Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


  collapse section
   
   
   
   
   
   
   
ཤོག་ལྷེབ་ ༦༠༡ ནས་ ༦༨༡ བར།
   
   
   
   
   


 
previousཤོག་ལྷེབ་ ༦༠༡ ནས་ ༦༨༡ བར།next

ཤོག་ལྷེབ་ ༦༠༡ ནས་ ༦༨༡ བར།


JLD007_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་སྒྲོན་གསལ་ལས་གསུངས་པ་ནི། སྤྲུལ་སྐུ་འཛིན་ཚུལ་གཞན་ཡང་ཡོད་མོད་ཀྱང༌། ལུས་སྔ་མ་ལ་ཞུགས་པའི་སྤྲུལ་སྐུ་འཛིན་པ་བར་དོས་མངལ་དུ་སྐྱེ་བ་བཟུང་ནས་བཙས་པའི་ཚེ་ཀུན་གྱིས་མཐོང་བ་དང་འདྲ་བ་འདི་རྟོགས་དཀའ་བས། དེའི་སྟེང་ནས་ཤེས་པར་བྱ་སྟེ། ལེའུ་དང་པོའི་སྒྲོན་གསལ་ལས། ཟུང་འཇུག་ཐོབ་པས་ཕུང་པོ་ལ་སོགས་པ་ལ་ཞུགས་པས་སྤྲུལ་སྐུ་འཛིན་པར་གསུངས་པའི་དོན་ཡང་དེ་བཞིན་ཏེ། སྒྲོན་གསལ་ལས། ཡོངས་སུ་དག་པའི་ལྷའི་སྐུ་ཕུང་པོའི་ཟ་མ་ཏོག་གི་ནང་ན་གནས་པར་གསུངས་ཤིང༌། ཀླུ་བྱང་གིས་ཀྱང༌། ཡང་དག་མགོན་པོས་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ཡི། །རིན་ཆེན་ཟ་མ་ཏོག་ཏུ་བཞག །ཅེས་གསུངས་པའི་ཕྱིར་རོ། །དེས་ན་མགོན་པོ་ཀླུ་སྒྲུབ་ལྟ་བུའི་ཟུང་འཇུག་གི་སྐུ་ཕྱིར་མི་ལྡོག་པའི་བྱང་སེམས་ཀྱི་སྤྱོད་ཡུལ་དེ་ཐ་མལ་པས་མི་མཐོང་ཡང༌། སྐུ་སྔ་མ་ནི་ཐ་མལ་པས་ཀྱང་མཐོང་ངོ༌། །དེ་ལྟར་ན་སྒྱུ་ལུས་ཀྱང་དཔེའི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པའི་མཐར་འགྲུབ་ལ། སེམས་གསུམ་ལས་འགྲུབ་པར་གསུངས་པ་ནི། སྣང་བ་གཞན་གཉིས་དང་ཉེར་ཐོབ་ཀྱི་སྟོད་དང་བར་ལས་བརྒྱུད་ནས་གྲུབ་ཅིང༌། ཉེར་ཐོབ་ཀྱི་སྨད་ལས་དངོས་སུ་འགྲུབ་པ་དང༌། ལོངས་སྐུ་ལུས་སྔ་མ་ལས་གོ་ས་ལོགས་སུ་དང་པོར་འགྲུབ་པ་དང༌། དེ་ནས་ལུས་སྔ་མ་ལ་ཞུགས་པའི་སྤྲུལ་སྐུ་འཛིན་ཚུལ་ཡང་སྔར་བཤད་པ་བཞིན་དུ་ཤེས་པར་བྱ་སྟེ། འདི་ལེགས་པར་ཤེས་ན་སེམས་དཔའ་སུམ་རྩེགས་སྒོམ་པའི་ངེས་


JLD007_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ངེས་པ་ཆེན་པོ་རྙེད་པ་དང༌། སྒྱུ་ལུས་པ་དང་ཟུང་འཇུག་པས་ལུས་སྔ་མའི་སྟེང་ནས་སྤྱོད་པ་བྱེད་པ་དང༌། རྡོར་བཟླས་ཀྱིས་ལས་སྒྲུབ་པ་སོགས་ཐམས་ཅད་ལ་དོགས་པ་དུ་མ་ཞིག་ཆོད་པར་འགྱུར་རོ། །ཟུང་འཇུག་ལོངས་སྐུ་ལ་གནས་པས་སྤྲུལ་སྐུའི་དཀྱིལ་འཁོར་རྒྱལ་མཆོག་སྒོམ་པ་སོགས་བྱེད་པར་གསུངས་པ་ལ། ལོངས་སྐུའི་སྣང་བ་དག་ནས་སྒོམ་པ་མིན་པ་དང༌། དེས་འོད་གསལ་མངོན་དུ་བྱས་པ་ན་ཡང་སྐུ་དེ་དག་ནས་འགྲོ་བ་མིན་ཏེ། འདིའི་རིགས་པ་སྒྱུ་ལུས་པ་དོན་གྱི་འོད་གསལ་དུ་འཇུག་པའི་སྐབས་མ་གཏོགས་པ་རྣམས་སུ་ཡང་ཤེས་པར་བྱའོ། །རིམ་ལྔ་དང་སྤྱོད་བསྡུས་ལས་ཟུང་འཇུག་ཐོབ་ནས་རང་གི་ལམ་ལ་གསར་དུ་བསླབ་ཏུ་མེད་པར་གསུངས་མོད་ཀྱང༌། བསླབས་ཟིན་གོམས་པར་མི་བྱེད་པ་ནི་མིན་ཏེ། རིམ་ལྔ་ལས། ཟུང་འཇུག་གོ་འཕང་ལ་གནས་པའི། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་བསྒོམས་གྱུར་པས། །སྤྱོད་པའང་དེ་དང་གཉིས་སུ་མེད། ཅེས་ཟུང་འཇུག་སྒོམ་པ་དང་དེ་ལ་གནས་ནས་སྤྱོད་པ་བྱེད་པར་གསུངས་ཤིང༌། ཀླུ་བྱང་གིས་ཀྱང༌། རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །ཕྱེ་སྟེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདྲེས་བྱས་པའི། །ཟད་མེད་གོ་འཕང་བསྒོམ་པར་བྱ། ཞེས་དང༌། སྔར་དྲངས་པའི་ལུང་གི་མཇུག་ཐོགས་སུ། དེའི་ཕྱིར་བླ་མའི་ཞབས་ཀྱི་ནི། །དྲིན་གྱིས་འབད་པས་རྟོགས་བྱ་སྟེ། །དེ་ཉིད་ཀྱིས་


JLD007_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསལ་གྱུར་པས། །དེ་ནས་སྤྱོད་པ་རབ་ཏུ་བྱ། ཞེས་གསུངས་སོ། །སློབ་མི་སློབ་ཀྱི་ཟུང་འཇུག་གི་མཚན་གྱི་རྣམ་གྲངས་ནི། སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས་པ་དང༌། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དང༌། བྱ་བ་བྱས་པའི་རྣལ་འབྱོར་པ་ཆེན་པོ་དང༌། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་སོགས་རིམ་ལྔ་དང་སྤྱོད་བསྡུས་ལས་རྒྱ་ཆེར་གསུངས་སོ། །གཉིས་པ་ནི། དེ་ལྟར་རིམ་ལྔ་དང་སྤྱོད་བསྡུས་ལས། ཟུང་འཇུག་སྒྲུབ་པའི་ཚུལ་བཤད་པ་དེ་ཉིད་འདུས་པ་ཕྱི་མ་ལས་རྗེས་དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་གཉིས་ཀྱི་སྒོ་ནས་གསུངས་ཏེ། ཇི་སྐད་དུ། རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བཏགས་པ་ཡིན། ཞེས་གསུངས་སོ། །དེ་ལྟར་བདག་ཉིད་འོད་གསལ་བར་སོང་བར་རྣམ་པར་བསྒོམ་པ་སྟེ་མངོན་སུམ་དུ་བྱས་ནས་གང་སྔོན་རྗེས་སུ་དྲན་པ་སྨིག་རྒྱུ་འདྲ་བ་ལ་སོགས་བའི་རྣམ་པས། ཡང་དག་པའི་མཐའ་འོད་གསལ་ཐོབ་པ་དེ་དང་འདྲ་བ་སྟེ་དེ་ཉིད་ཀྱི་རིམ་པས། སྤྲོ་བ་སྟེ་བསྐྱེད་པར་བྱ་སྟེ། བཤད་མ་ཐག་པ་དེ་དག་ནི་ཡན་ལག་ལྔ་པ་རྗེས་སུ་དྲན་པ་ཞེས་བཤད་པ་ཡིན་པར་ཤེས་པར་བྱའོ། །ཆག་


JLD007_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལས། བསྒོམས་ནས་གང་ཞིག་རྗེས་དྲན་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་དྲན་ཞེས་ནི་ཤེས་བྱ་སྟེ། ཞེས་བསྒྱུར་བ་ནི་འགྲེལ་པའི་བཤད་པ་དང་རིམ་པ་མཐུན་ནོ། །སྔར་ལུགས་མཐུན་དུ་འོད་གསལ་དུ་ཞུགས་པའི་ཚེ་སྨིག་རྒྱུ་སོགས་ཀྱི་རྣམ་པས་ཞུགས་པ་བཞིན་དུ། ལུགས་ལྡོག་གི་ཚེ་ཡང་རིམ་པ་དེ་བཞིན་དུ་ལྡང་བར་བཤད་པས། འོད་གསལ་ལས་ཉེར་ཐོབ་སྐྱེ་བ་ནས་བཟུང་སྟེ། སྣང་བའི་འོག་ཏུ་མར་མེ་དང༌། དེ་ནས་མེ་ཁྱེར་དང༌། དེ་ནས་དུ་བ་དང༌། དེ་ནས་སྨིག་རྒྱུ་ལྟ་བུའི་བར་རྣམས་སྐྱེའོ། །སོ་སོར་སྣང་བ་ནི་ཡང་དག་པར་འཛིན་པ་སྟེ། དེ་ལས་རྗེས་སུ་དྲན་པའི་ཡན་ལག་སྐྱེ་བར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། ཞེས་འགྱུར་རྙིང་པ་གཉིས་ལས་འབྱུང་བ་ལྟར་ཆག་འགྱུར་ལས་ཀྱང་འབྱུང་ལ། པ་ཚབ་ཀྱིས་བསྒྱུར་བ་ལས། སོ་སོར་སྣང་བ་དེ་ལས་སྐྱེ། ཞེས་གསུངས་པ་ལ། དེ་ལས་ཏེ་རྗེས་སུ་དྲན་པའི་ཡན་ལག་ལས་ཡང་དག་པར་རིག་པ་སྟེ་ཡང་དག་པར་མྱོང་བ་སྐྱེ་བར་འགྱུར་གྱི། ཞེས་འབྱུང་ཡང༌། འགྱུར་སྔ་མ་གསུམ་ལྟར་ལེགས་ཏེ། རྗེས་དྲན་འོད་གསལ་ལས་སྐྱེ་བར་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །རྗེས་སུ་དྲན་པ་ཞེས་བཤད་དེ། ཞེས་པ་ཡན་གྱིས་རྗེས་དྲན་གྱི་ཡན་ལག་རྫོགས་པས། འདི་རྗེས་དྲན་ལས་ཟུང་འཇུག་སྐྱེ་བར་སྟོན་པ་ཡིན་ནོ་སྙམ་ན། དེ་ནི་བཤད་པའི་རིམ་པ་ཙམ་ཡིན་གྱི། དོན་གྱི་རིམ་པར་བྱས་ན་རྐང་པ་གསུམ་པ་བཞི་པའི་འོག་ཏུ་འོང་ངོ༌། །དེས་ན་རྗེས་དྲན་ཡང་དག་པར་རིག་པ་འོད་གསལ་ལས་སྐྱེ་བར་འགྱུར་གྱི། གཞན་དུ་མ་ཡིན་


JLD007_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་ནན་ཏན་དུ་གསུངས་པ་ནི། འོད་གསལ་དུ་འཇུག་པ་ལ་ལུགས་མཐུན་དང་ལུགས་ལྡོག་གཉིས་ཡོད་པ་ལ། རྗེས་དྲན་དེ་གཉིས་གང་གི་སྐབས་དང་སྦྱར་སྙམ་པ་ལ། འོད་གསལ་ལས་ལུགས་ལྡོག་ཏུ་ལྡང་བའི་རིམ་པ་ལ་བཤད་དགོས་ཀྱི། དེ་ལས་གཞན་ལུགས་མཐུན་དང་སྦྱོར་བ་མིན་ནོ་ཞེས་ངེས་པར་བྱ་བའི་དོན་དུ་ཡིན་པས། སྒྲོན་གསལ་གྱི་བཤད་པ་འདི་སྤྱོད་བསྡུས་དང་མཐུན་པར་ཤོད་ཅིག །ཐབས་ནི་ཀུན་རྫོབ་ཀྱི་བདེན་པ་དག་པའི་སྒྱུ་མའི་སྐུའོ། །ཤེས་རབ་ནི་དོན་དམ་པའི་བདེན་པ་ལ་གསུངས་ཀྱང་དེ་དང་རོ་གཅིག་པའི་འོད་གསལ་གྱི་ཡེ་ཤེས་སོ། །སྙོམས་པར་འཇུག་པ་ནི་ངོ་བོ་དབྱེར་མེད་དུ་སྦྱོར་བའོ། །དངོས་པོ་ཐམས་ཅད་ནི་བརྟན་པ་དང་གཡོ་བའོ། །དེ་མདོར་བསྡུས་པ་གོང་བུའི་ཚུལ་གྱིས་ཏེ་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་བྱས་ནས། སྣོད་བཅུད་དེའི་དབུས་སུ་ཟུང་འཇུག་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམ་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཡུད་ཀྱིས་ཏེ། སྐད་ཅིག་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱེད་པ་ནི། ཏིང་ངེ་འཛིན་གྱི་ཡན་ལག་དྲུག་པར་བཤད་དེ། སྒྲོན་གསལ་གྱི་དགོངས་པའོ། །བདེན་གཉིས་ལ་ཟུང་དང་དེ་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཟུང་འཇུག་ནི་ཟུང་འཇུག་གི་གཙོ་བོ་ཡིན་ཏེ། དེས་ཟུང་འཇུག་གཞན་ཡང་མཚོན་ནོ། །སྣོད་བཅུད་ཐམས་ཅད་མདོར་བསྡུས་པ་ཟུང་འཇུག་གི་སྐུ་གཅིག་ཏུ་བྱ་ཚུལ་ནི། བརྟན་གཡོ་ཐམས་ཅད་ཀྱི་རྩ་བ་ནི་རླུང་དང་སེམས་ཙམ་དུ་ཟད་ཅིང༌། དེ་ཡང་ཟུང་འཇུག་གི་སྐུ་གཅིག་ཏུ་བསྐྱེད་པའོ། །


JLD007_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་འདི་ཉིད་ཅེས་པ་ནི་འོད་གསལ་ལས་ཆུ་ལ་ཉ་ལྡང་གི་ཚུལ་དུ་བཞེངས་པའོ། །སྐད་ཅིག་ཙམ་ཞེས་པའི་ཙམ་གྱི་སྒྲས་ནི་འོད་གསལ་ལས་གཞན་གྱིས་བར་ཆོད་པ་གཅོད་དོ། །འདིའི་ཟུང་འཇུག་གི་ཚུལ་ནི་བཤད་ཟིན་ཏོ། །འགྲེལ་པའི་བཤད་པ་འདི་ལྟར་རྟོགས་པ་ཉིད་ཀྱིས་བདུད་རྩི་གསང་བ་ལ་སོགས་པས་རྣམ་པ་གཞན་དུ་བཤད་པ་མི་འཐད་པར་རྟོགས་ནུས་པས་དེའི་ཚུལ་མ་བཤད་དོ། །འདིར་སྒྲོན་གསལ་ལས། སྒྱུ་འཕྲུལ་དྲ་བ་ལས་བྱིན་གྱིས་བརླབས་པ་དང༌། ཡོངས་སུ་བརྟགས་པ་དང༌། གཟུགས་ཡོངས་སུ་རྫོགས་པའི་ལྷའི་རྣལ་འབྱོར་གསུམ་གསུངས་པ་ཁུངས་སུ་དྲངས་པའི་དང་པོ་གཉིས་ནི། ལྷའི་སྐུར་དཀྲོངས་བསྐྱེད་བྱེད་པ་དང༌། ས་བོན་ལ་སོགས་པས་རིམ་གྱིས་སྐྱེད་པ་དང༌། ཟུང་འཇུག་གི་སྐུ་བསྐྱེད་པའི་ཡེ་ཤེས་ཀྱི་སྐུ་གསུམ་ཡིན་ལ། རྒྱུད་འདི་ཀུན་དགའ་སྙིང་པོས་ཡོ་གར་བཀྲལ་མོད་ཀྱང༌། འདིར་དེ་མི་འདོད་དེ་གསང་འདུས་བཞིན་ནོ། །དེའི་དང་པོ་གཉིས་ནི་སྔར་བཤད་པ་ལྟར་མོས་པ་ཡིད་བྱེད་ཙམ་གྱིས་ལྷའི་སྐུར་བསྐྱེད་པ་ཡིན་གྱི། སྒྱུ་ལུས་གཉིས་ལྟར་ལྷའི་སྐུར་སྐྱེས་པ་མིན་ནོ། །ཕྱི་མ་ནི་གཙོ་བོ་དག་པའི་སྒྱུ་མའི་སྐུ་ཡིན་མོད་ཀྱང༌། རིམ་པ་གསུམ་པའི་སྒྱུ་མའི་སྐུ་ཡང་ཡིན་པས། ལྷན་སྐྱེས་ཀྱི་བདེ་ཆེན་སྒོམ་ནུས་པའི་རྫོགས་རིམ་པས་ལྷའི་སྐུ་དཀྲོངས་བསྐྱེད་བྱེད་པ་ཐམས་ཅད་སྔར་བཤད་པའི་རྒྱུད་གཉིས་དང་དེ་དང་འདྲ་བར་རྒྱུད་གཞན་ནས་ཡེ་ཤེས་ཀྱི་སྐུ་ཡུད་ཀྱིས་རྫོགས་པར་བྱེད་པར་གསུངས་པའི་དོན་དུ་འདོད་པ་ནི་ལེགས་པར་མི་སྣང་ངོ༌། །རྣམ་སྣང་


JLD007_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བྱང་ལས་ལྷའི་སྐུ་དག་མ་དག་གཉིས་གསུངས་པ་ཁུངས་སུ་མཛད་པ་ནི་བླ་མེད་ལ་གསུངས་པའི་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་དག་པ་དང་མ་དག་པའི་ལྷ་སྐུ་ཡིན་པའི་ཆ་ནས་སམ། ཡང་ན་དགོངས་གཞི་བླ་མེད་ཀྱི་ལྷའི་སྐུ་ལ་དགོངས་ནས་སྤྱོད་རྒྱུད་དུ་དེ་ལྟར་གསུངས་ཀྱང༌། རྒྱུད་དེར་ལྷ་སྐུ་སྒོམ་པའི་ཚུལ་སྒྲས་ཟིན་གྱི་དོན་ལས་མེད་པར་སྔར་བཤད་པ་ལྟར་ཤེས་པར་བྱའོ། །གསུམ་པ་རིམ་པ་གཉིས་ལ་བོགས་འབྱིན་པའི་ཐབས་སྤྱོད་པ་ལ་གཉིས། སྤྱོད་པ་སྤྱིའི་རྣམ་པར་བཞག་པ་དང༌། བླ་མེད་ཀྱི་སྤྱོད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། སྤྱོད་པ་སྤྱིའི་རབ་ཏུ་དབྱེ་བ་བཤད་པ་དང༌། སྤྱོད་པ་ཁྱད་པར་ཅན་ལ་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། སྟོན་པས་དགའ་ལྡན་ནས་མི་ཡུལ་དུ་བབས་ཏེ། རྒྱུད་དང་གླེང་གཞི་ལ་སོགས་པ་བཞི་བསྟན་ནས་ཆགས་བྲལ་གྱི་སྐུར་སྤྲུལ་ཏེ། དམན་པ་ལ་མོས་པ་ཐེག་དམན་པ་རྣམས་ལ་བདེན་པ་བཞི་རྟོགས་པར་མཛད་ཅིང༌། ཆགས་བྲལ་གྱི་སྤྱོད་པ་དང༌། རྒྱ་ཆེན་པོ་ལ་མོས་པ་ཕར་ཕྱིན་གྱི་ཐེག་པ་བ་རྣམས་ལ། རྣམ་ཤེས་ཚོགས་བརྒྱད་ལ་སོགས་པ་སྟོན་པས་ཆོས་ཀྱི་བདག་མེད་རྟོགས་པར་མཛད་ཅིང༌། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བསྟན་ཏོ། །ཡང་འཁོར་ལོས་སྒྱུར་བའི་གཟུགས་སུ་སྤྲུལ་ནས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱི་སྤྱོད་པས་སྔར་བཤད་པའི་བདེན་པ་གཉིས་རྟོགས་པར་བྱ་བའི་བར་དུ་འདོད་ཆགས་ཀྱི་ཆོས་ཀྱི་སྤྱོད་པ་བསྟན་


JLD007_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །འདོད་ཡོན་ལ་ཆགས་པ་ལམ་དུ་མི་བྱེད་པར་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་ཐམས་ཅད་ཆགས་བྲལ་གྱི་སྤྱོད་པ་ཅན་ཡིན་པས། སྤྱོད་བསྡུས་ལས། ཆགས་བྲལ་གྱི་སྤྱོད་པ་ཐེག་དམན་པ་ལ་གསུངས་པ་ནི་མཚོན་པ་ཙམ་མོ། །རྒྱུད་སྡེ་འོག་མ་གསུམ་ལས་ལས་རྒྱ་དང་། བསྒོམས་བའི་ལྷ་མོ་དང་མཉམ་པར་སྦྱོར་བ་མ་བཤད་ཀྱང༌། སྤྱིར་མདུན་དུ་བསྒོམས་པའི་ལྷ་མོའི་ཡུལ་ལྔ་ལ་དམིགས་པའི་ཆགས་པ་ལམ་བྱེད་ཙམ་ཞིག་ཡོད་པས། དེ་དག་གི་ལམ་ཡང་འདོད་ཡོན་ལ་ཆགས་པ་ལམ་བྱེད་ཙམ་དུ་བསྡུའོ། །ཐུན་མོང་མ་ཡིན་པའི་བདེན་པ་གཉིས་ཀྱི་དོན་མ་ལུས་པ་ཡོངས་སུ་སྤྱོད་ཅིང་། བདེ་བ་ཆེན་པོའི་འབྲས་བུ་མཆོག་ལ་དགའ་བའི་གདུལ་བྱ་རྣམས་ལ། ཉན་ཐོས་དང་ལྡན་པ་དང༌། ཕར་ཕྱིན་གྱི་མདོ་སྡེའི་ཚུལ་དང་ལྡན་པའི་ཆགས་བྲལ་གྱི་སྤྱོད་པ་མ་གསུངས་ཏེ། དེ་དག་གིས་འདུལ་བའི་གདུལ་བྱ་ནི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱས་པའི་བདེ་བ་ཆེན་པོའི་རྫོགས་རིམ་མ་རྟོགས་པས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་སྤྱོད་པ་བྱ་དཀའ་བ་རྣམས་ཀྱིས། དུས་རིང་པོས་བྱང་ཆུབ་འཚོལ་བར་བྱེད་ཀྱང༌། མཐར་ཐུག་པའི་བྱང་ཆུབ་ལམ་གཞན་ལ་མ་བརྟེན་པར་ཐོབ་པར་མི་ནུས་པའི་སྤྱོད་པ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་རྡོ་རྗེ་མཁའ་འགྲོ་ལས། གང་ཞིག་དགེ་སློང་དངོས་གནས་དང༌། །གང་ཡང་རྟོག་ལ་དགའ་བའི་མི། །གང་ཞིག་རྒན་པོར་གནས་གྱུར་པ། །དེ་ལ་དེ་ཉིད་མི་བསྟན་ཏོ། ཞེས་གསུངས་ཏེ་ཆགས་བྲལ་གྱི་ལམ་གྱིས་འདུལ་བའི་རབ་བྱུང་ནི་ཆགས་ཅན་གྱི་ལམ་


JLD007_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་པར་མི་ནུས་པ་དང༌། ས་བོན་ཉམས་པའི་རྒན་པོ་ནི་བདེ་སྟོང་སྦྱོར་བའི་ནུས་པ་མེད་པ་དང༌། ཕྱི་རོལ་གྱི་རྟོག་གེ་ལྷུར་ལེན་པ་ནི་ཆོས་འདི་ལ་མི་འཇུག་པས། ལམ་མཆོག་གི་སྣོད་མིན་པར་བཤད་དོ། །དེ་བས་ན་འབྲས་བུ་ཁྱད་པར་ཅན་ནི་རྒྱུ་ཁྱད་པར་ཅན་ལས་འབྱུང་བས། འབྲས་བུའི་སྐབས་ཀྱི་བདེ་བ་ཆེན་པོ་ཡང༌། རྒྱུའི་སྐབས་སུ་འདོད་པའི་ཡོན་ཏན་ལ་སྤྱད་པའི་བདེ་བ་ཁྱད་པར་ཅན་ལས་འགྲུབ་པར་ཤེས་པར་བྱའོ། །དེ་ལས་གཞན་དུ་སྤྱོད་པ་བྱ་དཀའ་བ་རྣམས་ཀྱིས་ནི་བདེ་བ་ཆེན་པོའི་སེམས་རྩེ་གཅིག་པ་མི་འཐོབ་སྟེ། ཞུ་བདེ་ནི་ལུས་རྒྱས་པ་ལས་འབྱུང་ལ། སྤྱོད་པ་དེ་དག་གིས་ནི་དབང་པོ་ལྔ་རྟེན་དང་བཅས་པའི་ལུས་ཚར་བཅད་པའི་ཕྱིར་རོ། །དེ་ལྟར་ཡང་རྡོ་རྗེ་མཁའ་འགྲོ་ལས། སྒྱུ་མ་ལྟ་བུའི་དངོས་དག་ནི། །ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་བར། །བདེ་བ་ཡོངས་སུ་འགྱུར་བཞིན་པས། །འབྲས་བུ་ཁྱད་འཕགས་ཐོབ་འགྱུར་བར། །ཅི་ཡི་ཕྱིར་ན་འདོད་མི་བྱ། །བརྟན་གཡོའི་དངོས་པོ་ཡོད་མིན་ཏེ། །འོན་ཀྱང་སྣང་བ་ཙམ་མཚན་ཉིད། །སྒོམ་པ་ཁྱད་པར་ཅན་གང་ཞིག །ཡིད་འོང་བདེ་བའི་འབྲས་བུ་ནི། །བླ་མེད་གསལ་བའི་བློ་ཡི་མཐུ། །འབྲས་བུ་དོན་གཉེར་རྒྱུ་བསྒྲུབས་ན། །དེར་ནི་ལྷ་མོ་སུ་ཞིག་འགོག །དེ་བས་འབད་པ་ཐམས་ཅད་ཀྱིས། །ཀུན་ཏུ་འགྲོ་བ་མཆོད་པར་བྱ། །དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ནི་སྐམས་ཤིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ན། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ལུས་


JLD007_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ནི་བརྟན་བྱས་ན། །བདེ་བ་ཐམས་ཅད་བརྟན་པར་འགྱུར། ཞེས་དང༌། རྩ་བའི་རྒྱུད་ལས་ཀྱང༌། དཀའ་ཐུབ་སྡོམ་པ་མི་བཟད་པ། །བསྟེན་པས་འགྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་གསུངས་སོ། །དཀའ་ཐུབ་ནི་ལུས་ངལ་ཞིང་དུབ་པའི་སྦྱོར་བས་གཙུག་ལག་ཁང་ལ་སོགས་པ་སྒྲུབ་པ་དང་སྡོམ་པ་ནི་ཤིང་དྲུང་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང༌། མི་བཟད་པ་ནི་རི་ལ་འཕྱོང་ཞིང་མེར་འཇུག་པ་སོགས་ཏེ། དེ་རྣམས་བསྟེན་པའི་གདུངས་བཞིན་པས་བྱང་ཆུབ་མི་འགྲུབ་པ་ནི། དེ་རྣམས་ཀྱིས་ལུས་སྐམས་པ་སྟེ་རྒུད་པས་སྡུག་བསྔལ་བར་འགྱུར་ལ། དེས་ནི་ཀུན་ད་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཉམས་པས། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལས་གཞན་དུ་གཡེངས་པས་ན། ཚེ་འདིར་དངོས་གྲུབ་མཆོག་མི་འགྲུབ་བོ། །དཔལ་མཆོག་དང་པོ་ལས་སྔར་ལྟར་གསུངས་པ་སྤྱོད་བསྡུས་སུ་དྲངས་པའི་དོན་ནི། སྤྱིར་བཤད་པའམ་སྔར་བཤད་པ་ལྟར་ལ་དགོངས་ནས་གསུངས་པའི་དོན་དུ་བྱའི། སྒྲས་ཟིན་གྱི་དོན་ལ་དེ་ལྟར་མི་བཤད་དོ། །ཡང་རྩ་རྒྱུད་ལས། ལུས་དང་ངག་དང་སེམས་རྣམས་ནི། །བདེ་བར་གནས་ན་བྱང་ཆུབ་འཐོབ། །གཞན་དུ་དུས་མིན་འཆི་བ་དང༌། །དམྱལ་བར་ངེས་པར་སྲེག་པར་འགྱུར། ཞེས་གསུངས་པའི་སྔ་མ་གཉིས་ཀྱི་དོན་ཕྱི་མ་གཉིས་ཀྱི་ཤུགས་བསྟན་གྱིས་བདེ་བར་སྤྱད་པའི་ཕན་ཡོན་དང༌། ཕྱི་མའི་དངོས་བསྟན་གྱིས་དཀའ་ཐུབ་ཀྱི་སྤྱོད་པ་བྱེད་པའི་ཉེས་དམིགས་བསྟན་ནོ། །དེ་ནི་ཁ་ཅིག་མུ་སྟེགས་ཀྱི་དཀའ་ཐུབ་སྤྱད་པའི་ཉེས་པར་


