Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
   
   
ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
   
   
   
   
   
   


 
previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


JLD007_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བས། གཉིད་ཀྱི་སྟོང་པ་རྣམས་འཛིན་པའི་གདམས་པ་ཡང་སྐབས་དེར་འབྲེལ་ལོ། །དོན་གྱི་དབང་དུ་བྱས་ན་སད་དུས་སུ་སྟོང་པ་བཞི་མ་མཐའ་ཞིག་འདྲེན་ནུས་པའི་མཚམས་ནས་གཉིད་ཀྱི་སྟོང་པ་ལ་འཇུག་ཅིང༌། དེའི་རྗེས་སུ་རྨི་ལམ་གྱི་གདམས་པ་རྣམས་སྒོམ་པས། ལུས་དབེན་གྱི་སྐབས་དང་ངག་དབེན་དང་། སེམས་དབེན་གྱི་སྐབས་རྣམས་སུ་ཡང་འབྱུང་ངོ༌། །འཆི་བ་དང་བར་དོ་དངོས་དང་བསྲེ་བ་ནི་དེ་དག་གི་སྐབས་ཡིན་ལ། དེ་གཉིས་དང་མཐུན་པར་སྐྱེད་པ་ལ་ཡང་དེ་གཉིས་དང་བསྲེ་བའི་ཐ་སྙད་བྱེད་པས། དེ་ནི་སད་དུས་དང་གཉིད་དུས་ཅི་རིགས་སུ་འོང་ངོ༌། །གཉིས་པ་ལ་གཉིས། གཉིད་དང་རྨི་ལམ་དང་བསྲེ་བ་བཤད་པ་དང༌། འཆི་བ་དང་བར་དོ་དང་བསྲེ་བ་བཤད་པའོ། །དང་པོ་ལ་གཉིས། གཉིད་དང་བསྲེ་བ་དང༌། རྨི་ལམ་དང་བསྲེ་བའོ། །དང་པོ་ནི། སྦྱང་གཞི་ལ་དང་པོར་རྨི་ལམ་མེད་པའི་གཉིད་ཀྱི་སྟོང་པ་རྣམས་འབྱུང༌། དེ་རྗེས་རྨི་ལམ་འབྱུང་བའི་གོ་རིམ་ངེས་པ་བཞིན་དུ། ལམ་དུས་སུ་ཡང་དང་པོར་གཉིད་དང་འོད་གསལ་བསྲེ་བ་སྒོམ། དེའི་རྗེས་སུ་རྨི་ལམ་དང་སྒྱུ་ལུས་བསྲེ་བའི་རིམ་པ་ངེས་སམ་མ་ངེས་སྙམ་ན། འདི་ལ་མར་ལུགས་པ་ཕྱི་མ་ཁ་ཅིག །རིམ་ལྔ་ལས་སྒྱུ་ལུས་རིམ་པ་གསུམ་པ་དང༌། འོད་གསལ་རིམ་པ་བཞི་པར་གསུངས་པ་ལ་བསམས་ནས། བསྲེ་བ་གཉིས་ཁ་ཕྲལ་ཏེ་རྨི་ལམ་གྱི་སྒྱུ་མ་སྒོམ་པ་རིམ་པ་གསུམ་པ་དང༌། གཉིད་ཀྱི་འོད་གསལ་སྒོམ་པ་རིམ་པ་བཞི་པའི་སྐབས་སུ་བྱེད་མོད་ཀྱང༌། དོན་ལྔ་མ་ལས།


JLD007_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མའི་གཉིད་ཀྱི་དུས་སུ་སྟོང་པ་བཞི་བཟུང་ནས་དེའི་མཐར་རྨི་ལམ་གྱི་ལོངས་སྐུར་ལྡང་བར་བཤད་པ་ཉིད་ལེགས་པ་ཡིན་ཏེ། རྨི་ལམ་གྱི་གདམས་ངག་གི་སྙིང་པོ་ནི་རྨི་ལམ་གྱི་ལུས་ལོངས་སྐུར་ལྡང་བ་ཡིན་ལ། དེ་ལ་ནི་སྔོན་དུ་སྟོང་པ་རྣམས་བསྐྱེད་དགོས་པའི་ཕྱིར་དང༌། སྦྱང་གཞི་གཉིད་དང་རྨི་ལམ་གྱི་རིམ་པ་དང་ཡང་ཤིན་ཏུ་མཐུན་པའི་ཕྱིར་དང༌། རིམ་པ་གསུམ་པའི་སྒྱུ་ལུས་ལ་ཡང་སྔོན་དུ་སེམས་དབེན་གྱི་སྟོང་པ་རྣམས་འགྲོ་དགོས་ཤིང༌། ཟུང་འཇུག་གི་སྒྱུ་མའི་སྐུ་ལ་ཡང་འོད་གསལ་གྱི་སྟོང་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་དང༌། འཆི་བའི་སྟོང་པ་ལས་བར་དོ་འབྱུང་བ་དང༌། ལྷག་མོས་འོད་གསལ་དུ་བསྡུས་པ་ལས་དང་པོའི་མགོན་པོ་སྐྱེད་པ་སོགས་ཐམས་ཅད་ཀྱི་གོ་རིམ་དེ་ལྟར་ཡིན་པའི་ཕྱིར་རོ། །དེས་ན་གཉིད་ཀྱི་འོད་གསལ་ཞེས་པའི་འོད་གསལ་གྱི་མིང་ཡོད་ཀྱང༌། སྒྱུ་ལུས་མན་ཆད་དུ་དཔེའི་འོད་གསལ་མེད་པ་མིན་པ་ནི་སྔར་བཤད་ཟིན་ཏོ། །གལ་ཏེ་རྨི་ལམ་གྱི་སྒྱུ་མ་སྒོམ་པའི་སྔོན་དུ་གཉིད་ཀྱི་འོད་གསལ་འཛིན་པ་ཡིན་ན་ཇི་ལྟར་འཛིན་སྙམ་ན། འདི་ལ་སྤྱིར་གཉིད་ཏིང་ངེ་འཛིན་གྱི་ངོ་བོར་སྐྱེ་བ་ལ་ཚུལ་གཉིས་ཡོད་དེ། འདི་ལྟར་མཚན་ཉིད་ཀྱི་ཐེག་པ་ཆེ་ཆུང་དང༌། སྔགས་དང་ཕར་ཕྱིར་གྱི་ཐེག་པ་ཐུན་མོང་བའི་ཞི་གནས་ཀྱི་ཏིང་ངེ་འཛིན་བརྟན་པོ་རྙེད་ན། གཉིད་ཏིང་ངེ་འཛིན་དུ་སྐྱེད་པའི་རྩོལ་བ་ཆེད་དུ་མ་བྱས་ཀྱང༌། གཉིད་དུ་འགྲོ་ཁར་སད་དུས་ཀྱི་ཏིང་ངེ་འཛིན་མངོན་དུ་གྱུར་ནས་དེའི་འཕྲོ་ལ་གཉིད་དུ་སོང་བ་ན། ཐ་མལ་པའི་གཉིད་མེད་པར་ཏིང་ངེ་འཛིན་དུ་མེར་གྱིས་འགྲོ་བ་ཅིག་དང༌། ཡང་གཉིད་དུ་འགྲོ་བའི་ཚེ་


JLD007_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དྷཱུ་ཏཱིར་ཚུད་པའི་སྟོབས་ཀྱིས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་འཆར་བའི་མཐར། ཟླ་འོད་ལྟར་སྣང་བ་སོགས་ཀྱི་སྟོང་པ་གསུམ་སྔོན་དུ་ཤར་ནས། དེ་ནས་སྤྲིན་མེད་པའི་ནམ་མཁའ་གཡའ་དག་བཞིན་དུ་གཉིད་འོད་གསལ་གྱི་ངོ་བོར་སྐྱེ་བ་གཉིས་ཡོད་དོ། །དེའི་སྔ་མ་ལ་ནི་སྨིག་རྒྱུ་སོགས་ཀྱི་རྟགས་བཞི་དང༌། ཟླ་འོད་སོགས་ཀྱི་སྣང་བ་གསུམ་སྔོན་དུ་མི་འཆར་བར་སྟོང་སང་ངེ་བའི་དྭངས་ཤིང་གསལ་བ་ཞིག་འཆར་མོད་ཀྱང་། གཉིད་ཀྱི་འོད་གསལ་གྱི་དོན་མེད་ལ། དེ་འདྲ་བ་དེ་སྐྱེད་པ་ལ་ཡང་སྔགས་ནས་བཤད་པའི་གཉིད་ཀྱི་འོད་གསལ་འཛིན་ཐབས་རྣམས་ཀྱང་མི་དགོས་པས། དེ་སྐྱེད་པ་ལ་ཐེག་པ་འདིར་འཇུག་མི་དགོས་སོ། །དེས་ན་འདིར་གཉིད་ཀྱི་འོད་གསལ་སྐྱེད་པ་ནི་ཕྱི་མ་ལྟར་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པའི་སྟོབས་ཀྱིས་སྐྱེད་པ་ཡིན་ནོ། །དེའི་ཕྱིར་སད་དུས་སུ་ལུས་ལ་གནད་དུ་བསྣུན་པའི་གདམས་པ་བསྒོམས་ནས། སྟོང་པ་བཞི་མ་མཐའ་ཅིག་སྐྱེད་ནུས་པའི་མཚམས་ནས། དེ་ནས་སྟོང་པ་དེ་རྣམས་གཉིད་ཀྱི་སྟོང་པ་རྣམས་དང་བསྲེ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཉིད་དང་བསྲེ་འདོད་ཀྱང་བསྲེ་རྒྱུ་མེད་པའི་ཕྱིར་རོ། །དེ་ལ་གཉིད་ཀྱི་སྐབས་སུ་ཤས་ཆེར་སྣ་བུག་གི་འབྱུང་འཇུག་ཕྲ་མོ་ཞིག་མི་ལྡོག་པས། འབྱུང་འཇུག་ཕྲ་མོ་ཡང་ཆད་ནས་ངྷཱུ་ཏཱིར་ཐིམ་པའི་སྟོང་པ་ཇི་བཞིན་པ་གཉིད་ཀྱི་གཞིའི་སྟོང་པ་ལ་མེད་མོད་ཀྱང༌། སྟོང་པ་བཞི་མེད་པ་མིན་ལ། དེ་ཡང་རྨི་ལམ་མ་ཤར་ཚུན་ཆད་ཀྱི་གཉིད་དང་། ཤར་བའི་གཉིད་གཉིས་ལའང་རླུང་སྙིང་ཁར་འདུས་ཚབས་


JLD007_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་དང༌། རགས་པ་ཐིམ་མ་ཐིམ་ཁྱད་ཆེའོ། །སད་དུས་ཀྱི་སྟོང་པ་དང་གཉིད་དུས་ཀྱི་སྟོང་པ་རྣམས་བསྲེ་ནུས་པའི་རྣལ་འབྱོར་པས། གཉིད་ཀྱི་སྟོང་པ་སྐྱེད་པའི་དུས་སུ་ནི་སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་ནས་དྷཱུ་ཏཱིར་ཐིམ་པ་འོང་དགོས་སོ། །དེ་འདྲ་བ་ལ་ནི་གཉིད་དུ་འགྲོ་བར་རྩོམ་པ་ན། ཐོག་མར་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་གོ་རིམ་ངེས་ཅན་དུ་མ་ཤར་ཡང༌། དེ་ནས་བྱང་བ་ན་ཁྲིགས་ཆགས་སུ་ངེས་པར་འཆར་རོ། །དེས་ན་སྟོང་པ་གསུམ་རིམ་པ་ངེས་ཅན་དུ་ཤར་བ་སྔོན་དུ་མ་སོང་བའི་གཉིད་ཏིང་ངེ་འཛིན་གྱི་ངོ་བོར་སྐྱེས་པ་ནི་གཉིད་ཀྱི་འོད་གསལ་མིན་ཏེ། ཐམས་ཅད་སྟོང་པ་འོད་གསལ་འཆར་བ་ལ་སྟོང་པ་དང། ཤིན་ཏུ་སྟོང་པ་དང༌། སྟོང་ཆེན་གསུམ་ངེས་པར་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། རྒྱུ་འབྲས་ཡིན་པའི་ཕྱིར་རོ། །དེས་ན་མར་ལུགས་ཀྱི་འོད་གསལ་བཙན་ཐབས་ཀྱི་མན་ངག་ལས། ཟླ་བ་གཅིག་ཏུ་མཚམས་བཅད་ནས། སྙིང་ཁར་པདྨ་འདབ་མ་བཞི་པའི་ལྟེ་བར་ཐིག་ལེ་དཀར་དམར་བཀོད་པ་ལ་དམིགས་ནས་གཉིད་ཀྱི་སྟོང་པ་འཛིན་པར་བཤད་པ་ཡང༌། དམིགས་པ་དེ་ལ་ཟླ་བ་གཅིག་ཏུ་དྲིལ་ནས་ཉིན་མཚན་ཀུན་ཏུ་རྒྱུན་ལྡན་དུ་བསྒོམས་ན། རླུང་འདུ་བ་སླ་བ་འགའ་ཞིག་ལ་འོང་བ་ཡོད་དེ། དེ་ནི་སྙིང་ཁར་མི་ཤིགས་པ་སྒོམ་པའི་སྲོག་རྩོལ་ལོ། །དེ་ལ་ཡང་སྔོན་དུ་སད་དུས་སུ་སྟོང་པ་བཞི་འདྲེན་ནུས་ནས་དེ་ནས་གཉིད་དང་བསྲེ་བ་ཡིན་གྱི། ཉིན་མཚན་གཞན་དུ་མ་བསྒོམས་པར་གཉིད་དུ་འགྲོ་ཁ་ཙམ་དུ་བསྒོམས་པས་འོང་བ་མིན་ནོ། །འདི་ལ་ཡང་གཉིད་དུ་འགྲོ་ཁར་དམིགས་པ་གཏད་ནས་ཡང་ཡང་བསྒོམས་ན་གཞི་དུས་ཀྱི་གཉིད་ཀྱི་སྟོང་


JLD007_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངོས་ཟིན་ཙམ་ཞིག་འོང་དུ་ཆུག་ཀྱང༌། རླུང་ཐིམ་པའི་སྟོང་པ་རྣམས་མཚན་ཉིད་པ་འཆར་མི་ཐུབ་བོ། །དོན་ལྔ་མར། རྨི་ལམ་དང་བསྲེ་བའི་སྔོན་དུ་གཉིད་ཀྱི་སྟོང་པ་འཛིན་པ་ལ་ཨ་ནུ་ཏ་ར་མགྲིན་པར་འགོད་པ་དང༌། མེས་མཚོན་གྱིས་མགྲིན་པར་སྒོམ་པར་བཞེད། མཚུར་སྟོན་སྙིང་ཁར་སྒོམ་པར་བཞེད་པ་ལ། འོད་གསལ་སྒོམ་ན་སྙིང་ཁ་དང༌། རྨི་ལམ་གྱི་སྒྱུ་ལུས་སྒོམ་ན་མགྲིན་པར་སྒོམ་པ་ཡིན། འདབ་མའི་ཡི་གེ་བཞི་ལ་དམིགས་ནས་དེ་རེ་རེ་དང་སྟོང་པ་རེ་རེ་འཛིན་པ་སྦྱོར་བར་བཤད་དོ། །དེ་ལ་རྨི་ལམ་དང་བསྲེ་བའི་སྔར་གཉིད་ཀྱི་སྟོང་པ་རྣམས་འཛིན་པ་ལེགས་ལ། དེ་ལྟར་སྦྲེལ་ནས་འཛིན་ན་པདྨ་ཐིག་ལེ་དང་བཅས་པ་མཚུར་སྟོན་བཞེད་པ་ལྟར་སྙིང་ཁར་སྒོམ་རྒྱུ་ཡིན་པས། མགྲིན་པར་སྒོམ་པ་མི་ལེགས་སོ། །འོད་གསལ་སྒོམ་ན་སྙིང་ཁ་དང་འབྲེལ་བ་ཉིད་ཀྱིས་སྙིང་ཁར་སྒོམ་དགོས་པ་ཡིན་ནོ། །རླུང་ཐིམ་པའི་མཐུས་རྨི་ལམ་གྱི་བསྲེ་བ་ལ་འཇུག་མི་ནུས་པར་འདུན་པའི་སྟོབས་ཀྱིས་རྨི་ལམ་འཛིན་པ་ལ། མགྲིན་པར་སྒོམ་པ་འབྲེལ་བའི་ཁྱད་ཕྱེད་དགོས་པར་སྣང་ངོ༌། །ཨ་ནུ་ཏ་ར་སྒོམ་པ་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཡིན་ཟེར་བར་བཤད་པ་ལྟར། རྒྱ་གར་བ་འགའ་ཞིག་ཀྱང་འདོད་པ་ཡིན་དུ་ཆུག་ཀྱང༌། ནཱ་རོ་པའི་གདམས་པས་སྙིང་ཁར་སྔགས་འཁོར་སྒོམ་པ་བྱེད་པ་ལ། འདིས་མ་གྲུབ་པ་ཡི་གེ་དེ་བཞིས་བྱ་རྒྱུ་མི་སྣང་ངོ༌། །དེས་ན་གཉིད་ཀྱི་འོད་གསལ་འཛིན་པ་ན་མར་ལུགས་ཀྱི་གདམས་ངག་ལས། སྙིང་ཁར་ཐིག་ལེ་དཀར་དམར་ལ་དམིགས་ནས་སྒོམ་པ་ཉིད་ལེགས་སོ། །དེ་ནི་སྙིང་ཁའི་སྔགས་འཁོར་


JLD007_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབུས་ཀྱི་མི་ཤིགས་པ་ལ་སེམས་གཏོད་པར་སྣང་ལ། དེ་ལས་རྒྱས་སུ་གཏོང་འདོད་ན་སྔགས་འཁོར་བཀོད་ནས་སྡུད་པ་སོགས་སྔར་བཤད་པ་བཞིན་བྱའོ། །རིམ་ལྔ་གདན་རྫོགས་ལས། སྙིང་ཁར་ཡི་གེ་བཞི་དབུས་ཀྱི་ཐིག་ལེ་དང་བཅས་པ་ལ་དམིགས་ནས། རྡོ་རྗེ་བཟླས་པ་བྱས་ཏེ། གཉིད་ཀྱི་འོད་གསལ་འཛིན་པར་བཤད་པའི་ཡི་གེ་བཞི་དགོད་དགོས་མི་དགོས་བཤད་ཟིན་ལ། སྙིང་ཁའི་ཐིག་ལེ་ལ་དམིགས་ནས་རྡོར་བཟླས་བྱས་ཏེ་གཉིད་ཀྱི་འོད་གསལ་འཛིན་པ་ནི་རྨད་དུ་བྱུང་བའི་གདམས་པ་ཡིན་ཏེ། དགོངས་པ་ལུང་སྟོན་གྱི་དོན་ཡིན་པའི་ཕྱིར་རོ། །དགོངས་པ་ལུང་སྟོན་ལས། དཀྱིལ་འཁོར་བཞིའི་རླུང་གི་བཟླས་པ་བཤད་པའི་མཐར། བཅོ་བརྒྱད་དག་ཏུ་ཡང་དག་བཤད། །དེ་ཡང་འདི་དག་ཉིད་ལ་གནས། །ཇི་ལྟར་འོ་མ་ཁྱབ་པར་ནི། །མར་གསར་གནས་པར་གྱུར་པ་ཡིན། །དེ་བཞིན་གོས་དཀར་ལ་སོགས་ལ། །ཞི་བ་ཉིད་ནི་དེ་གནས་སོ། ཞེས་པའི་མཇུག་ཏུ། གཟུགས་སོགས་ནང་གི་ཆོས་རྣམས་ནི། ཞེས་པ་ནས། སངས་རྒྱས་གཞུག །ཅེས་པའི་བར་འབྱུང་ཞིང༌། དེའི་མཇུག་ཏུ། རྣལ་འབྱོར་པ་ཡི་དབུགས་རྔུབ་འབྱུང༌། །སྦྱོར་བའི་དེ་ཉིད་གཅིག་པ་ཉིད། །ཤེས་རབ་ཐབས་ལ་གནས་ནས་ནི། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །བྱ་བ་ཐམས་ཅད་ཉིད་དུ་ཡང༌། །རྣལ་འབྱོར་རིག་པས་ཉལ་སོགས་ལ། །མིང་མེད་བརྗོད་དུ་མེད་པ་དང༌། །དུས་གསུམ་འདས་པ་རྟག་ཏུ་བཟླ། ཞེས་གསུངས་སོ། །དེའི་དང་པོ་དྲུག་གིས་སྟོང་ཉིད་བཅོ་བརྒྱད་ཀྱི་ངོ་བོའི་འོད་གསལ་གོས་དཀར་སོགས་ཀྱི་རྡོར་བཟླས་ལ་འོ་མ་


JLD007_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མར་གསར་འབྱུང་བ་ལྟར་གནས་པར་གསུངས་པས། རྡོར་བཟླས་ཀྱིས་སྟོང་པ་བཞི་འདྲེན་པར་བཤད་དོ། །གཟུགས་སོགས་ཞེས་པ་ནས། སངས་རྒྱས་གཞུག་གི་བར་གྱིས་ཕུང་སོགས་འོད་གསལ་དུ་གཞུག་པར་བཤད་པའི་དོན་གཉིད་ཀྱི་འོད་གསལ་ལ་ཡང་ཡོད་པ་ནི་བཤད་ཟིན་ཏོ། །རྣལ་འབྱོར་ཞེས་པ་བཞིས་ནི་རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་བཟླས་པ་བྱ་བ་དང༌། དེ་ནས་བཞིས་ནི་བཟླས་པ་དེ་ཡང་ཉལ་བའི་དུས་སུ་ཡང་བྱ་བར་བསྟན་ནོ། །དེ་ལྟར་ན་མཚན་མོ་ཉལ་བའི་དུས་སུ་རྡོར་བཟླས་བྱས་པས་སྟོང་པ་བཞི་འདྲེན་པར་བསྟན་ལ། དེ་ཡང་གཉིད་ཀྱི་འོད་གསལ་རྡོར་བཟླས་ཀྱིས་འདྲེན་པའི་དོན་ཡིན་པའི་ཕྱིར་རོ། །མདོར་ན་སད་དུས་སུ་སྟོང་པ་བཞི་གང་གིས་འདྲེན་པའི་ཐབས་དེས། གཉིད་དུ་འགྲོ་བའི་དུས་སུ་ཡང་སྟོང་པ་བཞི་དྲངས་ནས་བསྲེ་དགོས་ལ། སད་དུས་ཀྱི་ཐབས་མཆོག་ཏུ་གྱུར་པ་ནི། སྙིང་ཁར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དང་། རྡོར་བཟླས་ཡིན་པའི་ཕྱིར་ཏེ་སྔར་མང་དུ་བཤད་ཟིན་ཏོ། །དེ་འདྲ་བའི་གཉིད་ཀྱི་འོད་གསལ་འཛིན་ཐབས་གཉིས་རྗེ་མར་པའི་མན་ངག་ལས་འབྱུང་བ་ནི། རྩ་བཤད་ཀྱི་རྒྱུད་དང༌། ཡབ་སྲས་ཀྱི་དགོངས་པ་བླ་ན་མེད་པའི་གདམས་པར་ཤེས་དགོས་ཏེ། མན་ངག་ཁ་འཐོར་བ་ཕན་ཚུན་དུ་འདྲེས་པ་རྣམས་ཀྱང་ཕྱེད་པ་གལ་ཆེའོ། །འདི་ཤེས་ན་སྤྱོད་བསྡུས་ལས་གཉིད་སྟོང་པ་བཞིའི་ངོ་བོར་འཆར་བ་ནི་གསུངས་ན། གཉིད་ཀྱི་འོད་གསལ་འཛིན་པའི་ཐབས་གང་དུ་གསུངས་སམ་སྙམ་དུ་དོགས་པ་སྐྱེ་བའི་ཐེ་ཚོམ་ལེགས་པར་


JLD007_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ནུས་སོ། །སྤྱིར་ལམ་གང་ལ་ཡང་གཞི་ལ་ཡོད་ཡོད་པ་ཞིག་ཐབས་མཁས་ཀྱིས་ལམ་དུ་སློང་ཤེས་ན་མྱུར་བ་ཡིན་པས། གཉིད་ཀྱི་དུས་འདིར་ཡང་རླུང་རང་ཤུགས་ཀྱིས་འདུས་ནས་སྟོང་པ་སྐྱེད་པ་ཅིག་གཞི་ལ་ཡོད་པ་དེ། བསྲེ་བའི་གདམས་ངག་གིས་ལམ་དུ་སློང་ཤེས་ན་ཤིན་ཏུ་མྱུར་རོ། །གཞི་ལ་སྟོང་པ་རྣམས་ཡོད་ཀྱང་སྟོང་པ་ཧ་ཅང་ཤས་ཆེན་པོ་མེད་པ་དང༌། གཉིད་ཀྱིས་དྲན་པ་ཉམས་ཚབས་ཆེ་བས་ལམ་དུ་མ་བསླངས་བར་དུ་ངོ་ཤེས་པའི་ངེས་ཤེས་འདྲེན་མི་ནུས་སོ། །འདི་ལ་དྲན་པའི་མཐུ་ཉམས་པ་ཡེ་མེད་ན་གཉིད་ཀྱང་མི་འོང་ལ། དྲན་པ་ཉམས་ཚབས་ཆེ་ན་གཉིད་ཀྱི་སྟོང་པ་བཞི་ངེས་མི་ནུས་པས། གཉིད་དུ་ཡང་འགྲོ་ལ། སྟོང་པ་ལ་ངེས་པ་དྲང་མི་ནུས་པའི་དྲན་པ་ཉམས་པ་ཡང་མིན་པ་ཅིག་གདམས་ངག་གིས་བྱ་དགོས་སོ། །དེ་ལ་གཉིད་མ་བྱུང་ནས་དགེ་སྦྱོར་འདིའི་གེགས་བྱེད་པ་ནི་ཤིན་ཏུ་ཤས་ཆུང་ལ། དེ་དང་། གཉིད་བྱུང་ནས་འཐུག་དྲགས་པའི་སེལ་ཚུལ་ནི་མན་ངག་རྣམས་ལས་ཀྱང་མང་དུ་འབྱུང་ལ། དེར་མ་བཤད་པའི་སེལ་ཐབས་ཀྱང་ཡོད་དོ། །སྲབ་འཐུག་རན་པའི་གཉིད་ཀྱི་སྟོང་པ་ཤར་བའི་མཐར་འོད་གསལ་གྱི་ཚེ་ལྟ་བ་དྲན་པར་བྱས་ནས་རིང་དུ་སྐྱོང་དགོས་པ་ལས། མྱུར་དུ་སད་པ་དང་། མྱུར་དུ་རྨི་ལམ་ཤར་བ་དེའི་བར་ཆད་དུ་སོང་ན། དེའི་སེལ་ཚུལ་གྱི་གཞི་འདིངས་པ་ཅིག་འཆད་པར་འགྱུར་རོ། །རྣལ་འབྱོར་པས་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ལས་དགའ་བ་བཞི་དང་། སྟོང་པ་བཞི་སྐྱེད་ནུས་ཀྱང༌། འདི་ལྟ་བུའི་བསྲེ་བའི་གདམས་ངག་མི་ཤེས་ན་ཉམས་མྱོང་བསྐྱེད་པ་དེ་


JLD007_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཉིད་དང་བསྲེས་ནས་བསྒོམས་པས། ཚེ་འདིར་ལམ་གྱི་རྟོགས་པ་ཁྱད་ཞུགས་ནས་འགྲོ་བ་དང༌། འདིར་མཆོག་མི་འཐོབ་པར་འཆི་བའི་དུས་བྱེད་ན། འཆི་བའི་སྟོང་པ་བཞི་ལམ་དུ་བྱས་པ་ཉིད་ཀྱིས་འཆི་བའི་སྡུག་བསྔལ་གྱིས་མི་འཇིགས་པ་ཙམ་དུ་མ་ཟད། ལམ་གྱི་རྟོགས་པ་ཁྱད་ཞུགས་པར་འགྲོ་བ་མི་ཤེས་པས་བསྲེ་བའི་གདམས་པ་ལ་མཁས་པར་བྱ་སྟེ། དེ་ལེགས་པར་ཤེས་ན་དེ་ཙམ་མི་ནུས་པས་ཀྱང་ཡང་ཡང་ཡིད་ལ་བྱས་ན་རྨད་དུ་བྱུང་བའི་བག་ཆགས་བརྟན་པོ་འཇོག་པའི་ཕྱིར་རོ། །དེ་ལྟར་ན་གཉིད་ཏིང་ངེ་འཛིན་གྱི་ངོ་བོར་སྐྱེད་མི་ནུས་པ་ལ་གཞི་དུས་ཀྱི་གཉིད་ཀྱི་སྟོང་པ་ཆ་མཐུན་པ་ངེས་ནུས་མི་ནུས་གཉིས་དང༌། སྐྱེད་ནུས་པ་ལ་ཡང་གཉིད་ཀྱི་སྟོང་པ་རྣམས་ཀྱི་ངོ་བོར་སྐྱེ་མི་སྐྱེ་གཉིས་དང༌། དེ་ལྟར་སྐྱེ་བའི་ཐབས་ལ་ཡང་དག་པ་དང་། ལྟར་སྣང་བ་གཉིས་ལེགས་པར་བཤད་པ་འདི་ནི། གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་གི་གནད་མི་འཕྱུག་པའི་གོ་བ་རགས་པ་འཆགས་པའི་ཐབས་ཡིན་ནོ། །ལྷག་མ་རྣམས་ཞིབ་པར་ནི་གཞན་དུ་བཤད་པར་བྱའོ། །གཉིས་པ་ནི། དེ་ལྟར་རླུང་སྟོབས་ཀྱིས་རྨི་ལམ་ཟིན་ནས་གཉིད་ཀྱི་སྟོང་པ་དང་བསྲེ་ནུས་པ་དེས། གཉིད་ཀྱི་སྟོང་པ་རྣམས་རིམ་པ་བཞིན་ཤར་བ་ན། གཉིད་ཀྱི་སྣང་བ་ལ་སོགས་པ་འདི་དང་འདི་ཡིན་ནོ་ཞེས་ངེས་ནུས་པས། གཉིད་ཀྱི་འོད་གསལ་གྱི་འོག་ཏུ་རྨི་ལམ་འཆར་བའི་ཚུལ་ཤེས་པའི་སྒོ་ནས། གཉིད་ཀྱི་སྟོང་པ་དང་རྨི་ལམ་འཆར་བའི་མཚམས་ལེགས་པར་ཕྱེད་


JLD007_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ལ། དེ་ལ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པའི་ཐབས་གཞན་མི་དགོས་པས། གཉིད་ཀྱི་འོད་གསལ་འཛིན་པའི་ཐབས་ལས་མ་གཏོགས་པའི་རྨི་ལམ་འཛིན་ཐབས་གཞན་འཕགས་པ་ལྷས་ཀྱང་མ་གསུངས་སོ། །དེ་ལྟར་རྨི་ལམ་རླུང་སྟོབས་ཀྱིས་འཛིན་པར་མི་ནུས་པས་རྨི་ལམ་འཛིན་པ་ནི། སྔོན་དུ་གཉིད་ཀྱི་སྟོང་པ་བཞི་ངེས་པའི་སྒོ་ནས་རྨི་ལམ་འཛིན་མི་ནུས་པས། དེ་འཛིན་པའི་ཐབས་གཞན་མན་ངག་རྣམས་ལས་བཤད་དོ། །འདི་ལ་ལམ་བསྒོམས་པ་ལ་མ་ལྟོས་པར་གཞི་དུས་ཉིད་ནས། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་ཡང་མང་པོ་ལ་འོང་ལ། ཉིན་པར་བྱ་བ་གང་ལ་འདུན་པ་དྲག་པོ་ཐུར་ཐུར་འོང་བ་དེ་ཕལ་ཆེར་རྨི་ལམ་དུ་ཡང་འོང་ངོ༌། །དེའི་གནད་ཀྱིས་རྨི་ལམ་ལ་རྨི་ལམ་ཡིན་པར་ཤེས་པ་ཙམ་ཞིག་བསྐྱེད་བཀའ་བ་ཡང་མིན་ལ། ཉིན་པར་གྱི་འདུན་པ་དྲག་པོ་སྐྱོང་བ་ཉིད་རྨི་ལམ་འཛིན་པ་ལ་ཡང་བསྔགས་པ་ཡིན་ནོ། །འདི་ལ་གཉིད་མེད་ནས་རྨི་ལམ་མི་འོང་བ་ཡང་ཞག་སྦྲེལ་བ་སྲིད་མོད་ཀྱང༌། དེས་རྨི་ལམ་དང་བསྲེ་བའི་དགེ་སྦྱོར་གྱི་གེགས་བྱེད་པ་ཤས་ཆུང་ངོ༌། །གཉིད་བྱུང་བ་ལ་གཉིད་འཐུག་དྲགས་ནས་རྨི་ལམ་མ་བྱུང་བ་དང༌། ཉིན་པར་སེམས་གནས་འབའ་ཞིག་ལ་གོམས་དྲགས་པ་འགའ་ཞིག་ལ་རྨི་ལམ་མི་འབྱུང་བ་དང༌། བྱུང་ཡང་སད་པའི་ཚེ་བཤད་མི་ཤེས་པ་འབྱུང་བ་སྲིད་མོད་ཀྱང༌། དེ་ཤས་ཆུང་ལ། གལ་ཏེ་དེ་འདྲ་བྱུང་ན་སེལ་ཐབས་ཀྱང་མན་ངག་རྣམས་ལས་འབྱུང་བ་ལྟར་དང༌། དེའི་རིགས་པ་སྦྱོར་ཤེས་ན་སླའོ། །དེ་ལྟར་གཉིད་མི་འོང་བ་ཡང་མིན་ལ། དེ་བྱུང་ཡང་རྨི་ལམ་མི་


JLD007_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་ཡང་མིན་པས་རྨི་ལམ་འཛིན་པ་ལ། ཉིན་པར་ད་ལྟར་གྱི་སྣང་བ་རྣམས་རྨི་ལམ་ཡིན་པར་འདུག་སྙམ་པ་དང༌། ཁྱད་པར་དུ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འཕེན་པ་མང་དུ་བཏང་བའི་བག་ཆགས་བཞག་པ་རྨི་ལམ་གྱི་སྐབས་སུ་སད་པ་ཅིག་གལ་ཆེའོ། །དེ་ལ་ནི་རྨི་ལམ་མང་པོ་དང་རྒྱུན་རིང་བྱུང་ཡང་གསལ་པོ་མ་བྱུང་ན་བག་ཆགས་དེ་སད་མི་ནུས་པས། རྨི་ལམ་གསལ་པོ་འོང་བ་གལ་ཆེའོ། །དེ་ཡང་དང་པོ་ནས་རྨི་ལམ་གསལ་བ་ཡིན་ན་འཛིན་པ་སླ་ལ། མི་གསལ་ན་གསལ་བའི་ཐབས་དགོས་སོ། །དེ་ནི་ཉལ་ཁར་མགྲིན་པ་དང་སྨིན་མཚམས་སོགས་སུ་ཐིག་ལེ་ལ་སེམས་གཏོད་པ་སོགས་ཡིན་ནོ། །རྨི་ལམ་ཟིན་མ་ཐག་གམ། ཟིན་ནས་རིང་དུ་མ་ལོན་པར་སད་ནས་རྨི་ལམ་དང་བསྲེ་བའི་དགེ་སྦྱོར་གྱི་གེགས་བྱེད་པ་ལ་ནི། རྨི་ལམ་རྒྱུན་རིང་བའི་ཐབས་ཤེས་དགོས་ལ། དེ་ལ་མང་དུ་བཤད་མོད་ཀྱང༌། གཙོ་བོ་ནི་རྒྱུད་གཞན་ལས། སྙིང་ཁ་དང་ནོར་བུར་གནས་པའི་ཐིག་ལེས་གཉིད་འཐུག་གི་སྐབས་དང༌། མགྲིན་པ་དང་ལྟེ་འོག་གི་གསང་གནས་ཀྱི་ཐིག་ལེས་རྨི་ལམ་དང༌། དཔྲལ་བ་དང་ལྟེ་བའི་ཐིག་ལེས་སད་པའི་གནས་སྐབས་སྐྱེད་པར་གསུངས་པ་ལ་བརྟེན་ནས། གཉིད་དུ་འགྲོ་བའི་ཚེ་སྙིང་ཁ་དང་ནོར་བུར་རླུང་འདུ་ཚབས་ཆེ་བ་ལ་བརྟེན་ནས་རྨི་ལམ་མེད་པའི་གཉིད་འབྱུང་ཞིང༌། དེ་དེར་གནས་པའི་རིང་ལ་དེ་ལྟར་གནས་པ་དང༌། དེ་གཉིས་སུ་རླུང་འདུས་པ་ཅུང་ཞིག་གྱེས་ནས་མགྲིན་པ་དང་གསང་གནས་སུ་སོང་སྟེ་འདུས་པ་ལས་


