Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
   
ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།
   
   
   
   
   
   
   


 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JLD007_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ། ཞེས་དང༌། རྡོ་རྗེ་འཕྲེང་བ་ལས་ཀྱང༌། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདིར་རྣམ་ཤེས་གསུམ་ཐོབ་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། ཞེས་སོ། །སྣང་བ་གསུམ་ག་ལ་རྣམ་ཤེས་ཞེས་གསུངས་པ་ནི། སེམས་དང་ཡིད་ལའང་འདྲ་བས། སྣང་གསུམ་རེ་རེ་ལའང་དེ་གསུམ་གའི་ཐ་སྙད་འཐོབ་ལ། དེ་གསུམ་དང་སྣང་གསུམ་སོ་སོར་སྦྱར་བ་ནི་ཡིད་ཀྱི་ཤེས་པའི་རིགས་འདྲ་སྔ་ཕྱིར་འབྱུང་བ་གསུམ་ལ་བཞག་གོ །སྒྲའི་དོན་ནི། བསགས་པས་ན་སེམས་དང༌། རྟེན་དུ་གྱུར་པས་ན་ཡིད་དང༌། བརྟེན་པར་གྱུར་བས་ན་རྣམ་ཤེས་ཞེས་གསུངས་པ་ལྟར་ཡིན་ལ། དེ་ནི་སྣང་བ་གསུམ་པོའི་སེམས་རེ་རེ་ལའང་ཚང་ཞིང༌། ཤས་ཆེ་ཆུང་ཡང་མེད་པས། ངེས་ཚིག་དེའི་སྒོ་ནས་སོ་སོར་བྱ་བར་མི་ནུས་སོ། །རིམ་ལྔ་ལས། སྣང་བ་གཞན་དབང་དང༌། མཆེད་པ་ཀུན་བརྟགས་དང༌། ཉེར་ཐོབ་ལ་ཡོངས་གྲུབ་ཏུ་གསུངས་ལ། དེ་ལྟར་བཤད་པ་ནི་གཟུང་འཛིན་གཉིས་རྒྱངས་ཆད་དུ་སྣང་བའི་སྣང་གཞི་ནི་གཞན་དབང་དང༌། དེ་ལྟར་སྣང་བ་ལ་བརྟེན་ནས་གཟུང་འཛིན་རྫས་ཐ་དད་པར་སྒྲོ་བཏགས་པ་ཀུན་བརྟགས་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་མངོན་དུ་བྱས་པའི་ངོར། ཀུན་བརྟགས་དང་གཉིས་སྣང་གཉིས་ཀས་དབེན་པ་བཞིན་དུ་སྟོང་པ་རྣམས་ཀྱི་ཐོག་མའི་གཞི་སྣང་བ་དང༌། དེ་ལ་བརྟེན་ནས་མཆེད་པ་འབྱུང་བ་དང༌།


JLD007_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ཐོབ་ཀྱི་ཚེ་སྔ་མ་གཉིས་ཀ་ལོག་ནས་ཐབས་ཤེས་མཉམ་པར་འཇུག་པའི་ཆོས་མཐུན་ལ་བརྟེན་ནས་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །སྣང་བ་ལ་ཞེ་སྡང་དང༌། མཆེད་པ་ལ་འདོད་ཆགས་དང༌། ཉེར་ཐོབ་ལ་གཏི་མུག་གི་མིང་གིས་གསུངས་པ་ནི། བདེ་བ་ཆུང་བ་དང༌། ཆེ་བ་དང༌། བར་མར་འཇུག་པའི་སྒོ་ནས་ཡིན་ཏེ། ལམ་དང་བཞིའི་དུས་ནི་སྔར་བཞིན་ནོ། །ངོ་བོ་ཉིད་གསུམ་གྱི་མིང་ནི་མཚན་ཉིད་གསུམ་སྔར་བཤད་ཟིན་པས་དེ་མིན་ནོ། །དེས་ན་སྟོང་ཕྱོགས་དང༌། སྣང་ཕྱོགས་དང༌། གཉིས་ཀ་མཉམ་པའི་ངོ་བོ་ཉིད་ཅེས་སྦྱར་ལ་སྔར་བཞིན་དུ་བྱའོ། །ཕར་ཕྱིན་གྱི་ཐེག་པ་ནས་སྣང་བ་གསུམ་ལ་མིང་དེ་ལྟར་བཏགས་པ་མེད་པས། གདགས་བྱའི་མིང་ཐུན་མོང་བ་ཡིན་གྱི། མིང་གིས་སྣང་བ་གསུམ་ལ་མིང་དེ་ལྟར་བཏགས་པ་ཐུན་མོང་བ་མིན་ནོ། །གཉིས་པ་ནི། སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཐོབ་པ་དང༌། སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་དང༌། སེམས་དང༌སེམས་ལས་བྱུང་བ་དང་མ་རིག་པ་དང༌། འདོད་ཆགས་དང་བྲལ་བ་དང་འདོད་ཆགས་དང་འདོད་ཆགས་བར་མ་ཞེས་གསུངས་ཤིང༌། ཨ་ཞེས་པ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས། དེ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ་ཞེས་དམིགས་པར་བྱེད་ཅིང༌། པད་མའམ། བུད་མེད་ཀྱི་གཟུགས་སམ། གཡོན་པའི་མིང་ངམ།


JLD007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོའི་མིང་དང༌། འཇམ་པོའི་དངོས་པོར་སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་གསལ་བའོ། ཞེས་དང༌། ཨཱཿཞེས་པ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས། ཉི་མའི་དཀྱིལ་འཁོར་ལ་བརྟེན་ནས་དམིགས་པར་བྱེད་ཅིང༌། རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེའམ། ཉིན་མོའམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་བྱ་བའམ། རྩུབ་པའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུགས་སོ། ཞེས་དང༌། ངག་གི་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ། ཞེས་གསུངས་ལ། ཆག་འགྱུར་ལས། ངག་གི་ས་བོན་ཨ་ལ་བརྟེན་པའི། ཞེས་འབྱུང་ངོ༌། །དེ་ལ་སྣང་བ་གསུམ་ཐིམ་པ་རིམ་པ་བཞིན་དུ་སྟོང་པ་གསུམ་ཡིན་ཞེས་པ་དང༌། སྟོང་པ་གསུམ་སྣང་བ་གསུམ་གྱི་ཆོས་ཉིད་ལ་བྱས་ནས་སྣང་བ་གསུམ་ལ་མི་བྱེད་པ་ཡང་མི་འཐད་དེ། སྤྱོད་བསྡུས་ལས་སྣང་བ་གསུམ་ཉིད་སྟོང་པ་གསུམ་དུ་གསུངས་པའི་ཕྱིར་དང༌། དེ་ཉིད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་ཀྱང་གསལ་བའི་ཕྱིར་རོ། །དེས་ན་སྣང་བ་གསུམ་ནི་ཀུན་རྟོག་གཡོ་བའི་རླུང་ཐིམ་ནས་ཟླ་འོད་ལྟ་བུར་སྣང་བའི་སྒོ་ནས་སྣང་བ་ཞེས་བྱ་ལ། དེ་ཉིད་ཀུན་རྟོག་བརྒྱད་ཅུ་དང་བཅས་པས་སྟོང་པས་སྟོང་པ་དང༌། ཉི་འོད་བཞིན་དུ་ཆེས་གསལ་བའི་སྒོ་ནས་སྣང་བ་མཆེད་པ་དང༌།


JLD007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་རླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ་དང༌། ཐུན་མཚམས་ཀྱི་སྨག་བཞིན་དུ་ཤིན་ཏུ་མི་གསལ་བར་སྣང་ཞིང་འོད་གསལ་དང་ཉེ་བས་སྣང་བ་ཉེར་ཐོབ་དང༌། མཆེད་པ་རླུང་དང་བཅས་པས་སྟོང་པས་སྟོང་པ་ཆེན་པོ་དང༌། མི་གསལ་བས་མ་རིག་པ་ཞེས་ཀྱང་བཏགས་ཏེ། ཉེར་ཐོབ་ཀྱི་ཕྱོགས་གཅིག་གི་མིང་ངོ༌། །ངག་གི་སྒོ་ནི་ངག་འབྱུང་བའི་ལམ་སྟེ། དེ་ལ་བརྟེན་ནས་སྐྱེས་པའི་ས་བོན་ནི་ཡི་གེ་གསུམ་མོ། །བརྟན་པར་བྱེད་པའི་རྒྱུ་ནི་དེ་གསུམ་གྱི་ཐ་སྙད་ཀྱིས་ཡེ་ཤེས་གསུམ་ངེས་པར་བྱེད་པའོ། །རིམ་ལྔ་ལས་ཀྱང༌། གཡོན་པའི་མིང་ཡང་དེ་ཉིད་དོ། །ཟླ་བའི་དཀྱིལ་འཁོར་པདྨ་ཅན། །བརྟན་པར་བྱ་བའི་རྒྱུར་གྱུར་པ། །དང་པོའི་ཡི་གེ་ཐིག་ལེར་བཅས། ཞེས་དང༌། དེ་བཞིན་དུ་ནི་རྡོ་རྗེའི་མིང༌། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་པར་བྱ། ཞེས་གསུངས་པས་སྣང་བ་རྣམས་ཡི་གེ་དེ་དག་གི་མིང་གི་བརྡས་མཚོན་པའི་དོན་ནོ། །མོས་པ་ཆུང་བས་ཟླ་ཉི་ལ་བརྟེན་ནས་དམིགས་པར་བྱེད་པ་ནི། སེམས་དབེན་ཐོབ་པའི་རྫོགས་རིམ་པས་ཡེ་ཤེས་གསུམ་ལས་སྒྱུ་མའི་སྐུ་སྐྱེད་པ་ལྟར་བྱེད་མི་ནུས་པའི་བསྐྱེད་རིམ་པས། སྣང་བའི་དོད་ཟླ་བ་དང༌། མཆེད་པའི་དོད་རྡོ་རྗེ་སོགས་ཕྱག་མཚན་དང༌། སྣང་མཆེད་ཀྱི་སེམས་སེམས་བྱུང་གཉིས་མཉམ་པར་སྦྱོར་བའི་ཉེར་ཐོབ་ཀྱི་དོད། ཟླ་བ་དང་རྡོ་རྗེ་སོགས་མཉམ་པར་སྦྱར་བ་ལས་ལྷའི་སྐུ་སྐྱེད་པའི་དོན་ཡིན་ཏེ། རིམ་ལྔ་ལས། ཤེས་རབ་ངོ་བོ་ཉིད་འདི་ནི། །ཟླ་བའི་དཀྱིལ་


JLD007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དག་ཏུ་བརྟགས། །སེམས་ཉིད་རང་གིས་མཐོང་གྱུར་ཏེ། །རང་ཉིད་ཟླ་བའི་གཟུགས་བཞིན་ནོ། །དེ་ནས་ཟླ་བ་ལ་དམིགས་པ། །རྡོ་རྗེ་མཚན་མ་རབ་ཏུ་བརྟག །འདི་ནི་རྡོ་རྗེ་ལ་སོགས་པ། །རྣལ་འབྱོར་པ་ཡི་ཐབས་མཚོན་བྱེད། །ཟླ་བ་རྡོ་རྗེ་སོགས་མཉམ་སྦྱོར། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཤེས་རབ་ཐབས་སུ་འདུས་པ་ལས། །ལྷ་ཡི་གཟུགས་སུ་འབྱུང་བར་འགྱུར། ཞེས་གསུངས་ཏེ། རྐང་པ་ལྔ་པ་ལ་ཆག་འགྱུར་ལས། ཟླ་བ་རྫོགས་པ་དམིགས་དེ་ནས། ཞེས་འབྱུང་བ་ལེགས་སོ། །སྣང་བ་དང་པོ་གཉིས་ལ་ཟླ་ཉི་དང་ཉིན་མཚན་གྱི་སྒྲས་བསྟན་པ་ནི། ནམ་མཁའ་ལ་ཉི་འོད་དང་ཟླ་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་བའོ། །པདྨ་དང་རྡོ་རྗེ་དང༌། བུད་མེད་དང་སྐྱེས་པ་དང༌། གཡོན་དང་གཡས་པས་བསྟན་པ་ནི་ཐབས་ཤེས་ཀྱི་ཆ་ནས་སོ། །འཇམ་པ་དང་རྩུབ་པ་ཞེས་པ་ནི་བདེ་བ་དམན་མི་དམན་ནམ། ཡུལ་སྣང་རྒྱས་མི་རྒྱས་སོ། །ཀུན་རྫོབ་ཀྱི་གཟུགས་ཞེས་པ་ནི་ཡེ་ཤེས་གཉིས་མཚོན་བྱེད་ཀྱི་ཟླ་བ་སོགས་ནི་བཅོས་མའི་མཚན་ཉིད་ཡིན་པའོ། །སྣང་བ་ཉེར་ཐོབ་ནི། མ་ནིང་དང༌། ཉིན་མཚན་གཉིས་ཀྱི་མཚམས་དང༌། གཡས་གཡོན་གྱི་དབུས་དང༌། འཇམ་རྩུབ་གཉིས་ཀྱི་བར་མ་དང༌། ཐབས་ཤེས་གཉིས་འདྲེས་པ་དང༌། ཟླ་བ་དང་ཉིན་མཚན་སོགས་འདུས་པའི་མིང་གིས་མཚོན་ནོ། །གཉིས་པ་ནི། སྤྱོད་བསྡུས་ལས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་སྣང་བ་གསུམ་གྱི་མཚན་ཉིད་མདོར་བསྡུས་ནས་གསུངས་པ་དེ། བླ་མའི་མན་ངག་


JLD007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྟན་པར་བྱའོ། ཞེས་གསུངས་པ་ལ། སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ། ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་དེ་བཞིན་དུ། རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཞེས་དང༌། སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེ་ཡང་གཟུང་བ་དང་འཛིན་པ་དང་བྲལ་བའི་གཟུགས་ཅན། ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ། ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པ་དམིགས་པ། བྱང་ཆུབ་ཀྱིས་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན། ཞེས་དང༌། སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན། ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབ་པའི་ངོ་བོར་ཁྱབ་པ། ཕྲ་ཞིང་བདག་མེད་པ། སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ། སེམས་མེད་པ་དང༌། མི་གཡོ་བ་དང༌། ཞེས་གསུངས་སོ། །ལུགས་འདི་ལ་སྟོང་པ་བཞི་ལེགས་པར་གཏན་ལ་ཕེབས་པ་ཞིག་ཤིན་ཏུ་གལ་ཆེ་ལ། དེ་ཡང་རྩ་རྒྱུད་དང༌། བཤད་རྒྱུད་གཞན་བཞི་ལས་ནི། དེ་རྣམས་ཀྱི་མིང་ཙམ་ལན་མང་དུ་བྱུང་ཡང༌།


JLD007_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་འཛིན་ཤིན་ཏུ་མི་གསལ་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་མ་རིག་པ་མུན་པ་དང༌། སེམས་བྱུང་ཉི་འོད་དང༌། སེམས་ཟླ་འོད་བཞིན་དུ་སྣང་ཞེས་པ་ཙམ་ལས་གཞན་ངོས་འཛིན་མ་བྱུང་ངོ༌། །ཡབ་སྲས་གཞན་བཞིའི་གཞུང་དུ་ཡང་ངོས་འཛིན་ཤིན་ཏུ་མི་གསལ་བས། སྤྱོད་བསྡུས་ཉིད་ལ་བརྟེན་ནས་ཤེས་དགོས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་ནི་འཆི་བའི་འོད་གསལ་ལས་ལུགས་ལྡོག་གི་རིམ་པའི་སྟོང་པ་གསུམ་བཤད་ལ། སྤྱོད་བསྡུས་ཀྱིས་ནི་ལམ་དུས་ཀྱི་སྟོང་པ་རྣམས་ཐུན་མོང་དུ་བཤད་དོ། །དེ་ལ་སྟོང་པ་བཞི་ནི་ནམ་མཁའ་གཡའ་དག་གི་དཔེས་མཚོན་ནས་སྟོན་པ་ལ། དབྱར་གྱི་ཆར་གྱིས་སའི་རྡུལ་བར་སྣང་ལ་ལྡང་བ་ལེགས་པར་མནན་པ་དང༌། སྤྲིན་གྱི་སྒྲིབ་བྱེད་དང་བྲལ་བ་གཉིས་ཚོགས་པ་མང་དུ་འབྱུང་བ་སྟོན་གྱི་དུས་ཡིན་པས། སྟོན་གྱི་ནམ་མཁའ་དཔེར་བཟུང་ངོ༌། །དེའི་ནམ་མཁའ་གཡའ་དག་པ་ལ་ནི་ཉིན་པར་ཉི་འོད་ཀྱིས་ཁྱབ་པ་དང༌། ནམ་སྲོད་ནས་སྲོད་ཀྱི་སྨག་འཐུག་པོ་མ་སངས་ཀྱི་བར་གྱི་ཐུན་མཚམས་ལ་སྨག་ནག་པོ་འཐུག་པོས་ཁྱབ་པ་དང༌། དེ་སངས་བའི་འོག་ཏུ་ཟླ་འོད་ཤར་ནས་ཐོ་རངས་ལ་མ་སླེབ་པའི་བར་དུ་ཟླ་འོད་ཀྱིས་ཁྱབ་པ་དང༌། ཟླ་འོད་ཀྱང་ཡལ་ཉི་འོད་ཀྱིས་ཀྱང་མ་སླེབ་པའི་ཐོ་རངས་ཀྱི་དུས་ནམ་མཁའི་རང་མདོག་ཇི་བཞིན་དུ་མི་ཐོན་པའི་རྒྱུ་གསུམ་དང་བྲལ་བའི་སྐབས་ཤིག་སྟེ་བཞི་ཡོད་དོ། །དེ་ལ་ཕྱི་མ་ནི་སྟོང་པ་བཞི་པ་ཐམས་ཅད་སྟོང་པའི་


JLD007_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཡིན་པས་རེ་ཞིག་བཞག་ལ། དཔེ་སྔ་མ་གསུམ་གྱི་དང་པོ་ནི་མཆེད་པ་དང༌། གཉིས་པ་ནི་ཐོབ་པ་དང༌། གསུམ་པ་ནི་སྣང་བ་དང་དཔེ་དོན་དུ་སྦྱར་ཏེ། ཡེ་ཤེས་གསུམ་པོ་དེ་ཤར་བའི་དུས་སུ་ནམ་མཁའ་གསུམ་པོ་དེ་དང་འདྲ་བའི་ཉམས་ཤིག་འཆར་བའོ། །གསུམ་པའི་སྐབས་སུ། དངོས་པོ་མེད་པའི་གཟུགས་ཅན། ཞེས་པ་ལ། ཆག་འགྱུར་ལས། རྣམ་པ་མེད་པའི་རང་བཞིན་ཞེས་དང་པོ་དང་མཐུན་པར་བསྒྱུར་བ་ལེགས་ལ། དེ་ནི་བར་བ་ལ། གཟུང་འཛིན་དང་བྲལ་བ་ཞེས་གསུངས་པ་དང་དོན་གཅིག་གོ །དེ་ཡང་སྔར་བཤད་པའི་སྣང་ཚུལ་གསུམ་བཞིན་འཆར་བ་མ་གཏོགས་པ། གཉིས་སྣང་རགས་པ་གཞན་རྣམས་དེའི་ངོར་ནུབ་པའི་དོན་ནོ། །གསུམ་ག་ལ། ལུས་དང་ངག་མེད་པ་ཞེས་པ་ནི། དེའི་ཚེ་ལུས་ཀྱི་གཡོ་འགུལ་དང་ངག་གི་སྨྲ་བརྗོད་ལོག་པའོ། །ཇི་ལྟར་ནས། བཞིན་དུའི་བར་ནི་བཤད་ཟིན་ལ། ནམ་མཁའི་མཚན་ཉིད་ཅེས་པ་སྨག་གིས་ནམ་མཁའ་ལ་ཁྱབ་པ་བཞིན་དུ་ཞེས་སྦྱར་རོ། །རང་བཞིན་གྱིས་གསལ་བའི་རྣམ་པར་དམིགས་ཞེས་པ་ནི། ཡུལ་སྣང་དེ་གསལ་པོར་བྱུང་བ་ཡིན་ལ། ཤིན་ཏུ་གསལ་ཞེས་པ་ནི་སྔ་མ་ལས་ཀྱང་ཆེས་གསལ་བའོ། །དངོས་པོ་མ་ལུས་པ་ལ་དམིགས་ཞེས་པ་ནི་ཡུལ་སྣང་དེས་ཕྱོགས་མཚམས་ཀུན་ཏུ་ཁྱབ་པའི་དོན་ཡིན་ཏེ། དམིགས་པ་རྒྱ་ཆེ་ཆུང་ནི་ཅི་རིགས་སུ་འོང་ངོ༌། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དངོས་ནི། ལམ་དུས་ཀྱི་བདེ་སྟོང་སྦྱོར་བའི་ཡེ་ཤེས་ཡིན་ཏེ། དེ་ལྟར་མིན་པའི་ལམ་དང་


JLD007_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དུས་ལའང་ཉེ་བར་བཏགས་ནས་སོ། །ཉེར་ཐོབ་དྲན་མེད་དུ་སོང་བ་ལ་ནི་བདེ་སྟོང་སྦྱོར་བ་མི་འོང་ཡང༌། སྤྱིར་ཉེར་ཐོབ་ལ་དེ་མེད་པ་མིན་ནོ། །ཕྲ་བ་ནི་རྟོགས་དཀའ་བ་དང༌། བདག་མེད་པ་ནི་རང་བཞིན་མེད་པའི་རྣམ་པ་ཅན་ཏེ། སྲོག་རྩོལ་མི་རྒྱུ་བ་ནི་རླུང་འབྱུང་འཇུག་མི་བྱེད་པ་སྟེ། དེ་རྣམས་ཀྱང་གསུམ་ག་ལ་ཡོད་མོད་ཀྱང༌། ཉེར་ཐོབ་ལ་ཤས་ཆེ་བས་སྨོས་སོ། །སེམས་མེད་པ་ལ་ཆག་འགྱུར་དུ། དྲན་པ་མེད་པ་ཉིད་ཀྱིས་མི་གཡོ་བའི་ཏིང་ངེ་འཛིན། ཞེས་འབྱུང་བ་བདེའོ། །དེ་ལྟར་ན་ཀུན་རྟོག་གཡོ་བའི་རླུང་ཐིམ་པ་ན་མར་མེ་འབར་བ་ལྟ་བུའི་རྟགས་འཆར་ལ། དེའི་རྗེས་སུ་འཆར་བའི་སྣང་བ་ནི། སྟོན་གྱི་ནམ་མཁའ་གཡའ་དག་པའི་ཚེ་མཚན་མོ་ཟླ་བ་ཤར་བའི་འོད་ཀྱིས་ཁྱབ་པའི་ནམ་མཁའ་བཞིན་དུ་ཤིན་ཏུ་དྭངས་ཤིང་སྟོང་སང་ངེ་བ་ལ། འོད་ཀྱི་སྣང་བ་དཀར་པོའི་རྣམ་པ་ཅིག་འཆར་ལ། དེ་མ་གཏོགས་པའི་གཉིས་སྣང་རགས་པ་གང་ཡང་མི་འཆར་རོ། །དཔེར་ན། ནམ་མཁའ་ལ་ཟླ་འོད་ཀྱིས་ཁྱབ་ཀྱང༌། དེས་ནམ་མཁའ་མི་སྒྲིབ་པར་མཐོང་བ་བཞིན་དུ། འདིར་ཡང་འོད་སྣང་དཀར་པོའི་རྣམ་པ་ཤར་བ་དེས་ནམ་མཁའ་དག་པ་ལྟ་བུའི་སྟོང་གསལ་དེ་མི་སྒྲིབ་པར་འཆར་བ་ཡིན་ནོ། །དེ་ནས་སྣང་བ་དེ་བསྡུས་པའི་འོག་ཏུ། སྣང་བ་མཆེད་པ་ཤར་བ་ན། སྟོན་གྱི་ནམ་མཁའ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་བཞིན་དུ། སྔ་མ་ལས་ཀྱང་ཆེས་དྭངས་པའི་སྟོང་སང་ངེ་བ་ལ་དམར་པོའམ།


JLD007_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་གྱི་རྣམ་པ་འཆར་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་སྣང་བ་དེ་ཡང་བསྡུས་པའི་འོག་ཏུ་ཉེར་ཐོབ་ཤར་བ་ན། རླུང་འགག་པ་ཆེར་སོང་བས་ཡུལ་སྣང་ནི། སྟོང་སྣང་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་འདྲ་བའི་ནག་པོའི་རྣམ་པ་འཆར་ལ། ཡུལ་ཅན་གྱི་དྲན་པ་ཉམས་ནས་དྲན་མེད་དུ་འགྲོ་སྟེ། སྐྱོན་ཅན་གྱི་དྲན་པ་ཉམས་པ་མིན་ནོ། །དེ་རྣམས་ནི་འཆི་བའི་དུས་སུ་རྫོགས་པར་འཆར་ལ། གཉིད་ཀྱི་དུས་སུ་སྣ་བུག་གི་རྒྱུ་བ་མི་ལྡོག་པས་ཆ་འདྲ་ཙམ་འཆར་རོ། །ལམ་དུས་སུ་ནི་སྙིང་ཁའི་དྷཱུ་ཏཱིར་རླུང་བཙུད་ནས་ཐིམ་པ་ལ་མཚན་ཉིད་རྣམས་ཚང་བར་འཆར་ལ། གཞན་དུ་ཐིམ་པ་ལ་དེའི་ཚོད་ཙམ་མི་འཆར་རོ། །དེ་གསུམ་ལ་ཡང་གོམས་པ་ཤས་ཆེ་ཆུང་དང༌། རླུང་འདུ་ཕུལ་དང༌། ཐིམ་པ་ཤས་ཆེ་ཆུང་གི་དབང་གིས་ཡུལ་སྣང་རྒྱ་ཆེ་ཆུང་དང༌། སྲབ་འཐུག་དང༌། གནས་ཡུན་རིང་ཐུང་སོགས་མི་འདྲ་བ་དུ་མ་ཞིག་འབྱུང་ངོ༌། །རླུང་སྒོམ་པ་སོགས་ཀྱི་སྐབས་སུ་སྣང་བ་དང་པོ་གཉིས་སྔོན་དུ་མ་ཤར་བར། ནག་ཐོམ་གྱིས་འགྲོ་བའི་དྲན་མེད་འོང་བ་ནི་ཉེར་ཐོབ་མིན་ནོ། །དེ་འདྲ་བའི་སྟོང་པ་གསུམ་ནི་སྒྱུ་ལུས་ཐོབ་ནས་དོན་གྱི་འོད་གསལ་མངོན་དུ་མ་བྱས་བར་དང༌། དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པའི་སྐབས་དང༌། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དུ་ཡང་འབྱུང་མོད་ཀྱང༌། སེམས་དབེན་མིན་པ་དེ་བཞིན་དུ། སེམས་དབེན་མ་ཐོབ་པའི་གོང་དུ་ཡང་སྟོང་པ་གསུམ་གྱི་ཡེ་ཤེས་འབྱུང་བ་ཡིན་པས། སྟོང་པ་


JLD007_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཡེ་ཤེས་དང༌། སེམས་དབེན་གྱི་སྟོང་པའི་ཡེ་ཤེས་ཀྱི་ཁྱབ་ཆེ་ཆུང་རྣམས་ཕྱེད་པར་བྱའ། །བོད་སྔ་མ་འགའ་ཞིག་དབང་ཤེས་ལ་སོགས་པ་རྟོག་མེད་ཀྱི་ཤེས་པ་ཐམས་ཅད་སྣང་བ་གསུམ་གང་རུང་དུ་སྨྲ་སྟེ། འདི་ལྟར་ཤེས་པ་དེས་ཡུལ་དང་པོར་བཟུང་བ་ནི་སྣང་བ་དང༌། དེ་ནས་ཡུལ་གྱི་ཁྱད་པར་མཐོང་བ་གསལ་དུ་སོང་བ་མཆེད་པ་དང༌། མཐར་མི་གསལ་བ་འགག་པ་ལ་ཕྱོགས་པ་ཉེར་ཐོབ་ཏུ་འདོད་དོ། །འདི་ནི། རྩ་བ་དང་བཤད་པའི་རྒྱུད་དང༌། འཕགས་པ་ཡབ་སྲས་ཀྱི་གཞུང་གང་ནས་ཀྱང་མ་བཤད་ལ། སྤྱོད་བསྡུས་ལས། སྣང་བ་གསུམ་གྱི་མཚན་ཉིད་སྔར་བཞིན་བཤད་པ་དང་ཡང་འགལ་བར་སྣང་ངོ༌། །དེ་ལ་སྔར་སེམས་ཡིད་རྣམ་ཤེས་གསུམ་དང༌། མཚན་ཉིད་གསུམ་ལ་སོགས་པ་སྣང་བ་གསུམ་གྱི་རྣམ་གྲངས་སུ་གསུངས་པ་ནི། སྣང་བ་གསུམ་ལ་དེ་དག་གི་སྒྲ་འཇུག་པའི་རྒྱུ་མཚན་རེ་ཡོད་པའི་སྒོ་ནས་ཡིན་གྱི། དེ་རྣམས་ཐམས་ཅད་སྣང་བ་གསུམ་དུ་སྟོན་པ་མིན་ཏེ། ཡིན་ན་ནི། རང་བཞིན་བརྒྱད་ཅུ་ཡང་སྣང་བར་འགྱུར་བ་སོགས་ཀྱི་གནོད་པ་མང་ངོ༌། །འོ་ན། རིམ་ལྔ་ལས། མཚན་མོ་ཉིན་མོ་མཚམས་བདག་ཉིད། །སྣང་དང་སྣང་བ་མཆེད་པ་དང༌། །དེ་བཞིན་སྣང་བ་ཉེར་ཐོབ་པའོ། །སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་སྒྲུབ་པ་བརྗོད་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། ཅེས་ཕྲ་མོའི་


JLD007_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དང་འདྲེས་པའི་རྣམ་ཤེས་མིག་ལ་སོགས་པའི་དབང་པོའི་སྒོ་ནས་བྱུང་ནས། ཡུལ་ལ་དམིགས་པ་རྣམས་སྣང་བ་གསུམ་དུ་བཤད་པ་ཇི་ལྟར་ཡིན་སྙམ་ན། དེའི་དོན་ནི། སེམས་གསུམ་བཤད་ཟིན་ནས་གསུམ་པོ་དེའི་སྒྲུབ་པ་བརྗོད་ཅེས་པ་ལ། སྤྱོད་བསྡུས་ལོ་ཆེན་གྱིས་བསྒྱུར་བ་དང་ཆག་འགྱུར་ལས། དེའི་གཞི་ནི་ཞེས་འབྱུང་སྟེ། སེམས་གསུམ་གྱི་རྟེན་རླུང་བཤད་པར་བྱ་ཞེས་པའི་དོན་ནོ། །དེ་ཡང་སེམས་གསུམ་རླུང་དང་འདྲེས་གྱུར་ནས་ཏེ། འདྲེས་ཏེ་རླུང་གིས་གཡོས་པ་ལས་དབང་པོ་རྣམས་ཀྱི་སྒོ་ནས་ཡུལ་ལ་དམིགས་པའི་ཤེས་པ་དང༌། རང་བཞིན་རྣམས་སྐྱེད་ཅེས་པའི་དོན་ཡིན་ཏེ། ལུང་དེའི་མཇུག་ཉིད་ནས། གང་ཚེ་སྣང་བ་ལྡན་གྱུར་པ། །རླུང་གི་བཞོན་པར་གྱུར་པ་ཡིན། །དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་འབྱུང༌། །རླུང་ནི་གང་དང་གར་གནས་པ། །རང་བཞིན་དེ་དང་དེ་རྗེས་སྤྱོད། ཅེས་འབྱུང་བ་སྔར་དྲངས་པ་དང་བཅས་པ་སྤྱོད་བསྡུས་སུ་དྲངས་ནས། དེ་དག་གི་དོན་བསྡུས་པ་ན། དེ་བས་ན་ཁམས་ཕྲ་བར་འཇུག་པ་ལས། སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དང༌། མིག་འཛུམས་དང༌། ཐལ་མོ་བརྡབས་པར་སྣང་བ་གཡོའོ། །དེ་ནས་སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དང༌། མིག་འཛུམས་དང༌། ཐལ་མོ་བརྡབས་པ་ལས་རང་བཞིན་རྣམས་རྗེས་སུ་སྤྱོད་པར་འགྱུར་རོ། ཞེས་གསུངས་པའི་ཕྱིར་ཏེ། དེ་རྣམས་ཀྱང་སྐྱེ་བ་བླངས་པའི་དུས་སུ་ལུགས་ལྡོག་ཏུ་སྟོང་པ་གསུམ་ཤར་བ་ལས་རིམ་གྱིས་བརྒྱུད་ནས་སྐྱེས་པ་དང༌། གཉིད་ཀྱི་སྟོང་པ་རྣམས་ལས་ཡང་ཡང་བསྲེ་བའི་དོན་ཡིན་གྱི། འཇུག་ཤེས་རྣམས་དང་རང་བཞིན་གྱི་རྟོག་པ་རྣམས་ནམ་


JLD007_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་རེས་ཀྱིས། སྟོང་པ་གསུམ་ལས་དངོས་སུ་སྐྱེ་བར་སྟོན་པ་མིན་ནོ། །ཤེས་པ་ལ་རྟོག་པ་ཡོད་མེད་གཉིས་སུ་ཁ་ཚོན་ཆོད་ཀྱང༌། སྣང་བ་དང་རང་བཞིན་གྱི་རྟོག་པ་གཉིས་སུ་ཁ་ཚོན་ཆོད་མི་དགོས་པས། དབང་ཤེས་རྣམས་སྣང་བ་མིན་ཡང་རང་བཞིན་ཡིན་མི་དགོས་སོ། །གཉིས་པ་ནི། སྣང་བ་རྣམས་དེ་ལྟར་ཡིན་ན། རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་སྣང་བའི་རང་བཞིན་དུ་འགྲོ་ཚུལ་དང༌། སྣང་བ་ལས་རང་བཞིན་རྣམས་སྐྱེ་ཚུལ་ཇི་ལྟར་ཡིན་ཞེ་ན། སྣང་བ་དང་པོའི་རང་བཞིན་སོ་གསུམ་ནི། རིམ་ལྔ་ལས། དེ་ཡི་རང་བཞིན་འཕྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང༌། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང༌། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང༌། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང༌། །ཚོར་དང་ཚོར་བ་བར་མ་དང༌། །ཤིན་ཏུ་ཚོར་བའི་སྐད་ཅིག་དང༌། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསགས་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང༌། །ལུས་ཅན་རྣམས་ཀྱིས་རང་རིག་སྟེ། ཞེས་གསུངས་སོ། །དེ་ལ་ཆགས་བྲལ་ནི་ཡུལ་མི་འདོད་པའི་རྣམ་པ་ཅན་ཡིན་ལ། དེ་ལ་ཤས་ཆེ་ཆུང་འབྲིང་གསུམ་མོ། །ཡིད་ལ་སྟེ་ཡིད་ཀྱི་འགྲོ་བ་ནི་ཕྱིའི་ཡུལ་ལ་ཕར་འགྲོ་བ་དང༌། འོང་བ་ནི་ནང་གི་ཡུལ་ལ་ཚུར་འཇུག་པའོ། །འདི་ཀུན་གྱི་སྤྱིར་སྦྱར་


JLD007_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འགོས་ལུགས་པ་རྣམས་བཞེད་དོ། །མྱ་ངན་ནི་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་སེམས་ཀྱི་གདུང་བ་སྟེ་ཆེ་ཆུང་གསུམ་མོ། །ཞི་བ་ནི་སེམས་ཞི་བར་གནས་པ་ལ་དོན་གསལ་ལས་བཤད། སྔ་མ་རྣམས་སེམས་རྣལ་དུ་འདུག་པའི་དལ་བ་ལ་འཆད་དོ། །རྣམ་རྟོག་ནི་དོན་གསལ་ལས་རྒོད་པར་གནས་པ་དང༌། སྔ་མ་རྣམས་སེམས་རྩིང་བར་རྟོག་པ་ལ་འཆད་དོ། །འཇིགས་པ་ནི་ཡིད་དུ་མི་འོང་བ་དང་ཕྲད་ནས་སེམས་སྐྲག་པ་དང༌། སྲེད་པ་ནི་ཡུལ་ལ་ཞེན་པ་སྟེ་དེ་གཉིས་ལ་ཡང་གསུམ་གསུམ་མོ། །ལེན་པ་ནི་འདོད་ཡོན་གྱི་ཡུལ་རྣམས་ལ་ཀུན་ཏུ་འཛིན་པའོ། །མི་དགེ་བ་ནི་དགེ་བའི་ལས་ལ་ཡིད་གཉིས་ཟ་བར་དོན་གསལ་དང༌། རང་གི་སེམས་ཡི་གསོད་པར་སྔ་མ་རྣམས་ཀྱིས་སོ། །འདི་ལ་མི་ཤེས་པ་ཞེས་ཀྱང་བསྒྱུར་རོ། །བཀྲེས་པ་ནི་ཟས་དང༌། སྐོམ་པ་ནི་བཏུང་བ་འདོད་པ་ལ་སྔ་མ་རྣམས་བཞེད་དོ། །ཆག་འགྱུར་ལས་བཀྲེས་སྐོམ་གཉིས་གཅིག་ཏུ་བསྡུས་མོད་ཀྱང༌། སྔ་མ་ལྟར་བདེའོ། །ཚོར་བ་ནི་བདེ་སྡུག་བཏང་སྙོམས་གསུམ་ཡིན་ལ། དེ་ལ་ཡང་ཡུལ་གྱི་སྒོ་ནས་ཆེ་ཆུང་གསུམ་མོ། །རིག་པ་པོ་དང༌། རིག་པར་བྱེད་པ་དང༌། རིག་བྱའི་ལས་ཏེ་དེ་གསུམ་ལ་རྟོག་པ་གསུམ་མོ། །སོ་སོར་རྟོག་པ་ནི་རིགས་པ་དང་མི་རིགས་པ་དཔྱོད་པའོ། །ངོ་ཚ་ཤེས་པ་ནི་རང་ངམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའོ། །བརྩེ་བ་ནི་དམིགས་བྱ་ཡོངས་སུ་སྲུང་བ་དང་སྡུག་པ་ཕྲད་པར་འདོད་པ་སྟེ་གསུམ་མོ། །དོགས་པ་ནི་ཡི་འཕྲིག་པའི་སེམས་ངེས་པར་མི་གནས་པའོ། །བསགས་པ་ནི་ཡོ་བྱད་སྡུད་པའི་སེམས་སོ། །


