌། རྩ་མདུད་ལྷོད་དུ་འགྲོ་བ་ཡོད་དུ་ཆུག་ཀྱང༌། རླུང་དྷཱུ་ཏཱིར་འགག་པ་རྡོར་བཟླས་ཀྱིས་མི་ནུས་ཏེ། རྡོར་བཟླས་ཀྱིས་རླུང་ཕྱི་ནང་དུ་འགྲོ་བ་མི་འགོག་པར་རང་སོར་འཇོག་པའི་ཕྱིར་རོ། །དེས་ན་རླུང་ནང་དུ་ཁ་སྦྱར་བྱས་ཏེ་བཟུང་ནས་འབྱུང་འཇུག་འགོག་པ་ཅིག་མེད་ན། རྡོར་བཟླས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པ་བྱེད་མི་ནུས་སོ་སྙམ་ན། འདི་འདྲ་བའི་དོགས་པ་ནི་རྫོགས་རིམ་ཕྱོགས་རེ་བས་ཚིམ་ནས། སྤྱིར་ཚད་ལྡན་གྱི་གཞུང་ལས་བཤད་པའི་ཐིག་ལེའི་རྣལ་འབྱོར་སོགས་ཀྱིས་རླུང་ཇི་ལྟར་སྡུད་པ་མ་གོ་ཞིང༌། ཁྱད་


JLD007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་རྡོར་བཟླས་ལ་རྩལ་དུ་བཏོན་ནས་དེའི་གནད་ཀུན་འཆད་པ་འདུས་པའི་སྐོར་མི་ཤེས་པ་རྣམས་ལ་འབྱུང་བ་ནི་བདེན་ནོ། །འོན་ཀྱང་དེའི་སྐྱོན་ནི་མེད་དེ། སྔར་བཤད་པ་ལྟར་འཇུག་གནས་ལྡང་གསུམ་ཚད་མཉམ་དུ་བྱེད་པའི་རྡོར་བཟླས་ལ་གོམས་པ་ན། མཚམས་ཤིག་ནས་ཆེད་དུ་གནས་པ་མ་བྱས་ཀྱང༌། རང་ཤུགས་ཀྱིས་རླུང་གནས་པ་ཞིག་འོང་ངོ༌། །དེ་ཡང་རིང་དུ་རིང་དུ་འགྲོ་ཞིང༌། དེའི་ཚེ་ཕྱི་ནང་དུ་འབྱུང་རྔུབ་བྱེད་པ་ཆེད་དུ་མ་བཀག་ཀྱང་ཐུང་དུ་ཐུང་དུ་འགྲོ་བས། དང་པོར་སྦྱོར་བ་ན་ལྡང་འཇུག་རང་དགའ་བའི་ཚད་ལས་རིང་བའི་གནས་པ་ཆེད་དུ་བྱ་མི་དགོས་སོ། །དེ་ནས་སླར་ཡང་རྡོར་བཟླས་ལ་འབད་པ་ན་རླུང་ཕྱི་ནང་དུ་རྒྱུ་བ་ཡེ་མེད་པར་ནང་དུ་གནས་པར་འགྱུར་རོ། །དེ་ལྟར་ཡང་དགོངས་པ་ལུང་སྟོན་ལས། བརྡ་ཡིས་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །མིང་མེད་བརྗོད་དུ་མེད་པ་སྟེ། །བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །གསུམ་པོ་དེ་ཉིད་གཅིག་གྱུར་པ། །འགྲོ་བ་མེད་ཅིང་འོང་བ་མེད། ཅེས་མིང་ཚིག་གི་ངོ་བོར་བརྗོད་དུ་མེད་པའི་རང་བཞིན་གྱི་བཟླས་པ་རླུང་སྔགས་ཀྱི་དེ་ཉིད་དབྱེར་མེད་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་རླུང་ལ་བཟླས་པ་བྱས་པའི་མཐར། འཇུག་གནས་ལྡང་གསུམ་སོ་སོར་མེད་པར་རོ་གཅིག་ཏུ་འགྱུར་ལ། དེའི་ཚེ་རླུང་ཕྱིར་འགྲོ་བ་དང་ནང་དུ་འོང་བ་མེད་པར་གསུངས་སོ། །རྒྱུད་དེར། བྱང་ཆུབ་སེམས་ནི་རླུང་འགྱུར་ཞིང༌། ཞེས་གསུངས་པས་བྱང་སེམས་ནི་འདིར་རླུང་ཡིན་ནོ། །རྒྱུད་དེར་འཇུག་གནས་ལྡང་བའི་རླུང་


JLD007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གི་དེ་ཉིད་གསུམ་རོ་གཅིག་ཏུ་འགྱུར་བར་གསུངས་པས། གཞན་རྣམས་ཀྱི་དོན་ཡང་དེ་བཞིན་ནོ། །རྡོ་རྗེ་འཕྲེང་བ་ལས་ཀྱང༌། རྡོ་རྗེ་བཟླས་པ་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། ཅེས་རྡོར་བཟླས་ཀྱིས་རླུང་གི་རྒྱུ་བ་གཅོད་པར་གསུངས་ཤིང༌། དབང་པོ་ཡི་ནི་སྒོ་དགུ་ལ། །ཐམས་ཅད་དུ་ནི་ཀུན་སྡོམ་པའི། །ཧཱུཾ་བཟླས་པ་ནི་མཚུངས་མེད་བྱ། ཞེས་རྡོར་བཟླས་ཀྱིས་སྟེང་འོག་གི་སྣ་བུག་ལ་སོགས་པའི་སྒོ་ཀུན་ནས་རླུང་ཕྱིར་མི་རྒྱུ་བ་ནང་དུ་སྡོམ་པར་གསུངས་སོ། །དེ་རྣམས་ཀྱི་དོན། ཞལ་ལུང་ལས་ཀྱང༌། དེ་ལ་ཧཱུཾ་གིས་དབྱུང་བ་དང༌། །ཨ་གྱིས་སྡུད་དང་ཨཱཿཡིས་གནས། །དེ་ལ་དེ་ཉིད་རབ་བཟུང་བས། །འཇུག་དང་གནས་དང་ལྡང་བ་ལས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བའི། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག །ཅེས་རྡོར་བཟླས་བྱས་པས་ལྡང་འཇུག་གནས་གསུམ་དང་བྲལ་བའི་རླུང་ཐིམ་པ་ལས་ཡེ་ཤེས་རྙེད་པ་ལ་སོམ་ཉི་དང་ཡིད་གཉིས་མ་བྱེད་ཅིག་ཅེས་ཤིན་ཏུ་གསལ་བར་གསུངས་སོ། །འོ་ན་ཡི་གེ་གཉིས་ཀྱི་རྡོར་བཟླས་ཀྱིས་རླུང་ནང་དུ་ཐིམ་པ་ཇི་ལྟར་བྱེད་སྙམ་ན། དེ་གོམས་པར་རླུང་དྷཱུ་ཏཱིར་འཛུད་པ་དང༌། རྩ་མདུད་འགྲོལ་བ་ནི་ཡི་གེ་གསུམ་དང་འདྲ་ལ། དེའི་ཚེ་རླུང་གིས་རང་གི་རྩ་བའི་གནས་སུ་འགྲོ་བའི་ལམ་རྙེད་ནས། རང་གནས་སུ་འཇུག་པར་འགྱུར་ཏེ་འཆི་རིམ་བཞིན་ནོ། །རྒྱུད་ནས་རྡོར་བཟླས་གཉིས་བཤད་ཀྱང༌། འཕགས་པ་ཡབ་སྲས་ཀྱིས་ཡི་གེ་གསུམ་གྱི་


JLD007_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་བཟླས་བཀོད་པ་ནི་མཚོན་པ་ཙམ་མོ། །ཞལ་ལུང་ལས། འཇུག་ལྡང་གཉིས་སུ་མ་ཟད་གནས་པ་ལས་ཀྱང་གྲོལ་བར་གསུངས་པས། དང་པོར་ལྡང་འཇུག་གི་རྒྱུ་བ་ལོག་ནས་ནང་དུ་གནས་པ་དང༌། དེ་ནས་གནས་པ་ཡང་ཐིམ་པ་དགོས་སོ། །འབྱུང་འཇུག་གི་བཟླས་པ་བྱས་པས་རླུང་མི་རྒྱུ་བ་འདི་ལ་བྱིང་བའི་དབང་དུ་སོང་ནས་མི་རྒྱུ་བ་ཞིག་ཀྱང་ཡོད་པས་ཁྱད་པར་ཕྱེད་པར་བྱའོ། །སྣ་བུག་གི་རྒྱུ་བ་ལོག་ནས་རླུང་ནང་དུ་གནས་ཀྱང་མ་ཐིམ་ན་ལུས་གང་བ་ལྟ་བུ་ཡང་འབྱུང་ལ། ཐིམ་པར་འགྱུར་བའི་ཚེ་ཞི་བར་འགྱུར་རོ། །སྔར་བཤད་པ་ལྟར་རླུང་དྷཱུ་ཏཱིར་ཚུད་པའི་རྟགས་ངེས་པ་ཅན་འབྱུང་ཞིང༌། རང་ཤུགས་ཀྱིས་རླུང་ནང་དུ་རིང་དུ་གནས་པ་བྱུང་བའི་ཚེ་ཐིམ་ན་དྷཱུ་ཏཱིར་ཐིམ་པས། སྟོང་པ་རྣམས་བཤད་པ་བཞིན་འཆར་ལ། དེ་འདྲ་བ་མིན་པའི་སྐབས་སུ་ནང་དུ་ཐིམ་པ་བྱུང་ཡང༌། དྷཱུ་ཏཱིར་ཐིམ་པ་མིན་པས་སྟོང་པ་རྣམས་བཤད་པ་བཞིན་མི་འོང་ངོ༌། །སྙིང་ཁའི་མི་ཤིགས་པ་དངོས་ལ་རླུང་ཐིམ་པ་ལ་ནི་དེའི་རྩ་མདུད་ལྷོད་པོར་སོང་བ་དགོས་པས། དེའི་སྔོན་དུ་སྙིང་ཁར་སྡུད་པའི་ཐབས་ཀྱིས་བསྡུས་ཏེ་དྷཱུ་ཏཱིར་ཐིམ་པ་ནི། དེ་དང་ཉེ་བའི་དྷཱུ་ཏཱིར་ཐིམ་པ་ཡིན་གྱི་དེར་ཐིམ་པ་མིན་ནོ། །དེ་བཞིན་དུ་རླུང་དྷཱུ་ཏཱིར་ཚུད་པ་བྱུང་ཡང་རྩ་མདུད་ཀྱི་གནས་ཀྱི་དྷཱུ་ཏཱིར་ནས་འགྲོ་འོང་བྱེད་མི་ནུས་སོ། །རྡོ་རྗེ་འཕྲེང་བ་ལས། ཅུང་ཟད་ཅུང་ཟད་རྩོལ་བྲལ་བས། ཞེས་རླུང་འབྱུང་འཇུག་ལ་རྩོལ་བ་ཆེན་པོ་མི་བྱ་བར་གསུངས་ཤིང༌། ཞལ་ལུང་ལས་ཀྱང༌། ནང་དུ་གནས་པར་བྱེད་པའི་ཚེ་དལ་བུ་དལ་བུས་གཟུང་བར་