JLD007_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་འབྱུང་ཞིང༌། དེ་དེར་གནས་པ་རིང་ན་རྨི་ལམ་རིང་ལ། ཐུང་ན་ཐུང་བ་དང༌། དེ་གཉིས་སུ་འདུས་པ་ཅུང་ཞིག་གྱེས་ནས་གནས་གཞན་གཉིས་སུ་ཕྱིན་པ་ན་སད་ནས་འགྲོ་བ་ཤེས་ཏེ། དེའི་སྟེང་ནས་སད་འབྱམ་གཅོད་ཚུལ་ཤེས་ན་གནད་དུ་འགྲོ་སྟེ། གཉིད་ཀྱི་འོད་གསལ་ཟིན་ནས་རིང་དུ་མི་གནས་པ་གནས་པའི་ཐབས་ཀྱང་དེས་ཤེས་པར་བྱའོ། །བླ་མ་མར་པའི་གདམས་ངག་རྣམས་ལས་གཉིད་ཀྱི་འོད་གསལ་འཛིན་པའི་གནད་སྙིང་ཁ་དང༌། རྨི་ལམ་འཛིན་པའི་གནད་མགྲིན་པ་སྟེ། གཉིད་དུས་ཀྱི་གནད་གཉིས་དང༌། སད་དུས་སུ་གཏུམ་མོ་སྒོམ་པ་ན་ལྟེ་བར་སྒོམ་པ་གནད་ཆེ་བར་བཤད་པ་ནི། སྔར་བཤད་པ་དེ་དག་ལ་བརྟེན་ནས་ཤེས་དགོས་སོ། །རྨི་ལམ་འཛིན་པའི་གནད་མགྲིན་པར་ཆེ་བ་ནི། རླུང་སྟོབས་ཀྱིས་འཛིན་མི་ནུས་པའི་རྨི་ལམ་འཛིན་མི་ནུས་པའི་རྨི་ལམ་འཛིན་པ་ལ་དགོངས་སོ། །སྙོམས་འཇུག་གི་དུས་སུ་སྤྱི་བོའི་ཐིག་ལེ་ལ་སེམས་གཏོད་པ་སྟེ། སད་དུས་ཀྱི་གནད་གཉིས་བཤད་དོ། །འདུན་པའི་སྟོབས་ཀྱིས་རྨི་ལམ་འཛིན་པ་དེས། རྨི་ལམ་གྱི་སྔོན་དུ་གཉིད་ཀྱི་སྟོང་པ་རྣམས་ངེས་མི་ནུས་ཀྱང༌། རྨི་ལམ་ཟིན་པ་སོགས་བརྟན་ཞིང་བྱང་བ་ཡོད་ན། རྨི་ལམ་གྱི་སྐབས་དེར་གཉིད་ཀྱི་སྟོང་པ་བཞི་འཛིན་པའི་གདམས་པ་ཁྱད་པར་ཅན་ཞིག་ཀྱང་མར་ལུགས་ལ་ཡོད་དོ། །དེ་ནུས་ན་ནི་གཉིད་ཀྱི་སྐབས་སུ་དེ་རིང་དུ་གོམས་པ་བརྟན་པར་བྱས་པས་སད་དུས་ཀྱི་རླུང་སྡུད་སླ་བར་སོང་ནས། སད་དུས་ཀྱི་སྟོང་པ་བཞི་འདྲེན་པ་ལ་ཚུར་ཕན་སྟོབས་ཆེ་བ་ཅིག་ཀྱང་ཡོད་དེ། འདི་ནི་སྔར་བཤད་པའི་དམིགས་


JLD007_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དུ་ཤེས་པར་བྱའོ། །དེ་ལྟར་ན་རབ་རླུང་སྟོབས་ཀྱིས་གཉིད་ཀྱི་སྟོང་པ་བཞི་ཐོག་མར་བསྐྱེད་ནས། དེ་ནས་རྨི་ལམ་གྱི་ལོངས་སྐུར་ལྡང་བའམ། ཐ་མ་ཡང་བཤད་མ་ཐག་པའི་ཐབས་ཀྱིས་གཉིད་ཀྱི་སྟོང་པ་རྣམས་བསྐྱེད་ནས། རྨི་ལམ་གྱི་ལུས་ལོངས་སྐུར་ལྡང་བའི་རྨི་ལམ་དང་བསྲེ་བའི་གདམས་ངག་ཅིག་མི་ཤེས་ན། རྨི་ལམ་གྱི་གདམས་པ་རྣམས་ཀྱི་སྙིང་པོ་དམ་པ་ཡོད་པ་མ་ཡིན་ནོ། །གཉིད་ཆོས་སྐུའི་ངང་ལས་རྨི་ལམ་གྱི་ལུས་ལོངས་སྐུར་ལྡང་བའི་ཚུལ་དང༌། དེ་བྱུང་ན་བར་དོ་དང་བསྲེ་བ་ཐེ་ཚོམ་མེད་པར་ནུས་ཞེས་པ་ནི། མར་ལུགས་ཀྱི་གདམས་ངག་དོན་ལྔ་མ་ཉིད་ནས་འབྱུང་ལ། གནད་ཀྱང་ཤིན་ཏུ་ཆེ་ནའང༌། ཕྱི་མ་རྣམས་ཀྱིས་རྟོག་པ་ཞིབ་ཏུ་མི་འཇུག་པར་འཇུག་ཅིང༌། ཞུགས་ཀྱང་ལྡང་ལུགས་ཐུན་མོང་མ་ཡིན་པ་གཉིས་ཡོད་པ་དང༌། ཁྱད་པར་དུ་རྨི་ལམ་དང་བསྲེ་བའི་གདམས་པས་བར་དོ་དང་བསྲེ་བ་ལ་ཐུན་མོང་མ་ཡིན་པའི་ངེས་པ་སྟེར་ལུགས་ཡོད་པ་རྣམས་རྟོགས་པར་ཤིན་ཏུ་དཀའོ། །རྨི་ལམ་དང་བསྲེ་བའི་གདམས་ངག་རྣམས་ཀྱི་མཆོག་དམ་པ་ནི་དེ་ཡིན་ལ། ཁྱད་པར་ཕལ་པ་ནི་སྤྲུལ་བསྒྱུར་དང༌། དག་མ་དག་གི་ཡུལ་སྣང་ལྟ་བ་སོགས་མན་ངག་ལས་འབྱུང་བ་རྣམས་ཡིན་ནོ། །དག་མ་དག་གི་ཡུལ་སྣང་ལྟ་བ་ནི་རླུང་དྷཱུ་ཏཱིར་ཐིམ་སྟོབས་ཀྱིས་རྨི་ལམ་ཟིན་པ་མིན་པའི་རྨི་ལམ་ཟིན་པ་གཞན་གྱིས་བྱེད་པ་ནི། མཐོང་ཉམས་བཟང་བ་རྣམས་ལ་སད་དུས་སུ་ཞིང་ཁམས་དང་ལྷ་ལ་སོགས་པའི་རྣམ་པ་དུ་མ་ཤར་ཡང༌དེ་དག་དངོས་མིན་གྱི། དེ་དག་དང་ཆ་འདྲ་བའི་


JLD007_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཙམ་ཤར་བ་ཡིན་པ་དེ་བཞིན་དུ། དག་པའི་ཞིང་ལ་སོགས་པ་དང་ཆ་འདྲ་བའི་རྣམ་པ་ཙམ་ཤར་བ་ཡིན་གྱི་དངོས་མིན་ནོ། །འདིའི་ཤེས་བྱེད་ཀྱི་ལུང་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལ་སོགས་པ་ནས་གསུངས་མོད་ཀྱང༌ཚིག་མངས་སུ་དོགས་ནས་མ་བྲིས་སོ། །རླུང་གི་སྟོབས་ཀྱིས་རྨི་ལམ་ཟིན་པའི་ཡུལ་སྣང་ལྟ་བ་སོགས་ཀྱང་སྔ་མ་དང་ཁྱད་པར་ཤིན་ཏུ་ཆེ་མོད་ཀྱང༌། བསྲེ་བའི་ནུས་པ་སྟོབས་ཅན་དུ་མཚམས་མཐོ་རབ་ཅིག་ཏུ་མ་སླེབ་བར་དུ། དག་པའི་ཞིང་གི་རྟེན་དང་བརྟེན་པ་རྣམས་ཀྱི་རྣམ་པ་ཙམ་ཡིན་པ་ནི་སྔར་དང་འདྲའོ། །དེས་ན་སྔ་ཕྱི་ལུང་སྟོན་པ་སོགས་ལ་ཡང་མི་སླུ་བ་འགའ་རེ་འོང་མོད་ཀྱང༌། སླུ་བ་ཡང་དུ་མ་ཞིག་འོང་བས། མཐའ་གཅིག་ཏུ་ཡིད་བརྟན་དཀའོ། །རླུང་སྟོབས་ཀྱིས་རྨི་ལམ་ཟིན་པ་ལ་གོམས་པ་བརྟན་པ་ལ་ནི། མཚམས་ཤིག་ནས་འདས་མ་འོངས་ལུང་སྟོན་པ་སོགས་མི་སླུ་བར་འགྱུར་བའི་ཐབས་ཁྱད་པར་ཅན་ཞིག་ཡོང་བར་སྣང་ངོ༌། །རྨི་ལམ་དང་བསྲེ་བ་གཙོ་བོ་མ་ཡིན་པའི་ཁྱད་པར་འདི་རྣམས་གཞུང་ཚད་ལྡན་ཆེ་བ་རྣམས་ནས་བཤད་པ་མི་གསལ་ཡང༌། ད་ལྟར་གྱི་གང་ཟག་རྣམས་ལ་ཕན་ཐོགས་པར་སྣང་ངོ༌། །དེ་ལྟར་རྨི་ལམ་རླུང་སྟོབས་ཀྱིས་འཛིན་པ་ནི་གཙོ་བོ་ཡིན་པས་ཚུལ་དེ་ལ་འབད་དགོས་ལ། དེ་ལ་འབད་ཀྱང་སྐྱེ་ཤིན་ཏུ་དཀའ་བར་སྣང་ན། འཛིན་ཚུལ་གཞན་གྱི་སྒོ་ནས་ཟིན་པར་བྱས་ལ། དེ་ནས་དེ་ལ་བརྟེན་ནས་རླུང་སྟོབས་ཀྱིས་འཛིན་པ་ལ་འབད་པར་བྱའི། དེ་ཙམ་གྱིས་ཆོག་ཤེས་མི་བྱའོ། །རྨི་ལམ་དང་བསྲེ་བའི་གདམས་པ་ཐུན་མོང་


JLD007_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་རྣམས་མི་ཤེས་ན། སད་དུས་ཀྱི་མཚོན་བྱེད་དཔེའི་སྒྱུ་ལུས་ཀྱི་རྟོགས་པ་རྣམས་སྒྲུབ་མི་ཤེས་པའམ། ཤེས་ཀྱང་རྟོགས་པ་དེ་ཁྱད་ཞུགས་པར་མི་འགྱུར་བ་དང༌། མཆོག་མི་འགྲུབ་པར་འཆི་བ་ལ་བར་དོ་དང་བསྲེ་ཚུལ་ཁྱད་པར་ཅན་རྣམས་མི་ཤེས་པས། འདི་ལ་ཡང་མཁས་པར་བྱ་དགོས་པ་སོགས་ནི་སྔར་བཤད་པ་བཞིན་ནོ། །རྨི་ལམ་ཟིན་པ་ལ་གཞི་དང༌། ལམ་གྱི་དུས་གཉིས་དང༌། ཕྱི་མ་ལ་ཐེག་པ་གཞན་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་དང༌། དེའི་ཕྱི་མ་ལའང་གཙོ་བོ་དང་ཕལ་པ་གཉིས་ལ་སོགས་པ་རྣམས་ལ་གོ་བ་ཆགས་ན། རྨི་ལམ་དང་སྒྱུ་ལུས་བསྲེ་བའི་དངོས་དང་ཞར་བྱུང་གི་དོན་ལ་སོགས་པ་རྣམས་ལེགས་པར་ཕྱེད་ནས། མན་ངག་གི་གནད་རགས་པ་མི་འཕྱུག་གོ །བསྲེ་བ་འདིའི་ཡང་མ་བཤད་པ་ལྷག་མའི་ཞིབ་ཆ་རྣམས་གཞན་དུ་བཤད་པར་བྱའོ། །གཉིས་པ་ལ་གསུམ། བར་དོར་འཚང་རྒྱ་བའི་བསྲེ་ཚུལ་དང༌། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་བསྲེ་ཚུལ་དང༌། བསྲེ་བ་རྣམས་ཀྱི་དབྱེ་བསྡུ་བསྟན་པའོ། །དང་པོ་ནི། སྤྱིར་གཞིའི་འཆི་རིམ་དང༌། བར་དོ་འགྲུབ་པའི་རིམ་པ་དང༌། སྐྱེ་སྲིད་ལེན་པའི་རིམ་པ་བཞིན་དུ་ལམ་སྐྱེད་པ་ལ་སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བ་ཞེས་པ་དང༌། སྐྱེ་འཆི་བར་དོ་གསུམ་དང་བསྲེ་བ་ཞེས་པའི་ཐ་སྙད་བྱེད་དོ། །དེ་ལྟར་ན་ཚེ་འདི་དང་བར་དོ་དང་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་ག་ལ་བསྲེ་བ་གསུམ་གྱི་ལམ་འཇོག་ཅིང༌། ལམ་ཡང་བསྐྱེད་རྫོགས་གཉིས་ཀ་ལ་འཇོག་གོ །འཆི་བ་དངོས་དང་འོད་


JLD007_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བསྲེ་བ་ནི། སྤྱོད་བསྡུས་དང་སྒྲོན་གསལ་ལས་བར་དོར་འཚང་རྒྱ་བ་ལ་བཤད་དོ། །འོ་ན་གང་ཟག་དེ་ཚེ་འདིར་ལམ་གྱི་རྟོགས་པ་ཇི་ཙམ་ཞིག་ཐོབ་པ་ཡིན་སྙམ་ན། སྤྱོད་བསྡུས་ལས། བདེན་པ་མཐོང་བ་དང༌། རྫོགས་རིམ་རྟོགས་པ་དང༌། དེ་ཁོ་ན་ཉིད་ཤེས་པ་ཞེས་གསུངས་ལ། སྒྲོན་གསལ་ལས། རྫོགས་པའི་གོ་རིམ་རྟོགས་པ། ཞེས་གསུངས་སོ། །དེ་ནི་འགོས་ལུགས་པ་རྣམས་ཟུང་འཇུག་ཐོབ་ལ་མ་གོམས་པ་ལ་འཆད་ཅིང༌། དེ་ཡང་སྐྱེ་བ་སྤངས་ལ་འཆི་བ་མ་སྤངས་པ་ཡིན་ཞེས་གསུང་ངོ་། །རིམ་པ་གསུམ་པ་ལས། སྒྱུ་ལུས་ཐོབ་ན་ཚེ་དེ་ཉིད་ལ་ངེས་པར་འཚང་རྒྱ་བར་གསུངས་ཤིང༌། རིམ་པ་གཉིས་པ་ལས་ཀྱང༌། མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། སངས་རྒྱས་ཞིང་ན་མི་ལྡོག་པས། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། ཞེས་རིམ་པ་བཞི་པ་ཐོབ་ན་ཚེ་འདི་ཉིད་ཀྱིས་འཚང་རྒྱ་བར་གསུངས་པས། བར་དོར་འཚང་རྒྱ་བས་སྒྱུ་ལུས་དང་འོད་གསལ་ཐོབ་པ་མ་ཡིན་ནོ། །ཡང་རིམ་པ་བཞི་པ་ཐོབ་ནས་སྣང་བ་གསུམ་རྣམ་པར་དག་པར་གསུངས་པས། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ལ། རྒྱུད་བླ་མ་ལས། འཕགས་པས་འཆི་དང་རྒ་བ་དང༌། །ན་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། ཅེས་ཕར་ཕྱིན་གྱི་ཐེག་ཆེན་འཕགས་པས་ཀྱང་ལས་དབང་གིས་འཆི་བ་སྤངས་པར་གསུངས་ན། སྔགས་ཀྱི་ཐེག་ཆེན་འཕགས་པས་དེ་སྤངས་པ་ལྟ་ཅི་སྨོས། འདི་ནི་ལས་དབང་གིས་འཆི་བ་སྤངས་པ་


JLD007_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མིན་ནོ། །ཡང་སྤྱོད་བསྡུས་ལས། འདི་ལ་གཉིས་བཤད་པའི་གཅིག་ནི་སྤྱོད་པ་བྱེད་པའི་ཡོ་བྱད་མ་འབྱོར་བར་གསུངས་ལ། སྒྱུ་ལུས་ཐོབ་ན་ཟས་དང་གོས་ལ་སོགས་པ་མཁའ་ལས་སྐད་ཅིག་གིས་རྙེད་ཅེས་གསུངས་པས་ཀྱང་གནོད་ཅིང༌། ས་རབ་དགའ་ཐོབ་ནས་ཡོ་བྱད་ཀྱིས་མི་ཕོངས་པར་བྱང་ས་ལས་གསུངས་པས། ཐེག་ཆེན་འཕགས་པ་ཡོ་བྱད་ཀྱིས་ཕོངས་པ་མི་སྲིད་པས་ཀྱང་གནོད་པའི་ཕྱིར་རིམ་པ་ཐ་མ་གཉིས་ཐོབ་པ་མིན་ནོ། །དེས་ན་བདེན་པ་མཐོང་བ་ཞེས་གསུངས་པའི་དོན་ནི། རྡོར་བཟླས་མཐར་ཕྱིན་ནས་སེམས་དབེན་གྱི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པ་ལ་བྱ་སྟེ། དེ་ཁོ་ན་ཉིད་མཐོང་ན་མངོན་སུམ་དུ་མཐོང་བས་མ་ཁྱབ་པའི་ཕྱིར་རོ། །འདི་ཡང་སྤྱོད་བསྡུས་ལས། ཁ་ཅིག་ཞིང་ལས་དང་ཚོང་དང་བསྙེན་བཀུར་ལ་སོགས་པས་གཡེངས་པས། སྤྱོད་པ་བྱེད་རྒྱུ་མ་བྱུང་བ་དང༌། གཞན་དག་འབྱོར་པ་མ་ཚང་བས་རྒྱུད་ལས་གསུངས་པ་ལྟར་གྱི་ཆོ་ག་རྫོགས་པར་བྱ་མ་ནུས་པས། སྤྱོད་པ་བྱེད་པ་མ་བྱུང་བས་བར་དོར་འཚང་རྒྱ་བར་བཤད་པའི་ཤུགས་ཀྱིས། སྤྱོད་པ་བྱེད་པ་བྱུང་ན་ཚེ་འདིར་འཚང་རྒྱ་བར་བསྟན་པས་ན། རྫོགས་རིམ་གྱི་སྐབས་ཀྱི་སྤྱོད་པ་བྱ་རན་པ་ཅིག་ཏུ་གསལ་ལ། དེ་ལ་ནི་མ་མཐའ་ཡང་སེམས་དབེན་ངེས་པར་ཐོབ་དགོས་སོ། །འདིས་སྤྱོད་པ་ནི་བྱ་རན་ལ། སྒྱུ་ལུས་ནི་མ་ཐོབ་པས་ན། སྒྱུ་ལུས་འགྲུབ་པའི་དོན་དུ་སྤྱོད་པ་བྱ་དགོས་པར་ཤེས་ལ། དེ་ལྟར་བྱས་ན་རྡོ་རྗེ་འཕྲེང་བ་ལས། རང་བཞིན་སྣང་བའི་དབྱེ་


JLD007_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེའི་སྐུ་ནི་ཐོབ་པར་འགྱུར། ཞེས་གསུངས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །དེ་འདྲ་བ་དེས་ཚེ་འདིར་སྤྱོད་པ་བྱེད་པ་མ་བྱུང་ན་ཚེ་འདིར་འཚང་མི་རྒྱ་བར་གསུངས་པས། ཚེ་འདིར་འཚང་རྒྱ་ན་སྤྱོད་པ་ངེས་པར་བྱ་དགོས་པ་དང༌། འདིའི་སྒྱུ་ལུས་འགྲུབ་པའི་ཐབས་ཀྱི་སྤྱོད་པའི་དོད་ཚེ་འདིའི་སྟོང་པ་བཞི་དང༌། འཆི་བའི་སྟོང་པ་བཞི་གཅིག་ཏུ་བྱས་པས་བྱེད་པར་ཡང་བསྟན་ནོ། །དེས་ན་འཕོ་བ་དང་གྲོང་འཇུག་གི་རྣལ་འབྱོར་གྱིས་བྱེད་པ་ལྟར། སྤྱིར་བསྒོམས་སྟོབས་ཀྱིས། རགས་པ་དང་གཉུག་མའི་ལུས་གཉིས་སོ་སོར་འཕྲལ་བ་ལ་སྤྱོད་པ་མི་དགོས་ཀྱང༌། སྙིང་ཁར་རླུང་སེམས་བསྡུས་ནས་ཐིམ་པའི་རིམ་པ་ལས་སྟོང་པ་བཞི་བསྐྱེད་པའི་ཏིང་ངེ་འཛིན་ལ་གོམས་པར་བྱས་པས་ལུས་གཉིས་སོ་སོར་འབྱེད་པ་དང༌། ཕྱེ་བའི་གཉུག་མའི་ལུས་དེ་ཡང་མཚན་ཀུན་གྱིས་བརྒྱན་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་སྐྱེ་བ་ནི་ཤིན་ཏུ་བསྒྲུབ་དཀའ་བས་དེའི་དོན་དུ་སྤྱོད་པ་བྱ་དགོས་སོ། །དེ་འདྲ་བ་དེས་འཆི་བ་དང་བསྲེ་བ་ལ་ནི་འཆི་བ་དོན་དམ་པའི་བདེན་པ་དང་བསྲེ་བའི་འཕེན་པ་གཏོང་བ་ཙམ་ལས་སྤྱོད་བསྡུས་སུ་མ་གསུངས་ལ། འགོས་ལུགས་པ་རྣམས། འཆི་བའི་ཚེ་རྡོར་བཟླས་བྱས་ནས་བསྲེ་བར་བཞེད་པ་ཉིད་ཤིན་ཏུ་ལེགས་ཏེ། སྙིང་ཁའི་མི་ཤིགས་པ་ལ་དམིགས་པ་དང་། བསམ་གཏན་གཉིས་ཀྱིས་སྡུད་པའི་ཐབས་ཀྱང་ཡིན་ནོ། །དེ་ལྟར་བྱེད་པ་དེ་ལ་ནི་ཏིང་ངེ་འཛིན་གྱིས་དྲངས་པའི་ས་ཆུ་ལ་ཐིམ་པ་སོགས་ཀྱི་ཐིམ་རིམ་ཉིད། འཆི་བའི་


JLD007_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་རིམ་གྱི་ཐིམ་རིམ་དུ་སོང་བ་མ་གཏོགས་པ། འཆི་བའི་རིམ་པ་གཞན་མེད་དོ། །དེས་ཀྱང་འཆི་བའི་འོད་གསལ་གྱི་དུས་སུ་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ནི་མ་ཡིན་ཏེ། དེ་ཡན་ཆད་དུ་སྒྱུ་ལུས་མ་གྲུབ་པའི་ཕྱིར་དང༌། དོན་གྱི་འོད་གསལ་མངོན་དུ་བྱེད་པའི་རྟེན་ལ་སྒྱུ་མའི་ལུས་གྲུབ་པ་ངེས་པར་དགོས་པའི་ཕྱིར་ཏེ། རིམ་ལྔ་ལས། བདག་བྱིན་བརླབ་པའི་ཏིང་འཛིན་དང༌། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། ཞེས་དང༌། སྤྱོད་བསྡུས་ལས་ཀྱང༌། ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་བྲལ་བས་ནི། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། ཞེས་གསུངས་པའི་ཕྱིར་དང༌། སྤྱོད་བསྡུས་ལས། འདིས་སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་འཕེན་པ་གཏོང་བར་གསུངས་པའི་ཀུན་རྫོབ་བདེན་པ་ནི་རིམ་པ་གསུམ་པའི་སྒྱུ་ལུས་ཡིན་ལ། སྒྲོན་གསལ་ལས་ཀྱང༌། དེའི་ཚེ་འགྲོ་བའི་རྒྱུད་ཉིད་དུ་དུས་བྱས་ནས་ལངས་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་དོ། ཞེས་གསུངས་པའི་ཕྱིར་དང༌། དོན་གྱི་འོད་གསལ་སྔོན་དུ་སོང་བའི་སྒྱུ་མའི་སྐུ་ཡང་མིན་པའི་ཕྱིར་རོ། །སྒྱུ་མའི་སྐུ་མངོན་དུ་བྱེད་ཚུལ་ནི། སྔོན་དུ་བར་དོ་མཚན་ཉིད་པར་ལངས་ནས། དེའི་རྗེས་སུ་བྱེད་པ་མིན་གྱི། འཆི་བའི་འོད་གསལ་གྱི་རླུང་སེམས་དེ་ཉིད་སྒྱུ་མའི་སྐུར་སྐྱེ་བ་ཡིན་ཏེ། གཞན་ལ་བར་དོར་


JLD007_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྒྱུའི་རླུང་སེམས་དེ་འདི་ལ་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་འབྱུང་བའོ། །འདི་ལ་ཁ་ཅིག །དང་པོར་བར་དོ་མཚན་ཉིད་པ་གྲུབ་ནས། དེ་ནས་བསྒོམས་པས་བར་དོའི་ལུས་གནས་གྱུར་ནས། ཟུང་འཇུག་གི་སྐུར་འགྱུར་བར་འདོད་པ་དང༌། གཞན་དག །བར་དོ་གྲུབ་པ་ན་རང་རྡོ་རྗེ་འཆང་གི་སྐུར་སྒོམ་པ་ལ་འདོད་པ་རྣམས་ནི་སྒྱུ་ལུས་འགྲུབ་ཚུལ་ལེགས་པར་མ་ཤེས་པའི་སྐྱོན་ཡིན་ནོ། །སྤྱོད་བསྡུས་ལས། འཆི་བར་འགྱུར་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཡང་དག་པར་མངོན་པར་རྟོགས་ནས། བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས་ཐ་མལ་བའི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བར་བྱའོ་ཞེས་བརྟན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །དེ་བས་ན། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ན་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། ཞེས་གསུངས་སོ། །ཞེས་འཆི་བའི་དུས་སུ་བདེན་གཉིས་ལ་འཕེན་པ་བཏང་བ་དེ་བཞིན་དུ་འགྲུབ་པར་ལུང་གིས་བསྒྲུབས་ལ། འདི་ལ་སྐྱེ་སྲིད་དུ་སྐྱེ་བ་ནི་མེད་པས། སྐྱེ་བ་ཞེས་པ་ནི་གང་ཟག་གཞན་ལ་བར་དོར་འོང་རྒྱུའི་རླུང་སེམས་ལ། ཀུན་རྫོབ་སྒྱུ་མའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་གཏོང་བ་ཡིན་ཞིང༌། བཏང་བ་ལྟར་ཡང་འགྲུབ་པར་གསུངས་པས། འོད་གསལ་གྱི་རླུང་སེམས་ཉིད་བར་དོར་མི་སྐྱེ་བར། ཀུན་རྫོབ་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་སྐྱེ་བར་


JLD007_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་མི་ཟ་བར་འདོད་དགོས་སོ། །འོ་ན་འདི་ལ་བར་དོ་མི་འདུག་པས། བར་དོར་འཚང་རྒྱ་བ་ཞེས་བྱར་མི་རུང་རོ་ཞེ་ན། དེ་ལྟ་ན། ལྷག་མོས་འོད་གསལ་དུ་བསྡུས་པ་ལ་འོད་གསལ་དུ་ཞུགས་པ་མེད་ཅིང༌། མངོན་བྱང་ལྔས་དང་པོའི་མགོན་པོ་སྐྱེད་པ་ལ་རྡོ་རྗེ་འཆང་མེད་པས། དེ་དག་ལ་ཡང་ཐ་སྙད་དེ་དག་མི་བྱེད་པར་འགྱུར་ཏེ། དེ་འདྲའི་རིགས་མང་ངོ༌། །དེས་ན་ཤི་བའི་འོད་གསལ་གྱི་མཐར་བར་དོ་ཇི་བཞིན་དུ། རླུང་སེམས་ཙམ་ལས་བསྐྱེད་ནས་འཚང་རྒྱ་བ་ལ། བར་དོར་འཚང་རྒྱ་བ་ཞེས་ཐ་སྙད་བྱེད་པ་མི་འགལ་ལོ། །ཤི་བའི་འོད་གསལ་གྱི་མཐར་བར་དོ་མཚན་ཉིད་པ་གྲུབ་ནས། དེའི་རྗེས་སུ་ལམ་བསྒོམས་ནས་བར་དོར་འཚང་རྒྱ་བར་འདོད་པ་ནི། ལུགས་འདི་དང་ཞལ་ལུང་གཉིས་ཀ་དང་མི་མཐུན་ནོ། །དེ་ལྟར་ཤི་བའི་འོད་གསལ་གྱི་མཐར་རིམ་པ་གསུམ་པའི་སྒྱུ་ལུས་སྒྲུབ་པ་དེའི་གནད་ཀྱིས་ཀྱང༌། གང་ཟག་འདི་འཆི་བའི་འོད་གསལ་གྱི་དུས་སུ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་མིན་པས། འདིས་སྒྱུ་ལུས་གྲུབ་པའི་རྗེས་སུ་རྟེན་དེ་ལ་རིམ་པ་ཐ་མ་གཉིས་བསྒྲུབས་ནས་འཚང་རྒྱ་འོ། །སྒྱུ་ལུས་སྒྲུབ་ཚུལ་འདིས་ནི། ཚེ་འདིར་འཚང་རྒྱ་བའི་སྒྱུ་ལུས་སྒྲུབ་ཚུལ་ལ་ཡང་ངེས་པ་ཆེན་པོ་སྟེར་རོ། །འོན་ཀྱང་འདི་ལ་སྔར་ཡོད་ཀྱི་ལུས་རགས་པ་དང་འབྲེལ་ལ། ཚེ་འདིར་འཚང་རྒྱ་བ་ལ་དེའི་ངེས་པ་མེད་དོ། །དེ་འདྲ་བ་ལ་ནི། བར་དོའི་ཚེ་ཚད་ཞག་ཞེ་དགུ་ལས་མི་ཐུབ་པ་ཡང་རྩི་དོན་མེད་ཅིང༌། སངས་རྒྱས་རྣམས་ཀྱི་སྤྱན་སྔར་བགྲོད་


JLD007_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གདམས་ངག་ཉན་ནུས་པ་ཡང་ཡིན་ནོ། །ཞལ་ལུང་ལས། རང་བྱིན་བརླབས་ཀྱི་རིམ་པ་རྣལ་འབྱོར་པ་བྱ་བས་བསྐལ་པ་འགའ་ཞིག་ལ་བཤད་པར་བྱ། ཞེས་གསུངས་ནས། བླ་མ་མཉེས་པར་བྱས་ནས། དབང་དང་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་ཐོབ་པ། བླ་མའི་ཞལ་ལས་རྙེད་པའི་དེ་བཞིན་ཉིད་རབ་ཏུ་ཐོབ་ཅིང༌། གསང་བ་དང་མཆོག་ཏུ་གསང་བ་རིག་པས། ཇི་སྐད་བཤད་པའི་བྱ་བས་སྒོམ་མ་ནུས་ན། དེ་ཁོ་ན་ཉིད་རིམ་པ་འདིས་བསྒོམ་པར་བྱའོ་ཞེས་དེར་གསུངས་པ་ལྟར་གྱི་འཕོ་བའི་མན་ངག་ཡང་ཡང་བསྒོམས་ན་བསམ་པ་དེ་ཡི་རྐྱེན་གྱིས་ནི། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པ། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ནས་སྐྱེ་གནས་གཞན་དུ་ནི། །འཕེན་པར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། །དེ་ལྟ་བས་ན་སེམས་ཅན་གྱི། །བསམ་པ་གང་དང་གང་དག་གིས། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ནི་མདོ་བཞིན་དུ། །སྣ་ཚོགས་ནོར་བུ་ལྟ་བུར་འགྱུར། །ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང༌། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བ་རབ་བསྒོམས་ན། །ལུས་ཅན་རྣམས་ནི་ཡིད་ནི་སྦྱོང༌། ཞེས་གསུངས་ཏེ། བདག་གི་སེམས་དབྱིངས་སུ་ཞུགས་པ་ནི་འཆི་བའི་འོད་གསལ་དུ་ཞུགས་པ་སྟེ། དེའི་དུས་སུ་དེ་ཁོ་ན་ཉིད་རྟོགས་སོ། །བྱིས་པའི་གཟུགས་


JLD007_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་ཚེ་ཞེས་པ་ནི་གཞན་ལ་བར་སྲིད་འགྲུབ་པའི་དུས་སོ། །དེའི་ཚེ་དཔེ་མེད་བདེ་རྫོགས་རྟོགས་པ་ནི་ལོངས་སྐུ་ཐོབ་པ་སྔར་བཤད་པ་ལྟར་རོ། །གཞན་གྱི་སྐྱེ་སྲིད་ལེན་པའི་དུས་སུ་འདིའི་སྤྲུལ་སྐུ་ཐོབ་པ་སྟེ། ལམ་གྱི་སྐུ་གཉིས་སོ། །ཕྱི་མ་འདི་སྤྱོད་བསྡུས་ལས་མ་གསུངས་ཀྱང་ཁ་བསྐང་སྟེ། སྒྱུ་ལུས་སྒྲུབ་པ་དེས་ཤའི་མིག་གི་ཡུལ་དུ་མཐོང་བའི་སྤྲུལ་པའི་སྐུ་འཛིན་ནུས་པའོ། །དེ་ལྟ་བས་ན་ཞེས་སོགས་ནི་སྤྱོད་བསྡུས་དང་འདྲའོ། །ཆོས་སྐུ་ཞེས་པ་ལྔས་ནི་གཞིའི་སྐབས་སྔར་གཞིའི་འོད་གསལ་འཆར་བ་དེ་ལམ་དུ་བསླང་བར་བསྟན་ནོ། །གཞན་ལ་བར་དོ་འགྲུབ་པའི་ཚེ་འདི་ལ་ལོངས་སྐུ་འགྲུབ་པ་འདི་ནི། བར་དོ་མཚན་ཉིད་པ་མི་ལེན་པར་སྒྱུ་མའི་སྐུར་སྐྱེ་བའོ། །ཡང་དེ་ཉིད་ལས། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོ་འགྲུབ། ཅེས་དེ་ལྟར་ལམ་གྱི་སྐུ་གསུམ་མ་གྲུབ་ན་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་རིག་འཛིན་གྱི་གཙོ་བོའི་ལུས་འགྲུབ་པར་གསུངས་ཀྱི་སྐུ་གསུམ་མ་གྲུབ་པ་དེས་བར་དོར་ལམ་སྒོམ་ཚུལ་ནི་མ་བཤད་དོ། །རྟེན་དེ་ཡང་ཡང་སྲིད་གཞན་དུ་སྐྱེ་བ་ལེན་མི་དགོས་པར་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་ཞིག་ཏུ་མངོན་ནོ། །གཉིས་པ་ནི། རྩ་བཤད་ཀྱི་རྒྱུད་དང་ཡབ་སྲས་ཀྱི་གཞུང་ལས་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བས་འཆི་བ་དང་བར་དོ་དང་བསྲེ་ཚུལ་གསལ་པོར་མ་བཤད་ཀྱང༌། སྤྱོད་བསྡུས་དང་སྒྲོན་གསལ་གྱི་བཤད་པ་དེས་མཚོན་ནས་


JLD007_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ་བ་དེ་གཉིས་བྱར་རུང་བས། ལུགས་འདི་ལ་བླ་མ་རྣམས་ཀྱི་མན་ངག་ལས་དེ་ལྟར་བཤད་པ་ཡང་ལེགས་པ་ཡིན་ཏེ། གཉིད་དང་རྨི་ལམ་དང་བསྲེ་བ་དང་འདྲའོ། །དེ་ལ་འཆི་བ་དངོས་དང་བསྲེ་བ་ལ་ད་ལྟ་རྟོགས་པ་ཅི་ཙམ་ཡོད་པ་ཞིག་དགོས་ཤེ་ན། འདི་ལ། དབང་ལེགས་པར་ཐོབ་ནས་དམ་ཚིག་དང་སྡོམ་པ་བསྲུང་བ་གཞིར་བྱས་ནས་བསྐྱེད་རིམ་སྒོམ་པ་གཞིར་འཇོག་པ་ནི། ཚེ་འདི་དང་བར་དོ་དང་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་ག་ལ་གལ་ཤིན་ཏུ་ཆེའོ། །དེས་ལུས་ལ་གནད་དུ་བསྣུན་པའི་ཐབས་བསྒོམས་པས་རླུང་དྷུ་ཏཱིར་བསྡུས་ཏེ་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་བསྐྱེད་པ་བརྟན་པ་དང༌། དེ་ཡང་བདག་མེད་པའི་དོན་ལེགས་པར་རྟོགས་པའི་ལྟ་བ་དང་སྦྱོར་ནུས་པ་ཡིན་ན། འཆི་བའི་སྟོང་པ་རྣམས་དང་བསྲེ་ནུས་ཤིང༌། འཆི་བའི་འོད་གསལ་གྱི་དུས་སུ་ལྟ་བ་དྲན་ན་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ཡང་ཡིན་ལ། ལྟ་བ་མེད་པར་སྔ་མ་ཡོད་པ་ཡིན་ནའང་འཆི་བའི་སྟོང་པ་དང་བསྲེ་ནུས་མོད་ཀྱང༌། དེའི་ཚེ་དེ་ཁོ་ན་ཉིད་རྟོགས་པ་ནི་མིན་ཏེ། ཚུལ་གཉིས་ཡོད་དོ། །སྔ་མ་ལྟར་བསྲེ་ནུས་ན་དེའི་ཚེ་གཉིས་སྣང་རགས་པའི་སྤྲོས་པ་གཅོད་ཕུལ་ཤིན་ཏུ་ཆེ་བ་ཞིག་འོང་བས། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ཆེས་ཤིན་ཏུ་ཁྱད་ཞུགས་པ་ཞིག་སྐྱེའ། །ཕྱི་མ་ལྟར་ཡིན་ནའང་ཁྱད་ཤིན་ཏུ་ཆེའོ། །དེ་ཙམ་གྱི་ནུས་པ་མ་ཐོབ་པས་ནི་འཆི་དུས་སུ་འོང་བའི་རིམ་པ་རྣམས་ད་ལྟ་ནས་ཡང་ཡང་ཡིད་ལ་དྲན་ཏེ་རྒྱུན་ལྡན་དུ་གོམས་ན། གོམས་པའི་