JLD007_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་ནི་གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུག་པའོ། །དོན་གསལ་དང༌། ཆག་འགྱུར་ལས། སེར་སྣ་ཞེས་འབྱུང་ཡང༌། རིམ་ལྔ་དང་། སྤྱོད་བསྡུས་འགྱུར་རྙིང་ལས་ཕྲག་དོག་ཏུ་བསྒྱུར་བ་ལེགས་སོ། །རང་བཞིན་བཞི་བཅུ་ནི། རིམ་ལྔ་ལས། ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་ཤིན་ཏུ་མགུ་བ་དང༌། །ངོ་མཚར་དེ་བཞིན་རྒོད་པ་དང༌། །ཚིམ་དང་དེ་བཞིན་འཁྱུད་པ་དང༌། །འོ་བྱེད་དེ་བཞིན་འཇིབ་པ་དང༌། །བརྟན་དང་བརྩོན་དང་ང་རྒྱལ་དང༌། །བྱ་དང་དབྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང༌། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང༌། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །སྐུལ་དང་དེ་བཞིན་དཔའ་བོ་དང༌། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་སྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། ཞེས་གསུངས་པའོ། །ཆགས་པ་ནི་མ་ཐོབ་པའི་ཡུལ་ལ་ཡིད་ཆགས་པའོ། །ཞེན་པ་ནི་ཐོབ་པའི་ཡུལ་ལ་ཡིད་ཆགས་པའོ། །ཡིད་དུ་འོང་བ་མཐོང་ནས་སེམས་དགའ་བ་ལ་ཆེ་ཆུང་འབྲིང་གསུམ་མོ། །རངས་པ་ནི་འདོད་དོན་གྲུབ་པས་བདེ་བའི་སེམས་སོ། །རབ་ཏུ་མགུ་བ་ནི་དེའི་རྣམ་པའི་སེམས་ཀྱིས་ཡང་དང་ཡང་དུ་མྱོང་བའོ། །ངོ་མཚར་ནི་གཏམ་སྣ་ཚོགས་པས་ཅི་འདི་ཡིན་ནམ་མིན་སྙམ་དུ་ཐེ་ཚོམ་ཟ་བ་ལ་དོན་གསལ་གྱིས་བཤད་ཀྱང༌། སྔ་མ་རྣམས་སྔར་མ་བྱུང་བའི་དོན་ལ་སེམས་


JLD007_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་བ་ལ་འཆད་པ་ལྟར་རོ། །རྒོད་པ་ནི་ཡིད་འོང་མཐོང་བས་སེམས་གཡེང་བའོ། །ཚིམ་པ་ནི་བདེ་བའི་རྣམ་པ་མྱོང་བ་ལ་དོན་གསལ་གྱིས་བཤད་ཀྱང༌། ཡུལ་དེས་ངོམས་པའི་རྟོག་པའོ། །འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབ་པ་ནི་དེ་རྣམས་བྱ་བར་འདོད་པའི་སེམས་སོ། །བརྟན་པ་ནི་རྒྱུད་མི་འགྱུར་བའི་སེམས་སོ། །བརྩོན་པ་ནི་དགེ་བ་ལ་གཞོལ་བའོ། །ང་རྒྱལ་ནི་མཐོ་བར་སེམས་པའོ། །བྱ་བའམ་ལས་ནི་རྟག་ཏུ་བྱེད་པའི་བྱ་བ་རྫོགས་པར་བྱེད་པའོ། །དབྲོག་པ་ནི་ནོར་འཕྲོག་པར་འདོད་པའོ། །སྟོབས་ནི་གཞན་གྱི་དཔུང་འཇོམས་པར་འདོད་པའོ། །སྤྲོ་བ་ནི་དགེ་བའི་ལམ་ལ་གོམས་པར་བྱེད་པའི་སེམས་སོ། །ལྷན་ཅིག་སྐྱེས་ཞེས་པ་ལ། དེའི་སྐད་དོད་ས་ཧ་ཛ་ཞེས་པ་རྒྱ་དཔེ་ལ་མེད་ཅིང༌། ས་ཧ་ས་ཞེས་པ་ཡོད་དེ་བསྒྱུར་ན་ཚམ་ཚོམ་མམ་དགའ་བ་ལ་སྦྱོར་བ་ཞེས་པར་འགྱུར་ཞེས་སྔོན་གྱི་མཁས་པ་དག་གསུང་སྟེ། འགྲེལ་པ་དོན་གསལ་ལས་ཚམ་ཚོམ་མེད་ཅེས་འདོན་ཞིང༌། དེའི་དོན་དྲེགས་པའི་དབང་གིས་མི་དགེ་བ་སྤྱོད་པ་ལ་འཆད་དོ། །སྤྱོད་བསྡུས་འགྱུར་རྙིང་ལས་དཀའ་བ་ལ་སྦྱོར་བ་ཞེས་འབྱུང་ལ། ཆག་གིས་རིམ་ལྔར་ནུས་པ་དང༌། སྤྱོད་བསྡུས་སུ་ཚམ་ཚོམ་མེད་པར་བསྒྱུར་རོ། །སྔོན་གྱི་མཁས་པ་དག་ཡུལ་ལ་འབད་པས་སྦྱོར་བ་ཆུང་འབྲིང་ཆེ་གསུམ་ལ་འཆད་དོ། །དྲག་པ་ནི་རྒྱུ་མེད་པར་ཡང་དམ་པ་རྣམས་དང་རྩོད་འདོད་པའོ། །སྒེག་པ་ནི་ཡིད་འོང་མཐོང་བས་འགྱིང་བའམ་རྩེ་བར་འདོད་པའོ། །ཞེ་འགྲས་པ་ནི་འཁོན་དུ་འཛིན་པའི་སེམས་སོ། །དགེ་བ་ནི་དེའི་ལས་རྩོལ་བར་འདོད་


JLD007_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཚིག་གསལ་བ་དང་བདེན་པ་ནི་གཞན་གྱིས་གོ་བར་དང༌། འདུ་ཤེས་མ་བསྒྱུར་བར་སྨྲ་འདོད་པའོ། །མི་བདེན་པ་ནི་འདུ་ཤེས་བསྒྱུར་ཏེ་སྨྲ་འདོད་པའོ། །ངེས་པ་ནི་ཡི་དམ་ཤིན་ཏུ་བརྟན་པའོ། །ཉེ་བར་མི་ལེན་པ་ནི་ཡུལ་ཡོངས་སུ་འཛིན་པར་མི་འདོད་པའོ། །སྦྱིན་པ་པོ་ནི་བདོག་པ་གཏོང་བར་འདོད་པའོ། །སྐུལ་བ་ནི་གཞན་ལེ་ལོ་ཅན་སྐུལ་བར་འདོད་པའོ། །དཔའ་བོ་ནི་ཉོན་མོངས་སོགས་ཀྱི་དགྲ་ལས་རྒྱལ་བར་འདོད་པའོ། །ངོ་ཚ་མེད་པ་ནི་བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་མི་འཛེམ་པར་མི་དགེ་བ་ལ་འཇུག་པའོ། །སྒྱུ་ནི་བཅོས་མས་གཞན་སླུ་བའོ། །སྒྲིན་དང་ཞེས་འབྱུང་བ་ལྟར་ན་བག་རྣོ་བའི་སེམས་སོ་ཞེས་ཟེར་རོ། །གདུག་པ་ནི་ལྟ་བ་ངན་པ་ལ་བྱང་བའོ། །མི་སྲུན་པ་ནི་གཞན་ལ་མཐོ་འཚམ་པའོ། །གྱ་གྱུ་ནི་མི་དྲང་པའོ། །རྐང་པ་ཐ་མ་གཉིས་ལ་ཆག་འགྱུར་ལས། རང་བཞིན་བཞི་བཅུའི་སྐད་ཅིག་རྣམས། །ཤིན་ཏུ་སྟོང་པ་ལས་སྐྱེས་ཏེ། ཞེས་འབྱུང་ངོ༌། །རང་བཞིན་བདུན་ནི། རིམ་ལྔ་ལས། ཆགས་པ་བར་མའི་སྐད་ཅིག་དང༌། །བརྗེད་ངས་པ་དང་འཁྲུལ་པ་དང༌། །མི་སྨྲ་གྱུར་དང་སྐྱོ་བ་དང༌། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། ཞེས་གསུངས་སོ། །བརྗེད་ངས་ནི་དྲན་པ་ཉམས་པའོ། །འཁྲུལ་པ་ནི་སྨིག་རྒྱུ་ལ་ཆུར་འཛིན་སོགས་དང༌། མི་སྨྲ་བ་ནི་སྨྲ་སྙིང་མི་འདོད་པ་དང༌། སྐྱོ་བ་ནི་ཡིད་སུན་པ་དང༌། ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བ་སྟེ། གཞན་གཉིས་ནི་གོ་བར་ཟད་དོ། །རྟོག་པ་ཚན་པ་གསུམ་པོ་འདི་ནི། ཡུལ་ཧ་ཅང་འདོད་པ་དང༌། ཧ་ཅང་མི་འདོད་པ་དང༌། བར་མ་གསུམ་གྱི་སྒོ་


JLD007_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཇུག་པའི་རིགས་གསུམ་དུ་འདུ་བའི་སྒོ་ནས་བཤད་རྒྱུ་འདྲ་བ་ཞིག་སྣང་ནའང༌། འགྲེལ་པ་དོན་གསལ་དང༌། སྔ་མ་རྣམས་ཀྱིས་བཤད་པ་ལ་བརྟེན་ནས་སྔར་བཞིན་བཤད་དོ། །འགྲེལ་པ་ནོར་བུའི་འཕྲེང་བར་འདིའི་རྟོག་པ་རྣམས་སེམས་བྱུང་ང་གཅིག་གི་གང་གི་ནང་དུ་འདུ་བའི་ཚུལ་བཤད་སྣང་ནའང༌། ཡིད་ཆེས་མི་ཐོབ་པར་སྣང་བས་མ་བཀོད་དོ། །དེ་འདྲ་བའི་རྟོག་པ་ཚན་གསུམ་སྣང་བ་གསུམ་གྱི་རང་བཞིན་དུ་སྤྱོད་བསྡུས་ལས་གསུངས་པ་ལ། རང་བཞིན་གྱི་སྐད་དོད་སྭ་བྷཱ་བ་ནི་འབྱུང་བ་དང༌། རང་བཞིན་དང༌། དངོས་པོ་ལ་འཇུག་པས། འབྱུང་བའི་དོན་དུ་དྲང་དུ་ཡང་ཡོད་མོད་ཀྱང༌། སྤྱོད་བསྡུས་ལས་མདོར་བསྟན་དུ། རང་བཞིན་ནི། ཞེས་གསུངས་ཤིང༌། དོན་བསྡུར་མཚན་ཉིད་སོ་གསུམ་དང་བཞི་བཅུའོ་ཞེས་དང༌། དེའི་རང་བཞིན་གྱི་མཚན་ཉིད་བདུན་པོ་འདི་དག་གོ །ཞེས་སྣང་བ་གསུམ་གྱི་མཚན་ཉིད་དུ་ཡང་གསུངས་སོ། །ལག་སྨིས་རང་བཞིན་གྱི་དོན་དེའི་བདག་ཉིད་ཡིན་པ་དང༌། དོན་གསལ་ལས་དེའི་ཁོངས་སུ་གཏོགས་པ་ལ་འཆད་པ་མི་འཐད་དེ། འཕགས་པ་ལྷའི་བདག་བྱིན་བརླབས་ལས། ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་བའི་ཁམས་ལའོ། །རླུང་ནི་སེམས་ལ་ཐིམ་པར་འགྱུར། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །སེམས་ལས་བྱུང་བ་མ་རིག་པར། །དེ་ཡང་འོད་གསལ་བར་འགྲོའོ། ཞེས་སེམས་སྣང་བ་སྐྱེས་པའི་སྔོན་དུ་རླུང་ཐིམ་པར་གསུངས་ལ། དེ་ནི་ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཡིན་པའི་ཕྱིར་དེའི་དུས་སུ་ཀུན་རྟོག་ཀྱང་ཐིམ་དགོས་པའི་ཕྱིར་དང༌།


JLD007_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་རང་བཞིན་གཉིས་ནི་ཆེས་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །སྐྱེ་རིམ་གྱི་སྐབས་སུ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སྣང་བ་གསུམ་སྐྱེས་པའི་འོག་ཏུ་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་བར་གསུངས་ཤིང༌། ལས་མཐའ་རྣམ་འབྱེད་ལས་ཀྱང༌། སྟོང་པ་གསུམ་སྐྱེས་པའི་འོག་ཏུ་རང་བཞིན་བརྒྱ་དྲུག་ཅུ་སྐྱེ་བར་གསུངས་ལ། རང་བཞིན་ཚན་པ་དང་པོ་སྣང་བའི་ཡེ་ཤེས་ཀྱི་རྒྱུ་ཅན་ཏེ་འབྲས་བུར་གསུངས་པ་ནི། རང་བཞིན་ཚན་པ་གཞན་གཉིས་ལའང་འདྲ་བས་ན། དེའི་དཔེ་ཁ་ཅིག་ལས། རང་བཞིན་བདུན་མ་རིག་པའི་དུས་སུ་འབྱུང་བར་བཤད་པ་ནི་དཔེ་མ་དག་པའོ། །རླུང་སྣང་བ་ལ་ཐིམ་པར་གསུངས་ལ། སྣང་བ་སྐྱེས་པའི་སྔོན་དུ་སྣང་བ་མེད་པས་དེ་ལ་ཐིམ་པ་མི་རུང་ངོ་སྙམ་ན། དེ་ལྟ་ན་སྣང་མཆེད་ཐོབ་གསུམ་དང་འོད་གསལ་རྣམས་ལའང་དེ་ལྟར་གསུངས་པས། ཕྱི་མ་སྐྱེས་པའི་འོག་ཏུ་སྔ་མ་ཐིམ་དགོས་པས་དེ་རྣམས་རྒྱུ་འབྲས་མིན་པ་དང༌། སྔ་ཕྱིའི་རིམ་པ་བཞག་ཏུ་མེད་པར་འགྱུར་ན། དེ་ནི་འདོད་པར་མི་ནུས་ཏེ། རིམ་ལྔ་ལས། སྟོང་ཉིད་ཤིན་ཏུ་སྟོང་པ་དང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྔ་མ་ཕྱི་མ་ལ་ཐིམ་ཞེས་པ་ནི་སྔ་མའི་ནུས་པ་བསྡུས་ནས་མི་གསལ་དུ་སོང་བ་ན། ཕྱི་མ་ལ་ནུས་པ་འཕོས་པ་འདྲ་བ་ཞིག་བྱུང་བ་ལ་དེར་བཏགས་པ་ཙམ་མོ། །དེའི་ཕྱིར་ཐིམ་པའི་དུས་སུ་དང་པོར་རང་བཞིན་སོ་གསུམ་


JLD007_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འགག །དེ་ནས་སྣང་བ་སྐྱེ། དེ་རྗེས་རང་བཞིན་བཞི་བཅུ་འགག །དེ་ནས་མཆེད་པ་སྐྱེ་ཞེས་སོགས་འདོད་པ་དང༌། ཡང་དེ་ལྟར་འདོད་བཞིན་དུ་རང་བཞིན་དང་སྣང་བ་གཉིས་མཚུངས་ལྡན་དུ་འདོད་པ་དང༌། སྐྱེ་བའི་དུས་སུ་དང་པོ་ཉེར་ཐོབ་སྐྱེ། དེ་ནས་དེ་ལས་རང་བཞིན་བདུན་སྐྱེ་ཞེས་སོགས་སྨྲ་བ་ནི་མི་རིགས་ཤིང༌། འགལ་འདུ་སྨྲ་བའོ། །དེ་ལ་སྣང་བ་ལས་རང་བཞིན་འབྱུང་བར་སྤྱོད་བསྡུས་ལས་གསུངས་པ་ནི་སྔར་དྲངས་ཤིང༌། རིམ་ལྔ་ཆག་འགྱུར་ལས་ཀྱང༌། རང་བཞིན་སོ་གསུམ་དང་བཞི་བཅུ་བཤད་པའི་མཐར། སྣང་བའི་ཡེ་ཤེས་ལས་བྱུང་བའོ། ཞེས་དང༌། སྣང་བ་མཆེད་པའི་སྦྱོར་ལས་བྱུང༌། ཞེས་གསུངས་སོ། །དེས་ན་རྟོག་པ་རྣམས་སྣང་བ་གསུམ་གྱི་རང་བཞིན་དུ་བཤད་པ་ནི་མཚན་ཉིད་ཡིན་ལ། དེ་ནི་སྔར་སྣང་བ་གསུམ་གྱི་མཚན་ཉིད་བཤད་པ་ལྟར་ངོ་བོ་ཐ་མི་དད་མིན་གྱི། བྱ་རོག་གིས་ཁང་བཟང་མཚོན་པ་ལྟར་ངོ་བོ་ཐ་དད་པའི་མཚོན་བྱེད་ལ་མཚན་ཉིད་དུ་གསུངས་པའོ། །དེ་ཡང་སྤྱོད་བསྡུས་ལས། དེ་བཞིན་དུ་རྣམ་པར་ཤེས་པ་སྣང་བ་ཡང་གཟུགས་མེད་པ་ལ། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་ལ་སོགས་པའི་རང་བཞིན་རྣམས་ལས་རྗེས་སུ་དཔག་པར་བྱ་བའོ། ཞེས་རང་བཞིན་གྱིས་སྣང་བ་རྗེས་སུ་དཔོག་པར་གསུངས་པས་སྣང་བའི་མཚོན་བྱེད་དོ། །དཔོག་ལུགས་ནི། རང་བཞིན་གྱི་རྟོག་པ་ལ་ཤས་ཆེ་ཆུང་བར་མ་གསུམ་སྣང་བས། དེ་རྣམས་སྐྱེད་པའི་སྣང་བ་རླུང་གི་བཞོན་པ་ཅན་ལ་ཡང༌། གཡོ་བ་ཤས་ཆེ་ཆུང་བར་མ་གསུམ་ཡོད་པར་དཔོག་གོ །དེ་ལྟར་


JLD007_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྣམ་རྟོག་གཡོ་བ་ཤས་ཆུང་བ་བདུན་གང་རུང་གི་རྟོག་པ་ནི། སྣང་བ་རླུང་གི་བཞོན་པ་ཅན་གྱི་གཡོ་བ་ཤས་ཆུང་བའི་ལག་རྗེས་ཡིན་པས་ཉེར་ཐོབ་ཀྱི་འབྲས་བུར་བཞག་སྟེ། གཞན་གཉིས་ལའང་དེའི་རིགས་པ་སྦྱར་རོ། །ལམ་བསྒོམས་སྟོབས་ཀྱིས་ཡེ་ཤེས་གསུམ་འདྲེན་ནུས་པའི་རྣལ་འབྱོར་པས་ནི། དེ་གསུམ་མངོན་གྱུར་དུ་ངེས་ནུས་པས་རྟགས་ལས་རྗེས་སུ་དཔོག་པ་མིན་ནོ། །དེའི་ཕྱིར་རང་བཞིན་གྱིས་སྣང་བ་རྗེས་སུ་དཔག་དགོས་པ་ནི་དེ་འདྲ་མིན་པའི་གང་ཟག་ལ་ཡིན་པས། དབང་ཤེས་ཐམས་ཅད་སྣང་བ་གསུམ་གང་རུང་དུ་འདོད་པ་མི་འཐད་དེ། དབང་ཤེས་ནི་རྟགས་ལས་དཔག་མི་དགོས་པར་མངོན་སུམ་དུ་ངེས་པའི་ཕྱིར་རོ། །གང་ཟག་ཐ་མལ་པས་ནི་སྐྱེ་འཆི་ལ་སོགས་པའི་དུས་སུ་སྣང་བ་གསུམ་འོད་གསལ་དང་བཅས་པ་ཉམས་སུ་མྱོང་ཡང༌། དེ་ལ་མངོན་སུམ་གྱི་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་སོ། །རང་བཞིན་བརྒྱ་དྲུག་ཅུ་ནི་ཉིན་མཚན་རེ་རེ་ལ་བརྒྱད་ཅུ་པ་རེ་སྤྱོད་པའི་སྒོ་ནས་ཕྱེ་བ་ཡིན་ལ། རྡོ་རྗེ་འཕྲེང་བ་ལས། རླུང་བརྒྱ་རྩ་བརྒྱད་ཀྱིས་བསྐྱོད་པའི་ཀུན་རྟོག་བརྒྱ་རྩ་བརྒྱད་དུ་ཡང་བཤད་དོ། །དེ་ལྟར་ན་གཞི་ལ་ཀུན་རྟོག་གཡོ་བའི་རླུང་ཐིམ་མ་ཐིམ་གཉིས་ལས། མ་ཐིམ་པ་ནི་རང་བཞིན་རྣམས་འབྱུང་བའི་དུས་ཡིན་ཞིང༌། ཐིམ་པ་ལ་སྣང་བ་གསུམ་གྱི་རླུང་ཐིམ་མ་ཐིམ་གཉིས་ལས་མ་ཐིམ་པ་ནི་སྟོང་པ་གསུམ་གྱི་དུས་ཡིན་ལ། ཐིམ་པ་ནི་འོད་གསལ་འཆར་བའི་དུས་སོ། །ལམ་དུས་སུ་ཡང་དེ་ཇི་བཞིན་དུ་སྐྱེད་པ་ཡིན་ཏེ།


JLD007_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་བཞི་དང་ཀུན་རྟོག་རྣམས་ཀྱི་ཐིམ་རིམ་དང༌། སྐྱེ་རིམ་གཏན་ལ་ཕབ་པའི་དགོས་པ་ཡང་དེ་ཡིན་ནོ། །དེ་འདྲ་བ་ནི་འདུས་པའི་རྩ་བཤད་ཀྱི་སྐོར་ནས་འབྱུང་བའི་དོན། ཡབ་སྲས་ཀྱིས་བཀྲལ་བ་ལྟར་གཞན་ན་མི་གསལ་ལ། དེ་ལ་ཡང་སངས་རྒྱས་ཐམས་ཅད་ཀྱི་མན་ངག །རང་གི་བླ་མ་ཀླུ་སྒྲུབ་ཀྱི་དྲིན་གྱིས་བསྟན་པར་སྤྱོད་བསྡུས་ལས་བསྔགས་པ་ནི། འོད་གསལ་དང་སྒྱུ་མའི་སྐུ་ཐུན་མོང་མ་ཡིན་པ་སྒྲུབ་ཚུལ་ནི་འདི་ཤེས་པ་ལ་རག་ལས་པའི་གནད་ཀྱིས་ཡིན་ནོ། །གསུམ་པ་ལ་གཉིས། ལུགས་སོ་སོ་བ་རྣམ་པར་བཞག་པ་དང༌། དེ་དག་ལས་འཐད་པའི་ཕྱོགས་རྣམ་པར་དགོད་པའོ། །དང་པོ་ནི། ལག་སྨི་དང་སྐལ་ལྡན་གྲགས་པ་སོགས་ཀྱིས། ལྟེ་བར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨཾ་བཀོད་ནས། དེས་སྤྲོས་པའི་ཨ་ཨཱཿཧཱུཾ་གསུམ་སྤྱི་བོ་དང་མགྲིན་པ་དང་སྙིང་ཁར་བཀོད་ནས། དེ་ནས་ཨཾ་ལས་འོད་ཟེར་དཀར་པོ་འཕྲོས་པས་ཨ་བཀུག་སྟེ། ལྟེ་བའི་ཡི་གེ་ལ་བསྟིམས་ནས། དེར་སེམས་རྩེ་གཅིག་ཏུ་གནས་པར་བྱས་ནས། སྣང་བའི་ཡེ་ཤེས་སྐྱེད་པ་དང༌། དེ་བཞིན་དུ་འཁོར་ལོའི་ལྟེ་བར་ཨཱཿདམར་པོ་དང༌། ཐིག་ལེ་ཙམ་དམིགས་ཏེ། དེའི་འོད་ཟེར་དམར་པོ་དང༌། ནག་པོས་ཨཱཿདང་ཧཱུཾ་གཉིས་རིམ་པ་བཞིན་དུ་བཀུག་ནས་ལྟེ་བར་ཐིམ་པར་བྱས་པ་ལ་རྩེ་གཅིག་ཏུ་དམིགས་ནས། སྣང་བ་མཆེད་པ་དང་ཉེར་ཐོབ་ཀྱི་ཡེ་ཤེས་བསྐྱེད། དེ་ནས་ཐིག་ལེ་དང་འཁོར་ལོ་ཡང་ལྟེ་བའི་ནམ་མཁའ་ལ་ཐིམ་པར་བསྒོམས་པས། རྟགས་ལྔ་སྔོན་དུ་འགྲོ་བའི་འོད་གསལ་སྐྱེ་བར་བཤད་


JLD007_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཡེ་ཤེས་དང་པོ་གཉིས་ཀྱི་རྣམ་གྲངས་སུ་ཨ་དང་ཨཱཿགསུངས་པ་དང༌། ཉེར་ཐོབ་ཀྱི་སྐབས་སུ། ས་བོན་ཐིག་ལེར་ལྡན་མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་ནི། །ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །ཞེས་རིམ་ལྔ་ལས་གསུངས་པའི་མན་ངག་ཏུ་བྱེད་དེ། འདི་ནི་སྔགས་ཀྱི་རིམ་པའི་ཐབས་ཀྱིས་སེམས་དབེན་སྐྱེད་པའོ། །ཕྱག་རྒྱའི་རིམ་པས་སྐྱེད་པ་ནི། རིམ་ལྔར་གསུངས་པ་ལྟར་ཏེ། དེ་ལས་སྟོང་པ་རྣམས་སྐྱེ་ཚུལ་ནི་སྔར་བཤད་ཟིན་ཏོ། །རྗེ་འགོས་ཀྱིས། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་དང༌། བཙུན་མོ་ཅན་གྱི་ལུགས་གཉིས་ཀྱི་སེམས་དབེན་སྐྱེད་ཐབས་གཉིས་བཤད་པའི་དང་པོ་ལ། འོག་སྒོའི་ལམ་ནི་ལས་རྒྱ་ལ་བརྟེན་པ་དང༌། སྟེང་སྒོ་ནི་སྤྱི་བོར་ཧཾ། མགྲིན་པར་ཨཾ། སྙིང་ཁར་ཨ་བསྒོམས་པའི་འོད་ཀྱི་སྤྲོ་བསྡུས་ནང་གི་བྱང་ཆུབ་ཀྱི་སེམས་རང་ཤུགས་སུ་ཞུ་བའི་བདེ་བ་ཆེ་ཆུང་འབྲིང་གསུམ་སྐྱེས་པ་ཡིས། རང་བཞིན་ཕྲ་རགས་གསུམ་འགགས་པའི་བདེ་སྟོང་ལ་གོམས་པར་བྱ་སྟེ། དེ་ནི་སྔར་གྱི་མཁས་པས་སྒྲུབ་པའི་རྒྱུད་ཚོད་དེ་ཡིན་ཞེས་འཆད་དོ་སྐད་ཅེས་བཤད་ཅིང༌། དེ་ཡང་ཨཱ་དེ་བའི་ལུང་ཞིག་དྲངས་ནས་དེའི་དོན་དུ་བཤད་དོ། །ལུང་དྲངས་པ་དང་དེའི་བཤད་པ་བྱས་པ་གཉིས་ཡེ་མི་མཐུན་པར་སྣང་ལ། འཆད་དོ་སྐད་ཅེས་མ་རངས་པ་ལྟར་ཡང་སྣང་སྟེ། བླ་མ་དམ་ཚིག་རྡོ་རྗེའི་གསུང་བགྲོས་ལས་བྱུང་བ་ཞིག་བཀོད་པར་མངོན་ཏེ། ད་ལྟ་འདུག་པའི་འཕགས་


JLD007_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷའི་གཞུང་གང་ནའང་མི་སྣང་ངོ༌། །ལུགས་གཉིས་པ་ལ་ནི། ལས་རྒྱ་ལ་བརྟེན་ནས་སྐྱེད་པ་མ་གཏོགས་པ། ཡི་གེ་སྒོམ་པ་སོགས་མི་སྣང་ཞིང༌། འགོས་ཀྱི་སློབ་མ་རྔོག་ཡེ་ཤེས་སེང་གེ་སོགས་ཀྱིས་ཀྱང་ཕྱི་མ་བཞིན་དུ་བཤད་དོ། །འགོས་ཀྱི་བཤད་སྲོལ་འཛིན་པ་གཞན་ཁ་ཅིག་ནི། བཙུན་མོ་ཅན་གྱི་ལུགས་ཀྱིས་འོག་སྒོ་ལ་བརྟེན་པ་སྔར་དང་འདྲ། སྟེང་སྒོ་ལ་བརྟེན་པ་ནི། རྡོར་བཟླས་ཀྱིས་རླུང་ལས་སུ་རུང་བ་ཞིག་གིས་སྙིང་ཁར་ཟླ་བའི་སྟེང་དུ་པདྨ་ལ་ཨཾ་བསམས་ལ། དེ་ལས་འོད་ཟེར་ཤིན་ཏུ་ཕྲ་བ་ཟླ་བ་ལྟར་དཀར་ལ་བསིལ་བ་རྩ་དབུ་མ་ནས་ཞུགས་ནས། སྤྱི་བོའི་ཧཾ་བསྐུལ་བས་ཧཾ་ལས་བྱང་སེམས་དཀར་ཙ་ར་ར་ཨཾ་ལ་བབས་པས། ཨཾ་ཇེ་གསལ་ཇེ་གསལ་དུ་གྱུར་པ་ལས། མཐར་སེམས་བདེ་བ་ཟླ་བ་ལྟར་གསལ་བའི་སྣང་བའི་ཡེ་ཤེས་སྐྱེའོ། །དེ་བཞིན་དུ་སྙིང་ཁར་ཉི་མའི་སྟེང་དུ་རྡོ་རྗེའི་ལྟེ་བ་ལ་ཨཱཿདང༌། གདན་གང་ལ་ཡང་མ་བརྟེན་པའི་ཨ་རྐྱང་ཞིག་བསམས་ལ། ཉི་མ་ལྟར་ཚ་བའི་འོད་ཟེར་དང༌། འོད་ཟེར་ནག་པོ་ཤིན་ཏུ་ཕྲ་བ་དབུ་མ་ནས་གཏོང་བ་སོགས་སྔར་བཞིན་བྱས་པས་ཡེ་ཤེས་ཕྱི་མ་གཉིས་སྐྱེད་པ་ཡིན་ནོ། །འགོས་ཀྱི་བླ་མ་ས་ར་ཧས་སྤྲོ་བསྡུ་མི་བྱེད་པར་ཡི་གེ་གསུམ་ལ་དམིགས་པ་ལས་ཡེ་ཤེས་གསུམ་སྐྱེ་བར་བཞེད་དོ། །དེ་རྣམས་ཀྱང་ཟླ་ཉི་དང་ཡི་གེ་སོགས་ཡེ་ཤེས་རྣམས་ཀྱི་རྣམ་གྲངས་སུ་བཤད་པའི་མན་ངག་ཏུ་འདོད་ལ། བླ་མ་མངོན་ཤེས་ཅན་ནི་དེ་རྣམས་དེ་དག་གི་མིང་གི་རྣམ་གྲངས་སུ་བཤད་པ་ཙམ་ཡིན་གྱི། དེ་ལྟར་སྒོམ་པ་


JLD007_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་མིན་པར་བཞེད་ཅེས་ཟེར་རོ། །འདི་ནི་འགོས་ཀྱི་སྟོང་ཐུན་དང་བསྟུན་ན་བཙུན་མོ་ཅན་གྱི་བཞེད་པར་མི་འགྲིག་གོ །ནཱ་རོ་པའི་མན་ངག་རྗེ་མར་པ་ལས་བརྒྱུད་པ་གསེར་སྡིངས་པས་མཛད་པ་ལྟར་ན། འཁོར་ལོ་ཡོད་མེད་གཉིས་ལས། ཡོད་པའི་འགོད་ཚུལ་ནི་སྔར་བཞིན་ཏེ། རྡོར་བཟླས་ཀྱི་དུས་སུ་འཁོར་ལོ་མི་སྡུད་ལ། སེམས་དམིགས་ཀྱི་དུས་སུ་སྡུད་དོ། །སེམས་དམིགས་ལ་སློབ་པའི་སྐབས་སུ་སྟེང་འོག་གི་རླུང་ཁ་སྦྱར་འཛིན་པ་ནི། མན་ངག་ཆེ་བ་བཞི་དང༌། ཆུང་བ་གསུམ་ག་ནས་བཤད་ལ། དེ་ཡང་སྙིང་ཁར་འཛིན་པར་དོན་ལྔ་མར་བཤད་དོ། །རླུང་བཟུང་ནས་པད་འདབ་ཕྱི་མའི་ཡི་གེ་ལ་དམིགས་ནས་བསྒོམས་པས་སྟོང་པ་དང་པོ་དང༌། དེ་ནས་ཕྱི་མ་བར་མ་ལ་བསྡུས་ནས་བར་མ་ལ་དམིགས་ནས་བསྒོམས་པས་ཤིན་ཏུ་སྟོང་པ་དང༌། དེ་ནས་དེ་ཡང་ནང་མའི་ཡི་གེ་བཞི་ལ་བསྡུས་ནས། དེ་ལ་དམིགས་ཏེ་བསྒོམས་པས་སྟོང་པ་ཆེན་པོ་སྐྱེ་བར་ཡང་བཤད་ལ། ཡང་དང་པོ་ནས་པད་འདབ་དང་པོ་ཐིམ་པར་བྱེད་པ་དང༌། དང་པོ་ལ་དམིགས་ནས་ཟླ་འོད་ལྟར་དཀར་པོར་སྣང་བའི་རྟགས་ཅན་བྱུང་ཟིན་པའི་འོག་ཏུ། པད་འདབ་དང་པོ་གཉིས་པ་ལ་བསྟིམས་ནས་བསྒོམས་པས། རང་བཞིན་སོ་གསུམ་འགག་ཅེས་པ་དང༌། པད་འདབ་ཕྱི་མའི་ཡི་གེ་ལ་དམིགས་དུས་སུ་ལྷ་སྐུ་དེ་ལ་བསྡུས་ན་ལེགས་ཞེས་པ་དང༌། ཡང་སྟོང་པ་གསུམ་བསྐྱེད་པའི་འོག་ཏུ་ལྷ་སྐུ་དབུས་ཀྱི་ཐིག་ལེ་ལ་སྡུད་