JLD007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། རླུང་ལྡང་འཇུག་གནས་གསུམ་ལ་དལ་བུས་རྡོར་བཟླས་བྱེད་པ་དེས། རླུང་འགག་པ་སོགས་ཅུང་འགོར་ཡང༌། ལུས་ཀྱི་ཁམས་རྣམས་མི་འཁྲུག་ཅིང་ཆ་སྙོམས་ཚབས་ཆེ་བས། ལུས་ལ་གནད་དུ་བསྣུན་པ་ལས་སྐྱེ་དགོས་པའི་ཡོན་ཏན་རྣམས་སྐྱེ་བ་གཞན་དང་མི་འདྲའོ། །དེའི་ཕྱིར་སྟོང་པ་རྣམས་འདྲེན་པ་ལ་ཤིན་ཏུ་སྟོབས་ཆེ་བ་དང༌། སྟོང་པ་ལན་ཅིག་དྲངས་པའི་མཚམས་ནས་བོགས་ཇེ་ཆེར་འགྲོ་སླ་བ་དང༌། བདེ་བ་དང་དྲོད་ལ་སོགས་པ་ཤིན་ཏུ་བརྟན་པའི་དགོས་པ་ཆེའོ། །དེས་ན་བདེ་དྲོད་འབར་བ་ལ་སོགས་པའི་མྱོང་བ་སྣ་ཟིན་བྱུང་ན་བྲོད་པ་སྐྱེས་ནས། དགེ་སྦྱོར་སྐྱོང་ནུས་པ་ལ་སོགས་པའི་དགོས་པ་མཐོང་ནས་དྲག་པོའི་སྐྱོང་ལུགས་སོགས་བྱེད་ནའང༌། དགོས་པ་དེ་གྲུབ་གྲུབ་ཀྱི་བར་བྱས་ནས། ཡང་གཞུང་ནས་གསུངས་པ་བཞིན་བྱས་ན་དགའོ། །འདི་ཡང་རྡོར་བཟླས་ཀྱི་རླུང་སྦྱོར་དང༌། ཐིག་ལེ་སོགས་ལ་དམིགས་པ་གཏད་ནས་སྐྱོང་བ་ལ་ཅུང་དྲག་ཀྱང༌། རླུང་ཁ་སྦྱོར་སྒོམ་པ་ལྟ་བུ་ལ་བཙན་སྦྱོར་བྱས་ན་དུས་མ་ཡིན་པར་འཆི་བའི་རྒྱུར་གསུངས་པས། ཅུང་མྱུར་བ་རེའི་ཡོན་ཏན་སྣང་མོད་ཀྱང༌། མཚམས་ཟིན་པ་ལ་མཁས་པར་བྱའོ། །སྙིང་ཁའི་ཐིག་ལེ་བསྒོམས་པ་ལས་རྟགས་རྣམས་འཆར་བར་ཀུ་ཀུ་རི་པས་གསུངས་པ་སྔར་དྲངས་པ་ནི། རྡོར་བཟླས་ཀྱི་རྟགས་སུ་ཡང་བཞེད་པས། འདི་ལ་ཡང་སྨིག་རྒྱུ་ལ་སོགས་པའི་རྟགས་རྣམས་འཆར་རོ། །སེམས་དབེན་དངོས་ཀྱི་སྟོང་པ་རྣམས་སྙིང་ཁའི་རྩ་མདུད་ལེགས་པར་མ་གྲོལ་


JLD007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་མི་ཐོབ་ཀྱང༌། སེམས་དབེན་རྗེས་མཐུན་པའི་སྟོང་པ་རྣམས་ནི་དམའ་མོ་ནས་ཀྱང་ངེས་པར་འོང་བར་སྣང་བས། ལེགས་པར་ཕྱེད་པར་བྱ་སྟེ། དེ་རྣམས་མ་ཕྱེད་ན། དམའ་མོ་ནས་རྡོར་བཟླས་ཀྱིས་སྟོང་པ་རྣམས་དྲངས་པའི་སྟོང་པ་གསུམ་སེམས་དབེན་དངོས་དང༌། སྟོང་པ་བཞི་པ་རིམ་པ་བཞི་པའི་འོད་གསལ་དང༌། དེ་གཉིས་ཀྱི་མཐར་ལྷའི་སྐུར་ལངས་པ་གཉིས་རིམ་པ་གསུམ་པའི་སྒྱུ་ལུས་དང༌། རིམ་པ་ལྔ་པའི་ཟུང་འཇུག་གི་སྐུར་བཟུང་ནས། དེ་དག་གི་ཡོན་ཏན་གང་ཡང་མ་ཐོབ་བཞིན་དུ་ཐོབ་པའི་མངོན་པའི་ང་རྒྱལ་བྱེད་པས། སྔར་མ་ཐོབ་པའི་གོང་མའི་ཁྱད་པར་རྣམས་འཚོལ་བ་ལས་ཉམས་ཤིང༌། ཐོབ་པའི་ཡོན་ཏན་རྣམས་ཀྱང་ཁྱད་པར་དུ་མི་འགྱུར་བའི་ཕྱིར་དང༌། ཁ་ཅིག་ལ་བདག་གིས་ལམ་འདི་ལྟ་བུ་ཐོབ་པ་ལ། དེ་ཐོབ་ན་འོང་ཟེར་བའི་ཡོན་ཏན་གང་ཡང་མི་སྣང་བས། དེ་ལྟར་བཤད་པ་རྣམས་ཚིག་ཙམ་མོ་སྙམ་པའི་ལོག་ལྟ་ཡང་སྐྱེ་བའི་ཕྱིར་དང༌། ཁ་ཅིག་ནི་ཡབ་སྲས་ཀྱི་གཞུང་རྣམས་ཀྱི་ཚིག་ཟིན་ལ་སེམས་དབེན་མ་ཐོབ་གོང་དུ། ལམ་གྱི་སྟོང་པ་རྣམས་འཆར་བ་ཆེར་མ་བཤད་པ་ལ་བརྟེན་ནས། དེའི་བར་དུ་ལམ་གྱི་སྟོང་པ་རྣམས་མི་འཆར་སྙམ་ནས་དེ་རྣམས་སྐྱེད་པའི་ཐབས་ལ་མ་འབད་པས། དོན་ཆེན་པོ་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །དེས་ན་རྫོགས་རིམ་བསྒོམས་པས་རླུང་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བའི་དགའ་བཞི་དང༌། སྟོང་པ་བཞི་སྐྱེ་བ་ལ་ལམ་མཐོན་པོར་གཞག་མི་དགོས་པས། དེ་རྣམས་སྐྱེད་པའི་དོན་དུ་འབད་


JLD007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྔར་བཤད་པ་ལྟར་རླུང་ཐིམ་པ་ལས་སྟོང་པ་གསུམ་དཔེའི་འོད་གསལ་དང་བཅས་པ་ཤར་བ་ན། ལྟ་བ་དྲན་པར་བྱས་ནས་ཇི་སྲིད་གནས་ཀྱི་བར་དུ་བཞག་ལ། རླུང་གཡོས་ནས་དེ་ལས་ལངས་པ་ན། སླར་ཡང་རྡོར་བཟླས་སོགས་ཀྱིས་རླུང་སྡུད་པའི་ཐབས་སྒོམ་པ་སྤེལ་ཏེ་བྱའོ། །གསུམ་པ་ནི། གལ་ཏེ་རླུང་དྷཱུ་ཏཱིར་འཛུད་པ་དང༌། བཙུད་པ་དེ་དེར་ཐིམ་པ་རྡོར་བཟླས་ཀྱིས་ནུས་སུ་ཆུག་ཀྱང༌། འདིས་གཏུམ་མོ་བསྐུལ་ནས་བྱང་སེམས་ཞུ་བར་བྱེད་མི་ནུས་ན། འདི་ལས་བདེ་སྟོང་སྦྱོར་བ་མེད་པར་འགྱུར་ལ། ནུས་ན་ནི་དེའི་ཚུལ་བརྗོད་པར་གྱིས་ཤིག་ཅེ་ན། དེ་ལ་སྔར་རྡོ་རྗེ་འཕྲེང་བ་ལས། འདིས་བདེ་བ་ཆེན་པོ་འདྲེན་པར་བཤད་པའི་བདེ་ཆེན་ནི། སྤྱི་བོའི་བྱང་སེམས་ཞུ་བའི་བདེ་བ་ཡིན་ལ། དེ་འཇུ་བ་ལ་ནི་འདིས་ལྟེ་བའི་གཏུམ་མོ་སྦར་བ་དགོས་པ་ཤིན་ཏུ་བདེན་ནོ། །དེའི་ཚུལ་ནི་རྡོ་རྗེ་འཕྲེང་བ་ལས། གང་ཕྱིར་མཁའ་འགྲོ་རྣམས་སྡུད་པ། །དེ་ཕྱིར་བསྡུས་པའི་མཁའ་འགྲོར་བརྗོད། །ལྟེ་བའི་དབུས་ན་རྟག་བཞུགས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་པོའི་མེ་བྱུང་བས། །ཀུན་རྟོག་ཐམས་ཅད་འཇོམས་པར་བྱེད། །འཆར་བས་ཕུང་པོའི་རྣམ་རྟོག་ནི། །བསྲེག་བྱས་བར་ཆད་མེད་པའི་ལུས། །དེ་རྗེས་ཁམས་ཀྱི་རྣམ་རྟོག་ནི། །བསྡུས་ནས་སླར་ཡང་རང་བཞིན་གྱིས། །གཟུང་དང་འཛིན་པའི་རྣམ་རྟོག་ནི། །དེ་རྗེས་དེ་ནི་སླར་ཡང་སྡུད། །དེ་ལྟར་གང་ལ་ཕྱེ་ལེབ་བཞིན། །འཆིང་བ་ཐམས་ཅད་སྲེག་པར་བྱེད། །རླུང་གི་