JLD007_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་འཆི་ཁར་དྲན་ཐུབ་ནས་འཆི་བའི་སྟོང་པ་རྣམས་ངོས་ཟིན་པ་འབྱུང་བར་མངོན་ཏེ། ཚེ་འདིར་གང་ལ་ཡིད་གོམས་པ་ཤས་ཆེ་བ་དེ་ཉིད་འཆི་ཁར་ཡང་རྗེས་སུ་འཇུག་པར་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་གསུངས་པའི་ཕྱིར་རོ། །འདི་ལ་ཡང་ལྟ་བ་དང་འབྲེལ་མ་འབྲེལ་གཉིས་ཀྱི་དབང་གིས་གཞིའི་འོད་གསལ་ངོས་ཟིན་པ་ལ་དེ་ཁོ་ན་ཉིད་རྟོགས་མ་རྟོགས་གཉིས་སུ་འགྱུར་རོ། །འདི་རྣམས་ལ་ཡང་འཆི་བའི་དུས་ཀྱི་མན་ངག་ནི། ས་ཆུ་ལ་ཐིམ་པ་སོགས་ཀྱི་ཐིམ་རིམ་ལས། སྨིག་རྒྱུ་ནས་མར་མེ་ལྟར་འབར་བའི་བར་རྣམས་ཡིད་ལ་བྱེད་པ་དང༌། དེ་ནས་སྟོང་པ་གསུམ་གྱི་མན་ངག་རྣམས་དྲན་པར་བྱ་བ་དང༌། སྟོང་པ་རྣམས་ལམ་གྱིས་འདྲེན་ཐབས་སྲོག་རྩོལ་གཉིས་དང་བསམ་གཏན་གཉིས་ཀྱི་མན་ངག་སྒོམ་པའོ། །ལཱུ་ཨཱི་པའི་སྒྲུབ་ཐབས་ལས། སེམས་ནི་ངལ་གསོ་རྣལ་འབྱོར་པ། །མྱང་འདས་བསྟན་པ་མ་ཡིན་ཉིད། །འཕོ་དུས་རྣལ་འབྱོར་རྣམས་ནི་དཔལ། །ཁྲག་འཐུང་སོགས་པ་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ཐོགས་ཤིང༌། །སྣ་ཚོགས་རྒྱལ་མཚན་བ་དན་ཅན། །སིལ་སྙན་སྒྲ་ནི་སྣ་ཚོགས་དང༌། །གླུ་ཡི་ཉེར་སྤྱོད་སྣ་ཚོགས་ཀྱིས། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། ཅེས་གསུངས་པའི་དོན་རྣལ་འབྱོར་པ་རྣམས་འཕོ་བ་སྟེ་འཆི་དུས་སུ་དཔའ་བོ་དང་དཔའ་མོ་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་བྱོན་ནས། མཁའ་


JLD007_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་གནས་སུ་འཁྲིད་པ་སྟེ་འོད་གསལ་དུ་འཇུག་པར་བྱེད་ཅེས་ལྭ་བ་པའི་འགྲེལ་པ་སོགས་འགྲེལ་པ་གསུམ་ལས་བཤད་པས། ཕྱི་ནས་ཀྱང་དེ་ལྟ་བུའི་རྐྱེན་གྱིས་འོད་གསལ་དུ་འཇུག་ཐབས་མཛད་པར་གསུངས་སོ། །རྐང་པ་དང་པོ་དང་གཉིས་པའི་དོན་ནི། མྱང་འདས་ཏེ་འཆི་བ་དོན་དམ་པ་མིན་གྱི། ཁྱིམ་ནས་ཁྱིམ་དུ་འགྲོ་བ་ལྟར་སེམས་ངལ་བསོ་བ་ཙམ་མོ་ཞེས་ཀྱང་བཤད་དོ། །འདི་བདེ་མཆོག་ལས་གསུངས་པ་ནི་མཚོན་པ་ཙམ་ཡིན་པས། དམ་ཚིག་དང་སྡོམ་པ་དག་པར་བྱེད་ཅིང༌། བླ་མ་ལ་གུས་པ། ལྷག་པའི་ལྷའི་བསྐྱེད་རིམ། ཡི་དམ་དུ་སྒོམ་པའི་གུས་པ་ཤུགས་དྲག་པ་རྣམས་ལ། རང་རང་གི་ལྷག་པའི་ལྷས་འཆི་བའི་ཚེ་རྗེས་སུ་འཛིན་པའི་མཐོང་ཆོས་ཀྱི་ཕན་ཡོན་ནོ། །གལ་ཏེ་ཤི་བའི་འོད་གསལ་གྱི་མཐར་སྒྱུ་མའི་སྐུ་མ་གྲུབ་པར་བར་དོ་མཚན་ཉིད་པར་ཤོར་བ་དེ་བར་དོར་འཚང་མི་རྒྱ་ན། རིམ་ལྔ་བསྡུས་པ་ལས། འད་གསལ་གནས་ཐོབ་མངོན་སངས་རྒྱས། །བརྩོན་འགྲུས་ཅན་ནི་ཚེ་འདི་ཉིད། །ལེ་ལོ་ཅན་ནི་འཆི་ཁ་སྟེ། །ཐ་མ་སྲིད་པ་བར་མ་དོར། །མཆོག་ཐོབ་སྐུས་ནི་གཞན་དོན་བྱེད། ཅེས་བཤད་པ་ཇི་ལྟར་ཡིན་ཞེ་ན། དེ་ནི། འོད་གསལ་རྟོགས་ནས་འཚང་རྒྱ་བའི་འོད་གསལ་དེ་རབ་ཀྱིས་ཚེ་འདིར་རྟོགས། འབྲིང་གིས་འཆི་བའི་འོད་གསལ་གྱི་དུས་སུ་རྟོགས། ཐ་མས་བར་དོར་རྟོགས་ནས་མཆོག་འཐོབ་ཅེས་པའི་དོན་ཡིན་གྱི། འཆི་བའི་འོད་གསལ་གྱི་དུས་ཉིད་དུ་འཚང་རྒྱ་བ་དང༌། བར་དོ་དངོས་ཉིད་དུ་འཚང་རྒྱ་བར་སྟོན་པ་མ་ཡིན་ཏེ།


JLD007_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ནི་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ལ་བྱ་དགོས་པའི་ཕྱིར་རོ། །བར་དོ་དང་བསྲེ་བ་ནི། འཆི་བ་དང་བསྲེ་ནུས་པ་བྱུང་ན། བར་དོ་ལ་ཡང་སྔར་བཤད་པ་ལྟར་གྱི་འཕེན་པའི་དབང་གིས་བསྲེ་ནུས་པ་འབྱུང་སྟེ། འོན་ཀྱང་དེ་ལ་ནི་བར་དོ་མཚན་ཉིད་པ་གྲུབ་པ་ལ་རང་ལྷའི་སྐུར་མོས་པ་ཡིད་བྱེད་ཀྱིས་སྐྱེད་པའོ། །བར་དོ་ཟིན་པའི་ཐབས་ཁྱད་པར་ཅན་ནི། སད་དུས་དང༌། གཉིད་ཀྱི་སྟོང་པ་བཞི་བསྒོམས་སྟོབས་ཀྱིས་ལེགས་པར་སྐྱེད་ནུས་ནས། དེའི་རྗེས་སུ་མཚོན་བྱེད་དཔེའི་སྒྱུ་ལུས་སྐྱེད་པའི་གདམས་ངག་ཡིན་ལ། དེ་ཙམ་གྱི་ནུས་པ་མེད་པར་རྨི་ལམ་འདུན་པས་ཟིན་ན་ཡང་ཐབས་ལེགས་པོ་ཞིག་ཡོད་དོ། །དེ་རྣམས་མེད་ན་འཆི་བའི་མན་ངག་ཡིད་ལ་བྱེད་དུས་སུ་ཤི་བའི་མཐར་བར་དོ་འགྲུབ་ཚུལ་རྣམས་དང༌། སྒྱུ་མའི་སྐུའི་རྣམ་པ་སྒོམ་པ་རྣམས་ཡིད་ལ་བྱེད་པ་ལ་གོམས་དགོས་སོ། །གསུམ་པ་ནི། རིམ་ལྔ་བསྡུས་པ་ལས། བར་དོ་རྣམ་གསུམ་བསྲེ་བར་བྱ། ཞེས་བཤད་པས་ནི་དེས་མཚོན་ནས་འཆི་བ་གསུམ་དང༌། སྐྱེ་བ་གསུམ་བསྲེ་བ་ཡང་གོ་དགོས་ལ། བསྲེ་བ་འདི་རྣམས་ཀྱི་ཐ་སྙད་གསལ་པོར་ཡབ་སྲས་ཀྱི་གཞུང་ནས་མ་བྱུང་ཡང་དོན་ནི་ཡོད་དེེ། །བར་དོ་གསུམ་ནི། སྲིད་པ་བར་དོ་དང་། རྨི་ལམ་གྱི་བར་དོ་མཐུན་ལ། མར་ལུགས་པ་མང་པོས། སྐྱེ་ཤི་བར་དོ་ཞེས་ཐ་སྙད་བཏགས་པའི་དོན་སྔར་སྐྱེས་ནས་ད་གཟོད་མ་ཤི་བར་གྱི་ད་ལྟར་གྱི་ཕུང་པོ་འདི་ལ་བྱེད་མོད་ཀྱང༌། གཞིའི་


JLD007_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་གཉིས་དང༌། ལམ་གྱི་བར་དོ་གཅིག་སྟེ་གསུམ་དུ་བྱས་ན་ཡབ་སྲས་ཀྱི་གཞུང་དང་མཐུན་ནོ། །དེ་ཡང་། རིམ་ལྔར་སྒྱུ་ལུས་ལ་བར་དོར་གསུངས་པ་ལྟ་བུ་ཡིན་ཏེ། འདི་ལ་དངོས་དང་རྗེས་མཐུན་པ་གཉིས་ཡོད་དོ། །འཆི་བ་གསུམ་ནི་ཡོངས་སུ་གྲགས་པའི་འཆི་བ་དང༌། རྨི་ལམ་གྱི་ལུས་བར་དོར་བཤད་པའི་གནད་ཀྱིས་དེའི་སྔ་རོལ་གྱི་གཉིད་ཀྱི་སྟོང་པ་རྣམས་ལ་གཉིད་ཀྱི་འཆི་བར་བྱས་པ་དང༌། རྫོགས་རིམ་དུ་སྟོང་པ་བཞི་འཆི་རིམ་བཞིན་དུ་བསྐྱེད་པའི་ལམ་གྱི་འཆི་བ་སྟེ། གཞིའི་འཆི་བ་གཉིས་དང་ལམ་གྱི་འཆི་བ་གཅིག་གོ །སྐྱེ་བ་གསུམ་ནི། སྲིད་བ་བར་དོས་མངལ་དུ་སྐྱེ་བ་བཟུང་བའི་སྐྱེ་བ་དང༌། རྨི་ལམ་གྱི་བར་དོས་ཕུང་པོ་རགས་པ་ལ་སླར་ཞུགས་པའི་སད་དུས་ཀྱི་སྐྱེ་བ་དང༌། སྒྱུ་ལུས་ཀྱི་བར་དོས་ཕུང་པོ་རགས་པ་བཟུང་བའི་སྐྱེ་བ་སྟེ། གཞིའི་སྐྱེ་བ་གཉིས་དང་། ལམ་གྱི་སྐྱེ་བ་གཅིག་གོ །དེའི་དང་པོ་གསུམ་ནི། བར་དོ་ལོངས་སྐུའི་བསྲེ་བ་སྟེ་སྒྱུ་ལུས་ཀྱི་བསྲེ་བའོ། །བར་པ་གསུམ་ནི། འཆི་བ་ཆོས་སྐུའི་བསྲེ་བ་སྟེ་འོད་གསལ་གྱི་བསྲེ་བའོ། །ཐ་མ་གསུམ་ནི་སྐྱེ་བ་སྤྲུལ་སྐུའི་བསྲེ་བའོ། །དེ་རྣམས་ལ་ནི། བསྔུ་ན་བསྲེ་བ་སྐོར་གསུམ་ཞེས་ཀྱང་བྱ་ལ། ཕྱེ་ན་བསྲེ་བ་རྣམ་པ་དགུ་ཞེས་ཀྱང་བྱའོ། །འདིར་རིམ་ལྔ་བསྡུས་པ་ལས། གཏུམ་མོའི་རྣལ་འབྱོར་རླུང་གིས་ཏེ། །སེམས་དམིགས་བདེ་བ་ཆེནཔོའ། །རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱང། །བར་དོ་རྣམ་གསུམ་བསྲེ་བར་བྱ། །ཉོན་མོངས་ཡེ་ཤེས་ལམ་དུ་འགྱུར། །ལམ་མྱུར་གཅོད་པ་འཕོ་བ་སྟེ། །གྲོང་དུ་འཇུག་པ་ཡན་ལག་གོ །ཞེས་བཤད་པ་


JLD007_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས། གསེར་སྡིངས་པས་ཀྱང་འདུས་པའི་མན་ངག་གི་སྐོར་དུ་གཏུམ་མོ་སྒོམ་པ་རིམ་ལྔ་དང་སྦྱར་བ་དང༌། འཕོ་བ་དང་གྲོང་འཇུག་རྣམས་ཀྱི་མན་ངག་ཀྱང་མཛད་དོ། །རིམ་ལྔ་བསྡུས་པར་བཤད་པ་ནི་རྣལ་འབྱོར་མའི་རྒྱུད་ནས་གསུངས་པའི་གཏུམ་མོ་སྒོམ་པ་ལ། ཕ་རྒྱུད་ཀྱི་རིམ་ལྔའི་དོད་གང་ཡིན་བསྟན་པར་བཞེད་པ་ཡིན་ལ། དེ་ལྟར་མཛད་པ་ཡང་རྒྱུད་གཉིས་ཀའི་ལམ་ཀུན་རིམ་ལྔ་དངོས་སམ། དེའི་དོད་རྩིས་གཉིས་སུ་འདུ་བར་བསྟན་པའི་ཕྱིར་དུའོ། །དེ་ལྟར་བྱས་ན་རྡོར་བཟླས་ཀྱི་རླུང་གིས་སེམས་དབེན་འདྲེན་པའི་དོད་ནི་གཏུམ་མོའི་རྣལ་འབྱོར་ཉིད་དོ། །སེམས་དབེན་གྱི་དོད་ནི། གཏུམ་མོ་བསྒོམས་པ་ལ་བརྟེན་ནས་རླུང་དྷཱུ་ཏཱིར་ཚུད་པ་ཐིམ་པ་ལས་བྱུང་བའི་བདེ་བ་ཆེན་པོ་སྟེ་དགའ་བ་བཞིའོ། །དེ་གཉིས་ནི་རྣལ་འབྱོར་མའི་རྒྱུད་ཉིད་ནས་འབྱུང་ངོ༌། །དེ་ལ་ཕ་རྒྱུད་ཀྱི་སྒྱུ་ལུས་དང༌། འོད་གསལ་དང༌། ཟུང་འཇུག་བསྣན་པས་རིམ་པ་ལྔ་བྱེད་པ་གཞུང་དེའི་དོན་ཡིན་གྱི། དེ་ལས་གཞན་དུ་འཆད་པ་ནི་དོན་མིན་ནོ། །རྨི་ལམ་དང་སྒྱུ་མ་གཅིག་ཏུ་སྦྱང་ཞེས་པ་ནི་རྨི་ལམ་གྱི་གདམས་ངག་རྣམས་སྒྱུ་ལུས་ཀྱི་གདམས་ངག་ཏུ་སྡུད་པའོ། །བར་དོ་ཞེས་པས་ནི་སྒྱུ་ལུས་ཀྱི་བསྲེ་བ་གསུམ་བསྟན་ལ། གཞི་དུས་ཀྱི་བར་དོ་གཉིས་ལམ་གྱི་བར་དོ་དང་བསྲེ་བ་འདི་ཉིད་ནི། མ་དག་པ་དག་པར་སྒྱུར་བྱེད་ཡིན་པས་ཉོན་མོངས་ཞེས་པ་གཅིག་གོ །འདི་དང་བར་དོར་མཆོག་མ་ཐོབ་ན་སྐྱེ་བ་གཞན་དུ་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་བསྒྲུབས་ནས། ལམ་


JLD007_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འགྱང་བར་མི་བྱེད་པ་ནི་འཕོ་བ་ཡིན་ལ། འཕོ་བའི་ཡན་ལག་ཁྱད་པར་ཅན་ཞིག་ལ་གྲོང་འཇུག་ཏུ་བྱེད་དོ། །དེ་གཉིས་ནི་རྣལ་འབྱོར་མའི་རྒྱུད་རྣམས་ལས་གསལ་ལོ། །ཡང་ན། ཚེ་འདིར་རང་གི་ལུས་རྟེན་དང་། གཞན་གྱི་ལུས་རྟེན་བཟང་ངན་བརྗེས་ནས། ལམ་མྱུར་དུ་གཅོད་པའི་ཡན་ལག་ནི་གྲོང་འཇུག་གོ །འདི་གཉིས་འདིར་བཤད་པ་ནི་ཕ་རྒྱུད་ལ་དེ་གཉིས་སྣོན་ཅིག་ཅེས་པའམ། དེ་ཡང་ན་ཕ་རྒྱུད་ཀྱི་མཚོན་བྱེད་དཔེའི་སྒྱུ་ལུས་སྐྱེད་ནུས་པའི་མཚམས་ནས། གྲོང་འཇུག་གི་གདམས་ངག་བསྒོམས་ན་ནུས་པ་ཐོབ་པ་ཁྱད་པར་ཅན་ཅིག་ཡོད་པས་དེ་རྟོགས་པའི་ཕྱིར་ཡང་ཡིན་ནོ། །བསྲེ་བ་རྣམ་པ་དགུའི་བསྲེ་ཚུལ་མང་པོ་ཞིག་ནི་བཤད་ཟིན་ལ། ཤིན་ཏུ་རྟོག་དཀའ་བའི་གནད་འགའ་ཞིག་སྣང་བ་ནི་ཟུར་དུ་གཏན་ལ་དབབ་དགོས་པར་སྣང་ངོ༌། །གཉིས་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ལ་གཉིས། རིམ་ལྔ་དང་སྤྱོད་བསྡུས་སུ་གསུངས་པའི་དོན་བཤད་པ་དང༌། རྒྱུད་ཕྱི་མར་འཛིན་པའི་ཡན་ལག་གསུངས་པའི་དོན་བཤད་པའོ། །དང་པོ་ལ་གསུམ། གོ་རིམ་ངེས་ཚུལ་སྣོད་རུང་དུ་བྱ་བ་དང་བཅས་པ་དང༌། དེ་ལ་འོད་གསལ་གྱི་གདམས་ངག་བཤད་པ་དང༌། རིམ་པ་དེ་ལམ་གཞན་གྱི་མཐར་ཡང་འོང་ཚུལ་ལོ། །དང་པོ་ནི། སྔར་གོ་རིམ་ངེས་པའི་སྐབས་སུ་བཤད་པ་ལྟར། སྒྱུ་ལུས་ཀུན་རྫོབ་བདེན་པ་སྔོན་དུ་མ་བསྐྱེད་ན་འདིའི་འོད་གསལ་མངོན་དུ་བྱ་མི་ནུས་པར་གསུངས་པའི་རྒྱུ་མཚན་གང་ཡིན་སྙམ་ན། སྤྱིར་འཕགས་པ་ཡབ་སྲས་ཀྱི་ལུགས་ཀྱིས་


JLD007_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ནི་ཉན་རང་འཕགས་པ་དང་ཡང་ཐུན་མོང་བ་ཡིན་ན། ཕར་ཕྱིན་གྱི་ཐེག་པའི་ས་རབ་ཏུ་དགའ་བར་དོན་དམ་དེ་མངོན་སུམ་དུ་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། སྒྱུ་ལུས་སྒྲུབ་པ་ནི་སྔགས་བླ་མེད་ཀྱི་ཁྱད་པར་གྱི་ཆོས་ཐུན་མོང་མ་ཡིན་པ་ཡིན་པས། དོན་དམ་བདེན་པའི་འོད་གསལ་མངོན་སུམ་དུ་རྟོགས་པ་ཙམ་ཞིག་ལ་སྔོན་དུ་སྒྱུ་ལུས་སྐྱེད་དགོས་པར་མི་འདོད་དོ། །དེས་ན་ལྷན་ཅིག་སྐྱེས་པའི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་ཤིན་ཏུ་ཕྲ་བ་མངོན་སུམ་དུ་རྟོགས་པ་དོན་གྱི་འོད་གསལ་ལ། སྔོན་དུ་སྒྱུ་ལུས་སྒྲུབ་དགོས་པར་བཞེད་དེ། ཞིབ་ཏུ་འཆད་པར་འགྱུར་རོ། །དེ་ལ་ཐེག་པ་གཞན་གྱི་ལུགས་ཀྱིས། ཡེ་ཤེས་ཆོས་སྐུའི་རྒྱུའི་གཙོ་བོ་སྟོང་ཉིད་རྟོགས་པས་གཟུགས་སྐུའི་ལྷན་ཅིག་བྱེད་རྐྱེན་བྱེད་པ་དང༌། གཟུགས་སྐུའི་རྒྱུའི་གཙོ་བོ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་རྣམས་ཀྱིས་ཆོས་སྐུའི་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡོད་ཀྱང༌། རྒྱུའི་གཙོ་བོ་གཉིས་ངོ་བོ་དབྱེར་མེད་ཀྱི་ཐབས་ཤེས་སུ་བྱས་ནས། དེ་ལ་མཉམ་གཞག་ཏུ་གཅིག་བསྒྲིལ་བྱས་ནས་ལམ་བགྲོད་པ་མེད་ལ། ཐེག་པ་བླ་ན་མེད་པ་འདིར་བདེ་སྟོང་ཕྱིན་ཅི་མ་ལོག་པར་སྦྱོར་བ་དང༌། དེ་ཡང་སྒྱུ་མའི་སྐུ་དང་ངོ་བོ་གཅིག་ཏུ་སྦྱོར་བ་བཤད་ཟིན་ཅིང༌། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་ལ་སློབ་པའི་ལམ་གྱི་སྤྱི་ཙམ་ཞིག་མཚུངས་ཀྱང༌། བསོད་ནམས་ཀྱི་ཚོགས་ཀྱི་གསལ་བའི་དབྱེ་བ་མཐའ་ཡས་པ་


JLD007_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེ་རེ་ནས་སློབ་ཚུལ་ནི་མི་འདྲ་བ་དང༌། དེ་ཡང་སྟོང་ཉིད་ཀྱི་རྟོགས་པ་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་རིམ་གྱིས་ཁྱད་པར་ཅན་དུ་འགྱུར་བའི་དོན་དུ་ཡིན་པ་ཡང་སྔར་བཤད་ཟིན་ཏོ། །དེའི་གནད་ཀྱིས། ཐེག་དམན་གྱི་མྱུར་ཤོས་ཀྱིས་ཚེ་གསུམ་གྱིས་ཉོན་མོངས་ས་བོན་དང་བཅས་པ་ཟད་པར་བྱེད་ལ། ཕར་ཕྱིན་གྱི་ཐེག་ཆེན་དུ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ས་རབ་ཏུ་དགའ་བ་འཐོབ་པ་ལ་དུས་དུ་མ་ཞིག་ཐོགས་པ་དང༌། ཉོན་སྒྲིབ་ས་བརྒྱད་པར་ཟད་པར་གསུངས་པ་སོགས་ཀྱི་དུས་རིང་ཐུང་ཤིན་ཏུ་ཁྱད་ཆེ་བར་བྱུང་ལ། ཉོན་མོངས་ཆེད་དུ་སྤོང་མི་སྤོང་སོགས་ཀྱི་ཁྱད་པར་ཡང་མང་དུ་གསུངས་སོ། །དེས་ན་ལམ་འདིར་ཡང་ལྷན་ཅིག་སྐྱེས་པའི་བདེ་བས། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ཙམ་གྱི་ཡེ་ཤེས་སྐྱེད་པའི་ཕྱིར་དུ་སྒྱུ་ལུས་སྐྱེད་པ་མིན་གྱི། དོན་གྱི་འོད་གསལ་གྱི་ཡེ་ཤེས་ཀྱིས་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་ཁྱད་པར་ཅན་དུ་འགྱུར་བའི་དོན་དུ་ཡིན་ཏེ། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ཡུལ་དུ་བྱས་པ་ལ་ཡུལ་ཅན་གྱི་སྒོ་ནས་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་ཁྱད་པར་ཅན་དུ་སྐྱེ་བའི་སྒོ་ཞིག་ཀྱང་ཡོད་མོད་ཀྱང༌། ཐེག་པ་གཞན་གྱི་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་དོད་ནི། རྫོགས་རིམ་གྱི་སྐབས་འདིར་སྒྱུ་མའི་སྐུ་ཡིན་པས། དེ་གཉིས་སྤེལ་ཤེས་པ་གནད་མཐར་ཐུག་པ་ཡིན་ནོ། །དེ་ལྟར་ན་ཡེ་ཤེས་ཆོས་སྐུའི་རྒྱུའི་གཙོ་བོ་དེ་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་ཁྱད་པར་ཅན་དུ་འགྲོ་བའི་དོན་དུ་གཟུགས་སྐུའི་


JLD007_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྒྲུབ་པར་འདྲ་མོད་ཀྱང༌། སྐུ་གཉིས་ཀྱི་རྒྱུའི་གཙོ་བོ་གང་ལ་བྱེད་པ་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། དེས་ནི་ཐེག་པ་གཞན་ལ་ས་རྣམས་སུ་མཚན་གྱིས་བརྒྱན་པའི་ལུས་ཐོབ་ཀྱང༌། རྟེན་དེས་མཉམ་གཞག་ཏུ་སྟོང་ཉིད་སྒོམ་པ་གཅིག་པུ་བྱས་པ་ན། དེ་ལས་སངས་རྒྱས་རྣམས་ཀྱིས་བསླང་ནས། རྗེས་ཐོབ་ཏུ་ཚོགས་རྒྱ་ཆེན་པོ་ལ་འཇུག་ལ། འདིར་སྒྱུ་མའི་སྐུ་གྲུབ་པ་ན་དེ་ལྟར་བྱ་མི་དགོས་པའི་ཁྱད་པར་ཡང་ཤེས་པར་ནུས་སོ། །གོ་རིམ་ངེས་པའི་རྒྱུ་མཚན་འདི་རྣམས་ནི། ཐེག་པ་གཞན་དང༌། རྒྱུད་སྡེ་གཞན་དང༌། རྒྱུད་སྡེ་གཉིས་ཀྱི་ལམ་བགྲོད་པའི་རྣམ་གཞག་སྤྱི་དང༌། དེ་དག་གི་གནད་ཕྲ་བ་ལ་ཚིམ་མི་སླ་བར་རིང་དུ་འདྲིས་པ་དགོས་ཤིང༌། ཤིན་ཏུ་རྟོགས་དཀའ་བའི་རྒྱུ་མཚན་གྱིས། སྒྱུ་ལུས་ལ་སྒྱུ་འཛིན་གྱི་དྲི་མ་ཞིག་ཡོད་པ་སྦྱོང་བ་ལ་འོད་གསལ་དུ་འཇུག་དགོས་པ་ཡིན་ནོ་ཞེས་སོགས་ལྟར་སྣང་མང་དུ་བྱུང་ངོ༌། །དེས་ན་རིམ་པ་བཞི་པ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །དེ་ནི་ཡང་དག་མཉེས་བྱས་ཏེ། །ལོ་འམ་ཡང་ན་ཟླ་བ་ལ། །བླ་མ་དེ་ནི་མཉེས་བྱས་ལ། །ཅི་ནུས་པས་ནི་མཆོད་པར་བྱ། །ཅི་འབྱོར་པ་ཡི་ཕྱག་རྒྱ་ནི། །ལེགས་པར་བསླབས་ལ་དབུལ་བྱ་ཞིང༌། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཆོ་ག་ཇི་བཞིན་མཆོད་པར་བྱ། ཞེས་འདིའི་མན་ངག་སྟེར་བའི་རྒྱུ་མཚན་གྱིས། བླ་མ་སངས་རྒྱས་ལས་ལྷག་པར་


JLD007_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བ་དང༌། ཡུན་རིང་པོར་མཉེས་པར་བྱ་བ་དང༌། དེའི་རྗེས་སུ་གསང་བ་དང༌། དེ་ལས་གཞན་པའི་མཆོད་པས་འདི་སྟོན་པའི་བླ་མ་ལ་མཆོད་པར་གསུངས་སོ། །སྤྱོད་བསྡུས་ལས་ཀྱང༌། བླ་མའི་ཞལ་གདམས་མེད་པར་འོད་གསལ་མི་རྟོགས་པ་དང༌། སྟོན་བྱེད་ཀྱི་རྒྱུ་དང་བསྟན་པའི་འབྲས་བུ་གཉིས་གནས་ཚུལ་དབྱེར་མེད་པར་སྟོན་པའི་བླ་མའི་ལུང་ཐོབ་ནས། བླ་མ་མཆོད་པ་སྔར་བཞིན་བྱ་བར་གསུངས་ཏེ། འདི་ཡང་དབང་གི་དོན་དུ་གསུངས་མོད་ཀྱང༌། གདམས་ངག་དང་གཉིས་ཀ་ལ་འདྲའོ། །འདི་རྣམས་ཡིད་ཀྱིས་སྤྲུལ་ཏེ་བྱེད་པ་ཡང༌། ལམ་ཁྱད་པར་ཅན་ལ་རྟེན་འབྲེལ་འགྲིག་པའི་རྒྱུར་བསྔགས་པ་ཡང་ཤེས་པར་བྱའོ། །དེའི་རྗེས་སུ་བླ་མས་དབང་དགུ་སྔོན་དུ་འགྲོ་བའི་གསང་དབང་དང་དབང་གསུམ་པ་བསྐུར་བར་རིམ་ལྔ་དང་སྤྱོད་བསྡུས་ལས་གསུངས་པ་ནི། འདིའི་སྣོད་རུང་དུ་སྒྲུབ་པའི་དབང་ལན་ཅིག་སྔར་ཐོབ་ན། སྣོད་རུང་དུ་སྒྲུབ་པ་ལ་གཉིས་པ་མི་དགོས་སོ། །དབང་མཚན་ཕྱེད་ན་བསྐུར་བའི་ཐོ་རངས་ཀྱི་དུས་སུ་སློབ་མས་བླ་མ་ལ་མཆོད་པ་དང་བསྟོད་པས་མཉེས་པར་བྱ་བར་རིམ་པ་བཞི་པ་ལས་གསུངས་པའི་མཆོད་པ་ནི་སྔར་དང་འདྲ་ལ། བསྟོད་པ་ནི། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང༌། ཞེས་སོགས་ཚིགས་བཅད་ཕྱེད་དང་ལྔས་བསྟོད་པའི་འོག་ཏུ། ལས་དང་སྐྱེ་ལས་རྣམ་གྲོལ་ཞིང༌། ཞེས་སོགས་ཚིགས་བཅད་གསུམ་གྱིས་བླ་མ་ལ་སླར་ཡང་བསྐུལ་བར་གསུངས་སོ། །སྒྱུ་ལུས་དང་འོད་གསལ་གྱི་སྐབས་སུ་སྐབས་དེའི་


JLD007_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་དང་མཐུན་པར་བླ་མ་ལ་བསྟོད་པ་དང༌། གསོལ་བ་གདབ་པར་གསུངས་པ་འདིའི་རིགས་པ་རིམ་པ་ལྷག་མ་རྣམས་ལའང་སྦྱར་ནས། བླ་མའི་རྣལ་འབྱོར་སྒོམ་པ་དང༌། ཚུལ་དེ་རྣམས་ཀྱིས་གསོལ་བ་འདེབས་པར་བཞེད་པ་ནི་ལེགས་པས། གདམས་ངག་ཉན་དུས་ཁོ་ནར་མ་ཟད། སྐབས་གཞན་དུ་ཡང་ཚུལ་དེས་གསོལ་བ་གདབ་པར་བྱའོ། །དེས་ན་སྤྱིར་ཐེག་པ་ཀུན་དང༌ཁྱད་པར་དུ་ཐེག་པ་འདི་ལ་བླ་མའི་དམ་ཚིག་མ་ཉམས་པར་བྱ་བ་དང༌། སངས་རྒྱས་སུ་བལྟས་པའི་སྒོ་ནས་མཆོད་དེ། མཉེས་པ་ཐམས་ཅད་ཀྱིས་མཉེས་པར་བྱེད་ཅིང༌། མི་མཉེས་པ་སྤོང་བ་ལ་འབད་པ་ནི་གནད་དམ་པར་སྣང་ངོ། །གཉིས་པ་ལ་གསུམ། ཕྱི་ནང་གི་མངོན་པར་བྱང་ཆུབ་པ་གཉིས་བཤད་པ་དང༌། དེ་མངོན་དུ་བྱེད་པའི་ཐབས་བསམ་གཏན་གཉིས་བཤད་པ་དང༌། མིང་གི་རྣམ་གྲངས་ཆེད་བརྗོད་དང་བཅས་པ་བཤད་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། རྩོད་པ་སྤོང་པའོ། །དང་པོ་ནི། དེ་ལྟར་གསོལ་བ་འདེབས་པའི་སློབ་མ་ལ་སྙིང་རྗེ་བསྐྱེད་ནས་འཆད་པ་ནི། རིམ་པ་བཞི་པ་ལས། མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་ཅིག་མིན་པར་འགྲོ། མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཞེད་རྣལ་འབྱོར་པ་ཉིད་ཡུལ། །


JLD007_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་མཐའ་ནི་འཇིག་མིན་མུན་ནག་ཚོགས་ནི་མ་ལུས་གང་དུ་འདས་པ་དང༌། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་འདིར་ནི་དྲི་མེད་ཡང་དག་མཐའ་རུ་བཤད། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། ཞེས་ཕྱི་ནང་གི་བྱང་ཆུབ་གཉིས་གསུངས་སོ། །ཆག་འགྱུར་ལས། དེ་དག་རང་གི་རང་བཞིན་རྣམས་དང་ལན་ཅིག་མིན་པར་ལྡན། ཞེས་དང༌། མུན་པའི་མཐའ་ནི་རྣམ་པར་ཟད་ཅིང་མཚམས་ཀྱི་གཟི་བརྗིད་མ་ལུས་གང་དུ་འདས་གྱུར་ཅིང། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་དྲི་མ་མེད་པ་འདི་ལ་ཡང་དག་མཐའ་ནི་བསྟན། །ཞེས་འབྱུང་ངོ༌། །སྤྱོད་བསྡུས་ལས་ཀྱང༌། མངོན་པར་བྱང་ཆུབ་པ་ལ་གཉིས་ལས། ཕྱིའི་མངོན་བྱང་ནི། ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས། ཇི་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ། འདི་ལ་ནི་འོད་གསལ་ཐམས་ཅད་སྟོང་པའོ། ཞེས་བཤད་པའི་དོན་ནི་རིམ་ལྔ་ལས། ཐོབ་པ་དང་སྣང་བའི་མཚན་གྱིས་དུས་གཉིས་འདས་ཤིང༌། ཉི་མ་མ་ཤར་བའི་བར་ལ་བཤད་པའི་ཐོ་རངས་སོ། །ཉི་མ་ཤར་བ་ན་སྣང་བ་མཆེད་པ་དང༌། ཉི་མ་ནུབ་པའི་མཚམས་སུ་མ་རིག་པ་དང༌། ཟླ་བ་ཤར་བའི་ཚེ་སྣང་བའོ། ཞེས་བཤད་ནས། ནང་གི་མངོན་བྱང་སྟོན་པ་ན། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ༌། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་