JLD007_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འཆད། ཁ་ཅིག་དབང་དང་དམ་ཚིག་ཐོབ་ཅིང༌། ལམ་འདིའི་དེ་ཉིད་རྟོགས་ནས་དེ་སྤངས་ཏེ་དཀའ་སྤྱད་བྱེད་ན་རྩ་ལྟུང་བརྒྱད་པ་འབྱུང་བའི་ཉེས་པར་འཆད་དོ། །བླ་མེད་ཀྱི་ལམ་གྱིས་ཚེ་འདིར་བྱང་ཆུབ་སྟེར་བ་ནི། བདེ་སྟོང་སྦྱོར་བ་ལ་རག་ལས་ལ། དེའི་བདེ་བ་ནི་རང་གི་ལུས་ཀྱི་བྱང་སེམས་རྒྱས་པ་ལས་འབྱུང་ཞིང༌། དེ་ལ་ནི་དབང་པོ་རྟེན་བཅས་ཀྱི་རང་གི་ལུས་རྟས་པ་དགོས་ཏེ། དེའི་དོན་དུ་དབང་པོ་རྣམས་ཀྱིས་ཡུལ་ལྔ་ཇི་ལྟར་འདོད་པར་བསྟེན་པའི་སྤྱོད་པ་གསུངས་སོ། །ལེའུ་བཅུ་བདུན་པའི་སྒྲོན་གསལ་ལས་ཀྱང༌། དམ་ཚིག་ཇི་རྙེད་ཡོད་པ་ཀུན་ནི་པདྨ་ཅན་ལ་སོགས་པའི་བུད་མེད་རྣམས་སོ། །དེ་རྣམས་རྡོ་རྗེ་གསུམ་གྱི་དམ་ཚིག་གི་སྟེ། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ཀྱིས་མགུ་ཞིང་དགའ་བར་བྱའོ། །ཐུགས་ཀྱི་རྡོ་རྗེ་མི་སྨད་ཅེས་པ་ནི་དེ་རྣམས་ཀྱི་ཐུགས་ཆགས་པ་དང་བྲལ་བར་མི་བྱ་སྟེ། ལུས་ཀྱི་རྩ་བ་སེམས་ཡིན་པའི་ཕྱིར་དང༌། བྱང་ཆུབ་སེམས་ཀྱི་རྩ་བ་ལུས་ཡིན་པའི་ཕྱིར་རོ་ཞེས་དགོངས་སོ། ཞེས་པདྨ་ཅན་ལ་སོགས་པའི་ལུས་ལ་བརྟེན་ནས་རང་གི་བྱང་ཆུབ་ཀྱི་སེམས་འཕེལ་ལ། དེའི་ལུས་ཀྱི་རྩ་བ་དེའི་སེམས་ཡིན་པས། དེའི་སེམས་སུན་ཕྱུང་ན་བདེ་བ་ཆེན་པོའི་རྩ་བའི་རྒྱུ་ལ་གནོད་པས། བདེ་བ་ཆེན་པོའི་ཏིང་ངེ་འཛིན་འཕེལ་བའི་གེགས་བྱེད་པར་དགོངས་ནས། དེའི་སེམས་བསྲུང་བར་གསུངས་ཏེ། རྩ་ལྟུང་བཅུ་བཞི་པའི་བཅས་པ་ཡང་དེ་ལ་དགོངས་སོ། །རིགས་པ་དེ་ནི་རང་གི་ལུས་གདུང་བར་ནི་བྱེད་པར་རྒྱས་པར་བྱེད་པ་ལ་ཡང་འདྲ་བར་ཤེས་པར་བྱའོ། །སྒྲོན་


JLD007_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་འགྱུར་གསར་གཉིས་ལས། སེམས་ལུས་ཀྱི་རྩ་བ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལུས་སུ་བཤད་པ་ལེགས་ཀྱི། བཟློག་ནས་བསྒྱུར་བ་མི་ལེགས་སོ། །དེ་ལྟར་ན་ཕྱིན་དྲུག་ལ་སྤྱོད་པར་གསུངས་པ་ལྟར་གང་ལ་བསླབ་པའི་ལམ་ལ་སྤྱོད་པར་གསུངས་པ་ཡོད་ཀྱང༌། འདིར་ནི་བདེ་བ་ཆེན་པོའི་རྒྱུར་འདོད་ཡོན་ལྔ་ལ་རང་བཞིན་ཤེས་པའི་སྒོ་ནས་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །དེའི་ཕྱིར་འདོད་ཡོན་གྱི་སྒོ་ནས་སྒོ་གསུམ་བདེ་བར་མི་གནས་ན། སེམས་རྩེ་གཅིག་པ་མི་འཐོབ་པ་དང༌། ཡིད་མཉམ་པར་འཇོག་པར་མི་འགྱུར་བས། དེའི་དོན་དུ་བདེ་བའི་སྤྱོད་པ་སྤྱད་དགོས་པར་གསུངས་པ་ནི། སེམས་རྩེ་གཅིག་པའི་མཉམ་གཞག་བརྟན་པ་ཙམ་ཞིག་བསྒྲུབ་པ་ལ་མིན་གྱི། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་བསྒྲུབ་པའི་ཕྱིར་ཡིན་ནོ། །གཉིས་པ་ལ་གཉིས། སྤྱོད་བསྡུས་ལས་གསུངས་པ་བཀོད་ནས་དེའི་དོན་བཤད་པ་དང༌། དེ་ལ་གཞན་གྱི་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་འདོད་ཡོན་ལྔ་ལ་ཇི་ལྟར་འདོད་པར་བསྟེན་པས་སངས་རྒྱས་འགྲུབ་པར་གསུངས་ན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་མོ། །ཞེས་འདོད་ཡོན་ལྔ་ལ་ཆགས་པ་སྤང་བྱའི་དུག་ཏུ་གསུངས་པ་དང༌། འདོད་ཡོན་ལྔ་བསྟེན་པ་ནི་ཉོན་མོངས་སྐྱེ་བའི་རྒྱུར་གྱུར་པས་ངན་སོང་གི་རྒྱུ་ཡིན་པར་འདོད་པའི་ཉེས་དམིགས་སྟོན་པའི་གསུང་རབ་ལས་བཤད་པ་དང་ཇི་ལྟར་མི་འགལ་ཞེ་ན། འདིའི་ལན་དུ་སྤྱོད་བསྡུས་ལས། ཉོན་མོངས་པ་རྣམས་ནི་ཉན་ཐོས་ལ་སོགས་པ་དམིགས་པར་ལྟ་བ་རྣམས་ཀྱི་ཉོན་མོངས་པའི་རྐྱེན་དུ་འགྱུར་ཏེ།


JLD007_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ཀྱི་ངོ་བོ་ཉིད་མི་ཤེས་པའི་ཕྱིར་རོ། །ངོ་བོ་ཉིད་དེ་ཤེས་ན་ནི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །ཞེས་གསུངས་ཏེ། དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་འདི་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བསྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། ཞེས་གསུངས་པ་དང༌། དཀོན་བརྩེགས་ལས། གྲོང་ཁྱེར་གྱི་ལུད་བུར་ཤིང་སོགས་ཀྱི་ཞིང་ལ་ཕན་པ་བཞིན་དུ། བྱང་སེམས་ཀྱི་ཉོན་མོངས་ཀྱི་ལུད་ཀྱང་འཚང་རྒྱ་བ་ལ་ཕན་པ་དང༌། སྔགས་དང་སྨན་གྱིས་ཟིན་པའི་དུག་གིས་འཆི་མི་ནུས་པ་བཞིན་དུ། ཐབས་ཤེས་ཀྱིས་ཟིན་པའི་ཉོན་མོངས་ཀྱིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་པ་དང༌། འདུལ་བ་དོན་ཡོད་པར་གྲུབ་པའི་རྒྱུད་ལས་ཀྱང༌། གང་གིས་བླུན་པོ་འཆིང་འགྱུར་བ། །དེ་ཡིས་མཁས་པ་ཡོངས་གྲོལ་ཞེས། །བྱང་ཆུབ་རྣམ་པར་བསྒོམས་ན་ནི། །འདི་དག་ཐམས་ཅད་ཕྱིན་ཅི་ལོག །གང་གིས་རྨོངས་པ་འཆིང་འགྱུར་ཞིང༌། །ངུ་འབོད་མཐར་ནི་དེ་འགྱུར་བ། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང༌། །ཤེས་རབ་སྟོབས་ཀྱིས་བདེ་བ་འཐོབ། ཅེས་གསུངས་ཏེ། རིགས་པ་འདིས་ན་ཁྱད་པར་ཅན་བསྐུལ་བར་འགྱུར་བ་དང༌། ཁྱད་པར་ཅན་གྱི་ཡོངས་སུ་འགྱུར་བས་ཁྱད་པར་ཅན་གྱི་འབྲས་བུ་ཡིད་དུ་འོང་བ་སྐྱེད་པའི་རྒྱུར་ཞུགས་པའི་བླ་ན་མེད་པའི་བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱ་བ་ལ་སྒྲུབ་པ་གཞན་མེད་དེ། དེའི་དོན་དུ་དེ་ཉིད་ཀྱིས་བཟའ་བ་དང༌། གནས་


JLD007_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་བདེ་བ་རྣམས་ཀྱིས་ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་སོགས་པ་དང་ལྡན་པའི་ཐམས་ཅད་མཁྱེན་པ་མངོན་སུམ་དུ་བྱེད་དོ། །སྒྱུ་མ་བདེ་མཆོག་ལས་ཀྱང༌། དེས་ན་བདེ་བས་བདེ་བ་ཉིད། །སངས་རྒྱས་ཐམས་ཅད་ཉིད་ཐོབ་འགྱུར། ཞེས་བཤད་དོ། །ཉོན་མོངས་ཀྱི་རྐྱེན་དུ་འགྱུར་ཏེ། ཞེས་པ་ལ། སྤྱོད་བསྡུས་འགྱུར་གསར་གཉིས་ལས། ངན་འགྲོའི་རྒྱུར་འགྱུར་ཏེ། ཞེས་བསྒྱུར་བ་ལེགས་སོ། །དེ་ལ་ཡུལ་ལྔ་བསྟེན་པས་ཉོན་མོངས་སྐྱེ་ལ། དེ་ཡང་ངན་འགྲོའི་རྒྱུར་འགྱུར་ཞེས་བརྩད་པ་ལ། ཡུལ་བསྟེན་པ་ལས་སྐྱེས་པའི་ཉོན་མོངས་ལ་ཉན་ཐོས་ལ་སོགས་པ་དེ་ཁོ་ན་ཉིད་མ་རྟོགས་པ་ལ་ངན་འགྲོའི་རྒྱུ་དང༌། རྟོགས་པ་ལ་སངས་རྒྱས་ཀྱི་རྒྱུར་འགྱུར་བ་གཉིས་སུ་ཕྱེ་བའི་ལན་མཛད་ཀྱི། འདོད་ཡོན་བསྟེན་པ་ལས་ཉོན་མོངས་མི་སྐྱེད་ཅེས་མ་གསུངས་སོ། །སྤྱིར་སྔར་བཤད་པ་ལྟར་འདོད་ཡོན་ལ་ཆགས་པ་དང་བྲལ་བ་ལ་ཡང༌། ཟས་གོས་ལ་སོགས་པའི་འདོད་ཡོན་ལ་དོན་གཉེར་འབྱུང་བ་མི་འགལ་བས། འདོད་ཡོན་ཡིད་དུ་འོང་མི་འོང་བར་མ་གསུམ་ལ་དབང་པོ་ལྔས་ལོངས་སྤྱད་པ་ཙམ་དང༌། ཡིད་ཀྱི་ཤེས་པ་ལ་འདོད་ཡོན་ལ་དོན་གཉེར་བྱུང་བ་ཙམ་གྱིས་ཉོན་མོངས་ཅན་དུ་འགྱུར་བ་མིན་ནོ། །འོན་ཀྱང་འདིར་ནི་གཙོ་བོར་འདོད་ཡོན་ལ་ཆགས་པ་དང་མ་བྲལ་བའི་དབང་དུ་མཛད་ནས་སྟོན་ལ། འདོད་ཡོན་གྱི་ནང་ནས་ཀྱང་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་པ་འཐད་མི་འཐད་དཔྱོད་པ་ཡིན་ནོ། །འདོད་པ་ལ་ཆགས་པ་དང་མ་བྲལ་ཞིང་དེ་ཁོ་ན་ཉིད་རྟོགས་པ་དང་མི་ལྡན་པས། འདོད་


JLD007_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ལ་ཇི་ལྟར་འདོད་པ་བཞིན་བསྟེན་ན་ནི། དེ་རྣམས་ལ་ཆགས་པའི་ཉོན་མོངས་ཀྱང་སྐྱེ་ལ། དེ་དག་ཀྱང་ངན་འགྲོའི་རྒྱུར་འགྱུར་བས། དེས་ནི་ཉོན་མོངས་གང་ཡང་ཐར་པ་ཙམ་གྱི་རྒྱུར་ཡང་སྒྱུར་མི་ནུས་པས་གནང་བ་ཡང་མེད་དོ། །དེ་ཁོ་ན་ཉིད་རྟོགས་པ་དང་ལྡན་པའི་ཐེག་དམན་པ་ལ་ཡང་ཉོན་མོངས་གང་ཡང་བྱང་ཆུབ་ཀྱི་རྒྱུར་བསྒྱུར་ནུས་པ་མེད་དེ། །དེ་ལ་ནི་དེ་ལྟར་སྒྱུར་བའི་ཐབས་ཀྱི་ཆ་ཕར་ཕྱིན་དང༌། སྔགས་ཀྱི་ཐེག་ཆེན་གཉིས་ལས་གསུངས་པ་གང་ཡང་མེད་པའི་ཕྱིར་དང་དེ་ལྟར་སྒྱུར་བ་ཡང་ཐབས་ཤེས་ཁྱད་པར་ཅན་གཉིས་ཀ་ལ་ལྟོས་པའི་ཕྱིར་རོ། །དེས་ན་ཉོན་མོངས་ཀྱི་དེ་ཉིད་ཤེས་ན་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་གསུངས་པ་ནི། དེ་འདྲ་བ་ཞིག་ལ་ཉོན་མོངས་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཞིག་ཡོད་པར་སྟོན་པ་ཡིན་གྱི། དེ་ཁོ་ན་ཉིད་ཤེས་པ་གང་ཡིན་ཐམས་ཅད་ཀྱིས་འདོད་ཡོན་བསྟེན་པའི་ཉོན་མོངས་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་སྟོན་པ་མིན་ཏེ། གཞན་དུ་ན་དེ་ལ་སྟོང་ཉིད་ཀྱི་ལྟ་བ་མིན་པའི་ཐབས་ཀྱི་ཆ་དུ་མ་ཞིག་དགོས་པར་གསུངས་པ་རྣམས་དོན་མེད་པར་འགྱུར་བའི་ཕྱིར་རོ། །དཔལ་མཆོག་གི་ལུང་དྲངས་པས་ནི། ཉོན་མོངས་གསུམ་ལ་དུག་དང་བདུད་རྩིར་འགྱུར་བ་གཉིས་ཡོད་པར་སྟོན་པས། ཉོན་མོངས་གསུམ་མཐའ་གཅིག་ཏུ་སྤང་བྱའི་དུག་ཏུ་གསུངས་པ་གང་ཟག་ཁ་ཅིག་ལ་ཡིན་གྱི། ཐམས་ཅད་ལ་མིན་པར་སྟོན་ནོ། །དཀོན་བརྩེགས་ཀྱི་ལུང་སྔ་མས་བྱང་སེམས་ཀྱི་ཉོན་མོངས་འགའ་ཞིག་གིས་སངས་རྒྱས་ཀྱི་ཆོས་སྐྱེད་པར་བསྟན་པས། ཉོན་མོངས་གང་ཡིན་


JLD007_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སངས་རྒྱས་ཐོབ་པ་ལ་གེགས་མི་བྱེད་པར་བསྟན་ལ། ལུང་གཉིས་པས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ཉོན་མོངས་ཀྱིས་ལོག་པར་ལྟུང་བ་ངན་འགྲོར་འཁྲིད་མི་ནུས་པར་བསྟན་པས། ཐབས་མི་མཁས་པ་ལ་མཐོ་རིས་ཀྱི་གེགས་བྱེད་པའི་ཉོན་མོངས་ཀྱིས། དེ་ལས་བཟློག་པ་ལ་གེགས་བྱེད་མི་ནུས་པར་བསྟན་ཏོ། །དཀོན་བརྩེགས་ཀྱི་ལུང་དོན་ནི། ཕར་ཕྱིན་གྱི་བྱང་སེམས་ཀྱིས་སྲིད་པར་སྐྱེ་བའི་རྒྱུའི་ཉོན་མོངས་སྲེད་པ་སྤོང་ནུས་བཞིན་དུ་ཆེད་དུ་མི་སྤོང་བར་འཇོག་པར་གསུངས་པའི་ཉོན་མོངས་ཀྱིས་བྱང་སེམས་ཀྱི་སྤྱོད་པ་རླབས་ཆེན་པོ་རྣམས་རྫོགས་ནུས་པའི་སྐྱེ་བ་ལེན་པས་འཚང་རྒྱ་བའི་རྒྱུར་གསུངས་ཤིང༌། ཡང་བྲམ་ཟེའི་ཁྱེའུ་སྐར་མ་ལྟ་བུའི་རྟེན་ཁྱད་པར་ཅན་ལ་འདོད་པ་དང་དུ་མ་བླངས་ན་ཡུལ་དེ་འཆི་བའི་དགག་བྱ་དང་ལྡན་པ་དང༌། དང་དུ་བླངས་ན་འདོད་པ་བཞིན་དགེ་བ་ལ་གཟུང་དུ་ཡོད་པའི་དོན་དུ་ལོག་གཡེམ་གནང་བའི་ཉོན་མོངས་ལ་གསུངས་པས། དེ་འདྲ་བའི་ཉོན་མོངས་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བ་དང༌། ལམ་འདིར་ཆགས་པ་ལམ་དུ་བྱེད་ལུགས་ནི་རྣམ་པ་ཐམས་ཅད་དུ་མི་འདྲའོ། །འོན་ཀྱང་ཐབས་མཁས་ཀྱིས་ཟིན་པའི་ཉོན་མོངས་འགའ་ཞིག་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཁུངས་ཡིན་པས་འདོད་ཡོན་བསྟེན་པ་ལས་ཉོན་མོངས་སྐྱེ་ན་ངན་འགྲོར་འཁྲིད་པ་དང༌། བྱང་ཆུབ་ཀྱི་གེགས་སུ་འགྱུར་བ་དང༌། ལུང་ཕན་ཚུན་འགལ་བར་རྩོད་པའི་སྐྱོན་སྤོང་བར་ནུས་སོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཁྱིམ་གྱི་འདོད་པ་སྤོང་མ་ནུས་པ་ལ་བྱང་སེམས་ཁྱིམ་པའི་ཀུན་སྤྱོད་གསུངས་


JLD007_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱང༌། ཆགས་ཅན་གྱི་ཐེག་པས་ལམ་བགྲོད་པ་ལ་མི་མོས་པས། འདོད་པ་བསྟེན་པ་ལ་ཉེས་དམིགས་ཀྱི་འདུ་ཤེས་ཀྱིས་འཇུག་པར་བྱ་བར་གསུངས་པས། བླ་མེད་ཀྱི་ལམ་གྱིས་འདུལ་བའི་ཆགས་ཅན་དང་མི་འདྲའོ། །རྣལ་འབྱོར་གྱི་རྒྱུད་དཔལ་མཆོག་གི་ལུང་གིས་ཀྱང༌། རང་ལུས་ཀྱི་བྱང་སེམས་འཕེལ་བའི་དོན་དང༌། གཞན་ལུས་ལ་བརྟེན་ནས་རང་གི་བྱང་སེམས་འཕེལ་བའི་ཐབས་སུ་ཐབས་མཁས་ཀྱིས་ཟིན་པའི་འདོད་ཡོན་བསྟེན་པའི་ཆགས་པ་ལམ་བྱེད་ལ་སྐྱོན་མེད་པར་མི་སྟོན་ཀྱང་སྤྱིར་ཉོན་མོངས་གསུམ་ལམ་དུ་བྱ་ནུས་པ་ཅིག་ཡོད་པར་སྟོན་པ་ཡིན་པས་དྲང་དུ་རུང་ངོ༌། །འོ་ན་འདོད་ཆགས་ལ་གནང་བ་ཡོད་དུ་ཆུག་ཀྱང་ཞེ་སྡང་དང་གཏི་མུག་ལ་གནང་བ་ཇི་ལྟར་ཡོད་སྙམ་ན། བསད་བསྐྲད་ལ་སོགས་པའི་དྲག་པོའི་ལས་རྣམས་བྱེད་པ་ན་རྒྱུའི་ཀུན་སློང་གི་དུས་སུ་ཞེ་སྡང་མེད་ཀྱང་དུས་ཀྱི་ཀུན་སློང་གི་སྐབས་སུ་རྩུབ་པའི་སེམས་བསྐྱེད་པར་གསུངས་པ་དང༌། ཐོག་མར་བསྲུང་འཁོར་སྒོམ་པ་སོགས་ཀྱི་སྐབས་སུ་ཡང་། རྒྱུའི་ཀུན་སློང་གི་སྐབས་སུ་སྙིང་རྗེ་བསྐྱེད་ཀྱང་དུས་ཀྱི་ཀུན་སློང་གི་སྐབས་སུ་བགེགས་ལ་གནོད་སེམས་བསྐྱེད་པ་སོགས་བཤད་པའི་ཞེ་སྡང་དང༌། དེའི་ཆར་གཏོགས་འགའ་ཞིག་གནང་བ་ཡོད་ལ། ཆགས་སྡང་གང་ཡིན་ཀྱང་ཉོན་མོངས་ཅན་གྱི་གཏི་མུག་དང་མཚུངས་ལྡན་དུ་འབྱུང་བས། ཉོན་མོངས་གཞན་གནང་བའི་ཞར་བྱུང་གི་སྒོ་ནས་གནང་གི །གཏི་མུག་ལ་སྒོས་སུ་གནང་བ་མིན་ནོ། །གང་གིས་ཞེས་པ་ནི་སྤྱིར་འདོད་ཡོན་ལ་ཆགས་པ་དང༌།


JLD007_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་དབང་པོ་གཉིས་སྦྱོར་གྱི་ཆགས་པ་གང་གིས་བླུན་པོ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པ་འཁོར་བར་འཆིང་ཞིང༌། ངུ་འབོད་ལ་སོགས་པའི་དམྱལ་བར་འགྲོ་བའི་ཆགས་པ་དེ་ཉིད་ཀྱིས་ནི་ཐབས་ལ་མཁས་པ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་བདེ་བ་ཆེན་པོར་གྲོལ་བར་འགྱུར་བས་བདེ་སྟོང་གི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ན་ཐབས་མི་མཁས་པ་ལ་འཆིང་རྒྱུར་འགྲོ་བ་ཐབས་མཁས་པ་ལ་གྲོལ་རྒྱུར་འགྲོའ། །ཀྱཻ་རྡོ་རྗེ་ལས་ཀྱང༌། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཀྱིས་ནི་རྣམ་གྲོལ་འགྱུར། ཞེས་གསུངས་སོ། །དེས་ན་འདོད་ཡོན་ལ་ཆགས་པའི་ཉོན་མོངས་ཉིད་ལ་འཆིང་གྲོལ་གྱི་རྒྱུ་གཉིས་སུ་ཡོད་པས། རྡོ་རྗེ་འཕྲེང་བ་ལས། བྱ་དང་བྱ་མིན་རྣམ་སྤངས་ཏེ། །བཀག་པ་དག་ཀྱང་བྱེད་པས་ན། །པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། ཞེས་གསུངས་པ་ཡང་འདོད་ཡོན་ལ་ཆགས་པ་ཡོད་ཀྱང། དེའི་སྐྱོན་གྱིས་མི་རྫི་བ་ལ་མི་གོས་ཞེས་བྱའི། ཆགས་པ་མི་འབྱུང་བར་སྟོན་པ་མིན་ནོ། །འོ་ན་ཐེག་པ་གཞན་གྱི་ཉོན་མོངས་བྱང་ཆུབ་ཀྱི་རྒྱུར་བྱེད་ཚུལ་སྔར་ལྟར་དང༌། རྒྱུད་སྡེ་གཞན་གྱིས་ཆགས་པ་ལམ་བྱེད་མཉམ་པར་མི་སྦྱོར་བའི་བསྒོམས་པའི་ལྷ་མོའི་ཡུལ་ལྔ་ལ་དམིགས་པའི་ཆགས་པ་ཙམ་ཞིག་ལམ་དུ་བྱེད་པ་ཡིན་ན། བླ་མེད་ཀྱི་འདོད་ཡོན་ལ་ཆགས་པ་ལམ་བྱེད་ཇི་ལྟར་ཡིན་སྙམ་ན། དེ་ཁོ་ན་ཉིད་ཕུ་ཐག་ཆོད་པའི་དོན་ཞུ་བདེའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་སྒོམ་པའི་ལམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ལེགས་པར་མཐོང་བའི་གུས་པ་དྲག་པོས་ཡིད་དྲངས་


JLD007_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་ཁོ་ན་ཉིད་སྒོམ་པའི་ཕྱིར་དུ་བདེ་བ་ཆེན་པོ་སྐྱེད་པར་འདོད་ལ་དེ་སྐྱེད་པའི་ཐབས་སུ་ཕྱིའི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ཡིན་ལ། དེ་ཙམ་དུ་མ་ཟད་སྒྱུ་མའི་སྐུ་སྒྲུབ་པའི་ཕྱིར་དུ་ཡང་ཡིན་ཏེ། འདི་རྣམས་སྔར་མང་དུ་བཤད་ཟིན་ཏོ། །སྟོང་ཉིད་སྒོམ་པའི་ཡུལ་ཅན་ཁྱད་པར་ཅན་སྐྱེད་པའི་དོན་དུ་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ནི་བླ་མེད་ལས་གཞན་དུ་ཡོད་པ་མིན་ནོ། །རིགས་པ་འདིས་ཞེས་སོགས་ནི་པ་ཚབ་ཀྱི་འགྱུར་ལས། ཚུལ་འདིས་སྒྲོ་འདོགས་ཁྱད་པར་ཅན་དང༌། ཞེས་འབྱུང་བ་དེ་ཁོ་ན་ཉིད་གྲུབ་པ་དང་ཡང་མཐུན་ལ། དོན་ནི་ཡུལ་དང་རྟེན་ལྷར་བསྐྱེད་པ་སོགས་སོ། །གནས་པ་ནི་གནས་སུ་བསྒྱུར་བ་ལེགས་ལ། སོགས་ཀྱིས་སྤྱོད་ལམ་ཡང་བསྡུའོ། །ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་བྱང་སེམས་ཞུ་བ་ལས་ནི། ནང་གི་དོན་ལུས་ཀྱི་རེག་བྱ་ཁྱད་པར་ཅན་སྐྱེ་ལ། དེས་དམིགས་པའི་རྐྱེན་བྱས་པས་ལུས་ཀྱི་ཤེས་པའི་ཚོར་བ་བདེ་བ་ཁྱད་པར་ཅན་སྐྱེའོ། །དེས་དེ་མ་ཐག་རྐྱེན་བྱས་པ་ལས་ཡིད་ཀྱི་ཤེས་པ་ཕུལ་དུ་བྱུང་བའི་བདེ་བའི་ངོ་བོར་སྐྱེད་དོ། །དེའི་ཚེ་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་བྱས་པ་དྲན་པར་བྱས་པ་ཉིད་ཀྱིས་བདེ་སྟོང་སྦྱར་བར་འགྱུར་བས། ཡིད་བདེ་བའི་ངོ་བོར་བསྐྱེད་པའི་ཐབས་ཀྱིས་སྟོང་ཉིད་བསྒོམ་པར་གསུངས་པ་ན། རྣམ་དཔྱོད་ཅན་གྱིས་ནི་དེ་ལ་བརྟེན་ནས་སྟོང་ཉིད་ལ་ཁྱད་མེད་ཀྱང༌། ཡུལ་ཅན་ཁྱད་པར་ཅན་གྱི་སྒོ་ནས་ལམ་འདིའི་གནད་རྟོགས་པར་འགྱུར་