JLD007_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་མངོན་སྦྱོར་བས། །སྔགས་ཀྱི་དེ་ཉིད་རིག་པ་ཡིས། །རྣམ་པར་རྟོག་པ་ཙམ་ཡང་ནི། །སྲེག་པ་ཙམ་དུ་ཐེ་ཚོམ་མེད། ཅེས་གསུངས་སོ། །དེའི་རྐང་པ་དང་པོ་བཞིས་ལྟེ་བའི་གཏུམ་མོའི་ངོ་བོ་བསྟན་པ་ལ། དེ་མཁའ་འགྲོ་མ་ཐམས་ཅད་འདུས་པའི་ངོ་བོར་གསུངས་པ་ནི། སམ་བྷུ་ཊར་དེ་བདག་མེད་མ་དང༌། དཔྱིད་ཐིག་ཏུ་དེ་ཕག་མོའི་ངོ་བོར་གསུངས་པ་ལྟར་ཡིན་ཏེ། དེ་གཉིས་ནི་གཽ་རི་ལ་སོགས་པ་དང༌། རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་འདུས་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། དེ་ཡང་མཚོན་པ་ཙམ་མོ། །གཏུམ་མོ་དམར་ཆའི་རྡུལ་དེ་མཁའ་འགྲོ་མ་ཐམས་ཅད་བསྡུས་པའི་ངོ་བོར་སྟོན་པའི་དོན་ནི། རིག་མ་རྣམས་ཀྱི་བྱ་བ་ནི། རྣལ་འབྱོར་པ་ལ་བདེ་བ་ཆེན་པོ་འདྲེན་པ་ཡིན་ལ། དེ་ནི་གཏུམ་མོ་འབར་བས་སྒྲུབ་པའི་སྒོ་ནས་ཡིན་ནོ། །དེ་ནས་རྐང་པ་གཉིས་ཀྱིས་གཏུམ་མོ་འབར་བས་ཀུན་རྟོག་སྲེག་པ་སྤྱིར་བསྟན་ལ། དེ་ནས་གཉིས་དང་ཕྱེད་དང་གཉིས་དང༌། ཕྱེད་དང་གསུམ་གྱིས་རིམ་པ་བཞིན་དུ་ཕུང་པོའི་དང༌། ཁམས་ཀྱི་དང༌། གཟུང་འཛིན་གྱི་རྣམ་རྟོག་སྡུད་པར་གསུངས་ཏེ། སྡུད་པ་ནི་སྲེག་པའམ་འཇོམས་པའོ། །བར་ཆད་མེད་པ་ནི་ཡང་དང་ཡང་དུའམ་རྒྱུན་དུའི་དོན་ཡིན་ལ། ལུས་ནི་ལུས་ལ་བསྲེགས་ཞེས་པའོ། །དེ་ནས་གཉིས་ཀྱི་རྣམ་རྟོག་སྲེག་པའི་དཔེ་དོན་སྦྱོར་བའོ། །དེ་ནས་གཉིས་ཀྱིས་ནི་གཏུམ་མོ་སྦར་ནས་རྣམ་རྟོག་སྲེག་པ་དེ་ཡང༌། རླུང་གི་དེ་ཉིད་ལྡང་འཇུག་གཉིས་སམ། ལྡང་འཇུག་གནས་པ་གསུམ་དང༌། སྔགས་ཀྱི་དེ་ཉིད་ཡི་གེ་


JLD007_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སམ་གསུམ་གྱི་སྦྱོར་བ་རིག་པ་ཡིས་བྱེད་པར་བཤད་དོ། །རྡོར་བཟླས་ཀྱིས་དེ་ལྟར་བྱེད་པའི་དོན་ནོ། །དེ་ནས་གཉིས་ཀྱིས་ནི་རྣམ་རྟོག་ཕྲ་བ་ཡང་སྲེག་པ་ཐེ་ཚོམ་མེད་པར་གསུངས་ཤིང༌། ཡང་དེ་ཉིད་ལས། རླུང་གི་དེ་ཉིད་ཡང་དག་བརྟེན། །ཡི་གེ་ཧཱུཾ་གིས་བསྐུལ་ནས་ནི། །མེ་ཡི་འཁོར་ལོ་རབ་སད་བྱེད། ཅེས་རླུང་གི་དེ་ཉིད་ལ་བརྟེན་པའི་སྔགས་ཀྱི་དེ་ཉིད་ཀྱིས་གཏུམ་མོ་སད་པར་བྱེད་པར་གསུངས་ཏེ། ཧཱུཾ་ནི་ཡི་གེ་གཉིས་དང་གསུམ་གྱི་རྡོར་བཟླས་ཀྱི་ཕྱོགས་གཅིག་སྨོས་པའོ། །འགྱུར་གཞན་ལས། སྔགས་ཀྱི་ལུས་ཀྱི་སྦྱོར་བ་ཡིས། ཞེས་འབྱུང་ཞིང༌། འགྲེལ་པར་དེའི་དོན་བསྐྱེད་རིམ་སྒོམ་པ་ལ་བཤད་པས། རྒྱ་གར་གྱི་དཔེ་ལའང་མི་མཐུན་པ་གཉིས་ཡོད་པར་གསལ་ཡང༌། དར་མ་བརྩོན་འགྲུས་ཀྱི་འགྱུར་ལ་སྔ་མ་བཞིན་འབྱུང་བ་ལེགས་སོ། །རླུང་ཇི་འདྲ་ཞིག་གཡོས་པས་གཏུམ་མོ་སྦོར་བ་ནི་ཞལ་ལུང་ལས། སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་མདོར་ཡེ་ཤེས་མེ་འབར་བས། ཁམས་ཞུ་ནས་ནི། ཞེས་སུམ་མདོར་གནས་པའི་གཞུ་དབྱིབས་ཏེ་རླུང་གཡོས་པས་གཏུམ་མོ་སྦོར་བར་གསུངས་ལ། དེ་ནི་ཐུར་སེལ་ལོ། །ཕྱག་ཆེན་ཐིག་ལེ་ལས་ཀྱང༌། ལྟེ་བའི་གནས་ན་ཚུལ་ཡོད་པ། །ཚུལ་གྱི་མཐའ་ན་གསང་པད་དོ། །དེ་རུ་རང་འབར་གྱི་ནི་རླུང༌། །བསྐོར་བ་བྱས་ནས་ངལ་བསོ་སྟེ། །དབང་པོ་གཉིས་ཤིང་སྦྱོར་བ་ཡིས། །རླུང་གིས་མེ་ནི་སྦར་བའོ། ཞེས་གསང་གནས་ཀྱི་པདྨ་ན་གནས་པའི་རླུང་གིས་གཏུམ་མོ་སྦོར་བར་གསུངས་སོ། །ཐུར་སེལ་གཡོ་ལུགས་ཁྱད་པར་བ་ཅིག་གིས་གཏུམ་མོ་སྦོར་ན། གཡོ་བ་


JLD007_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གང་གིས་བྱེད་ཅེ་ན། སམ་བྷུ་ཊ་ལས། ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིས། །ཚངས་པའི་མེ་ནི་སུམ་མདོར་འབར། ཞེས་གསུངས་པ་ལ། མན་སྙེར་ཡིད་མཉམ་པར་བཞག་པའི་བྱ་བ་དང་དབང་པོ་གཉིས་སྦྱོར་བའི་བྱ་བའི་ལས་ཀྱིས་བསྐུལ་བའི་རླུང་གིས་སྦོར་བར་བཤད་དེ། དང་པོ་ནི། ལུས་ལ་གནད་དུ་བསྣུན་པའི་རླུང་དང་ཐིག་ལེ་སོགས་སྒོམ་པའོ། །གཉིས་པ་ནི། དབང་པོ་གཉིས་ཤིང་ཞེས་གསུངས་པའོ། །སྦར་རྒྱུའི་མེ་རྡུལ་གྱི་ངོ་བོའི་ཁྲག་ནི་ལུས་ཀྱི་ཆ་མང་པོ་ན་གནས་ཀྱང༌། གཙོ་བོ་ནི་ཨ་ཐུང་གིས་མཚོན་པའི་ལྟེ་བའི་ཁྲག་དང༌། ཀྵ་ཡིག་གིས་མཚོན་པའི་ཚངས་པའི་མེ་ཞེས་པ་ལྟེ་འོག་གིས་གསང་གནས་ན་གནས་པ་གཉིས་ཏེ། དེ་ཡང་དྷཱུ་ཏཱིའི་ནང་ན་གནས་པའོ། །དེ་སྦོར་བའི་ཐུར་སེལ་ཡང་དྷཱུ་ཏཱིའི་ནང་དུ་ཞུགས་མ་ཞུགས་གཉིས་ལས་གཙོ་བོ་ནི་དང་པོ་སྟེ། རྡོར་འཕྲེང་ལས། གཡོན་པ་བྱང་ཆུབ་ཟླ་བ་འབབ། །གཡས་པ་ཁྲག་དང་ཉི་མ་འབབ། །ཤེས་བྱ་དབུས་སུ་རླུང་རྒྱུ་བ། །མེ་སད་བྱེད་པར་ཤེས་པར་བྱ། ཞེས་རྩ་དབུས་མ་ནས་རླུང་རྒྱུ་བས་གཏུམ་མོའི་མེ་སད་པར་བྱེད་པར་གསུངས་པས། རྡོར་བཟླས་ཀྱིས་རླུང་དབུ་མར་བཙུད་པའི་མཚམས་ནས་གཏུམ་མོ་ཁྱད་པར་བའི་དྲོད་ཅུང་ཟད་འབར་ལ། དེ་འཕེལ་བ་ནི་སྤྱི་བོའི་བྱང་སེམས་འཇུ་སྟེ། ཕྱག་ཆེན་ཐིག་ལེར། དེ་ཡི་མེ་འབར་ཡང་དག་གིས། །བདེ་ཆེན་འཁོར་ལོ་བཞུ་བར་འགྱུར། །བཞུ་བས་རྩ་ནི་ཐམས་ཅད་ལས། །མཆོག་གི་བདུད་རྩི་འཛག་པའོ། ཞེས་སོ། །འདི་ལ་འབར་འཛག་སྒོམ་པ་ལ་ནི། རླུང་དྷཱུ་ཏཱིར་མ་ཚུད་ཀྱང་གཏུམ་