JLD007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་དང༌། པད་འདབ་དང་པོའི་ཡི་གེ་ལས་འོད་སྤྲོས་པས་སྣོད་བཅུད་སྦྱངས་པ་དེ་ཀཱ་ལི་ལ་སྡུད་ཀྱང་ཟེར། ཡང་ཨཱ་ལི་ལ་སྡུད་ཟེར་བ་སོགས་མི་མཐུན་པ་དུ་མ་ཞིག་སྣང་ཡང༌། འདོད་པ་དངོས་གཞི་སྔ་མ་ལྟར་ཡིན་པར་མངོན་ནོ། །དེ་གསུམ་ལ་རིམ་པ་བཞིན་བྱང་སེམས་རྡོ་རྗེའི་རྩ་བ་དང༌རྐེད་པ་དང་རྡོ་རྗེའི་བུམ་པར་སླེབ་པ་ཙམ་གྱི་བདེ་ཉམས་འབྱུང་བར་འཁོར་ལོ་ཅན་དང་དོན་བཞི་མར་བཤད་ལ། དོན་ལྔ་མར་དང་པོ་ལ་བྱང་སེམས་གནས་ནས་གཡོས་པ་ཙམ་གྱི་བདེ་བ་འབྱུང་ཟེར་ཡང་སྔ་མ་གཉིས་དང་མཐུན་པར་འོང་རྒྱུ་ཡིན་ནོ། །འཁོར་ལོ་ཅན་དུ་རྡོར་བཟླས་སྔོན་དུ་བཏང་ནས་རླུང་ཁ་སྦྱོར་འཛིན་པ་སྤེལ་མར་བྱེད་པར་བཤད་ལ། དེ་དག་ལ་རྟགས་དང་རྟགས་ཅན་འཆར་ལུགས་རྣམས་ཀྱང་མི་མཐུན་པ་དུ་མ་ཞིག་འདུག་སྟེ་མ་བྲིས་སོ། །འཁོར་ལོ་མེད་པ་ལ་གསུམ་ལས། དང་པོ་ལས་ནི། རང་ལྷར་གསལ་བའི་ཐུགས་ཀར་འོད་མེ་ལོང་ཙམ་ཞིག་གི་དབུས་སུ་ཐིག་ལེ་ཨ་ཐུང་གིས་མཚན་པ་ཞིག་སྒོམ། དེ་ནས་རྡོར་བཟླས་བྱེད་པ་སྔར་དང་འདྲ་བ་ལ། སེམས་དམིགས་ནི་རླུང་སྟེང་འོག་ཁ་སྦྱར་བཟུང་སྟེ་ལྷ་སྐུ་དང༌། འོད་དང༌། ཐིག་ལེ་དང༌། ཨ་ཐུང་རྣམས་སྔ་མ་ཕྱི་མ་ལ་བསྡུས་ནས་བསྒོམས་པས་སྟོང་པ་གསུམ་སྐྱེ་བར་བཤད་དོ། །འདི་ལ་འཁོར་ལོ་མེད་པ་ཟེར་བ་ནི་སྤྱི་མིང་སྒོས་ལ་བཏགས་པའོ། །རིམ་ལྔ་སེམས་དཔའ་སུམ་བརྩེགས་ལས། རང་དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐེ་བོང་


JLD007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་དང༌། དེའི་ཐུགས་ཀར་རྡོ་རྗེ་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་མཐིང་ནག་སྤུས་བྲིས་པ་ཙམ་ཞིག་བསྒོམས་ནས། རྡོར་བཟླས་སྔར་དང་འདྲ་བ་ལ། སེམས་དམིགས་ནི། རླུང་ཁ་སྦྱར་བཟུང་ནས་སེམས་དཔའ་གཉིས་དང་རྡོ་རྗེ་དང་ཧཱུཾ་ཡིག་རྣམས་སྔ་མ་ཕྱི་མ་ལ་བསྡུས་ནས་བསྒོམས་པས་སྟོང་པ་གསུམ་སྐྱེ་བར་བཤད་དོ། །རིམ་ལྔ་ཅིག་ཅར་བ་ལས། རང་ལྷར་གསལ་བའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཐིག་ལེ་དཀར་པོ་ཨ་ཐུང་ནག་པོ་དང་བཅས་པ་ཅིག་བསྒོམས་ནས། རྡོར་བཟླས་བྱེད་པ་སྔར་དང་འདྲ་བ་ལ། སེམས་དམིགས་ནི། ལྷ་སྐུ་དང་པད་འདབ་དང་ཐིག་ལེ་ལ་སེམས་གཏད་པ་ན་སྟོང་པ་གསུམ་སྐྱེ་བར་བཤད་ཅིང༌། ལྷ་སྐུ་དང་པད་འདབ་དང་ཐིག་ལེ་དང་ཨ་ཐུང་རྣམས་སྔ་མ་ཕྱི་མ་ལ་བསྡུ་བར་བཤད་ཀྱང༌། དེའི་ཐིམ་རིམ་ལ་སྟོང་པ་གསུམ་མ་བཞག་པ་ནི། ནོར་པ་ཡིན་པར་སྔ་མ་གཉིས་ཀྱི་གནད་ཀྱིས་ཀྱང་ཤེས་པས། ཐིམ་རིམ་གསུམ་ལ་སྟོང་པ་གསུམ་སྐྱེ་བ་སྔ་མ་རྣམས་དང་མཐུན་པར་བྱའོ། །འདི་རྣམས་ལ་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་བྱུང་བྱུང་བར་དུ་རྡོར་བཟླས་བྱེད་པ་དགོངས་པར་སྣང་སྟེ་ལེགས་སོ། །གདམས་ངག་རྒྱས་བསྡུས་དེ་དག་གི་ལུགས་ཀྱིས་ནི། སེམས་དབེན་སྐྱེད་པ་ལ་རླུང་ཁ་སྦྱར་འཛིན་པ་དང༌། དམིགས་པའི་སྡུད་རིམ་གཅིག་སྟེ་གཉིས་ཚོགས་ནས་བྱེད་པ་ཡིན་ནོ། །སེམས་དབེན་ལས་རྒྱ་ལ་བརྟེན་ནས་སྐྱེད་པར་རིམ་ལྔར་བཤད་པ་ལ།


JLD007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལྔ་བསྡུས་པ་དང༌། གསེར་སྡིངས་པའི་མན་ངག་ལས་དེ་གསལ་བར་མི་འབྱུང་ཡང༌། ཕྱག་ཆེན་ལས་རྒྱ་ལ་བརྟེན་ནས་སྤྱིར་བདེ་བ་སྐྱེད་ཚུལ་གྱི་གདམས་པ་ཅིག་སྣང་བ་དེར་མངོན་ནོ། །མར་ལུགས་པ་གཞན་ཁ་ཅིག་ནི། རླུང་ཁ་སྦྱོར་མི་འཛིན་པར་ཡི་གེ་ཚན་པ་གསུམ་ལ་དམིགས་ནས། རིམ་པ་བཞིན་རྡོར་བཟླས་བྱས་པས་རྟོག་པ་ཚན་པ་གསུམ་སྦྱོང་བ་དང༌། ཡེ་ཤེས་གསུམ་སྐྱེ་བར་འདོད་དོ། །ནཱ་རོ་པའི་མན་ངག་ནག་ཚོ་ལ་བརྒྱུད་པ་ལས་ནི། སེམས་ཀྱི་གནས་ལུགས་བདེ་བས་གྲོགས་བྱས་ནས་རྟོགས་དགོས་པ་ལ་གཉིས་ལས། ཆགས་ཅན་འོག་སྒོ་ལ་བརྟེན་པ་ནི། ལས་རྒྱ་ལ་བརྟེན་པ་ཡིན་ལ། ཆགས་བྲལ་སྟེང་སྒོ་ལ་བརྟེན་པ་ལ། ཡི་གེའི་འཕྲེང་བ་དང༌། ཡི་གེ་ཙམ་དང༌། ཡི་གེ་མེད་པར་ཡང་བདེ་བ་སྐྱེད་པ་གསུམ་གྱི་དང་པོའི་དབང་དུ་བྱས་ན། སྙིང་ཁའི་ཡི་གེ་ཚན་གསུམ་ལས་སྤྲོས་པའི་འོད་ཟེར་གྱིས། སྤྱི་བོའི་ཧཾ་བཞུ་བས་སྙིང་ཁ་ཁེངས་པར་བསྒོམ་ཞིང༌། བདེ་བ་སྐྱེས་པ་ན་རླུང་བག་རེ་འཛིན་པར་བཤད་པ་མ་གཏོགས་པ། སྔོན་དུ་རླུང་ཁ་སྦྱར་འཛིན་པ་དང༌། སྡུད་རིམ་གྱི་དམིགས་པ་མི་སྣང་ངོ༌། །གཉིས་པ་ལ་གཉིས། ལུགས་དེ་རྣམས་ཇི་ལྟར་ཡིན་རྣམ་པར་དཔྱད་པ་དང༌། གནས་པའི་ཕྱོགས་རྣམ་པར་བཞག་པའོ། །དང་པོ་ནི། རླུང་ཐོག་མར་དྷཱུ་ཏཱིར་བསྡུས་ནས་ཐིམ་པ་ལ་ལུས་ཀྱི་གནད་ངེས་པ་ཅན་དགོས་ཀྱང༌། རྡོར་བཟླས་ལ་སོགས་པའི་ལུས་ལ་གནད་དུ་བསྣུན་པའི་ཐབས་བསྒོམས་ནས། རླུང་དྷཱུ་ཏཱིར་བཙུད་པ་ཐིམ་པ་ལས་སྟོང་པ་བཞི་དང༌། དགའ་བ་སྐྱེད་པ་ལ་བྱང་བ་ཅིག་གིས་དམིགས་པ་ཅི་འདྲ་ཞིག་


JLD007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་ནས་སེམས་ཟིན་པ་ན་རླུང་འདུས་ཏེ། ཉམས་དེ་རྣམས་ཅི་རིགས་པར་སྐྱེ་བ་ཅིག་སྣང་ངོ༌། །དེ་ནི་སྔ་མའི་ཤུགས་ཀྱིས་བྱུང་བ་ཡིན་གྱི། ཕྱི་མའི་དམིགས་པ་དེའི་ལག་རྗེས་ཡིན་པར་མ་ངེས་སོ། །དེས་ན་རྡོར་བཟླས་ལ་ལེགས་པར་བསླབས་ནས། ལོབས་པ་ཅིག་གིས་སྔར་བཤད་པའི་དམིགས་པ་རྣམས་བཟུང་བས། ཉམས་དེ་རྣམས་སྐྱེས་བྱུང་ན་རྒྱུ་མཚན་དེས་གདམས་ངག་དེ་གཞུང་དེ་དག་གི་དོན་ཡིན་པར་སྒྲུབ་མི་ནུས་སོ། །རིམ་ལྔ་དང་སྤྱོད་བསྡུས་ལས། སྣང་བ་གསུམ་གྱི་རྣམ་གྲངས་སུ་ཡི་གེ་གསུམ་དང་ཟླ་ཉི་རྡོ་རྗེ་སོགས་བཤད་པ་ནི། རྫོགས་རིམ་གྱི་སྣང་བ་གསུམ་ལ་མིང་དེ་དག་གིས་བཏགས་པ་དང༌། སྣང་བ་གསུམ་གྱི་ཡེ་ཤེས་སྐྱེད་མི་ནུས་པའི་བསྐྱེད་རིམ་གྱི་སྐབས་སུ་དེ་དག་ཏུ་མོས་ནས་སྒོམ་ཞེས་པའི་དོན་ཡིན་པས། རྫོགས་རིམ་པས་ཟླ་ཉི་སོགས་ལ་ཡི་གེ་བཀོད་ནས་བསྒོམས་པས་ཡེ་ཤེས་དེ་དག་སྐྱེད་པ་དོན་མིན་པར་བླ་མ་མངོན་ཤེས་ཅན་བཞེད་པ་ལྟར་ལེགས་སོ། །གལ་ཏེ་སྐྱེད་པ་ཡིན་དུ་ཆུག་ནའང་སྙིང་གར་བྱ་དགོས་ཀྱི། ལྟེ་བར་བྱེད་པ་ནི་ལུགས་འདིའི་གནད་མ་རྟོགས་པའོ། །སྣང་བའི་ཡེ་ཤེས་དང་མཆེད་པ་ལས་འབྱུང་ཞེས་པ་ཡང་། དེ་རྣམས་ལས་རང་བཞིན་རྣམས་འབྱུང་བར་སྟོན་གྱི། ཡི་གེ་སོགས་བསྒོམས་པས་ཡེ་ཤེས་རྣམས་འབྱུང་བར་སྟོན་པ་མིན་ནོ། །ཡི་གེ་དང་འོད་ཟེར་གྱི་ཁ་དོག་དཀར་དམར་ནག་གསུམ་བསྒོམས་པའི་ཤུགས་བརྒྱབ་ནས་ཡུལ་སྣང་ཁ་དོག་དེ་གསུམ་གྱི་རྣམ་པར་འཆར་བ་བྱུང་ཡང༌། གཞུང་ནས་བཤད་


JLD007_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་དོག་གི་རྣམ་པ་འཆར་ཚུལ་མིན་ནོ། །རིམ་ལྔ་བསྡུས་པ་ལས། ཡི་གེ་ཚན་གསུམ་རིམ་པ་བཞིན་དུ་སྣང་མཆེད་ཐོབ་གསུམ་གྱི་མཚོན་བྱེད་དུ་བཤད་ཀྱང༌། ཡི་གེ་བཀོད་པ་དེ་དག་གི་ཐད་དུ་སེམས་བཟུང་བས་ཡེ་ཤེས་སྐྱེ་བར་སྟོན་མི་དགོས་ལ། དེ་ཉིད་ལས། མཉམ་པ་ཉིད་དུ་སེམས་བསྡམས་ཏེ། །མཉམ་གཞག་འཁོར་ལོའི་ལྟེ་བ་ཡི། །ཡེ་ཤེས་མཉམ་པར་མཐོང་གྱུར་པ། །ཉེ་བར་ཐོབ་པ་སྟོང་པ་ཆེ། ཞེས་འཁོར་ལོ་ལ་བཀོད་པའི་ཡི་གེ་ལ་དམིགས་པའི་སེམས་ཡུལ་གཞན་དུ་གཡེང་བ་བསྡམས་ཏེ། སེམས་ཡི་གེ་ལ་ཞུགས་པ་ལྟ་བུའི་མཉམ་པ་ཉིད་དུ་བྱས་ཏེ། མཉམ་པར་བཞག་པ་གོམས་པ་ལས། འཁོར་ལོའི་ལྟེ་བའི་མི་ཤིགས་པ་ཨ་ཐུང་དང་བཅས་པ་ལ་སེམས་ཞུགས་ནས་རོ་མཉམ་དུ་སོང་བ་ལས་སྟོང་པ་ཆེན་པོ་སྐྱེ་བར་གསུངས་པ་དང་ཡང་མི་མཐུན་ནོ། །དེས་ན་འཁོར་ལོ་སྡུད་ནའང་ཡི་གེ་ལ་གསལ་སྣང་བརྟན་པོ་རྙེད་པའི་མཚམས་ནས། དང་པོར་ཕྱི་མ་ལ་དམིགས། དེ་ནས་བར་མ་ལ་བསྡུས་ཏེ་དེ་ལ་དང༌། དེ་ནས་ནང་མ་ལ་བསྡུས་ཏེ་དེ་ལ་དང༌། དེ་ནས་མི་ཤིགས་པ་ལ་བསྡུས་ནས་དེ་ལ་དམིགས་པ་གོམས་པར་བྱེད། ཡང་ཡི་གེ་རྣམས་སྔར་བཞིན་བཀོད་ནས་དེ་ལྟར་བྱེད་པ་སྤེལ་བ་ལ་གོམས་ན་དྷཱུ་ཏཱིར་འདུ་བ་མྱུར་བ་ཡིན་གྱི། དྷཱུ་ཏཱིའི་ནང་དུ་སྡུད་པ་མི་བྱེད་པར་ཕྱི་རོལ་ཏུ་གོམས་ཀྱང་སྟོང་པའི་ལམ་རྣམས་མཚན་ཉིད་པ་མི་འཆར་ཏེ། དེ་དག་ནི་དྷཱུ་ཏཱིར་བསྡུས་ཏེ་ཐིམ་པ་ལས་འབྱུང་བའི་ཕྱིར་རོ། །རིམ་ལྔ་བསྡུས་པ་ལས་ཀྱང༌། ཡི་གེ་རྣམས་སྒོམ་པ་དང་རྡོར་བཟླས་མ་གཏོགས་པ་རླུང་ཁ་སྦྱོར་འཛིན་པ་མ་བཤད་དོ། །རྡོ་རྗེ་འཕྲེང་བ་ལས། སྔགས་


JLD007_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དེ་ཉིད་གཅིག་པུས་འགྲུབ། ཅེས་མང་དུ་གསུངས་པ་ཡང་དེའི་གནད་རྫོགས་པར་ཤེས་ནས་བསྒོམས་ན། རླུང་སྦྱོར་གཞན་གྲོགས་སུ་མེད་ཀྱང་འགྲུབ་ཅེས་པའི་དོན་ཡིན་ནོ། །འདི་ཡང་རྡོར་བཟླས་ཀྱི་གནད་རྫོགས་པར་མ་རྟོགས་པར་རླུང་ཁ་སྦྱོར་འཛིན་པ་ཅིག་མེད་ན། རྡོར་བཟླས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པ་སོགས་བྱེད་མི་ནུས་སྙམ་ནས། ཁ་སྦྱོར་འཛིན་ན་གདམས་ངག་འདིའི་གནད་མི་རྟོགས་པར་སྣང་བས་དེ་ལྟར་བཤད་ཀྱི། སྤྱིར་རྡོར་བཟླས་སྒོམ་མཁན་གྱིས་རླུང་ཁ་སྦྱོར་བཟུང་ན་སྐྱོན་དུ་འགྱུར་ཞེས་པ་ནི་མིན་ནོ། །འདིར་ཁ་སྦྱོར་འཛིན་ན་སྙིང་ཁའི་བུམ་པ་ཅན་བྱ་དགོས་ལ། དེ་ནི་སྡོམ་འབྱུང་ལས་གསུངས་ཤིང༌། རླུང་སྦྱོར་ཐོག་མར་སྒོམ་པ་ལ་སྙིང་ཁའི་བུམ་པ་ཅན་གེགས་ཆེ་ཞེས་པ་ནི། དེའི་རྣལ་འབྱོར་ལ་མི་མཁས་པའི་གཏམ་ཡིན་གྱི། ཤེས་ན་ནི་གེགས་ཆེ་བ་མིན་ནོ། །འཁོར་ལོ་ཅན་གྱི་རླུང་སྡུད་རིམ་བཤད་པ་དེས་འཁོར་ལོ་མེད་པ་གསུམ་གྱི་སྡུད་རིམ་ཡང་ཤེས་པར་བྱའོ། །ཡི་གེ་བཀོད་པའི་ཐད་སོར་ཡེ་ཤེས་གསུམ་སྐྱེ་བར་མ་ངེས་ཀྱང༌། སྤྱི་བོ་ནས་ནོར་བུའི་བར་དུ་བྱང་སེམས་བབས་པའི་རིམ་པ་ལས། སྟོང་པ་རྣམས་སྐྱེ་བ་མ་བཞག་པར། སྙིང་ཁར་སྡུད་རིམ་གྱི་རིམ་པ་ལས་སྟོང་པ་རྣམས་སྐྱེ་བར་མར་ལུགས་ཀྱི་གདམས་ངག་ལས་འབྱུང་བ་ནི། རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །སྙིང་ཁར་སྔགས་ཀྱི་འཁོར་ལོ་བསྒོམ། ཞེས་པའི་རྩ་ཚིག་གི་གནད་ཡིན་ཞིང༌། ཡབ་སྲས་ཀྱི་གདམས་པའི་ཡང་གནད་བླ་ན་མེད་པར་སྣང་ངོ༌། །ས་ཆུ་མེ་རླུང་རྣམ་ཤེས་


JLD007_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྔ་མ་ཕྱི་མ་ལ་ཐིམ་པ་ལས། སྨིག་རྒྱུ་ནས་མར་མེ་ལྟར་འབར་བའི་བར་གྱི་རྟགས་བཞི་འཆར་བར་སྒྲོན་གསལ་ལས་གསུངས་ལ། རླུང་ཐིམ་པ་ན་སྣང་བ་སྐྱེ་བར་སྔར་བཤད་ཟིན་པས། སྣང་བ་གསུམ་གྱི་དུས་སུ་རྟགས་དེ་རྣམས་ལ་སོགས་པ་མང་པོ་འཆར་ཞེས་པ་ནི་དོན་མིན་པས། རིམ་ལྔ་བསྡུས་པ་ལས། དང་པོ་སྨིག་རྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་སྣང་ལྟ་བུ་སྟེ། །གསུམ་པ་ཉི་མའི་འོད་ཀྱིས་འཁྲིགས། །མཚམས་སྣང་ལས་ནི་ཐོབ་པ་སྟེ། ཞེས་སྤྱོད་བསྡུས་བཞིན་བཤད་པ་དེ་བཞིན་དུ་འདོད་པར་བྱའོ། །སྨིག་རྒྱུ་མ་གཏོགས་པ་རྟགས་གསུམ་མ་བཤད་པ་ནི་བསྡུས་པ་ཡིན་ལ། རྒྱས་པར་ན་རྒྱུད་ཕྱི་མ་བཞིན་དང༌། དེ་སྐབས་གང་དུ་འབྱུང་བ་སྒྲོན་གསལ་བཞིན་ཤེས་པར་བྱའོ། །མདོར་ན་སྔར་གྱི་ལུགས་སོ་སོར་བ་རྣམས་ཀྱིས་སེམས་དབེན་གྱི་སྐབས་འདིར་ཡི་གེ་སྒོམ་པ་སོགས་ཀྱི་དམིགས་པ་གསར་དུ་མ་བསྣན་ཀྱང༌། ལུས་དབེན་སྔོན་དུ་བཏང་ནས། ངག་དབེན་རྡོར་བཟླས་ཀྱིས་སྤྱིར་སྟོང་པ་བཞི་ཇི་ཙམ་ཞིག་འདྲེན་ཐུབ་མི་ཐུབ་མི་དཔྱོད་པར། སེམས་དབེན་འདྲེན་ཐབས་ཀྱི་དམིགས་པ་གསར་དུ་སྣོན་པ་ནི་མི་ལེགས་ཏེ། སེམས་དབེན་འདྲེན་པའི་ནང་གི་ལུས་ལ་གནད་དུ་བསྣུན་པའི་གཙོ་བོ་དོར་ནས། ཐབས་ཕྲ་མོ་རྣམས་འཆད་པར་སྣང་བའི་ཕྱིར་རོ། །ནག་ཚོ་ནས་བརྒྱུད་པའི་མན་ངག་ནས་འབྱུང་བའི་དམིགས་པས་བདེ་བ་སྐྱེད་ཐབས་དང༌། དེའི་རིགས་ལྔར་བཤད་པ་རྣམས་ཀྱང༌། བདེ་བ་སྐྱེ་མྱུར་


JLD007_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགོས་པ་མཐོང་ནས་བྱས་པར་སྣང་ཡང་། གཞུང་གི་དོན་དུ་མ་མཐོང་ངོ། །གཉིས་པ་ལ་གཉིས། ཕྱི་ནང་གི་རྐྱེན་ལས་ཡེ་ཤེས་རྣམས་སྐྱེ་ཚུལ་དང༌། དེའི་བདེ་སྟོང་སྦྱོར་ཚུལ་སོགས་བཤད་པའོ། །དང་པོ་ནི། རིམ་ལྔ་ལས། རྡོ་རྗེ་བཟླས་གནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། ཞེས་རྡོར་བཟླས་ཀྱིས་སེམས་དབེན་གྱི་སྟོང་པ་འདྲེན་པར་གསུངས་ཀྱང༌། ཇི་ལྟར་འདྲེན་མི་གསལ་ལོ། །སྤྱོད་བསྡུས་ལས་ཀྱང༌། ངག་དབེན་ལ་གནས་ནས་སེམས་དབེན་འཐོབ་པ་དང༌། ངག་དབེན་མེད་ན་སེམས་དབེན་མི་སྐྱེ་བར་གསུངས་ཀྱང༌། སྐབས་དེར་དེ་ལས་སེམས་དབེན་ཇི་ལྟར་སྐྱེ་མི་གསལ་ལོ། །འོན་ཀྱང་། ངག་དབེན་རྒྱས་བཤད་ཀྱི་སྐབས་སུ་གང་དུ་འཇུག་པ་སོགས་གསུམ་བཤད་པ་དང༌། མཐར་རླུང་རྣམས་མི་ཤིགས་པར་ཞུགས་ནས་འོད་གསལ་འཆར་བར་གསུངས་པ་རྣམས་ལ་དཔྱོད་ཤེས་ན། རྡོར་བཟླས་ཀྱིས་རླུང་རྣམས་མི་ཤིགས་པ་ལ་བསྡུས་ཏེ་ཐིམ་པ་ལས་སྟོང་པ་རྣམས་འཆར་བ་གོ་ནུས་ཏེ། འདི་ནི་བཤད་ཟིན་ཏོ། །རྡོ་རྗེ་འཕྲེང་བ་ལས་ཀྱང༌། རྡོ་རྗེ་བཟླས་པ་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། ཞེས་རྡོར་བཟླས་ཀྱིས་རླུང་གི་རྒྱུ་བ་བཀག་པའི་སྒོ་ནས་སེམས་དབེན་གྱི་སྟོང་པ་རྣམས་སྐྱེད་པ་གསལ་བར་མང་དུ་གསུངས་སོ། །རྡོར་བཟླས་ཀྱིས་སྤྱིར་སྟོང་པ་རྣམས་འདྲེན་ཚུལ་ནི་བཤད་ཟིན་


JLD007_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཁྱད་པར་དུ་སེམས་དབེན་གྱི་སྟོང་པ་འདྲེན་པའི་མཚམས་ནི། སྙིང་ཁའི་རྩ་མདུད་ལེགས་པར་གྲོལ་ནས། རླུང་རྣམས་སྙིང་ཁའི་མི་ཤིགས་པ་ལ་སྡུད་ནུས་པའི་མཚམས་ནས་ཡིན་གྱི། དེའི་གོང་དུ་མིན་ནོ། །འོ་ན་མཚམས་དེ་ནས་འདྲེན་པ་ལ་སྡུད་རིམ་གྱི་དམིགས་པ་གཞན་དགོས་སམ་མི་དགོས་ཤེ་ན། སྔར་ལེའུ་གསུམ་པའི་སྒྲོན་གསལ་དྲངས་པ་ལས། འཇུག་པ་དང་གནས་པ་དང་ལྡང་བ་དང་སྡུད་པའི་རྣལ་འབྱོར་གྱིས་རྟག་པར་ཉིན་མཚན་དུ་བསྒོམ་པར་བྱའོ། ཞེས་གསུངས་པའི་ལྡང་འཇུག་གནས་གསུམ་གྱི་རྣལ་འབྱོར་ནི་རྡོར་བཟླས་ཡིན་ལ། སྡུད་པའི་རྣལ་འབྱོར་ནི་རྡོར་བཟླས་དང་མི་ཤིགས་པས་སྟོང་པ་བཞི་འདྲེན་ནུས་པའི་མཚམས་ནས་བྱ་དགོས་པར་མངོན་ནོ། །ནཱ་རོ་པའི་མན་ངག་ལས་ཀྱང་སྟོང་པ་རྣམས་འདྲེན་པ་ལ་སྡུད་པའི་རྣལ་འབྱོར་རེ་འབྱུང་ངོ༌། །སྡུད་ཚུལ་ནི། དོན་ལྔ་མར་བསམ་གཏན་གཉིས་ཀྱིས་ཉམས་སུ་ལེན་པ་ཡིན་ཞེས་འབྱུང་བ་ལྟར་རིལ་འཛིན་དང་རྗེས་གཞིག་གིས་ཉམས་སུ་བླང་བར་བྱ་སྟེ། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ལྭ་བ་པས་མཛད་པར་ནི། རྗེས་གཞིག་གིས་སྡུད་པ་རྫོགས་རིམ་གྱི་དམའ་མོ་ནས་ཀྱང་བཤད་ལ། ཞལ་ལུང་ལས་ཀྱང་རྗེས་གཞིག་གིས་སྡུད་པ་སྙིང་ཁར་མི་ཤིགས་པ་སྒོམ་པ་ནས་བཤད་པའི་ཕྱིར་དང༌། དེ་འདིར་ཡང་མི་རུང་བའི་ཁྱད་པར་མི་སྣང་བའི་ཕྱིར་རོ། །ནཱ་རོ་པའི་མན་ངག་ནག་ཚོ་ནས་བརྒྱུད་པ་ལས་ཀྱང༌། ཡི་གེ་མེད་པར་ཡང་སེམས་དབེན་སྐྱེད་ཚུལ་བཤད་ལ། མར་ལུགས་ཀྱི་མན་ངག་


JLD007_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་གསུམ་ལ་ཡང་སྔགས་འཁོར་གྱི་ཡི་གེ་མི་སྣང་བས། ལུགས་དེ་ལ་ཡང་སྔགས་འཁོར་གྱི་ཡི་གེ་མེད་མི་རུང་མིན་ནོ། །གལ་ཏེ་སྲོག་རྩོལ་གསུམ་སྒོམ་པ་དང༌། སྡུད་པའི་རྣལ་འབྱོར་གྱིས་སེམས་དབེན་འདྲེན་ཐབས་བྱས་ན། དེས་ཆོག་གམ་མི་ཆོག་སྙམ་ན། འདི་ལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི། སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་བ་དག་མཉམ་པར་སྦྱོར་བ་ནི། བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། །དེ་སྒྱུ་མའི་དཔེས་ཉེ་བར་མཚོན་ཏེ། ཞེས་དང༌། ཇི་ལྟར་འོ་མ་དང་ཏིལ་དག་གི་ཡང་དག་པའི་མངོན་པར་འདུ་བྱས་པ་མེད་པར། མར་དང་ཏིལ་མར་མི་འབྱུང་བ་དེ་བཞིན་དུ། སྔགས་དང་ཕྱག་རྒྱས་མངོན་པར་འདུ་བྱས་པའི་རྡོ་རྗེ་དང་། པདྨ་མཉམ་པར་སྦྱར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིང་ག་ཡང་དག་པར་སྦྱོར་མི་ནུས་པ་དེས་ནི། བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། ཞེས་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་སྣང་བ་གསུམ་སྐྱེ་བའི་རྗེས་འགྲོ་དང༌། དེ་ལོག་ན་དེ་གསུམ་ལྡོག་པའི་ལྡོག་པ་གསུངས་ཤིང༌། ཡེ་ཤེས་དེ་ཡང་བདེ་བ་ཆེན་པོའི་ཐབས་སུ་གསུངས་པའི་བདེ་ཆེན་ནི། སྤྱོད་བསྡུས་ལས་སྒྱུ་ལུས་སུ་གསུངས་པས། སྒྱུ་ལུས་ཀྱི་སྒྲུབ་གཞིའི་སེམས་དབེན་གྱི་ཡེ་ཤེས་གསུམ་རྫོགས་པར་སྐྱེད་པ་ལ་ཕྱིའི་ཕྱག་རྒྱ་དགོས་སོ། །དོན་དེ་ནི་རིམ་


JLD007_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལས་ཀྱང༌། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དང༌། །དེ་ཡི་བར་ཏེ་གསུམ་པོ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། ཞེས་གསུངས་སོ། །དེས་ན་སེམས་དབེན་སྐྱེད་པ་ལ་ཆགས་ཅན་དང༌ཆགས་བྲལ་གྱི་བྱེ་བྲག་གིས། འོག་སྒོ་དང་སྟེང་སྒོ་གཉིས་སུ་བཤད་ཅེས་པ་ནི་དོན་མིན་ནོ། །རིམ་ལྔར་དེ་ལྟར་གསུངས་པ་ལ་དགོངས་ནས། སྤྱོད་བསྡུས་ལས་སེམས་དབེན་སྐྱེད་པའི་ཕྱིའི་ཐབས་འདི་མ་གསུངས་སོ། །ཕྱག་རྒྱ་ལས་ཡེ་ཤེས་གསུམ་མཚོན་པ་འདི། ལག་སྨིས་དབང་གསུམ་པའི་དུས་ལ་བཤད་པ་ནི། སྤྱིར་དབང་གསུམ་པའི་དུས་སུ་དེ་འདྲ་ཞིག་ཀྱང་ཡོད་མོད་ཀྱང༌། འདི་ནི་སེམས་དབེན་ལ་སློབ་པའི་ལམ་གྱི་སྐབས་ཡིན་ནོ། །གལ་ཏེ་གང་ཟག་མཚན་ཉིད་ཚང་བ་ལ། དབང་གསུམ་པ་དངོས་དབང་དུ་བསྐུར་བ་རིམ་གཉིས་ཀྱི་ལམ་སྒོམ་པའི་སྔོན་དུ་སོང་བ་ཡིན་ན། སྐབས་འདིར་ལས་རྒྱ་ལ་བརྟེན་ནས་ཡེ་ཤེས་གསུམ་མཚོན་པ་དགོས་སམ་མི་དགོས་ཤེ་ན། སྔར་དབང་བསྐུར་བ་དེར་རླུང་དྷཱུ་ཏཱིར་ཐིམ་པའི་ཕྱིའི་སྲོག་རྩོལ་གྱི་སྒོ་ནས་དགའ་བ་བཞི་མཚོན་པ་ཡོད་མོད་ཀྱང༌། འདིར་ནི་སྲོག་རྩོལ་གསུམ་བསྒོམས་ནས་ནུས་པ་ལེགས་པར་རྙེད་པ་ན་བྱེད་པ་ཡིན་པས། སྔར་ལས་ཆེས་ཁྱད་པར་དུ་འཕགས་པའི་སེམས་དབེན་གྱི་ཡེ་ཤེས་གསུམ་སྐྱེད་པས། སླར་ཡང་འདིར་མཚོན་མི་དགོས་པ་མིན་ནོ། །འོ་ན་འདིར་ལས་རྒྱ་ལ་བརྟེན་


JLD007_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་གསུམ་སྐྱེད་པ་དེ། བྱང་སེམས་སྤྱི་བོ་ནས་ཞུ་བ་གསང་གནས་རྟགས་ཀྱི་རྩེའི་བར་དུ་ཕབ་པ་ལས་སྐྱེད་པ་ཡིན་ནམ། འོན་ཏེ་བྱང་སེམས་ཞུ་བ་རྣམས་ལུས་ཀྱི་སྟོད་སྨད་ནས་སྙིང་ཁར་སྡུད་པ་ཡིན་ཞེ་ན། སྒྲོན་གསལ་ལས། ཕྱག་རྒྱ་དང་སྦྱར་བ་ལས་བྱང་སེམས་ཞུ་བ་རྡོ་རྗེའི་ལམ་དུ་ཕབ་ནས་དཀྱིལ་འཁོར་རྒྱལ་མཆོག་སྐྱེད་པར་བཤད་ཀྱང༌། གཞུང་གཞན་ནས་བཤད་པ་ལྟར་བྱང་སེམས་ཞུ་བས་ལུས་ཀྱི་གནས་འདིར་སླེབ་པ་ན། དགའ་བ་དང་སྟོང་པ་འདི་སྐྱེ་གསལ་བར་བཤད་པ་ཡབ་སྲས་ལྔའི་གཞུང་ན་མི་སྣང་ངོ༌། །འོན་ཀྱང་རླུང་ཐིམ་པས་སེམས་སྣང་བ་དང༌། སེམས་ཐིམ་པས་སེམས་བྱུང་མཆེད་པ་དང༌། སེམས་བྱུང་ཐིམ་པས་ཉེར་ཐོབ་དང༌། དེ་ཐིམ་པས་འོད་གསལ་འཆར་བར་བཤད་ལ། སྤྱོད་བསྡུས་ལས། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་ལས་སྤྱི་བོ་ནས་བརྩམས་ཏེ། རྩ་བདུན་ཁྲི་ཉིས་སྟོང་ལས་བྱང་སེམས་འཇུ་བས་ཆགས་པ་དང༌། ཆགས་བྲལ་དང༌། ཆགས་པ་བར་མའི་རིམ་གྱིས་འབབ་བོ། ཞེས་བྱང་སེམས་ཞུ་བའི་དབང་གིས་ཀྱང་ཡེ་ཤེས་གསུམ་སྐྱེ་བར་བཤད་པས། རླུང་གི་ཐིམ་རིམ་དང༌། བྱང་སེམས་ཞུ་བ་བབ་པ་གཉིས་ཀྱི་དབང་གིས་སྟོང་པ་བཞི་འཆར་རོ། །དེ་ལ་ལུགས་འདིའི་རླུང་ཐིམ་པའི་གནས་ཁྱད་པར་ཅན་ནི་སྙིང་ཁའི་དྷཱུ་ཏཱིའི་ནང་ཡིན་པར་བཤད་ཟིན་ལ། འཆད་པར་ཡང་འགྱུར་རོ། །དེ་ལྟ་ན་རྡོ་བཟླས་ལ་སོགས་པས་གཏུམ་མོ་སྦར་ཏེ། བྱང་སེམས་བཞུ་