JLD007_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན། དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བ། ཞེས་གསུངས་སོ། །འདིར་སློབ་མ་ལ། བླ་མས་ཕྱི་ནང་གི་བྱང་ཆུབ་པ་གཉིས་སྟོན་པའི་དང་པོ་ནི། ཕྱིའི་ཞག་གཅིག་ལ་ཆ་བཞིར་བྱས་ནས་སྟོང་པ་བཞི་བཤད་པ་སོར་བཞག་ཏུ་བྱེད་ན། སྟོང་པ་བཞི་པ་བྱང་ཆུབ་ཀྱི་སྐད་ཅིག་ཡིན་པ་དང༌། རྣལ་འབྱོར་པ་ཉིད་ཀྱི་ཡུལ་ཡིན་པ་སོགས་མི་འཐད་ལ། དེའི་དུས་ཀྱི་ནམ་མཁའ་བཞི་དཔེར་བྱས་ནས་སྟོང་པ་བཞི་སྟོན་པ་ལ་བྱེད་ན་ནི། ནང་གི་སྟོང་པ་བཞི་ཡང་དེ་ལྟར་ཡིན་པས་ཕྱི་ནང་གི་ཁྱད་པར་དབྱེ་མི་ནུས་ཏེ། ནང་གི་སྐབས་སུ་ཡང་ཟླ་ཉི་དང་མུན་པ་དཔེར་བཀོད་ནས་བསྟན་པའི་ཕྱིར་རོ། །དུས་བཞིར་སྟོང་པ་བཞིའི་ཡེ་ཤེས་སྐྱེ་བ་ལ་བྱེད་ན། དུས་དེ་བཞི་རེ་རེའི་དུས་ལ་སྟོང་པ་བཞི་དུས་གཅིག་ལ་སྐྱེ་བ་མེད་པར་འགྱུར་བས། ཕྱི་ནང་གི་བྱང་ཆུབ་གཉིས་ཀྱི་ཁྱད་པར་གང་ནས་འབྱེད་པ་ཡིན་སྙམ་ན། འདི་ལ། རྗེ་འགོས་ཀྱིས། ནཱ་རོ་པའི་བཞེད་པ་དང༌། བཙུན་མོ་ཅན་དང༌། ནག་པོ་དམ་ཚིག་རྡོ་རྗེ་གཉིས་ཀྱི་བཞེད་པ་སྟེ་ལུགས་གཉིས་བཀོད་པའི་དང་པོ་ནི། ཞག་གཅིག་གི་ཆ་བཞི་སྟོང་པ་བཞིར་བཤད་པ་ནི། ཆོས་ཉིད་ཀྱི་དཔེ་དང་དུས་དང་རྟགས་དང་མཚོན་བྱེད་ཡིན་པས་དྲང་དོན་ཏེ་ཕྱིའི་མངོན་བྱང་ངོ༌། །ངེས་དོན་ནི་ནང་གི་མངོན་བྱང་ཡིན་ཏེ། ལས་རྒྱ་དང་སྙོམས་


JLD007_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུགས་པས་བྱང་སེམས་རྡོ་རྗེའི་རྩ་བ་དང༌། རྐེད་པ་དང༌། རྡོ་རྗེའི་བུམ་པར་སླེབ་པ་ན། བདེ་བ་དེ་གསུམ་ལ་སྟོང་པས་རྒྱས་བཏབ་སྟེ་བསྒོམས་པ་ན། ལམ་གྱི་སྣང་བ་གསུམ་དང༌། ཐིག་ལེ་གཉིས་ཤོར་གཉིས་གནས་ཀྱི་དུས་སུ་ངོ་བོ་ཉིད་ཀྱི་རྟོག་པ་ལོག་པའི་བདེ་བའི་ཡེ་ཤེས་ནི་ཐམས་ཅད་སྟོང་པ་འད་གསལ་ལོ། །གཉིས་པ་ནི། ཕྱིའི་དཔེ་བཞིས་དགག་བྱ་གློ་བུར་བའི་རྟོག་པ་དང་བྲལ་བ་བཞིའི་ཆ་ནས་མཚོན་པ་ནི་ཕྱིའི་བྱང་ཆུབ་དང༌། བསམ་གཏན་གཉིས་ཀྱིས་སྒྱུ་མ་འོད་གསལ་དུ་བཅུག་པའི་ཉམས་མྱོང་གི་ཆ་ནས་བསྟན་པ་ནི་ནང་གི་མངོན་བྱང་དུ་བཤད་དོ། །ལག་སྨིས་ནི། ཞག་གཅིག་གི་ཆ་སྟོང་པ་བཞིར་བཤད་པ་ནི། དེ་དག་གི་མིང་ཅན་གྱི་ནང་གི་སྟོང་པ་བཞི་ལ་འདོད་ཅིང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྟོང་པ་བཞི་པ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའམ། སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔའི་རིམ་གྱིས་ཐོབ་པའི་སྟོང་པ་བཞི་པ་ནི་ནང་གི་མངོན་བྱང་དུ་བཤད་དོ། །འགྲེལ་པ་ཟླ་འོད་དང༌། དོན་གསལ་དང༌། དམ་ཚིག་རྡོ་རྗེའི་འགྲེལ་པ་དང༌། ཐུབ་པ་དཔལ་གྱིས་ཀྱང༌། ཕྱིའི་སྐབས་སུ་བཤད་པའི་སྟོང་པ་བཞི་ནང་གི་སྟོང་པ་བཞི་ལ་བཤད་ཅིང༌། ཕྱི་ནང་གི་ཁྱད་པར་གསལ་བར་མ་ཕྱེའོ། །སྔར་བཤད་པ་ལྟར་དཔྱད་ན་ནི། ཕྱི་ནང་གི་ཁྱད་པར་ཕྱེ་བ་དེ་རྣམས་ཀྱིས་ལན་མི་ཐེབས་ཤིང༌། ཁྱད་པར་མ་ཕྱེ་བ་རྣམས་ཀྱི་བཤད་པས་ཀྱང་ལན་ཐེབས་པར་མི་སྣང་ལ། གནས་འདི་ཤིན་ཏུ་རྟོགས་དཀའ་ཞིང་། གལ་ཡང་ཆེ་བར་སྣང་བས་དཔྱད་དགོས་སོ། །དེ་ཡང་ལེའུ་


JLD007_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔ་པའི་སྒྲོན་གསལ་ལས་གསུངས་པ་ལ་བརྟེན་ནས་ཤེས་དགོས་པས། རྩ་རྒྱུད་ལས། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་ལས་བྱུང་བུ་མོ་ནི། །རྡོ་རྗེ་ཆོས་བདག་བསྒྲུབ་པར་བྱ། །འདི་ནི་གསང་བ་ཐོབ་བྱེད་པའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །བསྒོམ་པ་མཆོག་གིས་འགྲུབ་པར་འགྱུར། ཞེས་གསུངས་ལ། དེའི་དོན་འགྲེལ་པས་འདི་ལྟར་བཤད་དེ། རྫོགས་རིམ་པས་ཕྱག་རྒྱ་མོ་རིགས་བཞི་ལས་གང་རུང་ཞིག་བླངས་ལ། དེ་ལ་བརྟེན་ནས་རྡོ་རྗེ་ལྟར་མི་ཕྱེད་པའི་ཆོས་ནི་རྫོགས་རིམ་གྱི་རྣལ་འབྱོར་ཏེ། དེའི་བདག་ཉིད་ནི་དེ་རྟོགས་པ་དང་ལྡན་པའི་སྒྲུབ་པ་པོ་རྡོ་རྗེ་གསང་བ་སྟེ་རྡོ་རྗེ་འཆང་ཐོབ་པར་བྱེད་པ་བསྒྲུབ་པར་བྱ་བའོ། །དེ་ཡང་མངོན་པར་བྱང་ཆུབ་པའི་རིམ་པས་རྫོགས་པར་བྱ་དགོས་ལ། དེའི་ཐབས་ནི་རྡོ་རྗེ་ཞེས་པ་བཞིས་སྟོན་ནོ། །དེ་ལ་ཕྱི་ནང་གི་བྱང་ཆུབ་པའི་རིམ་པ་གཉིས་ལས་དང་པོ་ལྟར་བཤད་ན། རྡོ་རྗེ་ཉི་མ་ནི་ཉི་མ་དངོས་སོ། །ནུབ་ནས་ཏེ་ཉི་མ་དམར་ཐག་ཆད་པའི་ཐུན་མཚམས་ཀྱི་དུས་འདས་པ་ན། ཡོ་བྱད་ཅི་རྙེད་པས་བླ་མ་མཉེས་པར་བྱའོ། །དེ་ནས་བླ་མའི་དྲིན་གྱིས་མཚན་ཕྱེད་ན་དབང་བསྐུར་བ་ཐོབ་ནས། སྐྱ་རེངས་འཆར་བའི་དུས་སུ་སྟེ་སྣང་བ་མཚོན་པའི་མཚན་མོའི་ཆ་འདས་ནས། ཉི་མ་མ་ཤར་བའི་དུས་སུ་མངོན་པར་བྱང་ཆུབ་པའི་རིམ་པ་ལུང་ཕོག་པས་ཀྱང་འགྲུབ་པར་འགྱུར་བ་སྟེ། རྣམ་པར་དག་པར་འགྱུར་ཏེ། འདི་


JLD007_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱིའི་མངོན་བྱང་གི་རིམ་པའོ། །ནང་གི་མངོན་བྱང་གི་རིམ་པ་ལྟར་བཤད་ན། རྡོ་རྗེ་ཉི་མ་སྟེ་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་བྱུང་ནས། ནུབ་པ་སྟེ་ཤེས་རབ་ཀྱི་ངོ་བོ་ཉིད་བྱུང་ནས་འགགས་པའ། །དེ་ལྟར་སྣང་མཆེད་གཉིས་ནུབ་ནས་ནི་འོད་གསལ་གྱི་སྒྲུབ་བྱེད་ཉེར་ཐོབ་ཀུན་ཏུ་བརྩམ་པར་བྱ་བ་སྟེ་འབྱུང་ངོ༌། །སྐྱ་རེངས་འཆར་བ་ནི་མ་རིག་པ་སྟེ། དེ་འདས་པའི་དུས་སུ་སྒྲུབ་པ་པོས་སྟོང་པ་གསུམ་གྱི་རྒྱུ་དང་རྐྱེན་གྱིས། བསྒོམ་པ་མཆོག་སྟེ་འོད་གསལ་མངོན་སུམ་དུ་བྱེད་ལ། དེས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། ཞེས་བཤད་དེ། ཕྱག་རྒྱ་ཆེན་པོ་ནི་ཟུང་འཇུག་གོ །འདི་འོད་གསལ་མངོན་སུམ་དུ་རྟོགས་པར་བྱེད་པ་ལ་གསུངས་པས། ཕྱི་ནང་གི་བྱང་ཆུབ་པ་གཉིས་ནི་དོན་གྱི་འོད་གསལ་ལ་བྱའོ། །དེ་མངོན་དུ་འགྱུར་བའི་ཉེ་རྒྱུའི་སྐབས་སུ་ཕྱིའི་ཕྱག་རྒྱ་ལ་བརྟེན་པ་ནི་ཚིགས་བཅད་དང་པོའི་དོན་ནོ། །བརྟེན་ཚུལ་ནི། མཚན་ཕྱེད་ན་བླ་མས་ལས་རྒྱ་ལ་བརྟེན་པའི་དངོས་དབང་བསྐུར་ཏེ། འོད་གསལ་མཚོན་པར་བྱེད་པའོ། །དེ་ནས་ཐོ་རངས་འོད་གསལ་སྒོམ་ཚུལ་དང༌། དེའི་འོག་ཏུ་ཟུང་འཇུག་སྒྲུབ་ལུགས་ཀྱི་གདམས་ངག་ཕོག་པས་དོན་གྱི་འོད་གསལ་འཐོབ་ཅིང༌། དེའི་འོག་ཏུ་ཟུང་འཇུག་འགྲུབ་པའོ། །དེ་ལྟར་ན། དོན་གྱི་འོད་གསལ་མངོན་དུ་འགྱུར་བ་ཐོ་རངས་ཀྱི་དུས་ཁྱད་པར་ཅན་ལ་ལྟོས་པའི་སྒོ་ནས་ཕྱིའི་མངོན་བྱང་ཞེས་བྱ་ལ། དེ་ཡང་ནང་གི་སྟོང་པ་བཞིའི་རིམ་གྱིས་མངོན་དུ་བྱས་པའི་ཆ་ནས་ནང་གི་མངོན་བྱང་ཞེས་བྱའོ། །དེའི་ཕྱིར་ཞག་གཅིག་


JLD007_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གི་དུས་ཚིགས་གཞན་གསུམ་སྟོང་པ་གསུམ་དུ་བྱས་པ་ནི། སྔར་སེམས་དབེན་དུ་བཤད་པ་ལྟར་དེའི་དུས་ཀྱི་ནམ་མཁའི་དཔེས་མཚོན་པ་ཡིན་ཀྱང༌། ཕྱི་ནང་གི་ཁྱད་པར་དབྱེ་མི་ནུས་པའི་སྐྱོན་མེད་དོ། །མི་སློབ་པའི་ཟུང་འཇུག་ཀྱང་སྤྱོད་བསྡུས་དང་རིམ་ལྔར་ཐོ་རངས་ཀྱི་དུས་སུ་འཐོབ་པར་གསུངས་སོ། །གཉིས་པ་ནི། རིམ་ལྔ་དང་སྤྱོད་བསྡུས་ལས། སྒྱུ་ལུས་གྲུབ་ཅིང་འོད་གསལ་དོན་དུ་གཉེར་བ་དེ་ལ། མཚན་ཕྱེད་ན་དབང་བསྐུར་བའི་ཐོ་རངས་བྱང་ཆུབ་པ་གཉིས་དང༌། བསམ་གཏན་གཉིས་ཀྱི་མན་ངག་སྟོན་པར་གསུངས་པ་དེ། ཐོ་རངས་དེ་ཉིད་ལ་དོན་གྱི་འོད་གསལ་སྐྱེད་ནུས་པ་ཡིན་ནམ་མིན། མིན་ན་ནི་སྔར་བཤད་པའི་སྒྲོན་གསལ་དང་འགལ་ལོ། །ཡིན་ན་ནི་དེ་འདྲ་བའི་ནུས་པ་མ་ཐོབ་གོང་དུ། འོད་གསལ་གྱི་གདམས་ངག་བསྟན་དུ་མི་རུང་བར་འགྱུར་བས། སྒྱུ་ལུས་མ་ཐོབ་པའི་གོང་དུ་དབང་བཞི་ཀ་རྫོགས་པར་ཐོབ་ཀྱང༌། རྒྱུད་མཐའ་དྲུག་དང་ཚུལ་བཞིས་བཤད་པའི་རྫོགས་རིམ་རྫོགས་པར་ཉན་དུ་མི་རུང་བར་འགྱུར་རོ། །རུང་ན་ནི་སྒྱུ་ལུས་མཐར་ཕྱིན་པས་འོད་གསལ་གྱི་གདམས་ངག་ཉན་པའི་ཚུལ་སྔར་ལྟར་བཤད་པའི་དགོངས་པ་གང་ཡིན་བརྗོད་ཅིག་ཅེ་ན། བཤད་པར་བྱ་སྟེ། རིམ་ལྔ་དང་སྤྱོད་བསྡུས་སུ་གསུངས་པ་དེ་ལ་དང་པོ་སྣོད་རུང་དུ་སྒྲུབ་པའི་སྐབས་གཅིག་དང༌། སྒྱུ་ལུས་ཐོབ་ནས་དེ་ལྟར་ནུས་པའི་སྐབས་གཅིག་སྟེ་གཉིས་ཡོད་ཅིང༌། སྒྲོན་གསལ་ལས་གསུངས་པ་ཕྱི་མ་ལ་དགོངས་ཀྱི། དེ་ལྟར་གསུངས་པ་ཀུན་གྱི་དབང་དུ་བྱས་པ་མིན་


JLD007_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སློབ་མ་མཚན་ཉིད་དང་ལྡན་པས། སྣོད་རུང་གི་དབང་རྫོགས་པར་ཐོབ་པ་ལ་རྒྱུད་རྫོགས་པར་བཤད་ནས་གོ་བ་སྐྱེད་པ་སྔོན་དུ་བཏང་ཡང༌། ལམ་ཐད་ཀ་ཐད་ཀའི་མངོན་པར་རྟོགས་པ་རྒྱུད་ལ་ལེགས་པར་བསྐྱེད་པའི་བླ་མ་མཚན་ཉིད་དང་ལྡན་པས། སློབ་མའི་རྒྱུད་ལ་ལམ་རིམ་གྱིས་བསྐྱེད་པའི་གདམས་ངག་འཆད་པ་ལ། སློབ་མ་དེས་ད་དུང་ཡང་ཤིན་ཏུ་ལྟོས་དགོས་པས། སྔར་འོད་གསལ་གྱི་གདམས་ངག་བཤད་ཀྱང་འདིར་ཡང་བཤད་མི་དགོས་པ་ག་ལ་ཡིན། དེས་ན་སྒྱུ་ལུས་གྲུབ་པའི་སློབ་མ་ཡང་མཐའ་ཡས་མོད་ཀྱང༌། དེའི་བླ་མར་འས་པ་ཡང་དེ་ལས་ཆེས་མཐའ་ཡས་པས། ད་ལྟར་གྱི་དཔོན་སློབ་ཉིད་ཀྱི་རྩིས་ཀྱིས་མི་ཆོག་གོ །སྒྱུ་ལུས་ཐོབ་མ་ཐག་པས་ཀྱང་ཞག་གཅིག་གི་ཁོངས་སུ་དོན་གྱི་འོད་གསལ་སྐྱེད་མི་ནུས་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། བཅོམ་ལྡན་འདས་སྟོང་པ་གསུམ་འོད་གསལ་བའི་མཐར་ཇི་ལྟར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེས་ཤིང་བསྲེགས་ཏེ་ཐལ་བར་འགྱུར་བ་དེ་བཞིན་དུ། འོད་གསལ་བར་ཤེས་རབ་ཀྱི་ཡེ་ཤེས་ཡུན་རིང་པོས་རྣམ་པར་སྦྱོང་བར་བྱེད་དོ། །ཇི་ལྟར་ཏ་ལའི་ལོ་མ་ཐལ་བར་བྱེད་པ་དེ་བཞིན་དུ། ཐབས་ཀྱི་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད་དོ། །ཇི་ལྟར་རས་བལ་གྱི་འདབ་མ་བསྲེགས་པ་བཞིན་དུ་སྣང་བ་ཐོབ་པའི་ཡེ་ཤེས་མཆོག་ཏུ་མྱུར་བ་རྣམ་པར་སྦྱོང་བར་བྱེད་དོ། ཞེས་མཐར་ཐུག་གི་འོད་གསལ་གྱི་སྐབས་སུ་གསུངས་པའི་ཕྱིར་དང༌། རིམ་ལྔ་ལས་ཀྱང༌།


JLD007_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་འམ་ཡང་ན་ཟླ་བ་ལ། །བླ་མ་དེ་ནི་མཉེས་བྱས་ནས། ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སྒྱུ་ལུས་ཐོབ་པས་ཀྱང་བླ་མ་ལས་འོད་གསལ་གྱི་གདམས་ངག་མཉན་ནས། བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་ཐབས་མང་དུ་བསྒོམས་པའི་མཐར། སྒྲོན་གསལ་ལས་གསུངས་པ་བཞིན་དུ་བྱེད་པ་ཡིན་ཏེ། ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་དུ་སོང་བ་དང༌། དེར་མ་སོང་བའི་དཔེའི་འོད་གསལ་གྱི་མཚན་ཉིད་རྣམས་ལེགས་པར་ཁོང་དུ་ཆུད་ནས་ཁྱད་པར་ཕྱེད་པ་དགོས་སོ། །གཉིས་པ་ནི། སྔར་བཤད་པ་ལྟར་སྒྱུ་ལུས་ལེགས་པར་གྲུབ་པ་དེས་ནི་དོན་གྱི་འོད་གསལ་རྒྱུད་ལ་བསྐྱེད་པའི་ཕྱིར་དུ་འབད་དགོས་ལ། དེ་ལ་ནི་དོན་གྱི་འོད་གསལ་མངོན་དུ་འགྱུར་བའི་དུས་སུ་ཕྱི་ནང་གི་བྱང་ཆུབ་པ་གཉིས་འབྱུང་ཚུལ་དང༌། དེའི་སྔོན་དུ་རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པའི་བསམ་གཏན་གཉིས་སྒོམ་ཚུལ་བསྟན་དགོས་པའི་སྔ་མ་ནི་བཤད་ཟིན་པས། འདིར་ནི་བསམ་གཏན་གཉིས་བཤད་པར་བྱའོ། །དེ་ཡང་རིམ་པ་བཞི་པ་ལས། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང༌། །དེ་བཞིན་རྗེས་སུ་གཞིག་པའོ། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་ཁར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །


JLD007_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་འགྱུར་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། ཅེས་གསུངས་སོ། །སྤྱོད་བསྡུས་ལས་ཀྱང༌། དེ་ལྟར་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས། རིམ་པ་འདིས་བསམ་གཏན་རྣམ་པ་གཉིས་ལ་དམིགས་པར་བྱེད་དོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཆུ་བོའམ་སྟེང་ཀའི་ཆུ་ནི་དྲི་མེད་དག་ལ་གོང་བུ་གནས་པ་ལྟར། །དེ་བཞིན་དེ་ལ་རིམ་གྱིས་རྗེས་སུ་འཇིག་པར་བྱེད་པར་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན་དུའང་བལྟ་བྱ་སྟེ། །རིལ་པོར་འཛིན་ལའང་བྱ་བའི་རིམ་པ་འདིར་ནི་དེ་བཞིན་ཡང་དག་བརྟག །ཅེས་གསུངས་སོ། །དེ་ལ་སྟོང་པ་བཞི་པ་མངོན་སུམ་དུ་བྱས་པ་དང་བསམ་གཏན་གཉིས་ལ་དམིགས་པར་བྱེད་ཅེས་པ་ནི། བཤད་ཟིན་པའི་མཐར་བྱང་ཆུབ་པ་གཉིས་དང༌། བསམ་གཏན་གཉིས་རྟོགས་པ་ལ་གསུངས་ཤིང༌། མན་ངག་ཐོབ་བའི་སློབ་མ་ཞེས་པ་གཉིས་ཀྱིས་ཀྱང་མན་ངག་ཐོབ་ཅིང་བསླབ་པ་ལ་གསུངས་པ་ལྟར་རོ། །དེ་ལ་རིལ་འཛིན་ནི། རང་གི་མགོ་ནས་མར་སྡུད་པ་དང༌། རྐང་པ་ནས་ཡར་སྡུད་པའི་མཐའ་གཉིས་ཀ་སྙིང་ཁ་ཡིན་པ་ནི་སྙིང་ཁར་ཕྱིན་གྱི་བར་ཞེས་པའོ། །ནག་པོ་པས། མགོ་བོ་ནས་རྐང་པའི་བར་རྣམས་སྙིང་ཁའི་ས་བོན་དང༌།


JLD007_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐིག་ལེ་དང༌། དེ་སྟོང་པར་སྡུད་པ་ལ་བཤད་དོ། །དེ་ལྟར་སྙིང་ཁར་བསྡུས་ནས་རྣལ་འབྱོར་པ་ཡང་དག་པའི་མཐའ་འོད་གསལ་དུ་འཇུག་གོ །དེའི་དཔེ་ནི། དབུགས་ཀྱི་ཞེས་པ་བཞིས་སྟོན་ཏེ། མེ་ལོང་ལ་ཧས་བཏབ་པའི་ཁ་རླངས་དེ་མཐའ་ཀུན་ནས་དེའི་དབུས་སུ་འདུ་བ་ལྟར། རང་གི་ལུས་ཀྱི་སྟེང་འོག་དང་རྒྱབ་མདུན་དང་གཡས་གཡོན་ཀུན་ནས་སྙིང་ཁའི་དབུས་སུ་སྡུད་པའོ། །རྗེས་གཞིག་ནི། དང་པོར་སྣོད་བཅུད་འོད་གསལ་དུ་བསྡུས་པ་དེའི་རྗེས་སུ་རང་ཉིད་འོད་གསལ་དུ་སྡུད་པའོ། །བདག་ཉིད་དེ་བཞིན་ཞེས་པ་ནི། ནག་པོ་པས། རིལ་འཛིན་བཞིན་དུ་བྱེད་པར་བཤད་པ་ལེགས་སོ། །ཡང་དང་ཡང་དུ་ཞེས་པ་ནི་དེ་གཉིས་ལན་དུ་མར་དགོས་པའི་དོན་ནོ། །རྗེས་གཞིག་གི་དཔེ་ནི། ལྟེང་ཀའི་ཆུ་ལ་ཁ་བའི་གོང་བུ་གནས་པ་དེ་རིམ་གྱིས་ཞུ་བའོ། །འདི་ལ་ཆག་འགྱུར་ལས། ཐིགས་པ་ཞེས་འབྱུང་ཡང་འགྱུར་རྙིང་བདེའོ། །རང་གི་ཕུང་པོ་རིམ་གྱིས་འཇིག་པ་གཉིས་ཀ་ལ་ཡོད་ཀྱང༌། སྔོན་དུ་སྣོད་བཅུད་གཞན་བསྡུས་པ་ཡོད་མེད་ཀྱི་ཁྱད་པར་ཙམ་མོ། །རྗེས་གཞིག་གི་སྒྲ་དོན་ནི་བཤད་པ་ལྟར་ཡིན་ལ། རིལ་པོ་ནི་རང་གི་ལུས་དང༌། དེ་སྟོང་པ་ཉིད་ཀྱིས་འཛིན་པ་ནི་རིལ་འཛིན་གྱི་དོན་དུ་ཨ་བྷྱས་བཤད་དེ། ལུས་འོད་གསལ་དུ་བཅུག་སྟེ་འཛིན་པའོ། །བསམ་གཏན་གཉིས་ཀྱིས་སྡུད་པའི་གནས་མཐར་ཐུག་པ་སྙིང་ཁར་བྱས་ནས་དོན་གྱི་འོད་གསལ་མངོན་དུ་བྱེད་པ་འདི་ནི་འཕགས་པ་ཡབ་སྲས་ཀྱི་


JLD007_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་རྨད་དུ་བྱུང་བ་ཡིན་ཏེ། འདིའི་རྒྱུ་མཚན་སྔར་མང་དུ་བཤད་ཟིན་པ་ལྟར་ཤེས་དགོས་སོ། །སྡུད་རིམ་གྱི་དམིགས་པ་འདི་ལ་དངོས་སུ་རླུང་སྡུད་པ་གསལ་བར་མ་བཤད་ཀྱང༌། དམིགས་པ་དེ་བྱས་ན་དོན་ལ་རླུང་གི་སྡུད་རིམ་བླ་ན་མེད་པར་འགྲོ་བ་ཡང་ཤེས་པར་གྱིས་ཤིག །འདི་ཡང་ལྷ་མོ་བཞིས་ཞུས་ལས། རྟག་ཏུ་སྙིང་གི་དབུས་གནས་པ། །འད་ཟེར་ཆེན་པོ་འབར་བ་ཅན། །ཇི་སྙེད་དགུ་ཡི་བར་དུ་ནི། །དཔྲལ་བ་ལ་གནས་རྐང་མཐིལ་བར། །ཐིག་ལེ་དེ་ཁོ་ནར་བསྡུས་ཏེ། །ལྟེ་བའི་དབུས་སུ་རྣམ་པར་གནས། ཞེས་དཔྲལ་བ་སྟེ་མགོ་ནས་རྐང་མཐིལ་གྱི་བར་རྣམས་སྙིང་ཁའི་ཐིག་ལེ་དེ་ཉིད་དུ་བསྡུས་ནས། སྙིང་ཁའི་པདྨའི་ལྟེ་བར་གནས་པར་བྱ་བར་གསུངས་པའི་དོན་ཡིན་ནོ། །དེས་ན་ངག་དབེན་གྱི་སྐབས་སུ་སྲོག་རྩོལ་སྒོམ་པ་གསུམ་ག་སྙིང་ཁར་རླུང་དང་བྱང་སེམས་བསྡུས་ནས་སྟོང་པ་བཞི་འདྲེན་པའི་ཐབས་ཡིན་པ་ཤེས་དགོས་ཤིང༌། དེ་ལ་གོམས་པའི་མཐུས་སྐབས་འདིར་དམིགས་པའི་སྡུད་རིམ་གྱིས་ཀྱང་རླུང་དང་བྱང་སེམས་སྙིང་ཁར་བསྡུས་ནས་འོད་གསལ་དུ་འཇུག་པར་བྱེད་པས། སྒྱུ་ལུས་པས་འོད་གསལ་དུ་འཇུག་པའི་ཐབས་སྒོམ་པ་ལ་གསམ་གཏན་གཉིས་གསུངས་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །དེར་མ་ཟད། ཕྱིའི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་དགོས་པར་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས་ཏེ། དེའི་བྱེད་ལས་ཀྱང་དེ་དང་འདྲའོ། །བསམ་གཏན་གཉིས་ཀྱིས་སྒྱུ་ལུས་འོད་གསལ་དུ་འཇུག་པར་


JLD007_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡང༌། རླུང་སེམས་སྙིང་ཁར་བསྡུས་ཏེ་སྟོང་པ་བཞི་ཡང་དང་ཡང་དུ་བསྐྱེད་དེ་གོམས་པར་བྱས་པ་ལས། དོན་གྱི་འོད་གསལ་མངོན་དུ་གྱུར་པའི་ཚེ་སྒྱུ་ལུས་ཀྱང་དག་ནས་འགྲོ་བའི་དོན་ནོ། །སྒྱུ་ལུས་པས་བསམ་གཏན་གཉིས་སྒོམ་པ་ལ། མར་ལུགས་པ་རྣམས་ཀྱིས། རྡོ་རྗེ་གསུམ་གྱི་སེམས་དཔའ་སུམ་རྩེག་བསྒོམ་པ་མ་བཤད་ཀྱང༌། འགོས་ལུགས་ཀྱི་མན་ངག་ལ། དེ་གསུམ་སྒོམ་པ་ལེའུ་བཅུ་གཅིག་པ་རྩ་འགྲེལ་གྱི་དོན་དུ་བཞེད་པ་ནི། རྒྱུད་འགྲེལ་ན་བཞུགས་པ་མན་ངག་ཏུ་ཐོན་པ་ཡིན་པས་ཤིན་ཏུ་ལེགས་སོ། །དེ་ཡང་རྩ་རྒྱུད་ལས། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །བདག་གི་ལུས་ལ་སྣང་མཛད་བཞག །སྙིང་ཁར་ཡི་གེ་ༀ་བསམས་ལ། །སྔགས་ལ་རྣམ་པར་ཤེས་པ་བསྒོམ། །འགོག་པའི་རྡོ་རྗེ་སེམས་ཉིད་དུ། །གང་ཚེ་དེ་ལ་སྐྱེ་འགྱུར་ན། །སངས་རྒྱས་ཀུན་གྱི་མཆོག་འཛིན་པ། །ཡིད་བཞིན་དཔལ་ལྡན་ལྟ་བུར་འགྱུར། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་མི་བསྐྱོད་རབ་ཏུ་བསྒོམ། །སྙིང་ཁར་ཡི་གེ་ཧཱུཾ་བསྒོམས་ནས། །སེམས་ནི་ཐིག་ལེར་གྱུར་པར་བཞག །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །སྙིང་ཁར་ཡི་གེ་ཨཱཿབསམས་ཏེ། །རྡོ་རྗེ་ཐིག་ལེར་གྱུར་པར་བཞག །འདི་དེ་དམ་ཚིག་མཆོག་གི་མཆོག །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ། །འགོག་པའི་དམ་ཚིག་ཡེ་ཤེས་ཏེ། །སངས་རྒྱས་དངོས་གྲུབ་ཐོབ་འགྱུར་བའོ། ཞེས་གསུངས་


JLD007_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་སངས་རྒྱས་ནི། བུད་དྷ་ཁོང་དུ་ཆུད་པ་ལའོ། ཞེས་འབྱུང་བ་ལྟར་རྟོགས་པར་བྱ་བ་ཤེས་བྱའི་དཀྱིལ་འཁོར་ཏེ་ཁམས་གསུམ་པའི་ལུས་ངག་ཡིད་དོ། །དེའི་དབུས་ནི་དེ་རྣམས་ཀྱི་ངོ་བོ་ཉིད་དོ། །དེར་གནས་པ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་ངོ་བོར་མོས་པའོ། །སྣང་མཛད་བཞག་པ་དང་མི་བསྐྱོད་པ་དང་ཚེ་དཔག་མེད་སྒོམ་པ་ནི། ལུས་གཉིས་དབྱེར་མེད་དུ་བྱས་པ་རྣམ་སྣང་དང༌། སེམས་གཉིས་དབྱེར་མེད་དུ་བྱས་པ་མི་བསྐྱོད་པ་དང༌། ངག་གཉིས་དབྱེར་མེད་དུ་བྱས་པ་འོད་དཔག་མེད་དུ་སྒོམ་པའོ། །དེ་ལྟར་དམ་ཚིག་སེམས་དཔའ་གསུམ་བསྒོམས་པའི་ཐུགས་ཀར་ༀ་དང་ཨཱཿདང་ཧཱུཾ་གསུམ་སྒོམ་པ་ནི་ཡེ་ཤེས་སེམས་དཔའོ། །སྔགས་ཏེ་ༀ་ལ། རྣམ་པར་ཤེས་པ་སྟེ་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེ་དང༌། ཧཱུཾ་ལ་ཏིང་ངེ་འཛིན་སེམས་དཔའ་རང་གི་སེམས་ཐིག་ལེར་གྱུར་པ་དང༌། ཨཱཿལ་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྟེ་རང་གི་སེམས་ཐིག་ལེར་གྱུར་པ་བཞག་གོ །དེ་ལྟར་སྒོམ་པའི་རྣལ་འབྱོར་པས་རང་གི་སེམས་འགོག་པའི་རྡོ་རྗེ་འོད་གསལ་གྱི་དབུས་སུ་ཆུད་པས། ཐིག་ལེར་སྒོམ་པ་ཡང་སྤངས་ནས་གང་གི་ཚེ་འོད་གསལ་གྱི་མཐར་ཐུག་པར་སྐྱེ་བར་འགྱུར་བ་དེའི་ཚེ། སངས་རྒྱས་ཀུན་གྱི་མཆོག་འཛིན་པ་སྟེ་སྒྲུབ་པར་འགྱུར་ཞིང༌། བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་དང༌། ཚོགས་གཉིས་ཀྱི་དཔལ་དང་ལྡན་པ་ལྟ་བུར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་རྡོ་རྗེ་


JLD007_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང༌། རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་སྒོམ་པ་འདི་ནི། དམ་ཚིག་མཆོག་བསྐྱེད་རིམ་ལས་མཆོག་ཏུ་གྱུར་པས། འགོག་པའི་དམ་ཚིག་འོད་གསལ་འཛིན་པའི་མན་ངག་གང་གིས་ཤེས་པའི་ཡེ་ཤེས་སྐྱེད་པའ། །དེས་ནི་སངས་རྒྱས་ཏེ་ཕུང་པོ་རྣམས་ཀྱི་དངོས་གྲུབ་ནི། ཐ་མལ་པའི་ལུས་དང་བྲལ་ནས། ཟབ་ཅིང་རྒྱ་ཆེ་བའི་ཡེ་ཤེས་ཀྱི་ལུས་ཐོབ་པར་འགྱུར་བའོ་ཞེས་སྒྲོན་གསལ་ལས་བཤད་དོ། །འདི་ནི་སྒྱུ་ལུས་ཐོབ་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་དུ་གཞུག་པའི་དོན་དུ། དང་པོར་སྐུ་རྡོ་རྗེ་དང༌། དེ་ནས་གསུང་རྡོ་རྗེ་དང༌། དེ་ནས་ཐུགས་རྡོ་རྗེའི་སེམས་དཔའ་སུམ་རྩེག་ཏུ་བསྒོམས་ནས། སེམས་དཔའ་སྔ་མ་གཉིས་སུ་མ་ཟད། ཏིང་ངེ་འཛིན་སེམས་དཔའ་ཐིག་ལེར་སྒོམ་པ་ཡང་དག་པར་བྱས་ནས་འོད་གསལ་དུ་འཇུག་པར་བྱེད་པའོ། །ཏིང་ངེ་འཛིན་སེམས་དཔའ་ཐིག་ལེ་གསུམ་ནི་ཨ་ཐུང་དང༌། འཇོག་སའི་གནས་ནི་གྲུ་གསུམ་གྱི་ཐིག་ལེ་རྣམས་ཀྱི་ནང་ཡིན་པར་འགོས་ལུགས་པ་རྣམས་བཞེད་དོ། །དེའི་འོག་ཏུ་རྒྱུད་ལས། རྡོ་རྗེ་ནམ་མཁའི་དབྱིངས་གནས་པར། ཞེས་སོགས་ཀྱིས་རྡོ་རྗེ་གསུམ་སྒོམ་པར་བཤད་པ་རྗེས་གཞིག་དང༌། སྔ་མ་རིལ་འཛིན་ལ་ཁ་ཅིག་སྦྱོར་མོད་ཀྱང༌། སྔ་མའི་དོན་དེ་ཉིད་རྣམ་པ་གཞན་གྱིས་ཕྱི་མས་གསལ་བར་བྱེད་པར་གསུངས་པས། སྔ་མ་ཉིད་ལ་རིལ་འཛིན་དང་རྗེས་གཞིག་གཉིས་སུ་དབྱེའོ། །དེའི་སྒོམ་ཚུལ་ནི། ཐུགས་ཀའི་ས་བོན་