JLD007_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འབར་ནས་བྱང་སེམས་འཇུ་བ་མང་དུ་འོང་ལ། དེ་ལྟར་མི་སྒོམ་པའི་རླུང་དང་ཐིག་ལེ་སོགས་སྒོམ་པ་ལ་ཡང་རླུང་དྷཱུ་ཏཱིར་ཚུད་པ་དང་དེར་ཐིམ་པ་མ་བྱུང་བའི་སྔོན་ནས་གཏུམ་མོ་འབར་བ་དང༌། བྱང་སེམས་ཞུ་བ་སོགས་འོང་ཞིང༌། དབང་པོ་གཉིས་སྦྱོར་བ་ཕལ་པ་ལ་ཡང་དེ་ལྟར་འབྱུང་སྟེ། དེ་རྣམས་ལ་ནི་བྱང་སེམས་ཞུ་བ་ཇི་ལྟར་ཤེས་ཆེ་བ་ཙམ་གྱིས་མི་འཕོ་བར་བཟུང་དཀའ་ལ། རླུང་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བ་ཡིན་ན་ནི་གཟུང་བར་ཤིན་ཏུ་སླའོ། །དྲོད་འབར་བ་ལ་ཡང་བྱང་སེམས་ཞུ་ནུས་པ་དང༌། མི་ནུས་པ་གཉིས་ཡོད་ཅིང༌། འཇུ་ནུས་པའི་དྲོད་ལའང་རླུང་དྷཱུ་ཏཱིར་ཚུད་མ་ཚུད་དང༌། ཚུད་པ་ལ་ཡང་ཐིམ་མ་ཐིམ་གཉིས་ཡོད་པ་དང༌། བདེ་བ་ཡང་རླུང་ལས་རུང་རྐྱང་པའི་བདེ་བར་སོང་ཞིང་ཞུ་བདེར་མ་སོང་བ་དང༌། ཞུ་བདེ་ལ་ཡང་རིམ་པ་མང་པོ་འོང་བ་རྣམས་ལེགས་པར་ཕྱེད་བས་མཁས་པར་བྱའོ། །ཐུར་སེལ་གྱིས་ཐོག་མར་གཏུམ་མོའི་གཙོ་བོ་སྦོར་བ་ན་གསང་གནས་དང་ལྟེ་བའི་མེ་གཉིས་སྦོར་བ་ཡིན་ལ། ཐུར་སེལ་འོག་སྒོ་གཉིས་སུ་སྟེང་གི་སྣ་བུག་བཞིན་དུ་འབྱུང་འཇུག་བྱེད་པས་དེ་དྷཱུ་ཏཱིར་ཚུད་པ་དང༌། བཙུད་པ་དེ་སྟེང་གི་སྣ་སྒོར་རྒྱུ་བའི་སྲོག་རླུང་འབྱུང་འཇུག་མི་བྱེད་པར་ཐིམ་པ་བཞིན་དུ། འོག་སྒོར་འབྱུང་འཇུག་མི་བྱེད་པར་ཐིམ་པ་བྱུང་ན་ནི་གཏུམ་མོ་འབར་སྟོབས་ཆེ་བས་བྱང་སེམས་ཞུ་སྟོབས་ཀྱང་ཆེའོ། །དེ་ཡང་ལན་ཅིག་དེ་འདྲ་བ་ཅིག་བྱུང་ཡང་སླར་ཡང་རླུང་ལངས་ནས་འབྱུང་འཇུག་བྱེད་པ་སྤེལ་མར་འོང་བ་དུ་མ་ཅིག་འོང་བས། ལན་ཅིག་ཐིམ་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས་


JLD007_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་སྤངས་པ་བཞིན་དུ་སླར་མི་སྐྱེ་བ་མིན་ནོ། །རྡོར་བཟླས་ཀྱིས་དབང་པོའི་སྒོ་དགུ་ག་ནས་རླུང་ནང་དུ་སྡོམ་པར་རྡོ་རྗེ་འཕྲེང་བ་ལས་བཤད་པས། སྟེང་གི་སྣ་སྒོའི་འབྱུང་འཇུག་འགོག་པར་མ་ཟད། འོག་གི་སྣ་སྒོའི་འབྱུང་འཇུག་ཀྱང་འགོག་པ་ཡིན་ནོ། །འདི་ཡང་ལུས་ཀྱི་རྩོལ་བ་དྲག་པོས་ཡར་ལ་ཐེན་ནས་བྱེད་པ་ལ། རླུང་དེ་འགག་པ་ཅུང་མྱུར་ཡང་གནད་དུ་མི་འགྲོ་བས། རྡོར་བཟླས་ལྟ་བུའི་འཇམ་པོའི་སྦྱོར་བས་རྒྱུ་བ་འགོག་ནུས་ན་བཟང་སྟེ། རླུང་ཁ་སྦྱོར་འཛིན་ནའང་དེ་ལྟར་ཤེས་པར་བྱའོ། །གལ་ཏེ་ཐུར་སེལ་འོག་གི་སྣ་སྒོ་གཉིས་སུ་འབྱུང་འཇུག་བྱེད་ན་དེ་ལ་སྟེང་གི་སྣ་སྒོ་བཞིན་དུ་འབྱུང་འཇུག་གི་བཟླས་པ་བྱར་རུང་ངམ་སྙམ་ན། འདི་ལ་བོད་ཀྱི་བླ་མ་རྣམས་ཀྱི་མན་ངག་ལས་འོག་སྒོ་འབྱེད་འཛུམས་ཀྱི་སྦྱོར་བས་བདེ་བ་སྐྱེད་པ་མཛད་དེ། འདི་ལ་འབྱུང་འཇུག་གི་བཟླས་པའི་མིང་མ་བཏགས་ཀྱང༌། དཔྱོད་ཤེས་ན་དོན་ནི་སྟེང་སྒོར་བྱེད་པ་དང་འདྲའོ། །ཚུལ་འདི་ནི་ཇོ་བོ་རྗེའི་ཆོས་ཀྱི་གླུ་ལས། ཉི་མ་ཟླ་བའི་འགྲོ་བ་འཇོམས། །གཞན་དུ་ནམ་མཁའ་ཆེན་པོའི་སྒོར། །བེ་རཾ་པ་ནི་འཇུག་མི་འགྱུར། །འབྱེད་དང་འཛུམ་པའི་སྦྱོར་བ་ཡིས། །དྲག་མོ་དེ་ནི་བསྐུལ་བར་བྱ། །སངས་རྒྱས་ལྔ་ནི་ལྷ་མོ་བཞི། །ཡང་དང་ཡང་དུ་བསྲེག་པར་བྱ། །ཕྱོགས་བཅུའི་དཔའ་བོ་རྣལ་འབྱོར་མ། །འདུས་ནས་ཛ་ལན་དྷ་རར་ཐིམ། །པདྨ་བཞི་ལ་ཐིག་ལེ་བཞི། །བདེ་བ་བཅུ་དྲུག་སྐྱེ་བར་འགྱུར། །རང་སྣང་ཡེ་ཤེས་གཟུགས་ཅན་གྱི། །པད་མའི་ལྟེ་བའི་དབུས་ན་གནས། །ནོར་བུའི་རྩེ་མོར་གནས་པའི་ཚེ། །མར་མེ་ལྟ་བུར་མྱ་ངན་འདའ། །གང་ཚེ་ནོར་བུའི་རྩེ་མོ་དེར། །མྱ་ངན་འདའ་བ་


JLD007_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཚེ། །བདག་གཞན་ལ་སོགས་རྣམ་རྟོག་ཚོགས། །དེས་ནི་ཅི་ཡང་མ་མཐོང་ངོ༌། །ཉི་མ་ཟླ་བ་གཟའ་ཡིས་ཟིན་པ་ན། །ཡིད་དང་བེ་རཾ་པ་ནི་འགྲོ་བ་མེད། །རྣམ་རྟོག་མ་ལུས་ཞུ་ཞིང་ཐིམ་པའི་ཚེ། །སེམས་ནི་དབྱིངས་ཀྱི་ངང་དུ་གྱུར་བ་ཡིན། ཞེས་རླུང་དྷཱུ་ཏཱིར་འཛུད་པའི་ཐབས་ཁྱད་པར་ཅན་དུ་གསུངས་སོ། །དོན་འདི་ཕྱག་ཆེན་ཐིག་ལེ་ལས་ཀྱང་གསུངས་ཏེ། འཛུམས་པ་དང་ནི་འབྱེད་པ་ཡིས། །རླུང་གིས་མེ་ནི་ཁོང་དུ་ཆུད། །ཡང་དག་པ་ཡི་དབང་པོའི་ཤིང༌། །དེ་ཡིས་གཏུམ་མོ་འབར་བའོ། །རྣམ་པར་རྟོག་པའི་ཕུང་པོའི་གཟུགས། །ཐམས་ཅད་ལུས་ནི་སྲེག་པའོ། །དེ་ཡི་མེ་འབར་ཡང་དག་གིས། ཞེས་སྔར་ལྟར་གསུངས་སོ། །འདིས་ཆུའི་ལམ་ནས་འབྱུང་འཇུག་གི་བཟླས་པ་ཡང་ཤེས་པར་ནུས་ལ། སྟེང་གི་རྡོར་བཟླས་ཉིད་ཀྱིས་དོན་འདི་གཉིས་ཀ་འགྲུབ་མོད་ཀྱང༌། འོག་གི་ཕྱོགས་སུ་ཐུར་སེལ་ལ་དམིགས་ཀྱིས་བཀར་ནས་དབང་དུ་བྱ་བར་འདོད་ན། མན་ངག་གི་གཞི་སྔར་ཡོད་པ་ཐོབ་པ་ལ་བརྟེན་ནས་བྱའོ། །ཐུར་སེལ་བཙན་ཐབས་སུ་བཟློག་པ་བྱས་ན། དྲི་ཆེན་དང་དྲི་ཆུ་སྡོམ་པ་སོགས་ཀྱི་དགག་བྱ་ཆེ་ལ། མན་ངག་གི་གནད་ལ་མཁས་པའི་འཇམ་སྦྱོར་བྱས་ནས་རྒྱུ་བ་ལོག་ན། བཤང་གཅི་ཉུང་བ་དང༌། ཡང་ཡང་འདོར་མི་དགོས་ཤིང༌། དེ་ལ་ཡང་མི་བདེ་བ་ཅུང་ཟད་ཙམ་ཡང་མེད་པ་དང༌། གཏུམ་མོ་འབར་སྟོབས་ཤིན་ཏུ་ཆེ་བས་བདེ་བ་ཕུལ་ཆེ་བ་དང༌། ཁམས་ཞུ་བ་ཇི་ལྟར་ཤས་ཆེ་ཡང་འཕོ་བའི་ཟོན་མི་དགོས་པ་སོགས་ཀྱི་རྟགས་རྣམས་འབྱུང་ངོ༌། །འོ་ན་རྡོར་བཟླས་དང་སྙིང་