JLD007_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་དུ་བསྡུས་པ་ལས་སྟོང་པ་རྣམས་འཆར་བའི་གནས་ཀྱང་སྙིང་ཁ་ཡིན་ནོ། །འདི་ཡང་བྱང་སེམས་བཞུས་པ་གསང་གནས་ཀྱི་སྣ་རྩེའི་བར་དུ་འབེབས་པ་དང༌། དེ་ལས་གྱེན་དུ་སྤྱི་གཙུག་བར་དུ་ལྡོག་པའི་ལུགས་འབྱུང་དང༌། ལུགས་ལྡོག་གི་དགའ་བ་བཞི་སྐྱེད་མི་ནུས་པ་མིན་མོད་ཀྱང༌། དེ་ལ་སློབ་པ་ལུས་དབེན་དུ་བཤད་ཟིན་པ་ལྟར་ཡིན་པས། འདིར་ནི་འཆི་རིམ་དང་མཐུན་ཚབས་ཤིན་ཏུ་ཆེ་བའི་སྟོང་པ་བཞི་འདྲེན་པས། སྙིང་ཁར་རླུང་ཚུར་འདུ་བའི་རིམ་པ་དང༌། དེ་ནས་ཕྱིར་ལ་འགྱེས་པའི་རིམ་པ་ལས་བྱུང་བའི་ལུགས་མཐུན་དང་ལུགས་ལྡོག་གི་སྟོང་པ་བཞི་སྐྱེད་པ་ཡིན་ནོ། །ནང་གི་སྲོལ་རྩོལ་སྒོམ་པའི་ཐབས་ཀྱིས་ཇི་ལྟར་བྱེད་པ་དེ་ལྟར། ཕྱིའི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལ་བརྟེན་ནས་ཀྱང༌རླུང་དང་བྱང་སེམས་གཉིས་ལུས་ཀྱི་སྟོད་སྨད་ནས་སྙིང་གར་སྡུད་པ་ཡིན་ཏེ། སྤྱོད་བསྡུས་ལས། རང་གི་ཕྱག་རྒྱ་དང་ལྷན་ཅིག་རིལ་པོར་འཛིན་པའམ། གཞིག་པའི་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་གོ །དེས་ཕྱིའི་ཕྱག་རྒྱ་དང་སྙོམས་པར་བཞུགས་ནས་སྟོང་པ་བཞིའི་རིམ་གྱིས་དོན་དམ་པར་འཇུག་པ་ལ་ཡང་བསམ་གཏན་གཉིས་གང་རུང་གིས་སྡུད་པའི་རྣལ་འབྱོར་བྱེད་པར་གསུངས་ཤིང༌། དེ་ནི་སྙིང་ཁར་སྡུད་པ་ཡིན་ལ། སྔར་སྙིང་ཁའི་སྡུད་རིམ་ལ་གོམས་པ་བརྟེན་ན་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་བསམ་གཏན་གཉིས་ཀྱི་རྣལ་འབྱོར་བྱས་པ་ན། ཕྱིའི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ཡང་སྙིང་ཁར་རླུང་སེམས་འདུ་བའི་རྐྱེན་དུ་འགྱུར་བའི་ཕྱིར་རོ། །རྡོར་བཟླས་ཀྱིས་


JLD007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་སྦར་ནས་བྱང་སེམས་ཞུ་བ་སྟོད་སྨད་ནས་སྙིང་ཁར་བསྡུས་པ་ལས་སྟོང་པ་རྣམས་འཆར་བ་ནི། རྡོར་བཟླས་མཐར་མ་ཕྱིན་ཀྱང་། དེས་སྙིང་ཁར་རླུང་བསྡུས་པའི་ཐིམ་རིམ་ལས་སྟོང་པ་རྣམས་སྐྱེད་ནུས་པའི་མཚམས་ནས་ཀྱང་ཤེས་ནུས་ལ། དེ་ལྟར་ན་ཕྱིའི་ཕྱག་རྒྱའི་རྐྱེན་གྱིས་བྱང་སེམས་ཞུ་བ་ཡང་། སྟོད་སྨད་ནས་སྙིང་ཁར་སྡུད་པའི་རྐྱེན་དུ་འགྱུར་བ་དང༌། དེ་ལས་སྟོང་པ་རྣམས་སྐྱེ་བ་ལེགས་པར་གོ་ནུས་སོ། །འདིས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་ཀྱང་རླུང་དང་བྱང་སེམས་སྙིང་ཁར་སྡུད་པ་ཡང་ཤེས་པར་བྱའོ། །རླུང་དང་བྱང་སེམས་སྙིང་ཁར་བསྡུས་པའི་ཐིམ་རིམ་ལས་སྟོང་པ་རྣམས་སྐྱེད་ནུས་ན། ཡས་བབས་དང་མས་བརྟན་གྱི་དགའ་བ་རྣམས་དང༌། སྙིང་ཁར་འདུ་བ་དང་ཕྱིར་ལ་འགྱེས་པའི་རིམ་པ་ལས་སྟོང་པ་ཁྱད་པར་ཅན་རྣམས་འདྲེན་པ་གཉིས་གང་བྱེད་ཀྱང་ནུས་སོ། །ཡབ་སྲས་ཀྱི་རྗེས་འབྲང་གཞན་འགའ་ཞིག་གིས། སྤྱིར་བྱང་སེམས་ཞུ་བ་བབ་པ་ལས་བྱུང་བའི་སྟོང་པ་རྣམས་དང༌། ཁྱད་པར་དུ་ཕྱིའི་ཕྱག་རྒྱ་དང་སྦྱར་བ་ལས་བྱུང་བའི་སྟོང་པ་གང་ཡིན་ཐམས་ཅད། སྤྱི་བོ་ནས་གསང་གནས་ཀྱི་སྣ་རྩེའི་བར་དུ་བབས་པ་དང༌། དེ་ནས་སྤྱི་གཙུག་ཏུ་ལོག་པ་གང་རུང་གི་དགའ་བཞིར་འཆད་པ་ལྟར་བྱས་ན། ལུགས་འདིའི་སྟོང་པ་བཞི་ཁྱད་པར་ཅན་སྐྱེད་པའི་གནད་མི་ཟིན་པ་ཡིན་ཏེ། དེ་རྣམས་ཀྱང་བར་དོ་བཞིན་དུ་སྒྱུ་མའི་སྐུ་སྒྲུབ་པ་དང༌། དེ་ལ་འཆི་རིམ་ཇི་མ་ཇི་བཞིན་དུ་སྟོང་


JLD007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སྐྱེད་དགོས་པ་ལ་སོགས་པ་ལེགས་པར་གཏན་ལ་མ་ཕེབས་པའི་སྐྱོན་ནོ། །འདིར་རིམ་ལྔ་ལས། གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་ཞིག་མྱོང་ནས་ཀྱང༌། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཡེ་ཤེས་འཇུག་པའི་ངོ་བོ་ཡིས། །དབྱེ་བ་ཇི་བཞིན་ཤེས་བྱས་ལ། །རང་བཞིན་དེ་ཉིད་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། ཞེས་གསུངས་པའི་དོན་ལ། དོན་གསལ་ལས། བསླབ་པ་འཛིན་པ་དང༌། མ་ནིང་གིས་ཀུན་རྫོབ་ཏུ་ཡང་དབང་པོ་གཉིས་སྦྱོར་བ་མེད་ན། མཉམ་པར་བཞག་པ་གསལ་བ་ལས་ཡེ་ཤེས་གསུམ་སྐྱེད་ཅེས་བཤད་པ་དོན་མིན་ནོ། །དམ་ཚིག་རྡོ་རྗེས་དབང་གི་དུས་སུ་ལན་ཅིག་མྱོང་ན། ནང་གི་རྣལ་འབྱོར་གྱི་སྟོབས་ཀྱིས་འགྲུབ་པར་བཤད་དེ། ཟླ་འོད་དང༌། ལག་སྨིའི་བཞེད་པ་ཡང་དེ་དང་འདྲའོ། །རྗེ་འགོས་ཀྱིས་འབྱོར་པ་ཅན་རྒྱུན་དུ་ཕྱིའི་ཕྱག་རྒྱ་ལ་བརྟེན་པ་ལྟར་མ་འབྱོར་ན་ཡང༌། ལན་ཅིག་དངོས་ལ་མཚོན་ནས། ཕྱིས་དེ་ལས་གཞན་ལ་སློབ་པ་བཙུན་མོ་ཅན་གྱི་ལུགས་སུ་འཆད་དེ་གཞུང་གི་དོན་ནོ། །ཀུན་རྫོབ་ཏུ་ཞེས་པ་ཁ་ཅིག་གིས་གྲགས་པ་ལྟར་མེད་པ་ལ་འདོད་ཀྱང༌། གདོང་གི་སྣ་རྩེ་ལ་ཀུན་རྫོབ་ཀྱི་སྣ་རྩེ་ཞེས་གསུངས་པ་ལྟར། ཀུན་རྫོབ་པའི་ཆུ་སྐྱེས་དང་རྡོ་རྗེ་སྦྱོར་བ་རྒྱུན་ལྡན་པ་མེད་ནའང་ལན་ཅིག་མྱོང་བས་ཀྱང༌། དེ་ལ་བརྟེན་ནས་ཡེ་རྒྱ་སོགས་ལ་གོམས་པར་བྱས་ན་སེམས་དབེན་སྐྱེད་ནུས་པའི་དོན་ནོ། །གལ་ཏེ་ཕྱིའི་ཕྱག་རྒྱ་ལ་བརྟེན་པ་རྡོར་བཟླས་མཐར་ཕྱིན་པའི་


JLD007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་ཡིན་ན། གསང་བ་གྲུབ་པ་ལས། ལས་ཀྱི་ཕྱག་རྒྱ་མཉམ་ལྡན་པས། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །བདེན་པ་གསུང་བས་མངོན་སུམ་དུ། །འདི་འདྲའི་སྒོམ་པ་གང་གསུངས་པ། །དང་པོའི་ལས་ཅན་སེམས་ཅན་ལ། །ལས་ཀྱི་ཕྱག་རྒྱ་གང་སྤངས་ནས། །བྱང་ཆུབ་སེམས་ནི་རབ་སྟོན་པ། །གཞན་གྱིས་མཚོན་པས་མི་མཐོང་སྟེ། །དང་པོའི་ལས་པས་རིག་པར་བྱ། ཞེས་གསུངས་པ་དང་རིམ་ལྔ་གཉིས་འགལ་བར་འགྱུར་ཏེ། དེ་ལས་ནི་ལས་དང་པོ་པ་ལ་ཕྱིའི་ཕྱག་རྒྱའི་ཐབས་སྤངས་ན་ཐབས་གཞན་གྱིས་མཚོན་དུ་མེད་པས། དེས་མཚོན་དགོས་པར་གསུངས་ལ། ལས་དང་པོ་པ་ནི་ནང་གི་སྲོག་རྩོལ་བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་འཛུད་མི་ནུས་པའི་རྣལ་འབྱོར་པ་ཡིན་པས་སོ་སྙམ་ན། མི་འགལ་ཏེ། རིམ་ལྔར་བཤད་པ་ནི་སེམས་དབེན་གྱི་ཡེ་ཤེས་གསུམ་སྐྱེད་པ་ལ་དགོངས་ལ། གསང་བ་གྲུབ་པའི་དགོངས་པ་ནི་དགའ་བཞིའི་ལྷན་སྐྱེས་སྐྱེད་པ་ལ་དགོངས་པའི་ཕྱིར་རོ། །དེ་འདྲའི་ལས་དང་པོ་པའི་མཚན་ཉིད་དུ་གསུངས་པའི་མཚན་ཉིད་ཚང་བའི་རྟེན་ནི་ཤིན་ཏུ་དཀོན་ལ། ཡུལ་ཡང་དེ་དང་འདྲ་བས་ལས་དང་པོ་པ་ཞེས་གསུངས་པ་ལ་འཁྲུལ་བར་མི་བྱའོ། །རྟེན་དེ་ལ་བདེ་བའི་རྟེན་གསང་གནས་བར་དུ་འདྲེན་ཐབས་གཞན་ཡང་སྣང་མོད་ཀྱང༌། སྔར་བཤད་པའི་ཐབས་དེ་སྤངས་ན་གཞན་གྱིས་མི་མཚོན་པ་ནི། རླུང་དྷཱུ་ཏཱིར་འཛུད་པའི་ཐབས་སུ་འགྲོ་བ་ལ་དགོངས་ལ། དེའི་རྒྱུ་མཚན་ཡང་རྡོ་རྗེ་འཕྲེང་བ་དང་ཕྱག་ཆེན་ཐིག་ལེ་དང་ཞལ་


JLD007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རྣམས་སྦྱར་ན་ཅུང་ཟད་ངེས་མོད་ཀྱང༌། མཐའ་ཆོད་པར་ངེས་པ་ཤིན་ཏུ་དཀའ། །རྟེན་དེས་ལྷན་སྐྱེས་མ་མཚོན་བར་དུ་མི་འཕོ་བར་འཛིན་ནུས་པའི་ཐབས་ནི་རླུང་ལྡོག་པ་དང༌། ཕཊ་ཡིག་སོགས་སྒོམ་པའོ། །གལ་ཏེ་རྡོ་རྗེ་མཁའ་འགྲོ་དང༌། གཤེད་དམར་གྱི་རྒྱུད་ལེའུ་བཅོ་བརྒྱད་པ་དང༌། མི་གཡོ་བ་བླ་མེད་ཀྱི་རྒྱུད་ལ་སོགས་པར། རྫས་ཀྱིས་ས་བོན་རངས་ཐབས་མང་དུ་གསུངས་པས། ཕྱིའི་ཕྱག་རྒྱ་ལ་བརྟེན་པ་ལ་རླུང་ལྡོག་པ་མི་དགོས་སོ་སྙམ་ན། དེ་ལྟར་གསུངས་པ་ནི་སྤྱིར་བྱང་སེམས་མི་འཕོ་བར་བྱ་བའི་དོན་ཡིན་ལ། ཕྱིའི་ཕྱག་རྒྱའི་སྐབས་ལ་སྦྱོར་ན་ནི། ལྷན་སྐྱེས་མཚོན་ཟིན་པའི་འོག་ཏུ་བྱང་སེམས་ལྷུང་ན་ལྕེས་བླང་བར་གསུངས་པ་ལྟ་བུ་ལ་ཡང༌བྱང་སེམས་མི་འཕོ་བར་བྱ་བའི་ཆེད་དུ་ཡིན་གྱི། རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པར་མི་ནུས་པ་ལ་གསུངས་པ་མིན་ལ། རྡོར་བཟླས་སོགས་བསྒོམས་པའི་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་ནུས་པ་ལ་ཡང་གསུངས་པ་མིན་ནོ། །འདི་ན་མང་པོས་མི་འཕོ་བར་འཛིན་ནུས་ན་སྐྱོན་མེད་ཅིང༌། ཡོན་ཏན་ཆེན་པོ་སྐྱེད་པར་འདོད་མོད་ཀྱང༌། དེ་ཁོ་ན་ཉིད་ཕུ་ཐག་ཆོད་པར་ངེས་པའི་སྟོང་ཉིད་ཀྱི་ལྟ་བ་དང་སྦྱོར་རྒྱུ་མེད་ན། བདེ་བ་སྐྱེད་པའི་དགོས་པ་ལོག་པས། ངན་འགྲོ་མི་ཟད་པའི་རྒྱུར་གསུངས་པ་ཤིན་ཏུ་མང་སྟེ། ཚིག་མང་དུ་དོགས་པས་མ་བྲིས་སོ། །སྟོང་ཉིད་ཀྱི་ལྟ་བ་དེ་འདྲ་བ་ཡོད་པ་ཙམ་གྱིས་ཀྱང་མི་ཆོག་པར་མཚན་ཉིད་གཞན་དུ་མ་ཞིག་ཚང་བ་དགོས་པ་རྣམས་ཞིབ་ཏུ་རྟོགས་དགོས་སོ། །ཡུལ་གྱི་དབང་དུ་བྱས་ན་སྤྱིར་ལྷན་སྐྱེས་དང༌། ཞིང་སྐྱེས་


JLD007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྔགས་སྐྱེས་ཀྱི་རྣལ་འབྱོར་མ་གསུམ་གསུངས་ཤིང༌། གཙོ་ཆེར་ཕྱི་མ་ལ་སྤྱན་མ་ལ་སོགས་པའི་རིགས་ཅན་གྱི་པདྨ་ཅན་དང༌། དུང་ཅན་མ་དང༌། གླང་པོ་ཅན་མ་དང༌། རི་དྭགས་ཅན་མ་བཞིར་གསུངས་ཤིང༌། དེ་རྣམས་སོ་སོའི་ལུས་དང་བསམ་པ་དང༌ལུས་ཀྱི་སྤྱི་དང་བྱེ་བྲག་གི་མཚན་ཉིད་ལ་སོགས་པ་ནི། ཞལ་ལུང་དང༌། སྡོམ་འབྱུང་སོགས་ལས་ཤེས་པར་བྱའོ། །ནང་གི་སྲོག་རྩོལ་ལ་རྩ་འཁོར་སོ་སོར་གནད་དུ་བསྣུན་ཚུལ་ལས་ཡོན་ཏན་གྱི་ཁྱད་པར་འཆར་ཚུལ་མང་དུ་འདུག་པ་བཞིན་དུ། ཕྱིའི་སྲོག་རྩོལ་ལའང་དེ་ལྟར་ཡོད་དོ། །ལས་དང་པོ་པ་ཁྱད་པར་ཅན་ལ་ཐབས་དེས་མཚོན་དགོས་པའི་རྒྱུ་མཚན་ནི། བསྐྱེད་རིམ་གྱི་སྐབས་སུ་བདེ་སྟོང་དེ་དྲན་པར་བྱས་ཏེ་བསྐྱངས་པས། རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་བ་དང༌། རྫོགས་རིམ་གྱི་ལུས་ལ་གནད་དུ་བསྣུན་པའི་ཐབས་རྣམས་སྒོམ་པ་ན་རླུང་འདུ་བར་ཤིན་ཏུ་སླ་བ་སོགས་ཀྱི་དགོས་པ་མང་ངོ༌། །གཉིས་པ་ནི། དེ་ལྟར་ཕྱིའི་ཕྱག་རྒྱ་ལ་བརྟེན་པ་ལ་ནི་ཐབས་དེ་ལས་སྐྱེས་པའི་བདེ་བ་དང་། སྟོང་པ་ཕུ་ཐག་ཆོད་པར་བྱས་ནས་སྦྱོར་དགོས་ལ། རྡོར་བཟླས་སོགས་བསྒོམས་པས་དྲངས་པའི་བདེ་བ་ཡང༌། སྟོང་ཉིད་ཀྱི་ལྟ་བ་ལེགས་པོ་ཡོད་ན་དེ་དང་སྦྱར་ནས་སྒོམ་དགོས་སོ། །འདི་ལ་རྒྱུད་གཞན་ལས་དགའ་བ་བཞི་སྐྱེད་པ་ན་དགའ་བ་དང་པོ་གསུམ་དང་། སྟོང་པ་སྦྱོར་བ་ཆེར་མ་བཤད་ལ། བཞི་


JLD007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷན་སྐྱེས་དང་སྦྱོར་བ་མང་ངོ༌། །འདིར་ནི་སྔར་བཤད་པ་ལྟར་སེམས་དབེན་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་བྱེད་དུ་སྐྱེད་པ་ཡིན་པས། སྟོང་པ་བཞི་ཀའི་སྐབས་སུ་བདེ་སྟོང་སྦྱོར་བ་ཡིན་ནོ། །ཡེ་ཤེས་གསུམ་གྱི་བདེ་བ་དང་སྟོང་པ་མ་སྦྱར་ན་བདག་མེད་ལ་མ་དམིགས་པས། སྤྲོས་བྲལ་གྱི་རྣམ་པ་མི་འཆར་བའི་ཕྱིར་དཀར་དམར་ནག་གསུམ་གྱི་སྣང་བ་ཉིད་འཆར་རོ། །དེ་གསུམ་གྱི་བདེ་སྟོང་སྦྱར་བ་ན་ལྟ་བའི་ངེས་ཤེས་ཀྱི་ངོར་ཡུལ་ཡུལ་ཅན་རྒྱངས་ཆད་ཀྱི་སྣང་བ་གསུམ་ལྡོག་དགོས་པས། སྣང་བ་གསུམ་བློ་དེ་ལ་འཆར་ཡང་ངེས་པའི་ལྡོག་པའི་ངོར་མི་འཆར་ཏེ། དཔེར་ན་རྟོག་པ་ལ་འཕགས་པའི་མཉམ་གཞག་སྤྲོས་བྲལ་གྱི་རྣམ་པ་འཆར་བ་ན། ངེས་ངོར་གཉིས་སྣང་ནུབ་པའི་རྣམ་པ་ཅན་དུ་འཆར་ཡང༌། སྤྱིར་རྟོག་པ་དེ་ལ་གཉིས་སྣང་ནུབ་པ་མིན་པ་བཞིན་ནོ། །གལ་ཏེ་ཉེར་ཐོབ་མུན་པའི་རྣམ་པ་ཅན་གྱི་དྲན་མེད་དེ་སངས་མ་ཐག །ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུའི་སྟོང་པ་འཆར་བ་དམའ་མོ་ནས་ཀྱང་འང་བ་ཡིན་ན། སེམས་དབེན་གྱི་སྐབས་སུ་ཡེ་ཤེས་གསུམ་སྐྱེ་ཚུལ་བསྟན་གྱི། ཐམས་ཅད་སྟོང་པ་མི་སྟོན་པ་ཅི་ཡིན་སྙམ་ན་བདེན་ཏེ། དེ་ནི་སྒྱུ་ལུས་མན་ཆད་དུ་དོན་གྱི་འོད་གསལ་གྱི་ཡེ་ཤེས་མི་སྐྱེ་བ་ལ་དགོངས་ནས། སྟོང་པ་གསུམ་དུ་བཤད་ཀྱི། དཔེའི་འོད་གསལ་མི་སྐྱེ་བ་མིན་ནོ། །འོ་ན་ཡེ་ཤེས་གསུམ་དུ་བྱས་པའི་ཚེ་དཔེའི་འོད་གསལ་གང་དུ་སྡུད་སྙམ་ན། ཉེར་ཐོབ་ཏུ་སྡུད་དེ། འདི་ལྟར་ཉེར་ཐོབ་ཀྱི་དང་པོར་མུན་པ་ལྟ་བུའི་


JLD007_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཅན་དྲན་པ་མ་ཉམས་པ་ཅིག་དང་བར་དུ་དྲན་མེད་དུ་སོང་བ་ཅིག་དང༌། མཐར་དྲན་མེད་སངས་ནས་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ནམ་མཁའ་གཡའ་དག་འདྲ་བ་ཅིག་འང་ངོ༌། །དཔེའི་འོད་གསལ་ཐམས་ཅད་སྟོང་པར་བྱས་ནས་སྟོང་པ་བཞི་བྱེད་ན། དང་པོ་གཉིས་སྟོང་ཆེན་དུ་བྱའོ། །སྤྱིར་སྟོང་པ་དང་པོ་གསུམ་ལ་རླུང་འགོག་ཕུལ་ཇི་ཙམ་ཆེ་བ་ཙམ་གྱིས། འོད་གསལ་དྭངས་ཤིང་མི་རྟོག་ལ་འཐུག་པ་ཡུན་རིང་ངོ༌། །ཁྱད་པར་དུ་ཉེར་ཐོབ་དྲན་མེད་ཀྱི་སྐབས་སུ་དྲན་པ་ཉམས་ཕུལ་ཆེ་བ་ཙམ་གྱིས་སེམས་ཡུལ་གཞན་ལ་གཡེང་བའི་ནུས་པ་ལོག་ནས་འོད་གསལ་ཉིད་ལ་འཇུག་པ་ཅིག་འདྲེན་ཏེ། སྤྱོད་བསྡུས་ལས། མ་རིག་པ་ལྕགས་ཀྱུ་ལྟ་བུ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་གང་ལ་ཡང་འདྲེ་བར་མི་བྱེད་དེ། འᨖད་གསལ་བ་ཉིད་མངོན་པར་འདུ་བྱེད་ཅིང་། དྲི་མ་མེད་པའི་ངོ་བོ་ཉིད་དོ། ཞེས་གསུངས་སོ། །འོད་གསལ་ཤར་བའི་ཚེ་ནི། སྟོང་ཉིད་ཀྱི་ལྟ་བ་དྲན་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་འཇོག་པ་མ་གཏོགས་པ། ཡུལ་གཞན་གང་ཡང་ཡིད་ལ་མི་བྱེད་པར་རླུང་གིས་རྣམ་ཤེས་མ་གཡོས་པ་དེ་སྲིད་དུ་འཇོག་དགོས་ཏེ། སྤྱོད་བསྡུས་ལས། རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་བ་ལ་བལྟ་སྟེ། ཞེས་གསུངས་ཏེ། གཉིད་ཀྱི་འོད་གསལ་ལ་གསུངས་པ་ནི་མཚོན་པ་ཙམ་མོ། །རང་གི་ཡིད་ཀྱི་ཤེས་པ་བདེ་བ་ཆེན་པོའི་ངོ་བོར་བསྐྱེད་ན་ནི། དེ་


JLD007_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་མེད་པའི་དོན་དྲན་པར་བྱས་པ་ཉིད་ཀྱིས་བདེ་སྟོང་ཡུལ་ཡུལ་ཅན་དུ་སྦྱོར་བ་འགྲུབ་པས། དེའི་སྦྱོར་ཚུལ་ལོགས་པ་མི་དགོས་སོ། །ཇི་སྐད་བཤད་པའི་ཡེ་ཤེས་གསུམ་གྱི་བདེ་སྟོང་སྦྱོར་བ་ནི་དབེན་གཞིའི་སེམས་ཡིན་ལ། དེ་མཚན་མར་འཛིན་པ་དང༌། བདེ་བ་ཆེན་པོའི་ངོ་བོར་མ་སོན་པ་ལས་ལྡོག་པ་ནི་དབེན་པའི་དོན་ནོ། །སྟོང་པ་རྣམས་ཀྱི་རྣམ་གཞག་སེམས་དབེན་གྱི་སྐབས་སུ་བཤད་པ་འདི་རྣམས་ནི་གོང་འོག་གི་སྐབས་གཞན་དུའང་ཤེས་པར་བྱའོ། །ལྔ་པ་ནི། དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་ནས་རང་བཞིན་བརྒྱད་ཅུ་དང་། སྣང་བ་གསུམ་གྱི་དབང་དུ་བྱས་ཏེ། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པས། ང་དང་ང་ཡིར་འཛིན་པ་ལས་བྱུང་བའི་ལས་དང་ཉོན་མོངས་པས། དར་གྱི་སྲིན་བུ་བཞིན་དུ་བཅིངས་ནས། སྔོན་བསགས་པའི་ལས་གཉིས་ཀྱི་འབྲས་བུ་མྱོང་བའི་མཐར། དོན་དམ་པ་འཆི་བའི་འོད་གསལ་དུ་འཇུག་པའི་རིམ་གྱིས་ཕུང་པོ་རྙིང་པ་སྤངས་ཏེ། ཆོས་ཀྱི་དབྱིངས་འཆི་བའི་འོད་གསལ་གྱི་རྒྱུ་མཐུན་པ་སྟེ་འབྲས་བུ་རླུང་སེམས་ཙམ་གྱི་བར་དོའི་ལུས་བླངས་ནས། ལས་གཉིས་གང་ཡང་རུང་བས་བསྐུལ་ནས་འགྲོ་བ་ལྔར་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཚུལ་གྱིས། ཡང་དང་ཡང་དུ་ཉིང་མཚམས་སྦྱོར་ཞིང་འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །རང་བཞིན་དང་སྣང་བ་གསུམ་གྱི་རིམ་གྱིས་སེམས་དབེན་རྟོགས་པའི་ཡེ་ཤེས་ཅན་ནི། ལུགས་མཐུན་གྱི་ཚེ་དགེ་མི་དགེ་རང་བཞིན་


JLD007_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྟོག་པ་རྣམས་གཡོ་བའི་རླུང་ཐིམ་པས། སྟོང་པ་རྣམས་རིམ་གྱིས་ཤར་ནས་འོད་གསལ་དུ་འཇུག་པ་དང༌། ལུགས་ལྡོག་གི་ཚེ་སྣང་བའི་རླུང་ཆེར་གཡོས་པ་ལ་བརྟེན་ནས་རང་བཞིན་གཡོ་བར་རྟོགས་པ་དང༌། བདག་ལ་བྱིན་བརླབས་ཀྱི་སྒོ་ལ་ཕྱོགས་པར་བྱས་ནས་གྲོལ་བར་འགྱུར་བར་སྤྱོད་བསྡུས་ལས་གསུངས་སོ། །དོན་བསྡུ་ན། བདག་འཛིན་འཁོར་བར་འཁོར་བྱེད་དང༌། ཤེས་སྒྲིབ་ཀྱི་བག་ཆགས་འཇོག་བྱེད་དུ་ཤེས་ནས། དེའི་ཡུལ་སུན་ཕྱུང་བའི་བདག་མེད་ཀྱི་ལྟ་བ་ཕུ་ཐག་གཅོད་པ་དང༌། དེ་བདེ་བ་ཆེན་པོའི་ངོ་བོར་མ་སྐྱེད་ན་ཡེ་ཤེས་ཆོས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་མ་ཚང་བར་མཐོང་ནས། ཀུན་རྟོག་གཡོ་བའི་རླུང་ཐིམ་པར་བྱས་པ་ལས་བདེ་བ་སྐྱེད་པ་དང༌། བདེ་བ་དེ་ཡང་རླུང་རྣམས་འཆི་རིམ་བཞིན་དུ་ཐིམ་པ་ལས་བྱུང་བའི་སྟོང་པ་བཞིའི་ངོ་བོར་མ་སྐྱེས་ན། ལོངས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་བར་དོ་བཞིན་དུ་སྒྲུབ་པའི་སྒྱུ་མའི་སྐུ་མི་ཚང་བར་མཐོང་ནས། དེ་འདྲ་བའི་རིམ་པས་སེམས་དབེན་སྐྱེད་པར་བྱེད་པའོ། །འདིས་ནི་སྔར་ལམ་འདིར་མ་ཞུགས་ན་བསྐལ་པ་མཐའ་ཡས་པར་ཡང་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་རྟོགས་པ་ཐུན་མོང་མིན་པ་མི་རྙེད་པ་དང༌། ཀུན་རྫོབ་སྒྱུ་མའི་སྐུ་མངོན་དུ་བྱེད་མི་ནུས་པར་གསུངས་པ་དེ་ཉིད་བཤད་པ་ཡིན་ནོ། །གཉིས་པ་བདེན་པ་གཉིས་ཀྱི་རྫོགས་རིམ་ལ་གཉིས། བདེན་གཉིས་སོ་སོ་བའི་རྫོགས་རིམ་དང༌། བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་མོ། །དང་པོ་


JLD007_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས། ཀུན་རྫོབ་སྒྱུ་མའི་རྫོགས་རིམ་དང༌། དོན་དམ་འོད་གསལ་གྱི་རྫོགས་རིམ་མོ། །དང་པོ་ལ་གཉིས། སྒྱུ་ལུས་ཀྱི་གདམས་པ་དངོས་དང༌། དེ་དང་འབྲེལ་བའི་གདམས་པ་བཤད་པའོ། །དང་པོ་ལ་གཉིས། ཉན་པ་པོ་ཇི་འདྲ་བ་ཞིག་གིས་ཇི་ལྟར་བྱ་བ་དང༌། འཆད་པ་པོས་བཤད་པའི་རིམ་པའོ། །དང་པོ་ནི། རིམ་ལྔར། སློབ་མ་ཆོས་བཞི་དང་ལྡན་པས། སྒྱུ་ལུས་ཀྱི་གདམས་ངག་ཐོབ་པར་བྱ་བའི་ཕྱིར་དུ། བླ་མ་ལ་བསྟོད་པ་སྔོན་དུ་བཏང་ནས་གསོལ་བ་གདབ་པར་གསུངས་སོ། །ཆོས་བཞིའི་དང་པོ་ནི། བསྐྱེད་རིམ་གྱི་རྗེས་སུ་འབྲངས་ནས་དབང་བསྐུར་བ་ཐོབ་པ་སྟེ། དབང་བསྐུར་བ་ཐོབ་ནས། བསྐྱེད་རིམ་གྱི་རྗེས་སུ་འབྲངས་པ་སྟེ་དེ་ལ་བསླབས་པའོ། །གཉིས་པ་ནི། རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པའི་ཤེས་རབ་དང་ལྡན་པ་སྟེ། རྒྱུད་སྡེ་བཞི་ལ་སྦྱངས་པའི་ཤེས་རབ་དང་ལྡན་པའོ། །གསུམ་པ་ནི། དབེན་པ་གསུམ་གྱི་ཐོས་པ་འཛིན་པ་སྟེ། རྡོ་རྗེ་གསུམ་གྱི་ལམ་ལ་ལེགས་པར་བསླབས་པའོ། །བཞི་པ་ནི། བདེན་གཉིས་ལ་ལྷག་པར་མོས་པ་སྟེ། བདེན་གཉིས་སོ་སོ་བ་དང་། དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་ལ་མོས་པ་ཤིན་ཏུ་བརྟན་པའོ། །དེ་འདྲ་བ་དེས་དང་པོར་བླ་མ་རིང་དུ་མཉེས་པར་བྱ། མཉེས་པའི་འོག་ཏུ། ཚོགས་ཀྱི་མཆོད་པ་དང༌། ལོ་བཅུ་དྲུག་མ་བླ་མ་ལ་ཕུལ་ནས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། ཅེས་སོགས་ཀྱིས་བསྟོད་པའི་འོག་ཏུ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། ཞེས་སོགས་ཀྱིས་གསོལ་བ་གདབ་བོ། །འདིར་རིམ་ལྔ་འགྱུར་རྙིང་ལས། སྒྱུ་ལུས་ཀྱི་མན་ངག་ཐོབ་པའི་


JLD007_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་འཕྲེང་བ་ལ་སོགས་པའི་དབང་དགུ་གསང་དབང་དང་བཅས་པ་ཐོབ་ནས། བསྟོད་པ་དང་། གསོལ་བ་གདབ་བར་གསུངས་མོད་ཀྱང༌། ཆག་འགྱུར་ལས། སྒྱུ་ལུས་ཀྱི་མན་ངག་ཐོབ་པའི་ཕྱིར་དུ། དབང་དགུ་དང་བཅས་པའི་གསང་དབང་ཐོབ་ནས། བསྟོད་པ་སོགས་བྱ་བར་བསྒྱུར་བ་ལེགས་ཏེ། ལག་སྨིའི་འགྲེལ་པར་ཡང་དོན་དེ་བཞིན་དུ་བཤད་དོ། །སྔ་མ་རྣམས་དབེན་པ་གསུམ་གྱི་ཐོས་པ་འཛིན་པས་གསང་དབང་ཞུ་བ་གཞུང་སྔ་མས་བསྟན་པར་བཟུང་ནས། བུམ་དབང་རྫོགས་པར་ཐོབ་ན་དབང་གོང་མ་མ་ཐོབ་ཀྱང༌། དབེན་གསུམ་བསྒོམས་པས་ཆོག་པར་འདོད་པ་ནི་མི་རིགས་པ་ཆེ་སྟེ། རྫོགས་རིམ་གྱི་སྣོད་རུང་དུ་སྒྲུབ་པའི་དབང་གོང་མ་མ་ཐོབ་པ་ལ་རྫོགས་རིམ་གྱི་གསང་བ་བསྟན་དུ་མི་རུང་བའི་ཕྱིར་དང༌། གཞུང་གི་དོན་ཡང་དབེན་གསུམ་གྱི་ཐོས་པ་འཛིན་པས། སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་བསྟོད་པ་དང་གསོལ་བ་གདབ་ཅེས་པའི་དོན་དུ་སྣང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དབེན་གསུམ་གྱི་ཐོས་པ་འཛིན་པ་དེས། དབང་དགུ་དང་བཅས་པའི་གསང་དབང་ཐོབ་ནས་གསོལ་བ་གདབ་པར་གསུངས་པས། འཕྲེང་བ་ལ་སོགས་པའི་དབང་སྔོན་དུ་མ་བསྐུར་བར་ཡང་དབེན་གསུམ་བསྒོམ་དུ་རུང་བའི་ཧ་ཅང་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གསང་དབང་ཐོབ་ན་སྒྱུ་ལུས་ཀྱི་སྣོད་དུ་རུང་བར་ནཱ་རོ་པས་བཤད་པ་ནི་གཞུང་འདིའི་དོན་ནོ། །དབང་རྫོགས་པ་སྔོན་དུ་ཐོབ་པས་ཀྱང་གདམས་པ་འདི་ཞུ་བ་ན། བླ་མ་མཉེས་པ་


JLD007_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གསུམ་བྱས་ནས། བསྟོད་པ་དང་གསོལ་བ་གདབ་པར་བྱ་སྟེ། དེ་ནི་དབང་དང་གདམས་ངག་ཞུ་བ་གཉིས་ཀའི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་གསོལ་བ་བཏབ་ནས། སློབ་མས་བླ་མ་ལ་སྒྱུ་ལུས་ཀྱི་གདམས་པ་འདྲི་ཚུལ་ནི། སྤྱོད་བསྡུས་སུ་བཤད་པ་ལྟར་ཤེས་དགོས་ལ། དེ་ཡང་དེ་ཉིད་ལས། བསྐྱེད་པའི་རིམ་པ་ནས་བརྩམས་ཏེ། ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ། རྡོ་རྗེ་གསུམ་ལ་སོགས་པས་ཀྱང་མཚན་ཉིད་ལ་ལྷག་པར་མོས་པ་ཙམ་ལགས་ཏེ། དེ་བས་ན་ལུས་རྣམ་པར་དབེན་པ་ལ་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པ་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་བཟླས་པ་ཙམ་ཡོངས་སུ་ཤེས་པ་སྟེ། དེ་ལ་ཡང་ལྷའི་རྣམ་པ་མེད་དེ། སྒྲ་རྣམས་ནི་བྲག་ཆ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་རང་བཞིན་གྱི་སྣང་བ་ཙམ་ཡོངས་སུ་ཤེས་པ་ཙམ་དུ་ཟད་པས། དེར་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོ་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །རིགས་པ་འདིས་ནི་ཀུན་རྫོབ་ལ་བརྟེན་ནས་གནས་པ་རྙེད་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཙམ་གྱིས་ལྷ་ཉིད་དུ་སྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ནས་ལས་རྟོགས་པར་བགྱིད་པར་འཚལ་ལོ། ཞེས་སོ། །འདི་ལྟར་འདྲི་བ་ནི། བསྐྱེད་རིམ་གྱི་སྐབས་ནས་བཟུང་སྟེ། ཐ་མལ་གྱི་སྣང་ཞེན་ཐམས་ཅད་འོད་གསལ་དུ་སྦྱངས་