JLD007_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་ལས་འོད་ཟེར་སྤྲོས་པས། དམ་ཚིག་སེམས་དཔའི་མགོ་བོ་ནས་ཡས་རིམ་དང༌། རྐང་མཐིལ་ནས་མས་རིམ་གྱིས་སྙིང་ཁའི་ཡེ་ཤེས་སེམས་དཔའ་ལ་བསྡུ། ཡེ་ཤེས་སེམས་དཔའ་རྣམས་ཀྱང་རིམ་གྱིས་ཏིང་ངེ་འཛིན་སེམས་དཔའ་མི་ཤིགས་པའི་ཐིག་ལེ་ཨ་ཐུང་ལ་བསྡུ་ཞིང༌། དེ་ཡང་འད་གསལ་དུ་བསྡུས་པ་ལ་སེམས་གཡོ་མེད་དུ་འཛིན་པ་ནི་བསམ་གཏན་གཉིས་ཀ་ལ་འདྲའོ། །རྗེས་གཞིག་གིས་སྔོན་དུ་རང་མ་གཏོགས་པའི་སྣོད་བཅུད་གཞན་འོད་གསལ་དུ་སྡུད་ཚུལ་ནི། སྒྲོན་གསལ་ལས། རྒྱུ་བ་དང་མི་རྒྱུ་བ་རྣམས་ལ་ཡི་གེ་ཁཾ་ནམ་མཁར་བྱེད་པས་རྗེས་སུ་གཞིག་པའི་རིམ་གྱིས་དངོས་པོ་མེད་པར་བྱས་ལ། བདག་ཉིད་ཀྱང་རིམ་གྱིས་ཞུགས་པ་དེ་བྱས་ན། རྡོ་རྗེ་ཡེ་ཤེས་ནམ་མཁའ་དང་མཉམ་པར་འགྱུར་ཞིང༌། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གཅིག་ཏུ་འགྱུར་རོ། །ཁཾ་ཞེས་པ་ནི་འད་གསལ་བའ། ཞེས་གསུངས་པ་ལྟར་རོ། །པ་ཚབ་དང་ཆག་གིས་བསྒྱུར་བ་ལས། རྗེས་གཞིག་གིས་ཐམས་ཅད་སྣང་མེད་དུ་བྱེད་པ་དང༌། དེ་རང་ལ་རིམ་གྱིས་གཞུག་པར་བཤད་པས། རང་གི་སྙིང་ཁའི་ས་བོན་ལས་སྤྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་བཞུས་པའི་འོད་ཕུང་རིམ་གྱིས་རང་ལ་བཅུག་སྟེ་སྣང་མེད་དུ་བྱའོ། །སྤྱིར་ༀ་ཡིག་སྤྱི་བོ་དང༌། ཨཱཿ ཡིག་མགྲིན་པར་སྒོམ་པ་ཡིན་ཀྱང༌། འདིར་ནི་ཡི་གེ་གསུམ་ག་སྙིང་ཁར་སྒོམ་པར་གསུངས་པའི་རྒྱུ་མཚན་ནི་སྔར་


JLD007_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟར་ཡིན་པས། ལག་སྨི་སོགས་ཀྱིས། ལྟེ་བར་བཀོད་པའི་འཁོར་ལོའི་ལྟེ་བའི་ཡི་གེ་ལས་ལྟེ་བར་སྤྲོ་བསྡུ་བྱེད་པ་ནི་དོན་མིན་ནོ། །འདིའི་ཕན་ཡོན་ལ་ཐ་མལ་པའི་ལུས་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་གསུངས་པ་ནི། ཐ་མལ་པའི་ལུས་དང་སོ་སོར་བྱེ་བའི་སྒྱུ་ལུས་ཀྱི་ཡེ་ཤེས་ཀྱི་སྐུ་ཞིག་ཐོབ་ཀྱང༌། ཐ་མལ་པའི་ལུས་དང་བྲལ་བའི་ཟུང་འཇུག་གི་རྡོ་རྗེའི་སྐུ་སྔར་མ་ཐོབ་པ་ཐོབ་པས་འགལ་བ་མེད་དོ། །རིམ་ལྔ་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །ཡང་དག་མཐས་ནི་རྣམ་པར་སྦྱང༌། ཞེས་དང༌། སྤྱོད་བསྡུས་ལས་ཀྱང༌། ཀུན་རྫོབ་ཀྱི་བདེན་པ་ཡང་དོན་དམ་པའི་བདེན་པས་རྣམ་པར་སྦྱངས་ནས། ཞེས་གསུངས་ཤིང༌། སྒྲོན་གསལ་ལས་ཀྱང༌སྒྱུ་མའི་སྐུ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་པར་བཤད་པ་དང༌། འདིར་རྡོ་རྗེ་གསུམ་གྱི་སྐུར་བསྒོམས་པ་དེ་འོད་གསལ་དུ་འཇུག་པ་འགལ་ཏེ། སྒྱུ་ལུས་ནི་རྡོ་རྗེ་འཆང་གི་སྐུ་ཡིན་པའི་ཕྱིར་སྙམ་དུ་མི་བསམས་ཏེ། སྒྱུ་ལུས་གྲུབ་པའི་སྐུ་དེ་ལོངས་སྐུ་རྡོ་རྗེ་འཆང་གི་སྐུར་གནས་པ་ཡིན་ཀྱང༌། དེས་རྡོ་རྗེ་གསུམ་གྱི་སྤྲུལ་སྐུར་བསྒོམས་ནས་འོད་གསལ་དུ་ཡང་ཡང་བསྡུས་པ་གོམས་པ་ལས། དོན་གྱི་འོད་གསལ་མངོན་དུ་གྱུར་པའི་ཚེ་སྒྱུ་མའི་སྐུ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འགྱུར་བའི་ཕྱིར་རོ། །དེ་ཡང་དོན་གྱི་འོད་གསལ་གྱིས་སྦྱངས་པའི་རླུང་གིས་བསྒྲུབས་པའི་སྐུ་ནི། དོན་གྱི་འོད་གསལ་མངོན་དུ་གྱུར་པའི་


JLD007_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡང་མི་ལྡོག་ལ། དཔེའི་འོད་གསལ་གྱིས་སྦྱངས་པའི་རླུང་གིས་བསྒྲུབས་པ་ནི་དེ་དང་མི་འདྲ་བའི་ཁྱད་པར་རོ། །འདིར་བསམ་གཏན་གཉིས་དང༌། ཕྱག་རྒྱ་ལ་བརྟེན་ནས་ཡང་དང་ཡང་དུ་སྟོང་པ་བཞི་པའི་ཚེ་བདེ་བ་དང༌། ཡིན་ལུགས་ཕུ་ཐག་ཆོད་པའི་སྟོང་པ་གཉིས་ཡུལ་ཡུལ་ཅན་དུ་སྦྱར་ནས་སྒོམ་པ་མ་བྱས་པར། རླུང་སེམས་བསྡུས་པའི་རིམ་པ་ཙམ་ལས་འོངས་པའི་སྟོང་པ་བཞི་ཇི་ཙམ་གོམས་པར་བྱས་ཀྱང་དོན་གྱི་འོད་གསལ་མངོན་དུ་འགྱུར་མི་སྲིད་པས། མཁས་པའི་བདེ་སྟོང་སྦྱོར་ཚུལ་དགོས་ལ། དེ་ལ་ཡང་གཉིས་སྣང་རགས་པ་དག་པའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུ་དུ་མ་ཞིག་ཤར་ཡང༌། གཉིས་སྣང་ཤིན་ཏུ་ཕྲ་བ་རྣམས་མི་ལྡོག་ཅིང༌། ཡུལ་ཅན་གྱི་བདེ་བ་དང་ཡུལ་དེ་ཁོ་ན་ཉིད་ཀྱི་དོན་གཉིས་རོ་གཅིག་ཏུ་སོང་བའི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མ་བྱུང་བར་དུ་སྒྱུ་མའི་སྐུ་འོད་གསལ་དུ་དག་པ་མིན་པ་རྣམས་ལེགས་པར་ཕྱེད་དགོས་སོ། །དེ་རྣམས་ལེགས་པར་མ་ཕྱེད་ན་སེམས་དབེན་དུ་ཡང་མ་སླེབ་པའི་དམའ་མོ་ནས་སྟོང་པ་གསུམ་ཤར་བ་རྣམས་སེམས་དབེན་དངོས་དང༌། དེའི་མཐར་ཡིད་ངོར་ལྷ་སྐུར་ལངས་པའི་དྭངས་ཤིང་ཤིན་ཏུ་གསལ་བ་འཇའ་ཚོན་ལྟར་སྣང་བའི་སྐུར་བྱུང་བ་སྒྱུ་ལུས་དངོས་དང༌། དེ་ནས་དེ་བསམ་གཏན་གཉིས་བསྒོམས་པས་དག་ནས་སོང་བའི་ནམ་མཁའ་གཡའ་དག་ལྟ་བུ་འདིའ་སྙམ་དུ་ཞེན་པ་མངོན་གྱུར་པའི་དམིགས་གཏད་ཞིག་པ་བརྟན་པོ་བྱུང་བ་འོད་གསལ་དངོས་དང༌། དེའི་མཐར་ལྷའི་སྐུར་


JLD007_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པ་ཟུང་འཇུག་དངོས་སུ་འཛིན་པ་འོང་བ་ཡིན་ནོ། །དེ་རྣམས་ཀྱང་སེམས་དབེན་ལ་སོགས་པའི་རིམ་པ་བཞི་རྗེས་མཐུན་པར་བསྡུས་ནས། དངོས་བཏགས་སོ་སོར་མ་ཕྱེ་བར་དེ་དག་གི་ཐ་སྙད་ཙམ་བྱེད་ན་རུང་མོད་ཀྱང༌། རིམ་ལྔའི་རིམ་པ་བཞི་དངོས་ཡིན་པར་འཛིན་ན། མན་ངག་གི་མཐར་ཐུག་རིམ་ལྔ་དང་སྤྱོད་བསྡུས་ཀྱི་ལྡེ་མིག་གིས། རྩ་བཤད་ཀྱི་རྒྱུད་ཀྱི་གནད་ཡེ་མ་ཁྲོལ་བ་ཡིན་ནོ། །དེས་ན་རྩ་བ་དང་བཤད་པའི་རྒྱུད་དང༌། ཡབ་སྲས་ཀྱི་གཞུང་རྣམས་ལས་ནི། ཤས་ཆེར་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་དབང་དུ་མཛད་ནས། དེས་ལམ་སྔ་མ་མཐར་འབྱིན་ཚུལ་དང༌། དེ་ལ་ལོབས་ནས་ཕྱི་མ་ལ་འཇུག་ཚུལ་སྟོན་པས། དེའི་རྒྱུད་ལ་ཇི་ལྟར་སྐྱེ་བའི་ཚུལ་ལེགས་པར་ཤེས་དགོས་སོ། །དེ་ནས་དེ་འདྲ་བའི་ནུས་པ་མེད་པའི་གང་ཟག་གཞན་བཞི་དང༌། ཁྱད་པར་དུ་ད་ལྟར་གྱི་གང་ཟག་རྣམས་ཀྱིས་བསྒོམས་པ་ལ་སྔ་མའི་ལམ་དང་རྗེས་མཐུན་པ་ཇི་ལྟར་སྐྱེ་བའི་ཚུལ་རྣམས་ལེགས་པར་དབྱེ་དགོས་ཀྱི། རིམ་ལྔ་རྗེས་མཐུན་པའི་རྟོགས་པ་གང་སྐྱེས་ཐམས་ཅད་རིམ་ལྔའི་ལམ་མཚན་ཉིད་པ་དང་གཅིག་ཏུ་མི་གཟུང་ངོ༌། །དེ་ལྟར་བསམ་གཏན་གཉིས་ཀྱིས་གོམས་པར་བྱས་པ་ལས། དོན་གྱི་འོད་གསལ་མངོན་དུ་འགྱུར་བ་དང་ཆེས་ཉེ་བར་སོང་བའི་མཚན་མ་ལེགས་པར་རྙེད་པ་ན། མཚན་ཕྱེད་ཀྱི་དབང་དང་ཐོ་རངས་མན་ངག་བསྟན་པས་དོན་གྱི་འོད་གསལ་


JLD007_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་འགྱུར་རོ། །གསུམ་པ་ནི། ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་དེའི་མཚན་གྱི་རྣམ་གྲངས་ནི་འོད་གསལ་བ་དང༌། ཐམས་ཅད་སྟོང་པ་སོགས་མང་པོ་ཞིག་དང༌། ལེའུ་གཉིས་པར་དེ་བཞིན་གཤེགས་པ་དྲུག་གིས་བྱང་ཆུབ་ཀྱི་སེམས་གསུངས་པ་དང༌། བླ་མེད་ཀྱི་རྒྱུད་གཞན་ལས། ཡན་ལག་ཀུན་བསྒོམས་རྣམ་འདས་ཤིང༌། །རྟོག་པའི་རྣམ་རྟོག་སྤངས་ནས་ཀྱང༌། །གུག་ཀྱེད་ཐིག་ལེ་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། ཞེས་སོགས་ཏེ། མདོར་ན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྒྲའི་དོན་དཀའ་བ་དང༌། མཚན་ངེས་པ་མེད་པའི་ཚིག་འདི་དག་ནི། དོན་དམ་པའི་བདེན་པ་ལ་བརྟེན་པར་གྲགས་སོ། ཞེས་སྤྱོད་བསྡུས་ལས་གསུངས་པ་རྣམས་ཡིན་ཏེ། དེ་ལྟར་བསྟན་པ་ནི་མིང་སོ་སོ་ལ་དོན་ཐ་དད་པར་མངོན་པར་ཞེན་པའི་མངོན་ཞེན་བསལ་བའི་ཕྱིར་རོ། །རིམ་པ་གཉིས་པ་ལས་ཀྱང༌། སྣ་ཚོགས་མདོ་དང་རྒྱུད་རྣམས་སུ། །དེ་ཉིད་གང་ཞིག་ཉེར་བསྟན་པ། །ཐམས་ཅད་སྟོང་གནས་འདི་ཉིད་ལས། །དེར་ནི་གཞན་དག་མ་གསུངས་སོ། ཞེས་མདོ་རྒྱུད་རྣམས་སུ་དེ་ཁོ་ན་ཉིད་ཀྱི་དོན་གང་བསྟན་ཐམས་ཅད་ཀྱིས། ཐམས་ཅད་སྟོང་པ་འོད་གསལ་ལས་གཞན་མ་གསུངས་པར་བཤད་དོ། །དེ་ལྟར་གསུངས་པའི་དོན་ནི། བདེ་བ་ཆེན་པོའི་ཡེ་ཤེས་མ་བསྟན་ཀྱང༌། དེ་ཁོ་ན་ཉིད་གྱི་དོན་བསྟན་པ་ཤིན་ཏུ་མང་བས། ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་རྟོགས་པའི་


JLD007_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དེ་ཐམས་ཅད་དུ་བསྟན་པ་མིན་ནོ། །འོན་ཀྱང་ཡེ་ཤེས་དེའི་ཡུལ་གྱི་དོན་དམ་འད་གསལ་དང༌། བདེ་བ་ཆེན་པོ་ལས་གཞན་པའི་ཡུལ་ཅན་གྱི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་འད་གསལ་བསྟན་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་མདོ་སྡེ་ཀུན་དང༌། རྒྱུད་སྡེ་འག་མ་རྣམས་ཀྱིས་ཀྱང་བསྟན་པ་ལ་དགོངས་སོ། །དེ་འདྲ་བའི་འོད་གསལ་ནི་སྤྱི་དོན་གྱི་འོད་གསལ་ཡིན་ལ། བདེ་བ་ཆེན་པོས་དེ་ཁོ་ན་ཉིད་རྟོགས་པ་ནི་སྦས་དོན་དང་། མཐར་ཐུག་གི་འོད་གསལ་ཅི་རིགས་སུ་འདུ་བས། དེ་ཁོ་ན་ཉིད་ཀྱི་དོན་དང་རོ་གཅིག་ཏུ་ཞུགས་པའི་ཡེ་ཤེས་ལ། རྫོགས་རིམ་གྱི་ཡེ་ཤེས་ཡིན་མིན་གཉིས་ཡོད་དོ། །དེ་ལྟར་བྱང་ཆུབ་པ་རྣམ་པ་གཉིས་དང༌། དེའི་ཐབས་བསམ་གཏན་གཉིས་ཀྱི་གདམས་ངག་དང༌། འོད་གསལ་གྱི་མིང་གི་རྣམ་གྲངས་ལ་ཐེ་ཚོམ་ཆོད་པས། དེ་ལྟར་སྟོན་པའི་བླ་མ་དང་ཆོས་ལ་དམིགས་པའི་ཆེད་བརྗོད་སློབ་མས་བྱེད་ཚུལ་ནི། བཞིན་རབ་ཏུ་དྭངས་ཤིང་ཐལ་མོ་སྦྱར་ནས། ཨེ་མ་ཧོ་སངས་རྒྱས་ཨེ་མ་ཧོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ཞེས་ལེའུ་གཉིས་པ་ལས་གསུངས་པ་ལྟར་བརྗོད་པའོ། །ཨེ་མ་ཧོ་གཉིས་ནི་རིམ་པ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་སྒོ་ནས་བསྟོད་པའོ། །རྐང་པ་གཉིས་པའི་དོན་ནི་བདེན་གཉིས་ཟུང་འཇུག་བསྟན་པའི་སྒོ་ནས་བསྟོད་པའོ། །


JLD007_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་དོན་ནི་འོད་གསལ་དང༌། །དེས་དག་པའི་དོན་ནི་ཡོངས་སུ་དག་པའི་ལྷའི་སྐུ་སྟེ། དེ་འདྲ་བའི་ཡོན་ཏན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ནོ། །འདི་འདྲ་བ་ནི་རིམ་པ་གཞན་གྱི་ཆོས་བཤད་པའི་མཐར་ཡང་བྱེད་པའི་མཚོན་བྱེད་དོ། །གསུམ་པ་ནི། འོད་གསལ་གྱི་གདམས་ངག་བསྟན་པའི་མཇུག་ཏུ་སྤྱོད་བསྡུས་ལས། རིམ་པ་འདི་ཉིད་ཀྱིས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། སེ་གོལ་གྱི་སྒྲས་བསྐུལ་བར་གྱུར་པས། མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་ནས། ནམ་ཕྱེད་ཀྱི་དུས་སུ་འོད་གསལ་བ་མངོན་དུ་མཛད་དེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེངས་ནས། འགྲོ་བ་རྣམས་ལ་སྟོན་པར་མཛད་པ་ཡིན་ནོ། །དེ་ནས་བརྩམས་ཏེ་དམ་པའི་ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བླ་མའི་ཁ་ནས་བླ་མའི་ཁར་བརྒྱུད་པ་ཡིན་ནོ། ཞེས་གསུངས་སོ། །ཆག་འགྱུར་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཞེངས་ནས། གདུལ་བྱའི་སྐྱེ་བོ་རྣམས་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཡིན་ནོ། ཞེས་འབྱུང་ངོ༌། །རིམ་པ་འདི་ཉིད་ཅེས་པ་ནི། སྤྱོད་བསྡུས་སུ་སྔར་མཚན་ཕྱེད་ན་དབང་བསྐུར་ནས། ཐོ་རངས་གདམས་ངག་བསྟན་པ་ལ་བྱ་སྟེ། དེའི་གོང་དེ་མ་ཐག་ཏུ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ། ཞེས་གསུངས་པ་ལ་སྙོག་ནའང་དོན་ནི་འདྲའོ། །རིམ་པ་གཉིས་པ་ལས་ཀྱང༌། དེ་བས་འོད་གསལ་དག་པ་ལས། །ཡེ་ཤེས་གསུམ་


JLD007_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འབྱུང་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང༌། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། ཞེས་སྔགས་བླ་མེད་པ་རང་གི་ལམ་གྱིས་འཚང་རྒྱ་ཚུལ་བསྟན་པའི་འོག་ཏུ། དེ་སྐད་དུ་རྒྱ་ཆེར་རོལ་པའི་མདོ་ལས། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོས་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནེ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོ་ཏིང་འཛིན་ལ་བཞུགས་ལ། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང༌། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེ་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང༌། །དེ་ནས་ཏིང་འཛིན་མི་གཡོ་བཏང༌། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། ཞེས་དང༌། ཐམས་ཅད་སྟོང་པ་རྨད་པོ་ཆེ། །དྭངས་ཤིང་གསལ་བའི་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར། ཞེས་དང༌། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེངས་འཆར་བའི་དུས་སུ་ནི། །ཆུ་ཟླ་


JLD007_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་སྨིག་རྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། །དེ་ནི་བདུད་རྣམས་འཇོམས་པར་མཛད། །ཤཱཀྱའི་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །འགྲོ་བ་བསྐྱབ་ཅིང་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་སྟོན་པར་མཛད། ཅེས་ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་པའི་ལམ་གྱི་མཐར་བླ་མེད་ཀྱི་ལམ་གྱིས་འཚང་རྒྱ་ཚུལ་གསུངས་སོ། །ཆག་འགྱུར་ལས། འོད་གསལ་དག་པ་དེ་ལས་ནི། ཞེས་དང༌། དེ་བཞིན་དུ་ཡང་ཐེག་པ་ཆེན་པོའི་མདོ། ཞེས་འབྱུང་བའི་ཕྱི་མ་ཁྱད་པར་དུ་ལེགས་ཏེ། རང་གི་ལམ་གྱིས་འོད་གསལ་དང་ཟུང་འཇུག་གི་སྒོ་ནས་འཚང་རྒྱ་བ་དེ་བཞིན་དུ། ལམ་གཞན་གྱི་མཐར་ཡང་ཐབས་དེས་འཚང་རྒྱ་བ་སྟོན་པའི་དོན་ཡིན་གྱི། སྔར་བསྟན་པའི་ཤེས་བྱེད་དུ་འགོད་པ་མིན་པའི་ཕྱིར་རོ། །ཤཱཀྱ་ཐུབ་པ་ཞེས་པ་དྲུག་གིས་ནི། ཤཱཀྱ་ཐུབ་པས་སྟོང་པ་ཆེན་པོས་འཚང་རྒྱ་བར་བཞེད་ནས། ནེ་རཉྫ་ནའི་ཆུ་འགྲམ་དུ་མི་གཡོ་བའི་ཏི་ངེ་འཛིན་ལ་བཞུགས་ཞེས་བསྟན་ཏེ། དེ་ཙམ་ཞིག་རྒྱ་ཆེར་རོལ་པ་ལས་གསུངས་ཀྱི། ལྷག་མ། དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། ཞེས་སོགས་མདོ་དེ་ལས་གསུངས་པར་སྟོན་པ་མིན་ནོ། །སྟོང་ཆེན་ནི་རིམ་ལྔའི་འགྲེལ་བྱེད་འགའ་ཞིག་ཉེར་ཐོབ་ལ་འཆད་མོད་ཀྱང༌། མདོ་དེར་བསམ་གཏན་བཞི་པའི་ཏིང་ངེ་འཛིན་མཁའ་ཁྱབ་ལ་བཞུགས་པར་གསུངས་པ་དེ་ཉིད་ལ་བྱས་ན་ལེགས་ལ། དེ་ལ་མི་གཡོ་བའི་ཏིང་ངེ་འཛིན་ཀྱང་ཟེར་རོ། །སྤྱོད་བསྡུས་སུ་ཤཱཀྱ་ཐུབ་པ་ལ་བསྐུལ་ཞེས་པ་ཙམ་ལས་མ་བྱུང་


JLD007_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། དེ་ཚེ་ཞེས་པ་བཞིས་ཆུ་འགྲམ་དུ་བཞུགས་པ་ལ་བསྐུལ་བར་བཤད་དོ། །དེ་ཉིད་བསྡུས་པར། བྱང་སེམས་དོན་གྲུབ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ཞེས་པ་མ་གཏོགས་པ། འོག་མིན་དང་འདོད་ཁམས་གང་ཡིན་མི་གསལ་བ་ལ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་བཀོད་པ་ཡིན་པར་བཤད་དོ། །དབྱངས་ཀྱིས་བསྐུལ་ཚུལ་ནི། བསམ་གཏན་འདི་ནི་ཞེས་པ་བཞིས། བསམ་གཏན་སྔ་མས་སྒྲིབ་པ་མ་ལུས་པར་དག་པར་བྱེད་མི་ནུས་པས། མཐར་ཐུག་གི་གོ་འཕང་མི་འཐོབ་པས་འོད་གསལ་མངོན་དུ་གྱིས་ཤིག་ཅེས་བསྐུལ་ལ། དེ་ནས་བཞིས་དབང་ཕྱུག་བརྒྱད་ལྡན་གྱི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་བསྐུལ་ཏེ། བསྐུལ་བར་འགྲོ་ཚུལ་ཆག་འགྱུར་གསལ་ལོ། །དབྱངས་ཀྱིས་བསྐུལ་བ་ནི་དེ་ཉིད་བསྡུས་པར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པར་དཀའ་བ་སྤྱད་པས་འཚང་རྒྱ་བར་བྱ་སྙམ་མམ། ཞེས་གསུངས་པ་མ་གཏོགས་པ་འདིར་གསུངས་པའི་བསྐུལ་ཚུལ་དང༌། བསྐུལ་ནས་འབྲས་བུ་མངོན་དུ་བྱ་ཚུལ་རྣམས། དེ་ཉིད་བསྡུས་པ་དང་རྩེ་མོ་རྣམས་ན་མེད་པས། འདི་ནི་བླ་མེད་ཀྱི་རྒྱུད་གཞན་ཅིག་ན་བཞུགས་པ་བཀོད་པར་སྣང་ངོ༌། །འདི་ལྟར་ཞེས་པ་བཞི་དང༌། སྤྱོད་བསྡུས་ལས། མི་གཡོ་ཞེས་པ་ནས། མངོན་དུ་མཛད་དེ་ཞེས་གསུངས་པ་གཉིས་དོན་གཅིག་ཏུ་བཤད་དགོས་པས། ཆུ་འགྲམ་དུ་


JLD007_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ་བསྐུལ་ཏེ་དེ་ལས་བཞེངས་པའི་འོག་ཏུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ལ་མཚན་ཕྱེད་ན། ཕྱག་རྒྱ་ལ་བརྟེན་ཏེ་དབང་བསྐུར་བས་འོད་གསལ་མངོན་སུམ་དུ་མཛད་པའོ། །ཐམས་ཅད་སྟོང་པ་ཞེས་པ་བཞིས་དེ་ཉིད་དམིགས་ཞེས་པ་གསལ་དུ་བཏང་ངོ༌། །རྡོ་རྗེ་ལྟ་བུ་ཞེས་པ་བཞིས་ཐོ་རངས་མི་སློབ་པའི་ཟུང་འཇུག་གི་སྐུ་ཐོབ་པ་དང༌། བྱང་ཆུབ་ཅེས་པ་གཉིས་ཀྱིས་བདུད་བཅོམ་པ་དང༌། ཤཱཀྱ་ཞེས་པ་བཞིས་འབྲས་བུ་ཐོབ་ནས་དེ་ཉིད་གཞན་ལ་བསྟན་པར་གསུངས་སོ། །ལས་མཐའ་རྣམ་འབྱེད་ལས་ཀྱང༌། བསྐལ་པ་མཐའ་ཡས་རྣམས་སུ་ཡང༌། །མགོ་དང་རིན་ཆེན་སོགས་སྦྱིན་པས། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང༌། །དེ་བཞིན་ཚུལ་ཁྲིམས་བཟོད་སོགས་ཀྱིས། ཞེས་པའི་མཇུག་ཏུ་སྔར་བཞིན་དང༌། མཐའ་ཡས་བསྐལ་པ་རྣམས་སུ་ཡང༌། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་གྱིས། ཞེས་པའི་མཇུག་ཏུ་ཡང་སྔར་བཞིན་གསུངས་ནས། སྣང་བ་གསུམ་པོ་དག་པ་ནི། །ཐམས་ཅད་ཅད་མཁྱེན་ཉིད་ཐེ་ཚོམ་མེད། ཅེས་གསུངས་སོ། །དེ་ལ་ཚིགས་བཅད་དང་པོ་གཉིས་ཀྱིས་ཕར་ཕྱིན་གྱི་ཐེག་པ་དང༌། དེ་ནས་ཚིགས་བཅད་གཅིག་གིས་བསྐྱེད་རིམ་ཙམ་དང༌། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱིས་སྣང་བ་གསུམ་དག་པར་བྱེད་མི་ནུས་པས། བླ་མེད་བྱང་ཆུབ་མི་ཐོབ་པར་གསུངས་པའི་དགོངས་པ་ནི། སྣང་བ་གསུམ་གྱི་སྐབས་སུ་གཉིས་སྣང་གི་འཁྲུལ་པ་ཡོད་ལ། དེ་གཉིས་སྣང་འཁྲུལ་པའི་བག་ཆགས་


JLD007_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པར་མ་དག་བར་དུ་གཏན་ནས་ལྡོག་པ་མེད་དོ། །དེས་ན་དེ་གཏན་ལྡོག་པའི་ཚུལ་གྱིས་སྦྱོང་བ་ལ། ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ནས་སྒོམ་པ་དགོས་ཤིང༌། དེ་ཡང་བླ་མེད་ཀྱི་ཐེག་པ་ལས་གཞན་ན་མེད་པའི་དོན་ནོ། །གྲོལ་བའི་ཐིག་ལེ་ལས་ཀྱང༌། ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་བར་དུ་ཚོགས་བསགས་ཀྱང༌། །འདི་དོན་མ་རྟོགས་ནེ་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་བདེ་གཤེགས་ཀུན་གྱིས་ཀྱང༌། །ཐལ་བྱུང་བློ་ཅན་དེ་བཟློག་སྟེ། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་དྲི་མེད་རབ་བསྟན་ཏོ། །ནམ་ཕྱེད་དུས་སུ་བརྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་དུས། །སྐད་ཅིག་གིས་ནི་ཡང་དག་རྟོགས། ཞེས་སོགས་ཀྱིས་སྔ་མ་གཉིས་དང་མཐུན་པར་གསུངས་སོ། །ཅི་ཡང་མ་ཡིན་པ་ནི་ཐལ་བྱུང་གི་སྟོང་ཉིད་དང༌། ལྷན་ཅིག་བྱེད་པའི་སློབ་དཔོན་གྱིས་བྱིན་གྱིས་བརླབས་ནས་བརྒྱལ་བ་ལྟར་དེ་ཉིད་ཐོབ་པར་འགྲེལ་པར་བཤད་དེ། སློབ་དཔོན་ནི་རིག་མར་བཤད་དོ། །མན་ངག་སྙེ་མར་ཡང༌། མཆོག་ཏུ་མཐར་ཐུག་པ་ནའང་ངེས་པར་ཐབས་འདི་ལ་ལྟོས་སོ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་ནམ་མཁར་བཞུགས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གནང་བའི་ཤེས་རབ་ཀྱི་དབང་ལས། ཤཱཀྱའི་མགོན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་བྱང་ཆུབ་ཐོབ་པའི་ཆེད་དུ་མཚན་ཕྱེད་ན་ལྟོས་པ་བཞིན་དང༌། ཇི་ལྟར་ཡང་བཅོམ་ལྡན་འདས་


JLD007_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཁོ་ནས། རྡོ་རྗེ་སྙིང་པོ་ལ་ཐིག་ལེ་མཆོག་མ་ལས་དབང་བསྐུར་བ་བྱིན་པ་བཞིན་ནོ། ཞེས་པ་ཤིན་ཏུ་རྒྱས་པས་ཆོག་སྟེ། མན་ངག་རིག་པ་རྣམས་ཀྱིས་ཁྱད་པར་འདི་ཡོངས་སུ་གསལ་བར་རྣམ་པར་ཤེས་པར་འགྱུར་རོ། ཞེས་གསུངས་སོ། །ཀྱེ་རྡོ་རྗེ་ལས། འབར་བའི་འཕྲེང་བ་འཁྲུགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར། །ཐིག་ལེ་མཆོག་ནི་བཀུག་པ་ཉིད། ཅེས་གསུངས་པ་ནི། ས་བཅུ་པའི་བྱང་སེམས་ལ་དངོས་ཀྱི་རིག་མ་ལ་བརྟེན་ནས་དབང་བསྐུར་བའི་ཁུངས་སོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོར་གཟུགས་ཁམས་ཀྱི་འོག་མིན་དུ་སྔོན་དུ་སངས་མ་རྒྱས་པར་འདོད་པ་ཁམས་སུ་སངས་རྒྱས་ཀྱི་མཛད་པ་མི་སྟོན་པར་གསུངས་ཤིང༌། ཤཱཀྱའི་མགོན་པོ་བསྐལ་པ་མང་པོའི་སྔོན་དུ་སངས་རྒྱས་པར་ཡང་གསུངས་ལ། རྣམ་གཞག་རིམ་པར་ཡང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཀྱིས་ལོངས་སྐུས་མི་རྣམས་ཀྱི་དོན་མཛད་པར་མི་སྤྱོད་པས་སྤྲུལ་པའི་སྐུ་འཛིན་པའི་དོན་དུ་མའི་མངལ་དུ་འཇུག་པ་བསྟན་པར་བཤད་པས། རྒྱ་ཆེར་རོལ་པ་ལས་གསུངས་པའི་དཀའ་བ་སྤྱོད་པའི་མཛད་པ་སོགས་སྟོན་པའི་སྔོན་དུ་ཤཱཀྱ་ཐུབ་པ་སངས་རྒྱས་ཟིན་པས། དེ་ཕར་ཕྱིན་གྱི་ལམ་གྱི་མཇུག་ཏུ་སྔགས་ཀྱི་ལམ་གྱིས་སངས་རྒྱས་པ་ཆུ་འགྲམ་དུ་དཀའ་བ་སྤྱད་པའི་མཛད་པ་མཛད་པའི་འོག་ཏུ་ཡིན་པར་གསུངས་པ་འདི་ཇི་ལྟར་ཡིན་ཞེ་ན། བཤད་པར་བྱ་སྟེ། ཕར་ཕྱིན་གྱི་ཐེག་པའི་ལམ་གྱི་མཐའ་དང་པོར་འོག་མིན་


JLD007_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལོངས་སྐུའི་རྟེན་ལ་འཚང་རྒྱ་བའི་སྲིད་པ་ཐ་མ་པ་དང༌། ཡང་འདོད་པ་ཁམས་སུ་སྤྲུལ་སྐུར་འཚང་རྒྱ་བའི་སྲིད་པ་ཐ་མ་པ་གཉིས་ཀའི་དུས་སུ། སྔར་བཤད་པ་ལྟར་བསྐུལ་ནས་འཚང་རྒྱ་བ་དངོས་དང༌། འཚང་རྒྱ་ཚུལ་སྟོན་པ་ཡིན་ནོ། །དེའི་ཕྱིར་ཕྱི་མ་ནི་སྔར་སངས་མ་རྒྱས་པ་གསར་དུ་འཚང་རྒྱ་བ་མིན་ཀྱང༌། དེ་ལྟར་བསྟན་པ་དེས་སྤྱིར་ཕར་ཕྱིན་གྱི་ཐེག་པའི་ས་བཅུ་པ་བ་སྲིད་པ་ཐ་མ་པའི་རྟེན་དེས། སྔགས་ཀྱི་ལམ་རྒྱུད་ལ་བསྐྱེད་ནས་འཚང་རྒྱ་དགོས་པར་སྟོན་པ་ཡིན་ནོ། །རྡོ་རྗེ་འཕྲེང་བའི་འགྲེལ་པར། བྱང་སེམས་དོན་གྲུབ་ལ། སངས་རྒྱས་རྣམས་ཀྱིས་དཀྱིལ་འཁོར་སྤྲུལ་ནས་སྟ་གོན་དང༌། དབང་བཞི་བསྐུར་ནས། ཏིང་ངེ་འཛིན་གསུམ་དང༌། རིགས་བརྒྱའི་ལུས་དབེན་དང༌། རིམ་པ་ལྔའི་མན་ངག་བསྟན་པ་ལ་བརྟེན་ནས་ནམ་ཕྱེད་ན་སངས་རྒྱས། ཐོ་རངས་བདུད་བཅོམ་པར་བཤད་པའི་ཕྱི་མ་ནི། རིམ་ལྔ་དང་སྤྱོད་བསྡུས་གཉིས་ཀ་དང་འགལ་ཞིང༌། སྔ་མ་རྣམས་ཀྱང༌། འོད་གསལ་དང་ཟུང་འཇུག་གི་མན་ངག་ལས་གཞན་མ་གསུངས་པ་དང་འགལ་ལོ། །འགོས་ལུགས་པ་རྣམས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་ས་བཅུ་པའི་བར་དུ་བགྲོད་པ་དེས་བསྐྱེད་རིམ་ནས་བརྩམས་ཏེ། སེམས་དབེན་གྱི་བར་རྒྱུད་ལ་སྐྱེད་པའི་དོད་ཐུབ་པ་ཡིན་ཏེ། རིམ་ལྔར། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་ཐོབ་པ་དང། །ས་བཅུ་ལ་ནི་རབ་ཏུ་གནས། ཞེས་གསུངས་པའི་ཕྱིར་རོ། །དེས་