JLD007_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དབང་ཤེས་དང་ཡིད་ཤེས་ཀྱི་བདེ་བ་སྐྱེ་བའི་རིམ་པ་དེ་ནི། རིགས་པའི་དབང་ཕྱུག་གིས། འགའ་ཚེ་ཆགས་སོགས་རྒྱས་སོགས་ཀྱིས། །འཕེལ་བ་བདེ་སྡུག་ལས་སྐྱེས་ཡིན། །དེ་ཡང་ཁམས་སྙོམས་ལ་སོགས་པ། །ནང་གི་དོན་ནི་ཉེ་བ་ལས། ཞེས་དང༌། ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ། ཞེས་གསུངས་པའི་རིགས་པ་ལས་ཤེས་སོ། །དེའི་ཕྱིར་ཡིད་བདེ་བ་ཆེན་པོའི་ངོ་བོར་གྱུར་པའི་དེ་མ་ཐག་རྐྱེན་ལས་ཀྱང་། དབང་པོའི་ཤེས་པ་རྣམས་བདེ་བའི་ངོ་བོར་སྐྱེ་བ་ཡང་ཤེས་པར་བྱའ། །གཉིས་པ་ནི། གལ་ཏེ་སྤྱོད་བསྡུས་ལས། ཉན་ཐོས་ལ་སོགས་པ་དམིགས་པར་ལྟ་བ་ཞེས་དང༌། རྒྱ་ཆེན་པོ་ལ་མོས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་མཛད། ཅེས་གསུངས་པས། ཆོས་ཀྱི་བདག་མེད་རྟོགས་པ་ཐེག་དམན་ལ་ཡོད་པར་གསུངས་པ་དང་འགལ་བར་འགྱུར་རོ་ཞེ་ན། ཉན་ཐོས་ལ་དེ་ཁོ་ན་ཉིད་རྟོགས་མ་རྟོགས་གཉིས་ཡོད་པས་དམིགས་པར་ལྟ་བའི་ཉན་ཐོས་ཞེས་དམིགས་ཀྱིས་བཀར་ནས་གསུངས་ལ། འཕགས་པས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་དེ་ནི་ཐེག་ཆེན་ལས། །ཁྱོད་ཀྱིས་ཚང་བར་བསྟན་པ་ལགས། ཞེས་གསུངས་པ་འཇུག་འགྲེལ་དུ་དྲངས་ནས་བཤད་པ་ལྟར་སྡེ་སྣོད་གཉིས་ཀར་ཆོས་ཀྱི་བདག་མེད་བཤད་ཀྱང་ཐེག་ཆེན་དུ་རྒྱས་པར་བཤད་པ་ལ་དགོངས་ནས། ཆོས་ཀྱི་བདག་མེད་རྟོགས་པར་མཛད་པ་ཐེག་ཆེན་ལ་གསུངས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་འགྲེལ་ལས་ཀྱང༌། ཕན་པར་བཞེད་པ་རྣམས་ཀྱིས་ནི། །གཟུགས་དང་


JLD007_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་འདུ་ཤེས་དང༌། འདུ་བྱེད་རྣམ་ཤེས་ཕུང་པོ་ལྔ། །དེ་ལྟར་ཉན་ཐོས་རྣམས་ལ་གསུངས། །རྐང་གཉིས་མཆོག་གིས་རྟག་ཏུ་ཡང༌། །གཟུགས་ནི་དབུ་བ་བརྡོས་འདྲར་གསུངས། །ཚོར་བ་ཆུ་ཡི་ཆུ་ལྦུར་འདྲ། །འདུ་ཤེས་སྨིག་རྒྱུ་དང་མཚུངས་ཤིང༌། །འདུ་བྱེད་ཆུ་ཤིང་དང་འདྲ་བ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་བསྟན་པ་དེ་ལྟ་བུ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་གསུངས་པ་ཡང་དཔེ་དེ་དག་གིས་ཕུང་པོ་རང་བཞིན་མེད་པར་བྱང་སེམས་ལ་བཤད་པ་མང་བ་བཞིན་དུ། ཐེག་དམན་གྱི་སྡེ་སྣོད་དུ་ལན་དུ་མར་མ་གསུངས་པ་ལ་དགོངས་ཀྱི། དཔེ་དེ་ལྔ་དང་འདྲ་བར་ཐེག་དམན་ལ་ཡེ་མ་བསྟན་པ་མིན་ཏེ། འཇུག་འགྲེལ་དུ་ཉན་ཐོས་ལ་བསྟན་པའི་མདོ་དྲངས་པ་ལས། ཕུང་པོ་ལྔ་དཔེ་དེ་ལྔ་དང་འདྲ་བར་གསུངས་པའི་ཕྱིར་རོ། །རང་བཞིན་མེད་པའི་སྟོང་ཉིད་རྟོགས་པ་ཐེག་དམན་ལ་མེད་པ་དེའི་ལུགས་ཡིན་ན། དེ་ཉིད་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་སྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། ཞེས་གསུངས་པ་མི་རིགས་ཏེ། སྲིད་པའི་བཙོན་ར་ལས་གྲོལ་བ་ཐེག་དམན་ལ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་སྤྱོད་བསྡུས་ལས། རྒྱ་ཆེན་པོ་ལ་མོས་པ་ལ་སྟོན་པས་རྣམ་ཤེས་ཚོགས་བརྒྱད་ལ་སོགས་པ་རྟོགས་པར་མཛད་པར་གསུངས་པ་ཡང༌། མདོ་སྡེ་ལས་གསུངས་པར་བསྟན་པ་ཙམ་ཡིན་གྱི། རང་ལུགས་ལ་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་མི་བཞེད་དེ།


JLD007_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་འཕགས་ལུགས་ལྟར་ན་འཆི་བའི་འོད་གསལ་ཐམས་ཅད་སྟོང་པའི་སེམས་འཆི་སེམས་དང༌། དེ་ལས་ལུགས་ལྡོག་ཏུ་ལངས་པའི་ཉེར་ཐོབ་ཀྱི་སེམས་སྐྱེ་སེམས་ཡིན་ལ། དེ་གཉིས་ཀུན་གཞི་ལ་མི་རུང་བ་དང༌། བྱང་ཆུབ་སེམས་འགྲེལ་ལས། ཀུན་གཞི་རྣམ་ཤེས་ཞེས་པའི་མིང་ཙམ་ཞིག་གསུངས་པ་ཡང༌། ཡིད་ཀྱི་རྣམ་ཤེས་ཀུན་བྱང་གི་ཆོས་ཀུན་གྱི་གཞི་དང་རྩ་བར་གསུངས་པའི་དོན་དུ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་ཏོ། །གལ་ཏེ་འདོད་ཡོན་ལ་ཆགས་པ་རྒྱུར་བྱས་པའི་ཕྱག་རྒྱ་ལ་བརྟེན་པའི་བདེ་བས། དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པ་དེས་ཉོན་མོངས་ཐམས་ཅད་ཟད་པར་བྱེད་དམ་མི་བྱེད། གཉིས་པ་ལྟར་ན་སྟོང་པ་ཉིད་ཀྱི་རྟོགས་པ་རབ་ཀྱི་མཐར་ཐུག་པར་འགྲོ་བ་དང༌། ཉོན་མོངས་འགའ་ཞིག་མི་ཟད་པ་ནི་འགལ་བ་ཡིན་ཏེ། དེས་ནི་བདེན་པར་འཛིན་པ་ཐམས་ཅད་ཟད་པར་བྱེད་པས། རྒྱུ་མ་རིག་པའི་བདེན་འཛིན་ཟད་ན་འབྲས་བུ་ཆགས་སོགས་མི་ལྡོག་པ་མི་རུང་བའི་ཕྱིར་དང༌། ཉོན་མོངས་ཐམས་ཅད་མ་ཟད་ན་ཐར་པ་ཐོབ་པ་འགལ་བའི་ཕྱིར་རོ། །དང་པོ་ལྟར་ན་འདོད་ཆགས་ཟད་བྱེད་ཀྱི་ལམ་གྱི་རྒྱུར་འདོད་ཆགས་དགོས་ན། སྣང་བ་ཡང་མུན་པའི་རྒྱུར་ཧ་ཅང་ཐལ་བའི་ཕྱིར་དང༌། ལམ་དེས་བདེན་འཛིན་གྱི་མ་རིག་པ་རྩད་ནས་སྤོང་བ་དང༌། དེའི་རྒྱུ་ཆགས་པས་བྱེད་པ་ཡང་འགལ་ཏེ། རྒྱུ་རྩ་བ་ནས་ཟད་པར་བྱེད་པའི་རྒྱུ་དེའི་འབྲས་བུས་བྱེད་པ་འགལ་བའི་ཕྱིར་དང༌། ཉོན་མོངས་གཞན་ཐམས་ཅད་ནི་བདེན་འཛིན་གྱི་མ་རིག་པས་སྐྱེད་པར་བྱེད་པའི་


JLD007_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འདི་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །གཞན་ཡང་ཆགས་པ་ལམ་དུ་བྱས་པར་འདོད་པའི་སྐབས་ཀྱི་ཆགས་པ་དེ། དགེ་བའི་ཆོས་གཞན་ཞིག་ལ་ཆགས་པའི་མིང་བཏགས་པ་ཙམ་ཡིན་ན་ནི། སྤྱོད་བསྡུས་ལས། ཉོན་མོངས་གཞིར་བྱས་ལ་བྱང་ཆུབ་ཀྱི་རྒྱུར་འགྱུར་མི་འགྱུར་གཉིས་ཤེས་བྱེད་དང་བཅས་པས་བསྒྲུབས་པ་དང་འགལ་ཞིང༌། གང་ཟག་གཞན་ལ་ཆགས་པ་དེས་ངན་འགྲོའི་རྒྱུ་བྱེད་པར་གསུངས་པ་ཡང་མི་རིགས་ལ། དགེ་བའི་ཆོས་ངན་འགྲོའི་རྒྱུར་མི་འགྲོ་བར་བྱང་ཆུབ་ཀྱི་རྒྱུར་སྒྱུར་བ་ལ། ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཐབས་མཁས་ཀྱང་ཅི་ཞིག་ཡོད། ཆགས་པ་དངོས་ཡིན་ན་ནི་དེ་ལམ་དུ་བྱས་བའི་ཚུལ་བརྗོད་དགོས་ཏེ། འདིས་ཉོན་མོངས་འདི་འདྲ་ཞིག་གི་གཉེན་པོ་བྱས་སོ་ཞེས་འཛིན་སྟངས་མི་མཐུན་པའི་སྒོ་ནས་གནོད་བྱ་དང་གནོད་བྱེད་དུ་སོང་བ་བརྗོད་མི་ནུས་པའི་ཕྱིར་རོ། །དེས་ན་བླ་མེད་ཀྱི་ཐེག་པའི་ཐབས་མཁས་ནི་དད་པར་བྱ་བ་ཙམ་དུ་ཟད་དོ་སྙམ་ན་བརྗོད་པར་བྱ་སྟེ། ཕྱོགས་གཉིས་པ་ནི་མི་འདོད་ལ། དང་པོ་ལྟར་འདོད་དོ། །འོན་ཀྱང་བརྗོད་པའི་སྐྱོན་མེད་ཚུལ་ནི། ཕྱག་རྒྱ་བསྟེན་བའི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པས་ཉོན་མོངས་ཟད་པར་བྱེད་ཅེས་པ་ནི། ཉོན་མོངས་གཞན་ཐམས་ཅད་ཀྱི་རྒྱུ་མ་རིག་པ་ཟད་པར་བྱེད་ལ། དེ་ལོག་པ་ན་ཉོན་མོངས་ཐམས་ཅད་ལྡོག་པའི་དོན་ཡིན་གྱི། འདོད་ཡོན་ལ་ཆགས་པའི་འདོད་ཆགས་ཀྱི་འཛིན་སྟངས་དང་དངོས་སུ་འགལ་བའི་ལམ་


JLD007_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་སྒོ་ནས་དེ་སྤོང་བ་མིན་པས་སྐྱོན་མེད་དོ། །རྒྱུ་བདེན་འཛིན་ཀྱང་སློབ་པའི་ཟུང་འཇུག་མ་ཐོབ་བར་དུ་མི་འཛད་པས། བདེན་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་སྒོམ་པ་དང༌། འདོད་ཡོན་ལ་ཆགས་པ་ལམ་བྱེད་གཉིས་རེ་ཞིག་གི་བར་དུ་རྒྱུད་གཅིག་ལ་འཇུག་པའང་མི་འགལ་ལོ། །འདོད་ཡོན་ལ་ཆགས་པ་དང་མ་བྲལ་བས་འདོད་བཞིན་དུ་འདོད་ཡོན་ཁྱད་པར་བ་བསྟེན་པ་ན། འདོད་པ་ལ་ཆགས་པ་དང་ཕྱག་རྒྱ་བསྟེན་པ་ལས་བྱུང་བའི་བདེ་བ་གཉིས་རྒྱུ་འབྲས་ཡིན་ཀྱང༌། གནས་སྐབས་པའི་རྒྱུ་འབྲས་ཡིན་པས་ཆགས་པ་དེ་སྔོན་དུ་མ་སོང་ན་དེ་འདྲ་བའི་བདེ་བ་དེ་ལྡོག་ཀྱང་། ཕྱག་རྒྱ་ལ་ལྟོས་པའི་བདེ་བ་ཙམ་མི་ལྡོག་སྟེ། དཔེར་ན་འོ་མར་སྦངས་པའི་སྐྱུ་རུ་ར་རོ་དངར་ཅན་ནི་འོ་མ་མེད་ན་མི་འབྱུང་ཡང་སྐྱུ་རུ་ར་ཙམ་མི་ལྡོག་པ་བཞིན་ནོ། །བླ་མེད་ཀྱི་ཐེག་པ་འདིར་ཉོན་མོངས་ཟད་པ་ལ་ཡང་དབང་པོ་གཉིས་སྦྱོར་གྱི་འདོད་ཡོན་ལོངས་སྤྱོད་པ་ཡོད་པར་ནི་སྔར་བསྒྲུབས་ཟིན་ཏོ། །སམ་བྷུ་ཊའི་རྒྱུད་ཕྱི་མ་ལས། འདོད་ཆགས་ནི་རང་དང་འཛིན་སྟངས་འགལ་བ་མི་སྡུག་པ་བསྒོམས་པས་ལྡོག་དགོས་ཞེས་པའི་ལམ་དུ། འདོད་ཆགས་ཀྱི་བདག་ཉིད་དུ་བྱེད་པ་ན་འདོད་ཆགས་དང་བྲལ་བ་ཡིན་ནོ། །དེ་བཞིན་དུ་གསུངས་པ། བཅོམ་ལྡན་འདས་རིགས་ཀྱི་བུ་ཨེ་མ་ཧོ་སངས་རྒྱས་ཀྱི་འདོད་ཆགས་ནི་རྙོག་པ་མེད་པ་སྟེ། འདོད་ཆགས་ཀྱིས་འདོད་ཆགས་དང་བྲལ་བ་བཅོམ་ནས། བདེ་བ་ཐམས་ཅད་སྦྱིན་པར་བྱེད་དོ། ཞེས་གསུངས་ཤིང༌། རྒྱུན་དུ་ཞུགས་པས་


JLD007_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདོད་པ་སྤྱོད་པས་རང་བཞིན་གྱི་ཁ་ན་མ་ཐོ་བ་མིན་པ་དང༌། ཀེ་ཏ་ཀའི་མེ་ཏོག་སྤོས་ཀྱི་གླང་པོས་ཟོས་པའི་བྲུན་གླ་རྩི་ལ་སོགས་པར་འགྱུར་ལ། གླང་པོ་ཕལ་པས་ཟོས་པའི་བྲུན་ལྕི་བར་འགྱུར་བ་བཞིན་དུ། འདོད་ཆགས་ལ་སོགས་པའི་ཉོན་མོངས་ཀྱང་རྒྱུད་རྣམ་པར་དག་པའི་ཁྱད་པར་ལས་འབྲས་བུ་ཁྱད་པར་དུ་འཕགས་པ་སྐྱེད་པར་བཤད་དེ། སློབ་དཔོན་ཞི་བ་འཚོས་ཀྱང་དེ་ཁོ་ན་ཉིད་གྲུབ་པ་ལས་དེའི་དོན་གསལ་བར་བཤད་དོ། །དེ་བས་ན་ཆགས་པ་དངོས་མིན་པ་ལ་དེའི་མིང་གིས་བཏགས་པ་མིན་ནོ། །འདོད་ཡོན་གྱི་ཆགས་པ་ལམ་བྱེད་ལ་འཇུག་པ་ནའང་རྒྱུའི་ཀུན་སློང་གི་དུས་སུ་ནི་བྱང་ཆུབ་ཀྱི་སེམས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཡིད་ཕྲོགས་པའི་བསམ་པས། དེ་སྐྱེད་པའི་དོན་དུ་དམིགས་ནས་འཇུག་པས། ཉོན་མོངས་དང་མི་འགྲེ་ལ། དེའི་དབང་གིས་ལུས་ངག་དགེ་མི་དགེར་འགྱུར་གྱི་གཞན་དུ་མིན་པས། དེ་ལ་བསམས་ནས་འདིའི་ལས་ལ་འཇུག་པ་ནི་ཉོན་མོངས་པའི་བསམ་པ་མེད་པར་བདག་སྒྲུབ་པ་སོགས་ལས་བཤད་ཀྱི། དུས་ཀྱི་ཀུན་སློང་གི་སྐབས་ལ་དགོངས་པ་མིན་ནོ། །དེ་འདྲ་བའི་ཆགས་པ་དེ་ལམ་དུ་བྱས་པ་ནི། དེས་ཉོན་མོངས་གཞན་ལ་འཛིན་སྟངས་འགལ་བའི་སྒོ་ནས་གནོད་པ་ནི་མིན་ནོ། །འོ་ན་ཅི་ཞེ་ན། རྟེན་ཁྱད་པར་ཅན་དེས། འདོད་ཆགས་དེས་ངན་འགྲོར་འཁྲིད་པ་སོགས་ཀྱི་ཉེས་དམིགས་ཟིལ་གྱིས་གནོན་པ་དང༌། ལམ་གོང་མའི་ཡོན་ཏན་མྱུར་དུ་སྐྱེད་བྱེད་དུ་སྒྱུར་བའི་སྒོ་ནས་ལམ་དུ་བྱེད་དོ། །དེ་ལ་དང་པོ་ནི། ཐེག་


JLD007_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུན་མོང་བའི་བྱང་ཆུབ་ཀྱི་སེམས་གཉིས་བརྟན་པ་དང༌། རྣམ་པར་དག་པའི་དབང་གིས་སྣོད་དུ་བྱས་ཤིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བ་དང༌། བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པའི་དོན་འདྲིས་པར་བྱས་པས་སྒྱུ་མ་ལྟ་བུའི་མོས་པ་བརྟན་པ་དང༌། ཡུལ་དང་རྟེན་གཉིས་འཁོར་གསུམ་མི་དམིགས་པའི་ངང་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་ནས། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པའི་མོས་པ་བརྟན་པ་སོགས་ཀྱི་མཐུས་བྱེད་དོ། །ཡུལ་ལ་ཡང་མི་དགེ་བ་བཅུ་སྡོམ་པ་དང༌། དབང་གིས་རྒྱུད་སྦྱངས་ཤིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བ་དང༌། རིམ་པ་དང་པོའི་ཏིང་ངེ་འཛིན་ལ་བྱང་ཞིང་འདོད་པའི་སྒྱུ་རྩལ་གྱི་བསྟན་བཅོས་ལ་མཁས་པ་སོགས་མང་པོ་ཞིག་ཡོད་དོ། །གཉིས་པ་ནི། ཆགས་པ་དེས་དྲངས་པའི་བདེ་བ་སྐྱེས་པའི་སེམས་མི་རྟོག་པར་གནས་པ་ཙམ་ལ་སྟོང་ཉིད་སྒོམ་པར་བཏགས་པས་མི་ཆོག་གི །བདག་མེད་པའི་དོན་ལེགས་པར་ཕུ་ཐག་ཆོད་པའི་ལྟ་ཐོག་ཏུ། བདེ་བ་ཆེན་པོའི་སེམས་བཞག་ནས་སྒོམ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམས་པས་བྱང་ཆུབ་མྱུར་དུ་སྟེར་བའོ། །དེ་ལ་ཡང་ཕྱག་རྒྱའི་རྐྱེན་གྱིས་བྱང་སེམས་ཞུ་བ་ཐབས་གཞན་གྱིས་མི་འཕོ་བར་བྱས་པས་མི་ཆོག་གི །དེའི་སྦྱོར་བས་རོ་རྐྱང་གི་རླུང་དང་པོར་དྷཱུ་ཏཱིར་བཙུད་ནས་ཐིམ་པ་ལས་བྱུང་བའི་ལྷན་སྐྱེས་དགོས་པས། ལྷན་སྐྱེས་ཀྱི་བདེ་བའི་ཐབས་སུ་ཀུན་ཏ་ལྟ་བུའི་བྱང་སེམས་ཞུ་བ་རླུང་ཐིམ་པས་འཛིན་པ་དགོས་སོ། །དེ་འདྲ་བའི་ཆགས་པ་ལམ་བྱེད་ལ་ནི་འདོད་ཆགས་དང་འཛིན་སྟངས་དངོས་


JLD007_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགལ་བའི་ལམ་མི་སྡུག་པ་བསྒོམ་པ་མེད་ཀྱང་། མཐར་འདོད་ཆགས་ཟད་པར་འགྱུར་ཏེ། དེའི་རྩ་བའི་རྒྱུ་དང་འཛིན་སྟངས་དངོས་སུ་འགལ་བའི་ཚད་མའི་རྗེས་སུ་འབྲང་བའི་ལམ་ཡིན་པའི་ཕྱིར་རོ། །འཁོར་འདས་མ་ལུས་པའི་རང་བཞིན་སྟོང་ཉིད་ཤེས་པའི་སྟོང་པ་དང་སྦྱོར་རྒྱུ་མེད་པར། དབང་པོ་གཉིས་སྦྱོར་ལས་བྱང་སེམས་མི་འཕོ་བ་ཙམ་གྱི་བདེ་བ་སྒྲུབ་པ་ནི། སྲིད་པའི་རྩ་བ་བདེན་འཛིན་གྱི་མ་རིག་པ་ལ་ཅི་ཡང་མི་གནོད་པས། བདེ་བ་དེ་ཇི་ཙམ་སྤྱད་པ་བཞིན་བདེན་འཛིན་དེས་དྲངས་པའི་སྲེད་པ་ཇེ་འཕེལ་དུ་འགྲོ་བས། སྐོམ་སྲེད་ཅན་གྱིས་སྨིག་རྒྱུ་ལ་ཆུར་འདུ་ཤེས་ནས་ཞུགས་པ་དང་འདྲ་བས་དེ་འདྲ་བ་ནི་སྨད་ལ། སྔར་བཤད་པ་ལྟར་གྱི་བདེ་སྟོང་སྦྱོར་ནུས་པ་ལ་ནི་ཐབས་དེ་མེད་ནས་གསུམ་གྱི་འགྲོ་བའི་རེ་བ་སྐོང་བའི་སངས་རྒྱས་མྱུར་དུ་མི་འཐོབ་པས་མྱུར་ལམ་གྱི་སྒོ་ནས་བསྔགས་པ་མཛད་དེ། ས་ར་ཧས། མ་ལུས་རང་བཞིན་གང་གིས་མི་ཤེས་པ། །ཀུན་ཏུ་རུའི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྐོམ་པས་སྨིག་རྒྱུ་རྙེད་པ་བཞིན། །སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་རྙེད་དམ། །རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །བདེ་བ་གང་གིས་རྣམ་པར་རོལ་པ་ནི། །ཅི་སྟེ་དེ་བསྟེན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། ཞེས་གསུངས་སོ། །དེ་ཁོ་ན་ཉིད་གྲུབ་པར་རྒྱུད་དྲངས་པ་ལས། ལེགས་བརྟགས་ཤིན་ཏུ་དཔྱད་ནས་ནི། །མཁས་པ་རྣམས་ནི་འཇུག་བྱ་ཡི། །གཞན་དུ་མེར་ནི་འཇུག་པ་ཡིས། །བཅུ་


JLD007_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཆར་ཡང་མི་ཕོད་དོ། །དེ་ཉིད་དེ་ཉིད་ཀྱིས་ཤེས་ནས། །གང་ཞིག་ལྷ་མོ་ལ་བརྟེན་པ། །དེ་འགྲུབ་འགྱུར་གྱི་གཞན་དུ་ནི། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། ཞེས་དང༌། གསང་བ་གྲུབ་པ་ལས་ཀྱང༌། དེ་ཉིད་རིན་ཆེན་རྣམ་དག་བདག །གཉིས་པ་ཐམས་ཅད་རྣམ་སྤངས་པ། །ཐབས་བཟང་པོ་ནི་རྣམ་སྤངས་ནས། །འགལ་བའི་དམ་ཚིག་ལ་སོགས་པ། །གཞན་དུ་གང་ཞིག་སྒྲུབ་འགྱུར་བ། །དེ་ནི་ངུ་འབོད་སོགས་པར་འཚེད། །ཇི་ལྟར་མེ་ནི་འབར་འགྱུར་བ། །དེར་ནི་རྩྭ་ཤིང་ཕུང་པོ་དག །བཙུག་ན་ཐལ་བ་ཉིད་དུ་འགྱུར། །མྱུ་གུ་སོགས་པའང་འབྱུང་མི་འགྱུར། །དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་པའི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། ཞེས་མཁས་པས་ལེགས་པར་ཞིབ་ཏུ་བརྟགས་ནས་འཇུག་པར་བྱ་དགོས་པ་དང༌། སྤྲོས་པ་ཐམས་ཅད་སྤངས་པའི་དེ་ཁོ་ན་ཉིད་ཀྱི་དོན་ལེགས་པར་གཏན་ལ་འབེབས་པ་ལ་མཁས་པར་མ་བྱས་པར། འདོད་ཡོན་གྱི་ཆགས་པ་སྤྱི་དང་། ཁྱད་པར་བ་རྣམས་ལམ་དུ་བྱེད་པ་ལ་ཉེས་དམིགས་ཤིན་ཏུ་ལྕི་བ་གསུངས་ནའང༌། ངེས་པའི་དོན་གྱི་ཟབ་མོའི་ལུང་དོན་ཀླུ་སྒྲུབ་ལ་སོགས་པའི་རིགས་ལམ་ཕྲ་མོ་ལ་ལེགས་པར་སྦྱངས་ནས་གཏན་ལ་ཕེབས་པ་ཆེས་དཀོན་པའི་གནད་ཀྱིས་གནས་འདི་ལ་ཕྱོགས་འདིའི་སྔགས་པར་འདོད་པ་རྣམས་རྣམ་གཞག་ཆགས་པ་ཤིན་ཏུ་ཉུང་བར་སྣང་བས་རྣམ་དཔྱོད་ཅན་གྱིས་ནི། ཐབས་དང་ཤེས་རབ་གྲུབ་པ་ལས། སེམས་ནི་བྱང་ཆུབ་ངོ་བོར་བཞག་ནས་ཡུལ་གྱི་ནི། །བདེ་ལ་དགའ་བས་ཚེ་


JLD007_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལ་འགྲུབ་པར་འགྱུར། །རང་བཞིན་གྱིས་ནི་མ་ལུས་འདི་དག་རྣམ་དག་སྟེ། །ཐ་མལ་ཡུལ་རྣམས་བདག་མེད་སྒྱུ་མ་ལྟ་བུ་དང༌། །མིག་འཕྲུལ་དང་ནི་མིག་ཡོར་དག་དང་མཚུངས་པ་སྟེ། །གནས་མིན་རྟོག་པའི་ཐ་སྙད་དག་ལས་རྣམ་པར་གྲོལ། །གང་ཚེ་སྐྱེས་བུ་དམ་པ་རྒྱ་ཆེན་བསམ་པ་དང༌། །འཛིན་པ་མེད་པའི་སེམས་ནི་ཀུན་ཏུ་རྟོགས་འགྱུར་པ། །དེ་ཚེ་ལྷན་ཅིག་སྐྱེས་པའི་རྟོགས་པས་ཟིལ་མནན་ནས། །ཡུལ་འདི་རྣམས་ཀྱི་ནུས་པས་འཆིང་བར་ནུས་མ་ཡིན། ཞེས་འདོད་པའི་ཡུལ་ལོངས་སྤྱད་པ་ལས་བྱུང་བའི་ཞུ་བའི་བདེ་བ་དང༌། ཆོས་ཐམས་ཅད་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང༌། བྱ་བྱེད་ཐམས་ཅད་འཐད་པ་རྨི་ལམ་དང་སྒྱུ་མ་ལྟ་བུའི་ཚུལ་གྱིས་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་ངེས་པའི་སྒོ་ནས། བདེ་སྟོང་སྦྱར་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་ཐབས་མཁས་པ་དང་མི་ལྡན་པ་རྣམས་ལ་འཇིགས་པ་ཆེན་པོ་འདྲེན་པའི་ཡུལ་རྣམས་ཟིལ་གྱིས་གནོན་པར་གསུངས་པ་བཞིན་དུ་ཕྲ་ཞིང་འཛངས་ལ་ཡངས་པའི་བློ་གྲོས་ཀྱིས་བདེ་བ་དང་སྟོང་པ་སྦྱོར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་པའི་ཐབས་ལ་རྒྱུན་མི་འཆད་པར་བརྟག་པར་བྱའོ། །གཉིས་པ་བླ་མེད་ཀྱི་སྤྱོད་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ། སྤྱོད་པའི་རྣམ་དབྱེ་གསུངས་ཚུལ། སྤྱོད་པ་གསུམ་སོ་སོའི་མཚན་ཉིད། སྤྱོད་པ་ལ་སློབ་པའི་ཆོ་གའོ། །དང་པོ་ནི། རྩ་རྒྱུད་ཀྱི་ལེའུ་ལྔ་པ་དང༌། བདུན་པའི་མཚན་གྱི་སྐབས་སུ། རིམ་པ་བཞིན་ཀུན་ཏུ་