JLD007_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ནས། རང་གི་སེམས་ལྷའི་སྐུར་སྐྱེད་པ་ཅིག་བཤད་སྣང་བ་ལ་རྣམ་དཔྱོད་ཅན་གྱིས་དཔྱད་པའི་ཚེ་ལམ་གྱི་མཚམས་ཤིག་ནས། མོས་བློ་ཙམ་མིན་པར། ཡེ་ཤེས་ཙམ་ལས་ལྷའི་སྐུར་སྐྱེ་བ་ཅིག་དགོས་པ་འདུག་པ་ལ། བསྐྱེད་རིམ་གྱི་ཐོག་མ་ནས་བཟུང་སྟེ། སེམས་དབེན་རྫོགས་ཀྱི་བར་དུ་དེ་མ་བྱུང་བའི་རིགས་པའམ། ཚུལ་འདིས་ན། སྐབས་དེ་དག་ཏུ་ཀུན་རྫོབ་སྒྱུ་མའི་སྐུ་ལ་བརྟེན་ནས་དེའི་ཏིང་ངེ་འཛིན་ལ་གནས་པ་མི་རྙེད་དོ། །རྒྱུ་མཚན་དེ་བས་ན་མོས་པ་ཡིད་བྱེད་ཀྱིས་ལྷར་སྐྱེད་པ་ཙམ་མིན་པར། ཡེ་ཤེས་ཙམ་གྱིས་སྒྱུ་མའི་སྐུ་ཉིད་དུ་སྐྱེད་པ་བླ་མའི་ཞལ་སྔ་ནས་རྟོགས་པར་བགྱིད་དགོས་ཞེས་ཞུས་སོ། །རྒྱུ་མཚན་དེ་རྣམས་རིམ་པ་བཞིན་སྒྲུབ་པ་ནི་བསྐྱེད་རིམ་གྱི་ཐོག་མ་ནས་བཟུང་སྟེ། གསང་ཆེན་རིགས་གཅིག་ལ་ཐུག་པའི་བར་དུ། སྐུ་རྡོ་རྗེ་སོགས་གསུམ་དང༌། སོགས་ཀྱིས་བསྡུས་པ་རིགས་ལྔ་དང༌། བརྒྱ་ལ་སོགས་པའི་ལྷའི་སྐུ་ལ་ལྷག་པར་མོས་པའི་མོས་པ་ཡིད་བྱེད་ཙམ་གྱིས་སྐྱེད་པ་དེ་བས་ན། ལུས་དབེན་ལ་སྒྱུ་ལུས་ཀྱི་ལྷའི་སྐུ་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་ཞེས་པའི་དོན་ནི། བློས་ལྷའི་སྐུར་མོས་ཀྱང་དོན་གྱི་སོང་ཚོད་ལ། ལྷའི་གཟུགས་སུ་ང་རྒྱལ་བྱེད་པའི་མོས་གཞིའི་གཟུགས་ནི་རྡུལ་ཕྲ་རབ་བསགས་པའི་འབྱུང་བ་དང༌། འབྱུང་འགྱུར་གྱི་ལུས་སྔ་མ་དེ་ཙམ་དུ་ཟད་པའི་ཕྱིར་ཞེས་པའོ། །དེ་དག་གིས་ནི་སྒྱུ་ལུས་ཀྱི་ལྷའི་སྐུ་དེ་ལ་མོས་པ་ཡིད་བྱེད་ཙམ་གྱིས་ལྷར་སྐྱེས་


JLD007_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་པ་ཅིག་དང༌། རྣལ་འབྱོར་པས་ང་རྒྱལ་བྱེད་གཞིའི་ལྷའི་གཟུགས་དེ་ལུས་རགས་པའི་གཟུགས་ལུས་མིན་པ་ཅིག་དགོས་པར་བསྟན་ཏོ། །དེར་མ་ཟད། ངག་དབེན་མཐར་ཕྱིན་པའི་བར་དུ་ཡང་སྒྱུ་ལུས་ཀྱི་ལྷའི་རྣམ་པ་སྟེ་སྐུ་མེད་དེ། ཡང་གི་སྒྲས་དེར་ཡང་སྔར་ལྟར་མོས་པ་ཙམ་གྱིས་ལྷར་བསྐྱེད་པ་ལས་མེད་པའི་ཕྱིར་རོ་ཞེས་སྟོན་ནོ། །འོ་ན་རྡོར་བཟླས་ཀྱིས་ཅི་ཞིག་བྱེད་སྙམ་ན། འཇུག་གནས་ལྡང་གསུམ་གྱི་རིམ་པས་རྡོར་བཟླས་ཀྱི་གཞི་རླུང་ཆེས་ལས་རུང་དུ་གཏན་ལ་འབེབས་པའི་སྒོ་ནས་སྒྲ་རྣམས་བྲག་ཆ་ལྟ་བུར་ཤེས་པར་བྱེད་པ་ཙམ་མོ། །སྤྱོད་བསྡུས་ལས་གོ་རིམ་གྱི་སྐབས་སུ་རྡོར་བཟླས་ཀྱིས་སྲོག་རྩོལ་ཤེས་པར་བཤད་ཅིང༌། རྡོ་རྗེ་འཕྲེང་བ་ལས་ཀྱང་། དེས་རླུང་གི་མཚན་ཉིད་ཤེས་པར་བྱེད་པར་གསུངས་སོ། །ཙམ་གྱི་སྒྲས་སྐབས་དེར་མོས་པ་ཡིད་བྱེད་ཙམ་མིན་པར་ལྷའི་སྐུ་སྐྱེད་པ་གཅོད་པའོ། །སེམས་དབེན་མཐར་ཕྱིན་པའི་བར་དུ་ཡང་མཚན་དཔེའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྒྱུ་ལུས་ཀྱི་ལྷའི་སྐུ་མི་རྙེད་དེ། ཡང་གི་སྒྲས་རྒྱུ་མཚན་སྔ་མ་སྡུད་པ་ནི་སྔར་ལྟར་རོ། །འོ་ན་དེས་ཅི་ཞིག་བྱེད་སྙམ་ན། རང་བཞིན་གྱི་སྣང་བ་ནི་སྣང་བའི་མིང་དང༌། སྣང་བའི་རང་བཞིན་རྟོག་པའི་མིང་དུ་ཤེས་དགོས་པས། རང་བཞིན་གྱི་སྣང་བ་སྟོང་པ་གསུམ་ཙམ་ཤེས་པར་ཟད་དེ། སྐབས་དེར་ནི་རྣལ་འབྱོར་པས་རང་གི་སེམས་ནི་ཀུན་རྟོག་གིས་སྟོང་པའི་སྣང་བ་ཙམ་དུ་ཤེས་པར་བྱེད་པའི་ཕྱིར་རོ། །སྔོན་གྱི་འདུས་པ་བ་ཁ་ཅིག །ལྷའི་སྐུ་མེད་པ་ཟུང་འཇུག་གི་ལྷའི་སྐུ་མེད་པ་ལ་


JLD007_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ནི་སྐབས་དོན་མ་ཤེས་པ་ཡིན་ལ། རྒྱུ་མཚན་ཕྱི་མ་གསུམ་ལུས་ངག་ཡིད་གསུམ་ལ་ལྷ་སྐུ་མེད་པའི་སྒྲུབ་བྱེད་དུ་འཆད་པ་དང༌། ཀུན་རྫོབ་བཅོས་མའི་ཡིད་རྟོག་བཅས་ཀྱིས་དབེན་གསུམ་དུ་བསྒོམས་པ་ལ་བརྟེན་ནས་ཟུང་འཇུག་གི་སྐུ་མི་རྙེད་ཅེས་པ་ཡང་དོན་དུ་མ་མཐོང་ངོ༌། །ཆག་འགྱུར་ལས། ཀུན་རྫོབ་ལ་མ་བརྟེན་པར་ཞེས་འབྱུང་མོད་ཀྱང་འགྱུར་སྔ་མ་ལྟར་ལེགས་སོ། །སྤྱོད་བསྡུས་ཀྱི་དྲི་བ་འདི་རྣམས་ཀྱི་དོན་མཐའ་ཆོད་པར་མ་གོ་ན། ལུགས་དམ་པ་འདིའི་སྒྱུ་ལུས་ཀྱི་གནད་སྟོན་པའི་ལན་གྱི་དོན་རྣམས་ཀྱང་མི་རྟོགས་པས་ལེགས་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། སྒྱུ་ལུས་དངོས་ཀྱི་སྔོན་དུ་ཇི་ལྟར་བཤད་པ་དང༌། སྒྱུ་ལུས་ཀྱི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། སྒྱུ་ལུས་སྟོན་པར་གསོལ་བ་འདེབས་པ་ཐོས་པའི་བླ་མས་སློབ་མ་ལ་སྙིང་རྗེ་བསྐྱེད་ནས་སྟོན་པ་ན། གདམས་པ་འདི་བླ་མའི་ཞལ་གྱི་གདམས་པ་ལས་གཞན་དུ་མི་རྙེད་པ་ནི། རིམ་ལྔ་ལས། བདག་བྱིན་བརླབ་པའི་རིམ་ཤེས་པ། །ཀུན་རྫོབ་བདེན་པར་བསྟན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །ཐོབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་གསུངས་ལ། སྤྱོད་བསྡུས་ལས་ཀྱང༌། ལྷའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཐམས་ཅད་ཀྱིས་བཤད་པ། བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ། ས་བཅུའི་དབང་ཕྱུག་རྣམས་ཀྱིའང་ཡུལ་མ་ཡིན་པ་དེ་ངས་ཁོང་དུ་ཆུད་པར་བྱའོ། ཞེས་དང༌། བདག་བྱིན་བརླབས་ལས་ཀྱང༌། རྨི་ལམ་སྒྱུ་མ་ལྟ་བུའི་ཆོས། །


JLD007_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པ་ཀུན་སྨྲ་བ་ནི། །བདེན་ཡང་དེས་ནི་ཤེས་པ་མིན། །བདག་བྱིན་བརླབ་ལས་ཁ་ཕྱིར་བལྟས། །རྣམ་ཤེས་རླུང་དང་ལྡན་པ་ཡི། །ཡིད་ཀྱི་རང་བཞིན་གཞུ་འདྲ་བ། །རང་གི་ཡེ་ཤེས་དེས་མ་མཐོང༌། །སྒྱུ་མའི་དཔེ་ལ་རྨོངས་གྱུར་པས། །བསྐལ་པ་དཔག་ཏུ་མེད་པར་ནི། །ཐོས་པའི་ཕ་རོལ་ཕྱིན་པས་ཀྱང༌། །བླ་མའི་བཀའ་མེད་སྒྱུ་མ་ནི། །མངོན་སུམ་བྱ་བར་མི་ནུས་སོ། །དེ་ཕྱིར་སངས་རྒྱས་འབྲས་འདོད་པས། །ང་རྒྱལ་ཡོངས་སུ་བཏང་བྱས་ལ། །རྡོ་རྗེ་ཐེག་པ་ལ་ཞོན་ནས། །འབད་པས་བླ་མ་མཉེས་པར་བྱ། ཞེས་སོ། །ས་བཅུ་ཞེས་སོགས་ཀྱི་དོན་ནི། སྤྱོད་བསྡུས་དང་རིམ་ལྔར་སེམས་དབེན་ཐོབ་ནས་ས་བཅུ་པ་ལ་གནས་པར་གསུངས་པ་ལྟར་ན། སྐབས་དེར་དེ་མངོན་དུ་བྱ་མི་ནུས་པའོ། །ཕར་ཕྱིན་གྱི་ཐེག་པའི་ས་བཅུ་པ་པ་ལ་བྱེད་ན་རང་གི་ལམ་གྱིས་དེ་མངོན་དུ་བྱ་བར་མི་ནུས་པའོ། །སྒྲོན་གསལ་ལས་ཀྱང༌། ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་ཡང་རྟོག་པ་ཐམས་ཅད་ལས་འདས་པ། སོ་སོ་རང་གིས་རིག་པ། སངས་རྒྱས་རྣམས་ཀྱིས་སྤྱོད་ཡུལ། ཕུང་པོ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་ན་གནས་པ། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ། ཡི་གེའི་རྗེས་སུ་འབྲང་བ་རྣམས་དང༌། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པ། བླ་མའི་མན་ངག་འབའ་ཞིག་ལས་ཤེས་པར་བྱ་བ་སྟེ། ཞེས་རྒྱུད་ཀྱི་དོན་མཐའ་དྲུག་གིས་ལེགས་པར་མ་བཤད་པར། སྒྲ་ཇི་བཞིན་པའི་ཡི་གེའི་རྗེས་སུ་འབྲང་བ་རྣམས་ཀྱི་ཡུལ་མིན་པའི་དག་པའི་སྒྱུ་མའི་སྐུ།


JLD007_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མན་ངག་འབའ་ཞིག་ལས་ཤེས་དགོས་པར་གསུངས་ཤིང༌། དེ་འདྲ་བ་དེ་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་འཆད་པར་གསུངས་སོ། །དག་པའི་སྒྱུ་མའི་སྐུ་བླ་མའི་མན་ངག་ཉིད་ལས་རྟོགས་དགོས་པ་ནི་རིམ་པ་གསུམ་པའི་སྒྱུ་མའི་སྐུ་ལ་ཡང་འདྲའོ། །སྒྱུ་མའི་སྐུ་བླ་མའི་མན་ངག་འབའ་ཞིག་ལས་ཤེས་དགོས་པའི་མན་ངག་གི་མཐར་ཐུག་པ་ནི། རིམ་ལྔ་དང་སྤྱོད་བསྡུས་གཉིས་ཡིན་ལ། སྲས་རྣམས་ཀྱི་མན་ངག་གཞན་ལས་ཀྱང་ཅུང་ཟད་འབྱུང་ངོ༌། །དེ་ཡང་རིམ་ལྔར་མི་གསལ་བ་སྤྱོད་བསྡུས་སུ་གསལ་བར་སྟོན་པས་སྤྱོད་བསྡུས་ལས་རྟོགས་དགོས་སོ། །གཞུང་དེ་དག་གིས་མ་ཟིན་པའི་ཞིབ་ཆ་མང་པོ་ཡང་ཡོད་མོད་ཀྱང༌། གཙོ་བོའི་དོན་ནི་དེ་དག་ནས་ཟིན་པ་རྣམས་ཡིན་པས། གཞུང་གིས་བསྟན་ཚོད་ཀྱི་དོན་ལེགས་པར་གོ་ན། མན་ངག་གི་གནད་འགངས་ཆེ་བ་རྣམས་མི་འཕྱུག་ལ། དེ་དག་ལ་འབད་པ་ཡུན་རིང་དུ་མ་བྱས་པར་མན་ངག་ཕྲ་མོ་གཞན་ལ་འབད་ན་ནི། བླ་མའི་མན་ངག་ལས་ཤེས་དགོས་པར་གསུངས་པའི་མན་ངག་གི་གནད་ཀྱི་ཕྱོགས་མཐོང་ཡང་འོང་སྙམ་པ་མི་སྣང་ངོ༌། །འོན་ཀྱང་གདམས་ངག་ཆེ་ཆུང་རྣམས་སྦྱར་ནས་དཔྱོད་ཤེས་ན། ཁྱད་པར་ཤིན་ཏུ་ཆེ་བས་དེ་དག་ཀྱང་དགོས་སོ། །སྔགས་ཀྱི་དཀའ་གནས་ཕལ་ཆེ་བ་བླ་མའི་མན་ངག་ལ་ལྟོས་དགོས་པར་གསུངས་པའི་ནང་ནས། སྒྱུ་ལུས་ཀྱི་གདམས་པ་བླ་མའི་མན་ངག་ལ་ལྟོས་པ་ནི། གཞན་དང་ཡེ་མི་འདྲ་བའི་ལྟོས་ཚབས་ཤིན་ཏུ་ཆེ་བ་ཞིག་སྣང་ངོ༌། །གལ་ཏེ་


JLD007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མན་ངག་འབའ་ཞིག་ལས་རྟོགས་དགོས་ཞེས་པ་དེའི་རྟོགས་པའི་ཕན་ཡོན་དང༌། མ་རྟོགས་པའི་ཉེས་དམིགས་ཇི་འདྲ་ཞིག་སྙམ་ན། རིམ་ལྔ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིམ་ཐོབ་པ། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། ཞེས་གསུངས་སོ། །སྐུ་འདིའི་སྒྲུབ་ཚུལ་བླ་མ་ལས་མ་རྙེད་ན་གང་གི་ཕྱིར་དུ་ངལ་བ་བྱས་པའི་དོན་སངས་རྒྱས་མི་འགྲུབ་པ་དང༌། འདི་ཤེས་ཏེ་བསྒྲུབས་པས་གྲུབ་ན་ཚེ་དེ་ལ་ངེས་པར་འཚང་རྒྱ་བར་གསུངས་པ་ལྟར་ཡིན་ནོ། །ཚེ་གཅིག་གིས་སངས་རྒྱས་འགྲུབ་པའི་མྱུར་ཁྱད་མཆོག་ལ་བདེ་སྟོང་དབྱེར་མེད་ཀྱི་ལམ་དང༌། སྒྱུ་མའི་སྐུ་གཉིས་ལས་ཕྱི་མ་ཆེས་རྟོགས་དཀའ་ལ། དེ་ཡང་ལུགས་མཆོག་ཏུ་གྱུར་པ་འདི་ནས་རྩད་བཅད་ནས་གཞན་ལ་འཁྱེར་ཤེས་དགོས་སོ། །གཉིས་པ་ལ་གཉིས། སྒྱུ་ལུས་ཀྱི་མན་ངག་གི་གཞི་ཇི་ལྟར་བཏིང་བ་དང༌། དེ་ལ་བརྟེན་ནས་སྒྱུ་ལུས་སྒྲུབ་པའི་ཚུལ་བཤད་པའོ། །དང་པོ་ནི། སྒྱུ་ལུས་སྒྲུབ་པ་ལ་འདི་སྒྲུབ་པའི་གཞི་གཞི་ལ་ཇི་ལྟར་གནས་པ་ཤེས་དགོས་ལ། དེ་ཡང་རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་བ། །སེམས་དེ་


JLD007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་རྣལ་འབྱོར་པ། །བདེར་གཤེགས་གནས་སུ་འགྲོ་བར་འགྱུར། །འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །འཁོར་བ་ཉིད་ནི་ཤེས་པར་བྱ། ཞེས་གསུངས་སོ། །ཚིགས་བཅད་དང་པོས་ནི་སེམས་ཅན་རྣམས་འཆི་བའི་འོད་གསལ་སྔོན་དུ་སོང་བ་ལ་མ་ལྟོས་པར་རང་དབང་དུ་མི་འབྱུང་བས། འོད་གསལ་ཐམས་ཅད་སྟོང་པ་ལས་སྐྱེ་བར་བསྟན་ནོ། །ཚིགས་བཅད་གཉིས་པས་ནི་འཆི་བའི་འོད་གསལ་གྱི་རླུང་སེམས་གང་གི་དབང་གིས་སེམས་ཅན་སྐྱེ་བ་བླངས་ཏེ། འཁོར་བར་འཁོར་བའི་རླུང་སེམས་དེ་ཉིད་ཐབས་མཁས་པའི་རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་ཤར་ནས་འཚང་རྒྱ་བར་བསྟན་ནོ། །ཚིགས་བཅད་དེའི་དོན་རིམ་ལྔའི་འགྲེལ་བྱེད་རྣམས་ཀྱིས་གཞན་དུ་བཤད་མོད་ཀྱང༌། བཤད་པ་སྔ་མ་དེའི་དོན་ཡིན་པ་ནི་སྤྱོད་བསྡུས་ལས། སོ་སོ་སྐྱེ་བོའི་འཁོར་བའི་རྒྱུ་སྲིད་པ་བར་དོ་དེ་མན་ངག་དང་ལྡན་པ་ལ་སྒྱུ་ལུས་སུ་འགྱུར་བར་གསུངས་པས་ཤེས་སོ། །ཚིགས་བཅད་གསུམ་པས་ནི་རླུང་སེམས་ཀྱི་རང་བཞིན་ཙམ་ཞིག་ལས་མ་གཏོགས་པའི་སྐྱེ་འཆི་བྱེད་པ་པོ་མེད་པས་དེ་ཙམ་ཞིག་འཁོར་བར་འཁོར་བར་བསྟན་ནོ། །བདག་བྱིན་བརླབས་ལས་སྒྱུ་ལུས་ཀྱི་སྒྲུབ་གཞི་སྟོན་པ་ན། ས་ལ་སོགས་པའི་འབྱུང་བ་དང༌། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་དག་ཏུ། །དངོས་པོ་བརྒྱད་པོ་ཤེས་པར་བྱ། །འོད་གསལ་བ་ལས་སྟོང་པ་ཆེ། །དེ་ལས་


JLD007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ནི་ཡང་དག་འབྱུང༌། །དེ་ལས་ཤེས་རབ་སྐྱེ་བར་འགྱུར། །དེ་ལས་རླུང་ནི་འབྱུང་བར་འགྱུར། །རླུང་ལས་མེ་ནི་ཡང་དག་འབྱུང༌། །མེ་ལས་ཆུ་ནི་ཀུན་ཏུ་འབྱུང༌། །ཆུ་ལས་ས་ནི་སྐྱེ་བར་འགྱུར། །སེམས་ཅན་སྐྱེ་བ་འདི་ལྟ་བུ། ཞེས་དང༌། དེ་ནས། ས་ཡི་ཁམས་ནི་ཆུ་ལ་ཐིམ། ཞེས་པ་ནས། སྲིད་པ་གསུམ་པོ་འདི་ལྟར་འགག །ཅེས་སྔར་དྲངས་པ་བཞིན་གསུངས་ནས། འདི་ལྟར་ཐོག་མ་མེད་དུས་ནས། །སྲིད་པའི་འཁོར་ལོར་འཇུག་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཇི་སྲིད་བདག་ཉིད་མ་མཐོང་བ། །གང་ཕྱིར་སྒྱུ་མ་རང་རིག་པས། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །རང་གི་ལུས་ལ་གནས་ན་ཡང༌། །བསོད་ནམས་ཆུང་བས་མི་རྙེད་དོ། ཞེས་གསུངས་པས་ཀྱང་སྒྱུ་ལུས་ཀྱི་སྒྲུབ་གཞི་གསལ་བར་བསྟན་ནོ། །ཇི་སྲིད་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རང་གི་བདག་ཉིད་མ་མཐོང་བ་དེ་སྲིད་དུ། སྲིད་པའི་འཁོར་ལོར་འཇུག་ཅེས་གསུངས་པའི་འཁོར་བར་འཇུག་པ་འདི་ལ། འཁོར་བར་འཁྱམས་པ་དང༌། འཁོར་བའི་བག་ཆགས་རྒྱུན་མི་འཆད་དུ་འཇུག་པ་གཉིས་སོ། །དང་པོ་ལྡོག་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དགོས་པ་ནི། སྔགས་དང་ཕར་ཕྱིན་ཐུན་མོང་བའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །ཕྱི་མ་ལྡོག་པ་ལ་དགོས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་ཐུན་མོང་ཡིན་མིན་གཉིས་དང༌། ཐུན་མོང་མིན་པ་ལ་ཡང་བདེ་སྟོང་སྦྱར་བ་དང༌། སྒྱུ་ལུས་གཉིས་ཡོད་ཀྱང་འདིར་ནི་ཕྱི་མའོ། །སྒྱུ་ལུས་ཀྱི་སྒྲུབ་གཞི་འཆད་པའི་སྐབས་སུ་རླུང་སེམས་ཙམ་


JLD007_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དོན་གཞན་པའི་འཁོར་མཁན་གྱི་གང་ཟག་མེད་པར་གསུངས་པ་ནི། གང་ཟག་ཏུ་ཐ་སྙད་བཏགས་པའི་བཏགས་དོན་རླུང་སེམས་མ་ཡིན་ཀྱང༌། དེ་འདོགས་པའི་གཞི་སེམས་ཅན་གྱི་གཉུག་མའི་ལུས་ངོས་གཟུང་བར་བཞེད་པ་ཡིན་ནོ། །རྡོ་རྗེ་འཕྲེང་བ་ལས་ཀྱང༌། སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང༌། ཞེས་སེམས་ཅན་རྣམས་ཀྱི་སྙིང་པོར་གྱུར་པ་རང་རང་གི་སྲོག་སྟེ་རླུང་ལས་གཞན་པའི་ཁམས་གསུམ་པའི་ལུས་གཞན་མེད་པས། རླུང་གིས་བསྒྲུབས་པའི་ཁམས་གསུམ་པའི་སྒྱུ་མའི་ལུས་ནི་རྨི་ལམ་གྱི་ལུས་བཞིན་དུ་གསུངས་སོ། །འདིར་ཚིག་ཟིན་ལ་ཤས་ཆེར་སྒྱུ་མའི་ལྷ་སྐུ་གང་ལས་སྒྲུབ་པའི་སྒྲུབ་གཞི་བསྟན་མོད་ཀྱང༌། སྐུ་དེ་ལའང་སྦྱར་དུ་རུང་བས། སྒྲོན་གསལ་ལས་རླུང་སེམས་ཙམ་ལས་སྒྱུ་མའི་ལྷ་སྐུ་སྐྱེད་པའི་ཁུངས་སུ་དྲངས་སོ། །དེས་ན་རྡོ་རྗེ་འཕྲེང་བ་ལས། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། ཞེས་འགྲོ་བ་རྣམས་ཀྱི་སྐྱེ་འཆི་གནས་གསུམ་དང་བར་དོ་རྣམས་རླུང་སེམས་ཙམ་གྱི་རྣམ་འཕྲུལ་དུ་གསུངས་པ་དང༌། དགོངས་པ་ལུང་སྟོན་ལས་ཀྱང༌། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདི་གནས་པ། །དེ་


JLD007_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །མ་རྟོགས་པ་ཡི་སེམས་དེ་ནི། །འཁོར་བའི་རྒྱ་མཚོར་གནས་གྱུར་ཀྱང༌། །དེ་ནི་ཕྱིན་ཅི་ལོག་སོང་བས། །ཁྱི་དང་ཅེ་སྤྱང་གླང་པོ་དང༌། །སེམས་དེ་རྟར་ཡང་འགྲོ་བར་འགྱུར། ཞེས་སོགས་ཀྱིས་རླུང་དང་སེམས་གཉིས་འགྲོ་བ་སྣ་ཚོགས་པར་འགྲོ་བར་གསུངས་ཏེ། འགྲོ་བ་ཐམས་ཅད་རླུང་སེམས་ཀྱི་ལུས་ཙམ་དུ་བསྟན་པ་ནི། སེམས་ཅན་གྱི་ཐ་སྙད་འདོགས་པའི་གཞིར་གྱུར་པའི་གཉུག་མའི་ལུས་ནི། རླུང་སེམས་ཙམ་གྱི་ལུས་སུ་ཟད་པས་དེ་ལས་ངོ་བོ་ཐ་དད་པའི་གཉུག་མའི་ལུས་མེད་པར་སྟོན་པ་ཡིན་གྱི། ཕྱི་རོལ་མེད་པ་དང་། རྣམ་སྨིན་གྱི་ལུས་རགས་པ་རྣམས་སེམས་ཅན་གྱི་ལུས་མིན་ཞེས་སྟོན་པ་མིན་ནོ། །འདི་ལྟར་སེམས་ཅན་གྱི་ལུས་ནི་གཉིས་ཏེ། གནས་སྐབས་པ་དང༌། གཉུག་མ་བའི་ལུས་སོ། །དེའི་དང་པོ་ནི། རླུང་སེམས་ཙམ་གྱི་ལུས་ལས་གཞན་པའི་རྣམ་སྨིན་གྱི་འབྱུང་ལུས་རགས་པ་ལ་སོགས་པའི་ལུས་སོ། །གཉིས་པ་ནི། རླུང་སེམས་ཙམ་ལས་གྲུབ་པའི་ལུས་སོ། །ལུས་རགས་པ་ནི་དང་པོ་མངལ་དུ་ཉིང་མཚམས་སྦྱར་བ་ལ་སོགས་པའི་སྐབས་སུ་མ་སྐྱེས་ཀྱང༌། སེམས་ཅན་གྱི་ལུས་མེད་པ་མིན་ལ། དེ་བཞིན་དུ་ཤི་བའི་ཚེ་འབྱུང་ལུས་རགས་པ་དོར་ཡང༌། སེམས་ཅན་གྱི་ལུས་མི་ལྡོག་པས་གཉུག་མའི་ལུས་མིན་ཏེ། ཆུ་ལ་ཚ་བ་བཞིན་ནོ། །རླུང་སེམས་ཀྱི་ལུས་ནི། གནས་སྐབས་དེ་རྣམས་ཐམས་ཅད་


JLD007_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་མི་ལྡོག་པས་གཉུག་མའི་ལུས་ཏེ། ཆུ་ལ་གཤེར་བ་བཞིན་ནོ། །ད་ལྟ་གཟུགས་ལུས་རགས་པའི་སྐབས་སུ་ཡང་གཉུག་མའི་ལུས་ནི་རླུང་སེམས་ཙམ་ཞིག་གི་ལུས་ཡིན་པས། ལུས་རགས་པ་ནི་དེའི་གནས་ཁང་དང་འདྲའོ། །དེ་ལྟར་གསུངས་པ་ལ་དགོས་པ་གཞན་ཡང་ཡོད་མོད་ཀྱང༌། གཙོ་བོ་ནི་སྒྱུ་མའི་ལྷ་སྐུ་གང་ལས་སྒྲུབ་པའི་གཞི་གཉུག་མའི་ལུས་ངོས་འཛིན་པའི་ཕྱིར་ཡིན་ནོ། །དེའི་སེམས་ནི་དབང་ཤེས་མིན་གྱི། ཡིད་ཀྱི་རྣམ་ཤེས་ཙམ་ཞིག་དང་། རླུང་ཡང་། རྩ་བའི་རླུང་གཞན་བཞི་དང་། ཡན་ལག་གི་རླུང་ལྔ་མིན་གྱི། སྲོག་འཛིན་དང༌། དེ་ལ་ཡང་ཕྲ་རགས་གཉིས་ལས་ཕྲ་བའོ། །དེ་ཙམ་ལས་གྲུབ་པའི་གཞི་དུས་ཀྱི་སེམས་ཅན་གྱི་ལུས་རྐང་ལག་ལ་སོགས་པའི་རྣམ་པ་ཅན་ནི་བར་དོ་དང༌། རྨི་ལམ་གྱི་ལུས་ལོགས་སུ་སྣང་བ་རྣམས་སོ། །རྐང་ལག་སོགས་ཀྱི་རྣམ་པ་ཅན་དུ་མི་སྣང་བའི་དེ་ཙམ་ལས་གྲུབ་པའི་ལུས་ནི་སྔར་བཤད་པ་ལྟར་རོ། །སྒྲུབ་གཞི་དེ་ཡོད་པ་ལ་དགོངས་ནས་རང་གི་ལུས་ལ་གནས་ནའང་ཞེས་གསུངས་སོ། །ད་ལྟའི་རྣམ་ཤེས་ཀྱི་རྟེན་ལ་འབྱུང་ལུས་ཤིན་ཏུ་རགས་པའི་གཟུགས་ལུས་དང་། ཕྲ་བའི་རླུང་གི་ལུས་གཉིས་ཡོད་ཀྱང༌། རྒྱུད་གཉིས་སུ་མི་འགྱུར་བ་དང༌། རགས་པའི་ལུས་ཀྱི་གོ་ས་སྤངས་ནས་ཕྲ་བའི་ལུས་གནས་མི་དགོས་པ་དང༌། གང་ཟག་ཏུ་ཐ་སྙད་འདོགས་པའི་གཞིའི་གཙོ་བོ་རླུང་སེམས་གཉིས་ཡིན་མོད་ཀྱང་རགས་པའི་ལུས་ཀྱང་དེའི་རྟེན་དུ་མི་འགལ་བ་


JLD007_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤེས་པར་བྱའོ། །གཉིས་པ་ལ་གསུམ། ཡབ་སྲས་གཉིས་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་བཤད་པ་དང༌། སྒྲུབ་ཚུལ་ཤིན་ཏུ་གསལ་བ་ཡོན་ཏན་དང་བཅས་པ་བཤད་པ་དང༌། བླ་མ་རྣམས་ཀྱི་མན་ངག་ལས་འབྱུང་བ་བཤད་པའོ། །དང་པོ་ནི། སྒྱུ་མའི་སྐུའི་སྒྲུབ་གཞི་གཞི་ལ་གནས་ཚུལ་དེ་ལྟར་ཡིན་ན། ལམ་གྱི་སྐབས་སུ་སྒྲུབ་གཞི་དེ་ཇི་འདྲ་བ་ཞིག་ཏུ་བསྐྱེད་ནས་སྒྲུབ་པ་ཡིན་སྙམ་ན། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། ཞེས་སོ། །ཆག་འགྱུར་ལས། རླུང་དང་ཡང་དག་ལྡན་པ་ཡི། །རྣམ་ཤེས་གསུམ་པོ་དེ་ཉིད་སླར། ཞེས་འབྱུང་བ་བདེའོ། །དེ་ལ་ཚིགས་བཅད་དང་པོས་ནི་ཕྱི་ནང་གི་སྲོག་རྩོལ་བསྒོམས་པའི་ཐབས་ལས། སྒྲུབ་གཞིའི་ཡིད་ཀྱི་ཤེས་པ་སེམས་དབེན་གྱི་སྣང་མཆེད་ཐོབ་གསུམ་དུ་བསྐྱེད་པའི་སེམས་དང༌། དེའི་བཞོན་པའི་རླུང་གཉིས་རྣལ་འབྱོར་པའི་ལུས་སུ་འབྱུང་བ་ནི་སྒྱུ་ལུས་སུ་གསུངས་ལ། སླར་ཡང་ཞེས་པ་ནི་རྣལ་འབྱོར་པ་དེ་དང་པོར་སྐྱེ་བ་བླངས་པའི་དུས་སུ་རླུང་སེམས་ཀྱི་ལུས་བླངས་པར་མ་ཟད་ཅེས་པའི་དོན་ནོ། །དེ་ནས་ཚིག་རྐང་གཉིས་ཀྱིས་ནི་སྒྱུ་མའི་སྐུ་སྒྲུབ་ཚུལ་དེ་ལྟར་བྱེད་པ་དེ་བས་ན། བླ་ན་མེད་པའི་ཐེག་པ་འདིར་འགྲོ་བ་ཀུན་སྒྱུ་མ་ལྟ་


JLD007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བཤད་པ་ལ་ཕར་ཕྱིན་གྱི་ཐེག་པ་དང༌། རྒྱུད་སྡེ་འོག་མ་དང༌། བསྐྱེད་རིམ་པ་དང་ཐུན་མོང་དུ་མ་གྱུར་པའི་སྒྱུ་མའི་དོན་ཅིག་ཡོད་དོ་ཞེས་བསྟན་ནོ། །སྒྱུ་མ་ལྟར་བཤད་པ་ནི། རྡོ་རྗེ་མཁའ་འགྲོ་ལས། མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་མཚུངས་པར་གང་གིས་མཐོང༌། །དེ་ནི་གཙོ་བོ་ཡིན་པར་བཤད། ཅེས་གསུངས་པ་རིམ་ལྔར་བཀོད་པ་འདྲ་བ་རྣམས་ཡིན་ཏེ། འདིས་ནི་བླ་མེད་ཀྱི་རྒྱུད་གཞན་དུ་ཡང་དེ་ལྟར་བཤད་པ་རྣམས་ཀྱི་དོན་ཐུན་མོང་མ་ཡིན་པ་འདིར་བཤད་པ་བཞིན་དུ་བྱ་དགོས་པར་བསྟན་ནོ། །དེ་ནས་རྐང་པ་གཉིས་ཀྱིས་ནི། སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་མཐོང་བ་ནི། སྔར་བཤད་པ་ལྟར་དེ་དག་གི་གཉུག་མའི་ལུས་རྣམས་དེ་ལྟར་མཐོང་བའོ། །སྣོད་ཐམས་ཅད་ཀྱང་རང་གི་སྒྱུ་ལུས་དང་འདྲ་བར་མཐོང་བ་ནི། དེ་ཐམས་ཅད་ཀྱང་རླུང་དང་སེམས་ཀྱི་རྣམ་འཕྲུལ་དུ་མཐོང་བའོ། །སྤྱོད་བསྡུས་ལས་གསུངས་ཚུལ་ནི། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཞེས་བྱ་བ་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་མེད་པ། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་ཙམ་གྱིས་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་བཟུང་བ་དེ་ཡང༌། སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་འདི་ནི། སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་