JLD007_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་མི་ཤིགས་པ་སྒོམ་པ་སོགས་ཀྱིས་གཏུམ་མོ་འབར་ནས་བྱང་སེམས་ཞུ་བ་ན། རྣལ་འབྱོར་མའི་རྒྱུད་ནས་བཤད་པ་བཞིན་ནོར་བུའི་བར་དུ་ཕབ་ནས། དེ་ལ་བརྟེན་པའི་དགའ་བ་བཞི་སྐྱེད་དམ། ཡང་ན་སྟོད་སྨད་ནས་སྙིང་ཁར་བསྡུས་ཏེ་སྟོང་པ་བཞི་སྐྱེད་ཅེ་ན། འདི་ནི་སེམས་དབེན་གྱི་སྐབས་སུ་བཤད་པར་བྱའོ། །འདི་ན་མང་པོས་རླུང་འགོག་པ་སོགས་ཀྱི་སྦྱོར་བ་དྲག་པོ་བྱས་པ་ན་ཅུང་མྱུར་བར་མཐོང་ཞིང༌། སྦྱོར་བ་འཇམ་རྩུབ་ལས་འཕྲལ་དང་ཕུགས་ཀྱི་ཡོན་ཏན་ཇི་ལྟར་སྐྱེ་བའི་ཁྱད་པར་ལེགས་པར་མ་ཕྱེད་པས། ལུས་ལ་གནད་དུ་བསྣུན་པའི་ཐབས་རྣམས་བྱེད་ཕྱིན་ཅད་དྲག་པོ་ཉིད་ཀྱིས་བྱ་དགོས་པར་བཟུང་ནས་སྒོམ་མོ། །དེ་ལ་ནི། ཁ་ཅིག་གིས་ནི་གེགས་ཤིན་ཏུ་ཆེ་བར་མཐོང་ནས། དེ་རྣམས་སྒོམ་པ་ལས་ལྡོག་ལ་གཞན་དག་གིས་ནི་གེགས་ཤིན་ཏུ་ཆེ་ཡང༌སེལ་ཐབས་ལ་མཁས་པར་བྱས་ནས་སྒོམ་དགོས་པར་འདོད་དོ། །གེགས་སེལ་ཚུལ་ནི། ཁ་ཅིག་ན་རེ། རླུང་འདུས་ནས་ཞི་མ་ཉན་པར་ཟུག་བསྐྱེད་པ་ན། བུ་ག་མང་པོའི་སྦྱོར་བ་བསྒོམས་ནས་དེ་དག་ཕྱིར་ལ་འདོན་པར་བྱེད་ལ། གཞན་མང་པོས་ནི། ཐབས་གཞན་གྱིས་རླུང་འདུས་པའི་ཟུག་ཞི་བར་བྱེད་དོ། །དེ་ལ་ཁ་ཅིག་ན་རེ། རླུང་འདུ་བའི་ཕྱིར་དུ་འབད་ནས་འདུས་པའི་ཚེ་དེ་དབུ་མར་འཇུག་ཐབས་མི་བྱེད་པར་ཞི་བར་བྱེད་ན་འབད་པ་དོན་མེད་ཡིན་པས་གདམས་ངག་མེད་དོ་ཞེས་སྨྲ་ཞིང༌། རང་གི་ལུགས་ཀྱིས་ནི་ལོངས་སྤྱོད་ཀྱི་རླབས་གཉིས་འཚིར་བའི་ཐབས་ཀྱི་སྦྱོར་བས་དབུ་མར་


JLD007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ནས། ཟུག་ཞི་བར་བྱེད་པ་ཉིད་ལ་བསྔགས་པར་བྱེད་དོ། །ཀུན་ཀྱང་དང་པོར་སྒོམ་པའི་སྦྱོར་བ་དྲག་པོ་ལ་མཐུན་པར་སྣང་ངོ༌། །དེ་ལ་རྩ་རླུང་སོགས་ལ་དྲིལ་ནས་བསྒོམས་ཕྱིན་ཆད་སྲོག་འཕྲོག་པའམ་འཕྲོག་ཏུ་ཉེ་བའི་གེགས་ཆེན་པོ་འབྱུང་བར་ངེས་པ་མ་ཡིན་ཏེ། དེ་ནི་དང་པོའི་སྐྱོང་ཚུལ་ལེགས་པར་བདར་ཤ་མ་ཆོད་པའི་སྐྱོན་ཡིན་གྱི། ཤེས་པ་ལ་དེ་ཙམ་མི་འབྱུང་བའི་ཕྱིར་རོ། །དེས་ན་དང་པོའི་སྐྱོང་ཚུལ་ལེགས་པར་ཤེས་ནས་བསྒོམས་པས་གེགས་ཆེན་པོ་མེད་པ་ཅིག་ཤེས་ན་མཁས་ཀྱི། གེགས་ནན་གྱིས་བསྐྱེད་ནས་ཞི་བའི་ཐབས་ཤེས་ཀྱང་མཁས་པ་མིན་ནོ། །སྦྱོར་བ་འཇམ་པོས་རླུང་བསྡུས་པ་ལ་ནི་སྤྱིར་གེགས་ཆུང་ལ། དང་པོར་རླུང་མ་བྱང་བའི་ཚེ་རླུང་འདུས་པ་ན། ཟུག་ཅུང་ཟད་རེ་སྐྱེད་པའི་སེལ་ཚུལ་ནི་གཞན་དུ་བཤད་པར་བྱའོ། །དེ་ཡང་ཟུག་ཞི་བ་རྐྱང་པའི་ཆ་ནས་མི་བསམ་གྱི། ཕྱི་མ་རེས་རླུང་སྡུད་པ་དཀའ་བར་མི་འགྲོ་བ་ཅིག་དང༌། དེར་མ་ཟད་སྔ་མ་རེས་ཀྱི་རླུང་བསྡུས་པ་དེས་ཀྱང་རླུང་དྷཱུ་ཏཱིར་སྡུད་པ་ལ་ཕན་པའི་སེལ་ཐབས་ཤིག་ཤེས་ན་མཁས་པ་ཡིན་ནོ། །དེས་ན་ལུགས་སྔ་མ་གཉིས་ལྟར་ན་ནི་རླུང་འདུས་པའི་ཟུག་རྔུ་ཞི་བ་འོང་དུ་ཆུག་ཀྱང༌། སྔ་མ་རེས་རླུང་བསྡུས་པ་དེས་དྷཱུ་ཏཱིར་ཚུད་པ་ལ་ཕན་པ་ནི་མི་སྣང་ངོ༌། །ལུགས་གསུམ་པའི་སེལ་ཚུལ་ནི་སྦྱོར་བ་དྲག་པོས་བྱེད་ཕྱིན་ཆད་དེ་ལེགས་མོད་ཀྱང༌། རང་གི་ལུགས་ནི། སེལ་ཐབས་ཀྱང་འཇམ་པོའི་སྦྱོར་བས་བྱ་དགོས་ཀྱི། དྲག་པོའི་སྦྱོར་བས་མི་བྱེད་དོ། །དེ་ལྟར་རྡོ་རྗེ་བཟླས་པའི་


JLD007_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གནད་རྒྱས་པར་བཤད་པ་ནི། གདམས་ངག་རྣམས་ལ་རྡོར་བཟླས་བྱེད་པ་མང་བར་སྣང་ནའང༌། གསང་འདུས་ཀྱི་སྐོར་རྣམས་ནས་རྡོར་བཟླས་མཐའ་དག་པར་འཆད་པ་བཞིན་དུ། རྒྱུད་དང་བསྟན་བཅོས་གཞན་ནས་མི་འབྱུང་ལ། འདུས་པའི་ལུགས་ཀྱིས་ལེགས་པར་འཆད་པ་ཡང་དཀོན་པར་སྣང་བས། འཕགས་པ་ཡབ་སྲས་ཀྱིས་རླུང་སྦྱོར་གཞན་མ་བཤད་པར་འདི་ཉིད་བཤད་པའི་མཐའ་ཆོད་པའི་དོན་དུ་ཡིན་ནོ། །གསུམ་པ་སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་པ་ལ་ལྔ། སེམས་ཀྱི་ངོ་བོ་ཉིད་རྟོགས་པར་བྱ་དགོས་པའི་རྒྱུ་མཚན་དང༌། སེམས་དེའི་ངང་ཚུལ་གསུང་རབ་ལས་གསུངས་པའི་ཚུལ་དང༌། སེམས་ཀྱི་རང་བཞིན་རྟོགས་པའི་ཐབས་ཁྱད་པར་ཅན་བླ་མེད་ཀྱི་རྒྱུད་ཡིན་པར་བསྟན་པ་དང༌། རྒྱུད་ཀྱི་དོན་སྣང་བ་གསུམ་དང་རང་བཞིན་རྣམས་བསྟན་པ་དང༌། དེ་ཇི་བཞིན་དུ་མ་ཤེས་པའི་ཉེས་དམིགས་དང་ཤེས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། སྤྱིར་རྡོ་རྗེ་ཐེག་པ་ལ་གནས་པ་དང༌། ཁྱད་པར་དུ་རྡོ་རྗེ་བཟླས་པ་ལ་བསླབས་ཤིང་ལོབས་པ། སངས་རྒྱས་ཐོབ་པར་འདོད་པས། རང་གི་སེམས་ཀྱི་ངོ་བོ་ཉིད་ཇི་ལྟར་ཡིན་བཙལ་བར་བྱ་དགོས་ཏེ། དེ་ཉིད་བསྡུས་པ་ལས། རིགས་ཀྱི་བུ་མཉམ་པར་བཞག་པས་རང་གི་སེམས་ལ་སོ་སོར་རྟོགས་ཤིག །ཅེས་དང༌། རྣམ་སྣང་མངོན་བྱང་ལས་ཀྱང༌། བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའོ། ཞེས་དང༌། སྡེ་སྣོད་གསུམ་གྱི་ཚུལ་ལས་ཀྱང༌། གཅིག་པུ་འགྲོ་ཞིང་རིང་དུ་རྒྱུ། །ལུས་མེད་དབང་པོའི་ཕུག་ན་གནས། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །


JLD007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་འཆིང་བ་ལས་གྲོལ་འགྱུར། ཞེས་གསུངས་པས། སྒྱུ་ལུས་མངོན་དུ་བྱ་བར་འདོད་པས། རྣམ་གཡེང་དང་གཉིད་ལ་སོགས་པའི་སྒྲིབ་པ་ལྔ་པོ་ཐམས་ཅད་སྤངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་ཐོབ་པའི་བླ་མ་མཉེས་པར་བྱས་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལ་སོགས་པའི་བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རང་བཞིན་གྱི་སྣང་བ་རྣམ་ཤེས་གསུམ་རྟོགས་པར་བྱའོ་ཞེས་སྤྱོད་བསྡུས་ལས་གསུངས་སོ། །སེམས་དབེན་ལ་སློབ་པར་འདོད་པས། སེམས་ཀྱི་ངོ་བོ་ཉིད་འཚོལ་དགོས་པའི་རྒྱུ་མཚན་དུ་དྲངས་པའི་ལུང་གསུམ་གས། སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་དགོས་པར་སྟོན་པས། བོད་དང་རྒྱ་གར་བ་ཁ་ཅིག་གིས་སེམས་དབེན་གྱི་ཡེ་ཤེས་ཀྱིས་ཆོས་ཅན་གྱི་སེམས་རིག་པ་ཡིན་གྱི། སེམས་ཀྱི་ཆོས་ཉིད་རིག་པ་མིན་ཏེ། རིག་ན་ནི་འོད་གསལ་དང་ཁྱད་མེད་པར་འགྱུར་རོ། ཞེས་སྨྲ་བ་བཀག་པ་ཡིན་ནོ། །རིམ་པ་བཞི་པའི་འོད་གསལ་གྱི་ཡེ་ཤེས་ཀྱིས་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་ཀྱི། སེམས་དབེན་གྱིས་ཆོས་ཉིད་རིག་ཀྱང་མངོན་དུ་མ་གྱུར་པས་ན། ཁྱད་མེད་དུ་མི་འགྱུར་རོ། །མདོ་སྡེའི་ལུང་དང༌། རྒྱུད་སྡེ་འོག་མ་གཉིས་ཀྱི་ལུང་ཤེས་བྱེད་དུ་དྲངས་པ་གསུམ་གྱིས་སེམས་དབེན་གྱི་ཡེ་ཤེས་གསུམ་སྟོན་པ་མིན་ཀྱང༌། སེམས་ཀྱི་ཆོས་ཉིད་རྟོགས་དགོས་པའི་རྒྱུ་མཚན་དུ་འགྲོའོ། །གཉིས་པ་ནི། གལ་ཏེ་སེམས་ཀྱི་དེ་ཁོ་ན་ཉིད་རྩད་གཅོད་དགོས་ན། དེ་ཇི་འདྲ་བ་ཞིག་ཡིན་སྙམ་ན། འདི་ལ་


JLD007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བསྡུས་སུ་ཕར་ཕྱིན་གྱི་ཐེག་པ་དང༌། སྔགས་ཀྱི་ཐེག་པ་ལས་གསུངས་ཚུལ་གཉིས་བཤད་པའི་དང་པོ་ལ། ལང་ཀར་གཤེགས་པ་དྲངས་པ་ལས། རང་གི་སེམས་ཀྱིས་སྣང་བ་གཟུང་འཛིན་གྱི་རྣམ་རྟོག་སངས་རྒྱས་ཀྱི་སྤྱོད་ཡུལ་ཤེས་པར་འདོད་པས་སོ། །འདུ་འཛི་དང་གཉིད་ལ་སོགས་བའི་སྒྲིབ་པ་སྤང་བར་བྱ་བ་དང༌། སེམས་དང་ཡིད་དང་རྣམ་ཤེས་གསུམ་སྣོད་བཅུད་ཀུན་གྱི་རྩ་བར་བསྟན་ནོ། །སྤྱོད་བསྡུས་འགྱུར་རྙིང་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ། ཞེས་འབྱུང་ཡང༌། ཆག་གིས། རྣམ་པར་རྟོག་པ་སངས་རྒྱས་ཀྱི་སྤྱོད་ཡུལ། ཞེས་བསྒྱུར་བ་ལེགས་སོ། །བཟང་སྐྱོང་གིས་ཞུས་པ་དྲངས་པ་ལས། རྣམ་པར་ཤེས་པས་ལུས་ལེན་པ་དང༌། སྐྱེ་གནས་དམན་པ་རྣམས་སུ་ཞུགས་ཀྱང༌། དེའི་སྐྱོན་གྱིས་མི་གོས་པ་དང༌། རྣམ་ཤེས་གང་དུ་འཕོ་བ་དེར་ལས་ཀྱི་འབྲས་བུ་ཚོར་བ་བདེ་སྡུག་ཀྱང་འཕོ་བ་དང༌། བདེན་པ་མ་མཐོང་བས་རྣམ་ཤེས་མི་ཤེས་པར་བསྟན་ཅིང༌། དེ་དག་གི་དོན་བསྡུས་པར། དེ་ལྟར་ན་རྣམ་པར་ཤེས་པ་ནི་ཁ་དོག་མེད་པ། མཚན་མ་མེད་པ། དབྱིབས་མེད་པའི་བདག་ཉིད་ཅན་རང་རིག་པའི་ཡེ་ཤེས་ཙམ་དུ་ཐེག་པ་ཆེན་པོའི་མདོ་སྡེ་ལས་བཀའ་སྩལ་ཏོ། ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་ཞེས་པས་སེམས་ཀྱི་ཆོས་ཉིད་དང་། ཀུན་གྱི་རྩ་བར་བསྟན་པས་ཆོས་ཅན་གྱི་ངང་ཚུལ་དང་། སེམས་སྐྱེ་གནས་སྣ་ཚོགས་སུ་ཞུགས་ཀྱང་དེའི་ཆོས་ཉིད་ལ་འགྱུར་བ་མེད་པ་དང༌། དོན་དེ་འཕགས་པ་མིན་པས་མངོན་སུམ་དུ་མི་ཤེས་པར་སྟོན་པས། སེམས་དེ་དོན་དམ་


JLD007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཚན་མ་ཐམས་ཅད་ཀྱིས་སྟོང་ལ། ཐ་སྙད་དུ་ཁ་དོག་དང་དབྱིབས་སུ་མེད་པ། རིག་བྱེད་གཞན་ལ་མི་ལྟོས་པ། རང་གིས་ཡུལ་རིག་པའི་ཤེས་པ་ཙམ་དུ་གསུངས་སོ། །རྡོ་རྗེ་ཐེག་པ་ལས་གསུངས་ཚུལ་ཡང་དེ་ཉིད་ལས། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི། རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་མ་མེད་པ་དང༌། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་བསྟན་པའི་ཚིག་ལས་གསུངས་པའོ། ཞེས་གསུངས་ཏེ། སེམས་དབེན་ལ་ཇི་ལྟར་བསླབ་པ་དྲིས་པའི་སེམས་ཀྱི་དེ་ཁོ་ན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་ཐུན་མོང་བའི་དོན་ཡིན་གྱི། སེམས་དབེན་མིན་ནོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་གནས་པ་མེད། །མ་རིག་རྒྱུ་ལས་ཤིན་ཏུ་འབྱུང༌། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་འདྲ་བ་སྟེ། །རྨོངས་པའི་གྲོང་ཁྱེར་མི་བཟད་པ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང༌། ཞེས་གསུངས་ལ། དེའི་འགྲེལ་པར། གནས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང༌། དམིགས་པ་ནི་ཆོས་ཐམས་ཅད་དང༌། རྩ་བ་ནི་ས་དོན་གྱི་ཚུལ་གྱིས་རྒྱུའི་རྐྱེན་ཏེ། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་ཡོད་པ་མིན་པ་སྒྱུ་མ་བཞིན་དུ་གསུངས་སོ། །གཞི་མེད་པ་ནི་དམིགས་པ་