JLD007_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་མཆོག་དང༌། སྔགས་སྤྱོད་པ་མཆོག་ཅེས་གསུངས་པའི་དོན་སྒྲོན་གསལ་ལས། རང་གཞན་གྱི་དོན་ཀུན་སྒྲུབ་པའི་སྤྱོད་པ་ཕུལ་དུ་བྱུང་བ་དང༌། སྔགས་ཟློས་པ་པོའི་སྤྱོད་པ་གསུམ་ལ་བཤད་དོ། །སྔ་མ་ཡང་སྤྱོད་པ་གསུམ་གྱི་སྤྱི་མིང་ངོ༌། །ལེའུ་དགུ་པ་ལས། བྱང་སེམས་དང་དེ་བཞིན་གཤེགས་པའི་སྤྱོད་པ་གཉིས་གསུངས་པའི་དོན་སྒྲོན་གསལ་ལས། འཇིག་རྟེན་དང་འགལ་ལམ་མི་འགལ་ཡང་རུང༌། གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེས། སྔགས་པ་རྣམས་ཅི་ནུས་པར་རབ་ཏུ་འཇུག་པ་ནི་དང་པོ་དང༌། རིན་པོ་ཆེ་ལྟ་བུའི་སྔགས་པས་རྫོགས་རིམ་རྟོགས་ནས་མཉམ་པར་མ་བཞག་པའི་སྦྱོར་བའི་སྤྱོད་པས་ཚེ་འདི་ཉིད་ལ་རང་གི་ངོ་བོ་བརྗེ་བའི་སྤྱོད་པ་ནི་གཉིས་པར་བཤད་དོ། །དེའི་དང་པོ་ནི་བྱང་སེམས་ཀྱི་སྤྱོད་པ་སྤྱི་དང༌། གཉིས་པ་ནི་རྫོགས་རིམ་ལ་གསུངས་པ་ནི་མཚོན་པ་ཙམ་དང༌། རིན་པོ་ཆེ་ལྟ་བུའི་གང་ཟག་ནི་གཙོ་བོ་ཡིན་པ་ལ་དགོངས་པས། བླ་མེད་ཀྱི་འདོད་ཡོན་ལ་སྤྱོད་པའི་སྤྱོད་པ་ཁྱད་པར་ཅན་ཐམས་ཅད་དོ། །ལེའུ་བཅུ་དྲུག་པ་ལས། རིག་པའི་བརྟུལ་ཞུགས་ཡང་དག་པར་ལེན་པའི་སྤྱོད་པ་ཞེས་གསུངས་པའི་དོན་ནི་སྒྲོན་གསལ་ལས། རང་དང་རིག་མ་ལྷའི་འདྲ་འབག་ཏུ་ཆ་ལུགས་བསྒྱུར་ནས་སྤྱོད་པ་བྱེད་པ་ལ་བཤད་དོ། །ལེའུ་དྲུག་པའི་འགྲེལ་པར་སྤྱོད་པ་གསུམ་གྱི་མཆོག་ནི། ལོངས་སྤྱོད་པ་དང་གྲོལ་བའི་སྤྱོད་པར་འགྱུར་རྙིང་གཉིས་དང་པ་ཚབ་ཀྱི་འགྱུར་ལས་འབྱུང་ཡང༌། ཆག་འགྱུར་ལས། སྤྱོད་པ་དེ་རྣམས་


JLD007_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོག་ནི་བྷུ་སུ་ཀུའི་སྤྱོད་པའོ། ཞེས་བསྒྱུར་བ་ལྟར་ལེགས་པས་སྤྱོད་པ་གཞན་སྟོན་པ་མིན་ནོ། །རྒྱུད་ཕྱི་མ་ལས་ཀུན་ཏུ་སྤྱོད་པ་དང༌། སྔགས་ཀྱི་སྤྱོད་པ་གཉིས་གསུངས་པའི་དང་པོ་ནི་སྤྱོད་པ་གསུམ་གྱི་སྤྱི་མིང་ཡིན་ལ། གཉིས་པ་ནི་ལེའུ་བཅུ་བདུན་པར་བཤད་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་ཡིན་ནོ། །འདོད་ཆགས་ལས་བྱུང་བའི་བྱང་སེམས་ཀྱི་སྤྱོད་པ་ལ། སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་གསུམ་གྱི་དབྱེ་བ་སྤྱོད་བསྡུས་ལས་གསུངས་ཏེ། རིམ་པ་གཉིས་པ་དང་སྒྲོན་གསལ་ལས་ཀྱང་གསུམ་དུ་བཤད་དོ། །གང་ལ་སྤྱོད་པའི་འདོད་ཡོན་གྱི་གཙོ་བོ་ནི་རིག་མའི་འདོད་ཡོན་ཡིན་ལ། དེ་ལ་ནི་དངོས་ཀྱི་རིག་མ་དང༌། བསྒོམས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་རིག་མ་གཉིས་སོ། །དེའི་དང་པོ་ལ་སྤྱོད་པ་ལ་སྤྱོད་པ་དང་པོ་གཉིས་དང༌། གཉིས་པ་ལ་སྤྱོད་པ་ལ་སྤྱོད་པ་གསུམ་པ་བཞག་གོ །དེ་ལ་ཡང་སྤྱོད་བསྡུས་དང་རིམ་པ་གཉིས་པ་ལས་རྫོགས་རིམ་པའི་སྤྱོད་པ་གསུམ་གསུངས་པ་ནི་མཚོན་པ་ཙམ་ཡིན་པས། རིམ་གཉིས་རེ་རེ་ལའང་སྤྱོད་པ་གསུམ་གསུམ་ཡོད་དོ། །ལེའུ་བཅུ་པའི་སྒྲོན་གསལ་ལས། མཆོག་སྒྲུབ་པ་དང་ཐ་མལ་པ་ལ་གནས་ཤིང༌། སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་གསུམ་ལ་གོམས་པ་ཉམས་འོག་ཏུ་ཆུད་པའི་རྣལ་འབྱོར་པས་གང་གི་ཚེ་དངོས་གྲུབ་རྙེད་པར་མ་གྱུར་ན། དེའི་ཚེ་རང་གི་ལྷ་ལ་སྙིང་པོ་བསྐུལ་བར་བྱའོ། ཞེས་གསུངས་


JLD007_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རོ། །འདིས་ནི་རིམ་གཉིས་ཀྱི་སྤྱོད་པ་ནི། རང་རང་གི་སྐབས་ཀྱི་དངོས་གྲུབ་སྒྲུབ་པའི་ཕྱིར་དུ་བྱེད་པ་དང༌། དེས་ཀྱང་མ་གྲུབ་ན་རིམ་གཉིས་སོ་སོའི་སྙིང་པོ་བསྐུལ་བར་གསུངས་སོ། །ལེའུ་བདུན་པའི་འགྲེལ་པར་སྤྱི་དོན་གྱི་སྤྱོད་པ་སྤྲོས་བཅས་དང༌། སྦས་དོན་གྱི་སྤྱོད་པ་སྤྲོས་མེད་དང༌། མཐར་ཐུག་གི་སྤྱོད་པ་ཤིན་ཏུ་སྤྲོས་མེད་དུ་གསུངས་པ་ནི་སྤྱོད་པ་ལ་འཇུག་པའི་སྒོམ་བསམ་ལ་དགོངས་ཀྱི། སྤྱི་དོན་གྱི་སྤྱོད་པ་ལ་སྤྱོད་པ་གཞན་མི་བཞེད་པ་མིན་ཏེ། ལེའུ་བཅོ་ལྔ་པའི་འགྲེལ་པར། བསྐྱེད་རིམ་པའི་དེ་བཞིན་གཤེགས་པ་ལྔའི་སྤྲོས་མེད་ཀྱི་སྤྱོད་པ་གསུངས་པའི་ཕྱིར་དང༌། ཤིན་ཏུ་སྤྲོས་མེད་ཀྱང་སྒོམ་བསམ་གྱི་སྒོ་ནས་བསྐྱེད་རིམ་པ་ལ་མི་འཇོག་ཀྱང་བྱ་བ་ལ་སོགས་པའི་ཤིན་ཏུ་སྤྲོས་མེད་བཞག་ཏུ་ཡོད་པའི་ཕྱིར་རོ། །སྤྱིར་འདོད་ཡོན་ལ་ཆགས་པ་ལམ་བྱེད་ཀྱི་སྤྱོད་པ་ལ་གཉིས་ཏེ། རིམ་པ་གཉིས་སྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་གི་དུས་དང༌། སྣོད་དུ་རུང་ནས་ལམ་སྒོམ་པའི་དུས་ཀྱི་སྤྱོད་པའོ། །ཕྱི་མ་ལ་ཡང་གཉིས་ཏེ། ལམ་མ་སྐྱེས་པ་སྐྱེད་པའི་ཕྱིར་དུ་སྤྱོད་པ་དང༌། སྐྱེས་ཟིན་གྱི་ལམ་ལ་བོགས་འབྱིན་པའི་ཕྱིར་དུ་སྤྱོད་པའོ། །དེའི་དང་པོ་ནི་ལམ་ཐོག་མར་སྒོམ་པ་ནས་བཟུང་སྟེ། མི་སློབ་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་འཇུག་སྟེ། མདོར་བྱས་ལས། འདོད་པ་ལྔ་ནི་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ཀྱང་མ་གདུངས་པས། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ལ། །བདེ་བས་བྱང་ཆུབ་བསྒྲུབ་པར་བྱ། ཞེས་བསྐྱེད་རིམ་ལ་འཇུག་པ་ནས་དེ་ལྟར་བྱ་བར་གསུངས་


JLD007_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །གཉིས་པ་ལ་ནག་པོ་དམ་ཚིག་རྡོ་རྗེས་ནི་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་ནས། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་བོགས་འབྱིན་པ་དང༌། དབེན་པ་གསུམ་བདེན་པ་གཉིས་ཀྱི་རྫོགས་རིམ་དང་བཅས་པ་གྲུབ་ནས། མཆོག་གི་དངོས་གྲུབ་འགྲུབ་པ་ལ་བོགས་འབྱིན་པའི་སྐབས་གཉིས་ལས་མེད་པས། དུས་གཉིས་སུ་སྤྱོད་པ་བྱེད་ཟེར་རོ། །བཙུན་མོ་ཅན་ནི། རང་བཞིན་སྣང་བའི་དབྱེ་ཤེས་ནས། ཞེས་སོགས་ལ་བརྟེན་ནས་སྒྱུ་ལུས་ཐོབ་ནས་དང༌། སློབ་པའི་ཟུང་འཇུག་ཐོབ་པ་ནས་སྤྱོད་པ་བྱེད་པས། རྫོགས་རིམ་ལ་སྤྱོད་པ་བྱེད་པའི་སྐབས་གཉིས་ཏེ། སྤྱིར་གསུམ་དུ་བཞེད་དོ། །རང་གི་ལུགས་ནི་རིམ་པ་གཉིས་ལ་བོགས་འབྱིན་པའི་སྤྱོད་པ་བྱེད་པའི་སྐབས་བཞི་སྟེ། འདི་ལྟར་བསྐྱེད་རིམ་གྱི་སྐབས་སྔར་ལྟར་དང༌། རྫོགས་རིམ་ལ་སེམས་དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་དོན་དུ་སྤྱོད་པ་བྱེད་དགོས་པ་ནི་སྔར་བསྒྲུབས་ཟིན་ཏོ། །སྒྱུ་ལུས་ཐོབ་ནས་ནི་ཐོབ་བྱ་སློབ་པའི་ཟུང་འཇུག་ཐོབ་པའི་ཕྱིར་དང༌། སྤང་བྱ་ཉོན་མོངས་ཟད་པའི་ཕྱིར་དུ་སྤྱོད་པ་བྱ་དགོས་པ་ནི། ལེའུ་བཅུ་དྲུག་པར་རིགས་གསུམ་གྱི་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པའི་ཕན་ཡོན་གྱི་སྐབས་སུ་འགྲེལ་པར། རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང༌། །ཞེས་པ་སྟེ། སྐུ་རྡོ་རྗེ་ལ་སོགས་པས་རྡོ་རྗེའི་སྐུ་ལ་སོགས་པར་སྐྱེད་པར་བྱེད་པའོ། །སངས་རྒྱས་བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེར་རབ་ཏུ་འཇུག་པ་ནི་ཐོབ་པ་སྟེ། འོད་གསལ་བས་རྣམ་པར་དག་པའི་


JLD007_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པའོ། ཞེས་འོད་གསལ་གྱིས་སྦྱངས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པ་ཕན་ཡོན་དུ་བཤད་ལ། ཟུང་འཇུག་ཐོབ་ནས་སྒྱུ་མའི་སྐུ་འོད་གསལ་གྱིས་དག་པར་བྱེད་པ་མེད་པའི་ཕྱིར་རོ། །སློབ་པའི་ཟུང་འཇུག་ཐོབ་ནས་སྤྱོད་པ་བྱེད་པ་ནི། རིམ་ལྔ་དང་ཀླུ་བྱང་གི་ལུང་སྔར་དྲངས་པ་རྣམས་ཀྱིས་ཤེས་པར་ནུས་ལ། སྤྱོད་བསྡུས་ལས། སྤྱོད་པ་བྱེད་པའི་སྒྲུབ་པ་པོ་ཀུན་རྫོབ་ཀྱི་བདེན་པར་རྟོགས་པར་བཤད་པས་ཀྱང་ཤེས་ཏེ། དེ་ནི་རིམ་པ་གསུམ་པ་དང་ལྔ་པའི་ཀུན་རྫོབ་སྒྱུ་མའི་སྐུའི་རྟེན་གཉིས་ཀ་དང་སྦྱར་རོ། །གཞན་ཡང་སྤྱོད་བསྡུས་ལས། དེ་ལ་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཐོག་མ་མེད་པའི་ཉོན་མོངས་པའི་བག་ཆགས་ཟད་པར་བྱ་བ་ནི་མི་ནུས་སོ། །ཞེས་གསུངས་པས་ཉོན་མོངས་ཀྱི་བག་ཆགས་དངོས་ཤེས་སྒྲིབ་མ་ལུས་པ་ནི། བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཟད་མི་ནུས་ལ། ཚེ་འདི་ཉིད་ལ་དེ་ཟད་པ་ཡང་སྤྱོད་པ་དེ་མེད་པར་མི་ནུས་སོ། །ཉོན་མོངས་ཀྱི་ས་བོན་ལ་བག་ཆགས་སུ་བཏགས་པ་ཆེས་མྱུར་བར་ཟད་པ་ཡང་དེ་ལ་རག་ལས་པས། སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་དོན་དུ་སྤྱོད་པ་གཉིས་བྱ་དགོས་པར་ཤེས་སོ། །གལ་ཏེ་དབང་གི་དུས་ནས་བཟུང་སྟེ་འདོད་ཡོན་ལ་ཆགས་པ་ལམ་བྱེད་ཡོད་ན། སྤྱོད་པ་གསུམ་གྱི་གཙོ་བོ་ཡང་དེ་ཙམ་དུ་ཟད་པས། དེ་རྣམས་ལས་ལོགས་སུ་སྤྱོད་པ་སྤྱད་ཀྱང་ཅི་དགོས་སྙམ་ན། དེ་ལ་རྫོགས་རིམ་པའི་བོགས་འབྱིན་གྱི་སྤྱོད་པ་ནི་ཚེ་འདིར་བྱང་ཆུབ་ཐོབ་པའི་ཕྱིར་


JLD007_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། རིམ་པ་གཉིས་པ་ལས། རང་བཞིན་སྣང་བའི་དབྱེ་ཤེས་ཤིང༌། །དེ་ཉིད་བཞི་པ་ལ་བརྟེན་ལ། །གང་ཞིག་རྣམ་གསུམ་ལ་མི་སློབ། །དེས་ནི་འབྲས་བུ་མྱུར་ཐོབ་མིན། །ཇི་ལྟར་ཤིང་ལ་མེ་གནས་པ། །མ་གཙུབས་བར་དུ་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་བསླབ་བྲལ་བས། །ཚེ་འདི་ཉིད་ལ་འབྱུང་མི་འགྱུར། ཞེས་གསུངས་ཤིང༌། སྤྱོད་བསྡུས་དང་སྒྲོན་གསལ་ལས་ཀྱང༌། སྤྱོད་པ་བྱས་པ་ཚེ་འདི་ཉིད་ལ་མཆོག་འགྲུབ་པར་བཤད་དོ། །དེའི་ཚུལ་ནི་རླུང་གི་རྣལ་འབྱོར་མཐར་ཕྱིན་པའི་དབང་གིས་ཡེ་ཤེས་གསུམ་སྐྱེད་ནུས་པ་ན། ཕྱིའི་ཕྱག་རྒྱ་གྲོགས་སུ་མེད་ན་སེམས་དབེན་གྱི་ཡེ་ཤེས་མཚན་ཉིད་ཚང་བ་བསྐྱེད་མི་ནུས་པས། དེའི་དོན་དུ་བསྟེན་པ་ནི་སྔར་བཤད་ཟིན་ཏོ། །དེ་ལྟ་ན་ནང་གི་ལུས་ལ་གནད་དུ་བསྣུན་པའི་མཐུས་རླུང་སྡུད་པ་དང༌། གཏུམ་མོ་འབར་ནས་བྱང་སེམས་བཞུ་བའི་ནུས་པ་མཐར་སོན་ཀྱང༌། དེ་འདྲ་བ་ལ་ད་དུང་ཕྱག་རྒྱའི་སྒོ་ནས་དེ་རྣམས་ལ་ཁྱད་པར་ཆེན་པོ་ཐོབ་པའི་སྒོ་ནས། དེ་ཁོ་ན་ཉིད་ཀྱི་རྟོགས་པ་རབ་ཏུ་གྱུར་པར་བགྲོད་པའི་རིམ་པ་ཡོད་པར་གསལ་ལོ། །དེའི་ཕྱིར་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱི་ནུས་པ་མཐར་སོན་པ་ན། ཕྱག་རྒྱའི་འདོད་ཡོན་ལོངས་སྤྱོད་པ་ཡན་ལག་དང་བཅས་པ་ཉིད་ལ་དྲིལ་ནས་དེ་ཁོ་ན་ཉིད་སྒོམ་པ་ནི། རྫོགས་རིམ་གྱི་བོགས་འབྱིན་གྱི་སྤྱོད་པ་ལ་སྤྱོད་པའི་དོན་ནོ། །ཇི་ལྟར་ནང་གི་འཁོར་ལོ་རྣམས་ལ་གནད་དུ་བསྣུན་པ་ལས་བདེ་བའི་ཁྱད་པར་དུ་མ་འབྱུང་བ་ལྟར་


JLD007_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་ངོ་བོ་དང་གྲངས་དང༌། འགྲོ་བའི་ཁྱད་པར་དང་ནུས་པ་ཆེ་ཆུང་གི་བྱེ་བྲག་ལས་ཀྱང༌། རྣལ་འབྱོར་པ་ལ་བདེ་བའི་ཁྱད་པར་སྣ་ཚོགས་པ་སྐྱེ་ལ། དེའི་ཚེ་དེས་སྟོང་ཉིད་སྒོམ་པའི་རྟོགས་པ་ཁྱད་ཞུགས་པར་འགྲོ་ཚུལ་ཡང་དུ་མར་ཤེས་པར་བྱའོ། །གལ་ཏེ་འདིའི་སྤྱོད་པ་མ་བྱས་པར་ཐུན་མོང་གི་དངོས་གྲུབ་མི་འགྲུབ་ན། རྒྱུད་སྡེ་འོག་མ་གསུམ་ལས་ཐུན་མོང་གི་དངོས་གྲུབ་མཐའ་ཡས་པ་ཅིག་དེ་ལས་བསྟན་པའི་ལམ་གྱིས་སྒྲུབ་པར་བཤད་པ་དང་འགལ་ལ། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་ཡིན་དུ་ཆུག་ཀྱང༌། སྤྱོད་པ་དེ་སྤྱད་པས་དེ་འགྲུབ་པ་ལ་ཕན་ལུགས་ཇི་ལྟར་ཡིན་སྙམ་ན། ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་མང་པོ་འགྲུབ་པ་ལ་སྟོང་ཉིད་སྒོམ་པ་མི་དགོས་ཀྱང༌། རྒྱུད་སྡེ་འོག་མར་བྱུང་བའི་དངོས་གྲུབ་ཁྱད་པར་ཅན་མང་པོ་འགྲུབ་པ་ལ་སྟོང་ཉིད་སྒོམ་པར་བཤད་དེ། ཁ་ཅིག་ནི་དེ་མེད་ན་མི་འགྲུབ་ལ། ཁ་ཅིག་ནི་དེའི་རྟོགས་པ་ཡོད་ན་འགྲུབ་སླ་བའོ། །བླ་མེད་ཀྱི་བསྐྱེད་རིམ་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་ནི་སྔ་མས་མི་འགྲུབ་པ་མང་པོ་ཡོད་ལ། ཐུན་མོང་གི་དངོས་གྲུབ་ཀྱི་མཐར་ཐུག་པ་རྣམས་དང༌། གཞན་མང་པོ་ཡང་དབང་པོ་གསུམ་གྱི་རིམ་པས་ཞག་བདུན་དང༌། ཟླ་ཕྱེད་དང༌། ཟླ་བ་གཅིག་གམ། ཕྱེད་དང་གཉིས་ཚུན་ལ་འགྲུབ་པར་གསུངས་པ་ལྟ་བུ་དུས་ཤིན་ཏུ་ཉེ་བ་ལ་བདེ་བླག་ཏུ་འགྲུབ་པའི་ཐབས་སུ་སྤྱོད་པ་བྱེད་པ་ཡིན་ཏེ། བསྐྱེད་རིམ་མཐར་ཕྱིན་པ་ན་རེག་མཐོང་གི་མཚན་མ་རྙེད་པས་གསང་གནས་ཀྱི་སྒོར་ཕཊ་ཡིག་སྒོམ་པ་སོགས་ཀྱིས་ཀྱང་བྱང་སེམས་འཕོ་བ་དགག་ནུས་ལ།


JLD007_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དང་སྦྱར་བ་ལས་བདེ་བ་བསྐྱེད་དེ། དེས་སྟོང་ཉིད་བསྒོམས་པས་ནུས་པ་ཁྱད་པར་ཅན་སྐྱེས་ན་དངོས་གྲུབ་འགྲུབ་བར་སླའོ། །དེ་ཙམ་གྱིས་བདེ་སྟོང་སྒོམ་པ་བསྐྱེད་རིམ་གྱི་ལམ་ལའང་ཡོད་པར་ནི་སྔར་བཤད་ཟིན་ཏོ། །གལ་ཏེ་གང་ཟག་ཁ་ཅིག་གིས་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་ན་རླུང་དྷཱུ་ཏཱིར་ཚུད་པའང་སྲིད་པ་དང༌། ཕྱིའི་ཕྱག་རྒྱ་དང་སྦྱོར་བ་སྲོག་རྩོལ་དུ་འགྲོ་བའི་གནད་ཤེས་པས། དེ་ལ་བརྟེན་ནས་ཀྱང་རླུང་དྷཱུ་ཏཱིར་ཐིམ་པའི་དགའ་བ་བཞི་བསྐྱེད་པར་ནུས་ན་ནི། དེ་གཉིས་བསྐྱེད་རིམ་གྱི་སྐབས་སུ་བྱུང་ཡང་ལམ་དུ་འཇོག་ན་རྫོགས་རིམ་གྱི་ལམ་དུ་བྱ་དགོས་ཏེ། ལམ་སྒོམ་པའི་སྔོན་དུ་དབང་གི་སྐབས་སུ་དེ་ལྟ་བུ་བྱུང་བའི་ལྷན་སྐྱེས་རྫོགས་རིམ་དུ་ཞལ་ལུང་ལས་བཤད་པ་བཞིན་ནོ། །བསྐྱེད་རིམ་གྱི་སྐབས་སུ་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་སྤྱོད་པ་བྱེད་པ་འདི་རིན་པོ་ཆེ་ལྟ་བུའི་གང་ཟག་མཆོག་མིན་གྱི། པད་དཀར་ལ་སོགས་པའི་གང་ཟག་དབང་པོ་དམན་པ་ཐུན་མོང་གི་དངོས་གྲུབ་ཀྱིས་ཡིད་དྲངས་པ་འགའ་ཞིག་ཡིན་ནོ། །གཉིས་པ་ནི། འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་སྤྱོད་པ་རྣམ་པ་གསུམ་གསུངས་ན། སྤྱོད་པ་དེ་རྣམས་རྒྱུད་གང་ལས་གསུངས་པ་དང༌། སོ་སོའི་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། སྤྱོད་བསྡུས་ལས། དེ་བཞིན་གཤེགས་པ་དང་རྡོ་རྗེ་འཆང་གི་དབུགས་དབྱུང་ཇི་སྐད་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ར་ལི་རྒྱས་པ་ནི་སྤྲོས་བཅས་དང༌། རྟག་ཏུ་ཁྱབ་པ་ལས་དགོངས་པའི་དབང་དུ་འགའ་ཞིག་ལ་


JLD007_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ནི་སྤྲོས་མེད་དང༌། འདུ་འཛི་ཐམས་ཅད་སྤངས་ནས་བསམ་གཏན་གྱི་ཟས་འབའ་ཞིག་གིས་གནས་པ་ཞིག་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་གོམས་པར་བྱེད་པ་ནི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང༌། ཤིང་དང་ཏ་ལའི་ལོ་མ་དང་རས་བལ་གསུམ་ཚིག་པས་ཐལ་བར་འགྲོ་བ་ལ་ཁྱད་པར་མེད་པ་བཞིན་དུ། སྤྱོད་པ་གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པ་དང༌། ཆུང་འབྲིང་ཆེན་པོའི་དབྱེ་བ་དང༌། ན་ཚོད་དང་མཐུན་པར་སྤྱོད་པ་གསུམ་ལ་སློབ་པར་བཤད་དོ། །དེ་ལ་མཉམ་སྦྱོར་ལས། རིགས་ལྔས་སེམས་ཅན་འདུལ་བའི་དབུགས་དབྱུང་ལྔ་གསུངས་པ་ནི་དབུགས་དབྱུང་དང་པོ་དང༌། རྡོ་རྗེ་སེམས་དཔས་སེམས་ཅན་འདུལ་བའི་དབུགས་དབྱུང་གསུངས་པ་ནི་དབུགས་དབྱུངས་གཉིས་པའོ། །འདི་ལ་བརྟེན་ནས་སྔ་མ་རྣམས་སྤྱོད་པའི་ཆོ་གའི་སྐབས་སུ་གཙོ་བོ་འཕོ་བ་དྲུག་ལས་མེད་པར་བཞེད་དོ། །ཇི་སྐད་དུ་བསྟན་པ་ནི་དབུགས་དབྱུང་དྲུག་གི་སྐབས་སུ་ཨ་ར་ལི་རྒྱས་པ་མེད་ཀྱང༌། སྤྱིར་མཉམ་སྦྱོར་ལས་བཤད་པའི་དོན་ཏེ། ཨ་ར་ལི་ནི་རྩེད་མོའམ་རོལ་པར་བསྒྱུར་རོ། །དེ་ནི་སྤྱོད་བསྡུས་ལས་གསུངས་པའི་ཕྱག་རྒྱ་དང་དེའི་ལན་ལ་སོགས་པ་ཡང་ཡིན་ལ། སྒྲུབ་པ་པོ་ལ་ལས་དེ་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་ལས་གསུངས་པའི་ལག་པའི་ཕྱག་རྒྱ་དང་གླུའི་མཆོད་པ་དང༌། སྟང་སྟབས་ཀྱི་ཚུལ་དང༌། ཟློས་གར་དང་གར་ལ་སོགས་པའི་སྦྱོར་པ་ལ་བརྩོན་པ་དང༌། ཁ་ཅིག་དཔལ་མཆོག་ལ་སོགས་པའི་རྒྱུད་ནས་བཤད་པའི་སྐྱིལ་ཀྲུང་གི་འདུག་སྟངས་དང༌།


JLD007_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་ཉམས་དགུ་ལ་སོགས་པའི་སྤྱོད་པ་བྱེད་པ་ཡང་སྤྲོས་པའི་སྤྱོད་པར་སྤྱོད་བསྡུས་ལས་བཤད་དོ། །དེས་ན་སྤྲོས་མེད་ཀྱི་སྤྱོད་པ་ནི་སྤྱིར་བཏང་ལ་བྱ་བ་དེ་རྣམས་རྟག་ཏུ་བྱ་དགོས་པ་ཡིན་ཀྱང༌། དགོས་པའི་དབང་གིས་རེས་འགའ་དེ་རྣམས་བཞག་ནས་བྱེད་པའོ། །འོན་ཀྱང་འདི་ལ་གནས་ཁང་ཁྱད་པར་ཅན་གདན་དང་བཅས་པ་དང༌། ཆོ་ག་སྒྲུབ་པའི་གྲོགས་དང༌། དེ་དག་གི་ཆས་འབག་དང་བཟའ་བཏུང་སོགས་ཀྱི་སྤྲོས་པ་མང་པོ་ཞིག་ཡོད་པ་རྣམས་ཀྱང༌། ཤིན་ཏུ་སྤྲོས་མེད་པ་ལ་འཇོག་པས་དེ་ལ་ནི་བྱ་བའི་སྤྲོས་པ་ཤིན་ཏུ་ཆུང་ངོ༌། །དཔེ་གསུམ་གྱིས་ནི་སྤྱོད་པ་གསུམ་གྱི་རེ་རེས་ཀྱང་འབྲས་བུ་འགྲུབ་པས་གསུམ་ག་ལ་སྤྱད་མི་དགོས་པ་བསྟན་ནོ། །སྔ་མ་རྣམས་ཤིང་ལ་སོགས་པ་གསུམ་ལ་འཚིག་དཀའ་སླ་ཡོད་པ་བཞིན་དུ་སྤྱོད་པ་གསུམ་གྱིས་འགྲུབ་དཀའ་སླ་ཡོད་པར་འཆད་དོ། །ཆུང་འབྲིང་ཆེན་པོ་ནི་ཁ་ཅིག་ཡོད་བྱད་ཆེ་འབྲིང་ཆུང་གསུམ་དང༌། ཤེས་རབ་ཆུང་འབྲིང་ཆེ་གསུམ་ལ་འཆད་ལ། ལ་ལ་འདོད་ཆགས་ཆེ་འབྲིང་ཆུང་གསུམ་ལ་འཆད་ཀྱང༌། ཡོ་བྱད་ཆེ་འབྲིང་ཆུང་གསུམ་དང༌། ན་ཚོད་ཆུང་འབྲིང་ཆེ་གསུམ་དང༌། སྤྲོས་པ་ལ་དགའ་བའི་བསམ་པ་ཆེ་འབྲིང་ཆུང་གསུམ་གྱི་དབང་དུ་བྱས་པའོ། །ཡོ་བྱད་མ་འབྱོར་བ་ནི་སྒྱུ་ལུས་ཐོབ་ནས་མིན་པས་དེའི་སྔོན་གྱི་སྤྱོད་པ་བྱེད་པའི་དབང་དུ་བྱས་པའོ། །དེ་འདྲ་བའི་སྤྱོད་པ་དང་པོ་ནི་མཉམ་སྦྱོར་ལས་གསུངས་ལ། འདུས་པ་ལས་སྤྱོད་པ་ཕྱི་མ་གཉིས་འབའ་ཞིག་གསུངས་པར་ནི་སྤྱོད་