JLD007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་ཡིན་ནོ། ཞེས་གསུངས་པ་ལྟར་རོ། །སེམས་ཇི་བཞིན་དུ་ཤེས་པ་ནི་སེམས་དབེན་དང༌། ཕུང་ཁམས་སྐྱེ་མཆེད་ལ་མེད་པ་ནི། སེམས་དབེན་གྱི་རླུང་སེམས་ཙམ་མ་གཏོགས་པའི་ལུས་གཞན་ལས་སྒྱུ་མའི་སྐུ་སྒྲུབ་པ་མེད་པའོ། །ཙམ་སྔ་མས་ཀུན་རྟོག་དང། ཕྱི་མས་ཕུང་པོ་རགས་པ་ལས་སྒྲུབ་པ་གཅོད་དེ། སེམས་དབེན་གྱི་ཡེ་ཤེས་ཙམ་ལས་མཚན་དཔེ་དང་ལྡན་པའི་སྒྱུ་མའི་སྐུ་དཔེ་བཅུ་གཉིས་ཀྱིས་མཚོན་པ་སྒྲུབ་ཅེས་པའོ། །དེ་ལ་དྲི་བ་མཛད་པ་ནི། རྟེན་པའི་ལུས་མེད་པར་སེམས་ཀྱི་རང་བཞིན་ཡང་མེད་ལ། སེམས་མེད་པར་ཡང་ལུས་དམིགས་སུ་མེད་དོ་ཞེས་ལུང་གི་ཚིག་ལས་གསུངས་ན། ཇི་ལྟར་ན་སེམས་འབའ་ཞིག་ཙམ་གྱིས་ཕྱག་དང་ཞབས་ལ་སོགས་པ་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་རྫོགས་པར་འགྱུར། དམིགས་པའི་ལྟ་བ་ཅན་རྣམས་ནི་ལུང་དང་རྟོགས་པ་མེད་པར་ཡིད་ཆེས་པར་མི་འགྱུར་རོ། །དེ་བས་ན་དེ་རྣམས་དམིགས་སུ་མེད་པའི་ལྷའི་དེ་ཁོ་ན་ཉིད་བདེ་བླག་ཏུ་མངོན་སུམ་དུ་བྱ་བའི་ཐབས། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། ཞེས་པའོ། །སྔར་ཡེ་ཤེས་ཙམ་ལས་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་འགྲུབ་པར་བཤད་པའི་ཙམ་གྱི་སྒྲས་སེམས་མིན་པའི་དངོས་ཀྱི་རྒྱུ་གཞན་བཅད་པར་གོ་ནས། སེམས་ཙམ་གྱིས་ཕྱག་ཞབས་ལ་སོགས་པ་དང་ལྡན་པའི་ལྷའི་སྐུ་རྫོགས་པར་མི་འཐད་དེ། གསུང་རབ་ལས། རྟེན་གྱི་ལུས་དང་བརྟེན་པའི་སེམས་གཉིས་གཅིག་མེད་པར་ཅིག་ཤོས་


JLD007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གསུངས་པའི་ཕྱིར་རོ། །དམིགས་པའི་ལྟ་བ་སྟེ་ཐེ་ཚོམ་ཅན་གྱི་རྟོག་ལྡན་ནི་ལུང་དང་རྟོགས་པ་སྟེ་རིགས་པ་མེད་པར་ཐེ་ཚོམ་ཆོད་པའི་ཡིད་ཆེས་ཀྱི་ངེས་པ་ཐོབ་པར་མི་འགྱུར་བས་ན། དམིགས་སུ་མེད་པ་སྟེ་མཚན་མ་མེད་པའི་ལྷའི་དེ་ཉིད་སྒྱུ་མའི་སྐུ་མངོན་དུ་བྱེད་ཐབས་ཐེ་ཚོམ་ཆོད་པ་བསྟན་དུ་གསོལ་ཞེས་པའོ། །དེའི་ལན་དུ། གང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང༌། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་ཞེས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང༌། དེ་རྣམས་དཔེས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཡེ་ཤེས་ཙམ་གྱིས་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་མི་འགྱུར་རོ། །དེ་བས་ན་ངས་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྡོ་རྗེ་སེམས་དཔའ་རྫོགས་པར་འགྱུར་བའི་རྒྱུ་དང་རྐྱེན་ཁྱོད་ལ་ཁོང་དུ་ཆུད་པར་བྱའོ། ཞེས་གསུངས་སོ། །དེ་ལ་མདོ་སྡེ་ལ་སོགས་པ་ལ་ཞུགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བརྗོད་ཅིང༌། དོན་ཡོད་ལ་བྱེད་པས་མོས་པར་བྱས་ཀྱང༌། སྒྱུ་ལུས་བདག་བྱིན་བརླབས་མི་ཤེས་པར་གསུངས་པས་ནི། དབུ་མ་ནས་བཤད་པའི་བརྫུན་པ་སྒྱུ་མ་ལྟ་བུའི་དོན་ཕུ་ཐག་ཆོད་པར་གོ་ཞིང༌། དེ་བསྒོམས་པས་བདེན་ཞེན་དང་བྲལ་བ་བྱུང་བ་རྣམས་སྒྱུ་ལུས་སུ་ངོ་སྤྲོད་པ་བཀག་པ་ཡིན་ལ། དེ་འདྲ་བ་དེ་ཡང་སྤྱི་དོན་


JLD007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྱུ་མའི་ཏིང་ངེ་འཛིན་ཡིན་མོད་ཀྱང༌། སྦས་དོན་གྱི་སྒྱུ་ལུས་རིམ་པ་གསུམ་པ་དང༌། མཐར་ཐུག་གི་སྒྱུ་མའི་སྐུ་རིམ་པ་ལྔ་པར་བཤད་པའི་དོན་མེད་དོ། །བསྐྱེད་རིམ་སྒོམ་པ་པོ་རྣམས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མོས་ཀྱང༌། དེས་ཀྱང་སྒྱུ་ལུས་བདག་བྱིན་བརླབས་ཀྱི་མན་ངག་མི་ཤེས་པར་གསུངས་པས། ལྷའི་སྐུ་སྣང་ལ་རང་བཞིན་མེད་པའི་དོན་ལ་གནས་པའི་ཞེན་མེད་སྒྱུ་ལུས་བདག་བྱིན་བརླབ་ཏུ་ངོ་སྤྲོད་པ་ཡང་བཀག་པ་ཡིན་ནོ། །བླ་མེད་ཀྱི་བསྐྱེད་རིམ་དུ་དྭངས་ལ་ཤིན་ཏུ་གསལ་བ་འཇའ་ཚོན་བཞིན་དུ་ཐོགས་པ་མེད་པར་སྣང་བའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་དང༌། དེའི་ཚེ་སྟོང་པ་ཉིད་ཀྱི་ལྟ་བ་དང་འབྲེལ་བའི་བདེན་ཞེན་དང་བྲལ་བ་དུ་མ་ཞིག་འབྱུང་ཡང༌། དེ་ཙམ་གྱིས་བདག་བྱིན་བརླབས་སྒྱུ་ལུས་ཀྱི་མན་ངག་ཡེ་ཤེས་ཙམ་གྱིས་ལྷའི་སྐུ་རྫོགས་པར་འགྱུར་མི་ཤེས་པར་གསུངས་པ་ལས་ན། རྒྱུད་སྡེ་འོག་མ་གསུམ་དུ་དེའི་གདམས་ངག་མི་རྙེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་རྣམས་ལེགས་པར་གོ་ན་མེ་ལོང་ལ་ལྷའི་སྐུ་ཤར་བ་ལ་སེམས་གཏད་དེ་བཟུང་ནས། མཐར་དེ་རང་གི་ལུས་ལ་ཐིམ་པར་བསྒོམས་པས། གསལ་བ་དང་དྭངས་པ་དེ་ཙམ་ཞིག་བྱུང་བ་ལ་མཉམ་པར་བཞག་པའི་ཚེ་ཞེན་མེད་བྱུང་བ་བདག་བྱིན་བརླབས་ཀྱི་སྒྱུ་ལུས་དངོས་གཞིར་འཛིན་པའི་འཁྲུལ་པ་རྣམས་ལྷག་མ་མེད་པར་ལྡོག་པར་འགྱུར་རོ། །དེ་ལྟར་ལྷའི་སྐུ་སྒོམ་པ་དང་བྲལ་བའི་བརྫུན་པ་སྒྱུ་མ་ལྟ་བུའི་རྟོགས་པ་དང༌། དེ་ལྷའི་སྐུ་དང་འབྲེལ་བར་བསྒོམ་པའི་བསྐྱེད་རིམ་པའི་


JLD007_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུ་དང༌། དེར་མ་ཟད་རྫོགས་རིམ་པའི་བདེ་བ་ཆེན་པོ་རྙེད་པའི་དབེན་གསུམ་གྱི་སྐབས་ཀྱི་ལྷའི་སྐུ་ཡང༌བདག་བྱིན་བརླབས་ཀྱི་སྒྱུ་ལུས་མིན་པར་བསྟན་ནས། གང་ལ་བརྟེན་ན་དེའི་མན་ངག་ཤེས་པར་འགྱུར་བའི་རྣལ་འབྱོར་གྱི་རྒྱུད་ཅེས་པ་ནི་དཔལ་འདུས་པ་རྩ་བཤད་ལ་སོགས་པའི་རྒྱུད་དོ། །སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་རྫོགས་པའི་རྒྱུ་རྐྱེན་ཁོང་དུ་ཆུད་པར་བྱེད་ཚུལ་ནི། དེ་ཉིད་ལས། བདེན་པར་ན་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་སྣང་བ་ཙམ། ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རེག་པར་དཀའ་བའོ། །དེ་ལྟ་མོད་ཀྱི་སྣང་བ་ཙམ་གྱི་སྣང་བ་གསུམ་པོ་རླུང་ལ་བརྟེན་པར་གྱུར་པ་དང༌། ཐུན་མོང་དུ་གྱུར་པས་ཡང་བ་སྟེ། དེས་ན་རླུང་གིས་རྣམ་པར་ཤེས་པ་བཅིངས་པ་ཡིན་ནོ། །དེ་ནས་ཤེས་རབ་དང་། ཐབས་ཀྱི་སྣང་བ་གཉིས་འོད་ཟེར་དང་བཅས་ཤིང༌། སྣ་ཚོགས་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་སྒྱུ་མ་ལྟ་བུའི་ལྷའི་སྐུ་འབྱུང་བར་འགྱུར་རོ། །འདིའི་བཞོན་པ་གང་ཡིན་ཞེ་ན། རླུང་ཞེས་བྱ་བ་སྟེ་སེམས་རྡོ་རྗེ་གང་ཡིན་པ་རྟ་ལྟ་བུ་ལ་ཞོན་ནས་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། ཞེས་གསུངས་པའོ། །དེའི་འགྲེལ་པར་ཡང་དག་པར་ན། ཞེས་འབྱུང་ཞིང༌། སྒྱུ་མ་ལྟ་བུའི་རྒྱུ་རྐྱེན་དོན་དམ་པར་གྲུབ་བོ་ཞེ་ན། སེམས་དོན་དམ་པར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་བ་གསུམ། རླུང་དང་ལྷན་ཅིག་ཏུ་གྱུར་པས་ན་རླུང་གིས་རྣམ་ཤེས་བཅིངས་པ་སྟེ། འཁྱམ་དུ་བཅུག་


JLD007_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཟེར་བ་ནི་བདེན་གཉིས་ཀྱི་སྒོ་ནས་ལན་བཏབ་པས། སྔར་གྱི་དོགས་པ་ཆོད་པ་ལ་ཅི་ཡང་མི་ཕན་ཞིང༌། རླུང་གིས་འཁྱམ་དུ་བཅུག་པ་འབྲེལ་མེད་ཀྱི་ལན་ཡིན་པས་སྙིང་པོ་མེད་དོ། །དེས་ན་སེམས་ཁ་དོག་དང་དབྱིབས་དང་བྲལ་བ་དང༌། ནམ་མཁའ་དང་མཉམ་པ་སྟེ་འདྲ་བར་ལུས་ཅན་མིན་པ་དང༌། དོན་དམ་བདེན་པ་དང་འདྲ་བར་རེག་པ་སྟེ་རྟོགས་དཀའ་བ། བདེན་པར་ན་སྟེ་བདེན་ནོ་ཞེས་པའི་དོན་ཏེ། སེམས་དབེན་གྱི་སྐབས་སུ་ཡང་དེ་དང་འདྲ་བར་གསུངས་པས་ཤེས་སོ། །སེམས་ལུས་ཅན་མིན་པ་དེ་ལྟ་མོད་ཀྱང་སེམས་དབེན་གྱི་སྣང་བ་གསུམ་པོ་རླུང་ལ་བརྟེན་པ་དེས་ན། རླུང་གིས་རྣམ་ཤེས་བཅིངས་པ་སྟེ་བཟུང་བ་ཡིན་ནོ། །འགྱུར་རྙིང་ཕལ་ཆེ་བ་ལས་སྔར་བཞིན་འབྱུང་ལ། ཁ་ཅིག་ལས། ཐུན་མོང་དུ་གྱུར་ནས་ཡང་འདྲེ་བ་སྟེ། ཞེས་དང༌། ཆག་འགྱུར་ལས། སྣང་བ་གསུམ་པོ་རླུང་ཡང་ཁམས་སུ་གྱུར་པ་དེ་རྟེན་ཏེ་ཡང་བའོ། ཞེས་འབྱུང་ངོ༌། །སྔ་མའི་དོན། རླུང་དང་རྣམ་ཤེས་འདྲེས་པས་རླུང་ཡང་བ་བཞིན་དུ། ཤེས་པ་ཡང་ཡང་བར་འགྱུར་ཞེས་ཁ་ཅིག་ཟེར་ཡང༌། ཡང་བའི་དོན་འབྱུང་བ་གཞན་ལས་ཤིན་ཏུ་ཕྲ་བར་བྱས་ནས་རྣམ་ཤེས་དང་འདྲེར་རུང་བའི་ཐུན་མོང་གི་ཆོས་ལ་བཤད་ན། སྤྱོད་བསྡུས་ཀྱི་སེམས་དབེན་གྱི་སྐབས་དང་འགྲིག་གོ །རླུང་སེམས་གཉིས་འདྲེས་པ་དེ་ནས་ཤེས་རབ་སྣང་བ་དང༌། ཐབས་མཆེད་པ་གཉིས་རླུང་འོད་ཟེར་ལྔ་དང་བཅས་པ་ལས། ཕྱག་ཞབས་ལ་སོགས་པའི་མཚན་གྱི་ཡོན་ཏན་དང་ལྡན་པའི་སྒྱུ་མའི་ལྷ་སྐུ་འབྱུང་ངོ༌། །


JLD007_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་དོན་བསྡུས་ན། རླུང་མེད་པའི་སེམས་རྐྱང་པ་ཡིན་ན། དེ་ལས་ཞལ་ཕྱག་སོགས་དང་ལྡན་པའི་ལྷའི་སྐུ་མི་འགྲུབ་ཀྱང༌། འོད་ཟེར་ལྔ་པའི་རླུང་དང་སེམས་གཉིས་ངོ་བོ་གཅིག་ཏུ་ཡོད་པས། ལྷའི་གཟུགས་འགྲུབ་པ་ལ་སྐྱོན་མེད་ཅེས་པའོ། །འདིས་ནི་ལྷའི་རྣམ་པར་སྣང་བའི་ཤེས་པ་རྐྱང་པ་ཡིན་ན། གཟུགས་སྣང་ཡོད་ཀྱང་། དེས་སྒྱུ་མའི་སྐུ་དངོས་སུ་མི་འགྲུབ་པར་བསྟན་ནོ། །ཤེས་རབ་དང་ཐབས་གཉིས་ཞེས་གསུངས་ཀྱང༌། སྔོན་ཉིད་དུ་སྣང་བ་གསུམ་ག་བཤད་པས། སྒྱུ་མའི་སྐུའི་སྒྲུབ་གཞི་ནི་རིམ་ལྔ་དང་འདྲའོ། །རྒྱུ་དང་རྐྱེན་ཞེས་པ་ལ། སྒྱུ་ལུས་གྲུབ་པའི་ཐུགས་ཀྱི་ཉེར་ལེན་གྱི་རྒྱུ་ནི་སེམས་སྔ་མ་དང༌། ལྷན་ཅིག་བྱེད་པའི་རྐྱེན་ནི་རླུང་ཡིན་ལ། དེའི་སྐུའི་ཉེར་ལེན་ནི་རླུང་དང༌། སེམས་སྔ་མ་ནི་ལྷན་ཅིག་བྱེད་རྐྱེན་ནོ། །ཡེ་ཤེས་གསུམ་གྱི་ཐུགས་རྡོ་རྗེ་རང་གི་བཞོན་པ་རླུང་རྟ་ལྟ་བུ་ཞོན་ནས་གང་དུ་འདོད་པ་དེར་འཕོ་ཞེས་པ་ནི། སེམས་དབེན་གྱི་རླུང་སེམས་གཉིས་ཀྱི་གཉུག་མའི་ལུས་ལས་སྒྱུ་མའི་སྐུ་འགྲུབ་པའི་དུས་སུ། ལུས་རགས་པ་ལས་ལོགས་སུ་ཕྱེ་ནས་ལུས་ཀྱི་ཕྱི་རོལ་ལམ། ནང་གང་དུ་འདོད་པ་དེར་འགྲོ་བའི་དོན་ནོ། །དོན་འདི་སྤྱོད་བསྡུས་ལས། རྣམ་ཤེས་འཕོ་བའི་མདོ་ལས་ཀྱང་གསལ་བར་གསུངས་ཏེ། ཞེས་མདོ་དེ་ལས་ཤི་བའི་མཇུག་ཐོགས་སུ་གྲུབ་པའི་བར་དོའི་རྐང་ལག་ལ་སོགས་པ་ནི། ཆུའི་ནང་དུ་བྱུང་བའི་མིའི་གྲིབ་མ་དང་འདྲ་བ་དང༌། དེ་ལ་གྲང་དྲོ་དང་བདེ་སྡུག་དང་ངལ་དུབ་ལ་སོགས་པ་དང༌། ཤ་ལ་


JLD007_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མེད་ཅིང༌། ཁམས་ཀྱིས་གཞིག་མི་ནུས་པ་དང་འདྲ་བར་གསུངས་ལ། ཆག་འགྱུར་ལས། རྣམ་པར་ཤེས་པ་འདི་ཐོག་མར་འཕོ་བའི་ལུས་ཀྱི་ཁོག་པ་སྤངས་ནས་གཞན་གཟུགས་ཀྱི་རྣམ་པ་ལྟ་བུར་འགྱུར་རོ། ཞེས་གསུངས་པ་རྣམས་དྲངས་པའི་འོག་ཏུ། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོའི་སྲིད་པ་བར་མ་ཞེས་བྱ་བ་འཁོར་བའི་རྒྱུར་འགྱུར་རོ། ཞེས་སོགས་སྔར་དྲངས་པ་བཞིན་དུ་གསུངས་སོ། །མདོ་དེས་སྒྱུ་ལུས་གསལ་བར་བསྟན་པ་མིན་ཡང༌། རླུང་སེམས་ཙམ་ལས་ཡན་ལག་ལ་སོགས་པ་ཚང་བའི་ལུས་སུ་གྲུབ་པ་དང༌། ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་བ་སོགས་སྒྱུ་ལུས་གཏན་ལ་འབེབས་པའི་དཔེར་ཤིན་ཏུ་གསལ་བ་དང༌། ཐབས་དང་མི་ལྡན་པ་ལ་བར་དོར་འོང་རྒྱུའི་རླུང་སེམས་དེ། ཐབས་ལ་མཁས་པ་ལ་སྒྱུ་མའི་ལྷ་སྐུར་འཆར་བ་ལ་དགོངས་ནས་མདོ་དེས་གསལ་བར་བསྟན་ཞེས་གསུངས་སོ། །རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་སྐུ་དག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། ཞེས་གསུངས་པ་སྤྱོད་བསྡུས་སུ་སྒྱུ་ལུས་ཀྱི་སྐབས་སུ་དྲངས་པས་ཀྱང་། སྒྱུ་ལུས་སྒྲུབ་ཚུལ་མ་བསྟན་ཀྱང༌། སྤྱིར་དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་ན་འཇའ་ཚོན་ལྟ་བུའི་སྐུ་འགྲུབ་པ་གྲུབ་ན། བྱེ་བྲག་ཏུ་སེམས་དབེན་གྱི་དེ་ཁོ་ན་ཉིད་བསྒོམས་ན་ཡང་འཇའ་ཚོན་ལྟ་བུའི་སྒྱུ་ལུས་འགྲུབ་པར་ཡང་འགྲུབ་དགོས་པའི་ཕྱིར་ན་དྲང་དུ་རུང་ངོ༌། །གཉིས་པ་ནི། དེ་ལྟར་སྒྱུ་ལུས་འགྲུབ་པ་ལ་ནི། བསྒོམས་སྟོབས་ཀྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་


JLD007_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཞིག་དགོས་སོ། །དེ་ཡང་རྣམ་ཤེས་གོང་དུ་འཕོ་བ་དང༌། གཞན་གྱི་གྲོང་དུ་འཇུག་པའི་རྣལ་འབྱོར་གྱིས་དེ་གཉིས་སོ་སོར་འབྱེད་པ་ནི། སམ་བྷུ་ཊའི་དོན་མན་ངག་སྙེ་མར་བཤད་པ་ལྟར་བུམ་པ་ཅན་ལ་སོགས་པའི་རླུང་སྦྱོར་སྔོན་དུ་བྱང་བར་བྱས་ནས། རྣམ་ཤེས་ཀྱི་གནས་སྙིང་ཁ་ནས་རླུང་གི་བཞོན་པ་ཅན་གྱི་རྣམ་ཤེས་འདོན་པའི་དམིགས་པ་ཡང་དང་ཡང་དུ་བྱེད་པ་ཡིན་ལ། འདིར་ནི་དེ་ལྟར་མི་བྱེད་ཀྱི། ཐབས་ཁྱད་པར་ཅན་གཞན་གྱིས་བྱེད་དོ། །དེ་ཡང་དཔེར་ན། ས་ཆུ་ལ་ཐིམ་པ་ནས། འཆི་བའི་འོད་གསལ་གྱི་བར་གྱི་འཆི་རིམ་རྣམས་བྱུང་ན། རིམ་པ་དེ་རྣམས་རགས་པ་དང་གཉུག་མའི་ལུས་གཉིས་སོ་སོར་འབྱེད་བྱེད་དུ་ངང་གིས་འགྲོ་བ་དེ་བཞིན་དུ། རྡོར་བཟླས་སོགས་ཕྱི་ནང་གི་སྲོག་རྩོལ་སྒོམ་པ་སེམས་དབེན་གྱི་སྔོན་དུ་འགྲོ་དགོས་པ་རྣམས་མཐར་ཕྱིན་ཏེ། ས་ཆུ་ལ་ཐིམ་པ་སོགས་འཆི་རིམ་ཇི་བཞིན་དུ་བསྐྱེད་པའི་སྒོ་ནས་སེམས་དབེན་རྫོགས་པར་བསྐྱེད་པ་དེ་ཉིད་ཀྱིས་ལུས་གཉིས་སོ་སོར་ཕྱེ་ནས། སྟོང་པ་རྣམས་ཀྱི་རླུང་སེམས་ཙམ་ལས་བདག་བྱིན་བརླབས་ཀྱི་སྒྱུ་མའི་སྐུ་སྒྲུབ་པར་བྱེད་དོ། །བདག་ནི་ངའོ་སྙམ་པའི་ཐ་སྙད་འདོགས་པའི་གཞིར་གྱུར་པའི་རླུང་སེམས་སོ། །དེ་ཉིད་རྡོ་རྗེ་འཆང་གི་སྐུར་བསྐྱེད་པ་ནི་བྱིན་གྱིས་བརླབས་པའོ། །གྲོང་འཇུག་ནུས་པས་རླུང་སེམས་ཀྱི་ལུས་ལོགས་སུ་ཕྱེ་བ་ན་རང་ཉིད་རྡོ་རྗེ་འཆང་གི་སྐུར་མོས་པ་ཡིད་བྱེད་ཀྱིས་བསྐྱེད་


JLD007_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཁྱད་པར་ཤིན་ཏུ་ཆེ་སྟེ། འདི་ནི་མོས་བློ་ཙམ་མིན་པར་རླུང་སེམས་ཉིད་ལྷའི་སྐུར་སྐྱེས་པ་ཡིན་པས། བསྒོམས་པ་ན་སེམས་དེའི་རྣམ་པར་སྣང་བ་ཙམ་གྱི་ལྷ་སྐུ་དང་མི་འདྲའོ། །སློབ་པའི་ཟུང་འཇུག་གི་སྒྱུ་མའི་སྐུ་ཐོབ་ཕྱིན་ཆད་ནས་དེའི་རིགས་འདྲ་མི་འཆད་པས་དངོས་པོ་ལ་གནས་པ་ཞེས་བྱ་ལ། རྡོ་རྗེའི་སྐུ་ཞེས་པའི་མཚན་ཉིད་ཀྱང་ཚང་ངོ༌། །རིམ་པ་གསུམ་པའི་སྒྱུ་ལུས་ནི་དོན་གྱི་འོད་གསལ་མངོན་དུ་གྱུར་པ་ན་དག་ནས་འགྲོ་བས། རྡོ་རྗེའི་སྐུ་ཞེས་གསུངས་ཀྱང་དེའི་མཚན་ཉིད་མ་ཚང་བས། སྔ་མ་ལྟར་མི་གནས་པ་ལ་བསམས་ནས་རྣལ་འབྱོར་པའི་བསམ་ངོ་ན་གནས་པའི་ཡེ་ཤེས་ཀྱི་སྐུ་ཞེས་བརྗོད་ན་འགལ་བ་མེད་དོ། །འོན་ཀྱང་དངོས་དང་རྗེས་མཐུན་པ་སོ་སོར་མ་ཕྱེ་བའི་རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་ཐ་སྙད་བྱེད་ན་མ་གཏོགས་པ། ཡིད་ངོ་རྐྱང་པར་ལུས་རགས་པ་ལས་ལོགས་སུ་ཕྱེ་བར་སྣང་བའི་ལྷ་སྐུ་ནི་བདག་བྱིན་བརླབས་ཀྱི་སྒྱུ་ལུས་དངོས་ཡིན་པར་མི་གཟུང་ངོ༌། །སེམས་དབེན་གྱི་སྣང་བ་གསུམ་གྱི་རླུང་སེམས་ལས་སྒྱུ་མའི་སྐུ་སྒྲུབ་ཅེས་བཤད་པ་མ་གཏོགས་པ། ལུགས་མཐུན་དང་ལུགས་ལྡོག་གི་སྟོང་པ་རྣམས་ཀྱི་མཚམས་གང་དུ་སྒྱུ་མའི་སྐུ་སྒྲུབ་པ་ཡབ་སྲས་ལྔའི་གཞུང་ནས་མི་གསལ་ལོ། །ལག་སྨི་སོགས་ཀྱིས། འོད་གསལ་གྱི་ངང་ནས་ཆུ་ལས་ཉ་བཞིན་དུ་ཅིག་ཅར་དུ་རྡོ་རྗེ་འཆང་གི་སྐུར་ལངས་པ་ནི་ཅིག་ཅར་གྱི་རིམ་པ་དང༌། འོད་གསལ་ལས་ཉེར་ཐོབ་དང༌། དེ་ལས་མཆེད་པ་དང༌། དེ་ལས་སྣང་བར་སོང་བའི་མཚམས་ནས་རྡོ་རྗེ་འཆང་གི་སྐུར་


JLD007_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པ་ནི། ཉེར་ཐོབ་ལ་སོགས་པའི་རིམ་པའི་ཐབས་ཞེས་བཤད་དོ། །རང་གི་ལུགས་ནི་ཟུང་འཇུག་གི་སྐབས་སུ་འཆད་པར་འགྱུར་རོ། །ལུས་རྙིང་པ་ལས་ལོགས་སུ་ཕྱེ་བ་ལ། ལུས་རྙིང་པའི་གོ་ས་སྤངས་ནས་གནས་དགོས་པས་མ་ཁྱབ་པ་ནི་སྔར་བཤད་པ་དང༌། སྒྲོན་གསལ་ལས་དག་པའི་སྒྱུ་མའི་སྐུ་ཕུང་པོའི་ཟ་མ་ཏོག་ན་གནས་པར་གསུངས་པ་སོགས་ཀྱིས་ཀྱང་ཤེས་སོ། །སེམས་དབེན་ཐོབ་པའི་རྣལ་འབྱོར་པས་ཕུང་པོ་ཕྲ་རགས་གཉིས་ཀ་གནས་གྱུར་པའི་ཚུལ་གྱིས་སྒྱུ་མའི་སྐུ་སྒྲུབ་ན་ནི། ཡབ་སྲས་ཀྱི་གཞུང་རྣམས་ལས་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་སྒྲུབ་པར་བཤད་པ་མི་རིགས་ཏེ། དཔེར་ན་སྣལ་མ་ཀུན་ལས་སྣམ་བུ་སྒྲུབ་པ་ལ། དེའི་ནང་ནས་སྣལ་མ་ཉག་མ་གཉིས་དམིགས་ཀྱིས་བཀར་ནས་དེ་ལས་སྣམ་བུ་སྒྲུབ་ཅེས་བཤད་དུ་མི་རུང་བ་བཞིན་ནོ། །དང་པོ་སྒྲུབ་པའི་ཚེ་སྟོང་པ་རྣམས་ཀྱི་རླུང་སེམས་ལས་སྒྲུབ་དགོས་པ་ཡིན་ཀྱང༌། གྲུབ་ནས་གནས་པའི་ཚེ་ནི་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་མངོན་གྱུར་དུ་མེད་པའི་ཚེ། ཡང་སྒྱུ་མའི་སྐུ་ཡོད་པའི་སྐབས་མང་བས། དེ་གསུམ་ལོག་པ་ན་སྒྱུ་མའི་སྐུ་ལྡོག་པ་དང༌། ཕྱི་མ་ཡོད་པའི་དུས་སུ་སྔ་མ་ཡོད་པས་ཁྱབ་པ་ཡང་མིན་ནོ། །འཕེན་པ་ཇི་འདྲ་བ་ཞིག་གིས་སྒྱུ་ལུས་སྒྲུབ་པའི་ཚུལ་ནི། ཡབ་སྲས་ཀྱི་གཞུང་གཞན་ནས་མི་གསལ་བས། སྤྱོད་བསྡུས་ལས། བར་དོར་འཚང་རྒྱ་བའི་སྐབས་སུ་འོད་གསལ་དུ་ཞུགས་ཏེ་ཐ་མལ་པའི་


JLD007_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་བོར་ནས། བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བར་བྱའོ་སྙམ་པའི་འཕེན་པ་གཏོང་བར་བཤད་པའི་རིགས་པ་སྦྱོར་ཤེས་དགོས་སོ། །འདི་ནི་སྒྱུ་ལུས་རྗེས་མཐུན་པ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་འདྲ་བའི་སྐུ་དེ་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་གསུངས་ལ། བཅུ་གཉིས་ནི། སྒྱུ་མ་དང༌། ཆུ་ཟླ་དང༌། མིག་ཡོར་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། བྲག་ཆ་དང༌། དྲི་ཟའི་གྲོང་ཁྱེར་དང༌། མིག་འཕྲུལ་དང༌། འཇའ་ཚོན་དང༌། གློག་དང༌། ཆུའི་ཆུ་བུར་དང༌། མེ་ལོང་གི་གཟུགས་བརྙན་ནོ། །སྒྱུ་མ་དཔེར་བླངས་པ་གཅིག་ལས་མེད་ཀྱང་སྒྱུ་མའི་དཔེ་བཅུ་གཉིས་ཞེས་གསུངས་པ་ནི། དཔེའི་ཐོག་མས་གཞན་རྣམས་ཀྱང་མཚོན་པའམ་སྒྱུ་མའི་ལུས་ཀྱི་དཔེ་ཡིན་པ་ལ་དགོངས་སོ། །དེ་ལ་རླུང་སེམས་ཙམ་ལས་རྡོ་རྗེ་འཆང་གི་སྐུར་བསྐྱེད་པ་ན། ཡན་ལག་དང་ཉིང་ལག་ཚང་ཡང་རླུང་སེམས་ཙམ་ལས་མེད་པས་སྒྱུ་མའི་མི་ལྟ་བུའོ། །གར་ཡང་ཁྱབ་པ་ནི་ཆུ་ཟླ་ལྟ་བུའོ། །ཤ་རུས་ལ་སོགས་པ་དང་བྲལ་བས་མིག་ཡོར་ཏེ་མིའི་གྲིབ་མའི་ལུས་ལྟ་བུའོ། །སྐད་ཅིག་གིས་གཡོ་བ་ནི་སྨིག་རྒྱུ་ལྟ་བུའོ། །རླུང་སེམས་ཙམ་ལས་གྲུབ་པའི་ལུས་ཡིན་པ་ནི་རྨི་ལམ་དུ་ལུས་རགས་པ་ལས་ཟུར་དུ་ཕྱེ་བའི་རྨི་ལམ་གྱི་ལུས་ལྟ་བུའོ། །རྣམ་སྨིན་གྱི་ལུས་དང་རྒྱུད་གཅིག་ཏུ་གཏོགས་ཀྱང་གཞན་དུ་སྣང་བ་ནི་བྲག་ཆ་ལྟ་བུའོ། །སྐུ་དེའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བ་ནི་དྲི་ཟའི་གྲོང་


JLD007_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ལྟ་བུའོ། །གཅིག་ཡིན་ཀྱང་དུ་མར་སྣང་བ་ནི་མིག་འཕྲུལ་ལྟ་བུའོ། །སྐུའི་ཁ་དོག་རྣམ་པ་ལྔ་ཐོགས་པ་མེད་ཅིང་མ་འདྲེས་པར་སྣང་བ་ནི་འཇའ་ཚོན་ལྟ་བུའོ། །རྣམ་སྨིན་གྱི་ལུས་ཀྱི་ཕུང་པོའི་ནང་ན་གནས་པ་ནི་སྤྲིན་གྱི་གསེབ་ན་གློག་འགྱུ་བ་ལྟ་བུའོ། །སྟོང་པའི་ངང་ནས་ཐོལ་གྱིས་བཞེངས་པ་ནི་ཤིན་ཏུ་དྭངས་པའི་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུའོ། །ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ནི་མེ་ལོང་ལ་རྡོ་རྗེ་འཆང་གི་གཟུགས་བརྙན་ཤར་བ་ལྟ་བུའོ། །དེ་རྣམས་ནི་སློབ་པའི་སྒྱུ་མའི་སྐུ་མཚོན་ཚུལ་ཡིན་གྱི། མི་སློབ་པའི་སྒྱུ་མའི་སྐུ་མཚོན་པ་ལ་སྦྱོར་བའི་ཚེ་དཔེ་དྲུག་པ་དང་བཅུ་པ་ནི་དེའི་སྐབས་དང་མཐུན་པར་སྦྱར་རོ། །བདག་བྱིན་བརླབས་ལས་གྲིབ་མ་ཞེས་པ་ནི་མིག་ཡོར་གྱི་དོན་ཡིན་ལ། མིག་འཕྲུལ་གྱི་དོད་ལ་སྤྲིན་འབྱུང་ངོ༌། །མཚན་གྱི་རྣམ་གྲངས་ནི། བདག་བྱིན་བརླབ་ཅེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ངེས་པར་མཚོན་པ་སྟེ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བདག་ཉིད་ཆེ། ཞེས་གསུངས་པ་ལྟར་རོ། །སྒྱུ་མའི་སྐུ་དེ་ཐོབ་པའི་ཡོན་ཏན་ནི། ཚེ་དེ་ལ་ངེས་པར་འཚང་རྒྱ་བར་གསུངས་ཤིང༌། ཡང་རིམ་ལྔ་ལས། གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་པོ་འགྲོ་དང་བཞུགས། །གནས་དང་གོས་དང་ཟས་ལ་སོགས། །མཁའ་


JLD007_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐད་ཅིག་དག་གིས་རྙེད། །སྲིད་པ་གཅོད་པར་འགྱུར་བ་དང༌། །འགྲོ་ན་རབ་མཆོག་སྟོན་པར་འགྱུར། །ལྷ་དང་བཅས་པ་ཀུན་གྱིས་མཆོད། །ཡང་དང་ཡང་དུ་ཕྱག་བྱེད་འགྱུར། ཞེས་གསུངས་པ་རྣམས་དང༌། སྤྱོད་བསྡུས་ལས། སངས་རྒྱས་ཀྱི་དབང་བསྐུར་བ་འཐོབ་པར་གསུངས་སོ། །རྩ་བའི་རྒྱུད་ལས་ཀྱང༌། ལུས་དང་ངག་སེམས་རྡོ་རྗེ་ལ། །རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ། །ལུས་དང་ངག་སེམས་ལ་སྤྲོས་པས། །རྡོ་རྗེ་འཇམ་པ་འདྲ་བར་འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད་དག་གིས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །དགའ་བའི་བདག་ཉིད་སྣང་བར་འགྱུར། །ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུས་སོ། ཞེས་གསུངས་པ་ལ་སྒྲོན་གསལ་ལས། རྡོ་རྗེ་འཇམ་པ་ནི་ཡིད་ཀྱི་རང་བཞིན་གྱི་སྒྱུ་མའི་སྐུ་དང༌། དེ་རང་གི་ལུས་ངག་ཡིད་གསུམ་ལ་སྒོམ་པར་མ་ཟད། ཁམས་གསུམ་པའི་ལུས་ངག་ཡིད་གསུམ་ལ་སྤྲོས་ནས་བསྒོམས་པས་རྡོ་རྗེ་འཇམ་པ་དང་འདྲ་བར་འགྱུར་བ་དང༌། དཔག་ཚད་བརྒྱའི་ཁྱོན་ཙམ་དུ་རྒྱ་ཆེ་བའི་ཚད་དང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་འབར་བ་སྟེ་རང་གི་སྐུའི་འོད་ཀྱིས་སྣང་བར་བྱེད་པ་དང༌། མཚན་སོ་གཉིས་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་དང༌། དེ་འདྲ་བའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དེ། ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་ཀྱང་ནམ་ཡང་མི་མཐོང་ན་གཞན་གྱིས་ལྟ་ཅི་སྨོས་ཏེ། ཕྱིར་མི་ལྡོག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །འཇམ་དཔལ་