JLD007_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །གསུམ་པ་ནི། སྤྱོད་བསྡུས་ལས། འདུས་པ་ལ་སོགས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་མ་ཞུགས་པར། བསྐལ་པ་གང་གཱའི་རླུང་གི་བྱེ་མ་སྙེད་དང་མཉམ་པ་སྙེད་ཀྱི་བསྐལ་པ་ཐམས་ཅད་ཀྱིས་ཀྱང༌། རང་གི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ཤེས་པར་མི་ནུས་ཤིང༌། ཀུན་རྫོབ་ཀྱི་བདེན་པ་མཐོང་བར་མི་འགྱུར་རོ། ཞེས་གསུངས་སོ། །དེས་ན་བླ་མེད་ལ་མ་ཞུགས་བར་དུ་གཞིའི་ལྟ་བ་གཏན་ལ་མི་ཕེབས་པར་སྟོན་པ་མིན་པ་ནི་བཤད་ཟིན་ལ། གཏན་ལ་ཕེབས་ཀྱང་དེ་བསྒོམས་པས་མངོན་དུ་མི་འགྱུར་བ་ཡང་མིན་ཏེ། ཕར་ཕྱིན་གྱི་ཐེག་པས་འཕགས་པའི་ས་ཐོབ་མི་ནུས་པ་ཚད་ལྡན་སུས་ཀྱང་མ་བཤད་ལ། དེ་ཐོབ་ན་ཆོས་ཉིད་མངོན་སུམ་དུ་མ་རྟོགས་པ་འགལ་བའི་ཕྱིར་རོ། །སེམས་ཀྱི་ཆོས་ཉིད་མཐར་ཐུག་པ་ཆོས་ཀྱི་སྐུ་ལ་དགོངས་ནས་གསུངས་པ་ཡང་མིན་ཏེ། སེམས་དབེན་གྱི་སྐབས་སུ་སེམས་ཀྱི་ཡང་དག་པའི་དོན་རྟོགས་པ་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་ཏེ། ཀུན་རྫོབ་ཀྱི་བདེན་པ་མཐོང་བར་མི་ནུས་ཞེས་གསུངས་པས་ཀྱང་ཤེས་སོ། །དེས་ན་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཡུལ་ཅན་གྱི་གཙོ་བོ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་ལ། ཡེ་ཤེས་དེས་ཡུལ་དེ་རྟོགས་པ་ལ་བླ་མེད་ཀྱི་སྒོར་མ་ཞུགས་ན། ཕར་ཕྱིན་དང་རྒྱུད་སྡེ་འོག་མ་གང་གི་སྒོར་ཞུགས་ཀྱང་མི་ཐོབ་པའི་དོན་ནོ། །ལམ་གཞན་གྱིས་བསྐལ་པ་གྲངས་མེད་མང་པོས་འཐོབ་དགོས་པའི་གོ་འཕང༌། བླ་མེད་ཀྱི་ལམ་གྱིས་ཚེ་གཅིག་ལ་འགྲུབ་པའི་མྱུར་ཁྱད་ཁྱད་པར་ཅན་ནི། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཀྱི་


JLD007_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ངེས་ནས་སྒོམ་པ་ཡིན་ཏེ། སཾ་བྷུ་ཊ་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་འཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། ཞེས་གསུངས་སོ། །ཉོན་སྒྲིབ་ཟད་པ་ཙམ་ནི་ཉན་ཐོས་ཁ་ཅིག་གིས་ཀྱང་ཚེ་གསུམ་ལ་ནུས་ཤིང༌། དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ཡང་ཐེག་པ་གཉིས་ཐུན་མོང་བ་ཡིན་པས། སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་མྱུར་བའི་སྒོ་ནས་འཁོར་བ་ལས་གྲོལ་བ་མྱུར་བ་ཙམ་ནི་འདིར་མྱུར་ཁྱད་མིན་ནོ། །དེའི་ཕྱིར་ཤེས་སྒྲིབ་ཟད་པ་ཤིན་ཏུ་མྱུར་བ་ཞིག་ལམ་འདི་ལ་དགོས་སོ། །དེ་ལ་ཕར་ཕྱིན་གྱི་ཐེག་པ་ལྟར་ན་ཚོགས་མཐའ་ཡས་པའི་གསལ་བའི་དབྱེ་བ་མི་འདྲ་བ་མཐའ་ཡས་པ་ལ་སློབ་པའི་ཐབས་ཀྱི་ཆ་མེད་ན། སྟོང་ཉིད་ཀྱི་ལྟ་བ་ཕུ་དག་པར་རྟོགས་ནས་ཇི་ཙམ་གོམས་ཀྱང་འཁོར་བ་ལས་གྲོལ་བ་མ་གཏོགས་པ། ཤེས་སྒྲིབ་ཟད་པར་མི་ནུས་པས། ཐེག་པ་ཆེན་པོ་པ་རྣམས་ཀྱིས། དེ་འདྲ་བའི་ཚོགས་མཐའ་ཡས་པ་ལ་དུས་རིང་པོར་སློབ་པ་ནི། སྟོང་ཉིད་རྟོགས་པའི་རྟོགས་པ་དེ་ཤེས་སྒྲིབ་ཟད་བྱེད་དུ་སྐྱེད་པའི་ཆེད་ཡིན་ནོ། །བླ་མེད་ཀྱི་ལམ་དུ་ཕ་རོལ་ཏུ་ཕྱིན་པ་བ་བཞིན་དུ་ཚོགས་ཀྱི་གསལ་བའི་དབྱེ་བ་མི་འདྲ་བ་མཐའ་ཡས་པ་ལ་མི་སློབ་ཀྱང༌། ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ཕུ་ཐག་ཆོད་པའི་དོན་བསྒོམས་ན་ཤིན་ཏུ་མྱུར་བར་གསུངས་པ་ན། ཡུལ་ཅན་ཁྱད་པར་ཅན་


JLD007_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་གནད་ཀྱིས་སྟོང་ཉིད་རྟོགས་པ་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱི་ཤེས་སྒྲིབ་སྦྱོང་བ་ལ་ཆེས་ཤིན་ཏུ་མྱུར་བར་གོ་ནུས་སོ། །དེས་ན་ལམ་འདིའི་དབང་དང་རིམ་པ་དང་པོ་འཁོར་དང་བཅས་པ་ལ། ལམ་གཞན་ལས་ཁྱད་པར་དུ་འཕགས་པའི་བསྔགས་པ་ཆེན་པོ་གསུངས་པ་རྣམས་ཀྱང༌། བདེ་སྟོང་སྦྱོར་བའི་ལམ་གྱི་སྣོད་རུང་དུ་སྒྲུབ་པ་དང༌། དེ་རྫོགས་པར་སྐྱེ་བའི་སྨིན་བྱེད་དུ་སོང་བའི་ཆ་ནས་ཡིན་གྱི་རང་དབང་དུ་མིན་ནོ། །བདེ་སྟོང་སྦྱོར་བའི་ལམ་མྱུར་ཁྱད་མཆོག་ཏུ་འགྲུབ་པ་ནི། དེའི་སྟེང་ནས་བསོད་ནམས་ཀྱི་ཚོགས་ཀྱི་གསལ་བའི་དབྱེ་བ་མི་འདྲ་བ་མཐའ་ཡས་པའི་དོད་ཐུབ་ངོ་ཤེས་པའི་སངས་རྒྱས་ཀྱི་གཟུགས་སྐུ་སྒྲུབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ཅིག་སྒྲུབ་ཤེས་པ་ལ་རག་ལས་ལ། དེ་ཡང་སྒྱུ་མའི་སྐུ་ལས་གཞན་དུ་མེད་པས། སྟོང་ཕྱོགས་བདེ་བ་ཆེན་པོའི་རྫོགས་རིམ་དང༌། སྣང་ཕྱོགས་སྒྱུ་མའི་སྐུའི་རྫོགས་རིམ་གཉིས་ལ་མི་མཁས་ཀྱི་བར་དུ་རྒྱུད་གཉིས་ཀྱི་གནད་རྫོགས་པར་མི་རྙེད་དོ། །འདུས་པ་ལས། སྔོན་བྱུང་བ་ན་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་རབ་ཏུ་ཕྲ་བ་དང་མཉམ་པའི་བསྐལ་པ་འདས་པ་ན། སངས་རྒྱས་མར་མེ་མཛད་འདས་པ་ནས། སངས་རྒྱས་འོད་སྲུངས་ཀྱི་བར་དུ་གསང་ཆེན་འདི་མ་གསུངས་པའི་རྒྱུ་མཚན་དུ། དེའི་དུས་ན་སེམས་ཅན་རྣམས་ལ་གསང་ཆེན་གྱི་དོན་བཤད་པའི་སྐལ་བ་མེད་པའི་ཕྱིར་རོ། ཞེས་བཤད་ཅིང༌། འོན་ཀྱང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་


JLD007_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་རྣམས་ཀྱིས་འབད་ཅིང་བཙལ་ཡང་མི་ཐོབ་པའི་བྱང་ཆུབ་དེ། འདུས་པ་ལ་དགའ་བའི་བྱང་སེམས་ཀྱིས་ཚེ་འདི་ཉིད་ལ་འཐོབ་པར་གསུངས་པའི་རྒྱུ་མཚན་གྱི་དོན་ནི། སྒྲོན་གསལ་ལས། དུས་དེ་སྲིད་ཀྱི་བར་དུ་སེམས་ཅན་དམན་པ་ལ་ལྷག་པར་མོས་ཤིང༌། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་ཆོས་ཀྱིས་འདུལ་བ། ཟབ་མོ་བསྟན་པས་སྐྲག་པའི་ཡིད་དང་ལྡན་པ་ཡིན་ཏེ། དེ་བས་ན་སྐལ་བ་མེད་པས། དེའི་ཚེ་གསང་བ་ཆེན་པོའི་དོན་བཤད་པ་མ་གསུངས་སོ། །དུས་འདིར་ནི་སེམས་ཅན་འདོད་ཆགས་ལ་སྤྱོད་ཅིང་སྙིགས་མ་ལྔ་བདོ་བའི་འགྲོ་བ་རྣམས་ཀྱི་མོས་པ་མཁྱེན་ནས་བྱོན་ཏེ། དེ་བཞིན་གཤེགས་པ་འབའ་ཞིག་གིས་གསུངས་པ་ཡིན་ནོ། ཞེས་གསུངས་པ་ཡང་བདེ་བ་ཆེན་པོ་འདྲེན་པའི་ཕྱིའི་ཐབས་ལ་མོས་པ་ཡོད་མེད་ཀྱི་དབང་གིས་ཡིན་ཏེ། སྟོང་པ་དང་བདེ་བ་ཕུ་ཐག་ཆོད་པའི་ཐབས་ཀྱིས་བདེ་སྟོང་སྦྱོར་བས་ཚེ་འདིར་བྱང་ཆུབ་སྟེར་བ་ལ་སྐྲག་པ་ཡིན་གྱི། སྟོང་ཉིད་རྐྱང་པ་ལ་སྐྲག་པ་མིན་ནོ། །ཐབས་ལ་མཁས་པའི་ཆགས་ཅན་གྱི་ཀུན་སྤྱོད་ལ་སྐྲག་པའི་རྒྱུ་ནི། འདོད་ཆགས་ཆུང་བ་ཡང་ཡིན་མོད་ཀྱང༌། གཙོ་བོ་ནི། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པས་དེ་ལ་དུས་དང་ཚོགས་ཀྱི་གསལ་བའི་དབྱེ་བ་མི་འདྲ་བ་མཐའ་ཡས་པ་འཚམ་གྱི། དེ་མིན་པ་མི་འཚམ་པར་མཐོང་བ་དང༌། ས་ཆེན་པོ་ལ་གནས་པ་ཡོན་ཏན་གྱི་གཏེར་ཆེན་པོ་རྣམས་ཀྱིས་ཀྱང་དུས་ཤིན་ཏུ་རིང་པོར་ཐོགས་ན། དུས་