JLD007_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཕར་ཕྱིན་གྱི་སྲིད་པ་ཐ་མ་པ་དེས་སྒྱུ་ལུས་ནས་བསྒོམས་པས་ཆོག་པས། སྲོད་ལ་གསང་དབང་བསྐུར་སྒྱུ་ལུས་མངོན་དུ་བྱས། ནམ་ཕྱེད་དབང་གསུམ་པ་བསྐུར་འོད་གསལ་མངོན་དུ་བྱས། ཐོ་རངས་དབང་བཞི་པ་བསྐུར་མི་སློབ་པའི་ཟུང་འཇུག་མངོན་དུ་བྱས་ཏེ་མཚན་གཅིག་ཙམ་གྱིས་སངས་རྒྱས་པར་བཞེད་དོ། །དེ་ལ་ཕར་ཕྱིན་གྱི་ཐེག་པའི་མཐར་སྔགས་ལ་འཇུག་མཚམས་ནི་ས་བཅུ་པ་ནས་ཡིན་ལ། དེ་ལ་ཡང་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་པ་གཉིས་ལས་ཕྱི་མ་ཡིན་ཏེ། མཚན་མོ་གཅིག་ལ་འཚང་རྒྱ་བར་གསུངས་པས་ཤེས་སོ། །འཇུག་ཚུལ་ནི། རང་གི་ལམ་དོར་ནས་ཞུགས་པ་མིན་གྱི། ལམ་དེ་ལ་སྔགས་ཀྱི་ལམ་གྱི་སྣོན་པ་བཏབ་པའོ། །སྣོན་པ་ནི། བསྐྱེད་རིམ་ནས་བརྩམས་ཏེ་སེམས་དབེན་གྱི་བར་འདིར་སྐྱེད་མི་དགོས་པ་ནི་འགོས་ལུགས་པ་རྣམས་བཞེད་པ་ལྟར་ཡིན་ལ། རིམ་པ་གསུམ་པའི་སྒྱུ་ལུས་ཀྱང་མི་དགོས་པའི་རྒྱུ་མཚན་ནི། དང་པོ་ནས་བླ་མེད་ལ་ཞུགས་པའི་གང་ཟག་གིས། འོད་གསལ་མངོན་དུ་བྱེད་པ་ལ་སྒྱུ་ལུས་སྔོན་དུ་སྒྲུབ་དགོས་པའི་རྒྱུ་མཚན་བསྟན་པས་ཤེས་པར་ནུས་སོ། །དབང་གསུམ་པ་བསྐུར་བས་ནི་བཞི་པ་བསྐུར་བར་ཡང་མཚོན་པས། དབང་ནི་དེ་གཉིས་སོ། །དབང་གསུམ་པ་བསྐུར་བ་ན་སྔོན་དུ་སྣང་མཆེད་ཐོབ་གསུམ་དང༌། དེ་ནས་ཉེར་ཐོབ་འོད་གསལ་དུ་ཞུགས་ཏེ་གཉིས་སྣང་ཕྲ་མོ་ཡང་དག་ནས། དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར་རོ། །རྒྱལ་སྲས་འདིས་ས་དང་པོ་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་མོད་ཀྱང༌།


JLD007_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་སྔར་མེད་པས། འདིར་སྐྱེད་པ་ཡིན་ནོ། །དེ་ནས་དེའི་དོན་བསྒོམས་པས་ཐོ་རངས་སྒྱུ་མའི་ཏིང་ངེ་འཛིན་ཆུ་ཟླ་སོགས་སྒྱུ་མའི་དཔེས་མཚོན་པའི་སྐུ་འགྲུབ་པར་གསུངས་པ་ནི། དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། དེའི་བཞོན་པའི་རླུང་ཙམ་ལས་མི་སློབ་པའི་ཟུང་འཇུག་ཡོངས་སུ་དག་པའི་སྒྱུ་མའི་སྐུ་འགྲུབ་པའོ། །ཕར་ཕྱིན་གྱི་ཐེག་པར་ས་དང་པོ་ནས་མཚན་གྱིས་བརྒྱན་པའི་ལུས་འཐོབ་པ་དང༌། དེ་ས་རྣམས་ལ་ཇེ་བཟང་དུ་སོང་བའི་མཐར། དེའི་ལུགས་ཀྱིས་སློབ་པའི་མཚན་མཐར་ཐུག་པ་ཐོབ་ཀྱང༌། བླ་མེད་ཀྱི་ལུགས་ཀྱིས་དེ་ཙམ་ལས་མི་སློབ་པའི་གཟུགས་སྐུ་མི་སྒྲུབ་པའི་རྒྱུ་མཚན་གྱིས། དེའི་སྔོན་དུ་སྐུ་དེ་གང་ལས་སྒྲུབ་པའི་སྒྲུབ་གཞི་ཐུན་མོང་མ་ཡིན་པའི་འོད་གསལ་གྱི་ཡེ་ཤེས་རླུང་དང་བཅས་པ་བསྐྱེད་པ་འདི་ཤེས་ན། རིམ་པ་གསུམ་པ་དང་སློབ་པའི་ཟུང་འཇུག་གི་སྐབས་སུ་རྣམ་སྨིན་གྱི་ལུས་རགས་པ་ལས་སྒྱུ་མའི་སྐུ་སྒྲུབ་མི་སྒྲུབ་ལེགས་པར་ཤེས་སོ། །དེས་ནི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་མ་བསྒོམས་བར་དུ། ཤེས་སྒྲིབ་རྫོགས་པར་སྤངས་པའི་ཆོས་ཀྱི་སྐུ་མི་འཐོབ་པ་དང༌། དོན་གྱི་འོད་གསལ་གྱིས་སྦྱངས་པའི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་མ་བསྒྲུབས་བར་དུ། མི་སློབ་པའི་གཟུགས་ཀྱི་སྐུ་མི་ཐོབ་པར་བསྟན་པས། བདེ་སྟོང་སྦྱོར་བ་དང་སྒྱུ་མའི་སྐུ་སྒྲུབ་པ་ནི། བླ་ན་མེད་པའི་ཐེག་པའི་སྙིང་པོ་མཐར་ཐུག་པ་དང་། སྐུ་གཉིས་ཀྱི་ཐུན་མོང་མ་


JLD007_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་རྒྱུ་གཉིས་དེ་གཉིས་ཡིན་པར་བསྟན་ཏོ། །འདི་ལ་དབང་གསུམ་པའི་ཕྱག་རྒྱ་ལ་བརྟེན་ནས་སྒོམ་པ་དེ་ཉིད་ཀྱིས། སྤྱོད་པའི་དོད་ཐུབ་ནས། སྤྱོད་པ་གསུམ་གཞན་ལ་སློབ་མི་དགོས་པའི་རྒྱུ་མཚན་ཡང་རྒྱུ་མཚན་སྔ་མས་ཤེས་པར་ནུས་སོ། །དེ་ལྟར་ན་བུམ་དབང་དང་གསང་དབང་སྔོན་དུ་མ་བསྐུར་བར་དབང་ཐ་མ་གཉིས་བསྐུར་བ་དང༌། རིམ་པ་གསུམ་པའི་སྒྱུ་ལུས་མན་ཆད་སྔོན་དུ་མ་བསྐྱེད་པར་རིམ་པ་ཐ་མ་གཉིས་ནས་སྐྱེད་པ་འདི་ནི་དམིགས་བསལ་དུ་ཤེས་པར་བྱ་རྒྱུ་ཡིན་པས། སྔར་རིམ་པ་གཉིས་ཀྱི་གོ་རིམ་དང་གྲངས་ངེས་བསྟན་པ་དང༌། སྔགས་ཀྱི་ལམ་ལ་འདོད་པའི་རྟེན་ཅན་པ་དང༌། དབང་པོ་གཉིས་སྦྱོར་གྱི་ཆགས་ཅན་སོགས་དགོས་པར་བཤད་པ་ནི། དང་པོ་ནས་བླ་མེད་ཀྱི་ལམ་དུ་འཇུག་པའི་རིགས་ངེས་པའི་དབང་དུ་བྱས་པ་ཡིན་ལ། འདོད་ལྷ་ལ་སོགས་པ་ལ་ཀུན་ཏ་ལྟ་བུའི་བྱང་ཆུབ་ཀྱི་སེམས་འབྱུང་བ་མེད་པ་སོགས་གསུངས་པ་ནི། འདོད་ལྷ་དང་གཟུགས་ཁམས་ཀྱི་ལྷ་ཐ་མལ་པ་ལ་དགོངས་ཀྱི། བྱང་སེམས་སྲིད་པ་ཐ་མ་པ་ལྟ་བུའི་རྟེན་ཁྱད་པར་ཅན་ལ་དགོངས་པ་མིན་ནོ། །མཐར་ཐུག་ཐེག་པ་གསུམ་གྱི་རིགས་ངེས་པ་མི་འདོད་ཀྱང༌། གནས་སྐབས་ཀྱི་རིགས་གསུམ་ངེས་པ་འདོད་པ་བཞིན་དུ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་མཐར་བླ་མེད་དུ་འཇུག་ཀྱང་ས་བཅུ་པ་ཚུན་ཆད་དུ་རང་གི་ལམ་དུ་རིགས་ངེས་པ་འོང་བ་མི་འགལ་ལོ། །དགྲ་བཅོམ་པ་དང་ཕྱིར་མི་འོང་ཟས་གོས་ལ་ཆགས་པ་དང་བྲལ་ཡང༌། ཟས་གོས་འདོད་པའི་དོན་གཉེར་ཡོད་པ་ལྟར། ས་བཅུ་པ་བ་ལྟ་བུ་ཉོན་མོངས་ཟད་པས་


JLD007_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་གཉིས་སྦྱོར་གྱི་བདེ་བ་ལ་སྲེད་པ་ཟད་ཀྱང༌། བདེ་བ་དེ་དོན་དུ་གཉེར་བའི་འདོད་པ་སྐྱེ་བ་མི་འགལ་ཏེ། དེ་ལྟ་མ་ཡིན་ན། ཕྱི་རོལ་པས་འདོད་པ་ཡོད་ན་ཆགས་པ་ཡོད་པར་བཟུང་ནས། ངག་སྨྲ་བས་ཆགས་ཅན་དུ་དཔོག་པ་མི་ཁེགས་པར་འགྱུར་རོ། །ལུང་རྣམ་འབྱེད་ལས། འདོད་པ་ལ་ཆགས་པ་དང་བྲལ་མ་བྲལ་གྱི་དབང་པོ་ལས་སུ་རུང་བའི་རྒྱུ་སོ་སོར་གསུངས་པས་ན། འདོད་ཡོན་ལ་སྲེད་པ་ཟད་པ་ཕྱག་རྒྱ་ལ་བརྟེན་པར་མི་རུང་ངོ་ཞེས་སྨྲ་བ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་མང་དུ་ཐོས་པ་དང་མི་ལྡན་པའི་གཏམ་མོ། །ཕར་ཕྱིན་གྱི་ཐེག་པས་གྲངས་མེད་གསུམ་བགྲོད་པའི་མཐར་སྔགས་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་པའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང༌། དང་པོ་ནས་སྔགས་ཀྱི་ཐེག་པར་ཞུགས་ཏེ་ཚེ་གཅིག་ལ་སངས་རྒྱས་པའི་ཀུན་ཏུ་འོད་ཀྱི་ས་གཉིས་ལ་མཆོག་དམན་ཅུང་ཟད་ཀྱང་མེད་ཀྱང༌། ལམ་གཉིས་ཀྱི་ཁྱད་པར་དོན་མེད་དུ་མི་འགྱུར་ཏེ། ཉེ་རིང་གི་ཁྱད་པར་ཆེན་པོ་བྱུང་བའི་ཕྱིར་དང༌། ཕར་ཕྱིན་ལ་ལམ་གཞན་བསྣན་དགོས་པ་བྱུང་བའི་ཕྱིར་རོ། །དེ་འདྲ་བ་དེ་མཐར་བླ་མེད་ཀྱི་ལམ་ལ་བརྟེན་ཡང༌། བསྐལ་པ་གྲངས་མེད་ཀྱིས་སངས་རྒྱས་ཐོབ་པ་ཡང་མི་འགལ་ཏེ། དེས་རྫོགས་པའི་སངས་རྒྱས་དངོས་སུ་འཐོབ་པ་ལ། གྲངས་མེད་གསུམ་གྱི་མཐར་ལམ་དེ་བསྣན་དགོས་པའི་ཕྱིར་རོ། །རྡོ་རྗེ་རྩེ་མོ་ལས་ཀྱང༌། སྔོན་གྱུར་འདས་པའི་དུས་སུ་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང༌། །ཐབས་


JLD007_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་ལྡན་པ་ཡི། །བྱང་ཆུབ་སེམས་དཔར་གྱུར་པ་ན། །སྤྲོ་བ་ཆེན་པོ་ངོ་མཚར་ཆེ། །དཀའ་བ་དཔག་ཏུ་མེད་པ་སྤྱོད། །གོ་རིམ་བཞིན་དུ་དེ་ཡིས་ནི། །དབང་བསྐུར་བར་དུ་ལེགས་ཐོབ་འགྱུར། །ཤེས་རབ་ཆེན་པོས་ས་མཐར་ཕྱིན། །གོས་ཀྱི་དབང་ནི་ཐོབ་གྱུར་ནས། །འོག་མིན་སྟུག་པོ་ཉམས་དགའ་བར། །བློ་གྲོས་ཆེན་པོ་བཞུགས་པར་གྱུར། ཞེས་སློབ་པའི་སའི་མཐར་ཕྱིན་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ལ་སངས་རྒྱས་རྣམས་ཀྱིས་བསྐུལ་ཏེ། མངོན་བྱང་ལྔ་བསྒོམས་ནས་སངས་རྒྱས་པར་བཤད་དོ། །ཡང་དེ་ཉིད་ལས། བསྐལ་པ་གྲངས་མེད་གསུམ་དག་གི །སྦྱིན་དང་སྦྱིན་པའི་འབྲས་བཟང་དང༌། །མཁའ་མཚུངས་རིན་ཆེན་ཐོབ་བྱེད་པ། །ནོར་བུ་རིན་ཆེན་དབང་བསྐུར་ཡིན། །བསྐལ་པ་གྲངས་མེད་གསུམ་དུ་ནི། །གཞན་གྱི་དཀའ་བ་སྤྱད་པ་དང༌། །བརྩོན་འགྲུུས་ཀྱིས་ནི་འབྲས་གྲུབ་པ། །རྡོ་རྗེ་ལས་ནི་དབང་བསྐུར་ཡིན། ཞེས་དང༌། གསང་བ་བཞི་ཡི་དབང་བསྐུར་བས། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །དེ་ནས་མིང་གི་དབང་བསྐུར་བས། །ཐུབ་དེ་རྣམ་པར་སྣང་མཛད་གྱུར། །ཞེས་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་ཆོས་དང༌། རྡོ་རྗེ་རིན་ཆེན་དང༌། རྡོ་རྗེ་ལས་ཀྱི་དབང་བསྐུར་བས། རིམ་པ་བཞིན་དུ་ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྐུ་དང༌། མཚན་དཔེ་དང༌། སྤྲུལ་པའི་སྐུ་ཐོབ་སྟེ་སངས་རྒྱས་པར་བཤད་ཅིང༌། དེ་ཡང་སྔར་གྱི་བྱང་སེམས་དེ་ཡིན་ལ། ལམ་དེ་དག་ཀྱང་བསྐལ་པ་གྲངས་མེད་དུ་བསྒྲུབས་པར་བཤད་དེ། བླ་མེད་ཀྱི་ལུགས་ཀྱི་ས་དང་པོ་ནས་རང་གི་ལམ་དུ་ཞུགས་


JLD007_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིན་པོ་ཆེ་ལྟ་བུས་ཚེ་གཅིག་ལ་འཚང་རྒྱ་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་མཐར་ལམ་གྱི་བསྣོན་པ་བཏབ་པ་གཉིས་བཤད་པ་བཞིན་དུ། ཡོ་ག་བའི་ལུགས་ཀྱིས་རང་ལམ་དང་། གཞན་ལམ་སོ་སོར་ཕྱེ་ནས། སྔར་བཤད་པ་དེ་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་སྦྱར་བ་མི་སྣང་ཞིང༌། རང་གི་ལམ་གྱི་མཐར་འཚང་རྒྱ་ཚུལ་ལོགས་པ་ཡང་གསལ་བར་མི་སྣང་བའི་ཕྱིར། སྔར་བཤད་པའི་སའི་མཐར་ཕྱིན་པ་ན་སངས་རྒྱས་ཀྱིས་བསྐུལ་ནས་འཚང་རྒྱ་བར་བཤད་པ་ལ་སོགས་པ་རྣམས། རང་གི་ལམ་དེའི་ལུགས་ཡིན་ནམ་སྙམ་སྟེ། ལེགས་པར་དཔྱད་པར་བྱའོ། །བླ་མེད་ཀྱི་རྒྱུད་ལྟར་ན་སྔར་བཤད་པའི་ལམ་གྱི་སྣོན་པ་གཉིས་པོ་དེ་རྒྱུད་ལ་མ་སྐྱེད་ན་འཚང་རྒྱ་མི་ནུས་ཤིང་དེ་གཉིས་ཀྱང་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ལ་མེད་པས། རྒྱུད་སྡེ་གཞན་གསུམ་གྱི་ལམ་དུ་ཞུགས་པ་ལ་ཡང་བསྣན་དགོས་སོ། །སའི་མཐར་ཕྱིན་པ་ན་ཟླ་བ་དང་རྡོ་རྗེ་སོགས་ཀྱི་མངོན་བྱང་ལྔ་ལ་བརྟེན་ནས་འཚང་རྒྱ་བར་རྒྱུད་གཉིས་ལས་གསུངས་པའི་དགོངས་གཞི་ནི། རིམ་ལྔ་ལས། བསྐྱེད་རིམ་པས་ཟླ་བ་དང་རྡོ་རྗེ་ལ་སོགས་པས་སྔགས་ཀྱི་སྐུ་སྐྱེད་པའི་དོད། རྫོགས་རིམ་པས་སྟོང་པ་བཞི་ལས་ཡོངས་སུ་དག་པའི་ལྷའི་སྐུ་སྐྱེད་པར་གསུངས་པ་ལ་བྱ་དགོས་པ་འདྲའོ། །དེ་ལྟར་བྱས་ན་གང་ལ་བསམས་ནས་གསུངས་པའི་དགོངས་གཞིའི་དོན་དེ་རྣལ་འབྱོར་བླ་ན་མེད་པའི་ལམ་ཐུན་མོང་མ་ཡིན་པ་ཡིན་ཀྱང༌། དེ་ལ་བསམས་ནས་སྒྲ་གཞན་


JLD007_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྟན་པའི་སྒྲས་ཟིན་གྱི་དོན་རྒྱུད་སྡེ་འོག་མའི་ལམ་ལ་འོང་བ་མི་འགལ་བ་ཡིན་ཏེ། འདིའི་སྐབས་མང་པོ་ཞིག་ཏུ་གསུང་རབ་འགྲེལ་པ་ལ་ཤིན་ཏུ་མཁོ་བ་ཞིག་སྣང་ངོ༌། །ལམ་གཞན་གྱི་མཐར་ལུགས་འདིའི་རྫོགས་རིམ་གྱི་གཙོ་བོ་རྣམས་འོང་ཚུལ་དཔྱོད་པ་འདི་ནི་རང་གི་ལམ་གྱི་ཁྱད་ཆོས་ཀྱི་གཙོ་བོ་རྣམས་ལ་ངེས་པ་ཐུན་མོང་མ་ཡིན་པ་རྙེད་པ་དང༌། དེ་ལ་བརྟེན་ནས་ལམ་འདིའི་རིགས་ཀྱི་ནུས་པ་ངེས་པར་བྱས་པས་ལམ་གཞན་དུ་མི་ལྡོག་པའི་ཐབས་རྨད་དུ་བྱུང་བའི་རྒྱུར་སྣང་ཞིང༌། རྟོགས་ཀྱང་ཤིན་ཏུ་དཀའ་བར་སྣང་བས་བཤད་པ་ཡིན་ནོ། །གཉིས་པ་ནི། རིམ་ལྔར་རིམ་པ་བཞི་པ་འད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ་བཤད་པ་འདི། རྒྱུད་ཕྱི་མར་ཡན་ལག་དྲུག་གི་འཛིན་པའི་ཡན་ལག་ཏུ་གསུངས་པ་ནི། རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་ཡིན། །མེ་མར་ལྟར་འབར་བཞི་པ་འོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའ། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། ཞེས་པའོ། །སྒྲོན་གསལ་ལོ་ཆེན་གྱིས་བསྒྱུར་བ་ལས། རྐང་པ་དང་པོ་གཉིས་ཀྱི་བཤད་པ་རྫོགས་མ་ཐག །འདི་ནི་འཛིན་པ་ཞེས་བྱ་བ་ཡན་ལག་བཞི་པའོ། ཞེས་འབྱུང་ཞིང༌། པ་ཚབ་ཀྱི་


JLD007_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཡང་དེ་དང་འདྲའོ། །འགོས་འགྱུར་ལས་རང་དབང་ནས། སྤྲོ་བར་བྱ་ཞེས་པའི་བར་གྱི་བཤད་པ་རྫོགས་མ་ཐག །དེ་དག་ནི་འཛིན་པའི་ཡན་ལག་ཅེས་བྱ་བ་སྟེ་བཞི་པའོ། ཞེས་གཞུང་དེ་རྣམས་ཐམས་ཅད་འཛིན་པའི་ཡན་ལག་གི་གཞུང་དུ་མཛད་པ་བཞིན་དུ། ཆག་འགྱུར་ལས་ཀྱང་འབྱུང་ངོ༌། །དེ་ལྟར་རྒྱ་དཔེ་ལ་གཉིས་ཡོད་པར་སྣང་ཡང༌། འགོས་འགྱུར་ལྟར་ལེགས་པ་ནི་འགྲེལ་པའི་བཤད་པས་ཤེས་སོ། །རང་ནི་གཟུགས་ལ་སོགས་པའི་ཡུལ་དང༌། དབང་པོ་ནི་མིག་ལ་སོགས་པ་སྟེ་དེ་གཉིས་དགག་པ་སྟེ་ཐིམ་ནས། དེའི་འོག་ཏུ་རིན་ཆེན་ཏེ་སེམས་སྲོག་རླུང་དང་བཅས་པ་བཀག་ཅིང་ནུབ་པར་གྱུར་པའི་གཟུང་བ་ནི་འཛིན་པ་སྟེ་ཡང་དག་པའི་མཐའ་འོད་གསལ་ལོ། །སེམས་རླུང་དང་བཅས་པ་ཐིམ་པ་ནི་སེམས་གསུམ་རིམ་གྱིས་ཐིམ་པའོ། །དབང་པོ་དང་ཡུལ་ཐིམ་པ་ཡང་འཆི་རིམ་བཞིན་དུ་ཐིམ་པའོ། །བདུད་རྩི་གསང་བ་ལས། རང་དབང་ཞེས་པས་གཟུང་འཛིན་དུ་ཞེན་པས་འཁོར་བར་འཁོར་བའི་སེམས་དབེན་མ་རྟོགས་པའི་སྐྱོན་དང༌། སེམས་གཟུང་འཛིན་གྱིས་དབེན་པར་ཤེས་ན་སངས་རྒྱས་ཀྱི་ཡེ་ཤེས་རིན་པོ་ཆེ་བསྐྱེད་པས་རིན་ཆེན་ཞེས་པས་ཐ་མལ་པ་ལས་དབེན་པ་དང༌། དགག་པ་ཡི། གཟུང་བ་འཛིན་པ་ཡིན་པར་བཤད། ཅེས་པས་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པས་རྡོ་རྗེའི་རྩ་བ་དང་རྐེད་པ་དང་རྩེ་མོར་བྱང་སེམས་སླེབ་པ་ལས་བྱུང་བའི་སྣང་བ་གསུམ་གྱིས་རྣལ་འབྱོར་པ་ལས་དབེན་


JLD007_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་དབེན་བསྟན་ཞེས་པ་ནི་དོན་དུ་མ་མཐོང་ངོ་། །འགོག་པའི་རྡོ་རྗེ་ནི་འོད་གསལ་དང་། སེམས་དེར་གྱུར་པ་ནི་དེར་སོང་བའོ། །དེར་འཇུག་པ་ལ་སྨིག་རྒྱུ་ལ་སོགས་པའི་མཚན་མ་རྣམས་ཀྱི་ཉེ་བར་འཛིན་པ་སྟེ་མཚན་མར་སྣང་བ་འབྱུང་བ་སྟེ་སྐྱེ་བར་འགྱུར་རོ། །མཚན་མར་སྣང་བ་དེ་ནི་རྣམ་པ་ལྔར་གསུངས་ཏེ། སྨིག་རྒྱུ་ནས་མཁའ་སྣང་ལྟར་སྣང་བ་གསུམ་ནི་ས་ཆུ་མེ་རླུང་བཞི་སྔ་མ་ཕྱི་མ་ལ་ཐིམ་པ་ལས་འབྱུང་ངོ་། །མཁའ་སྣང་ནིི་པ་ཚབ་ཀྱིས་མེ་ཁྱེར་གྱི་རྣམ་པ་ལྟ་བུ་ཞེས་བསྒྱུར་བ་ལྟར་ཡིན་གྱི། ནམ་མཁའ་ཆང་ཆུང་མཐོང་བ་ལ་འདོད་པ་ནི་མི་འཐད་དོ། །ཁམས་ཕྲ་བ་ཀུན་ཏུ་སྣང་བ་གསུམ་དུ་སོང་བ་ལས་མར་མེ་ལྟར་སྣང་བ་འབྱུང་བར་སྒྲོན་གསལ་ལས་གསུངས་པའི་ཁམས་ཕྲ་བ་ནི། རང་བཞིན་གྱི་རྟོག་པ་ཆེར་གཡོས་པའི་རླུང་ཡིན་ལ། དེ་ཐིམ་པ་ན་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་སྣང་བ་འབྱུང་ངོ༌། །སྤྱོད་བསྡུས་ལས། ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ཕྲ་བ་ནི་སེམས་ལ་གཞུག་གོ །ཞེས་གསུངས་པའི་དང་པོ་ནི། ས་ནས་རླུང་གི་བར་སྔ་མ་ཕྱི་མ་ལ་ཐིམ་པའོ། །ཕྱི་མས་ཁམས་ཕྲ་བ་སེམས་ལ་འཇུག་པར་བཤད་པ་དང༌། སྒྲོན་གསལ་ལས་ཁམས་ཕྲ་བ་སྣང་བ་གསུམ་ལ་འཇུག་པར་བཤད་པ་གཉིས་མི་འགལ་ཏེ། སྔ་མ་ནི་རགས་པ་ཡིན་ལ། ཕྱི་མ་ནི་ཞིབ་ཏུ་ཕྱེ་བའི་རྣམ་གཞག་ཡིན་པའི་ཕྱིར་ཏེ། དཔེར་ན་རྣམ་ཤེས་གསུམ་སོ་སོར་མ་ཕྱེ་བར་འོད་གསལ་དུ་འཇུག་པར་ལས་མཐའ་རྣམ་འབྱེད་དང༌། རྡོ་རྗེ་འཕྲེང་བ་


JLD007_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་དང༌། སྤྱོད་བསྡུས་སུ་སོ་སོར་ཕྱེ་ནས་ཉེར་ཐོབ་འོད་གསལ་དུ་བསྡུད་པར་བཤད་པ་བཞིན་ནོ། །འགྱུར་རྙིང་ཕལ་ཆེ་བ་ལས་རང་བཞིན་ཀུན་ཏུ་སྣང་བ་ཐིམ་པ་ལས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་ཞིང༌། རྟག་ཏུ་སྣང་བ་འོད་གསལ་བ་ཙམ་དུ་གྱུར་པ་ནི་ལྔ་པའོ། ཞེས་གསུངས་ལ། དཔེ་ཁ་ཅིག་དང༌། འགྱུར་ཁ་ཅིག་ལས། ཀུན་ཏུ་སྣང་བ་ལ་ཐིམ། ཞེས་འབྱུང་ཡང༌། སྔ་མ་དག་པ་ཡིན་ཏེ། འོད་གསལ་འཆར་བ་ལ་སྣང་བ་གསུམ་ག་ཐིམ་དགོས་པའི་ཕྱིར་རོ། །སྒྲོན་གསལ་ལས་དེ་ལྟར་གསུངས་པ་ནི་བསྡུས་པ་ཡིན་ལ། ཕྱེ་ན་བདག་བྱིན་བརླབས་དང༌། སྤྱོད་བསྡུས་ལས་གསུངས་པ་བཞིན་དུ། སེམས་སེམས་བྱུང་ལ་དང༌། སེམས་བྱུང་སེམས་པ་ཉེར་ཐོབ་ལ་དང༌། ཉེར་ཐོབ་འོད་གསལ་དུ་ཐིམ་པར་བཤད་དགོས་ཤིང༌། སྣང་བ་གསུམ་གྱི་དུས་ཀྱི་འཆར་ཚུལ་ཡང་སྤྱོད་བསྡུས་ལས། གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། ཞེས་སོགས་གསུངས་པ་སྔར་དྲངས་པ་བཞིན་དུ་བྱའོ། །སྤྱོད་བསྡུས་ལས། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ༌། ཞེས་གསུངས་ཤིང༌། དུ་བ་སོགས་གསུམ་མ་བཤད་པ་ནི་བསྡུས་པ་སྟེ། རྒྱས་པར་ནི་རྒྱུད་ཕྱི་མ་དང་སྒྲོན་གསལ་ལས་གསུངས་པ་བཞིན་མཚན་མ་བཞི་ཀ་དགོས་སོ། །མཚན་མ་ལྔ་པོ་དེ་དག་གིས་མྱ་ངན་ལས་འདས་པ་དོན་གྱི་འོད་གསལ་ཐོབ་པར་འགྱུར་རོ། །ས་ཆུ་ལ་ཐིམ་པ་སོགས་ཀྱི་ཤེས་བྱེད་དུ་སྒྲོན་གསལ་


JLD007_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལས་མཐའ་རྣམ་འབྱེད་དྲངས་པ་ནི། དེ་ཉིད་ལས། སྔོན་ནི་ཇི་ལྟར་འོངས་པ་བཞིན། །རིམ་པ་འདི་ཡིས་ཐིམ་འགྱུར་ཏེ། །དང་པོར་ས་ནི་ཆུ་ལ་འཇུག །ཆུ་ནི་མེ་ལ་ཐིམ་འགྱུར་ཞིང༌། །མེ་ནི་རླུང་ལ་ཐིམ་པར་འགྱུར། །རླུང་ནི་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་འཛིན་པར་གཤེགས་ནས་སུ། །འད་གསལ་བར་ནི་དེ་ནས་ཞུགས། །དེ་ལས་དྲི་ཟ་ཉིད་གྱུར་ནས། །ལས་ཀྱིས་བསྐུལ་བས་སྐྱེ་བར་འགྱུར། །དེ་ལྟར་སྐྱེ་བ་སྟོང་རྣམས་སུ། །སྐྱེས་ཤིང་སྐྱེས་ནས་ཡང་དང་ཡང༌། །རང་བཞིན་བསྐོར་ཞིང་ཀུན་ཏུ་འཁྲུལ། །རྟོག་གེ་རྣམས་ཀྱི་ཡུལ་མིན་པ། །སྣང་བ་ཡོངས་སུ་ཤེས་པ་ནི། །འགྲོ་བས་མ་རྙེད་བར་དུ་འ། ཞེས་དྲངས་པ་ནི་ཀླུ་བྱང་གི་གཞུང་ཡིན་གྱི། ལས་མཐའ་རྣམ་འབྱེད་ཀྱི་མདོ་ལ་སྐལ་ལྡན་གྲགས་པ་འཆད་པ་མིན་ནོ། །རྣམ་ཤེས་འད་གསལ་དུ་འཇུག་པ་ནི་ཀུན་ཏུ་སྣང་བ་འད་གསལ་དུ་ཐིམ་པ་ཡིན་གྱི། དེ་ལ་རང་བཞིན་ཐིམ་པ་མིན་ནོ། །འདིས་གཞིའི་འཆི་རིམ་བསྟན་ཀྱང་དེ་དང་ལམ་གྱི་འོད་གསལ་དུ་འཇུག་པ་གཉིས་སྨིག་རྒྱུ་བཞིན་དུ་འཆར་བ་སོགས་འདྲ་བས། བར་དོར་འཚང་རྒྱ་བ་ལ་སྨིག་རྒྱུའི་རྣམ་པ་སོགས་སུ་འཆར་ཞིང༌། ཚེ་འདིར་འོད་གསལ་དུ་འཇུག་རིམ་ལ་རྟགས་ཅན་གྱི་ཤེས་པ་བརྟན་མི་བརྟན་གྱི་ཚད་སྨིག་རྒྱུ་སོགས་ལྔ་དང་འདྲ་བ་ཡིན་པའི་ཁྱད་པར་དང༌། སྤྱོད་བསྡུས་སུ་གསུངས་པ་བརྟན་མི་བརྟན་གྱི་ཚད་དང༌། སྒྲོན་གསལ་ལས་གསུངས་པ་སྨིག་རྒྱུ་སོགས་ཀྱི་རྣམ་པ་ཅན་དུ་འཆར་བའི་ཁྱད་པར་འདོད་པ་དང༌། ཞལ་ལུང་གི་འགྲེལ་པར་མཚན་མ་བཞི་སྔ་


JLD007_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་ཕྱི་མ་གསལ་དུ་སོང་བ་ཡིན་གྱི། དེ་རྣམས་དང་འདྲ་བ་མིན་ཞེས་པ་རྣམས་མི་ལེགས་སོ། །རྟགས་འདི་རྣམས་ཕྱིན་ལོག་གི་སའི་ཁམས་ལ་སོགས་པ་དང༌། དབང་པོའི་རླུང་ནང་དུ་ལྡོག་ཏུ་རུང་བ་དང༌། ལྡོག་བཞིན་པ་དང༌། ལོག་པའི་དུས་སུ་འབྱུང་ལ། དེ་ལའང་གཞི་དུས་དང་ལམ་གྱི་དུས་དང༌། ཕྱི་མ་ལའང་ལུས་དབེན་སོགས་གོང་འོག་མང་པོར་འོང་བར་གསུངས་པ་རྣམས་སོ་སོར་ཕྱེད་པར་བྱའོ། །དེ་ཡང་ཀུན་རྟོག་གཡོ་བའི་རླུང་ཐིམ་པ་ན་མར་མེ་ལྟར་སྣང་བ་འཆར་ལ། སྣང་བའི་ཡེ་ཤེས་ཀྱི་དུས་སུ་ཟླ་འོད་ལྟར་སྣང་བ་ཡིན་པས། དེ་གཉིས་རིམ་ཅན་དང༌། ལུགས་མཐུན་གྱི་ཚེ་སྣང་བའི་ཡེ་ཤེས་ནས་འོད་གསལ་གྱི་བར་དང༌། ལུགས་ལྡོག་གི་ཚེ་འད་གསལ་ནས་སྣང་བའི་བར་དུ་སྨིག་རྒྱུ་སོགས་བཞི་ནི་འཆར་བས་སྔ་མའི་ཚེ་སྣང་བའི་གོང་དུ་དང༌། ཕྱི་མའི་ཚེ་སྣང་བའི་འོག་ཏུ་འཆར་བ་ཡིན་ནོ། །སྐབས་འདིར་ནི་བསམ་གཏན་གཉིས་ཀྱིས་ཡང་དང་ཡང་དུ་བསྡུས་ནས་སེམས་བཟུང་བའི་ཚེ་འབྱུང་ཡང༌། རིལ་འཛིན་གསུམ་སོ་སོར་བསྡུས་པ་ལ་རྟགས་སོ་སོར་སྦྱོར་བ་དང༌། རིལ་འཛིན་རེ་རེའི་སེམས་དཔའ་གསུམ་སོ་སོར་བསྡུས་པ་ལ་རྟགས་སོ་སོར་སྦྱར་བ་ནི་མི་ལེགས་སོ། །དཔེའི་འོད་གསལ་གྱི་སྐབས་སུ་དེའི་ངོར་ནམ་མཁའ་གཡའ་དག་ལྟ་བུའི་གཟུང་རྣམ་འཆར་གྱི། དོན་གྱི་འོད་གསལ་གྱི་སྐབས་སུ་ནི་གཉིས་སྣང་ཕྲ་མོ་ཡང་ནུབ་ནས་སྤྲོས་པའི་དྲི་མ་མེད་པ་ལ་ནམ་མཁའ་དཔེར་བླངས་ཀྱི། རྣམ་པ་དེ་འདྲ་ཞིག་འཆར་བ་མིན་ནོ། །ལམ་གྱི་སྟོང་པ་གསུམ་