JLD007_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ལས་བཤད་དོ། །རྣལ་འབྱོར་རྒྱུད་ནས་བསྟན་པའི་ཕྱག་རྒྱ་སོགས་བླ་མེད་ཀྱི་སྤྱོད་པ་བྱེད་པས་དཔྱད་པ་ན་སྤྱོད་པ་དང་པོར་གསུངས་ཀྱི། རྒྱུད་དེ་དག་གི་དབང་དུ་བྱས་པ་མིན་ནོ། །སྔར་བཤད་པའི་བྱ་བའི་སྤྲོས་པ་རྒྱས་པ་རྣམས་འདུས་པར་མ་གསུངས་པ་ལ་དགོངས་ནས། འདུས་པ་ལ་སྤྱོད་པ་ཐ་མ་གཉིས་འབའ་ཞིག་བསྟན་པར་གསུངས་ལ། སྒྲོན་གསལ་ལས་འདུས་པའི་གཞུང་གིས་སྤྱོད་པ་དང་པོ་བསྟན་པར་གསུངས་པ་ནི། སྤྲོས་བཅས་པས་ཇི་ལྟར་འདོད་པ་བཞིན་འདོད་པ་ལ་སྤྱོད་པ་དང༌། བསྐྱེད་རིམ་པས་སྤྲོས་བཅས་ཀྱི་སྤྱོད་པ་ལ་འཇུག་པའི་སྒོམ་བསམ་ཙམ་ཞིག་བསྟན་པ་ཡིན་པས་མི་འགལ་ལོ། །སྤྱོད་བསྡུས་ལས་འབྱོར་བ་མ་ཚང་བས་མཉམ་སྦྱོར་ལས་གསུངས་པའི་སྤྲོས་བཅས་ཀྱི་སྤྱོད་པ་དང་རྟག་ཏུ་བྱ་མ་ནུས་ན། རྒྱུད་དེ་ལས། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང༌། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་གསུངས་པ་ལྟར་སྤྱོད་པ་ཕྱི་མ་གཉིས་བྱ་བར་བཤད་པ་ནི། དུས་ཕྱི་མ་གཉིས་སུ་བྱེད་པ་ནི་སྤྱོད་པ་ཕྱི་མ་གཉིས་བསྟན་ལ། ཆག་འགྱུར་ལས། ཇི་ལྟར་འགྲུབ་པ་ཉིད་ཀྱིས་ཀྱང༌། ཞེས་འབྱུང་བ་ལྟར། འབྱོར་པས་ཇི་ལྟར་འགྲུབ་པ་དེ་ལྟར་བྱ་བར་བཤད་པས་ཀྱང༌སྤྱོད་པ་ཕྱི་མ་གཉིས་བསྟན་པར་དགོངས་པའོ། །འདིའི་སྤྱོད་པ་ཕྱི་མ་གཉིས་དང༌། འདུས་པའི་སྤྱོད་པ་གཉིས་གཅིག་ཏུ་མི་གཟུང་ངོ༌། །འདིར་སྔ་མ་རྣམས་བསམ་པའི་སྒོ་ནས་སྤྱོད་པ་གསུམ་དུ་འཇོག་པ་ལ་གཉིས་སུ་བཞེད་དེ། འདོད་


JLD007_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་བསམ་པ་དང༌། རྟེན་སློབ་ཀྱི་བསམ་པའོ། །དང་པོ་ནི་བརྐམ་ཆགས་ཤས་ཆེ་བས་དབང་པོ་ཁོ་ནའི་ངོར་དང༌། དེ་དང་ཏིང་ངེ་འཛིན་གཉིས་ཀའི་ངོར་དང༌། ཏིང་ངེ་འཛིན་འབའ་ཞིག་གི་ངོར་བྱས་ནས་ཇི་ལྟར་འདོད་འདོད་དུ་འདོད་ཡོན་ལ་སྤྱོད་པའི་བསམ་པས་འཇུག་པ་གསུམ་ནི་རིམ་པ་བཞིན་སྤྲོས་བཅས་དང་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་གསུམ་གྱི་འཇུག་བསམ་དུ་འཆད་དེ། རྩ་རྒྱུད་ལེའུ་བདུན་པ་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པར་བསྟེན་ན་ནི། །དེ་ལྟར་བུ་ཡི་སྦྱོར་བ་ཡིས། །སངས་རྒྱས་མྱུར་དུ་ཐོབ་པར་འགྱུར། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པར་བསྟེན་བྱ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལའང་མཆོད་པར་བྱ། ཞེས་དང༌། སློངས་མོ་ཟ་ཞིང་མི་བཟླ་སྟེ། །སློང་ལའང་དགའ་བར་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། ཞེས་གསུངས་པའི་དང་པོའི་དོན་རྣལ་འབྱོར་པས་དབང་པོ་དང་མཐུན་པར་ཇི་ལྟར་འདོད་པར་བསྟེན་པས་སྤྲོས་བཅས་ཀྱི་སྤྱོད་པ་ལ་སྤྱོད་པ་དང༌། གཉིས་པའི་དོན་སྤྲོས་མེད་ཀྱི་དབང་དུ་བྱས་ནས་རང་གི་འདོད་པ་དང་མཐུན་པར་ཇི་ལྟར་བདེ་བ་མྱོང་བའི་འདོད་ཡོན་ལྔས་རང་གི་རང་བཞིན་གྱི་ཏིང་ངེ་འཛིན་གྱིས་རང་དང་གཞན་ལ་མཆོད་ཅིང་ཚིམ་པར་བྱེད་པ་དང༌། གསུམ་པའི་དོན་སློང་མོ་ཟ་བ་ནི་མཚོན་པ་ཙམ་སྟེ་སློང་དུ་འགྲོ་བ་དང་འདྲ་བར་ཚོལ་བ་ལ་སོགས་པ་ལ་འཇུག་པས་ཀྱང་བཟླས་པར་མི་བྱའོ། །


JLD007_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སློང་བ་ལ་མ་ཆགས་པར་མ་ཟད་ཟས་ལ་མ་ཞེན་པར་ཇི་ཙམ་གྱིས་ལུས་གནས་པ་དེ་ཙམ་གྱིས་ཆོག་ཤེས་པས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པར་བྱའོ། །ཞེས་སྒྲོན་གསལ་ལས་བཤད་པའི་དོན་དུ་བཞེད་དེ། སྔ་མ་ལ་དབང་པོ་དང་མཐུན་པར་སྤྱོད་ཅེས་འབྱུང་བ་ལ་བརྟེན་ནས། གང་གི་དོན་དུ་སྤྱོད་པའི་བསམ་པ་གསུམ་བྱས་པའོ། །འདིར་གཙོ་བོ་གཉིས་མེད་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དོན་དུ་དམིགས་ནས་འདོད་ཡོན་ལ་འཇུག་པ་ནི། སྤྱོད་པ་གསུམ་ག་ལ་འདྲ་བར་སྔར་བཤད་ཅིང༌། རྩ་བའི་རྒྱུད་ལས་ཀྱང༌། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། ཞེས་གསུངས་པས་ཀྱང་ཤེས་པས་དབང་པོ་ཁོ་ནའི་སྤྱོད་པ་མིན་ནོ། གང་ལ་སྤྱད་པས་བྱང་ཆུབ་ཀྱི་སེམས་སྔར་མེད་གསར་དུ་སྐྱེ་བ་དང༌། མི་ཉམས་པར་གནས་པ་དང༌། གོང་དུ་འཕེལ་བའི་ཐབས་སུ་གྱུར་པའི་འདོད་ཡོན་ཡིན་ན་ནི། འདོད་བཞིན་དུ་འགོག་པ་མིན་པར་དབང་པོ་དང་རང་གི་འདོད་པ་དང་མཐུན་པར་ལོངས་སྤྱོད་པ་ནི་སྤྱོད་པ་གསུམ་ག་ལ་འདྲ་བས་འདོད་པ་ཞེས་པའི་ཚིག་རྐང་པ་གཉིས་གཉིས་དང༌། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། ཞེས་འདྲ་བར་གསུངས་ཏེ། དེ་ལྟ་ནའང་ཟློས་པར་མི་འགྱུར་བར་བསྟན་པའི་ཕྱིར། ཚུལ་དེས་སྤྱོད་པ་གསུམ་སྤྱོད་པ་སྟོན་པར་གསུངས་སོ། །སློང་ལ་ཞེས་སོགས་ཀྱིས་ནི་ཁ་ཟས་ལ་ལྷག་པར་སྲེད་ནས་འཚོལ་སྒྲུབ་ཀྱི་བྱ་བས་གཡེངས་ནས་ལམ་སྒོམ་པའི་བར་ཆད་དུ་འགྱུར་བ་འགོག་གི །འདོད་ཡོན་ལ་རང་བཞིན་ཤེས་པའི་སྒོ་ནས་རྒྱུན་དུ་བསྟེན་པ་


JLD007_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་མིན་པས་ལུས་གནས་པར་འགྱུར་བ་ཙམ་གྱིས་ཆོག་ཤེས་པས་ཞེས་པ་ནི་ཁམས་རྒྱས་པ་ལ་མི་གནོད་པའི་ལུས་གནས་པ་ཡིན་གྱི། སྲོག་འཚོ་བ་ཙམ་ལ་ཟེར་བ་མིན་ནོ། །ཚུལ་དེ་སྤྱོད་པ་གསུམ་པའི་ཁྱད་ཆོས་མིན་པ་ནི་ལེའུ་བཅུ་དྲུག་པའི་སྤྲོས་མེད་ཀྱི་ཁ་ཟས་བསྟེན་པའི་སྐབས་ལས་ཀྱང་ཤེས་ལ། སྲོག་འཚོ་ཙམ་ལ་མི་བྱེད་པ་ནི། སྤྱིར་འདོད་ཡོན་རྟག་ཏུ་བསྟེན་པར་གསུངས་པའི་དགོས་པ་ལ་དཔྱད་པས་ཀྱང་ཤེས་སོ། །རྟེན་སློབ་ཀྱི་བསམ་པ་ནི་སྔ་མ་རྣམས་དབང་པོ་ལྔས་འདོད་ཡོན་ལྔ་བསྟེན་ཅིང༌། སྤྱོད་པ་དང་པོའི་སྐབས་སུ་ལྷར་སློབ་པ་དང༌། གཉིས་པ་ལ་སེམས་ཙམ་དུ་སློབ་པ་དང༌། གསུམ་པ་ལ་སྟོང་པ་ཉིད་དུ་སློབ་པའི་སྒོམ་བསམ་ལ་འཆད་དེ། ལེའུ་བདུན་པའི་སྒྲོན་གསལ་ལས། འདོད་ཡོན་ལ་ལོངས་སྤྱོད་པ་ལ་སྤྱི་དང་སྦས་པ་དང༌། མཐར་ཐུག་གསུམ་དུ་བཤད་པ་སྤྱོད་པ་གསུམ་དང་སྦྱར་བའི་དོན་དུ་བཞེད་དོ། །ལམ་གྱི་སྐབས་ནི་རིམ་པ་བཞིན་དྲན་པ་གཅིག་པ་ནས་སྒྲུབ་པ་ལས་དང་པོ་པའི་བར་དང༌། ལུས་དབེན་ནས་སྒྱུ་མའི་བར་དང༌། འོད་གསལ་དང་ཟུང་འཇུག་གི་སྐབས་ལ་མཛད་དོ། །སྤྲོས་བཅས་ཀྱི་སྤྱོད་པ་ལ་སློབ་པས། འདོད་ཡོན་ལ་འཇུག་པའི་སྒོམ་བསམ་འདོད་ཡོན་ལྷར་སྒོམ་པ་ལ། གཟུགས་ནས་རེག་བྱའི་བར་ལྔ་རྣམ་སྣང་ནས་མི་བསྐྱོད་པའི་བར་དུ་བསྒོམས་ནས་རང་རིགས་ཀྱི་ལྷ་ལ་འབུལ་བ་དང༌། ཡུལ་ལྔ་རེ་རེ་ལ་མཆོག་དམན་འབྲིང་གསུམ་ཡོད་པ་ཀུན་ལྷར་སྒོམ་པ་ལ་འདྲ་ཡང༌། མཆོག་ལྔས་མཆོད་པ་དང༌། ཡང་


JLD007_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤྱན་ལ་སོགས་པའི་ལྷ་མོ་དང༌། ཡང་ན་རྡོ་རྗེ་མ་ལྔར་སྒོམ་པ་དང༌། ཐམས་ཅད་ཀྱང་རྡོ་རྗེ་འཆང་གི་ལོངས་སྤྱོད་དུ་བལྟས་ནས་ལོངས་སྤྱོད་པར་སྒྲོན་གསལ་ལས་གསུངས་སོ། དེ་ལྟར་ཚུལ་གསུམ་གསུངས་པ་ནི། ཆགས་ཅན་ཡེ་ཤེས་འདོད་པས་སྤྱོད་ལམ་ཀུན་ཏུ་འདོད་ཡོན་བསྟེན་པ་དེས་ཅི་ཞིག་བྱ་ཞེ་ན། ཞེས་དྲིས་པའི་ལན་དུ། བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །བྱང་ཆུབ་ཉི་མ་ཆགས་པར་བྱ། ཞེས་གསུངས་པའི་དོན་བྱང་སེམས་ཏེ་མིག་སོགས་ཀྱི་དབང་པོ་རྣམས་མཉེས་པར་བྱས་ལ། ངེས་བྱང་ཆུབ་འབྱུང་གཞི་དང༌། ཉི་མ་ཕུང་པོ་ལྔ་ཚིམ་པར་བྱ་བར་སྒྲོན་གསལ་ལས་གསུངས་པས། རང་གི་དབང་པོ་དང་འབྱུང་བ་དང་ཕུང་པོ་ལྔ་རྒྱས་པར་བྱ་བའི་དོན་དུ་ཡིན་ནོ། །རང་རིགས་ཀྱི་ལྷ་ལ་འབུལ་བ་ནི་རྣམ་སྣང་སོགས་ཀྱིས་གཙོ་བོ་བྱས་པ་ཡིན་གྱི་དེ་ཁོ་ན་མིན་ནོ། །སྒོམ་པའི་ཚེ་ཡུལ་གང་ཡིན་ལྷར་སྒོམ་ཡང༌། དངོས་སུ་ལོངས་སྤྱོད་པའི་ཚེ་ཡུལ་ཡིད་དུ་འོང་བ་བསྟེན་ན་དབང་པོ་རྟེན་བཅས་རྒྱས་པ་ལྟར། ཡུལ་གཞན་གྱིས་མི་རྒྱས་པ་ལ་དགོངས་ནས་མཆོག་གི་མཆོད་པར་གསུངས་སོ། །ཡུལ་ལྔ་སྤྱན་སོགས་བཞིར་བསྒོམས་ན་མཱ་མ་ཀཱི་རྡོ་རྗེ་དང་རིན་པོ་ཆེའི་རིགས་གཉིས་འཛིན་པས། སྒྲ་དང་རེག་བྱ་གཉིས་ཀ་དེར་བསྒོམ་མོ། །དེ་ལྟར་གསུམ་བཤད་ཀྱང་འདོད་ཡོན་གྱི་གཙོ་བོ་ནི་ཤེས་རབ་ཀྱི་འདོད་ཡོན་ཡིན་པས་ཕྱི་མ་གཉིས་གཙོ་བོར་བསྒོམ་མོ། །འདི་ཉམས་སུ་ལེན་ཚུལ་ནི་ལེའུ་བདུན་པ་ལས། གཟུགས་སྒྲ་རོ་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱར་


JLD007_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བསྡུས་པ་འོ། ཞེས་གསུངས་ཤིང་སྒྲོན་གསལ་ལས་ཀྱང་ཡུལ་ལྷར་སྒོམ་པ་དེ་ལ་ཉིན་མཚན་རྟག་ཏུ་སེམས་ཀྱི་མངོན་པར་འདུ་བྱེད་པ་བསྐྱེད་པར་བྱ་བ་དང༌། འདི་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཐབས་སྦ་བར་བྱ་བ་ཡིན་པས་སྙིང་པོ་བསྡུས་པ་ཡིན་པར་བཤད་པས། ཡུལ་ལྔ་ལྷར་བསྒོམས་ནས། ལྷ་རྣམས་ཀྱི་གཟུགས་ལྟ་བ་སོགས་བྱེད་པ་ལ་སྒོས་སུ་རྒྱུན་ལྡན་དུ་བསྒོམས་ནས་མྱོང་བ་བརྟན་པ་ཅིག་སྔོན་དུ་བསྐྱེད་དགོས་སོ། །དེ་ཡང་ཕྱི་ནང་གི་གཟུགས་ཀྱི་སྐྱེ་མཆེད་ཐམས་ཅད་ཡོངས་སུ་གྱུར་པ་ལས། གཟུགས་རྡོ་རྗེ་མ་ལག་པའི་པདྨ་འཇམ་པས་མེ་ལོང་བཟུང་ནས་ཞི་བའི་མིག་གིས་བལྟ་ཞིང་མུ་ཏིག་གི་ཆུན་པོ་འཕྱང་བ་ནུ་མ་རྒྱས་ཤིང་འབུར་ལ་བར་དོག་པ། གོས་ཅུང་ཟད་གྲོལ་ཞིང་རོ་སྨད་མཛེས་པ་སྟོན་པ་བསམས་ནས། དེའི་གཟུགས་ལ་རྒྱུན་དུ་བལྟས་པ་ལས་བདེ་བ་ཆེན་པོ་བྱུང་བར་བསམ་མོ། །དེ་བཞིན་དུ་སྒྲ་རྣམས་སྒྲ་རྡོ་རྗེ་མ་གླུ་སྙན་པ་ལེན་ཅིང་པི་ཝང་གི་སྒྲ་སྒྲོག་པར་བསྐྱེད་པ་དང༌། དྲི་རྣམས་དྲི་རྡོ་རྗེ་མ་གར་བྱེད་ཅིང་ནོར་བུའི་སྣོད་དུ་གུར་ཀུམ་དང་ཨ་ཀ་རུ་དང༌། ཙནྡན་སྦྲུལ་གྱི་སྙིང་པོ་དང༌། ག་པུར་ལ་སོགས་པའི་དྲིས་བཀང་བ་ཕྱོགས་བཅུར་དྲི་བཟང་པོས་ཁྱབ་པར་བྱེད་པར་བསྐྱེད་པ་དང༌། རོ་རྣམས་རོ་རྡོ་རྗེ་མ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་སྣོད་རོ་སྣ་ཚོགས་པས་གང་བ་དང་ལྷའི་བདུད་རྩིས་བཀང་བ་བཟུང་བར་བསྐྱེད་པ་དང༌།


JLD007_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་རྣམས་རེག་རྡོ་རྗེ་མ་མཚན་ཐམས་ཅད་ཀྱིས་བརྒྱན་པ། ཁྲོ་གཉེར་གསུམ་གྱིས་མཛེས་པ། རྐེད་པ་ཤིན་ཏུ་ཕྲ་བ། ལྟེ་བ་ཡངས་ཤིང་གཡས་སུ་འཁྱིལ་བ་རོ་སྨད་དང་འདོམས་སྟུག་པ། འགྲོས་དལ་ཞིང་སྒེག་པ། ཐམས་ཅད་ཀྱང་བཞིན་འཛུམ་ཞིང་ཆགས་པའི་མིག་གིས་བལྟ་བར་བསྐྱེད་ནས། སྒྲ་དྲི་རོ་ལ་ལོངས་སྤྱོད་པ་དང༌། ཕན་ཚུན་འཁྱུད་དེ་རེག་བྱ་ལ་སྤྱད་པས་བདེ་བ་ཆེན་པོ་རྒྱས་པར་བསམ་མོ། །སྒོམ་ཚུལ་དེ་རྣམས་ནི་སྤྱན་མ་ལ་སོགས་པ་ལ་ཡང་སྦྱར་ལ། རྣམ་སྣང་ལ་ནི་གཟུགས་ཤིན་ཏུ་མཛེས་པ་དང༌། བར་པ་གསུམ་ལའང་ཕྱག་མཚན་སྔ་མ་ལྟར་དང༌། ལྔ་པས་གོས་མཆོག་གི་རེག་བྱ་བཟུང་བར་སྒོམ་དགོས་སམ་དཔྱད་པར་བྱའོ། །དེ་རྣམས་རེ་རེ་ལའང་རིགས་མཐུན་མང་པོར་སྒོམ་པ་ཡང་རུང་ངམ་སྙམ་མོ། །དེ་ལྟར་གོམས་པ་ན་ཐོག་མར་ཡིད་ལ་བདེ་བ་སྐྱེ་ལ། དེ་རིམ་གྱིས་བརྒྱུད་ནས་དབང་པོ་རྟེན་བཅས་ཀྱི་ལུས་ཀྱང་རྒྱས་པར་འགྱུར་ཏེ། རིགས་པའི་དབང་ཕྱུག་གིས། འདི་འགྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བ་ཡིན། ཞེས་གསུངས་པ་ལྟར་སེམས་ཤིན་ཏུ་བདེ་བ་ན་ལུས་མདངས་བཟང་བར་མཐོང་ཞིང་། ཏིང་ངེ་འཛིན་ལུས་ཀྱི་འབྱུང་བ་རྒྱས་པའི་རྒྱས་འབྱུང་གི་རྒྱུར་གསུངས་པའི་ཕྱིར་རོ། །དེ་འདྲ་བས་ལུས་རྒྱས་ན་ནི་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟ་བུ་འཕེལ་ནས། ཞུ་བདེའི་ཏིང་ངེ་འཛིན་འཕེལ་བར་འགྱུར་ལ། དེས་སྟོང་ཉིད་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་མཆོག་རྣམས་རྫོགས་པར་སྐྱེད་པའི་དགེ་རྩ་སྨིན་པར་འགྱུར་རོ། །དེ་འདྲ་བའི་ཏིང་ངེ་འཛིན་


JLD007_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ན་དབང་པོས་ཡུལ་ལྔ་ལ་དངོས་སུ་ལོངས་སྤྱོད་པའི་ཚེ་སྔར་བསྒོམས་པ་ལྟར་གྱི་ཏིང་ངེ་འཛིན་མངོན་དུ་འགྱུར་བས། བདེ་ཆེན་གྱི་མི་མཐུན་ཕྱོགས་ཀྱི་ཐ་མལ་གྱི་ཡིད་བྱེད་སྡོམ་པས། ལམ་འདིའི་ལུགས་ཀྱི་དབང་པོའི་སྒོ་སྡོམ་པའི་ཚུལ་ཁྲིམས་མཆོག་ཏུ་གསུངས་སོ། །འདི་ནི་ཐོག་མར་ལམ་སྒོམ་པ་ནས་བཟུང་སྟེ་ལུས་ལ་གནད་དུ་བསྣུན་པ་བསྒོམ་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པས་སྟོང་པ་རྣམས་འདྲེན་མི་ནུས་ཚུན་ཆད་ཀྱིས་འདོད་ཡོན་ལ་སྤྱོད་པའི་སྒོམ་བསམ་ཡིན་ལ། དེ་ཡང་བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བའི་བདེ་སྟོང་སྦྱར་བས། མཚན་འཛིན་གྱི་སྤྲོས་པ་ཟིལ་གྱིས་གནོན་པ་ལྟར་མི་ནུས་པས་སྤྲོས་བཅས་ཀྱི་བསམ་པ་ཞེས་བྱའོ། །བསྐྱེད་རིམ་པ་ལ་སྒོམ་བསམ་གྱི་སྒོ་ནས་སྤྱོད་པ་ཕྱི་མ་གཉིས་མེད་ཀྱང༌། ཡུལ་དང་བྱ་བ་ལ་སོགས་པའི་སྤྲོས་པ་ཆེ་ཆུང་གི་སྒོ་ནས་སྤྱོད་པ་གསུམ་ཡོད་དོ། །གདམས་པ་འདི་ནི་བསྐྱེད་རིམ་ཐོག་མར་སྒོམ་པ་ནས་བྱ་དགོས་ལ། ལས་དང་པོ་པ་ལ་ཤིན་ཏུ་གལ་ཆེའོ། །སྒོམ་སྟོབས་ཀྱིས་རླུང་ཐིམ་པའི་སྟོང་པ་རྣམས་འདྲེན་ནུས་པ་ནས་བཟུང་སྟེ། རིམ་པ་བཞི་པའི་འོད་གསལ་མ་ཐོབ་ཚུན་ཆད་དུ་སྔར་མཉམ་གཞག་གི་སྟོང་པ་རྣམས་དྲན་ནས། རྗེས་ཀྱི་སྐབས་སུ་རང་རྡོ་རྗེ་འཆང་དུ་བསྐྱེད་པ་དང༌། འདོད་ཡོན་ལ་སྤྱོད་པ་གཉིས་ཀ་ལ་སྟོང་པ་གསུམ་གྱིས་རྒྱས་བཏབ་ནས། རྡོ་རྗེ་འཆང་ལ་འབུལ་བའི་ཚུལ་གྱིས་ལོངས་སྤྱོད་པ་ནི་སྔ་མ་ལ་བལྟོས་ན་མཚན་འཛིན་གྱི་སྤྲོས་པ་ཆུང་ལ་དེ་ཁོ་ན་ཉིད་མངོན་སུམ་


JLD007_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོགས་པ་མིན་པས། སྤྲོས་མེད་ཀྱི་སྤྱོད་པ་ལ་སློབ་པའི་སྒོམ་བསམ་མོ། །དེ་ཡང་སྒོམ་བསམ་གྱི་སྒོ་ནས་སྤྲོས་བཅས་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གཉིས་མེད་ཀྱང༌། བྱ་བ་ལ་སོགས་པའི་སྒོ་ནས་ཡོད་པས་སྤྱོད་པ་གསུམ་ཡོད་དོ། །སློབ་པའི་ཟུང་འཇུག་ཐོབ་པ་ནས་བཟུང་སྟེ་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དུ། རྗེས་ཀྱི་སྐབས་སུ་འདོད་ཡོན་ལ་སྤྱོད་པ་ན་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་དྲན་ནས་རྒྱས་བཏབ་སྟེ་སྤྱོད་པ་ནི་བདེན་ཞེན་གྱི་མཚན་འཛིན་གྱི་སྤྲོས་པའི་ས་བོན་ལས་གྲོལ་བས་ཤིན་ཏུ་སྤྲོས་མེད་པའི་སྒོམ་བསམ་མོ། །འདི་དང་སྔ་མ་གཉིས་ལའང་འདོད་ཡོན་ལྷར་འཆར་བའི་སྒོམ་བསམ་ནི་ཡོད་དོ། །འདི་ལ་སྒོམ་བསམ་གྱི་སྒོ་ནས་སྤྱོད་པ་སྔ་མ་གཉིས་མེད་ཀྱང༌། བྱ་བ་ལ་སོགས་པའི་སྒོ་ནས་འཇོག་པ་ནི་སྔར་དང་འདྲའོ། །གསུམ་པ་ལ་གཉིས། སྤྲོས་བཅས་དང་སྤྲོས་མེད་ཀྱི་སྤྱོད་པ་སྒྲུབ་ཚུལ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྒྲུབ་ཚུལ་ལོ། །དང་པོ་ལ་གཉིས། ཐུན་མོང་བའི་ཆོ་ག་དང༌། སོ་སོའི་ཆོ་གའོ། །དང་པོ་ནི། སྤྱོད་པ་གཉིས་གང་དུ་སྒྲུབ་པའི་གནས་ནི། མཉམ་སྦྱོར་སྤྱོད་བསྡུས་སུ་དྲངས་པ་འགྱུར་རྙིང་ལས། ཡང་ན་སྲིད་པ་གསུམ་དག་གམ། །སྐྱེད་མོས་ཚལ་ལ་སོགས་པར་སྒྲུབ། ཅེས་དང༌། པ་ཚབ་ཀྱིས་བསྒྱུར་བ་ལས། ས་གསུམ་རང་གི་སྐྱེད་མོས་ཚལ། ཞེས་འབྱུང་ཡང༌། ཆག་འགྱུར་ལས། གནས་སམ་ཡང་ན་རང་གི་ནི། །སྐྱེད་མོས་ཚལ་ལ་སོགས་པར་སྒྲུབ། ཅེས་དང༌། རྒྱུད་ལོགས་སུ་བསྒྱུར་བ་ལས། ཡང་ན་བདག་གི་གནས་