JLD007_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱག་རྒྱ་ཆེན་པོ་དེ་ནི་སོ་སོ་སྐྱེ་བོ་རྣམས་ཀྱིས་མི་མཐོང་ཞིང་མི་རེག་པས་ན། ཏིང་ངེ་འཛིན་འདི་ནི་མི་སྣང་བ་ཞེས་བྱའོ། ཞེས་བཤད་དོ། །འདིའི་མཇུག་ཉིད་དུ་སྒྱུ་མའི་རང་བཞིན་གྱི་སྐུ་འདི་ཉིད་འོད་གསལ་བས་རྣམ་པར་སྦྱངས་བས་བསྒྲུབ་པར་བྱ་བའི་ཕྱིར། ཞེས་ཀྱང་གསུངས་ཤིང༌། འདི་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་པར་བཤད་ལ། ཟུང་འཇུག་གི་སྒྱུ་མའི་སྐུ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་པ་མ་བཤད་པས། རིམ་པ་གསུམ་པའི་སྒྱུ་མའི་སྐུ་ཡིན་ནོ། །འདི་ལ་གནས་པས་འཕགས་པའི་ས་མ་ཐོབ་པ་འཆད་པར་མི་འགྱུར་བས། འདིར་སོ་སྐྱེ་རྣམས་ཀྱིས་མི་མཐོང་ཞེས་གསུངས་པ་ནི་ཁོ་རང་ལས་གཞན་པ་ཡིན་ལ། དེ་ཡང་ཚངས་པ་ལ་སོགས་པས་མི་མཐོང་བར་སྔར་བཤད་པ་བཞིན་ཡིན་པས། སྒྱུ་ལུས་མ་ཐོབ་པའི་སོ་སྐྱེས་མི་མཐོང་བའོ། །ཡོན་ཏན་འདི་དག་གི་ཕྱོགས་ཙམ་ཡང་མེད་པའི་ཏིང་ངེ་འཛིན་འགའ་ཞིག་ལ། ཡེ་ཤེས་ཀྱི་སྐུའི་སྒྱུ་ལུས་དངོས་ཐོབ་པར་ངོ་སྤྲད་ནས་དབུགས་འབྱིན་པ་ནི་སྐུ་འདི་འགྲུབ་པའི་ས་མཚམས་དང༌། སྐུ་འདི་འགྲུབ་ཚུལ་དང༌། སྒྲུབ་པ་ལ་ཡོན་ཏན་ཅི་ཡོད་མ་ཤེས་པའི་སྐྱོན་ནོ། །བསྐྱེད་རིམ་པའི་སྔགས་ཀྱི་སྐུ་དང༌། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུའི་ལྷ་སྐྱེད་ཚུལ་གཉིས་གཞུང་གཞན་ནས་མི་གསལ་བས། རྫོགས་རིམ་པའི་སྐབས་ཀྱི་ལྷ་སྐྱེད་ཚུལ་བཤད་པ་ཐམས་ཅད་ཀྱང་བསྐྱེད་རིམ་དུ་ལུགས་གཞན་འཛིན་པ་མང་པོས་འདོད་ཅིང༌། ལུགས་འདི་ལ་


JLD007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་པ་རྣམས་ཀྱིས་ཀྱང་ལྷ་སྐུ་གཉིས་ཀྱི་རྣམ་དབྱེ་བྱས་ཀྱང༌། དེ་རྣམས་ཀྱི་རྣམ་དབྱེ་ལེགས་པར་ཕྱེ་བ་ཤིན་ཏུ་དཀོན་པར་མཐོང་བས། ཆེས་ཤིན་ཏུ་གསང་བའི་གནས་འདི་མ་ནུས་ན་སྙམ་པའི་གསལ་བར་བྱས་སོ། །གསུམ་པ་ལ་གཉིས། མན་ངག་ལས་ཇི་ལྟར་འབྱུང་བ་དང༌། དེའི་དོན་གཞུང་ལ་སྦྱར་ཏེ་བཤད་པའོ། །དང་པོ་ནི། མར་ལུགས་ཀྱི་གདམས་པ་གསེར་སྡིངས་པས་མཛད་པ་ལས། སྒྱུ་ལུས་དངོས་གཞིའི་ངོས་འཛིན་འབྱུང་ཚུལ་ནི། དོན་བཞི་མ་ལས། སྒྱུ་ལུས་ནི། འཕགས་པ་ཡབ་སྲས་ཀྱིས་སྒྱུ་མ་སྣང་ལ་རང་བཞིན་མེད་པ་དང༌། ལུས་ལྷའི་སྐུ་ལ་བཞེད་པས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ཞིག་ཡིན། དེ་འབྱུང་བའི་རྒྱུ་ནི། བསྐྱེད་རིམ་གྱི་ལྷ་སྐུ་བསྒོམས་པ་དང༌། བསྐྱེད་རིམ་ལྷ་སྐུར་འཛིན་པའི་ཞེན་པ་སྟོང་པ་གསུམ་གྱིས་སྦྱངས་པ་ལས་བར་མ་ཆད་དུ་ཆུ་ལས་ཆུ་བུར་རྡོལ་བའམ། ཆུ་ཀླུང་དྭངས་བ་ལས་ཉ་འཕར་བ་ལྟར་ཐབས་ཤེས་ཀྱི་ལྷ་སྐུ་ཡེར་ཏེ་འཆར་བ་ཡིན། དེ་ཡང་མ་ནིང་གི་ཡི་གེ་བཞི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པས་ཐིག་ལེ་ལྷ་སྐུར་འཆར་བ་ཡིན་ཏེ། ཡུམ་གྱིས་སྟོང་པ་མཚོན། ཡབ་ཀྱིས་སྣང་བ་མཚོན། ཕན་ཚུན་ཞལ་སྦྱར་བས་སྣང་སྟོང་གི་རོ་བདེ་བར་ཤར་བའོ། །ཨ་ཐུང་ཤད་ལྟ་བུ་དེ་འོད་ཟེར་ལྔ་དང་ལྡན་པར་གནས་པ་དེ། རླུང་སེམས་ཀྱི་ལུས་ཡིན་པས་དེ་ལ་བསྡུས་ནས་བསྒོམ། སྒྱུ་ལུས་ཀྱི་ལྷ་སྐུ་དེ་ཡང་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ནང་དུ་སྒོམ་པ་ཡིན་ཞེས་བཤད་དོ། །འཁོར་ལོ་ཅན་དུ་ཡང༌། པདྨ་ནང་མ་དབུས་ཀྱི་མི་ཤིགས་


JLD007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐིག་ལེ་ལ་བསྡུས་པའི་ཐིག་ལེ་ལྷ་ཡབ་ཡུམ་གྱི་སྐུར་ཤར་བ་མེ་ལོང་གི་གཟུགས་བརྙན་ལྟ་བུར་སྒོམ་པ་ཡིན་ཞེས་བཤད་ཅིང༌། རིམ་ལྔ་གདན་རྫོགས་ལས། ཐིག་ལེ་ལ་སེམས་གཏད་ནས་སྒོམ་པ་སློབ་པའི་འོད་གསལ་དང༌། འཇོག་པའི་ཚེ་ཐིག་ལེ་སྟོང་པ་ལས་ལྷ་སྐུར་ལངས་ཏེ་སྤྱོད་ལམ་བྱ། ཞེས་པ་ནི་ལུགས་དེའི་མན་ངག་ཆེ་བ་གཉིས་དང་ཆུང་བ་རྣམས་དང་ཡང་མི་མཐུན་པའི་ནོར་བའོ། །དོན་ལྔ་མ་ལས། ཨ་ཤད་ལྟ་བུ་འོད་ཟེར་ལྔ་ལྡན་དུ་གནས་པ་དེ། དངོས་པོའི་གནས་ལུགས་རླུང་སེམས་ཀྱི་ལུས་ཡིན་པས། དེ་ལ་སེམས་བསྡུས་ནས་སྒོམ་པ་ཡིན། དེ་དངོས་འཛིན་དང་བྲལ་བས་ཡོད་པ་མིན། རང་བཞིན་མེད་བཞིན་དུ་སྣང་བས་མེད་པ་མིན་པ་དེས་སྒྱུ་མ་ངོས་འཛིན། ལུས་ལྷ་སྐུ་ལ་འཕགས་པ་ལྷས་བཤད་པས། ལྷ་སྐུ་གསལ་སྟོང་སྣང་ལ་རང་བཞིན་མེད་པ་ངོས་བཟུང་དང་བྲལ་བ་དེ་སྒྱུ་ལུས་སུ་བྱས་སོ། །དེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་གསུངས་པས། མེ་ལོང་གི་གཟུགས་བརྙན་སོགས་དང་འདྲ་བ་དེ་ངོས་ཟིན་ན་སྒྱུ་ལུས་ངོས་ཟིན་པ་ཡིན་ཞེས་བཤད་དོ། །དེར་སྒྱུ་ལུས་དངོས་མི་ཤིགས་པའི་ཐིག་ལེ་ལ་བྱེད་ཅེས་འབྱུང་ཡང༌། ཐིག་ལེ་ལྷ་སྐུར་ལངས་པ་ལ་བྱེད་པར་དེ་ཉིད་ལས་ཤེས་སོ། །དེས་ནི་མན་ངག་ཆུང་བ་གཉིས་ལས། ཨ་ཐུང་དང་ཧཱུཾ་ཡིག་སྒྱུ་ལུས་སུ་བཤད་པ་ཡང་ཤེས་པར་བྱའོ། །དོན་ལྔ་མ་ལས། སྒྱུ་ལུས་ཉམས་སུ་ལེན་པ་ལ་སྒྱུ་མའི་མཉམ་གཞག་དང་། སྒྱུ་མའི་རྣམ་ཐར་གཉིས་ཀྱི་དང་པོ་ནི། གནས་ཁང་ལ་ཤར་ནུབ་


JLD007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྐར་ཁུང་གདོད་ཅིང་མཐོངས་བཞག །རྒྱ་སྐྱེགས་ཀྱི་ཆུས་ཟངས་གང་བའི་སྟེང་ན་རལ་གྲི་འཕྱར་བ་དང༌། མདུན་དུ་མེ་ལོང་བཞག་པ་ལ་རས་བྲིས་ཀྱི་རྡོར་སེམས་ཀྱི་སྐུའི་གཟུགས་བརྙན་ཤར་བ་ལ་སེམས་གཏད་ནས་བསྒོམ། དེ་ལ་བདེན་ཞེན་མི་འོང་བས་སྒྱུ་མ་ངོས་འཛིན་པ་ཡིན། འདི་བསྐྱེད་རིམ་ལ་སྦྱོང་བའི་གདམས་པ་ཡིན་གསུང༌། ཞེས་འཆད་དེ། རིམ་ལྔ་ལས། རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། ཞེས་སོགས་གསུངས་པའི་དོན་དུ་འདོད་དོ། །དེ་ལ་བརྟེན་ནས་བདེན་ཞེན་འགོག་ཚུལ་ནི། གསེར་སྡིངས་པའི་སྒྱུ་མ་སུམ་རྒྱུད་ཀྱི་མན་ངག་ལས། མཉམ་གཞག་དང༌། རྨི་ལམ་དང༌། བར་དོ་སྒྱུ་མ་གསུམ་བཤད་པའི་དང་པོ་ལ། སྒྱུ་མ་གཟུང་། སྦྱང་གཅིག་ཏུ་བྱེད་པ་གསུམ་གྱི་དང་པོ་ནི། མེ་ལོང་ལ་ལྷ་སྐུ་ཤར་བ་དེ་ལ་བསྟོད་སྨད་བྱས་པས་དགའ་མི་དགའ་དང༌། ཆགས་སྡང་འདུག་མི་འདུག་བརྟག་དེ་མི་འདུག་པ་དང་མདུན་དུ་ཕྱུང་སྟེ། དེ་ག་ལྟར་གསལ་གདབ། ཡང་བསྟོད་སྨད་བྱས་ལ་ཆགས་སྡང་འདུག་མི་འདུག་བལྟ། དེ་མི་འདུག་པ་དང་རང་ལ་བསྟིམས་ནས། རང་ཉིད་ལྷའི་སྐུ་སྒྱུ་མ་ལྟ་བུར་བསྒོམ་ལ། རང་ལ་བསྟོད་པ་དང༌། གཡས་ནས་ཙན་དན་གྱི་ལྡེ་གུས་བྱུག་པ་དང༌། ནོར་ལ་སོགས་པ་འབུལ་བ་ལ་དགའ་ཞིང་ཆགས་པ་མེད་པར་བྱ། རང་ལ་སྨོད་པ་དང༌། གཡོན་ནས་སྟེའུས་གཞོག་པ་དང༌། ནོར་ལ་སོགས་པ་འཕྲོག་པ་ལ་ཡང་མི་དགའ་བ་དང་སྡང་བ་མེད་པར་བྱ་ཞེས་འཆད་དོ། །ལུགས་འདིའི་མན་ངག་འཛིན་པ་ཁ་ཅིག །མཉམ་གཞག་སྒྱུ་མའི་ཐ་སྙད་སོར་བཞག་ནས། དེ་སྒོམ་པའི་ཚུལ་ནི། ལུས་གནད་


JLD007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྟ་སྟངས་དམ་པོས་སེམས་གཡོ་མེད་དུ་བཞག་པས་སེམས་ཟིན། དེ་ཟིན་པས་རླུང་ཟིན། དེ་ལས་ཉམས་སྐྱེ་སྟེ། ས། ཆུ། མེ། རླུང༌། སེམས། སེམས་བྱུང༌། མ་རིག་པ། ཐམས་ཅད་སྟོང་པ་རྣམས། སྔ་མ་ཕྱི་མ་ལ་ཐིམ་པས། སྨིག་རྒྱུ་ནས་མུན་ནག་གི་རྣམ་པ་ལྟ་བུའི་བར་རྣམས་འབྱུང༌། དེ་ནས་ཐམས་ཅད་སྟོང་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ། དེ་ནས་ལུགས་ལྡོག་ཏུ་སྣང་བ་གསུམ་ཤར་བའི་སེམས་གསུམ་རླུང་དང་བཅས་པ་ལས། སྒྱུ་མའི་ལྷ་སྐུ་ལ་སོགས་པའི་ཉམས་ཀྱི་གསལ་སྣང་དཔག་ཏུ་མེད་པ་ཅིག་སྐྱེའོ། །དེ་ལྟར་བསྒོམས་ཀྱང་སྐྱེད་ཆེར་མ་བྱུང་ན་སྤོགས་ཆོག་ནི། རྒྱས་པ་དོན་ལྔ་མ་ལྟར་རམ། དེ་ཙམ་མི་འགྲུབ་ན་མེ་ལོང་གི་ནང་དུ་ལྷའི་སྐུ་ཤར་བའི་ཐུགས་ཀར་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས། དང་པོ་གཟུགས་བརྙན་གསལ་བ་སྣང་བ། དེ་ནས་གཟུགས་བརྙན་ལོགས་སུ་ཆད་པ་ལྟར་སྣང་བ་མཆེད་པ། དེ་ནས་དེ་མི་གསལ་བར་ནག་ཐིབ་སྟེ་སོང་བ་ཉེར་ཐོབ། དེ་ནས་ཐམས་ཅད་དྭངས་པ་ནམ་མཁའ་ལྟ་བུའི་ངང་ནས་སྔར་བཤད་པ་བཞིན་ཉམས་སྣ་ཚོགས་སྐྱེ་ཟེར་རོ། །དེ་ལ་སྔ་མ་ནི། སྔར་དྲི་མེད་འོད་དང༌། བདེ་མཆོག་བསྟོད་འགྲེལ་དྲངས་པ་ལས། སོར་སྡུད་ཀྱིས་ནམ་མཁའ་ལ་སྣ་ཚོགས་པའི་ཉམས་སྣང་མཐོང་བ་རྣམས་བདག་བྱིན་བརླབས་སུ་བཤད་པ་དང༌། འདི་པའི་སྒྱུ་ལུས་ཀྱི་བདག་བྱིན་བརླབས་གཉིས་དོན་གཅིག་ཏུ་བཟུང་ནས་བྱས་པར་སྣང་ངོ༌། །སྤོགས་ཆོག་ནི། བོད་སྔ་མ་འགའ་ཞིག་གིས་ཡུལ་གང་ལ་ཡང་


JLD007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པ་ན། ཐོག་མར་གསལ་བ་སྣང་བ། དེ་ནས་དེ་ཕྲ་རུ་སོང་བ་མཆེད་པ། ཐ་མར་མི་གསལ་བར་འགག་པ་ལ་ཕྱོགས་པ་ཉེར་ཐོབ་ཏུ་བཤད་པ་ལ་བརྟེན་ནས་བྱས་པར་སྣང་ངོ༌། །སྒྱུ་མའི་རྣམ་ཐར་ལ་སློབ་པ་ལ། དོན་ལྔ་མར་ཉིན་མོ་སད་དུས་སུ་སྦྱོང་བ་དང༌། མཚན་མོ་རྨི་ལམ་དུ་སྦྱོང་བ་གཉིས་བཤད་པའི་དང་པོ་ནི། ལྷ་སྐུ་གསལ་བའི་ངང་ནས་མགྲིན་པར་བདེ་སྟོང་གི་ཉམས་ཀྱིས་རླུང་སེམས་དྲིལ་ནས་བསྒོམས་པས། སྲོག་རྩོལ་གནད་དུ་ཚུད་པའི་ཉམས་སྐྱེ། དེ་ལས་སྒྱུ་མའི་རྣམ་ཐར་འབྱུང༌། གཉིད་ལ་རྨི་ལམ་འོང་ལ་འདི་ལ་མི་འོང་བས་མི་འདྲ། འཇིག་རྟེན་ལས་འདས་པའི་རྣམ་ཐར་ནི། འོག་མིན་དུ་ཕྱིན་ནས་བླ་མས་བྱིན་གྱིས་བརླབས་པ་དང༌། སྤྲུལ་སྐུ་མང་པོ་མཐོང་ཞིང་ཆོས་ཉན་པ་སོགས་འབྱུང་ངོ༌། །འཇིག་རྟེན་པའི་རྣམ་པར་ལ་སློབ་པ་ནི། སུམ་ཅུ་རྩ་གསུམ་དང༌། དགའ་ལྡན་དང༌། འོག་མིན་ལ་སོགས་པ་ལྟ་བ་དང༌། དེར་ཕྱིན་པ་དང༌། ལྷའི་བུ་དང་བུ་མོས་མཆོད་པ་དང༌། དེ་འདྲ་བ་ལས་ཐིག་ལེ་འཛིན་པ་དང༌། ཆོ་འཕྲུལ་སྣ་ཚོགས་སྟོན་པ་འབྱུང་ཟེར་ཏེ། རྣམ་ཐར་དེ་རྣམས་རྩོམ་པའི་འདུན་པ་བཏང་ནས། མགྲིན་པར་བུམ་པ་ཅན་བསྒོམས་པ་ལས། རྨི་ལམ་ན་འབྱུང་བ་བཞིན་དུ་དེ་རྣམས་འབྱུང་བར་འདོད་པའོ། །མཉམ་གཞག་སྒྱུ་མའི་གདམས་པ་ལས། སྙིང་ཁའི་ཐིག་ལེ་ཨ་ཤད་དང་བཅས་པ་ལ་དམིགས་པ་གཏད་ནས་རླུང་ཁ་སྦྱོར་བསྒོམས་པས། ནམ་མཁའ་ལ་འགྲོ་བ་སོགས་གྱི་ཉམས་སྐྱེས་ན་སྒྱུ་མའི་རྣམ་ཐར་སྐྱེས་པ་ཡིན་ལ། དེ་ལ་དགའ་བ་དང་


JLD007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་པ་སོགས་མེད་པར། ངམ་གྲོག་དང་གཡང་ས་སོགས་ལ་ཐོགས་པ་མེད་པར་སྟོང་ཐལ་ཐལ་སྦྱོང་བར་བཤད་དོ། །དོན་བཞི་མར་ལྷ་སྐུར་གསལ་བའི་མཛོད་སྤུ་སོགས་ནས་འོད་ཟེར་སྤྲོས་པས་རྒྱལ་བ་ལ་མཆོད་པ་དང༌། སེམས་ཅན་ལ་གང་འདུལ་གྱི་སྐུ་བསྟན་ནས་སྒྲིབ་གཉིས་སྦྱངས་ཏེ་འོད་ཟེར་རང་ལ་སྡུད་པ་དང༌། ལྷ་སྐུར་བྱེད་པ་རྣམས་འོད་དུ་བཞུས་ནས། བསམ་གཏན་གཉིས་ཀྱིས་རང་ལ་བསྡུས་པ་ལ་བརྟེན་ནས། སྔར་བཤད་པ་བཞིན་གྱི་རྣམ་ཐར་རྣམས་འབྱུང་བར་བཤད་དོ། །གཉིས་པ་ནི། དོན་ལྔ་མ་དང༌། དོན་བཞི་མར་ཨ་ཐུང་འོད་ཟེར་ལྔ་ལྡན་དེ། དངོས་པོའི་གནས་ལུགས་རླུང་སེམས་ཀྱི་ལུས་ཡིན་ཞེས་པ་ནི། བསྒོམས་པའི་ཡིད་ངོར་སྣང་བའི་ཨ་ཡིག་གི་གཟུགས་དེ་ཙམ་ལ་བྱེད་དུ་མི་རུང་བས། དེས་མཚོན་པའི་སྲོག་འཛིན་ཕྲ་བ་དང་། དེ་ལ་ཞེན་པའི་ཡིད་ཀྱི་ཤེས་པའི་རླུང་སེམས་གཉུག་མའི་ལུས་ཡིན་ལ། དེ་ཡང་སྟོང་པ་རྣམས་ཤར་བའི་བདེ་སྟོང་གི་ཉམས་ལས། གཞན་གྱིས་བར་མ་བཅད་པར་སྒྱུ་མའི་སྐུ་སྐྱེད་ཅེས་བཤད་པས། སྟོང་པ་གསུམ་གྱི་རླུང་སེམས་ལས་གཞན་གྱིས་བར་མ་བཅད་པར་སྒྱུ་མའི་སྐུ་སྐྱེད་པའི་དོན་ཡིན་པས། ཐིག་ལེ་ལྷ་སྐུར་ཤར་བ་སྒྱུ་ལུས་སུ་བཤད་པ་དང༌། ཐིག་ལེ་དང་ཡིག་འབྲུ་སྒྱུ་ལུས་སུ་བཤད་པའི་གདམས་ངག་གི་ཞེ་འདོད་ནི། དེ་དག་གིས་མཚོན་པའི་དོན་གཉུག་མའི་རླུང་སེམས་ཀྱི་ལུས་ལས་སྒྱུ་ལུས་སྐྱེད་པའི་དོན་དུ་གཟུང་གི ཡིད་ངོར་ཐིག་ལེ་དང་ཡི་གེར་སྣང་བ་ཡོངས་སུ་འགྱུར་ནས་ལྷ་སྐུར་སྐྱེད་པ་


JLD007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ནི་སྒྱུ་ལུས་སུ་མི་བྱའོ། །དེ་ལྟར་བྱས་ན་རིམ་ལྔ་བསྡུས་པ་ལས། སྔགས་ཀྱི་འཁོར་ལོ་བཀོད་ནས་རྡོར་བཟླས་བྱ་བར་བཤད་པའི་མཇུག་ཐོགས་སུ། ཐ་མལ་རྣམ་རྟོག་བག་ཆགས་རྣམས། །སྔགས་ཉིད་སེམས་སུ་དམིགས་པའོ། །ལུས་དག་པས་ནི་རྟོག་པ་དག །རླུང་དག་པས་ནི་དྲི་མེད་འགྱུར། །རླུང་དག་པས་ནི་ཡེ་ཤེས་ཀྱི། །ཀུན་རྫོབ་སྒྱུ་མ་མངོན་དུ་བྱེད། ཅེས་སྔགས་འཁོར་སྒོམ་པ་སྔོན་དུ་བཏང་བ་ཅན་གྱི་རྡོར་བཟླས་ཀྱིས། རླུང་དག་པར་བྱས་ནས་སྒྱུ་མའི་སྐུ་སྐྱེད་ཚུལ་བསྟན་ནོ། །དེ་ལ་འཁོར་ལོའི་འདབ་མ་ལ་བཀོད་པའི་སྔགས་ཀྱི་ཡི་གེའི་གཟུགས་རྣམས་ནི་ཐ་མལ་གྱི་རྣམ་རྟོག་བརྒྱད་ཅུའི་སེམས་དང༌། དེ་གཡོ་བའི་རླུང་གི་མཚོན་བྱེད་དོ། །མཚོན་བྱེད་ཀྱི་ཡི་གེའི་ལུས་ཏེ་གཟུགས་རྣམས་རིམ་པ་བཞིན་བསྡུས་ཏེ་སྦྱངས་པ་ལས་ཀུན་རྟོག་རླུང་དང་བཅས་པ་འདག་ལ། ཀུན་རྟོག་གཡོ་བའི་རླུང་དག་པ་ལས་ནི། ཡེ་ཤེས་ཀྱི་སྐུ་ཀུན་རྫོབ་སྒྱུ་མའི་ལུས་མངོན་དུ་བྱེད་པའི་དོན་ནོ། །ཡང་དེ་ཉིད་ལས། རླུང་སེམས་ཙམ་ལས་བྱུང་བ་ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། ཞེས་ཀྱང་བཤད་པས། ཀུན་རྟོག་བརྒྱད་ཅུ་རླུང་དང་བཅས་པ་དག་པའི་རླུང་སེམས་ཙམ་ལས་སྒྱུ་ལུས་འགྲུབ་པར་བཤད་པ་དང་ཡང་མཐུན་ནོ། །ཚུལ་དེ་རྩ་བཤད་ཀྱི་རྒྱུད་དང༌། ཡབ་སྲས་ཀྱི་གཞུང་རྣམས་དང་བསྟུན་ནའང་དོན་དུ་སྣང་ངོ༌། །ཡང་སྒྱུ་ལུས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ་ལ། དཔེ་དོན་གྱི་ཆོས་མཐུན་འགའ་ཞིག་བཤད་ནས། དེ་ངོས་ཟིན་ན་སྒྱུ་ལུས་ངོས་ཟིན་པ་ཡིན་ཞེས་དཔེ་དོན་གྱི་ཆོས་མཐུན་ངེས་


JLD007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་སྒྱུ་ལུས་གཏན་ལ་འབེབས་བྱེད་དུ་འཆད་པ་ལེགས་པར་སྣང་ནའང་བསྐྱེད་རིམ་སྒོམ་པ་མི་གསལ་ན་དེ་གསལ་བའི་བོགས་འབྱིན་བྱེད་དུ་བཤད་པའི་མན་ངག་རྣམས། སྒྱུ་ལུས་ཀྱི་སྐབས་སུ་རིམ་ལྔར། རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། ཞེས་སོགས་གསུངས་པའི་དོན་དུ་བྱས་ནས། མེ་ལོང་དུ་ཤར་བའི་གཟུགས་བརྙན་ལ་དམིགས་ནས་སྒོམ་པ་དང༌། དེ་ནས་དེ་བློས་བཏོན་ནས་བར་དུ་བཞག་ལ། དེ་མཐར་རང་ལ་བསྟིམས་པའི་བདག་བསྐྱེད་ཀྱི་ལྷ་སྐུ་ལ་སྒྱུ་ལུས་སུ་བྱེད་པ་ནི། རང་གིས་སྔར་སྟོང་པའི་ཡེ་ཤེས་ཀྱི་བདེ་སྟོང་གི་ཉམས་ལས། གཞན་གྱིས་བར་མ་བཅད་པར་སྒྱུ་མའི་སྐུ་སྐྱེད་ཅེས་པ་དང་འགལ་ཞིང༌། གཞུང་ཚད་ལྡན་ཀུན་དང་ཡང་མི་མཐུན་ལ། རང་གི་རྩ་ཚིག་དང་ཡང་འགལ་བར་སྣང་ངོ༌། །བླ་མ་མར་པ་ལ་རྒྱུད་རེ་རེའི་གདམས་ངག་ལའང༌། བླ་མ་དུ་མ་ཞིག་གི་མན་ངག་མི་འདྲ་བ་དུ་མ་ཞིག་འདུག་པས། ཐམས་ཅད་ནཱ་རོ་པའི་གདམས་ངག་ཡིན་པའི་ངེས་པ་མེད་དོ། །འོ་ན་རིམ་ལྔ་ལས། དངོས་དང་དངོས་མིན་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང༌། །སྐུ་ནི་བལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབས་ཞེས་དེ་བཤད་དོ། ཞེས་གསུངས་པའི་དོན་ཇི་ལྟར་ཡིན་ཞེ་ན། དེ་ནི་མཐའ་གཉིས་དང་བྲལ་བའི་རྡོ་རྗེ་འཆང་གི་སྐུ་ཇི་འདྲ་བ་བྲིས་པའི་བྲིས་སྐུ་མེ་ལོང་གཡའ་དག་པ་ལ་ཤར་ཏེ། གསལ་བར་


JLD007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་མཚུངས་པའི་སྐུ་དེ་ནི། མཚན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དང༌། བལྟ་བས་ཆོག་མི་ཤེས་པ་ཡིན་ནོ་ཞེས། མེ་ལོང་གི་གཟུགས་བརྙན་དང་སྒྱུ་མའི་སྐུ་གཉིས་དཔེ་དོན་དུ་སྦྱར་ནས། སློབ་མ་ལ་བསྟན་པའི་དོན་དེ་ལ་བདག་བྱིན་གྱིས་བརླབས་ཞེས་བཤད་དོ་ཞེས་པའི་དོན་ཡིན་གྱི། མེ་ལོང་དུ་ཤར་བ་ལ་དམིགས་ནས་སྒོམ་པ་དང༌། དེ་ནས་བློས་བཏོན་ཏེ་རང་ལ་བསྡུས་བའི་ལྷ་སྐུ་སྒྱུ་ལུས་སུ་སྟོན་པ་མིན་ནོ། །དེ་ལྟ་མིན་ན། དཔེ་གཞན་རྣམས་ལའང་དེ་དང་འདྲ་བ་རེ་བྱ་དགོས་པར་འགྱུར་རོ། །དཔེ་བཅུ་གཉིས་ལས། རིམ་ལྔར་དཔེ་གསུམ་གསུངས་པའི་གཟུགས་བརྙན་ནི། རྡོ་རྗེ་འཆང་གི་སྐུ་བྲིས་པའི་གཟུགས་བརྙན་ཡིན་གྱི། གཟུགས་བརྙན་ཕལ་པ་རྣམས་མིན་ཏེ། སྐུའི་ཆ་རྣམས་ཅིག་ཅར་དུ་རྫོགས་པའི་དཔེའོ། །འཇའི་དཔེས་ནི་ཐོགས་པ་མེད་པ་ལ་ཁ་དོག་མ་འདྲེས་པའོ། །ཆུ་ཟླའི་དཔེས་ནི། སྒྱུ་ལུས་གཅིག་ཉིད་ཀྱིས་གདུལ་བྱ་དང་མཐུན་པར་སྤྲུལ་པ་དུ་མ་འགྱེད་ནུས་པའོ། །བདག་བྱིན་བརླབས་ལས། དེ་དག་གིས་ནི་སྐུ་བསྒོམ་མོ། ཞེས་དཔེ་གསུམ་པོ་དེས་སྒྱུ་མའི་སྐུ་སྒོམ་པར་གསུངས་པ་ནི། དེ་དག་གིས་མཚོན་ཏེ་ངེས་པར་བྱས་ནས་སྒོམ་པའི་དོན་ནོ། །མེ་ལོང་གི་གཟུགས་བརྙན་ལ་དམིགས་ནས་སྒོམ་པའི་སྒྱུ་ལུས་སྒྲུབ་པའི་ཚུལ་གཉིས་ལྟར་ན། དེ་སྒྲུབ་པ་ལ་བསྐྱེད་རིམ་དང་དབེན་གསུམ་མཐར་ཕྱིན་པ་དགོས་དོན་མེད་དོ། །དྲི་མེད་འོད་ལ་སོགས་པར། སོར་སྡུད་ཀྱི་ཉམས་ཀྱི་སྣང་བ་བདག་བྱིན་བརླབས་སུ་བཤད་པ་ལ་བརྟེན་ནས་སྒྱུ་ལུས་སུ་སྨྲ་ན་ནི།


JLD007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྨིག་རྒྱུ་ནས་སྒྲ་གཅན་ལྟར་ནག་པོར་སྣང་བའི་བར་བརྒྱད་ཀ་སྒྱུ་ལུས་སུ་འདོད་དགོས་ཀྱི། དེའི་མཐར་ལུགས་ལྡོག་ཏུ་ལངས་པའི་མཐར་ལྷའི་སྐུ་ཤར་བ་ཁོ་ན་ལ་སྒྱུ་ལུས་སུ་འཆད་པ་མི་རིགས་སོ། །དུས་འཁོར་ལས་སྨིག་རྒྱུ་སོགས་ཀྱི་རྟགས་རྣམས་སོར་སྡུད་ཀྱི་སྐབས་སུ་གསུངས་པ་ནི། དབང་པོའི་རླུང་རྣམས་ཡུལ་ཐ་མལ་པ་ལ་འཇུག་པ་ལྡོག་ཏུ་ཉེ་བར་སོང་བ་དང༌། ནང་དུ་ལྡོག་པའི་དུས་ཀྱི་རྟགས་ཡིན་ཞིང༌། སེམས་དབེན་སོགས་ཀྱི་སྐབས་སུ་འཆར་བའི་སྨིག་རྒྱུ་སོགས་བཞི་ནི། སྟོང་པ་བཞི་དེའི་མཇུག་ཐོགས་སུ་འཆར་བའི་རྟགས་ཡིན་ལ། དེ་ལ་ནི་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་དགོས་པ་ལན་མང་དུ་བཤད་ཟིན་ཏོ། །དེ་བས་ན་སོར་སྡུད་ཀྱི་སྐབས་སུ་ཟླ་ཉི་སྒྲ་གཅན་གྱི་རྣམ་པ་མཐོང་བ་དང༌། སྟོང་པ་གསུམ་གྱི་ཟླ་འོད་སོགས་ཀྱང་དོན་གཅིག་ཏུ་འོང་ས་མེད་དོ། །མདོར་ན། རྡོར་བཟླས་མཐར་ཕྱིན་པས། སེམས་དབེན་གྱི་སྟོང་པ་རྣམས་སྐྱེད་པའི་དུས་སུ་ཀུན་རྟོག་དང་དེ་གཡོ་བའི་རླུང་ཐིམ་པ་ན། དབང་ཤེས་རྣམས་དེའི་སྔ་ནས་ཀྱང་ཐིམ་ནས་འགྲོ་བའི་རྣམ་གཞག་ལེགས་པར་ཤེས་ན། སྒྱུ་ལུས་སྒྲུབ་པའི་ཚེ་མིག་གིས་བལྟས་ནས་སྒོམ་པ་འོང་ངམ་སྙམ་པའི་དོགས་པ་མི་སྐྱེའོ། །སྤྱིར་རྗེས་ཐོབ་ཏུ་གང་སྣང་བརྫུན་པའི་སྒྱུ་མར་འཆར་བ་ལ་ནི། དབེན་གསུམ་དང་སྒྱུ་ལུས་ཀྱི་སྐབས་སུ་བདེ་བ་ཆེན་པོ་དྲངས་པ་ན། སྟོང་པ་ཕུ་ཐག་ཆོད་པ་དང་སྦྱར་ནས་སྒོམ་པ་ཉིད་ལ་ནན་ཏན་དུ་བྱ་རྒྱུ་ཡིན་གྱི། རྗེས་ཀྱི་སྐབས་སུ་གཟུགས་བརྙན་ལ་དགའ་མི་དགའ་འདུག་མི་འདུག་རྟོག་པ་སོགས་