JLD007_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡེ་ཤེས་མཚན་ཉིད་པ་སྐྱེ་བ་ན། ཡུལ་དུ་གང་སྣང་གི་དམིགས་པ་ལ་ཕྱོགས་རེར་མ་ཆད་པར་ཟླ་འོད་སོགས་བཞིན་དུ་སྣང་བ་ཡིན་གྱི། ཀོར་ལེ་རེར་ཟླ་འོད་སོགས་བཞིན་དུ་སྣང་བ་ནི་སྟོང་པ་གསུམ་གྱི་ཡེ་ཤེས་ཀྱི་དུས་སུ་འཆར་བའི་ཟླ་འོད་སོགས་བཞིན་དུ་སྣང་བ་མིན་ནོ། །ཟླ་འོད་ལྟར་སྣང་བ་བསྡུས་མ་ཐག་ཉི་འོད་ལྟར་སྣང་བའི་མཆེད་པ་སྐྱེ་བའི་ངེས་པ་མེད་པས་དེ་གཉིས་ཀྱི་བར་དུ་གནས་པ་འོང་ལ། དེ་ལ་ཡང་ནམ་མཁའ་གཡའ་དག་བཞིན་དུ་འཆར་བ་འོང་བས་དེ་དང་སྟོང་པ་བཞི་པའི་འཆར་ཚུལ་ལ་ནི་ཁྱད་པར་ཆེའོ། །རྡོ་རྗེའི་ལམ་གྱིས་ཏེ་འདའ་བར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས་འོད་གསལ་དུ་འཇུག་པས། བརྟན་པ་སྟེ་རྣམ་པར་དག་པ་ནི་ནམ་མཁའ་སྟེ་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲོ་བ་སྟེ། ཆོས་ཀྱི་སྐུའི་ཚུལ་གྱིས་ཁྱབ་པར་བྱའོ་ཞེས་ཆག་འགྱུར་ལྟར་བཤད་པར་བྱའོ། །འཇིག་རྟེན་གྱི་ཁམས་སུ་སྤྲོ་བའི་དོན་ནི་སྣོད་བཅུད་ཀུན་གྱི་ཆོས་ཉིད་ལ་བློས་ཁྱད་པར་བྱེད་པའི་དོན་ནོ། །མཚན་མ་ལྔའི་གོ་རིམ་ནི་འདའ་བར་མི་བྱ་བར་གསུངས་པས། དང་པོའི་དུས་གཅིག་གཉིས་སུ་མ་ངེས་པ་ཅུང་ཟད་སྲིད་ཀྱང༌། ལུགས་མཐུན་ལུགས་མི་མཐུན་གྱི་སྟོང་པ་རྣམས་སྒོམ་ལེགས་པར་ཤེས་ན་ངེས་པར་ཁྲིགས་ཆགས་སུ་འཆར་བ་ཡིན་ནོ། །འདིར་གཙོ་བོར་དོན་གྱི་འོད་གསལ་ལ་སྦྱར་རྒྱུ་ཡིན་ཀྱང༌། དེར་མ་སླེབ་ཚུན་ཆད་ལ་དཔེའི་འོད་གསལ་ཡང་དང་ཡང་དུ་གོམས་པར་བྱེད་དགོས་ལ། བཤད་པ་འདི་རྣམས་ལམ་འོག་མའི་སྐབས་སུ་ཡང་ཤེས་པར་བྱའོ། །བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་ལ་གཉིས། རིམ་ལྔ་དང་སྤྱོད་བསྡུས་ལས་འབྱུང་བའི་དོན་


JLD007_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང༌། རྒྱུད་ཕྱི་མ་ལས་འབྱུང་བའི་ཡན་ལག་གཉིས་བཤད་པའོ། །དང་པོ་ལ་གཉིས། དྲི་བ་དང༌། ལན་ནོ། །དང་པོ་ནི། སྤྱོད་བསྡུས་ལས། བཅོམ་ལྡན་འདས་ཇི་ལྟར་ན་དོན་དམ་པའི་བདེན་པ་ལ་ཞུགས་ཏེ། དངོས་པོ་མེད་པར་གྱུར་ནས་ལྡང་བར་བགྱིད། འདིར་མངོན་དུ་ཕྱོགས་པ་ཉམས་སུ་མྱོང་བ་ནི་གང་ཞིག་ལགས། མི་ལྡོག་པར་གྱུར་པ་ནི་གང་ཞིག་ལགས། ཐར་པའི་དོན་ནི་གང་ཞིག་ལགས། ཅིའི་ཕྱིར་ན་གྲོལ་བར་འགྱུར། གྲོལ་བ་ནི་སུ་ཞིག་ལགས། ཞེས་ཟུང་འཇུག་གི་རིམ་པ་གཏན་ལ་དབབ་པའི་ཕྱིར་དུ་དྲི་བ་དྲུག་མཛད་དོ། །དེའི་དང་པོ་ནི། རིམ་པ་གསུམ་པའི་སྒྱུ་ལུས་དོན་དམ་བདེན་པར་ཞུགས་ཏེ་དག་པར་གྱུར་ནས་སླར་ཡང་འོད་གསལ་ལས་ལྡང་བར་བགྱིད་པའི་རིམ་པ་ཇི་ལྟར་ལགས་ཞེས་པའོ། །གཉིས་པ་ནི། བླ་ན་མེད་པའི་ཐེག་པ་འདིར་ས་དང་པོ་ལ་སོགས་པའི་རིམ་པས་མངོན་དུ་ཕྱོགས་པ་ཉམས་སུ་མྱོང་བ་སྟེ། འབྲས་བུ་ལ་མངོན་དུ་ཕྱོགས་ནས་བགྲོད་པའི་ལམ་ཉམས་སུ་མྱོང་བ་སྐྱེ་བའི་རིམ་པ་ཇི་ལྟར་ལགས་ཞེས་པའོ། །ཆག་འགྱུར་ལས། འདིར་བདེ་བ་དམ་པ་ཉམས་སུ་མྱོང་བར་འགྱུར་བ་ནི་གང་ཞིག་ལགས། ཞེས་འབྱུང་ཡང་སྔ་མ་ལྟར་བདེའོ། །གསུམ་པ་ནི། འཁོར་བར་མི་ལྡོག་པ་དང་ལྡོག་པར་འགྱུར་བའི་ས་མཚམས་ནི་གང་ཞིག་ལགས་ཞེས་པའོ། །བཞི་པ་ནི། གང་ལས་ཐར་བའི་ཐར་པའི་དོན་ནི་གང་ཞིག་ལགས་ཞེས་པའོ། །ལྔ་པ་ནི། དེ་ལྟར་ཐར་པའམ་གྲོལ་བར་འགྱུར་བའི་རྒྱུ་མཚན་འདི་འདྲི་བའོ། །དྲུག་པ་ནི། གྲོལ་བ་པོ་ནི་སུ་ཞིག་ལགས་ཞེས་གང་ཟག་གི་ངོ་བོ་


JLD007_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འདྲི་བའོ། །ཆག་འགྱུར་ལས། ཕྱི་མ་གཉིས་མེད་པར། གང་ལས་གྲོལ་བར་འགྱུར་ཞེས་འབྱུང་ཡང་འགྱུར་རྙིང་ལྟར་ལེགས་སོ། །གཉིས་པ་ནི། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེག་སོ་ལེགས་སོ། །འོད་གསལ་ལས་ལྡང་བའི་རིམ་པ། དེ་བཞིན་གཤེགས་པའི་མན་ངག་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱི་ཡུལ་མ་ཡིན་པ། དཔལ་གསང་བ་འདུས་པའི་རྗེས་སུ་འབྲངས་ནས་ཁོང་དུ་ཆུད་པར་བྱ་ཡིས། རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག །ཅེས་མཉན་པར་བྱ་བར་གདམས་ནས་དྲིས་པའི་དོན་འཆད་པ་ལ་བཞི། དྲི་བ་གཉིས་པའི་ལན། དྲི་བ་གསུམ་པ་དང་ལྔ་པའི་ལན། དྲི་བ་དང་པོའི་ལན། བཞི་པ་དང་དྲུག་པའི་ལན་འཕྲོས་དང་བཅས་པའོ། །དང་པོ་ནི། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་རིམ་ལ་བསླབས་ནས་ས་བརྒྱད་པ་འཐོབ་སྟེ། ཇི་སྲིད་རྫོགས་རིམ་མ་ཐོབ་པ་དེ་སྲིད་དུ་ད་དུང་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་ནས། ས་བཅུ་ཐོབ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང༌། སྒྱུ་མ་ལྟ་བུའི་ཏིང་འཛིན་ཡང་དག་པར་རྟོགས་ནས། སྣང་བ་གསུམ་རྣམ་པར་དག་པའི་འོད་གསལ་སོ་སོར་ཐོབ་སྟེ། སྣང་བ་མེད་པའི་འོད་གསལ་ལས་ལངས་ནས། ཟུང་འཇུག་ལ་གནས་པའི་རིམ་གྱིས། སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། ཞེས་སྤྱོད་བསྡུས་ལས་བཤད་དོ། །ཆག་འགྱུར་ལས། ལུས་ངག་སེམས་རྣམ་པར་དབེན་པ་མངོན་པར་རྟོགས་ནས་ཀྱང་ས་བཅུ་


JLD007_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ། ཞེས་དང༌། སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་བྱས་ནས། ཞེས་འབྱུང་བས་ནི་འགྱུར་སྔ་མ་གསལ་དུ་བཏང་ངོ༌། །ས་བཅུ་ཞེས་པ་ཙམ་མ་གཏོགས་པ་སའི་མིང་འདོགས་དང༌། མིང་གི་དོན་གང་ཡང་ཡབ་སྲས་ཀྱི་གཞུང་ནས་མ་བྱུང་ལ། རྡོ་རྗེ་འཕྲེང་བ་ལས་བུམ་དབང་བཅུ་གཅིག་དང༌། དབང་གོང་མ་གསུམ་སྟེ་བཅུ་བཞི་པོ་ལ། དབང་བསྐུར་རེ་རེ་ས་རེ་རེའོ། ཞེས་ས་བཅུ་བཞིའི་གྲངས་ཙམ་མ་གཏོགས་པ། ས་རེ་རེའི་མིང་དང་དོན་གང་ཡང་མ་བྱུང་ཞིང༌། དགོངས་པ་ལུང་སྟོན་དུ། སངས་རྒྱས་རྣམས་ཀྱིས་གང་བསྟེན་པ། །སར་གྱུར་དེ་ནི་བཅུ་གསུམ་པ། ཞེས་གསུངས་པ་མ་གཏོགས་པ་ས་བཅུ་གསུམ་གྱི་མིང་དོན་གང་ཡང་མ་གསུངས་ཏེ། རྩ་རྒྱུད་དང་བཤད་རྒྱུད་གཞན་ནས་ཀྱང་མ་གསུངས་སོ། །དེའི་གནད་ཀྱིས་མི་མཐུན་པ་བྱུང་སྟེ། སྤྱོད་བསྡུས་ཀྱི་འགྲེལ་པ་ལས། གང་ཚེ་ཐ་མའི་དྲོད་གྱུར་ནས། །བཟོད་པ་ཆོས་མཆོག་དབང་དུ་ནི། །རབ་འབྲིང་སྦྱོར་བ་བཅུ་གཉིས་ཏེ། །རབ་ཏུ་དགའ་བ་བཅུ་གསུམ་པའོ། ཞེས་དང༌། རབ་ཏུ་དགའ་ནས་ཆོས་ཀྱི་སྤྲིན། །གང་གི་རྗེས་ལ་ཐོབ་པ་རྣམས། །ཟུང་འཇུག་གིས་ནི་སྦྱོང་བར་བྱེད། ཅེས་བཤད་པ་ལྟར་དྲོད་རྩེ་བཟོད་མཆོག་གི་སྦྱོར་ལམ་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་དུ་བྱས་པ་ལ་ས་བཅུ་གཉིས། ས་རབ་ཏུ་དགའ་བ་ས་བཅུ་གསུམ་པ་དང༌། རྡོར་བཟླས་ཀྱིས་ས་བརྒྱད་པ་བཟོད་པ་འབྲིང་དང་སེམས་དབེན་གྱིས་ཆོས་མཆོག་ཆུང་ངུའམ་འབྲིང༌། སྒྱུ་ལུས་ཀྱིས་ཆོས་མཆོག་ཆེན་པོ། འོད་གསལ་


JLD007_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཕགས་པའི་ས་བཅུའི་དང་པོ་རབ་དགའ། སྦྱོར་ལམ་གྱིས་ས་བཅུ་གཉིས་ལ་བལྟོས་ན་བཅུ་གསུམ་པ་འཐོབ་ལ། ཟུང་འཇུག་ནི་ས་ཐོབ་ཟིན་རྣམས་སྦྱོང་བར་བྱེད་པའོ་ཞེས་ཟེར་ཏེ། བསྐྱེད་རིམ་གྱིས་ས་བདུན་པ་བར་བགྲོད་པར་མངོན་ནོ། །ལག་སྨིས། ས་བཅུ་ནི་རབ་དགའ་སོགས་ལ་བྱས་ནས། བསྐྱེད་རིམ་ལུས་དབེན་དང་བཅས་པས་ས་བརྒྱད་པ་དང༌། དོན་གྱི་ཤུགས་ཀྱིས་རྡོར་བཟླས་ཀྱིས་ས་དགུ་པ་དང༌། སྣང་བ་གསུམ་པོ་མཐོང་བས་ཡེ་ཤེས་དབང་དུ་གྱུར་པའི་ཕྱིར་ས་བཅུ་པ་འཐོབ་ལ། སྒྱུ་ལུས་དེའི་རྗེས་ཐོབ་ཡིན་པས་སའི་རིམ་པ་མེད་པའི་ཕྱིར་ས་བཅུ་པ་ཁོ་ནའོ། །འོད་གསལ་གྱིས་བཅུ་གཅིག་ཀུན་ཏུ་འོད་ཀྱིས་འཐོབ་ལ། ཟུང་འཇུག་དེའི་རྗེས་ཐོབ་ཡིན་པས་ས་བཅུ་གཅིག་པ་ཁོ་ནའོ། །ལས་དང་པོ་པའི་ས་ནི་ཚངས་པའི་གནས་ལ་སོགས་པ་བསྒོམས་པས་འཐོབ་ལ། ཚེ་དེ་ཉིད་ལ་སངས་རྒྱས་ཐོབ་པ་ནི་ས་བཅུ་གསུམ་པའོ་ཞེས་ཟེར་རོ། །འགྲེལ་པ་ཟླ་འོད་ལས། རབ་ཏུ་དགའ་བ་སོགས་ཀྱི་ས་བཅུ་ལ་བཤད་ཀྱང༌། ས་རྣམས་དང་སྦྱོར་ཚུལ་གསལ་བར་མ་བཤད་དོ། །སྔོན་གྱི་འདུས་པ་བ་མཁས་པ་ཁ་ཅིག །ས་བཅུ་ནི་རབ་ཏུ་དགའ་བ་སོགས་ལ་བྱེད་ལ། བསྐྱེད་རིམ་མཐར་ཕྱིན་པ་སོགས་ཀྱིས་ས་མི་གཡོ་བ་དང་ཆོས་ཀྱི་སྤྲིན་ཐོབ་པར་བཤད་པའི་དགོངས་པ་ནི། ས་དེ་དག་གི་ཡོན་ཏན་རྣམས་རྫོགས་པའི་ཚུལ་གྱིས་ཐོབ་པ་མིན་གྱི། དེ་རྣམས་ཀྱི་དོད་ཐོབ་པ་ལ་བཞེད་ལ། བོད་ཀྱི་མཁས་པ་ཁ་ཅིག་ནི། རབ་དགའ་སོགས་ས་བཅུའི་སྟེང་དུ་མངོན་བརྗོད་བླ་མ་ལས། དཔེ་མེད་པ་


JLD007_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་སྟེ་བཅུ་གསུམ་པ། ཞེས་པའི་དོན། ཨ་བྷྱས་ཕར་ཕྱིན་ནས་བཤད་པའི་ས་བཅུ་པ་ལ། ས་བཅུ་པ་ཙམ། ཁྱད་པར་གྱི་ལམ། བར་ཆད་མེད་པའི་ལམ་གསུམ་དུ་ཡོད་པའི་ས་བཅུ་པ་ནི་ས་བཅུ་པ་ཙམ། ཁྱད་པར་གྱི་ལམ་ནི་དཔེ་མེད། བར་ཆད་མེད་པའི་ལམ་ནི་ཡེ་ཤེས་ལྡན། ཀུན་ཏུ་འོད་ནི་རྡོ་རྗེའི་ས་སྟེ་དེ་ལྟ་བུའི་ས་བཅུ་གསུམ་པ་ནི་དགོངས་པ་ལུང་སྟོན་ནས་བཤད་པའི་ས་བཅུ་གསུམ་པ་ཐམས་ཅད་སྟོང་པ་འོད་གསལ་དུ་བཞེད་ལ། སྤྱོད་བསྡུས་ཀྱི་དགོངས་པས་ཀྱང་སྒྱུ་ལུས་ས་བཅུ་གཅིག་པ། འོད་གསལ་བཅུ་གཉིས་པར་བསྟན་ཅིང༌། དེ་ཉིད་མོས་སྤྱོད་ནས་བགྲངས་པའི་བཅུ་གསུམ་པ་དང༌། རྡོ་རྗེ་འཕྲེང་བའི་ས་བཅུ་གསུམ་པ་ཡང་འོད་གསལ་ཡིན་པ་རྒྱུད་དེའི་དགོངས་པར་འཆད་དེ། ལམ་དེ་དག་གིས་ས་དེ་དག་དངོས་ཐོབ་པར་འདོད་པའོ། །འདིའི་ལྟར་ན་ཟུང་འཇུག་ས་བཅུ་བཞི་པར་བྱ་དགོས་སོ། །དེ་ལ་ཕར་ཕྱིན་གྱི་ཐེག་ཆེན་ནས་འཕགས་པ་ལ་སློབ་པའི་ས་ལ་རབ་དགའ་སོགས་བཅུ་དང༌། མི་སློབ་པ་ལ་ཀུན་ཏུ་འོད་དེ་བཅུ་གཅིག་ཏུ་མང་དུ་གསུངས་ཤིང༌། སོ་སྐྱེ་ལ་མོས་སྤྱོད་ཀྱི་ས་དང་ལས་དང་པོ་པའི་ས་ཡང་གསུངས་སོ། །སྔགས་ནས་སའི་གྲངས་བཅུ་གཉིས་དང༌། བཅུ་གསུམ་དང༌། བཅུ་བཞིར་གསུངས་ལ། མིང་འདོགས་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་དང༌། བདུད་རྩི་འོད་ལ་སོགས་པ་བཅུ་གཉིས་གསུངས་པ་དང༌། ཀྱཻ་རྡོར་དང་སམ་བྷུ་ཊ་ལ་སོགས་པར་


JLD007_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་སོགས་པ་བཅུ་གཉིས་གསུངས་པ་ལྟ་བུ་མི་མཐུན་པ་དང༌། རབ་དགའ་སོགས་བཅུར་བཤད་པ་ལྟ་བུ་མིང་འདོགས་མཐུན་པ་ཡང་ཡོད་དོ། །དེ་ལ་ནི་མོས་སྤྱོད་ཀྱི་ས་དང་ཀུན་ཏུ་འོད་གཉིས་དོན་གྱི་ཤུགས་ཀྱིས་གནས་པར་མན་སྙེ་སོགས་ལས་བཤད་དེ། སྔ་མའི་ས་བཅུ་གཉིས་ཀྱང་ཕྱི་མ་དང་འདྲའམ་སྙམ་མོ། །བཅུ་གསུམ་གྱི་མིང་འདོགས་མི་འདྲ་བ་གསུམ་ནི་ཨ་བྷྱ་གསུང་པ་ལྟར་ཡིན་པས་དེ་རྣམས་འཕགས་པའི་སར་སྣང་བས་དེ་ལ་མོས་སྤྱོད་བསྣན་ན། རྡོ་རྗེའི་ས་ནི་བཅུ་བཞི་པའོ། །དེས་ན་སའི་གྲངས་ཕར་ཕྱིན་ལས་མང་ཡང༌། བཅུ་གཅིག་ཀུན་ཏུ་འོད་ལས་གོང་མའི་ས་འདོད་པ་མིན་ནོ། །རྩ་རྒྱུད་ལས། ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དེ་འགྱུར་རོ། ཞེས་ཟུང་འཇུག་གི་སྐབས་སུ་གསུངས་པའི་དོན་སྒྲོན་གསལ་ལས། ས་བཅུ་ནི་འོད་ཟེར་བཅུ་སྟེ་དེ་ལ་རབ་ཏུ་གནས་པའོ། ཞེས་གསུངས་པ་ཡང་ཡོད་མོད་ཀྱང༌། སྔར་བཤད་པའི་ས་བཅུ་ནི་རབ་དགའ་སོགས་བཅུ་ལ་བྱའོ། །བསྐྱེད་རིམ་གྱིས་ས་བརྒྱད་པ་དང༌། རྡོར་བཟླས་ཀྱིས་ཀྱང་ས་བརྒྱད་པ་འཐོབ་པར་གསུངས་པའི་དང་པོ་ནི་ས་བརྒྱད་པ་ཐོབ་མ་ཐག་པ་དང་སྦྱར་ལ། གཉིས་པ་ནི་ཕར་ཕྱིན་གྱི་ས་བརྒྱད་པ་དང༌། དེས་མཚོན་ནས་ས་དགུ་པ་དང་སྦྱོར་བ་ཡང་ཤེས་པར་བྱ་སྟེ། རྫོགས་རིམ་གྱི་ལུས་དབེན་རྡོར་བཟླས་ཀྱི་ཁོངས་སུ་བསྡུས་པ་ལ་དགོངས་སོ། །རིམ་ལྔ་ལས། སྣང་བ་གསུམ་པོ་མཐོང་བས་ས་བཅུ་པ་ལ་གནས་པར་བཤད་ཅིང༌། སྤྱོད་བསྡུས་ལས་སྐུ་གསུང་ཐུགས་མངོན་པར་རྟོགས་ནས་ས་བཅུ་ཐོབ་པར་གསུངས་


JLD007_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས། ལེའུ་དྲུག་པའི་སྒྲོན་གསལ་ལས་སྐུ་གསུང་ཐུགས་གསུམ་སྣང་མཆེད་ཐོབ་གསུམ་དུ་བཤད་པ་བཞིན་དོན་གཅིག་ཏུ་བྱས་ནས། སེམས་དབེན་དང་ས་བཅུ་པ་སྦྱར་རོ། །སྣང་བ་གསུམ་མཐོང་བ་ས་བཅུ་པ་དང་སྦྱར་བའི་འགྲེལ་པར་ནག་པོ་པས། བདག་བྱིན་བརླབས་ཐོབ་པ་ལ་བཤད་པ་ནི། སེམས་དབེན་ལ་བརྟེན་ནས་སྒྱུ་ལུས་ཐོབ་པ་ལ་བྱས་ན། དེ་ས་བཅུ་པ་དང་སྦྱོར་བ་སྤྱོད་བསྡུས་ཀྱི་དོན་ཡིན་ནོ། །དེ་ནི་ཕར་ཕྱིན་གྱི་ས་བཅུ་པའི་སྟོད་དང་སྦྱར་བའོ། །ས་བཅུ་པའི་སྨད་ལ་འོད་གསལ་དང་སློབ་པའི་ཟུང་འཇུག་འཇོག་པ་ནི། ཕ་རོལ་ཏུ་ཕྱིན་པའི་ས་བཅུ་པ་བ་ལ་བླ་མེད་ཀྱི་ལམ་བསྣན་ལུགས་སྔར་བཤད་པས་ཤེས་པས། མི་སློབ་པའི་ཟུང་འཇུག་བཅུ་གཅིག་ཀུན་ཏུ་འོད་ལ་འཇོག་པར་ཡང་ཤེས་སོ། །རྒྱུད་གཉིས་ལས་འོད་གསལ་ས་བཅུ་གསུམ་པར་བཤད་པ་ཡང༌། མོས་སྤྱོད་ཀྱི་ས་ལ་བལྟོས་ནས་ཡིན་ལ། དེས་སློབ་པའི་ཟུང་འཇུག་ཀྱང་མཚོན་ནོ། །གལ་ཏེ་སའི་སྦྱོར་ཚུལ་དེ་ལྟར་ཡིན་ན། བསྐྱེད་རིམ་ལ་སོགས་པ་རང་རང་གི་སྐབས་ཀྱི་ལམ་དེ་མཐར་ཕྱིན་པ་ན། རབ་དགའ་སོགས་ས་དེ་དག་གི་ཡོན་ཏན་རྫོགས་པར་ཐོབ་པ་ཡིན་ནམ། ཡང་ན་དབང་བསྐུར་བཅུ་བཞི་ས་རེ་རེ་དང་སྦྱར་བ་དང༌། སྒྲུབ་ཐབས་ཚར་གཅིག་ལམ་ལྔ་དང་སྦྱར་བ་དང༌། ལྷག་མོས་འོད་གསལ་དུ་སྡུད་པ་སོགས་སྐུ་གསུམ་དང་སྦྱར་བ་ལྟར། འདྲ་བའི་ཆོས་མཐུན་རེའི་སྒོ་ནས་སྦྱར་བ་ཡིན་སྙམ་ན། རིམ་པ་གསུམ་པའི་སྒྱུ་ལུས་ཐོབ་ཀྱང་འོད་གསལ་མངོན་དུ་མི་


JLD007_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན། ཉོན་མོངས་ཀྱི་དབང་གིས་འཁོར་བར་ལྡོག་པར་གསུངས་པས། ལམ་དེའི་རང་གི་སྐབས་མཐར་ཕྱིན་པ་ཙམ་གྱིས་ས་བཅུ་པར་མ་ཟད། འཕགས་པའི་ས་ཐོབ་པ་ཡང་མིན་པས་སྦྱར་ཚུལ་དེ་རྣམས་ནི་རབ་དགའ་སོགས་ཀྱི་སའི་ཡོན་ཏན་རྫོགས་པའི་ཚུལ་གྱིས་ཐོབ་པ་མིན་ཏེ། བསྐྱེད་རིམ་མཐར་ཕྱིན་པས་ས་མི་གཡོ་བ་དངོས་ཐོབ་པར་འཇོག་པ་སོགས་ལ་གནོད་པ་གཞན་ཡང་དུ་མ་ཞིག་སྣང་ངོ༌། །དེས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ས་བཅུ་པའི་བར་དུ་བགྲོད་པ་དེས། ལམ་འདིའི་བསྐྱེད་རིམ་ནས་སྒྱུ་ལུས་ཀྱི་བར་བགྲོད་པའི་དོད་ཐུབ་པར་བཤད་པ་ལྟར། ཐེག་པ་འདིའི་ལམ་དེ་དག་གིས་ཀྱང་འཚང་རྒྱ་བ་ལ་ཐེག་པ་གཞན་གྱིས་ས་དེའི་བར་དུ་བགྲོད་པའི་དོད་ཐུབ་པས། དེ་རྣམས་ཐོབ་པས་ས་བཅུའི་བར་དུ་ཐོབ་པར་གསུངས་ཀྱི། ལམ་ཕན་ཚུན་གྱི་ཡོན་ཏན་ཇི་མ་ཇི་བཞིན་མཚུངས་པར་ཐོབ་པ་མི་དགོས་སོ། །དེ་ཡང་རྫོགས་རིམ་གྱི་རྟོགས་པ་ཡོངས་སུ་རྫོགས་པར་སྐྱེ་བའི་སྨིན་བྱེད་བསྐྱེད་རིམ་ཡིན་པས། དེའི་ཐ་མ་ཡོངས་སུ་སྨིན་པ་ནི་ས་བརྒྱད་པ་ཐོབ་མ་ཐག་པ་དང༌། སྨིན་པར་བྱེད་པའི་སྔ་མ་རྣམས་ས་བདུན་དང་སྦྱར་གྱི། བསྐྱེད་རིམ་གྱི་ཁྱད་པར་འདི་ས་བདུན་གྱི་འདིའོ་ཞེས་མ་སྦྱར་རོ། །བསྐྱེད་རིམ་མཐར་ཕྱིན་པ་ན་ཐ་མལ་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་ལ་འདོད་དགུར་འཇུག་ནུས་ཤིང༌། སྣོད་བཅུད་ཀྱི་ཞིང་གཞལ་ཡས་ཁང་དང་ལྷར་སྣང་བའི་ཡོངས་སུ་དག་པ་ཐོབ་པས་ཀྱང་ས་བརྒྱད་པ་དང་མཚུངས་སོ། །དེ་སྔོན་དུ་བཏང་སྟེ་ལུས་དབེན་ལ་


JLD007_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ངག་དབེན་སྦྱངས་པ་ན། སྤྱོད་བསྡུས་ལས་གསུངས་པ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཅི་རིགས་པར་ཐོབ་ཅིང༌། ངག་གི་རྩ་བ་རླུང་དག་པར་བྱས་ནས་དེ་ལ་དབང་ཐོབ་པ་ནི། ས་དགུ་པར་ཆོས་སྟོན་པའི་ངག་རྣམ་པར་དག་པའི་ཡེ་ཤེས་ལ་དབང་བ་དང་འདྲའོ། །ངག་དབེན་མཐར་ཕྱིན་པ་ལ་བརྟེན་ནས་བསྒྲུབས་པའི་སེམས་དབེན་གྱི་རླུང་སེམས་ལས་སྒྱུ་མའི་སྐུ་སྒྲུབ་ཅིང༌། སངས་རྒྱས་རྣམས་ལ་དབང་བསྐུར་བ་འཐོབ་པ་ནི། ས་བཅུ་པར་ལས་ལ་དབང་བ་ཐོབ་པས། དམན་པའི་ལུས་ཀྱི་རྒྱུའི་ལས་ཀྱི་བག་ཆགས་ངན་པ་རྣམས་ལུས་ཕུན་སུམ་ཚོགས་པའི་རྒྱུར་སྒྱུར་བ་དང་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་དང་འདྲ་སྟེ། ཐ་མལ་པའི་ལུས་ཀྱི་རྒྱུའི་རླུང་སེམས་ལོངས་སྐུའི་རྒྱུར་བསྒྱུར་བས་སོ། །ས་བཅུ་པར་སྟོང་ཉིད་ཀྱི་རྟོགས་པ་སྒྲིབ་པ་འཇོམས་པ་ལ་ནུས་པ་མཐུ་ལྡན་དུ་འགྲོ་བའི་རྒྱུ་ལམ་གྱི་ཚོགས་རྣམས་རྫོགས་ཤིང་རང་གི་ལམ་ལ་གསར་དུ་བསླབ་ཏུ་མེད་པ་ལྟར་སྒྱུ་ལུས་ཐོབ་པ་ལ་བརྟེན་ནས་འོད་གསལ་དུ་འཇུག་པ་དང༌། དེའི་རྗེས་སུ་ཟུང་འཇུག་འགྲུབ་པ་ཡང་དེ་དང་འདྲ་བས་དེ་རྣམས་ས་བཅུ་པ་དང་སྦྱར་རོ། །ཆོས་ཉིད་མངོན་སུམ་དུ་རྟོགས་མ་རྟོགས་ལ་འཕགས་པའི་ས་ཐོབ་མ་ཐོབ་ཀྱི་སྒོ་ནས་སོ་སྐྱེ་དང་། འཕགས་པའི་ལམ་གཉིས་སུ་འབྱེད་ཅིང༌། སོ་སྐྱེའི་ལམ་ལ་ཚོགས་སྦྱོར་གཉིས་བྱེད་པ་དང་སྦྱོར་ན། ལམ་ཐུན་མོང་བ་ནས་བཟུང་སྟེ། བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་བཙུད་པ་ཐིམ་པས་སྟོང་


JLD007_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པ་དངོས་སུ་འདྲེན་མི་ནུས་པ་དེ་སྲིད་དུ་ཚོགས་ཀྱི་ལམ་དང༌། དེ་ནུས་པ་ནས་བདེ་བས་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་སྒྱུ་ལུས་ཚུན་ཆད་སྦྱོར་ལམ་དང༌། དོན་གྱི་འོད་གསལ་ནས། ཟུང་འཇུག་མ་ཐོབ་པར་མཐོང་ལམ་ས་རབ་ཏུ་དགའ་བ་དང༌། སློབ་པའི་ཟུང་འཇུག་ནས། མི་སློབ་པའི་ཟུང་འཇུག་མ་ཐོབ་པར་སྒོམ་ལམ་ས་དགུ་དང་སྦྱར་རོ། །གཉིས་པ་ནི། སྒྱུ་ལུས་ཐོབ་པ་རྣམས་ཀྱིས་དོན་དམ་བདེན་པ་མངོན་པར་མ་རྟོགས་པ་དེ་སྲིད་དུ་ཕྱིར་ལྡོག་གོ །དེའི་རྒྱུ་མཚན། ཇི་སྲིད་དུ་སྣང་བ་གསུམ་གྱིས་དག་པ་དེ་སྲིད་དུ་རྣམ་ཤེས་ཀྱི་ཀུན་རྟོག་གོ །དེ་ཇི་སྲིད་པ་དེ་སྲིད་དུ་ཉོན་མོངས་ཀྱི་བག་ཆགས་ཀྱི་རྒྱུན་དང༌། དེས་ནི་ཡང་སྲིད་པར་འགྱུར་བ་ཡིན་ལ། ཞེས་སྤྱོད་བསྡུས་ལས་བཤད་དོ། །མངོན་པར་མ་རྟོགས་པ་ནི་མངོན་སུམ་དུ་མ་རྟོགས་པའོ། །དེ་ལྟར་མ་རྟོགས་ན་ཉོན་མོངས་ཀྱི་ས་བོན་འགའ་ཡང་ཟད་པར་སྤོང་མི་ནུས་པས། ཉོན་མོངས་ཀྱི་དབང་གིས་སྐྱེ་བ་མ་སྤངས་པ་ནི། ཉོན་མོངས་ཀྱི་བག་ཆགས་ཀྱི་རྒྱུན་གྱིས་ཡང་སྲིད་པར་འགྱུར་བར་གསུངས་པའི་དོན་ཏེ། དེའི་བག་ཆགས་ནི། ཉོན་མོངས་ཀྱི་ས་བོན་ཡིན་གྱི། ཤེས་སྒྲིབ་ཏུ་བཞག་པའི་བག་ཆགས་མིན་ནོ། །སྒྱུ་ལུས་ཐོབ་ན་ཚེ་དེ་ལ་འཚང་རྒྱ་བར་ངེས་པས། ལས་དབང་གིས་སྔར་འཁོར་བར་སྐྱེ་བ་མིན་ཀྱང༌། དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་ན་ཞེས་བརྟག་པ་མཐའ་བཟུང་མཛད་པ་ཡིན་ཏེ། དཔེར་ན། ཟས་གཙང་གི་སྲས་དོན་གྲུབ་ནི་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་རྒྱལ་དུ་འགྱུར་བར་གསུངས་པ་


JLD007_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །དེས་ནི་རིམ་པ་བཞི་པ་མ་ཐོབ་བར་དུ་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་མ་རྟོགས་པར་བསྟན་པས། སྐབས་དེར་སྣང་བ་གསུམ་དག་པ་ནི་གཉིས་སྣང་ཕྲ་མོ་ཡང་དག་ནས། ཡེ་ཤེས་དེ་ཁོ་ན་ཉིད་ལ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པའོ། །སྔར་བཤད་པའི་འཕྲོ་ནས་སྤྱོད་བསྡུས་ལས། གང་སེམས་པ་གཞན་དག་དང་བྲལ་བ་དེ་ནི་རྣམ་པར་དག་པའི་གནས་ཏེ། ཞེས་གསུངས་ཤིང༌། དེའི་ཤེས་བྱེད་དུ། དཔལ་མཆོག་དང་པོ་ལས་དུག་གསུམ་དག་པའི་གནས་བྱང་སེམས་ཀྱི་གནས་སུ་གསུངས་པ་དང༌། སློབ་དཔོན་ཀམ་པ་ལས། ནང་གི་བདག་ཉིད་སྒྲུབ་པའི་ཐབས་སུ་སྒྲའི་རང་བཞིན་སྦོམ་པོ་དང༌། སེམས་པའམ་བསམ་པའི་རང་བཞིན་ཕྲ་བ་དང༌། སེམས་པའམ་བསམ་པ་དང་བྲལ་བ་རྣལ་འབྱོར་པའི་མཆོག་གི་གནས་སུ་གསུངས་པ་དྲངས་སོ། །ཆག་འགྱུར་ལས། གང་བསམ་པ་ཐམས་ཅད་དང་བྲལ་བ་དེ་ནི། ཞེས་འབྱུང་ལ། དེའི་དོན་ནི་སྣང་བ་གསུམ་དག་པའི་འོད་གསལ་ཏེ། དེ་ནི་ཉོན་མོངས་ཀྱི་ས་བོན་འགའ་ཞིག་དག་པའི་གནས་ཡིན་པས། དེ་ཐོབ་ནས་ལས་ཉོན་གྱི་དབང་གིས་ཡང་སྲིད་པར་མི་འགྱུར་བས་འཁོར་བར་མི་ལྡོག་པའོ། །ཐེག་དམན་གྱིས། སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱང༌། དགྲ་བཅོམ་པ་མ་ཐོབ་བར་དུ་ལས་ཉོན་གྱི་དབང་གིས་སྐྱེ་བ་མི་ལྡོག་ལ། ཐེག་ཆེན་པ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་ལས་ཉོན་གྱི་དབང་གིས་སྐྱེ་འཆི་ལྡོག་པ་ནི་ཐེག་ཆེན་པ་གཉིས་ཀ་