JLD007_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དག་གམ། །སྐྱེད་མོས་ཚལ་ལ་སོགས་པར་སྒྲུབ། ཅེས་འབྱུང་བས། རང་གི་གནས་ཁང་ངམ་སྐྱེད་མོས་ཚལ་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སྐལ་བ་ངན་པ་རྣམས་དང་བྲལ་བར་སྒྲུབ་བོ། །དེར་ཁང་པ་འདུ་བྱ་ཚུལ་ནི། སོ་ཕག་ལས་བྱས་པའི་ལྷའི་ཁང་པ་སུམ་བརྩེགས། གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། རིན་པོ་ཆེས་སྤྲས་པ་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པ་བྱའོ། །ཡང་ན་སའི་ཁང་པ་ར་བ་བརྟན་པ་རྒྱན་སྣ་ཚོགས་དང་ལྡན་པ་བྱའོ། །དེ་གཉིས་ཁང་པ་མཆོག་དམན་ཡིན་ཀྱང་སུམ་བརྩེགས་བྱེད་ལུགས་འདྲ་བས། ཕྱི་མ་ས་ཕུག་སུམ་རིམ་དྲུས་པ་མིན་ནོ། །དེར་མཆོད་པས་བརྒྱན་པའི་རིམ་པ་ནི། འོག་ཁང་དུ་ཚང་མང་བ་རྣམས་དང༌། བར་ཁང་དུ་པི་ཝང་དང་གླུ་དང་རོལ་མོ་ལ་སོགས་པའི་ཡོ་བྱད་བཞག །སྟེང་ཁང་དུ་སྔར་བཤད་པའི་རིན་པོ་ཆེའི་རྒྱན་དང༌། དྲིལ་བུ་རྔ་ཡབ་བླ་རེ་སོགས་ཀྱིས་བརྒྱན་ཏེ། དཔལ་སྣ་ཚོགས་སྐལ་བ་བཟང་པོ་མཆོག་གི་རྣལ་འབྱོར་མ་རྣམས་དང་རྣལ་འབྱོར་པ་རྣམས་འདུ་བའི་གནས་སོ། །དེ་ཡན་ཆད་སྤྱོད་པ་གཉིས་འདྲའོ། །དེར་སྤྲོས་བཅས་ཀྱི་སྤྱོད་པ་ཡིན་ན། ལྷ་ནི་ཉི་ཤུ་གཙོ་བོ་དང་ཉེར་གཅིག་གི་གདན་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པ་དེ་ཙམ་ཞིག་བཤམ། སྤྲོས་མེད་ཡིན་ན་ཚོགས་ཀྱི་གྲངས་དང་མཉམ་པ་བྱ་སྟེ། རྣལ་འབྱོར་ཕོ་མོ་ཆ་ལུགས་བསྒྱུར་བ་ནི། མཉམ་སྦྱོར་ལས་བཤད་པ་བཞིན་དུ་འདུས་པ་ནས་ཀྱང་གསུངས་ཏེ། ལེའུ་བཅུ་དྲུག་པ་ལས། སྐུ་


JLD007_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་དང་ངག་སེམས་སྒོམ་པ་ནི། །རང་ཚུལ་ཉིད་ཀྱིས་དེ་བྱ་སྟེ། །དེ་ལྟར་དངོས་གྲུབ་ཐོབ་པར་གྱུར། ཞེས་གསུངས་ཤིང༌། དེའི་འགྲེལ་པར། རང་ཚུལ་ཏེ་ཆ་ལུགས་བསྒྱུར་བ་ཉིད་ཀྱིས་བྱའི་སྒོམ་པ་ཙམ་གྱིས་ནི་མ་ཡིན་ནོ། ཞེས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་པ་ན་རང་དང་ཕྱག་རྒྱ་གཉིས་ཀ་ལ་དེ་ལྟར་བཤད་དོ། །འབག་གི་རྒྱུ་ནི། སྤྱོད་བསྡུས་ལོ་ཆེན་དང་པ་ཚབ་ཀྱིས་བསྒྱུར་བ་དང༌། མཉམ་སྦྱོར་ལོགས་སུ་བསྒྱུར་བ་ལས། ཁམས་ཀྱི་རང་བཞིན་དང་སྲོག་དང་རྩ་ལས་བྱུང་བ་ཞེས་འབྱུང་བའི་ཕྱི་མ་ནི། ཆག་གིས་སྲོག་ཆགས་རྩ་བ་ལས་བྱུང་བ་ཞེས་བསྒྱུར་བ་ལེགས་པས། གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་ཁམས་དང༌། མི་རུས་ལ་སོགས་པ་སྲོག་ཆགས་ལས་བྱུང་བ་དང༌། ཤིང་གི་རྩ་བ་སོགས་ལས་བྱས་པའི་འབག་བྱ་སྟེ། སྒྲོན་གསལ་ལས་ཀྱང༌། ཤིང་ལ་སོགས་པ་ལས་བྱ་བར་བཤད་དོ། །བཟོའི་རྣམ་པ་ནི་ལུགས་སུ་བླུག་པ་དང༌། འབུར་དུ་བརྐོས་པ་དང༌། བརྡུངས་པས་མངོན་པས་འདུ་བྱས་པ་དང༌། བྲིས་པ་གང་ཡང་རུང་ངོ༌། །དེ་ཡང་ཞལ་ཕྱག་སོགས་དང་སྐུ་མདོག་དང་ཕྱག་མཚན་རྣམས་ལྷ་ཇི་ལྟ་བ་བཞིན་བྱའོ། །སྤྱོད་བསྡུས་འགྱུར་རྙིང་དང་ཆག་འགྱུར་ལས། རང་གི་ལྷ་ལ་མངོན་ཕྱོགས་པའི། །གྲུབ་པའི་ཕྱག་རྒྱས་རབ་ཏུ་བསྐོར། །ཞེས་པ་ལྟར་ན་འདིའི་རིག་མ་ལ་གྲུབ་པའི་ཕྱག་རྒྱ་མ་དགོས་པར་བཤད་ཀྱང༌། པ་ཚབ་ཀྱིས། རང་གི་ལྷ་ཡི་འབག་རྣམས་ཀྱིས། །དངོས་གྲུབ་ཕྱག་རྒྱ་མ་འབྱུང་བ། ཞེས་གསུངས་


JLD007_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རང་གི་ལྷའི་འབག་གིས་ཆས་བསྒྱུར་བའི་ཕྱག་རྒྱ་མ་དངོས་གྲུབ་འབྱུང་བས་བསྐོར་བའི་དོན་ཏེ། མཉམ་སྦྱོར་ལོགས་སུ་བསྒྱུར་བ་ལས་ཀྱང༌། རང་གི་ལྷ་ཡི་ཆ་ལུགས་སུ། །བསྒྲུབ་པའི་ཕྱག་རྒྱས་རབ་ཏུ་བྱ། ཞེས་འབྱུང་བ་ལྟར་རོ། སྤྱོད་བསྡུས་འགྱུར་རྙིང་ལས། ལུགས་མའམ་ཡང་ན་འབུར་དང་ནི། །མངོན་པར་འདུ་བྱས་ལེགས་བྲིས་པ། །རྣམ་པ་སྣ་ཚོགས་གཟུགས་བརྙན་ནི། །མཚན་མའི་ཕྱག་རྒྱ་རབ་ཏུ་བརྟག །ཅེས་འབྱུང་ཞིང༌། །མཚན་མའི་ཕྱག་རྒྱའི་དོན་འདྲ་འབག་ལ་འཆད་པ་མིན་ཏེ། རྒྱུད་དུ་མཚན་མའི་ཕྱག་རྒྱ་ཕྱག་མཚན་ལ་གསལ་བར་བཤད་པས་སོ། །དེས་ན་པ་ཚབ་ཀྱིས། རྣམ་པ་སྣ་ཚོགས་གཟུགས་བརྙན་དང༌། ཞེས་བཅད་ནས་བསྒྱུར་བ་ལེགས་སོ། །སྤྱོད་བསྡུས་འགྱུར་རྙིང་ལས། རང་གི་ལྷ་དང་ལྡན་པ་ཡི། །བུད་མེད་དག་ནི་ལེགས་བསླབས་པ། །སྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། ཞེས་འབྱུང་བའི་དང་པོའི་དོན་ནི་རྒྱུད་ལོགས་སུ་བསྒྱུར་བ་ལས། རང་གི་ལྷ་དང་འདྲ་བ་ཡི། ཞེས་འབྱུང་བ་ལྟར་ཡིན་ལ། འདྲ་ཚུལ་ནི་པ་ཚབ་ཀྱིས། རང་གི་ལྷ་ཡི་འབག་རྣམས་ཀྱིས། །བུད་མེད་ལེགས་བསྒྲུབས། ཞེས་པ་ལྟར་གོ་བར་བྱ་སྟེ། འོན་ཀྱང་ལེགས་བསླབས་སུ་བསྒྱུར་བ་ཉིད་ལེགས་སོ། །དཀྱིལ་འཁོར་པའི་ལྷ་གྲངས་ཀྱི་ཆ་ལུགས་སུ་བསྒྱུར་བའི་རྣལ་འབྱོར་ཕོ་མོ་གནས་རྣམས་སུ་བཀོད་པ་འདི་ལ་ཚོགས་ཀྱི་དཀྱིལ་འཁོར་ཞེས་ཟེར་


JLD007_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མཉམ་སྦྱོར་རྩ་རྒྱུད་དུ་འདིར་སློབ་མ་དབང་བསྐུར་བ་ཡང་གསུངས་སོ། །འདི་ཡང་དཀྱིལ་འཁོར་གྱི་དབུས་སུ་སྤྱོད་པ་བྱེད་མཁན་གྱི་རྣལ་འབྱོར་པ་དང༌། དེའི་རིམ་པ་དང་པོའི་ཤར་ལྷོ་ནུབ་བྱང་བཞིར་རིམ་པ་བཞིན་དུ་བུད་མེད་བཞི་ནི། བདེ་མཆོག་སྒྱུ་མ་དང༌། ཨེ་མ་ཧོ་བདེ་བ་དང༌། སྒྲོན་མ་དང༌། ཤ་ཤི་སྟེ་ལྷ་མོ་བཞིའི་རྣམ་པར་འཁོད་དོ། །ཕྱི་མ་ནི་ཆག་གིས་རི་བོང་ཅན་མར་བསྒྱུར་རོ། །དེ་དག་ནི་ལྷན་ཅིག་སྤྱོད་པའི་བུད་མེད་དོ། །དེའི་ཤར་ལྷོ་ནས་གཡས་སྐོར་གྱི་མཚམས་བཞིར་རིམ་པ་བཞིན་དུ་བུད་མེད་བཞི་ནི། སངས་རྒྱས་ཀྱི་བྱང་ཆུབ་མ་དང༌། ཆོས་ཀྱི་འཁོར་ལོ་མ་དང༌། ཁམས་གསུམ་རྣམ་རྒྱལ་མ་དང༌། འདོད་པའི་ལྕགས་ཀྱུ་མ་སྟེ་ལྷ་མོ་བཞིའི་རྣམ་པར་འཁོད་དོ། །དེའི་ཕྱི་རོལ་རིམ་པ་གཉིས་པའི་མེ་ནས་གཡས་སྐོར་གྱི་མཚམས་བཞིར་རིམ་པ་བཞིན་དུ་བུད་མེད་བཞི་ནི། གླིང་བུ་མ་དང༌། རྒྱུད་མངས་མ་དང༌། རྒྱུད་གཅིག་མ་དང༌། རྒྱུད་སྟུག་པོ་མ་སྟེ་ལྷ་མོ་བཞིའི་རྣམ་པར་འཁོད་དོ། །ཕྱི་མ་གསུམ་ནི་པི་ཝང་མ་དང༌། རྔ་ཟླུམ་མ་དང༌། རྫ་རྔ་མར་མཉམ་སྦྱོར་གྱི་ཕྱག་རྒྱའི་སྐབས་ལས་ཤེས་སོ། །དེའི་ཕྱི་རོལ་རིམ་པ་གསུམ་པའི་མེ་ནས་གཡས་སྐོར་གྱི་མཚམས་བཞིར་རིམ་པ་བཞིན་དུ་བུད་མེད་བཞི་ནི། རྡོ་རྗེ་མེ་ཏོག་མ་དང༌། རྡོ་རྗེ་བདུག་པ་མ་དང༌། རྡོ་རྗེ་མར་མེ་མ་དང༌། རྡོ་རྗེ་བྱུག་པ་མའི་རྣམ་པས་མེ་ཏོག་དང༌། སྤོས་ཁང་དང༌། མར་མེ་མཆོག་དང༌། དྲིས་གང་བའི་དུང་ཕོར་ཐོགས་ནས་འཁོད་དོ། །རིམ་པ་གསུམ་པའི་ཤར་ལྷོ་ནས་གཡས་སྐོར་གྱི་སྒོ་བཞིར་


JLD007_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན་དུ་བུད་མེད་བཞི་ནི་རྟ་གདོང་མ་དང༌། རྡོ་རྗེ་ཕག་གདོང་མ་དང༌། རྡོ་རྗེ་སྣང་བ་མ་དང༌། ཐལ་བ་རབ་ཏུ་འཇིག་པའི་རོ་ལངས་མའི་རྣམ་པས་གནས་སོ། །དེ་ནི་ཤི་ནས་ཐལ་བར་སོང་བ་ཡང་འཚོ་བར་བྱེད་པའི་དོན་ནོ། །ལྷག་མ་བཅུ་དྲུག་ནི་རྗེས་སུ་སྤྱོད་པའི་བུད་མེད་དུ་དོན་གྱིས་ཤེས་སོ། །ལེའུ་བཅོ་ལྔ་པའི་སྒྲོན་གསལ་ལས། བསྐྱེད་རིམ་པའི་སྤྲོས་མེད་ཀྱི་སྤྱོད་པའི་སྐབས་སུ་དཀྱིལ་འཁོར་གྱི་ཆོ་གས་དཀྱིལ་འཁོར་བྱ་བར་གསུངས་ལ། དེ་ནི་རྗེ་འགོས་ཀྱི་བཞེད་པས་དཀྱིལ་འཁོར་ཆུ་ཚོན་གྱིས་ལེགས་པར་འདྲི་བ་ལ་མཛད་པ་ལེགས་སོ། །འདུས་པའི་སྤྲོས་མེད་པ་ཡིན་ན་འདུས་པའི་དཀྱིལ་འཁོར་ཆུ་ཚོན་གྱི་བྲིས་ལ། ཚོགས་མང་ཉུང་དང་བསྟུན་པའི་འདྲ་འབག་གིས་ཆས་འཇུག་བྱ་སྟེ། ལྷ་རང་རང་གི་གནས་སུ་དགོད་དོ། །གཉིས་པ་ལ་གཉིས། སྤྲོས་བཅས་ཀྱི་ཆོ་ག་དང༌། སྤྲོས་མེད་ཀྱི་ཆོ་གའོ། །དང་པོ་ནི། འཕགས་པ་ཡབ་སྲས་ཀྱིས་གསང་འདུས་པས་སྤྲོས་བཅས་སྤྲོས་མེད་ཀྱི་ཆོ་ག་འདི་ལྟར་བྱེད་ན་ནི་གསལ་བར་མ་གསུངས་མོད་ཀྱང༌། འདུས་པའི་སྒོ་ནས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པ་ནི་བཞེད་དོ། །དེ་བྱེད་ན་ཇི་ལྟར་བྱེད་པ་ལ་ཁ་ཅིག་མཉམ་སྦྱོར་ནས་བཤད་པའི་ལྷ་མོ་ཉི་ཤུའི་སྟེང་དུ་ལྷ་མོ་གཉིས་ཀྱི་རྣལ་འབྱོར་ཕོ་མོ་ཆས། སུ་ཞུགས་པ་བསྣན་ནས་བྱེད་ཅེས་གསུངས་མོད་ཀྱང༌། སྤྱོད་བསྡུས་ལས། རིགས་གཅིག་ཏུ་གཏོགས་པའི་སློབ་མ་དང་ལྷན་ཅིག་ཏུ་བྱེད་པར་གསུངས་པས། མཉམ་སྦྱོར་དང་འདུས་པའི་དཀྱིལ་འཁོར་སོ་སོ་བ་གཉིས་ཀྱི་ཆོ་ག་ཐུན་


JLD007_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དུ་མིན་ནོ། །དེས་ན་འདུས་པའི་ལུགས་ཀྱིས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་ན་ཚོགས་ཀྱི་དཀྱིལ་འཁོར་ནི་འདུས་པའི་ལྷ་གྲངས་དང་མཉམ་པ་ལ་རྒྱུད་གཞན་ནས་བཤད་པའི་ཕྱག་རྒྱ་དང༌། ཕྱག་རྒྱའི་ལན་ལ་སོགས་པའི་སྤྲོས་པ་རྣམས་བསྣན་ནས་བྱ་དགོས་སོ། །མཉམ་སྦྱོར་ལྟར་བྱེད་ན་ནི། རིམ་པ་གཉིས་ཀྱི་རྣལ་འབྱོར་པ་རྣམས་དང་ལྷན་ཅིག་ཏུ། དོན་དམ་བདེན་པ་ལ་དམིགས་པའི་སྟོང་ཉིད་བསྒོམས་ནས། དེ་ནས་འབྱུང་བ་རིམ་རྩེག་རི་རབ་ཀྱི་བར་དང༌། དེའི་རྩེ་མོར་པདྨ་དང་སྣ་ཚོགས་རྡོ་རྗེའི་སའི་ཆ་སྐྱེད་པའི་སྟེང་དུ། རྡོ་རྗེ་རྩེ་མོ་ཅན་གྱི་གཞལ་ཡས་ཁང་གདན་བཅས་ཀྱི་བར་མཚན་ཉིད་རྫོགས་པར་བསྐྱེད། དེ་ནས་རྡོ་རྗེ་སེམས་དཔའ་སོགས་གཙོ་བོ་གང་ཡིན་དུ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་བསྐྱེད་དེ། དཀྱིལ་འཁོར་གྱི་གཙོ་བོའི་ཚུལ་གྱིས་འདུག་ནས་འཁོར་སྐྱེད་པ་ན། བུད་མེད་ཉི་ཤུ་ལྷ་མོ་དེ་དང་དེའི་ངོ་བོར་བསྐྱེད་ཅིང༌། དེ་དག་གིས་ཀྱང་རང་རང་དེ་བཞིན་དུ་བསྐྱེད། སྤྱོད་བསྡུས་ཀྱི་ཚིག་ཟིན་ལ་དེ་ཙམ་ཞིག་ལས་མི་འདུག་ཀྱང་སྔོན་དུ་བསྲུང་འཁོར་སྒོམ་པ་དང༌། ཡེ་ཤེས་པ་གཞུག་པ་སོགས་ཀྱང་ཁ་བསྐང་དགོས་པར་མངོན་ནོ། །དེ་ནས་འདོད་ཡོན་ལ་སྤྱོད་པ་ནི། ཏིང་ངེ་འཛིན་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་དྲན་པ་སྔོན་དུ་བཏང་སྟེ། རང་གི་སྐུའི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ། །སྙམ་དུ་བསམ་ནས། ཐོག་མར་གཟུགས་དང་སྒྲ་དང་དྲིའི་ཡུལ་གསུམ་ལ་སྤྱོད་དོ། །དེ་ནས་རོ་ལ་སྤྱོད་པ་ན་ཁ་ཟས་རྣམས་སྦྱང་བ་དང་རྟོགས་པ་དང་སྦྱར་བ་སོགས་


JLD007_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། ནང་གི་ཐབ་ཁུང་རང་བཞིན་གྱིས་གྲུབ་པ་དྲན་ཏེ། ཏིང་ངེ་འཛིན་སེམས་དཔའི་ཞལ་དུ་སྲེག་རྫས་དབུལ་བའི་བསམ་པས་བཟའ་སྟེ། དེས་ནི་བདེ་བར་འཇུ་ཞིང་བཅུད་ལེན་དུ་ཡང་འགྱུར་རོ། །དེ་ལྟར་བཟའ་བཏུང་གིས་སྐུ་རྡོ་རྗེ་ལུས་ཀྱི་ཕུང་ཁམས་སོགས་ཚིམ་པར་བྱས་ནས། མཐར་རེག་བྱ་ལ་སྤྱོད་པའི་ཚུལ་ནི། ལྷན་ཅིག་སྤྱོད་པ་དང་རྗེས་སུ་སྤྱོད་པའི་ལྷ་མོ་ཉི་ཤུའི་ནང་ནས། འདོད་པའི་སྒྱུ་རྩལ་ལ་མཁས་པ་ཇི་ལྟར་འདོད་པའི་ཕྱག་རྒྱ་ཞིག་བླངས་ཏེ་པང་དུ་བཞག །འདི་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པར་བྱའོ་སྙམ་དུ་མོས་པ་བརྟན་པོ་བསྐྱེད་ནས། འཁྱུད་པ་ནས་རྩ་བསྐུལ་བ་ལ་སོགས་པའི་བར་བྱས་ནས། རང་རིགས་ཀྱི་སྐྱིལ་ཀྲུང་བཅས་ལ་སྙོམས་འཇུག་གི་ལས་ལ་གནས་པར་བྱའོ། །འདིར་སྤྱོད་བསྡུས་ལས། དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་སྐྱིལ་ཀྲུང་ལ་སོགས་པ་བྱ་བར་གསུངས་ཏེ། གཙོ་བོ་སོ་སོ་འཕོ་བའི་ལུགས་སོ། །དེ་ནས་རྡོ་རྗེ་དང་པདྨ་བསྲུབས་པ་ལས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱི་བོ་ནས་བརྩམས་ཏེ་རྩ་བདུན་ཁྲི་ཉིས་སྟོང་ལས། རི་གཟར་ལས་ཆུ་རྒྱུན་ལྟར་ཨཱ་ལི་དང་ཀཱ་ལིའི་བྱང་སེམས་ཞུ་ནས། འདོད་ཆགས་དང་བྲལ་བ་སྣང་བ་དང༌། འདོད་ཆགས་མཆེད་པ་དང༌། འདོད་ཆགས་བར་མ་ཉེར་ཐོབ་བསྐྱེད་པའི་རིམ་གྱིས་འབབ་ཅིང༌། མཐར་ཐམས་ཅད་སྟོང་པ་འོད་གསལ་ཤེར་ཕྱིན་གྱི་ངོ་བོ། རྣལ་འབྱོར་པ་སོ་སོས་རང་གིས་རིག་པར་བྱེད་དོ། །


JLD007_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་གཙོ་ཆེར་མཉམ་སྦྱོར་གྱི་ལུགས་ལྟར་འཆད་པ་ཡིན་པས། བྱང་སེམས་སྤྱི་བོ་ནས་ནོར་བུའི་རྩེ་བར་དུ་ཕབ་པའི་དགའ་བཞི་མྱོང་བ་ལ་བཤད་དེ། འོན་ཀྱང་དེའི་ལུགས་ལའང་འོག་ནས་འཆད་པ་ལྟར་གྱི་སྙིང་ཁའི་སྡུད་རིམ་ལས་སྟོང་པ་བཞི་སྐྱེད་པ་མེད་པའང་མིན་ནོ། །འདིར་མཆོག་ཐོབ་པའི་རྣལ་འབྱོར་པས་རིགས་དྲུག་གི་སྒོ་ནས་ཚོགས་ཀྱི་དཀྱིལ་འཁོར་དེ་ཉིད་དུ་ཚར་བཅད་དང་རྗེས་འཛིན་གྱི་འཕྲིན་ལས་མཛད་པར་གསུངས་པ་ནི། ཕལ་ཆེར་སློབ་པའི་ཟུང་འཇུག་ཐོབ་པ་ནས་ཡིན་ཏེ། འཕྲིན་ལས་དེ་ནི་མཉམ་སྦྱོར་ལས་གསུངས་སོ། །དེ་ལྟར་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་པ་བསྐྱངས་པའི་མཐར། དེ་ལས་ལངས་པ་ན་བདེ་བ་ཆེན་པོའི་ངོ་བོའི་གཙོ་བོ་ནི། རང་གཞན་གྱི་དོན་གྱི་ཆོས་མྱུར་དུ་འབྱུང་བའི་ཨ་ར་ལི་ཆེན་པོའི་རོལ་པའི་ངོ་བོ་ཉིད་རབ་ཏུ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་རོལ་མོའི་གར་མཛད་པའི་རིམ་པ་ནི། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་གཙོ་བོས་ཕྱག་རྒྱ་སྟོན་པ་དང༌། རིག་མས་ཕྱག་རྒྱ་དེའི་ལན་སྟོན་པ་དང༌། དེ་བཞིན་དུ་ཕྱག་དང་ཕྱག་གི་ལན་དང༌། མཆོད་པ་དང་མཆོད་པའི་ལན་དང༌། གར་དང་གར་གྱི་ལན་དང༌། གླུ་དང་གླུའི་ལན་དང༌། ལུས་ཀྱི་བརྡ་དང་ངག་གི་བརྡས་ཐ་སྙད་དུ་བྱེད་དོ། །སྤྱོད་བསྡུས་ལས་ཕྱི་མ་གཉིས་བཤད་པ་ལས། ཕྱག་དང་ཕྱག་གི་ལན་དང༌། མཆོད་པ་དང་མཆོད་པའི་ལན་ཅུང་ཟད་བསྟན་པ་མ་གཏོགས་པ། གཞན་རྣམས་མ་གསུངས་ཏེ་རྒྱུད་གཞན་ལས་ཤེས་དགོས་སོ། །དེ་ལྟར་བྱེད་པའི་དགོས་པ་ནི། སྤྱོད་བསྡུས་ལས། ཐུགས་


JLD007_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མི་འགྱུར་བ་དང༌། ཕན་ཚུན་རབ་ཏུ་དགའ་བར་བྱ་བའི་ཕྱིར་ཡིན་པར་གསུངས་ཏེ། བདེ་བ་ཆེན་པོ་ལས་སེམས་གཞན་དུ་མི་གཡོ་བ་དང༌། ཕན་ཚུན་གྱི་བདེ་བ་འཕེལ་བའི་དོན་དུ་ཡིན་ནོ། །འདོད་ཡོན་དཔྱད་པ་ལ་བརྟེན་ནས་མཉམ་གཞག་ཏུ་ལྷན་སྐྱེས་སྒོམ་པ་དང༌། དེ་ལས་ལངས་པའི་རྗེས་ཐོབ་ཏུ་སྔར་བཤད་པའི་སྒོམ་བསམ་གྱིས་ཕྱག་རྒྱ་ལ་སོགས་པའི་སྤྲོས་པ་དུ་མའི་སྒོ་ནས་འདོད་ཡོན་ལ་སྤྱོད་པ་ཉིན་མཚན་ཀུན་ཏུ་སྤྱོད་དོ། །གསང་འདུས་པའི་ལུགས་ཀྱིས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་ན། ལྷ་སོ་གཉིས་དང་གྲངས་མཉམ་གྱི་རྣལ་འབྱོར་ཕོ་མོ་ཆ་ལུགས་བསྒྱུར་བ་སོ་གཉིས་གདན་སོ་གཅིག་ལ་ལྷའི་གནས་ཇི་ལྟ་བར་འཁོད་ནས། རིམ་གཉིས་ཀྱི་སྒྲུབ་ཐབས་དང་མཐུན་པར་བསྒོམས་པའི་མཐར། འདོད་ཡོན་ལྔ་ལ་སྔར་ལྟར་ལོངས་སྤྱོད་པའི་འོག་ཏུ། ཕྱག་རྒྱ་དང་དེའི་ལན་ལ་སོགས་པའི་བྱ་བའི་སྤྲོས་པ་བསྣན་པའོ། །ཆོ་གའི་ཚུལ་ནི་འཆད་པར་འགྱུར་རོ། །གཉིས་པ་ནི། སྤྱོད་བསྡུས་ལས། སྤྲོས་མེད་ཀྱི་སྤྱོད་པ་ལ་འབྱོར་པས་མ་ལྕོགས་ནས་བསྡུས་པའི་དཀྱིལ་འཁོར་རྫོགས་པར་བྱ་མ་ནུས་ན། ཕྱག་རྒྱ་མ་ལྔ་དང་ལྷན་ཅིག་ཏུ་དེ་ཁོ་ན་ཉིད་རྣམ་པ་ལྔས་ཀྱང་སྤྲོས་མེད་ཀྱི་སྤྱོད་པ་བྱ་བ་དང༌། དེ་ཡང་མེད་ན་ཕྱག་རྒྱ་མ་གཅིག་དང་ཡང་ལྷན་ཅིག་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱ་བར་གསུངས་པས། འབྱོར་པས་ལྕོགས་ན་བསྡུས་པའི་དཀྱིལ་འཁོར་རྫོགས་པར་བྱེད་པའི་སྤྲོས་མེད་ཀྱི་སྤྱོད་པ་དང་ཚུལ་གསུམ་གསུངས་སོ། །དེ་ནས་བསྡུས་པའི་དཀྱིལ་