JLD007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདེན་ཞེན་འགོག་པ་འགངས་ཆུང་ངོ༌། །འདི་ཡང་ཕྱི་ནང་གི་ཆོས་ལ་བདེན་འཛིན་གྱི་དམིགས་གཏད་མ་ལུས་པ་བཤིག་པའི་རིག་ཤེས་ཀྱིས་ངེས་པ་རྙེད་ན། དེའི་འོག་ཏུ་ཡུལ་སྣང་སྒྱུ་མར་རང་ཤུགས་སུ་འཆར་བའི་ཚུལ་དབུ་མའི་རིགས་པ་ལེགས་པར་ཤེས་པ་ལ་རག་ལས་སོ། །རིམ་ལྔར་སྒྱུ་ལུས་ཐོབ་པས་བྱ་བ་གང་ལ་འཇུག་ཀྱང་ཐམས་ཅད་སྒྱུ་མ་བཞིན་དུ་བལྟ་བར་གསུངས་པ་ནི། ཕར་ཕྱིན་དང་ཐུན་མོང་བའི་སྒྱུ་མར་ལྟ་བ་ཡོད་མོད་ཀྱང༌། ཐུན་མོང་མ་ཡིན་པའི་སྒྱུ་མ་སེམས་ཅན་ཐམས་ཅད་ཀྱི་གཉུག་མའི་ལུས་རླུང་སེམས་ཙམ་དུ་ཟད་པར་ལྟ་བ་སོགས་སྔར་བཤད་པ་བཞིན་ཡིན་ནོ། །རླུང་བསྒོམས་པ་ཤིན་ཏུ་བྱང་བར་གྱུར་པ་ན། ཞིང་ཁམས་སོགས་ཀྱི་ཡུལ་སྣང་གང་འཆར་བར་འདོད་པ་ལ་དེའི་འཕེན་པ་སྔོན་དུ་བཏང་ནས། རླུང་ཁ་སྦྱོར་བཟུང་ན། སྣང་བ་དེ་དང་དེ་རྣམས་སྒྱུ་མ་བཞིན་དུ་འཆར་མོད་ཀྱང༌། འཕགས་སྐོར་དུ་དེ་ལྟར་བྱས་ནས་སྒོམ་པ་ལ་བཤད་པ་མ་བྱུང་ངོ༌། །སྒྱུ་མ་སྒོམ་པའི་སྐབས་སུ་བསམ་གཏན་གཉིས་ཀྱི་ཡུལ་སྣང་སྡུད་པ་ཡང་མ་བཤད་ཅིང༌། དོན་ལ་ཐོབ་རྒྱུ་ཡང་མེད་དོ། །གཉིས་པ་དེ་དང་འབྲེལ་བའི་གདམས་པ་བཤད་པ་ལ་གཉིས། གདམས་པའི་ཁུངས་བཤད་པའི་སྐབས་དང་བཅས་པ་དང༌། གཉིད་དང་རྨི་ལམ་ལ་སོགས་པའི་གདམས་པ་དངོས་བཤད་པའོ། །དང་པོ་ནི། ལུགས་འདི་ལ་གཉིད་དང་རྨི་ལམ་གྱི་གདམས་པ་དང༌། འཆི་ཁ་དང་བར་དོའི་གདམས་པ་བཤད་པ་འདི་རྣམས། རྒྱུད་དང་ཡབ་སྲས་ཀྱི་གཞུང་གང་ལ་བརྟེན་པ་ཡིན་སྙམ་ན། འདི་ལ་རྗེ་འགོས་ཀྱིས་ནི། བར་


JLD007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དོར་འཚང་རྒྱ་བ་ལ་འཆི་བ་དང་བསྲེ་བ་དང༌། བར་དོ་དང་བསྲེ་བ་གཉིས་བཤད། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ལ་གཉིད་དང་བསྲེ་བ་བཤད་དེ། རྨི་ལམ་དང་བསྲེ་བ་འདིའི་མན་ངག་ལ་མ་བྱུང་ངོ༌། །ཚེ་འདིར་འཚང་རྒྱ་བ་ལ་བསྲེ་བ་དེ་དག་མ་བཤད་ཅིང༌། དེ་རྣམས་ཀྱང་སྤྱོད་བསྡུས་ཀྱི་གཞུང་དྲངས་ནས་བཤད་དོ། །ནཱ་རོ་པའི་མན་ངག་ནག་ཚོ་ནས་བརྒྱུད་པ་ལ་བསྲེ་བ་འདི་རྣམས་མ་བྱུང་ལ། མར་པ་ནས་བརྒྱུད་པ་ལ་དེ་བཞི་ཀའི་གདམས་པ་མང་དུ་བྱུང་ཞིང༌། ཚེ་འདིར་འཚང་རྒྱ་བ་ལ་གཉིད་དང་རྨི་ལམ་དང་བསྲེ་བ་དང༌། བར་དོར་འཚང་རྒྱ་བ་ལ་དེ་གཉིས་དང་འཆི་བ་དང་། བར་དོ་དང་བསྲེ་བ་དང༌། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ལ་དེ་བཞི་ཀ་བཤད་དོ། །གཞུང་འདིས་བསྟན་པ་ཕྱོགས་ཙམ་སྨོས་པ་མ་གཏོགས་པ་གསལ་བར་སྦྱར་བ་མི་སྣང་ངོ༌། །རིམ་ལྔ་བསྡུས་པ་ལས། རྨི་ལམ་ལུས་ནི་རྣམ་སྦྱང་ཕྱིར། །སྒྱུ་མར་མཚོན་པའི་དུས་གང་ལས། །ཡུལ་སྣང་ཀུན་རྫོབ་གང་མཐོང་བ། །ཀུན་རྫོབ་སྒྱུ་མའི་རིམ་པའོ། ཞེས་དང༌། རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱང༌། ཞེས་པས་རྨི་ལམ་གྱི་གདམས་པ་དང༌། བར་དོ་རྣམ་གསུམ་བསྲེ་བར་བྱ། ཞེས་དང༌། སྔར་དྲངས་པ་ལྟར་ཉིན་ཞག་གཅིག་དང༌། སྲིད་པ་སྐྱེ་འཆིའི་རིམ་པ་དང་སྦྱར་ལ་རིམ་ལྔ་བསྒོམ་ཞེས་པས་གཉིད་དང་བསྲེ་བ་དང༌། འཆི་བ་དང་བར་དོ་དང་བསྲེ་བའི་གདམས་པ་མདོ་ཙམ་དུ་བསྟན་ནོ། །མགོན་པོ་ཀླུའི་གཞུང་ལས་ནི་རིམ་ལྔར་སྒྱུ་ལུས་ལ་བར་དོར་བཤད་པ་དེ། དེ་གཉིས་བསྲེས་


JLD007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་དུ་རུང་བ་ཙམ་མ་གཏོགས་པ། བསྲེ་བ་རྣམས་ཚིག་ཟིན་ལ་མི་གསལ་ལོ། །ཀླུ་བྱང་གིས། རྫོགས་རིམ་ལ་འཆི་རིམ་བཞིན་དུ་སྦྱར་བ་མ་གཏོགས་པ། བར་དོ་དང་སྦྱོར་བ་དང༌། གཉིད་དང་རྨི་ལམ་དང་སྦྱར་བ་མེད་ལ། བསྐྱེད་རིམ་ལ་སྐྱེ་འཆི་བར་དོ་གསུམ་དང་སྦྱར་ནས་གསུངས་སོ། །ཟླ་བ་གྲགས་པས། བར་དོར་འཚང་རྒྱ་བའི་འཆི་བ་དང་བར་དོ་དང་། བསྲེ་བ་བཤད་ལ། ལེའུ་བཅོ་ལྔ་པར་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བཤད་པའི་སྐབས་སུ། རྨི་ལམ་དང་སད་པའི་སྐབས་ཀྱི་ཆོས་རྣམས་བདེན་མེད་དུ་མཉམ་པའི་ཤེས་བྱེད་དུ་སྤྱོད་བསྡུས་ཀྱི་ལུང་དྲངས་པ་མ་གཏོགས་པ། གཉིད་དང་རྨི་ལམ་དང་བསྲེ་བ་དངོས་སུ་མ་བཤད་པས། ལུགས་འདི་ལ་ལེའུ་བཅོ་ལྔ་པའི་རྨི་ལམ་ལྟ་བུར་བཤད་པས་རྨི་ལམ་འཛིན་པ་སོགས་ཀྱི་གདམས་པ་བསྟན་པར་འདོད་པ་ནི་དོན་མིན་ནོ། །དེས་ན། གཉིད་དང་སྟོང་པ་བཞི་བསྲེ་བར་བཤད་པ་ནི། སྤྱོད་བསྡུས་མ་གཏོགས་པ་ཡབ་སྲས་གཞན་གང་གི་གཞུང་ནའང་མེད་དོ། །སྤྱོད་བསྡུས་ལས་ནི། དེ་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་གོམས་པས། བདག་མེད་པའི་ཆོས་ལ་བསླབས་པས་རྣམ་པར་བསྲེས་པའི་སྦྱོར་བ་ཁོང་དུ་ཆུད་ནས། རང་བཞིན་གྱི་སྣང་བ་དང་གཅིག་ཏུ་འདྲེ་བར་བྱ་སྟེ། རིམ་པ་འདིས་དོན་དམ་པའི་བདེན་པ་ལ་དམིགས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ཕྲ་བ་ནི་ཡང་སེམས་ལ་གཞུག་གོ །སེམས་ནི་ཡང་སེམས་པ་ལ་གཞུག་གོ །སེམས་པ་ནི་


JLD007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ལ་དུས་འདིར་ནི་སེམས་དང་སེམས་པ་མ་རིག་པ་ལ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗེད་པ་ཡང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འད་གསལ་བའོ། །ཡང་གྲོལ་བ་ན་རླུང་གིས་རང་བཞིན་རྙེད་དེ། གང་གི་རྨི་ལམ་གཞན་དག་འབྱུང་བ་ནི། ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་བ་ལ་བལྟ་སྟེ། དེ་ནི་སོ་སོ་རང་གིས་རིག་པའི་ལུས་དང་ངག་དང་སེམས་དང་བྲལ་བའི་དོན་དམ་པའི་བདེན་པ་ནང་གི་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་གསད་པར་བྱ་ཞིང༌། དེ་བཞིན་ཉིད་ལ་གཞུག་པར་བྱས་ན། སྐལ་པ་བཟང་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པའི་སྤྱོད་པ་ལ་ལྟོས་པ་མེད་པར་ཤིན་ཏུ་མྱུར་བར་འདིར་རང་གི་གཟུགས་ཡོངས་སུ་བརྗེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། ཞེས་གསུངས་སོ། །ཆག་འགྱུར་ལས། རླུང་གིས་རང་བཞིན་གཡོས་ཏེ་གལ་ཏེ་རྨི་ལམ་གཞན་དག་མ་བྱུང་ན་ཞེས་འབྱུང་བ་བདེའོ། །ལུང་དེའི་མཇུག་ཐོགས་སུ། དོན་འདི་ཉིད་དགོངས་པ་ལུང་བསྟན་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བརྗོད་ལ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །བརྟགས་པ་དག་


JLD007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞི་གནས་བྱ། །འདི་དག་དངོས་པོ་མེད་གྱུར་པའི། །དེ་བཞིན་ཉིད་ནི་ཞི་བར་བཤད། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པ་ཡིས་སངས་རྒྱས་གཞུག །ཅེས་གསུངས་པ་དང༌། ཞེས་གསུངས་སོ། །དེ་ལྟར་གཉིད་སྟོང་པ་བཞིའི་ཏིང་ངེ་འཛིན་གྱི་ངོ་བོར་སྐྱེད་པ་པོ་ནི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་སྤྱོད་པའི་རྣལ་འབྱོར་པར་གསུངས་ཤིང༌། རྟེན་དེས་གཉིད་ལོག་པ་དང་སད་པའི་དུས་ཀྱི་སྟོང་པ་བཞི་སྐྱེད་ཚུལ་གཉིས་སུ་བྱས་ནས་དང་པོའི་སྐྱེད་ཚུལ་སྟོན་པ་མ་ཡིན་གྱི། དེས་སྟོང་པ་བཞི་སྐྱེད་པ་ན་དེ་ལྟར་སྐྱེད་པར་གསུངས་སོ། །དེ་ཡང་སྤྱོད་བསྡུས་ལས། རིམ་པ་འདིས་བྷུ་སུ་ཀུ་ཙམ་གྱི་སྤྱོད་པ་ལ་སྤྱོད་དོ། ཞེས་བཟའ་བཏུང་དང་བཤང་གཅི་འདོར་བའི་སྐོར་གྱི་བྱ་བ་ཙམ་ཞིག་བྱེད་ཀྱི། དེ་མ་གཏོགས་པ་གཉིད་ལོག་ནས་འོད་གསལ་ཉིད་བསྒོམ་པར་བཤད་དེ། འདིས་གཉིད་ལོག་པ་ལས་མ་གཏོགས་པའི་འོད་གསལ་སྒོམ་པ་མེད་པར་བཤད་པ་འདིའི་གནད་ཤེས་ན། བསྲེ་བ་གཞན་རྣམས་ཀྱི་གནད་མཐར་ཐུག་པ་ཡང་ཤེས་པར་འགྱུར་རོ། །འོ་ན་དགོངས་པ་ལུང་སྟོན་གྱི་ལུང་དེས་རྣལ་འབྱོར་པས་སངས་རྒྱས་ཏེ་ཕུང་སོགས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་འོད་གསལ་དུ་འཇུག་པ་སྟོན་མོད་ཀྱང༌། གཉིད་ཀྱི་སྟོང་པ་བཞིའི་རིམ་གྱིས་ཕུང་སོགས་འོད་གསལ་དུ་འཇུག་པའི་ཤེས་བྱེད་དུ་ཇི་ལྟར་འགྲོ་སྙམ་ན། གཉིད་སྟོང་པ་བཞིའི་ངོ་བོར་རྣལ་འབྱོར་པས་སྐྱེད་པ་ནི་རྒྱུད་ཚིག་ལ་དངོས་སུ་མི་གསལ་ཡང༌། འཕགས་པ་ལྷས་


JLD007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུའི་མན་ངག་གིས་གསལ་བར་མཛད་པས་ཤེས་ལ། དེ་ལྟ་ན། དེ་འདྲ་བའི་འོད་གསལ་དུ་འཇུག་ཚུལ་དེ་ལ་དགོངས་པ་ལུང་སྟོན་ནས་ཕུང་སོགས་འོད་གསལ་དུ་གཞུག་པར་གསུངས་པའི་དོན་ཡང་ཚང་བས་ཤེས་བྱེད་དུ་འགྲོ་སྟེ། དཔེར་ན་ལྟོ་ལྡིར་བ་བུམ་པའི་མཚན་ཉིད་དུ་སྟོན་པའི་ཚིག་དེས། མུ་མེན་གྱི་ལྟོ་ལྡིར་བ་བུམ་པ་ཡིན་ནོ་ཞེས་ཁྱད་པར་གྱི་གཞི་དེ་དང་ལྟོ་ལྡིར་བ་གཉིས་སྦྲེལ་ནས་དངོས་སུ་མ་བསྟན་ཀྱང༌། ཁྱད་གཞི་དེ་ལ་དེས་བསྟན་པའི་ལྟོ་ལྡིར་བ་ཚང་བ་བཞིན་ནོ། །དེ་བཞིན་གཤེགས་པའི་ཚོགས་བསད་ན་སྐལ་བ་བཟང་པོའི་དངོས་གྲུབ་ཐོབ་བར་འགྱུར་ཞེས་གསུངས་པ་ནི། རྩ་རྒྱུད་ལས། དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། ཞེས་པ་དང་ཁྱད་མེད་པས། ལུང་དེ་ཡང་མཚན་ཉིད་མཚུངས་པའི་སྒོ་ནས་གཉིད་ཀྱི་འོད་གསལ་ལ་སྦྱར་དུ་རུང་སྟེ། འཕགས་པ་ལྷའི་མན་ངག་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་རྒྱུད་ཀྱི་གཞུང་གང་ལ་བརྟེན་སྨོས་པ་དེས་གཞན་ཡང་རྟོགས་པར་བྱའོ། །དེ་འདྲ་བའི་གཉིད་ཀྱི་འོད་གསལ་འཛིན་པ་ནི་ཚེ་དེ་ལ་འཚང་རྒྱ་བའི་སྤྱོད་པར་སྣང་བས། གཉིད་དང་འོད་གསལ་བསྲེ་བའི་གདམས་པའི་མཆོག་ནི་གང་ཟག་རབ་ཚེ་འདིར་འཚང་རྒྱ་བ་ལ་དགོངས་པ་ཡིན་མོད་ཀྱང༌། བར་དོར་འཚང་རྒྱ་བ་དང༌། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ཡང་དེ་དགོས་པ་ནི་བླ་མ་རྣམས་ཀྱི་མན་ངག་ལས་འབྱུང་བ་བཞིན་ཡིན་ཏེ། མན་ངག་ལས་དེ་ལྟར་


JLD007_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང༌། དེ་ལ་བརྟེན་ནས་གཉིད་ཀྱི་སྟོང་པ་བཞི་སྐྱེད་པའི་ཚུལ་མ་བྱུང་ན། སྤྱོད་བསྡུས་ལས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་མཁན་གྱིས་དེ་ལྟར་བྱེད་པར་གསུངས་པ་མཐོང་བ་ན། གང་ཟག་དེའི་སྒོས་ཆོས་ཡིན་པར་གོ་ནས། །ད་ལྟའི་གང་ཟག་གིས་དེ་དག་སྒོམ་པ་དོར་བས་དོན་ཆེན་པོ་ལས་ཉམས་པར་འགྱུར་རོ། །སྤྱོད་བསྡུས་ལས་གསུངས་པའི་གཉིད་དང་སྟོང་པ་བཞི་བསྲེ་ཚུལ་དེ་བཞིན་དུ་འོག་མའི་གང་ཟག་གིས་མི་ནུས་ཀྱང༌། གཉིད་དང་སྟོང་པ་བཞི་བསྲེ་བའི་ཏིང་ངེ་འཛིན་སྤྱི་ཙམ་པ་སྐྱེད་མི་ནུས་པ་མིན་པས། ལམ་གྱི་ཁྱད་པར་རྣམས་ལེགས་པར་ཕྱེད་དགོས་སོ། །དེས་ན་སྤྱོད་བསྡུས་ཀྱི་ཁུངས་དེ་གང་ཟག་ད་ལྟར་བ་རྣམས་ཀྱིས་ཀྱང་གཉིད་ཀྱི་སྟོང་པ་རྣམས་འཛིན་པ་ལ་སྦྱར་ས་ཡོད་དོ། །འོ་ན་རྨི་ལམ་གྱི་གདམས་པ་ལ་ཁུངས་གང་ཡོད་ཅེ་ན། དེ་ལ་ཡང་རྒྱུད་དང་། ཡབ་སྲས་ཀྱི་གཞུང་གཞན་གསལ་བར་མེད་པས། སྤྱོད་བསྡུས་ལས་ཤེས་དགོས་ཏེ། ཇི་སྐད་དུ། ཅིའི་ཕྱིར་ཡུན་རིང་པོར་གཉིད་ལོག་ནས། ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ་རྨི་ལམ་དུ་སུམ་ཅུ་རྩ་གསུམ་པའི་གནས་སམ། ཡུལ་ཕྱོགས་གཞན་དག་ཏུ་སོང་ནས་འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་སྟེ། ཡང་ལུས་འདིར་འོངས་ནས། ཅིའི་ཕྱིར་རྨི་ལམ་དགེ་བ་དང་མི་དགེ་བ་མཐོང་བའི་འབྲས་བུ་ཐོབ་པར་འགྱུར། དེ་བཞིན་དུ་གཉིད་ལོག་པའམ། གཉིད་མ་ལོག་པའི་གནས་སྐབས་དག་ཅི་ཐ་དད་པར་མཆིས་སམ་འོན་ཏེ་མ་མཆིས། ཞེས་རྨི་ལམ་ལ་དྲི་བ་མཛད་དོ། །ཅིའི་ཕྱིར་ཡུན་རིང་པོར་གཉིད་


JLD007_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཅེས་པ་ནི། རྨི་ལམ་མ་ཤར་བའི་གཉིད་ཡུན་རིང་པོའི་རྒྱུ་དྲིས་པའོ། །ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ་ཞེས་སོགས་ཀྱི་དོན་ནི། སྔར་ལྟར་གཉིད་ལོག་པའི་རྗེས་དེ་ནས་རྨི་ལམ་ཤར་བའི་དུས་སུ། ཕུང་པོའི་ཁོག་པ་སྔར་ཡོད་འདི་ལས་རྨི་ལམ་གྱི་ལུས་ལོགས་སུ་བྱེ་ནས། ཡུལ་ཕྱོགས་གཞན་དུ་སོང་ནས་ཡང་ལུས་སྔ་མ་འདིར་འོང་བ་དེ་ཅིའི་ཕྱིར་འོང་ཞེས་སླར་དེ་ལ་འཇུག་པའི་རྒྱུ་དྲིས་སོ། །ཆག་འགྱུར་ལས། རྨི་ལམ་དུ་དབང་པོ་མཐའ་དག་གིས་སུམ་ཅུ་རྩ་གསུམ་གྱི་གནས་སམ། ཞེས་འབྱུང་བ་ལྟར་ན། རྨི་ལམ་གྱི་ལུས་ལོགས་སུ་ཕྱེ་བ་དེ་ལ་དབང་པོ་རྟེན་བཅས་ཚང་བར་སྣང་བའི་དོན་ནོ། །ཅིའི་ཕྱིར་རྨི་ལམ་དགེ་བ་དང་ཞེས་སོགས་ཀྱི་དོན་ནི། རྨི་ལམ་དུ་མཐོང་བའི་ལྟས་བཟང་ངན་གྱི་འབྲས་བུ་སད་དུས་སུ་མྱོང་བའི་རྒྱུ་ཅི་ཡིན་ཞེས་དྲིས་སོ། །གཉིད་ལོག་སད་ལ་ཐ་དད་ཡོད་དམ་མེད་ཅེས་པ་ནི། རྨི་ལམ་བརྫུན་ལ་སད་པའི་ཡུལ་སྣང་རྣམས་བདེན་པའི་ཁྱད་པར་ཡོད་མེད་དྲིས་པའོ། །དེའི་ལན་དུ། ཐོག་མ་མེད་པའི་རང་བཞིན་ཅན་གྱི་ལུས་ལ་དངོས་པོར་བལྟས་ནས་འཛིན་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དང༌། བདག་ལ་བྱིན་གྱིས་བརླབ་པ་བཤད་པ་རྣམ་པར་གསལ་བར་བྱ་བའི་ཕྱིར། རྨི་ལམ་གྱི་མཚན་ཉིད་ཡོངས་སུ་འདྲི་བར་བྱེད་པ་ལེགས་སོ་ལེགས་སོ། །དེ་བས་ན་རྨི་ལམ་གྱི་སྒོ་ནས་གཟུགས་བརྙན་དུ་བཤད་པའི་ལྷའི་སྐུ་ཐམས་ཅད་ཀྱི་སོ་སོ་རང་རིག་པར་གྱུར་པ། རྒྱུད་དང་མདོ་སྡེ་རྣམས་ཀྱི་རྗེས་སུ་


JLD007_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འབྲངས་ནས་རབ་ཏུ་རྟོགས་པར་བྱ་ཡིས། རྩེ་གཅིག་པའི་སེམས་ཀྱིས་ཉོན་ཅིག །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་པ། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། །སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར། །ཀུན་ཏུ་རྟོག་པས་རྨི་ལམ་འབྲས་འདོད་པ། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང༌། །ས་འཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་རླུང་ནི་སྔར་ཡང་འཇུག་པར་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོར་འགྱུར། །ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་རྐང་རུས་ཤ་མེད་ཀྱང༌། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང༌། །སྤྲུལ་པའི་སྐུ་ཡིས་བྱ་བ་མཛད་པ་ཡིན། །རིམ་པ་དེ་ཉིད་གཉིད་ལོག་སད་པའི་སེམས། །འབྲས་བུ་འདོད་པའི་རྣམ་རྟོག་དྲ་བ་ཅན། །དེ་བས་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །བདེན་དང་བརྫུན་པ་དག་ཀྱང་ཡོད་མ་ཡིན། ཞེས་བྱའོ། ཞེས་གསུངས་སོ། །དེ་ལ་ལུས་ལ་དངོས་པོར་བལྟས་ནས་འཛིན་པ་རྣམས་ཀྱི་ཐེ་ཚོམ་ཞེས་པ་ནི། ད་ལྟའི་ལུས་ལ་ཕྲ་རགས་ཀྱི་ལུས་གཉིས་ཡོད་པ་སོ་སོར་མ་རྟོགས་པར། རགས་པའི་ལུས་ཙམ་ཞིག་ལུས་ཀྱི་དངོས་པོར་བཟུང་ནས། རྟེན་འདི་ལ་བརྟེན་ནས་འཇའ་ཚོན་ལྟ་བུའི་སྒྱུ་མའི་སྐུ་འགྲུབ་བར་ནུས་སམ་མི་ནུས་སྙམ་པའི་


JLD007_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་བསལ་བའི་ཕྱིར་རོ། །ཆག་འགྱུར་ལས། གཟུགས་བརྙན་ལྟ་བུ་ཞེས་འབྱུང་ངོ༌། །རྨི་ལམ་གྱི་དཔེའི་སྒོ་ནས་རྒྱུད་སྡེས་རྟོགས་པར་བྱེད་པ་ནི། ཕུང་པོ་ཞེས་པ་ནས། སད་པའི་སེམས་ཞེས་པའི་བར་གྱིས་ཡིན་ལ། མདོ་སྡེས་རྟོགས་པར་བྱེད་པ་ནི། རྨི་ལམ་དང་སད་པ་ལ་བདེན་བརྫུན་གྱི་ཁྱད་པར་མེད་པར་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་དྲངས་ནས་བཤད་པའོ། །རྒྱུད་ཀྱིས་རྟོགས་པར་བྱེད་པ་ནི། རྩ་རྒྱུད་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་གཉིས་དྲངས་ནས་སྒྱུ་ལུས་སྟོན་པའོ། །རྐང་པ་དང་པོའི་དོན་ནི། རྡོ་རྗེ་འཕྲེང་བ་ལས་གསུངས་པ་ལྟར། ཕུང་པོ་དང་པོ་བཞི་དང༌། ས་ལ་སོགས་བའི་ཁམས་བཞི་དང༌། ཡུལ་གྱི་སྐྱེ་མཆེད་བཞི་དང༌། མིག་སོགས་ཀྱི་དབང་པོ་བཞི་དང༌། སོགས་ཀྱི་སྒྲས་བསྡུས་པ་དེ་དག་གི་ལྷག་མ་རྣམས་སོ། །དེ་རྣམས་ལུས་འདིར་འདུས་པ་ནི། ཤེས་པ་ཡུལ་ལ་འཇུག་པ་རང་དབང་མེད་པར་རིམ་གྱིས་འདུས་པའོ། །དེ་ལྟར་འདུས་པ་ལས་སྣང་བ་དང༌། མཆེད་པ་སྐྱེ་བ་ནི་ཤེས་པ་གཉིས་སོ། །དེ་གཉིས་ཀྱང་སྔ་མ་ཕྱི་མ་ལ་འདུས་ནས་ཉེར་ཐོབ་ཏུ་ཐིམ་པ་ནི་སྟོང་པ་ཆེན་པོར་གྱུར་པས་གཉིད་འཐུག་ལོག་པའོ། །ས་འཐུག་པ་ནི། འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་ལས། དཀྱིལ་འཁོར་བཞི་ལུས་ལ་འགོད་པ་ན་སྙིང་ཁར་ས་བཤད་ཅིང༌། རྒྱུད་གཞན་ལས་ཀྱང་སྙིང་ཁ་སར་བཤད་པས། སྙིང་ཁར་རླུང་འདུས་པ་འཐུག་པ་ཡིན་ལ། དེའི་མཐུས་རྨི་ལམ་མི་འཆར་


JLD007_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཉིད་རིང་དུ་འབྱུང་བའོ། །དེ་རྣམས་ཀྱིས་ནི་སྤྱིར་གཉིད་དུ་འགྲོ་བའི་རྒྱུ་དང༌། བྱེ་བྲག་ཏུ་གཉིད་ཡུན་རིང་བའི་རྒྱུ་གསུངས་སོ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བ་ཉེར་ཐོབ་དྲན་མེད་སངས་མ་ཐག་གཉིད་ཀྱི་འོག་གསལ་འཆར་ལ། དེ་གྲོལ་བ་ན་རྨི་ལམ་འཆར་བ་སྟེ། འདིར་འོད་གསལ་དེ་ཉེར་ཐོབ་ཏུ་བསྡུས་སོ། །འགྲོ་བ་ཞེས་པར་འགྱུར་རྙིང་ལྟར་ན་གཉིད་ལ་སྦྱར་རྒྱུ་ཡིན་ཞིང༌། ཆག་འགྱུར་ལས། སྐྱེ་བོ་ཉིན་མཚན་རྨི་ལམ་ཉེ་བར་འབྱུང༌། ཞེས་འབྱུང་ངོ༌། །རླུང་ནི་ཞེས་པ་ནི། རླུང་སེམས་ཙམ་ལས་གྲུབ་པའི་རྨི་ལམ་གྱི་ལུས་ཡུལ་གཞན་དུ་ཕྱིན་པ་ཡིན་ཏེ་དྲི་བའི་གནད་ཀྱིས་ཤེས་སོ། །འབྲས་བུ་སྨིན་མ་སྨིན་ནི། རླུང་སེམས་དེ་ལུས་རགས་པ་འདི་དང་འབྲེལ་མི་འབྲེལ་གྱི་ལས་ཀྱི་ནུས་པ་ཟད་མ་ཟད་དོ། །དེས་ན་དེ་མ་ཟད་པས་སླར་ཡང་འདིར་འཇུག་ཅེས་སླར་འཇུག་པའི་རྒྱུ་གསུངས་སོ། །དྲི་བ་གསུམ་པའི་ལན་ནི། རྨི་ལམ་གྱི་ལུས་ལོགས་སུ་བྱ་བ་ལུས་སྔ་མ་ལ་འཇུག་པར་བསྟན་པའི་རྒྱུད་གཅིག་པས་གོ་བར་ནུས་སོ། །རྨི་ལམ་སད་ལ་ཞེས་པ་གཉིས་དང༌། འབྲས་བུ་འདོད་པ་ཞེས་པ་གསུམ་གྱིས་ནི་རྨི་ལམ་དང་སད་པ་གཉིས་ལ་བདེན་བརྫུན་གྱི་ཁྱད་པར་མེད་པར་བསྟན་ནོ། །ཆག་འགྱུར་ལས། ཆོས་རྣམས་དེ་ཀུན་རྨི་ལམ་ལྟ་བུ་སྟེ། ཞེས་འབྱུང་ངོ༌། །ཇི་ལྟར་ཞེས་པ་ལྔས་ལོངས་སྐུ་ལ་ཤ་རུས་ལ་སོགས་པ་མེད་ཀྱང༌། སེམས་ཅན་གྱིས་མཐོང་བའི་དོན་དུ་ཁམས་རགས་པའི་ལུས་ལ་ཞུགས་ནས། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པ་དེ་ལྟ་བུའི་རིམ་པས། གཉིད་


JLD007_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་དུས་ཡུལ་གཞན་དུ་སོང་བའི་རྨི་ལམ་གྱི་ལུས་དང༌། སད་པ་ལ་ཉེ་བའི་སྔར་གྱི་ལུས་ལ་འཇུག་པ་ཤེས་པར་བྱ་བར་བསྟན་ནོ། །དེས་ནི་རྨི་ལམ་གྱི་ལུས་ལོངས་སྐུ་དང་འདྲ་བས་སྒྱུ་ལུས་ཤེས་པར་བྱ་བ་དང༌། ལུས་དེ་རགས་པའི་ལུས་ལ་ཞུགས་པ་སྤྲུལ་སྐུ་དང་འདྲ་བས། སྒྱུ་ལུས་ལོངས་སྐུས་རགས་པའི་སྤྲུལ་སྐུ་བཟུང་བ་ཤེས་པར་བྱ་བར་བསྟན་ནོ། །ཆག་འགྱུར་ལས། དེ་ལྟའི་རིམ་པས་གཉིད་ལོགས་སད་པའི་སེམས། ཞེས་འབྱུང་ངོ༌། །དེས་ན་སྒྱུ་ལུས་ཀྱི་སྔོན་དུ་འགྲོ་བའི་སྟོང་པ་གསུམ་ནི། རྨི་ལམ་གྱི་སྔོན་དུ་འགྲོ་བའི་གཉིད་ཀྱི་སྟོང་པ་གསུམ་གྱིས་མཚོན་པ་དང༌། སྒྱུ་མའི་སྐུ་དངོས་ནི་རྨི་ལམ་གྱི་ལུས་ཀྱིས་མཚོན་པ་དང༌། རྨི་ལམ་གྱི་མཇུག་ཏུ་སྒྱུ་མའི་སྐུས་སྤྲུལ་པའི་སྐུ་བཟུང་བས་མཚོན་པས་ན། དཔེ་བཅུ་གཉིས་ཀྱི་ནང་ནས་རྨི་ལམ་གྱི་དཔེ་ནི་སྒྱུ་ལུས་མཚོན་པ་ལ་མཚུངས་པ་མེད་པར་འཕགས་པ་ལྷའི་མན་ངག་ལས་ཤེས་པར་གྱིས་ཤིག །དཔེ་གཞན་ལ་དཔེ་དོན་གྱི་ཆོས་མཐུན་སྦྱར་ནས་སྒྱུ་ལུས་ལ་ངེས་པ་སྐྱེད་པའི་གོ་བ་ཙམ་མ་གཏོགས་པ། དཔེ་ཉིད་ཀྱི་སྟེང་ནས་མཚོན་བྱེད་དཔེའི་སྒྱུ་ལུས་ལམ་གྱི་ངོ་བོར་བསྐྱེད་རྒྱུ་མེད་མོད་ཀྱང༌། རྨི་ལམ་ལ་ནི་དེ་ཡོད་པས་ཀྱང་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་རྨི་ལམ་གྱི་སྔོན་དུ་བྱུང་བའི་གཉིད་ཀྱི་སྟོང་པ་བཞི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་ངོ་བོར་སྐྱེད་པར་བསྟན་པ་ནི། གཉིད་འོད་གསལ་དང་བསྲེ་བའི་གདམས་པ་ཡིན་ལ། དེ་ལྟ་ན་དེའི་མཐར་འབྱུང་བའི་རྨི་ལམ་གྱི་ལུས་སྒྱུ་ལུས་དང་བསྲེ་


JLD007_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདམས་པར་འོས་མེད་ཀྱི་རིགས་པས་ཤེས་ཏེ། བསྐྱེད་རིམ་པ་དང་རྫོགས་རིམ་པ་ལ་ལམ་གྱི་སྐུ་གསུམ་གསུམ་བཤད་པ་དང༌། སྦྱང་གཞིའི་སྐུ་གསུམ་བཤད་པའི་གནད་ཀྱིས་ཀྱང་ངེས་པར་ཤེས་སོ། །དེས་ན་ལུགས་མཆོག་ཏུ་གྱུར་པ་འདིའི་རྨི་ལམ་གྱི་གདམས་ངག་འོད་ཚུལ་ནི་དེ་ལྟར་ཡིན་ལ། ཚུལ་དེ་ཡང་གང་ཟག་གསུམ་ག་ལ་དགོས་པ་ཡིན་ནོ། །གཉིས་མེད་རྣམ་རྒྱལ་བརྫུས་མ་ལས། །རླུང་དང་བཅས་པའི་འཕོ་བ་གནས། །འགྲོ་བ་ཀུན་གྱི་མགྲིན་པར་སྐྱེས། །ཡི་གེ་ༀ་བཅས་གནས་པ་ཉིད། །ཨ་ནུ་ཏ་ར་བརྗོད་པ་གང༌། །གཟུང་ཞིང་བསྒྱུར་དང་སྤེལ་བ་དང༌། །སྒྱུ་མར་དྲན་དང་རྒྱས་བཏབ་པས། །གཉིས་པ་བསམ་གཏན་ལམ་དུ་འགྱུར། ཞེས་རྨི་ལམ་གཟུང་བ་སོགས་ཀྱང་བཤད་མོད་ཀྱང་ཡིད་ཆེས་པར་དཀའོ། །འཆི་བ་དང་། བར་དོ་གཉིས་དང་བསྲེ་བ་ནི། བར་དོར་འཚང་རྒྱ་བ་ལ་སྤྱོད་བསྡུས་སོགས་ལས་བཤད་ལ། དེ་ལ་བརྟེན་ནས་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ལ་ཡང་སྦྱར་དུ་རུང་སྟེ་གཉིད་དང་བསྲེ་བ་བཞིན་ནོ། །འདི་གཉིད་དང་རྨི་ལམ་རྒྱུད་ལ་སོགས་པའི་ཁུངས་ལ་བརྟེན་ལུགས་ཀྱང་སྔ་མས་དཔག་པར་ནུས་སོ། །དེ་ལྟར་ན་མར་པའི་ཁྱད་ཆོས་བསྲེ་བའི་གདམས་པ་འདི་རྣམས་འཕགས་པ་ཡབ་སྲས་ཀྱི་མན་ངག་གི་གཞུང་ལ་གཏུགས་ནས་ལེགས་པར་འཆད་ཤེས་ན། ཁྱད་ཆོས་བླ་ན་མེད་པར་སྣང་ངོ༌། །དེ་ལྟར་ན་རྨི་ལམ་ལ་བརྟེན་ནས་མཚོན་བྱེད་དཔེའི་སྒྱུ་མ་སྒྱུ་ལུས་ཀྱི་སྐབས་སུ་སྤྱོད་བསྡུས་ལས་གསུངས་པའི་དབང་དུ་བྱས་ན་རྨི་ལམ་གྱི་གདམས་པ་རྣམས་སྒྱུ་ལུས་ཀྱི་སྐབས་སུ་འབྲེལ་


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next