JLD007_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཐུང་བའི་ཚེ་རེ་རེ་ལ་འགྲུབ་པ་ནི་གདུལ་བྱ་འགའ་ཞིག་དྲང་བའི་ཕྱིར་ཡིན་གྱི། སྒྲ་ཇི་བཞིན་པ་མིན་ནོ་སྙམ་པ་ཡིན་ནོ། །ལམ་འདི་དང་སྟོང་ཉིད་ལ་དད་ཆེ་བ་ལ་ཡང་སྐྱོན་ཡོན་གྱི་ཕྱོགས་སུ་འགྲོ་བ་གཉིས་ཡོད་པ་ཡང་ཕྱེད་དགོས་ལ། ལམ་གཉིས་ཀའི་རྣམ་གཞག་ལེགས་པར་ཆགས་ཏེ་སྒྲུབ་བྱེད་ཁྱད་པར་ཅན་མཐོང་ནས། མོས་པ་ཤུགས་དྲག་པོས་ལམ་འདིའི་རིགས་ཀྱི་ནུས་པ་ཐུན་མོང་མ་ཡིན་པ་བརྟན་པར་འཇོག་པ་ཤིན་ཏུ་གལ་ཆེའོ། །སེམས་དབེན་གྱི་ཡེ་ཤེས་ཀྱིས་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་དང༌། ཀུན་རྫོབ་སྒྱུ་ལུས་མངོན་དུ་བྱེད་པ་ལམ་གཞན་དུ་ཤིན་ཏུ་རྙེད་དཀའ་བར་བསྟན་པ་ནི། སྔར་གྱི་སྲོག་རྩོལ་གསུམ་བསྒོམས་པས་དྲངས་པའི་བདེ་བ་ཆེན་པོའི་སེམས་དབེན་གྱིས། སེམས་ཀྱི་དེ་ཁོ་ན་ཉིད་བསྒོམས་ནས་སྒྱུ་མའི་སྐུ་སྒྲུབ་པ་ཐུན་མོང་མ་ཡིན་པའི་ལམ་དུ་བསྟན་པར་བཞེད་ནས་ཡིན་ནོ། །འདུས་པ་ལ་སོགས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་མ་ཞུགས་པར་བསྐལ་པ་དུ་མར་ཡང༌། ཀུན་རྫོབ་ཀྱི་བདེན་པ་མཐོང་བར་མི་འགྱུར་བར་གསུངས་པས་ནི། ཀུན་རྫོབ་སྒྱུ་ལུས་ནི་སྣང་ལ་རང་བཞིན་མེད་པ་རྟོགས་པའི་ཏིང་ངེ་འཛིན་དུ་འདོད་པ་དང༌། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ཙམ་ལ་འདོད་པ་རྣམས་བཀག་པ་ཡིན་ནོ། །ལམ་གཞན་རྣམས་མཐར་ཚུལ་འདིར་གཞོལ་མི་གཞོལ་དང༌། དེའི་རྒྱུ་མཚན་རྣམས་ནི་འཆད་པར་འགྱུར་རོ། །བཞི་པ་ལ་གསུམ། སྣང་བ་བཤད་པ་དང༌། རང་བཞིན་བཤད་པ་དང༌། སྣང་བའི་ཡེ་ཤེས་སྐྱེད་


JLD007_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཤད་པའོ། །དང་པོ་ལ་གཉིས། སྣང་བ་གསུམ་གྱི་མིང་གི་རྣམ་གྲངས་དང༌། སྣང་བ་གསུམ་སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྤྱོད་བསྡུས་ལས། རྣམ་པར་ཤེས་པ་གསུམ་གྱི་མིང་གི་རྣམ་གྲངས་ལ། ཕར་ཕྱིན་གྱི་ཐེག་ཆེན་དང་ཐུན་མོང་བ་དང༌། རྡོ་རྗེ་ཐེག་པ་ཉིད་ལ་གྲགས་པའི་ཐུན་མོང་མ་ཡིན་པ་གཉིས་གསུངས་པའི་དང་པོ་ནི། སྟོན་པས་ཐབས་དང་ཤེས་རབ་ཅེས་གསལ་བར་བསྟན་པའི་ཤུགས་ཀྱིས། མ་ནིང་གི་བརྡ་མི་གསལ་བ་ཡང་འཕངས་ཏེ་དེ་གསུམ་དང༌། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་གསུམ་དང༌། ཀུན་བརྟགས་དང༌། གཞན་དབང་དང༌། ཡོངས་གྲུབ་གསུམ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གསུམ་དང༌། ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་སོ། །དེ་ལ། ཐབས་ནི་མཆེད་པ་དང༌། ཤེས་རབ་ནི་སྣང་བ་དང༌། མ་ནིང་དེ་གཉིས་འདུས་པ་ནི་ཉེར་ཐོབ་ཡིན་ཏེ། སྣང་བ་ནི་བདེ་སྟོང་གཉིས་ཀྱི་ནང་ནས་སྟོང་པའི་བློ་ཤས་ཆེ་ལ། མཆེད་པ་ནི་དེ་ལས་བཟློག་ཅིང༌། ཉེར་ཐོབ་ནི་དེ་གཉིས་ཆ་མཉམ་པས་དེ་སྐད་ཅེས་བྱའི། ཐབས་ཤེས་དང་དེ་གཉིས་འདུས་པ་གང་ཡིན་ཐམས་ཅད་དེ་གསུམ་དུ་སྟོན་པ་མིན་ནོ། །དེ་ཡང་ལམ་གྱི་སྣང་བ་གསུམ་གྱི་དབང་དུ་བྱས་ལ། དེ་དང་ཆ་འདྲ་བའི་སྒོ་ནས་གཞིའི་སྣང་བ་གསུམ་ལ་ཡང་ཐ་སྙད་དེ་ལྟར་བྱའོ། །སྣང་བ་ལ་སེམས་དང༌། མཆེད་པ་ལ་ཡིད་དང༌། ཉེར་ཐོབ་ལ་རྣམ་པར་ཤེས་པ་ཞེས་པ་ཡང༌། སེམས་ཡིད་རྣམ་ཤེས་གསུམ་གང་ཡིན་དེ་


JLD007_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་སྟོན་པའང་མིན་ལ། སྣང་བ་གསུམ་འགལ་བ་བཞིན་དུ་སེམས་ཡིད་རྣམ་ཤེས་གསུམ་འགལ་བར་བཞེད་པ་ཡང་མིན་ནོ། །གཞུང་གཞན་དུ་སེམས་ཀུན་གཞི་དང༌། ཡིད་ཉོན་ཡིད་དང༌། རྣམ་ཤེས་འཇུག་ཤེས་དྲུག་ཏུ་བཤད་པ་ལ་བརྟེན་ནས་སྣང་བ་འཇུག་ཤེས་དང༌། མཆེད་པ་ཉོན་ཡིད་དང༌། ཉེར་ཐོབ་ཀུན་གཞིར་འཆད་པ་ཡང་སྣང་མོད་ཀྱང༌། འཐད་པར་མ་མཐོང་སྟེ། མཆེད་ཐོབ་གཉིས་ཀུན་གཞི་དང་ཉོན་ཡིད་ཡིན་པར་འདོད་ན་ནི། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་དང་ཉོན་ཡིད་གཉིས་སོ་སྐྱེས་མངོན་གྱུར་དུ་ངེས་མི་ནུས་པ་བཞིན་དུ། དེ་གཉིས་ཀྱང་དེ་ལྟར་ཐལ་བ་དང༌། སྣང་བའི་དམིགས་རྣམ་བཤད་པ་དང་དེ་གཉིས་ཀྱི་དམིགས་རྣམ་ཤིན་ཏུ་མི་མཐུན་པ་དང༌། སྣང་བ་རྣམས་ཕྱི་ནང་གི་སྲོག་རྩོལ་གྱི་ལམ་གྱིས་གསར་དུ་སྐྱེད་པར་བཤད་པར་མང་དུ་བཤད་པ་རྣམས་དང་འགལ་བར་འགྱུར་ལ། ཀུན་གཞི་སོགས་ཀྱི་མིང་འཇུག་པའི་རྒྱུ་མཚན་རེ་ཡོད་པ་ལ་འདོད་ན་ནི། དེ་ཡང་མ་བཤད་པས་མི་འཐད་དོ། །འོ་ན་ཇི་ལྟར་ཡིན་སྙམ་ན། གསུང་རབ་ལས་སེམས་ཡིད་རྣམ་ཤེས་གསུམ་སྤྱིར་ཀུན་བྱང་གི་ཆོས་ཀུན་གྱི་རྩ་བར་གསུངས་པ་ལ། འདིར་ཀུན་བྱང་གི་ཆོས་ཀུན་གྱི་རྩ་བར་འགྱུར་བའི་སེམས་ཡིད་རྣམ་ཤེས་གསུམ་ཁྱད་པར་བ་ཅིག་བསྟན་པར་བཞེད་ནས་སྣང་བ་གསུམ་ལ་དེ་གསུམ་གྱི་ཐ་སྙད་མཛད་པ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སྤྱོད་བསྡུས་སུ་དྲངས་པ་ལས། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ། །དེ་ཉིད་ནི་སེམས་དང་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next