JLD007_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྫོགས་པར་བྱེད་མི་ནུས་པ་ནི་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་ཕོ་མོའི་ཆས་འཇུག་སོགས་ཀྱི་ཡོ་བྱད་ཚང་མ་ཚང་ཡིན་གྱི། དཀྱིལ་འཁོར་རྫོགས་པར་སྒོམ་པ་ཆོ་ག་བྱེད་མི་བྱེད་ནི་མིན་ནོ། །ལེའུ་བཅོ་ལྔ་པའི་སྒྲོན་གསལ་ལས། མི་བསྐྱོད་པའི་རྣལ་འབྱོར་པས་རང་གི་ཕྱག་རྒྱ་དང་ལྷན་ཅིག་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་སྐབས་སུ། མི་བསྐྱོད་པའི་དཀྱིལ་འཁོར་བསྒོམས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དཀྱིལ་འཁོར་བརྒྱན་པར་བྱ་བར་གསུངས་པས་ཀྱང༌། དཀྱིལ་འཁོར་པའི་ལྷ་རྫོགས་པར་སྒོམ་པ་ནི་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ག་ལ་འདྲའོ། །དེ་ལྟར་དཀྱིལ་འཁོར་ཆུ་ཚོན་གྱིས་བྲིས་པར་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པ་སོ་གཅིག་ལྷ་གནས་སུ་ཤོམ་པ་དང༌། དེར་ལྷའི་འདྲ་འབག་གི་ཆས་སུ་ཞུགས་པའི་རྣལ་འབྱོར་པ་ཉེར་གསུམ་དང་རྣལ་འབྱོར་མ་དགུ་འཁོད་པ་ནི་སྤྲོས་མེད་རྒྱས་པའོ། །སྤྲོས་མེད་འབྲིང་གསང་བ་ལྔའི་དེ་ཁོ་ན་ཉིད་ཀྱི་སྤྱོད་པ་ནི། ལེའུ་བཅོ་ལྔ་པའི་སྒྲོན་གསལ་རྩ་འགྲེལ་ལས། གདན་དབུས་མ་ལ་སྒྲུབ་པ་པོ་རྡོ་རྗེ་འཆང་དུ་སྒོམ་པ་དང༌། སྤྱན་མ་ལ་སོགས་པའི་གནས་བཞིར་སྔགས་དང་རྒྱུད་ལེགས་པར་བསླབས་པའི་བུད་མེད་སྤྱན་མ་ལ་སོགས་པའི་ངོ་བོར་བཏགས་པ་བཞི་ཉིན་མཚན་དུ་བཞག་པར་གསུངས་ལ། སྤྱོད་བསྡུས་ལས། བུད་མེད་བཞི་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའི་རྣམ་པས་མཚམས་བཞི་དང༌། བུད་མེད་གཅིག་རེག་རྡོ་རྗེ་མའི་རྣམ་པས་རང་གི་པང་ན་གནས་པར་གསུངས་ཏེ། བུད་མེད་ལྔ་ལས་མེད་ན་དེ་གཉིས་གདམ་ང་ཅན་དུ་


JLD007_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ནོ། །ལེའུ་བཅུ་དྲུག་པ་ལས། རིགས་གསུམ་གྱི་རྣལ་འབྱོར་པས། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོས་བྱ་བར་བཤད་པའི་གཞུང་སྤྱོད་བསྡུས་སུ་ཕྱག་རྒྱ་གཅིག་པའི་སྤྲོས་མེད་ཀྱི་ཁུངས་སུ་དྲངས་པས། དེ་ལ་ནི་གཙོ་བོའི་ཕྱག་རྒྱ་རེག་རྡོ་རྗེ་མ་ཁོ་ནར་བསྐྱེད་པར་མ་ངེས་ཏེ། འདི་ནི་སྤྲོས་མེད་གཞན་གཉིས་ལའང་ཤེས་པར་བྱའོ། །དེས་ན་སྤྲོས་མེད་འབྲིང་པོ་བྱེད་ན་དཀྱིལ་འཁོར་གྱི་དབུས་དང་ནང་གི་གྲྭ་བཞིར་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པ་ལྔའམ། ཡང་ན་རིམ་པ་གཉིས་པའི་གྲྭ་བཞིར་ཏེ་གདན་ལྔ་དང༌། ཆ་ལུགས་བསྒྱུར་བ་དྲུག་དང༌། སྤྲོས་མེད་བསྡུས་པ་བྱེད་ན་གདན་དང་ཆ་ལུགས་བསྒྱུར་བ་གཉིས་གཉིས་བྱའོ། །དེ་ནས་ཆོ་གའི་རིམ་པ་དངོས་ནི། སྤྱོད་བསྡུས་ལས། དེར་རྡོ་རྗེ་ནོར་བུའི་རྩེ་མོ་ཅན་གྱི་གཞལ་ཡས་ཁང་བསྐྱེད་དེ། ཕྱི་རོལ་གྱི་ཕྱག་རྒྱ་མངོན་པར་སྦྱངས་ལ། རིགས་གཅིག་ཏུ་གཏོགས་པའི་སློབ་མ་དང་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ། །དེའི་རིམ་པ་ནི་དང་པོ་ཁོ་ནར་དོན་དམ་པའི་བདེན་པ་ལ་དམིགས་ནས། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ལངས་ལ། མི་བསྐྱོད་པ་ཕྱུང་སྟེ་རྗེས་སུ་བཅུག་ནས་དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་གནས་ལ་ཞེས་གསུངས་ཤིང༌། འཁོར་སྐྱེད་ཚུལ་ནི་སྤྱོད་བསྡུས་པ་ཚབ་ཀྱིས་བསྒྱུར་བ་ལས། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་པའི་ལྷ། ཐ་མལ་པའི་རྣམ་པར་རྟོག་པ་བསལ་ཏེ་མི་ཕྱེད་པའི་འཁོར་རང་གི་ལུས་ཀྱི་དཀྱིལ་འཁོར་གྱི་ཡན་ལག་ཏུ་གྱུར་པ་རྣམས་སུ་མོས་པ་བྱས་ནས།


JLD007_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་མཉེས་པར་བྱ་སྟེ་ཞེས་འབྱུང་བ་གསལ་ལོ། །དེ་ནས་རང་གི་ཕྱག་རྒྱ་དང་ལྷན་ཅིག་རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པའི་རིམ་པས་དོན་དམ་བདེན་པ་ལ་འཇུག་གོ །དེ་ནས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། རྡོ་རྗེའི་སེམས་ཁྱོད་ཅེས་སོགས་ཀྱི་ཚིགས་བཅད་ཀྱིས་བསྐུལ་བས། བདག་བྱིན་བརླབས་ཀྱི་རིམ་པས་སྐད་ཅིག་གིས་ལངས་ནས། མཆོག་ཏུ་དགའ་བའི་རོ་མྱང་བའི་ཕྱིར་གར་གྱི་ཉམས་དགུས་དང་པོར་གཟུགས་སྒྲ་དྲི་རོ་བཞི་དང༌། དེ་ནས་སྨེ་ཤ་ཅན་ལ་སོགས་པའི་ཕྱག་རྒྱ་གང་རུང་བཟུང་ནས་སྙོམས་པར་ཞུགས་ཏེ་རེག་བྱ་ལ་སྤྱོད་པར་གསུངས་སོ། །དེར་དང་པོ་སྦྱོར་བའི་ཆོ་ག་ཇི་ཙམ་ཞིག་བྱ་བ་ཞིབ་ཏུ་མི་གསལ་བ་ལ། རྗེ་འགོས་ཀྱི་བཞེད་པས་བསྲུང་འཁོར་ནས་བཟུང་སྟེ། དང་པོ་སྦྱོར་བ་རྫོགས་པར་སྒོམ་པར་བཞེད་ཅིང༌། བཙུན་མོ་ཅན་དང་སྤྲིན་ཤུགས་ཅན་གྱི་བཞེད་པས། བསྐྱེད་རིམ་པས་ཆོ་ག་གསུམ་བསྐྱེད་སོགས་སྒྲུབ་ཐབས་བཞིན་དུ་བྱེད་ལ། རྫོགས་རིམ་པས་སྐད་ཅིག་གིས་བསྐྱེད་པར་བཞེད་དོ། །གཞུང་གཞན་ནས་བསྐྱེད་རིམ་མཐར་ཕྱིན་པས་བདག་བསྐྱེད་ཀྱི་སྐོར་རྣམས་དཀྲོངས་བསྐྱེད་བྱེད་པར་བཤད་པ་ཡང་ཡོད་དོ། །སྤྱོད་བསྡུས་ལས་གསུངས་ཚོད་ལ་ནི། རྡོ་རྗེ་འཆང་དང་མི་བསྐྱོད་པའི་སྒྲུབ་པ་པོ་གཉིས་ཀ་རུང་ལ། སྤྱིར་ན་རིགས་དྲུག་གི་སྒོ་ནས་གཙོ་བོ་བྱེད་པ་ཡང་ཡོད་དེ་རིམ་པ་གཉིས་ཀ་ལ་འདྲའོ། །རི་རབ་ཀྱི་རྩེ་མོར་གཞལ་ཡས་ཁང་སྐྱེད་པ་ནི་སྔར་མ་རྒྱུད་ཀྱི་སྐབས་སུ་བཤད་ཀྱི་འདིར་མི་དགོས་སོ། །སྐབས་འདིའི་


JLD007_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་པས་ནི་དང་པོ་སྦྱོར་བའི་སྐབས་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་མཐར་འོད་གསལ་དུ་འཇུག་པ་དང༌། དེ་ལས་ལངས་ནས་དངོས་ཀྱི་རིག་མ་ལ་བརྟེན་པའི་སྐབས་གསུམ་གར་ཡང་དགའ་བཞིའི་རིམ་གྱིས་ལྷན་སྐྱེས་ཁྱད་པར་ཅན་བསྐྱེད་ནུས་པས་བསྐྱེད་རིམ་གྱི་སྐབས་གཞན་དང་མི་འདྲའོ། །དཀྱིལ་འཁོར་རྒྱལ་མཆོག་ནི་དངོས་ཀྱི་རིག་མ་དང་སྙོམས་པར་ཞུགས་པ་ལས་ཡུམ་གྱི་པདྨར་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་ལ། མི་བསྐྱོད་པ་ཕྱུང་སྟེ་སྤྲོས་པ་སོགས་ཀྱི་མཐར་རང་ལ་བཅུག་པས་ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི་རིགས་གཉིས་ཀྱི་དབང་དུ་བྱས་ལ་གཞན་གཙོ་བོ་སོ་སོ་དང་མཐུན་པར་བྱའོ། །རྣམ་སྣང་ནས་གནོད་མཛེས་ཀྱི་བར་རྣམས་ཕྱུང་བ་སོགས་བྱས་ནས་རང་གི་འཁོར་གྱི་རྣལ་འབྱོར་ཕོ་མོ་སོ་གཅིག་ལ་བསྟིམ་ནས་དེ་རྣམས་དང་དབྱེར་མེད་པར་མོས་པར་བྱའོ། །རང་གི་འཁོར་ནི་ལྷའི་རྣལ་འབྱོར་བསྒོམས་པས་ཐ་མལ་པའི་ང་རྒྱལ་བསལ་ཏེ་རྟོག་པ་དེས་མི་ཕྱེད་པའོ། །རང་གི་ལུས་དཀྱིལ་གྱི་ཡན་ལག་ཏུ་གྱུར་པའི་དོན་ནི། འཁོར་དེ་རྣམས་རང་གི་ལུས་ཀྱི་ཡན་ལག་སྟེ་ཆ་ཤས་ཕུང་པོ་སོགས་ཀྱི་རང་བཞིན་དུ་མོས་པར་བྱ་བ་ཡིན་ཏེ། རང་དང་འཁོར་གཉིས་ཀས་དེ་བཞིན་དུ་བསྒོམ་མོ། །ཕྱག་རྒྱ་ལྔ་པ་དང་གཅིག་པ་ལ་ནི་དངོས་སུ་ཡོད་པ་རྣམས་དེ་ལ་བསྟིམ། མེད་པ་རྣམས་ཕྱུང་ནས་རང་རང་གི་གནས་སུ་དགོད་དེ་གཞན་འདྲའོ། །དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་མཉེས་པར་བྱས་ཞེས་པ་ལ། ཆག་འགྱུར་ལས།


JLD007_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཆགས་པར་བྱས་ཞེས་ཀྱང་འབྱུང་ལ། དེའི་དོན་ནི་དཀྱིལ་འཁོར་རྒྱལ་མཆོག་ཟིན་པ་དང༌། དངོས་ཀྱི་རིག་མ་དང་སྙོམས་པར་ཞུགས་པས་ལྷ་རྣམས་མཉེས་པར་བྱེད་པ་ཡིན་ཏེ། ལྷ་རྣམས་རང་གི་ལུས་ཀྱི་ཆ་ཤས་ཡིན་པའི་སྒོ་ནས་སོ། །སྙོམས་འཇུག་བྱས་ནས་འོད་གསལ་དུ་འཇུག་པ་ལ་དེ་ཙམ་དུ་མ་ཟད། བསམ་གཏན་གཉིས་ཀྱིས་རྣལ་འབྱོར་སྒོམ་པ་སྣོན་པ་ནི་སྙིང་ཁར་རླུང་སེམས་བསྡུས་པའི་སྒོ་ནས་སྟོང་པ་བཞི་སྐྱེད་པའི་དོན་ཡིན་ཏེ་སྔར་བཤད་པ་ལྟར་རོ། །དེ་ནི་རྫོགས་རིམ་པ་ཉིད་ལ་སྦྱར་ཏེ་སྙོམས་འཇུག་གི་སྐབས་གཞན་ལའང་ཤེས་པར་བྱའོ། །འོད་གསལ་དུ་ཞུགས་པ་ལ་གླུས་བསྐུལ་བ་ནི་སྤྲོས་མེད་རྒྱས་པ་དང༌། ནང་གི་གྲྭར་སྤྱན་སོགས་བཞིར་སྒོམ་པའི་བུད་མེད་བཞི་ཡོད་ན་དངོས་སུ་གླུས་བསྐུལ་རྡོ་རྗེ་མ་ལྔར་སྒོམ་པ་དང་ཕྱག་རྒྱ་གཅིག་པ་ཉིད་ཡིན་ན་མོས་པར་བྱ་བའམ། ཡང་ན་སྔ་མ་ལ་ལྷ་མོ་བཞིས་སྐབས་འདིར་སྤྱན་སོགས་ཀྱི་ང་རྒྱལ་བཟུང་ནས་བསྐུལ་བ་ཡང་རུང་བར་མངོན་ནོ། །དེ་ལས་བཞེངས་པ་ན་ཡུལ་དང་པོ་བཞིའི་བཟང་ངན་འབྲིང་གསུམ་ལ་ལོངས་སྤྱོད་པར་གསུངས་པ་ནི། ལམ་གྱི་མཚམས་འདི་ཙམ་ནས་ཡུལ་དམན་པ་རྣམས་ཀྱང་ནང་གི་བདེ་བའི་གྲོགས་སུ་འགྲོ་བ་ལ་དགོངས་པར་མངོན་ནོ། །རྫོགས་རིམ་པའི་སྐབས་གསུམ་ལས་སེམས་དབེན་གྱི་ལམ་གྱི་ཐོག་མ་ཐོབ་ནས་སྒྱུ་ལུས་ཀྱི་དོན་དུ་སྤྱོད་པ་བྱེད་ན། ཡི་གེ་དང་ཕྱག་མཚན་སོགས་ལས་མི་སྐྱེད་པར་ཡུད་ཙམ་གྱིས་བསྐྱེད་དོ། །གཞལ་ཡས་ཁང་གི་གོང་


JLD007_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡེ་ཤེས་ཀྱིས་བསྐྱེད་པ་དང༌། ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་སུ་ནི་རླུང་ཐིམ་པའི་མཐུས་སྡུད་པ་ཡིན་ཏེ། སྒྱུ་ལུས་པ་དང་སློབ་པའི་ཟུང་འཇུག་ཐོབ་པས་ཀྱང་དེ་ལྟར་བྱེད་དེ་ནུས་པ་ཆེ་ཆུང་གི་ཁྱད་པར་ནི་ཆེའོ། །སྟོང་པའི་ངང་ལས་དང་པོའི་མགོན་པོའི་སྐུར་ལྡང་བ་ནི་སེམས་དབེན་པ་ཡིན་ན། རིམ་པ་གསུམ་པའི་སྒྱུ་ལུས་རྗེས་མཐུན་པར་རླུང་སེམས་ལས་ལྡང་བར་ནུས་ལ། སྒྱུ་ལུས་པ་ཡིན་ན་དོན་གྱི་འོད་གསལ་མངོན་དུ་མ་བྱས་བར་དུ་སྟོང་པར་འཇུག་པའི་ཚེ་ཡང་སྒྱུ་ལུས་དག་ནས་མི་འགྲོ་ལ། ལྡང་བ་ན་སེམས་དཔེའི་འོད་གསལ་ལས་ལྡང་བ་ཡིན་གྱི་ལུས་གསར་དུ་ལྡང་བ་མིན་ནོ། །ཟུང་འཇུག་ཐོབ་ནས་ནི་སྒྱུ་མའི་སྐུའི་རིགས་འདྲ་རྒྱུན་མི་འཆད་པས། སེམས་ཀྱི་སྟེང་ནས་འོད་གསལ་དུ་ཞུགས་པ་དང་ལྡང་བ་བྱའི་སྒྱུ་ལུས་ཀྱི་སྟེང་ནས་མིན་ནོ། །དེས་ནས་དེ་གཉིས་ལས་འོད་གསལ་ལས་ལངས་པ་ན། རང་གི་སྐུ་སྔར་ཡོད་གསལ་འདེབས་པའི་ཚུལ་གྱིས་ཡིད་ལ་བྱའོ། །སྤྲུལ་སྐུ་འཛིན་པ་ནི་ལུས་རགས་པ་ལས་ལོགས་སུ་ཕྱེ་བ་སླར་དེ་ལ་ཞུགས་ནས་ལུས་རགས་པ་སྤྲུལ་སྐུར་སྐྱེད་པའོ། །དེ་སྒྱུ་ལུས་རྗེས་མཐུན་པ་ཐོབ་པས་ཀྱང་རང་གི་ཡིད་ངོར་དངོས་དང་འདྲ་བ་ཞིག་བྱ་ནུས་སོ། །བཤད་པ་དེ་དག་གི་དང་པོ་སྦྱོར་བའི་སྐབས་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་མཐར་རིག་མ་དང་སྙོམས་པར་ཞུགས་ནས་ལྷན་སྐྱེས་བསྐྱེད་པ་དང༌། དེ་ལས་ལྡང་བ་སོགས་ཀྱང་ཤེས་པར་བྱའོ། །ལེའུ་བཅུ་བདུན་པའི་འགྲེལ་པར་


JLD007_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གླུས་བསྐུལ་ནས་བཞེངས་པའི་འོག་ཏུ། རྣམ་སྣང་ལ་སོགས་པ་རིགས་བཞིའི་ང་རྒྱལ་འཛིན་པས། སྤྱན་མ་སོགས་བཞི་ཀ་དང་སྙོམས་འཇུག་མཛད་པར་བཤད་པ་བཞིན་དུ། འདིར་ཡང་བྱ་དགོས་པར་མངོན་ཏེ་རིམ་པ་གཉིས་ཀ་ལ་འདྲའོ། །དེ་ནི་ལྷ་མོ་དེ་བཞི་གཙོ་བོའི་ལྷན་ཅིག་སྤྱོད་པའི་བུད་མེད་དུ་བྱེད་པ་དང་ཡང་མཐུན་ནོ། །རྗེས་སུ་སྤྱོད་པའི་བུད་མེད་རྣམས་ཀྱང་གཙོ་བོའི་རིག་མར་འགྱུར་བས་གཟུགས་རྡོ་རྗེ་སོགས་ལའང་སྤྱོད་པར་མངོན་ནོ། །དེའི་རྒྱུ་མཚན་གྱིས་སྤྲོས་མེད་ཀྱི་སྤྱོད་པ་འབྲིང་དང་བསྡུས་པ་ལ་ཡང་རིག་མའི་འཁོར་གྱི་གྲངས་ཀྱི་སྒོ་ནས་བཞག་གི་སྐྱེས་པའི་གྲངས་ཀྱིས་མ་བཞག་གོ །སྤྱོད་བསྡུས་ལས་སྨེ་ཤ་ཅན་གྱི་བུ་མོ་སོགས་ལྔ་གང་རུང་ལ་བརྟེན་ནས་བྱ་བར་གསུངས་པ་ནི། རྫོགས་རིམ་པ་ལ་རིགས་ཀྱི་ངེས་པ་མེད་པའི་དབང་དུ་བྱས་ཀྱི། བསྐྱེད་རིམ་པ་ལ་ནི་རང་རིགས་ཀྱི་ཕྱག་རྒྱ་བཤད་དོ། །རིགས་གཉིས་གང་ཡིན་ཀྱང་སྤྱོད་པའི་དངོས་གཞི་ནི། རང་གི་སྐབས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ནས་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་དེ་བདེ་སྟོང་སྦྱར་ནས་བསྒོམ་པ་ཡིན་གྱི། བསྐྱེད་རིམ་པས་སྔགས་ཀྱི་སྐུ་དང༌། སྒྱུ་ལུས་ལས་སྒྱུ་མའི་སྐུ་ལ་གཙོ་བོར་སྒོམ་པ་མིན་ནོ། །སྤྱོད་པའི་ཆོ་ག་འདི་ཞག་གཅིག་ལ་གྲངས་ཇི་ཙམ་བྱ་བ་མི་གསལ་ཡང༌། ལེའུ་བཅུ་དྲུག་པ་རྩ་འགྲེལ་ལས། སྤྱོད་པའི་སྐབས་སུ་རིག་མ་དང་སྙོམས་པར་འཇུག་པའི་གསང་མཆོད་དུས་བཞིར་བྱ་བར་གསུངས་པས་ཐུན་བཞིར་བྱའོ། །མཉམ་སྦྱོར་ནས་ཚོགས་ཀྱི་དཀྱིལ་འཁོར་


JLD007_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་ཚོགས་འཁོར་གྱི་ཆོ་ག་ལོ་རེ་དང་ཟླ་བ་རེ་ལ་ལན་རེ་བྱེད་པར་གསུངས་པ་སྤྱོད་བསྡུས་ལས། སྤྱོད་པ་ཕྱི་མ་གཉིས་ལ་གསུངས་པ་ནི། སྤྱོད་པ་བྱེད་པའི་ས་ཚིགས་བཞིར་བཤད་པའི་སྐབས་ཀྱི་སྤྱོད་པ་མིན་པས། ལུང་དེ་ལ་བརྟེན་ནས་རིམ་གཉིས་ཀྱི་ལམ་མཐོན་པར་སླེབ་པའི་སྤྱོད་པ་ལ། དུས་ཀྱི་སྤྲོས་པ་ཡོད་མེད་འཆད་པ་ནི་དོན་མིན་ནོ། །རེག་བྱ་ལ་སྤྱད་པའི་རྗེས་སུ་སྤྲོས་བཅས་བྱེད་ན། ཕྱག་རྒྱ་དང་དེའི་ལན་ལ་སོགས་པ་རང་རང་གི་སྒོམ་བསམ་གྱི་སྒོ་ནས་བྱེད་ཀྱི་སྤྲོས་མེད་པས་ནི་མི་བྱེད་དོ། །དེས་ན་སྤྱོད་བསྡུས་འགྱུར་རྙིང་ལས། འདིར་ཨ་ར་ལི་རྫོགས་པར་བྱེད་ཅེས་པ། པ་ཚབ་ཀྱིས་ཨ་ར་ལི་སྒྲུབ་པར་བྱེད་ཅེས་པར་བསྒྱུར་བ་ལེགས་སོ། །ཤ་ལྔ་དང་བདུད་རྩི་ལྔ་སྦྱང་བ་སོགས་བྱས་ནས་ཕྱོགས་དབེན་པར་བཟའ་བར་གསུངས་པ་ནི། རིམ་གཉིས་ཀྱི་སྤྱོད་པ་ཀུན་ལ་འདྲའོ། །ཕྱག་རྒྱ་མི་བཅིང་བ་དང་བྲི་བ་དང་མཎྜལ་འབུལ་བའི་དཀྱིལ་འཁོར་མེད་པ་དང༌། ཕྱིའི་ཐབ་ཁུང་གི་སྦྱིན་སྲེག་མི་བྱེད་པ་དང༌། ཚ་ཚ་འདེབས་པ་སོགས་མཆོད་རྟེན་གྱི་ལས་མི་བྱ་བ་དང༌། གླེགས་བམ་མི་ཀླག་པ་དང༌། ལུས་ཀྱི་ངལ་དུབ་སྤང་བ་དང༌། རས་རིས་དང་རྡོ་ཤིང་གི་སྐུ་གཟུགས་ལ་ཕྱག་མི་བྱ་བ་དང༌། ཉན་རང་ལ་སྐྱབས་སུ་མི་འགྲོ་བ་དང༌། ཚེས་གྲངས་སོགས་ལ་ལྟོས་པར་མི་བྱེད་དེ་འདི་ཐམས་ཅད་ནང་གི་བདག་ཉིད་ཁོ་ནས་རྫོགས་པར་བྱེད་དོ་ཞེས་སྤྱོད་བསྡུས་ལས་གསུངས་པ་ནི། རྫོགས་རིམ་པའི་སྤྱོད་པའི་སྐབས་ཡིན་ལ། སྤྱོད་པའི་


JLD007_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་ཕྱག་རྒྱ་འཆིང་བ་དང༌། དཀྱིལ་འཁོར་འདྲི་བ་སོགས་ནི་མ་གཏོགས་སོ། །འདུས་པ་དང་རྒྱུད་གཞན་མང་པོ་དང་གསང་བ་གྲུབ་པ་དང་དྷོ་ཧ་སོགས་ནས་ཀྱང་དེ་ལྟར་མི་བྱ་བར་བཤད་པ་ལ་འཁྲུལ་ནས། ཐོག་མར་ལས་དང་པོ་པའི་སྐབས་ནས་ཀྱང་། དབང་པོ་རྣོན་པོ་ཅིག་ཅར་བས་དེ་དག་མི་བྱེད་ཅིང༌། དེ་ལྟར་བྱེད་པ་དབང་རྟུལ་རིམ་གྱིས་པར་བྱེད་པ་མང་པོ་བྱུང་སྣང་ངོ༌། །གཉིས་པ་ནི། རྟེན་གང་གིས་བྱེད་པ་ལ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་འདི། བཙུན་མོ་ཅན་ནི་རྫོགས་རིམ་པ་ཁོ་ནས་བྱེད་པར་བཤད། ནག་པོ་པས་རིམ་པ་གཉིས་ཀས་བྱེད་གསུངས་པའི་ཕྱི་མ་ལེགས་པར་རྗེ་འགོས་བཞེད་པ་ལྟར་བྱའོ། །གནས་ནི་རྒྱུད་ལས་རྣམ་པར་དབེན་པའི་རི་བོ་དང་ཆུ་ངོགས་དང་འབབ་ཆུའི་གནས་དང་དུར་ཁྲོད་ལ་སོགས་པར་བྱ་བར་གསུངས་པ་བཞིན་ཏེ། འདི་ལ་ཁང་པ་གསུམ་བརྩེགས་སོགས་མི་སྒྲུབ་བོ། །ཁ་ཟས་སྒྲུབ་པའི་གྲོགས་ནི་གནོད་སྦྱིན་མོ་མངག་གཞུག་མ་སོགས་སྒྲུབ་པའམ་ཡང་ན་སྒྲུབ་གྲོགས་མཆོག་གམ། ཚོགས་ཆེན་པོ་ལས་ཁ་ཟས་སྒྲུབ་པའོ། །ཕྱི་མ་ནི་པ་ཚབ་ཀྱིས་བློན་པོ་ལས་འབྲས་ཆན་ཙམ་བསྒྲུབས་ནས་ཞེས་བསྒྱུར་ཏེ། བློན་པོ་སོགས་ཀྱི་འབྱོར་ལྡན་གྱིས་སྦྱིན་བདག་བྱེད་པའོ། །གནོད་སྦྱིན་མོ་མངག་གཞུག་ཏུ་སྒྲུབ་ནུས་ན་སྤྲོས་བཅས་སམ། སྤྲོས་མེད་ཀྱི་སྤྱོད་པ་གང་རུང་ཞིག་བྱེད་པའི་འབྱོར་པ་འོང་བས། འདི་ཡོ་བྱད་མ་འབྱོར་ནས་བྱེད་པ་ཁོ་ནར་མ་ངེས་སོ། །བསམ་པའི་ཁྱད་པར་ནི་བཞི་ལས་དང་པོ་ནི། རེ་ཞིག་ཐོག་མར་སྒྲུབ་པ་པོས་ཐོག་མ་


JLD007_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་འཁོར་བའི་སྡུག་བསྔལ་དྲན་པར་བྱས་ནས་མྱང་འདས་ཀྱི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་སྤང་བར་བྱ་སྟེ། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །གཉིས་པ་ནི་འགྱུར་གསར་གཉིས་ལས། དངོས་པོ་ཏིལ་འབྲུ་ཙམ་ལ་ཡང་ཡོངས་སུ་འཛིན་པའི་བློ་དོར་བར་བྱའོ། ཞེས་བསྒྱུར་བ་ལེགས་པས་ཡོ་བྱད་ཏིལ་ཙམ་ཡང་བསགས་ཏེ་མི་འཛིན་པ་ལ་བྱའི། བདེན་ཞེན་གྱི་དངོས་འཛིན་མི་བྱེད་པ་ལ་མི་བྱའོ། །གསུམ་པ་ནི་དོན་དམ་པའི་བདེན་པ་འོད་གསལ་སྒོམ་པ་ལ་དད་པས་ལུས་སྲོག་ལ་ཡང་ལྟོས་པ་མེད་པར་བྱའོ། །བཞི་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་དང༌། གྲུབ་པ་ཆེན་པོ་བརྒྱད་ལ་ཡང་དོན་གཉེར་མི་བྱ་སྟེ། རྣམ་པར་གཡེང་བ་དང་ཕྱིར་ལྡོག་པར་འགྱུར་བའི་ཕྱིར་རོ། །བསྐྱེད་རིམ་པ་སྤྱོད་པ་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཚང་བ་ཡོད་པས། སྤྱིར་སངས་རྒྱས་ཐོབ་འདོད་ཡོད་མོད་ཀྱང༌། བསྐྱེད་རིམ་མཐར་ཕྱིན་པའི་འོག་ཏུ་རྫོགས་རིམ་གྱི་ལམ་རྣམས་མི་བསྐྱེད་པར། ཐུན་མོང་གི་དངོས་གྲུབ་ཀྱིས་ཡིད་དྲངས་ནས་སྤྱོད་པ་བྱེད་པ་ཡིན་པས། བསམ་པ་གཉིས་པ་མ་གཏོགས་པ་གསུམ་ནི་རྫོགས་རིམ་པ་ལ་སྦྱར་རོ། །ཕྱག་རྒྱའི་ཁྱད་པར་ནི་སྤྱོད་བསྡུས་ལས། དེ་བས་ན་ཕྱི་རོལ་གྱི་བུད་མེད་སྤངས་ནས་སྙིང་ཁར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་འཇུག་པས་ཤིན་ཏུ་མྱུར་བར་རྡོ་རྗེ་འཆང་ཐོབ་