JLD007_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །རིམ་པ་གཉིས་པར་བསྐྱེད་རིམ་གྱིས་ས་བརྒྱད་པ་དང༌། སྣང་བ་གསུམ་གྱིས་ས་བཅུ་པ་ཐོབ་པར་གསུངས་པའི་མཇུག་ཏུ། མངོན་རྫོགས་བྱང་ཆུབ་ལེགས་ཐོབ་ནས། །དག་པའི་གནས་ནི་ཉེ་བར་རྟོགས། །ཕྱིར་མི་ལྡོག་པ་སྐྱེ་བ་འདིར། །སངས་རྒྱས་ཞིང་དུ་ཐམས་ཅད་མཁྱེན། ཞེས་འོད་གསལ་ནས་ཕྱིར་མི་ལྡོག་པར་བསྟན་པས། དེའི་གོང་དུ་ཕྱིར་ལྡོག་པ་འཕེན་ལ། དག་པའི་གནས་ནི། སྔར་བཤད་པ་བཞིན་ཡིན་པས། གཞུང་འདི་ཆག་གིས་བསྒྱུར་བ་ལེགས་ཏེ། འགྱུར་རྙིང་ནི་སྔར་དྲངས་ཟིན་ཏོ། །འོ་ན་ཐེག་པ་འདིར་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་མཚམས་ནས་ལས་ཉོན་གྱི་དབང་གིས་སྐྱེ་བ་ལས་གྲོལ་བའི་རྒྱུ་མཚན་གང་སྙམ་ན། ཀམ་པ་ལའི་ལུང་དྲངས་པའི་མཇུག་ཐོགས་སུ། གང་རིགས་པ་འདིས་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་འོད་གསལ་བ་ཡང་དག་པར་ཐོབ་པར་གྱུར་པ་དེའི་ལུས་དང་ངག་དང་སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་ཉིད་ཡིན་པས། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི། སེམས་པ་མེད་ཅིང་སྨྲ་བ་མེད་པ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ། རེག་པར་དཀའ་བ། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ། ཉི་མ་དང་ཟླ་བ་དང་མེ་དང་ནོར་བུའི་འོད་ཀྱི་ངོ་བོ་ཉིད་བཞིན་དུ་ཤིན་ཏུ་གསལ་བའོ། ཞེས་པ་འདིས་རྒྱུ་མཚན་བསྟན་ནོ། །འདི་ལྟར་རིགས་པ་འདིས་ཞེས་པ་ནི། སྣང་བ་གསུམ་འོད་གསལ་དུ་


JLD007_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཐབས་ཀྱི་ཚུལ་ལོ། །དེ་ནི་སྒྱུ་ལུས་གྲུབ་པས་བསམ་གཏན་གཉིས་དང་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་འོད་གསལ་དུ་འཇུག་པའི་ཐབས་བྱས་པའོ། །དེས་ནི་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་དོད་ཐུབ་པའི་སྒྱུ་ལུས་དང༌། ཡུལ་ཅན་ཁྱད་པར་ཅན་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ཡིན་པས། ལམ་དེས་ཉོན་མོངས་ཀྱི་དབང་གིས་སྲིད་པར་སྐྱེ་བ་འགོག་ནུས་པར་བསྟན་ཏེ། ཐེག་དམན་གྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་གཉིས་རྟོགས་བྱའི་དེ་ཁོ་ན་ཉིད་ལ་ཁྱད་མེད་ཀྱང༌། ཡུལ་ཅན་གྱི་ནུས་པ་ཆེས་ལྷག་པའི་དོན་ནོ། །དེ་ལྟར་བྱས་ན་ཕར་ཕྱིན་གྱི་ཐེག་ཆེན་མཐོང་ལམ་པ་དང༌། ཐེག་དམན་མཐོང་ལམ་པ་གཉིས་ཀྱང་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལ་ཁྱད་མེད་ཀྱང༌། ཐེག་ཆེན་པ་ལ་དེ་བྱུང་ནས་ལས་དབང་གིས་འཁོར་བར་ལྡོག་པ་འགོག་ནུས་པ་དང༌། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་འབྱུང་ལ། ཐེག་དམན་པ་ལ་མི་འབྱུང་བ་ནི། ཚོགས་དང་མོས་སྤྱོད་ཀྱི་སར་མཐའ་ཡས་པའི་བསོད་ནམས་ཀྱི་ཚོགས་ལ་བསླབས་མ་བསླབས་ཀྱི་དབང་གིས་རྟོགས་པ་དེ་ནུས་པ་དེ་ལྟ་བུར་སྐྱེ་མི་སྐྱེ་བྱུང་བ་ཡིན་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་པ་མྱུར་བུལ་ཁྱད་ཆེ་བར་བྱུང་ཡང༌། དེ་ཐོབ་པའི་ཡོན་ཏན་ནི་ནམ་མཁའ་དང་ལག་མཐིལ་ལྟར་འགྱུར་བ་ཡིན་པས། ཐེག་ཆེན་པས་ཉན་ཐོས་ལྟར་མྱུར་པོར་དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྒྱུ་མཚན་ཡང་ཤེས་པར་གྱིས་ཤིག །འདིར་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ཆེས་ཤིན་


JLD007_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མྱུར་བ་ཡང་ཡིན་ལ། མྱུར་བ་ཙམ་དུ་མ་ཟད། དེ་ལ་ཡོན་ཏན་གྱི་ཚོགས་ཀྱང་ཐེག་ཆེན་གཞན་ལས་ཁྱད་པར་དུ་འཕགས་པར་འཐོབ་པས། ལམ་འདི་རྨད་དུ་བྱུང་བ་ཡིན་ནོ། །ལམ་འདི་དང་ལམ་གཞན་གཉིས་ཤེས་སྒྲིབ་སྤོང་བ་ལ་བསྐལ་པ་གྲངས་མེད་དང༌། སྙིགས་དུས་ཀྱི་ཚེ་གཅིག་གི་ཁྱད་པར་བྱུང་བ་བཞིན་དུ། ཉོན་སྒྲིབ་ཟད་པར་བྱེད་པ་ལ་ཡང་མྱུར་བུལ་གྱིས་ཁྱད་པར་ཤིན་ཏུ་ཆེའོ། །དེ་ཡང་ལམ་གཞན་ལ་མེད་པའི་སྒྲིབ་པ་སྤོང་བ་ལ་ནུས་པ་ལྷག་པའི་ཁྱད་པར་གྱི་ཆེས་མཆོག་ཏུ་གྱུར་པ་རྣམས་ཡོད་པའི་གནད་ཀྱིས་གཞན་ནས་འབྱུང་བ་ལྟར་མཐོང་ལམ་དུ་ཀུན་བརྟགས་དང༌། ལྷན་སྐྱེས་སྤོང་བ་སྒོམ་ལམ་ནས་བྱ་དགོས་པའི་རྣམ་གཞག་མཐུན་མི་དགོས་སོ། །དེ་བཞིན་དུ་ཕར་ཕྱིན་ལྟར་ན་ཐེག་དམན་པ་ཉོན་མོངས་སྤོང་བ་མྱུར་ཡང༌། ཐེག་ཆེན་གྱིས་མྱུར་དུ་མི་སྤོང་བའི་ཁྱད་པར་ཡོད་མོད་ཀྱང༌། འདིར་ནི་ལྷན་སྐྱེས་ཀྱི་བདེ་སྟོང་སྦྱར་བ་ཤས་ཆེར་སྒོམ་ནུས་པའི་མཚམས་ནས། དེས་དེ་ཉིད་ལ་དྲིལ་ཏེ་སྒོམ་པར་བྱེད་པས། ལམ་གཞན་དང་མི་འདྲ་བའི་ཚུལ་བཤད་ཟིན་པ་ལྟར་ཡིན་པས། ཉོན་མོངས་ཆེས་ཤིན་ཏུ་མྱུར་བར་ཟད་པར་བྱེད་པ་དེ་ཡང་ཐེག་ཆེན་པ་གཞན་དང་མི་འདྲའོ། །དེའི་ཕྱིར་རིམ་པ་བཞི་པའི་འོད་གསལ་གྱིས་ཡེ་ཤེས་ཀྱིས་ཉོན་མོངས་ཀྱི་ས་བོན་སྤོང་བར་གསུངས་པ་དང༌། ཟུང་འཇུག་ཐོབ་པ་ལ་ཟག་པ་མེད་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་གྲོལ་བ་ཞེས་པའི་ཡོན་ཏན་གསུངས་པའི་བག་ཆགས་ནི་ཉོན་མོངས་ཀྱི་ས་བོན་ཡིན་ལ། དེ་ཡང་ཀུན་བརྟགས་ཀྱི་ཉོན་མོངས་ཙམ་ལ་མི་བྱའི།


JLD007_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱི་ཉོན་མོངས་ཀྱང་ཡིན་ནོ། །ལུགས་གཞན་གྱིས་ཤེས་སྒྲིབ་ཏུ་བཤད་པའི་ཆོས་ཀྱི་བདག་འཛིན་དང༌། དེར་མ་ཟད། དེ་ལས་ཕྲ་བའི་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱང་ཉོན་མོངས་ཡིན་པ་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཡིན་ལ། དེ་ཡང་རྒྱས་པར་དྲང་ངེས་རྣམ་པར་འབྱེད་པ་ལ་སོགས་པར་གཏན་ལ་ཕབ་ཟིན་ཏོ། །གསུམ་པ་ནི། རིམ་པ་བཞི་པའི་དོན་གྱི་འོད་གསལ་དུ་ཞུགས་པའི་ཚེ་སྔར་གྱི་སྒྱུ་ལུས་ཀྱང་དག་ནས་མེད་པ་ལས། སླར་ཡང་ཟུང་འཇུག་གི་སྐུར་ལྡང་ཚུལ་ཇི་ལྟར་བྱེད་ཅེ་ན། སྤྱོད་བསྡུས་ལས། དོན་གྱི་འོད་གསལ་ལས་ཉེར་ཐོབ་དང༌། དེ་ལས་ཉི་འོད་ཚ་བ་ལྟ་བུའི་མཆེད་པ་དང༌། དེ་ལས་ཟླ་འོད་བསིལ་བ་ལྟ་བུའི་སྣང་བ་འབྱུང་བར་གསུངས་པའི་མཐར། དེ་བས་ན་སྟོང་པ་ཉིད་གཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བ་ལྟ་བུས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཁམས་ཕྲ་བ་དང་ལྷན་ཅིག་པ་གྲིབ་མ་དང་འདྲ་བར་གཅད་དུ་མེད་པ་དང་། གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད། འཕོ་བ་མེད་ཅིང་ཟག་པ་མེད་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ། འདོད་པ་ཙམ་གྱིས་དབང་དུ་གྱུར་པ་ཐོབ་པ། ཆུ་ལས་ཉ་ལྟ་བུའམ། མྱུར་བར་གཉིད་ལོག་ཅིང་སད་པ་བཞིན་དུ། མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་གྱུར་པའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱའོ།


JLD007_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །རྩ་རྒྱུད་ལེའུ་དགུ་པ་ལས། གཙུབ་ཤིང་གཙུབས་པ་ལས་མེ་འབྱུང་ཡང༌། མེ་དེ་ལག་པ་སོགས་ལ་སོ་སོར་བཙལ་ན་མེད་པ་དཔེར་བྱས་ནས། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འགྲོ་བ་དང་འོང་བ་ལ་སོགས་པ་རྗེས་སུ་རིག་པར་བྱའོ། ཞེས་པའི་འགྲེལ་པ་སྒྲོན་གསལ་ལས། དེས་འོད་གསལ་ལས་རྡོ་རྗེའི་སྐུ་སྐྱེད་པའི་ཐབས་ཐེག་པ་གཞན་དང་ཐུན་མོང་མ་ཡིན་པ་སྟོན་པར་གསུངས་ཤིང༌། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་སྟོང་པ་དང༌། རྡོ་རྗེ་ནི་ཆེན་པོ་སྟོང་པ་དང༌། དམ་ཚིག་ནི་ཤིན་ཏུ་སྟོང་པ་དང༌། གསུམ་པོ་དེའི་རྗེས་སུ་རིག་པར་བྱ་བ་ནི་སྟོང་པ་དང༌། སྟོང་པ་གསུམ་གྱི་རིམ་གྱིས་དོན་དམ་བདེན་པར་འགྲོ་བ་ནི་འགྲོ་བ་དང༌། ལུགས་ལྡོག་ཏུ་སྟོང་པ་གསུམ་དུ་འོང་བ་ནི་འོང་བ་དང༌། སོགས་ཀྱིས་ནི་རྫོགས་པའི་སྐབས་སུ་འཇུག་ལྡང་གི་འགྲོ་འོང་མེད་པར་བསྟན་པར་བཤད་དེ། ཟུང་འཇུག་འགྲུབ་པའི་སྐབས་སུ་ལུགས་ལྡོག་ཏུ་སྟོང་པ་གསུམ་འཆར་བ་དང༌། མི་སློབ་པའི་སྐབས་སུ་སྟོང་པ་བཞི་ལུགས་མཐུན་དང་ལུགས་ལྡོག་ཏུ་འགྲོ་འོང་མི་བྱེད་པར་བསྟན་ནོ། །རིམ་པ་གཉིས་པ་ལས་ཀྱང༌། ཟུང་འཇུག་འགྲུབ་པའི་སྐབས་སུ་འོད་གསལ་ལས་ཡེ་ཤེས་གསུམ་འབྱུང་བར་བཤད་པའི་ལུང་ནི་སྔར་དྲངས་ཟིན་ཏོ། །འདིར་རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ལངས་མ་ཐག་ཏུ་ཟུང་འཇུག་གི་སྐུ་འགྲུབ་བམ་མི་འགྲུབ། དང་པོ་ལྟར་ན་སྔར་དྲངས་པ་ལྟར་ཟུང་འཇུག་འགྲུབ་པའི་སྐབས་སུ་འོད་གསལ་ལས་ལུགས་ལྡོག་ཏུ་སྟོང་པ་གསུམ་འབྱུང་


JLD007_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་པ་དང་འགལ་ཏེ། ལུགས་ལྡོག་ཏུ་བྱུང་བའི་སྟོང་པ་གསུམ་གྱི་རླུང་སེམས་ལས་ཟུང་འཇུག་གི་སྐུ་མི་འགྲུབ་ན། དེ་ལྟར་བཤད་པའི་དོན་མེད་པའི་ཕྱིར་རོ། །རིམ་པ་གསུམ་པ་ལས་སྣང་བ་གསུམ་རླུང་དང་བཅས་པ་ལས་སྒྱུ་ལུས་སྒྲུབ་པར་བཤད་པ་ཡང་མི་འཐད་དེ། དེ་སྒྲུབ་པའི་རྒྱུར་སྣང་བ་གསུམ་དགོས་ལ་འདི་ལ་མི་དགོས་པའི་ཁྱད་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་ལྟར་ན་རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ལངས་མ་ཐག་མི་སྒྲུབ་པར་ལུགས་ལྡོག་གི་སྟོང་པ་གསུམ་ཤར་ཟིན་ནས་སྒྲུབ་ན། སྟོང་པ་དང་པོའི་རླུང་སེམས་ཙམ་ལས་སྒྲུབ་དགོས་པས། སྟོང་པ་གསུམ་ལས་སྒྲུབ་ཟེར་བའི་དོན་གང་ཡིན། སྤྱོད་བསྡུས་ལས་སྟོང་པ་བཞི་གཅིག་ཏུ་གྱུར་པ་ཞེས་གསུངས་པའི་དོན་ཡང་མེད་པར་འགྱུར་བ་དང༌། སྣང་བ་དང་པོའི་དུས་དང་དེའི་དེ་མ་ཐག་གཉིས་ཀར་དོན་གྱི་འོད་གསལ་མེད་པས་ཟུང་འཇུག་ཐོབ་པ་མི་འཐད་པ་དང༌། འཆི་བའི་འོད་གསལ་ལས་གཞན་གྱིས་བར་མ་ཆོད་པར་བར་དོ་འགྲུབ་པའི་སྦྱང་གཞིའི་རིམ་པ་དང་ཡང་འགལ་ལོ། །སྣང་བ་ཐ་མ་ནས་སླར་ཡང་འོད་གསལ་དུ་ཞུགས་པའི་དུས་སུ་ཟུང་འཇུག་འགྲུབ་པར་འདོད་ན་ནི། རིམ་ལྔར། ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། ཞེས་པ་དང༌། གཞན་ཡང་སྤྱོད་བསྡུས་དང་སྒྲོན་གསལ་ལས་འོད་གསལ་ལས་ལངས་ནས་ཟུང་འཇུག་འགྲུབ་པར་མང་དུ་གསུངས་པ་དང་འགལ་ལ། དེ་ལས་ལངས་ནས་


JLD007_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ནི་སྔར་བཞིན་གྱི་སྐྱོན་དུ་འགྱུར་རོ། །དེས་ན་འོད་གསལ་ལས་ཟུང་འཇུག་གི་སྐུ་འགྲུབ་མཚམས་འདི་ཇི་ལྟར་ཡིན་བརྗོད་པར་བྱའོ་ཞེ་ན། དཔལ་འདུས་པའི་བརྗོད་བྱའི་གཙོ་བོ་ཟུང་འཇུག་ལེགས་པར་རྟོགས་པ་ལ། ཐོག་མར་སློབ་པའི་ཟུང་འཇུག་འགྲུབ་ལུགས་དཔྱིས་ཕྱིན་པར་རྟོགས་དགོས་ལ། དེ་ལ་ནི་དོགས་པ་དེ་འདྲ་བ་རྣམས་བཀོད་ནས། མཐའ་གཞན་དུ་སྲིད་པའི་དོགས་པ་བཅད་ནས་ངེས་དགོས་པ་ནི་ཤིན་ཏུ་ལེགས་སོ། །འདི་ལ་ཡབ་སྲས་ཀྱི་རྗེས་འབྲང་རིམ་ལྔ་སོགས་ཀྱི་འགྲེལ་བྱེད་རྣམས་ཀྱིས་ནི་དེ་ལྟར་མཐའ་བཅད་པ་མི་སྣང་ལ། རྗེ་འགོས་ཀྱིས་སྔར་གསུངས་པའི་ལུགས་ལྡོག་གི་སྟོང་པ་རྣམས་བཤད་པ་ལ་བརྟེན་ནས་འོད་གསལ་ལས་ལུགས་ལྡོག་ཏུ་ཤར་བའི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཟུང་འཇུག་གི་སྐུ་འགྲུབ་པར་བཤད་པ་དང༌། ལག་སྨིས་ལུགས་ལྡོག་ཏུ་ཤར་བའི་སྟོང་པ་ལས་སྒྱུ་ལུས་སྒྲུབ་པའི་ཚུལ་ཅིག་བཤད་པ་ལྟར། བདག་གིས་ཀྱང་གཞུང་གཞན་དུ་ཚུལ་དེ་བཀོད་དོ། །འོན་ཀྱང་དཀའ་བའི་གནས་འདི་ཞིབ་ཏུ་མཐའ་བཅད་ན། རིམ་ལྔ་ལས། རང་བཞིན་བཅས་འོད་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང༌། །སེམས་ཅན་དོན་དུའང་ལན་འགའ་འགྱུར། །ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བར་འགྱུར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུུལ་དྲ་བ་འབྱུང་བར་བཤད། ཅེས་སྐུ་འདི་ཡང་རླུང་སེམས་ཙམ་ལས་བདག་བྱིན་བརླབས་ཀྱི་རིམ་པས་འབྱུང་བ་དང༌། ཆུ་ཀླུང་དྭངས་པ་དང་


JLD007_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་འོད་གསལ་ལས། ཉ་གློ་བུར་དུ་འཕར་བ་དང་འདྲ་བའི་དག་པའི་སྒྱུ་མའི་སྐུ་འབྱུང་བར་བཤད་པའི་དཔེ་དོན་ནི། འོད་གསལ་ལས་གཞན་གྱིས་བར་མ་ཆོད་པར་བྱུང་བ་ལ་འགྲིག་གོ །སྤྱོད་བསྡུས་ལས། གཉིད་ལོག་པ་ལས་མྱུར་དུ་སད་པའི་དཔེ་གསུངས་པའི་གཉིད་ནི་འོད་གསལ་གྱི་དཔེ་དང༌། སད་པ་ནི་དེ་ལས་ཟུང་འཇུག་གི་སྐུ་འབྱུང་བའི་དཔེ་ཡིན་ཏེ། དེ་ལའང་བར་མ་ཆད་པ་འགྲིག་ལ། སྟོང་པ་བཞི་གཅིག་ཏུ་གྱུར་པ་ཡང་ལུགས་མཐུན་གྱི་ཚེ་སྔ་མ་ཕྱི་མ་ལ་ཐིམ་ནས། མཐར་འོད་གསལ་དུ་གཅིག་ཏུ་སོང་བའི་དོན་ལ་འགྲིག་གི །ལུགས་ལྡོག་ལ་མི་འགྲིག་པ་དང༌། སྦྱང་གཞིའི་རིམ་པ་ལ་འཆི་བའི་འོད་གསལ་གྱི་དེ་མ་ཐག་ཉེར་ཐོབ་གྲུབ་པ་དང་མཉམ་དུ་བར་དོ་འགྲུབ་པ་དང་ཤིན་ཏུ་མཐུན་པས། རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ལངས་མ་ཐག་ཟུང་འཇུག་གི་སྐུ་གྲུབ་མོད་ཀྱང༌། འོད་གསལ་ལས་ཉེར་ཐོབ་སོགས་སྔར་བཞིན་སྐྱེབའང་མི་འགལ་བས། ཟུང་འཇུག་འགྲུབ་པའི་སྐབས་སུ་ལུགས་ལྡོག་ཏུ་སྟོང་པ་གསུམ་འབྱུང་བར་གསུངས་ཀྱང༌། དེ་ལས་སྐུ་དེ་སྒྲུབ་པའི་ཕྱིར་དུ་གསུངས་པ་མིན་ནོ། །གལ་ཏེ་ཟུང་འཇུག་ནི་དོན་གྱི་འོད་གསལ་གྱི་ཐུགས་དང༌། དག་པའི་སྒྱུ་མའི་སྐུ་གཉིས་དུས་གཅིག་ཏུ་ཚོགས་པ་མ་ཡིན་ནམ། རིམ་པ་བཞི་པའི་འོད་གསལ་ལས་ལངས་མ་ཐག་དག་པའི་སྒྱུ་མའི་སྐུ་གྲུབ་ཏུ་ཆུག་ཀྱང༌། དེའི་དུས་ན་འོད་གསལ་གྱི་ཡེ་ཤེས་དངོས་སུ་མེད་པས་ཟུང་འཇུག་ཏུ་ཇི་ལྟར་བཞག་ཅེ་ན། བདེན་ཏེ་འདི་ལ་ནི་རིམ་ལྔར་ཟུང་དུ་


JLD007_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཚུལ་མང་དུ་གསུངས་པ་རྣམས་ཤེས་དགོས་ལ། དེ་ཡང༌། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། ཅེས་པ་ནས། གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་ཞིག་ཞི་རྟོགས་རྣལ་འབྱོར་དབང༌། །དེ་ནི་ཟུང་འཇུག་ཐོབ་པའོ། ཞེས་པའི་བར་གྱིས་ཟུང་འཇུག་ཉེར་གཅིག་བཤད་དོ། །འདི་ལ། རིལ་པོར་འཛིན་དང༌། ཞེས་པའི་ཚིགས་བཅད་ཀྱིས་ཟུང་འཇུག་གཉིས་དང༌། མཉམ་གཞག་དང༌། ཞེས་པའི་ཚིགས་བཅད་ཀྱིས་ཟུང་འཇུག་གཉིས་བསྟན་པར་བྱས་ནས། ཟུང་འཇུག་ཉེར་གསུམ་དུ་བྱེད་ནའང་བྱར་རུང་ངོ༌། །དེ་ལྟར་བཤད་པའི་ཟུང་འཇུག་གི་གཙོ་བོ་ནི། ཆག་འགྱུར་ལས། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་བརླབ་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། ཞེས་རང་བྱིན་བརླབ་དང་འོད་གསལ་གཉིས་ཟུང་དང༌། དེ་གཉིས་འདུས་པ་ཟུང་འཇུག་ཏུ་བཤད་པ་དང༌། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། ཞེས་ཀུན་རྫོབ་དང་དོན་དམ་གཉིས་ཟུང་དང༌། དེ་གཉིས་འདྲེས་པ་ཟུང་འཇུག་ཏུ་གསུངས་པ་འདི་ཡིན་ནོ། །དེ་ལ་དོན་གྱི་འོད་གསལ་མ་ཐོབ་གོང་དུ་རླུང་འོད་ཟེར་ལྔ་ལས་བསྒྲུབས་པའི་སྒྱུ་མའི་སྐུ་ཡོད་དུས་སུ། སེམས་དོན་དམ་བདེན་པ་དང་རོ་གཅིག་ཏུ་སོང་བའི་འོད་གསལ་མེད་ལ། ཟུང་འཇུག་མ་ཐོབ་


JLD007_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོང་དུ་བདེ་བའི་སེམས་དོན་དམ་དང་རོ་གཅིག་ཏུ་སོང་བའི་འོད་གསལ་ཡོད་དུས་སུ། ལུས་སྒྱུ་མའི་སྐུར་སོང་བའི་ཀུན་རྫོབ་མེད་པས་རེས་འཇོག་ཏུ་གྱུར་པའི་ཕྱིར་ཟུང་འཇུག་མེད་དོ། །ནམ་ཞིག་ལུས་རང་བྱིན་བརླབ་ཅེས་པ་ཀུན་རྫོབ་སྒྱུ་མའི་སྐུའི་མཐར་སོན་པ་དང༌། སེམས་འོད་གསལ་ཞེས་པ་དོན་དམ་བདེན་པའི་མཐར་སོན་པ་གཉིས་དུས་གཅིག་ཏུ་རྒྱུད་གཅིག་ལ་ཚོགས་པ་ན་རེས་འཇོག་མེད་པར་མཉམ་དུ་འདུས་པས་ན་ཟུང་འཇུག་ཐོབ་བོ། །དེ་འདྲ་བའི་ཟུང་འཇུག་གི་གཙོ་བོ་དང་པོར་ཐོབ་པ་ན་དེ་གཉིས་དུས་གཅིག་ཏུ་ཚོགས་པ་དགོས་མོད་ཀྱང༌། ཟུང་འཇུག་ཏུ་འཇོག་ཚུལ་གཞན་ཡང་ཡོད་པ་ལ། ཟུང་འཇུག་ཐོབ་པ་གང་ཡིན་ལ་འཇོག་ཚུལ་དེས་ཟུང་འཇུག་ཏུ་གཞག་མི་དགོས་སོ། །ཟུང་འཇུག་གི་སྐད་དོད་ཡུ་གན་དྭའི་ཡུ་ག་ནི་ཟུང་ན་དྭ་ནི་གཉིས་མ་ཡིན་པ་སྟེ། ཡ་ཁྱལ་གཉིས་རེས་འཇོག་གི་ཚུལ་གྱིས་གཉིས་མིན་པར་དུས་གཅིག་ཏུ་ཚོགས་པ་ནི་སྔར་བཤད་པའི་ཟུང་འཇུག་གོ །འདི་ནི་ལུགས་ལྡོག་གི་སྣང་བ་ཐ་མ་ལས་ལངས་པའི་འོག་ཏུ་སླར་ཡང་འོད་གསལ་དུ་ཞུགས་པའི་ཚེ་འཐོབ་བོ། །འཁོར་འདས་ལ་སོགས་པའི་གཉིས་ཆོས་རྣམས་ལ་གཉིས་ཀྱི་ཀུན་རྟོག་སྤངས་ནས། རྟོག་པ་དེས་མི་ཕྱེད་པའི་གཉིས་མེད་དུ་སོང་བའི་ཟུང་འཇུག་རིམ་ལྔར་མང་དུ་གསུངས་པ་ནི། སྔ་མ་ལས་འཇོག་ཚུལ་གཞན་གྱིས་ཟུང་འཇུག་ཏུ་འཇོག་པའོ། །རྟོག་པ་དེ་རྣམས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་ངོར་ཉེ་བར་ཞི་བ་ལ་བྱེད་ན། རིམ་པ་བཞི་པའི་འོད་གསལ་


JLD007_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུས་ནས་ཐོབ་ཟིན་པས། དེ་སྔོན་དུ་སོང་བ་ལ་བརྟེན་ནས་ཟུང་འཇུག་འདི་སྒྲུབ་དགོས་པར་གསུངས་པ་མི་འཐད་དོ། །རྟོག་པ་གང་ཡིན་ཐམས་ཅད་ཟད་པར་སྤངས་པ་ལ་བྱེད་ན་མི་སློབ་པའི་ཟུང་འཇུག་མ་ཐོབ་བར་དུ་དེ་མི་འཐོབ་པས་སློབ་པའི་ཟུང་འཇུག་ལ་དེ་མི་འགྲིག་གོ །དེས་ན་གང་ཟག་དང་ཆོས་ལ་དམིགས་ནས་བདེན་པར་ཞེན་པའི་རྟོག་པ་ཐམས་ཅད་ས་བོན་དང་བཅས་པ་སྤངས་པའི་གཉིས་སུ་མེད་པའི་ཡེ་ཤེས་ནི་འདིར་ཟུང་འཇུག་གོ །འོ་ན་ཟུང་འཇུག་འདིའི་རིམ་པ་བཞི་པའི་དོན་གྱི་འོད་གསལ་ཐོག་མར་མངོན་དུ་གྱུར་པ་ལས་ལངས་པའི་དེ་མ་ཐག་འགྲུབ་པ་ཡིན་པས། དོན་གྱི་འོད་གསལ་ཐུན་གཅིག་གིས་ལྷན་སྐྱེས་ཀྱི་ཉོན་མོངས་ཐམས་ཅད་འཇོམས་པའི་ནུས་པ་ཇི་ལྟར་རྙེད་ཅེ་ན། དོན་གྱི་འོད་གསལ་གྱི་ཡེ་ཤེས་དེ་ལྟར་སྒྲིབ་པ་སྤོང་བ་ལ་ནུས་པ་མཐུ་ཅན་དུ་སྐྱེ་བའི་རྒྱུ་ནི། སྒྱུ་ལུས་དང་དེའི་སྐབས་སུ་སྤྱོད་པ་སྤྱད་ནས་དཔེའི་འོད་གསལ་མང་དུ་བསྒོམས་པའི་མཐུས་ཡིན་ཏེ། དེ་ཡང་རིམ་པ་བཞི་པའི་དུས་སུ་མ་སྤངས་ལ། སློབ་པའི་ཟུང་འཇུག་ཐོག་མར་ཐོབ་པའི་དུས་སུ་ལྷན་སྐྱེས་ཀྱི་ཉོན་མོངས་སྤངས་པར་འཇོག་གོ །དེ་འདྲ་བའི་འོད་གསལ་མངོན་དུ་གྱུར་པ་ན། ཡུན་རིང་པོའི་བར་དུ་མཉམ་པར་འཇོག་ནུས་པས། ཁེམ་པ་ཅིག་ལས་མེད་པ་མིན་ཏེ། དེའི་གོང་དུ་དཔེའི་འོད་གསལ་ལ་ཡང་ཡུན་རིང་པོར་འཇོག་ནུས་ན་དོན་གྱི་འོད་གསལ་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །ཞལ་ལུང་ལས་ཀྱང༌། འདོད་ཆགས་ཆགས་བྲལ་བར་མ་མི་དམིགས་ཡེ་ཤེས་ལྷ་ནི་སྐད་ཅིག་དེ་རུ་གསལ། །ཆུ་ཚོད་


JLD007_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དམ་ཉིན་གཅིག་དང་ནི་ཟླ་བ་གཅིག་ཏུ་འམ། །ལོ་གཅིག་བསྐལ་པའམ་བསྐལ་པ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། ཞེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་པའི་ཡུན་གང་ཟག་གི་ནུས་པ་ཆེ་ཆུང་གི་རིམ་པ་དང་མཐུན་པར་གསུངས་སོ། །དེས་ན་རིམ་ལྔ་བསྡུས་པ་ལས་ཀྱང༌། འད་གསལ་བ་ཡི་གནས་ཐོབ་པས། །འཁོར་བ་ལས་ནི་བརྒལ་བར་འགྱུར། །ཐུན་གཅིག་གམ་ནི་ཉིན་གཅིག་གམ། །ཟླ་བ་ཟླ་ཕྱེད་ལོ་ཡི་དུས། །བསྐལ་པའམ་བསྐལ་པ་སྟོང་དུ་ཡང༌། །སྐད་ཅིག་རེ་རེར་གནས་པ་ནི། །ཡེ་ཤེས་སྦྱོར་བ་རྟག་ཏུ་འབྱུང། ཞེས་བཤད་པ་ཡང་ལེགས་པར་བཤད་པ་ཡིན་ནོ། །སྤྱོད་བསྡུས་ལས་སྟོང་པ་བཞི་གཅིག་ཏུ་གྱུར་པར་གསུངས་པའི་དོན་ནི་བཤད་ཟིན་ཏོ། །སྣང་བའི་ཚོགས་ཞེས་པ་ནས། སྣང་བར་བྱས་ཏེ་ཞེས་པའི་དོན་ནི། འོད་གསལ་གྱི་རླུང་སེམས་ལས་གྲུབ་པའི་སྐུའི་འོད་ཟེར་གྱིས་ཉི་མས་ནམ་མཁའི་ཁྱོན་སྣང་བར་བྱེད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་བཀང་བའོ། །ལེའུ་བཅོ་ལྔ་པའི་སྒྲོན་གསལ་ལས་ཀྱང༌། སྔར་བཤད་པ་ལྟར་ཐོ་རངས་དོན་གྱི་འོད་གསལ་མངོན་དུ་བྱས་པའི་མཇུག་ཏུ་ཟུང་འཇུག་འགྲུབ་པ་བཤད་པའི་སྐབས་སུ་རྒྱུད་ལས། དཔག་ཚད་བརྒྱའི་ཁྱོན་ཙམ་དུ་འོད་ཀྱིས་སྣང་བར་བྱེད་པར་གསུངས་པ་མཚོན་པ་ཙམ་ཡིན་པས། སྟོང་གསུམ་ལ་སོགས་པའི་འཇིག་རྟེན་དུ་འོད་ཀྱིས་སྣང་བར་བྱེད་པར་བཤད་དོ། །དེར་སྟོབས་བཅུ་ལ་སོགས་པ་ཐོབ་པར་གསུངས་པ་ནི་སློབ་པའི་ཟུང་འཇུག་ལ་རྗེས་མཐུན་པ་དང༌། མི་སློབ་པ་ལ་དངོས་སུ་ཐོབ་


JLD007_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཅི་རིགས་པར་སྦྱར་ཏེ། རིམ་ལྔ་དང་སྤྱོད་བསྡུས་སུ་གསུངས་པའི་ཟུང་འཇུག་ལ་ཡང་དེ་གཉིས་ཀ་ལ་ཐུན་མོང་དང་སོ་སོར་བཤད་དགོས་པ་ཡོད་དོ། །འཕོ་བ་མེད་པ་ནི་སྐུ་དེ་ཐོབ་ནས་རིགས་འདྲ་མི་འཆད་པར་སྟོན་ཏེ། རྡོ་རྗེའི་སྐུ་མཚན་ཉིད་པ་ཐོབ་པའོ། །ཟག་པ་མེད་པ་སོགས་ནི་ཉོན་མོངས་ཐམས་ཅད་སྤངས་པའོ། །མི་སློབ་པ་ལ་འོད་གསལ་ལས་ལུགས་ལྡོག་ཏུ་སྟོང་པ་གསུམ་དུ་འོང་བ་མེད་པར་སྒྲོན་གསལ་ལས་གསུངས་ཤིང༌། འདིར་ལུགས་ལྡོག་ཏུ་ལངས་པའི་སྐབས་སུ་བཤད་པས་སློབ་པའི་ཟུང་འཇུག་ལ་སྦྱར་རོ། །བཞི་པ་ནི། གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི། ཞེས་པ་ལ་ཆག་འགྱུར་ལས། གང་མིང་དང་གཟུགས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ། ཞེས་འབྱུང་བ་ལྟར་འགྲེལ་པ་ཟླ་འོད་ལས་ཀྱང༌། མིང་ཕུང་པོ་ལྷག་མ་བཞི་དང༌། གཟུགས་གཟུགས་ཕུང་ལ་བཤད་དོ། །དེ་ཡང་ཟུང་འཇུག་རྡོ་རྗེ་འཆང་དེ་རླུང་སེམས་ཙམ་གྱི་བདག་ཉིད་དུ་བསྟན་པས། སྔར་གྲོལ་བ་པོ་སུ་ཞིག་ཡིན་ཞེས་པའི་ལན་ནོ། །འཁོར་བ་ཞེས་སོགས་ནི་འཆིང་བྱེད་ཉོན་མོངས་ཐམས་ཅད་སྤངས་པ་ཐར་པའི་དོན་དུ་བཤད་དེ། ཐར་པའི་དོན་གང་ཡིན་ཞེས་དྲིས་པའི་ལན་ནོ། །འདི་རྣམས་ཀྱིས་ནི་ཉོན་མོངས་སྤངས་པའི་སྤངས་པ་ཡོངས་སུ་རྫོགས་པ་སློབ་པའི་ཟུང་འཇུག་ཐོག་མར་ཐོབ་པ་ནས་ཡོད་པར་བསྟན་ཏོ། །ཟུང་འཇུག་གི་སྐུ་འདི་ཐོག་མར་འགྲུབ་པ་ན་ལུས་སྔ་མ་ལས་གོ་ས་ལོགས་སུ་གནས་པའི་ཚུལ་གྱིས་འགྲུབ་ལ། ཟུང་འཇུག་གྲུབ་པ་འདིས་ཐ་མལ་པའི་མིག་གི་ཡུལ་དུ་འགྱུར་བའི་སྤྲུལ་སྐུ་འཛིན་པར་ལེའུ་བཅུ་


previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next