JLD007_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་སྙམ་དུ་དམིགས་ཏེ། གཅིག་པུ་ཁོ་ནར་སྤྱོད་པ་བྱ་བར་གསུངས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །ཡེ་རྒྱ་ནི་བསྐྱེད་རིམ་པས་སྙིང་ཁ་ནས་དབྱིབས་ཀྱི་ལྷ་མོ་འབྱིན། རྫོགས་རིམ་པས་སྟོང་ཉིད་སྒོམ་པ་ཉིད་ལ་ཡེ་རྒྱ་དང་སྙོམས་པར་འཇུག་པ་ཟེར། ཞེས་བཙུན་མོ་ཅན་གསུང་ཡང༌། རྫོགས་རིམ་པས་ཀྱང་ལྷ་མོའི་རྣམ་པ་ཅན་དང་སྙོམསས་པར་འཇུག་པ་ཡིན་ནོ། །ལེའུ་ལྔ་པའི་སྒྲོན་གསལ་ལས། དངོས་ཀྱི་ཕྱག་རྒྱ་མ་རྙེད་ན། སངས་རྒྱས་ཀྱི་ཡུམ་ཤེར་ཕྱིན་རང་གི་སྙིང་ལ་གནས་པ་ཕྱུང་ནས། དེ་དང་ལྷན་ཅིག་སྙོམས་འཇུག་བྱེད་པ་ཤེས་བྱེད་དང་བཅས་པས་བསྒྲུབས་ལ། ལེའུ་བཅུ་དྲུག་པ་ལས། བསམ་གཏན་ཡིག་གསུམ་རྡོ་རྗེ་ཅན། །རང་གི་ཕྱག་རྒྱ་སེམས་ཀྱིས་བསམ། །དེ་ལྟས་སངས་རྒྱས་ཀུན་མཁྱེན་པ། །མཉེས་པར་འགྱུར་བ་གདོན་མི་ཟ། ཞེས་གསུངས་པའི་འགྲེལ་པར་གཞུང་དེས་ཡེ་རྒྱ་དང་ལྷན་ཅིག་སྤྱོད་པ་བྱེད་པ་བསྟན་ལ། ཡིག་གསུམ་རྡོ་རྗེ་ཅན་གྱི་བསམ་གཏན་པ་སྟེ་རྣམ་སྣང་སོགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་པ་ཕྱི་རོལ་གྱི་བུད་མེད་རྣམས་ལ་ལྟོས་པ་མེད་པ་རྣམས་ལ། རང་གི་ཕྱག་རྒྱ་སྙིང་ལ་གནས་པའི་རྡོ་རྗེ་དབྱིངས་ཕྱུག་མ་སྦྱིན་པར་གསུངས་སོ། །དེ་ལྟར་ཕྱི་རོལ་གྱི་བུད་མེད་མ་རྙེད་ན་ཡེ་རྒྱ་ལ་བརྟེན་པར་བཤད་པ་ནི། ཡེ་རྒྱས་ཕྱིའི་བུད་མེད་བསྟེན་པ་ལྟར་གྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་མི་ནུས་པ་ཡིན་ལ། ཕྱིའི་བུད་མེད་རྙེད་ཀྱང་དེ་སྤངས་ནས་ཡེ་རྒྱ་ལ་བརྟེན་པར་གསུངས་པ་ནི་སྔ་མ་ལས་བཟློག་པ་ལ་


JLD007_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སོ། །དེ་ཡང་ལེའུ་བཅུ་བདུན་པའི་སྒྲོན་གསལ་འགྱུར་གསར་གཉིས་ལས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལ་སེམས་བརྟན་པ་མེད་པ་རྣམས་ཀྱིས་ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་པར་གསུངས་པ་ལྟར་རོ། །སྒྲོན་གསལ་འགྱུར་རྙིང་ལས། སེམས་བརྟན་པ་ཐོབ་པས་ཕྱིའི་ཕྱག་རྒྱ་ལ་བརྟེན་པ་ཞེས་འབྱུང་ཡང་འགྱུར་སྔ་མ་བདེའོ། །དེ་འདྲ་བ་ནི་གང་ཟག་གི་རིགས་ཀྱི་ཁྱད་པར་དང༌། ལམ་ཐོག་མར་སྒོམ་པ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སློབ་ཚུལ་གྱི་ཁྱད་པར་ཅིག་ཡིན་པ་འདྲའོ། །འདི་ལ་བསྐྱེད་རིམ་པས་ནི་སྤྲོས་པ་གཞན་འདོར་མོད་ཀྱང༌། ཆོ་གའི་རིམ་པ་ནི་འདྲ་བར་མངོན་པས། དཀྱིལ་འཁོར་རྒྱལ་མཆོག་རྫོགས་པ་དང་ཡེ་རྒྱ་དང་སྙོམས་པར་ཞུགས་ཏེ། དགའ་བཞིའི་རིམ་གྱིས་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་དེ་བདེ་སྟོང་སྒོམ་མོ། །དེ་ལ་བསྒོམས་པའི་ལྷ་མོའི་གླུས་བསྐུལ་ནས་བཞེངས་ཏེ། ཁ་ཟས་དང་རིག་མའི་འདོད་ཡོན་ལ་རང་གིས་སྒོམ་བསམ་གྱིས་ལོངས་སྤྱོད་དོ། །རྫོགས་རིམ་གྱི་སྐབས་གསུམ་དུ་ནི་སྒྲུབ་ཐབས་ཀྱི་ཆོ་གའི་རིམ་པ་ཅི་རིགས་པ་ལ་བརྟེན་ནས་ཡེ་རྒྱ་དང་སྙོམས་པར་ཞུགས་པ་ན་ནང་གི་རླུང་གི་རྣལ་འབྱོར་མཐར་སོན་པས་གྲོགས་བྱས་པའི་མཐུས། གཉིས་སྣང་གི་སྤྲོས་པ་མང་པོ་བཅད་ནས་སྟོང་པ་བཞི་ཁྱད་པར་ཅན་མངོན་དུ་བྱེད་དོ། །དེ་ལ་ཡང་རླུང་སེམས་གཉིས་སྙིང་ཁར་བསྡུས་པའི་སྡུད་རིམ་དང་བྱང་སེམས་རྡོ་རྗེའི་རྩེར་ཕབ་པ་ལས་


JLD007_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་བཞི་བསྐྱེད་པ་གང་བྱེད་ཀྱང་ནུས་མོད་ཀྱང༌། གཙོ་བོར་ནི་སྔ་མ་བྱེད་དོ། །འདིར་སྤྱོད་བསྡུས་ལས། ཕུང་པོ་ལ་སོགས་པ་ཁམས་ཕྲ་བ་རླུང་ལ་འཇུག་པ་དང༌། དེ་སེམས་ལ་དང༌། དེ་སེམས་བྱུང་ལ་དང༌། དེ་མ་རིག་པ་ལ་འཇུག་པ་དང༌། དེའི་རྗེས་སུ་འོད་གསལ་སྒོམ་པར་བཤད་པ་ནི་འདིར་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱེད་ལ། སྤྱོད་པ་གཞན་ལ་ནི་དངོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱེད་དེ་འདྲའོ། །འོན་ཀྱང་འདིར་གཉིད་ཀྱི་འོད་གསལ་ཉིད་སྐྱོང་བར་བཤད་པ་ནི་རྫོགས་རིམ་པའི་སྤྱོད་པའི་སྐབས་ཡིན་ལ། དེ་ཡང་འདིས་འོད་གསལ་ནམ་སྒོམ་རེས་ཀྱིས་གཉིད་ཀྱི་འོད་གསལ་དང་བསྲེས་ཏེ་སྒོམ་པའི་དོན་དུ་སྣང་གི །སྐབས་གཞན་ལྟར་སད་དུས་སུ་གཉིད་དང་མ་བསྲེས་པའི་འོད་གསལ་དང༌། གཉིད་དུས་སུ་དེ་དང་བསྲེས་པའི་འོད་གསལ་སྒོམ་ཚུལ་སོ་སོར་བྱེད་པའི་དོན་མིན་ཏེ། འདི་ནི་བསྲེ་བའི་གནད་མཐའ་དག་པར་རྟོགས་ན་ཤེས་སོ། །འདི་རིམ་གཉིས་ཀྱི་སྤྱོད་པ་བྱེད་པས་ཉམས་སུ་ལེན་པ་ན་དགའ་བ་བཞི་དང་སྟོང་པ་བཞིའི་མཆོག་དམན་གྱི་ཁྱད་པར་མ་གཏོགས་པ། གཉིས་ཀས་མཉམ་གཞག་ཏུ་ཡེ་རྒྱ་དང་མཉམ་པར་སྦྱར་བ་ལ་བརྟེན་ནས་ལྷན་སྐྱེས་དང་འོད་གསལ་ཉིད་སྐྱོང༌། དེ་ལ་གནས་མ་ནུས་ནས་ལངས་པ་ན་སླར་ཡང་ཕྱག་རྒྱ་དེ་ལ་བརྟེན་ནས་སྔར་ལྟར་སྒོམ་པ་སྤེལ་བར་བྱེད་དོ། །འདི་ནི་བརྩོན་འགྲུས་ཤིན་ཏུ་དྲག་ལ་སྤྲོས་པ་ལ་མི་དགའ་བས་ལྷན་སྐྱེས་སྒོམ་པ་ལ་ཤིན་ཏུ་དད་པ་ཆེ་བའི་སྒོ་


JLD007_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔར་ལྟར་སྤྱོད་པས། བྷུ་སུ་ཀུའི་སྤྱོད་པ་ཞེས་གསུངས་ཏེ། ཟ་ཉལ་འཆག་པའི་སྤྱོད་པ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་ཡི་གེ་དང་པོ་ལ་བྷུ་ཉྫ་ན་ཞེས་ཡི་གེ་བསྣན་པའི་ངེས་ཚིག་གིས་བཤད་ན་ཟས་ཟ་བ་དང༌། སུ་ཏན་ཞེས་སྦྱར་ཏེ། བཤད་ན་གཉིད་ལོག་པ་དང༌། ཀུ་ཊི་ས་ར་ཞེས་སྦྱར་ཏེ། བཤད་ན་གཤང་གཅིའི་ཕྱིར་འགྲོ་བའི་འཆག་པ་སྟེ། འདུ་ཤེས་དེ་གསུམ་ཙམ་མ་གཏོགས་པ་འདུ་འཛི་སྤངས་ཤིང་ལུས་དང་ཚོར་བ་དང་ཡུལ་དང་དབང་པོ་གང་ལ་ཡང་མི་སེམས་པར་གཉིད་དང་འོད་གསལ་བསྲེས་པ་ཉིད་སྐྱོང་བར་བྱེད་པའོ། །ཁ་ཅིག་བྷུ་ཀྟཱ་ཞེས་སྦྱར་ན་ཟ་བ་དང་ཞེས་འཆད་དོ། །དེ་འདྲ་བའི་རྫོགས་རིམ་པའི་སྤྱོད་པས་ནི་རང་གི་ངོ་བོ་བརྗེ་བའི་སྒྱུ་ལུས་དང༌། སློབ་པའི་ཟུང་འཇུག་གི་རྡོ་རྗེའི་སྐུ་དང༌། མི་སློབ་པའི་ཟུང་འཇུག་གི་རྡོ་རྗེའི་སྐུ། སྤྱོད་པ་གཞན་གཉིས་ལ་ལྟོས་པ་མེད་པར་མྱུར་དུ་འཐོབ་པར་བྱེད་པས། ལེའུ་དྲུག་པའི་འགྲེལ་པར་བྷུ་སུ་ཀུའི་སྤྱོད་པ་སྤྱོད་པ་རྣམས་ཀྱི་མཆོག་ཏུ་གསུངས་སོ། འདིར་སྤྱོད་བསྡུས་ལས། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྨྱོན་པའི་བརྟུལ་ཞུགས་ཀྱི་མདོ་ལས་གསུངས་པའི་རིམ་པས་ཀྱང་བཤད་པར་བྱའོ། ཞེས་མང་དུ་དྲངས་པ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ནས་འབྱུང་ངོ༌། །འདི་ལ་སྤྱོད་བསྡུས་འགྱུར་གསར་གཉིས་ལས་བཤད་པའི་རྒྱུད་ལས་གསུངས་པའི་ཚུལ་དང་རིམ་པས་སྨྱོན་པའི་བརྟུལ་ཞུགས་ཀྱིས་ཀྱང་ཤིན་ཏུ་སྤྲོས་མེད་ལ་སྤྱད་པར་


JLD007_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞེས་འབྱུང་ཡང༌། ལོ་ཆེན་གྱིས་སྨྱོན་པའི་བརྟུལ་ཞུགས་བཤད་པའི་མདོ་ཞེས་བསྒྱུར་བ་ལེགས་ཏེ། ལེའུ་དེར་བརྟུལ་ཞུགས་ཀྱི་སྤྱོད་པ་བསྟན་ལ། དེ་ཡང་སྨྱོན་པའི་བརྟུལ་ཞུགས་སུ་གསུངས་པས། བཤད་ཅེས་པ་ནི་སྨྱོན་པའི་བརྟུལ་ཞུགས་བཤད་ཅེས་པའི་དོན་ཡིན་གྱི་འདུས་པའི་བཤད་རྒྱུད་དུ་སྟོན་པ་མིན་པའི་ཕྱིར་རོ། །རྒྱུད་དེ་དང་འདུས་པ་གཉིས་ཀར་སྤྱོད་པ་བྱས་པས་ཟླ་བ་དྲུག་གིས་འགྲུབ་པར་གསུངས་པའི་བསྒྲུབ་བྱ་ནི་སངས་རྒྱས་ཀྱི་གོ་འཕང་ཡིན་པས། དེ་ནི་བསྐྱེད་རིམ་པའི་སྤྱོད་པ་མིན་ནོ། །སྤྱོད་བསྡུས་ལས། སྤྱོད་པ་གསུམ་ལ་ཟླ་ཕྱེད་དམ། ཟླ་བ་གཅིག་གམ་ཟླ་བ་དྲུག་ཏུ་བསླབས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་མ་གཟུགས་ཕྲ་བ་དང་རེག་པ་ཡང་བ་སོགས་བརྒྱད་དང༌། རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྨི་ལྟས་རྣམས་འབྱུང་བར་གསུངས་སོ། །ཟླ་བ་དྲུག་ཚུན་ཆད་དུ་སྔོན་ལ་མཚན་མ་དེ་དག་བྱུང་ནས་འགྲུབ་པའོ། །དེ་ལ་སྐུའི་དབང་ཕྱུག་ལ་སོགས་པའི་དབང་ཕྱུག་བརྒྱད་ནི་མཆོག་གི་དངོས་གྲུབ་ཡིན་ལ། ཆག་འགྱུར་ལས། གཟུགས་ཕྲ་བ་དང་རེག་པ་ཡང༌། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་འགྱུར། ཞེས་འབྱུང་བ་བརྒྱད་ནི། དབང་ཕྱུག་གི་ཡོན་ཏན་བརྒྱད་ཅེས་བྱའི། དབང་ཕྱུག་བརྒྱད་ནི་མིན་ནོ། །དེའི་དོན་སྔ་མ་རྣམས་ཀྱིས་བཤད་པ་ནི། དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་བཤད་


JLD007_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་མཐོང་བར་སྣང་བས། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དབང་ཕྱུག་གི་ཡོན་ཏན་བརྒྱད་བཤད་པ་དང་སྦྱར་བར་བྱའོ། །དེ་ལ་དབང་ཕྱུག་གིས་སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཕྲ་བ་དང༌། སྣོད་ཀྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཡང་བ་དང༌། དེ་གཉིས་ཀ་སྐྱེ་འཇིག་བྱེད་པ་བདག་པོར་གྱུར་པ་ཡིན་ལ། འདིར་ནི་རྣལ་འབྱོར་པས་དེ་རྣམས་སྤྲུལ་པ་དང་སྡུད་པར་བྱེད་ནུས་པའོ། །ཕྱི་མ་ནི་ཡང་དག་པར་འཐོབ་པས་བསྟན་ནོ། །ཡིད་ཀྱིས་གང་བསམས་པར་ཕྱིན་པ་ནི་གར་ཡང་ཁྱབ་པས་བསྟན་ནོ། །འབྱུང་པོ་ཀུན་གྱིས་མཆོད་པར་བྱ་བ་ནི་འོད་དང་གཟི་བརྗིད་ཀྱིས་གཞན་རྣམས་ཟིལ་གྱིས་གནོན་པའི་རབ་ཏུ་གསལ་བའང་སྣང་བས་བསྟན་ནོ། །སེམས་ཅན་རྣམས་ལ་ཚར་བཅད་དང་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའོ། །ཡོན་ཏན་ལ་འདོད་དགུར་དབང་བསྒྱུར་བ་ནི་འདོད་དགུར་ལྡན་པའོ། །གང་ཐོབ་པར་འདོད་པའི་དོན་དེ་ལྟར་ཐོབ་ནུས་པ་ནི་དགའ་མགུར་གནས་པ་སྟེ་དེ་ནི་བརྟན་པས་བསྟན་ནོ། །ཟླ་བ་དྲུག་ཚུན་གྱིས་མཆོག་འགྲུབ་པ་འདི་ནི་སློབ་པའི་ཟུང་འཇུག་ཐོབ་པ་ཡིན་ནོ། །སྔར་བཤད་པའི་སྐབས་བཞིར་སྤྱོད་པ་བྱེད་པས་ནི་རང་གི་འབྲས་བུ་མ་གྲུབ་བར་དུ་བྱེད་པས་དུས་ཀྱི་སྤྲོས་པ་ཡོད་མེད་ནི་དེ་ལ་མི་རྩིའོ། །རིམ་གཉིས་པས་དེ་ལྟར་སྤྱོད་པ་བྱས་ཀྱང་རང་རང་གི་སྐབས་ཀྱི་འབྲས་བུ་མྱུར་དུ་མ་གྲུབ་ན། རིམ་གཉིས་སོ་སོའི་སྙིང་པོ་བསྐུལ་ཚུལ་


JLD007_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ལེའུ་བཅུ་པའི་རྒྱུད་འགྲེལ་དང་ནཱ་རོ་པའི་རྒྱུད་ཕྱི་མའི་འགྲེལ་པ་ལས་ཤེས་པར་བྱའོ། །བཞི་པ་ལམ་བསྒོམས་པའི་མཐར་འབྲས་བུ་མངོན་དུ་བྱེད་ཚུལ་ནི། སྒྲོན་གསལ་ལས། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། ཞེས་གསུངས་པ་ལྟར་སངས་རྒྱས་ནི་རབ་བོ། །གྲུབ་པ་ཆེན་པོ་བརྒྱད་ནི་འབྲིང་ངོ༌། །ཞི་རྒྱས་དབང་དྲག་གི་འཕྲིན་ལས་ནི་ཐ་མའོ། །གྲུབ་པ་བརྒྱད་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སྔགས་དང་སྨན་དང་སྦྱིན་སྲེག་དང་ཕྱེ་མ་དང༌། མིག་སྨན་དང་རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་ཅེས་དྲུག་སྨོས་ནས་གཉིས་དངོས་སུ་མ་བསྟན་ནོ། །ལྷ་མོ་བཞིས་ཞུས་ལས། རྫས་བརྒྱད་ཡན་ལག་སྒྲུབ་པ་བཤད། །རི་ལུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །ནམ་མཁར་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། ཞེས་གསུངས་ལ། རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང༌། །རལ་གྲི་དང་ནི་ས་འོག་འགྲུབ། །རི་ལུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། ཞེས་གསུངས་སོ། །འབྲས་བུ་ཕྱི་མ་གཉིས་ནི་ཐུན་མོང་གི་དངོས་གྲུབ་ཡིན་པས་བསྡུ་ན་མཆོག་ཐུན་མོང་གཉིས་ཡིན་ཏེ། རྒྱུད་ཕྱི་མ་ལས། མི་སྣང་ལ་སོགས་དངོས་གྲུབ་ནི། །ཐ་མལ་པ་ཞེས་བཤད་པ་ཡིན། །སངས་རྒྱས་ཉིད་འགྲུབ་སངས་རྒྱས་ཀྱིས། །དངོས་གྲུབ་མཆོག་ཅེས་


JLD007_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན། ཞེས་སོ། །བསྐྱེད་རིམ་དང་དེའི་སྤྱོད་པ་ལ་བསླབས་པའི་མཐར་ཐུན་མོང་གི་དངོས་གྲུབ་འགྲུབ་ཚུལ་ནི། རྒྱུད་འགྲེལ་མཉན་པ་ལས་ཤེས་པར་བྱའོ། །རྫོགས་རིམ་གྱི་ལམ་དང་དེའི་སྤྱོད་པ་ལ་བསླབས་པའི་མཐར་མི་སློབ་པའི་ཟུང་འཇུག་འགྲུབ་ལུགས་ནི། སྔར་བཤད་པ་ལྟར་ཕྱི་ནང་གི་བྱང་ཆུབ་པ་གཉིས་ཀྱི་སྒོ་ནས་ཐོ་རངས་འོད་གསལ་མངོན་དུ་བྱས་པ་ན། ཆོས་ཀྱི་སྐུ་མཐར་ཐུག་པ་མངོན་དུ་གྱུར་པའི་ཚེ་སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ་མི་སློབ་པའི་ཟུང་འཇུག་གི་སྐུར་འགྱུར་ཞིང༌། འཁོར་བ་ཇི་སྲིད་བར་སྐུ་དེ་གཉིས་ལས་མི་གཡོ་བར་བཞུགས་སོ། །དེ་འདྲ་བའི་དག་པ་གཉིས་ལྡན་གྱི་ཡུལ་གྱི་འོད་གསལ་ནི། འདུས་མ་བྱས་པའི་ཆོས་ཀྱི་སྐུ་དང༌། ཡུལ་ཅན་གྱི་འོད་གསལ་ནི་ཡེ་ཤེས་ཆོས་ཀྱི་སྐུ་དང༌། བདེ་བ་ཆེན་པོའི་སྐུ་ཞེས་ཀྱང་བྱའོ། །དེའི་རྟེན་གཟུགས་ཀྱི་སྐུ་རླུང་སེམས་ཙམ་ལས་གྲུབ་པ་ནི་ལོངས་སྐུ་ཡིན་ལ། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པས་གཟུགས་སྐུ་དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་ལན་དུ་མར་གསུངས་པས། གཟུགས་སྐུ་སངས་རྒྱས་ཀྱི་སས་མ་བསྡུས་པར་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་དང༌། ཤེས་པ་ལས་ངོ་བོ་ཐ་དད་པའི་བེམས་པོར་འདོད་པ་དང༌། འབྲས་བུའི་སྐབས་སུ་ཡེ་ཤེས་མེད་པ་སོགས་འཕགས་པ་ཡབ་སྲས་ཀྱི་བཞེད་པར་སྨྲ་བ་ནི་ལེགས་པར་སྨྲས་པ་མིན་པར་ཤེས་པར་བྱའོ། །དེ་འདྲ་བའི་ཟུང་འཇུག་གི་སྐུ་དེས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་


JLD007_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲུལ་པ་དུ་མ་ཞིག་མཛད་ལ། སྤྲུལ་སྐུའི་ཟུང་འཇུག་ཅིག་ཀྱང་བྱས་ནས་ཟུང་འཇུག་གི་སྐུ་ལ་སྐུ་གཉིས་ཀྱི་རྣམ་གཞག་བྱས་ན་ལེགས་པར་གོའ། །སྔགས་ཀྱི་གཞུང་གཞན་ནས་ཡེ་ཤེས་ཀྱི་རྟེན་གྱི་གཟུགས་སྐུ་སྤྲུལ་སྐུ་དང༌། ཐུགས་ཆོས་སྐུ་དང༌། གསུང་ལོངས་སྐུར་བཤད་པ་ཡང་ཡོད་མོད་ཀྱང༌། ཡབ་སྲས་ཀྱི་བཞེད་པ་ནི་སྔར་ལྟར་རོ། །སྔར་བཤད་པ་ལྟར་ལམ་གཞན་གྱི་མཐར་སྔགས་ཀྱི་ལམ་ཁྱད་པར་ཅན་བསྣན་ནས། འོག་མིན་དུ་འཚང་རྒྱ་བ་ནི་བླ་མེད་ཀྱི་སངས་རྒྱས་སུ་བཞེད་མོད་ཀྱང༌། ཐོག་མ་ནས་བླ་མེད་ཀྱི་ལམ་དུ་ཞུགས་ནས་ཚེ་གཅིག་ལ་ཐོབ་པའི་སངས་རྒྱས་དེ་འདོད་པའི་རྟེན་ལ་འཚང་རྒྱ་བར་བཤད་པ་དང་མི་འགལ་ཏེ། བླ་མེད་ཀྱི་ལུགས་ཀྱིས་སངས་རྒྱས་སུ་འཇོག་པ་དང་བླ་མེད་ཀྱི་ལམ་ལ་ཐོག་མ་ནས་ཞུགས་ནས་སངས་རྒྱས་པ་གཉིས་དོན་མི་གཅིག་པའི་ཕྱིར་རོ། །སངས་རྒྱས་འདི་གཉིས་ཀྱི་ཆོས་གཟུགས་ཀྱི་སྐུ་འགྲུབ་ལུགས་ཀྱི་ཁྱད་པར་ཕྲ་བ་ནི་སྔར་བཤད་པ་ལས་ཤེས་པར་ནུས་སོ། །མིའི་རྟེན་གྱིས་སྒྱུ་མའི་སྐུ་ཐོབ་པའི་སྒྱུ་ལུས་ཀྱི་གང་ཟག་དེའི་རྟེན་ལ་འཚང་རྒྱ་བ་ནི་མིའི་རྟེན་ལ་འཚང་རྒྱ་བ་ཉིད་ཡིན་པ་རྟོགས་པར་སླ་ལ། མིའི་རྟེན་ཅན་གྱི་རྣལ་འབྱོར་པས་སྐུ་ཚེ་བཏང་བ་ན་བར་དོ་འོང་བའི་དོད་ལ་སྒྱུ་མའི་སྐུ་གྲུབ་ནས་རྟེན་དེ་ལ་འཚང་རྒྱ་བའི་རྟེན་ནི། འགྲོ་བ་དྲུག་ཏུ་མ་གཏོགས་ཀྱང་འགལ་བ་མེད་དེ། དཔེར་ན་བར་དོ་འགྲོ་བ་དྲུག་ཏུ་མ་གཏོགས་པར་བཤད་ཀྱང༌། ཕྱིར་མི་འོང་བར་དོར་འདའ་བས་རྟེན་དེ་ལ་


JLD007_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་འཐོབ་པ་བཞིན་ནོ། །དེ་འདྲ་བའི་ལམ་བསྒོམས་ནས་སངས་རྒྱས་པའི་ལོངས་སྐུ་ནི་ཡན་ལག་བདུན་ལྡན་དུ་བཞུགས་ལ། སྤྲུལ་སྐུ་ལ་ངེས་པ་མེད་དོ། །དེའི་ཕྱིར་ལོངས་སྐུ་ཁ་སྦྱོར་གྱི་ཡན་ལག་ནི་ལྷན་ཅིག་སྤྱོད་པ་ལ་སོགས་པའི་རིག་མའི་འཁོར་དུ་མ་དང་མཉམ་པར་སྦྱོར་བས་རོལ་པའི་བདེ་བ་ཆེན་པོ་བསྟེར་བར་མཛད་པར་གསུངས་པས། འབྲས་བུ་དེ་དང་མཐུན་པར་ལམ་དུས་སུ་ཡང་འདོད་ཡོན་ལ་རོལ་པའི་ཚུལ་གྱིས་བདེ་བ་ཆེན་པོ་ཀུན་ནས་རྒྱས་པར་མཛད་དོ། །འབྲས་བུའི་སྐབས་སུ་བརྒལ་ལན་གྱིས་གཏན་ལ་དབབ་དགོས་པ། གཞན་ཡང་མང་དུ་སྣང་མོད་ཀྱང༌། ཆེས་དཀའ་བའི་གནས་རྣམས་ནི་འདིར་བཤད་ལ། ཐེག་ཆེན་གཉིས་ཀྱི་ཐུན་མོང་གི་རྣམ་གཞག་གི་དཀའ་གནས་ནི་གཞན་ལས་ཤེས་པར་ནུས་པ་དང་མངས་པས་འཇིགས་ནས་མ་བྲིས་སོ། །དེ་ལྟར་གསུང་རབ་ཀུན་གྱི་མཐར་ཐུག །འཇིག་རྟེན་གསུམ་གྱི་རིན་པོ་ཆེ་གཅིག་པུ། དཔལ་གསང་བ་འདུས་པ་ཞེས་ཉི་ཟླ་ལྟར་གྲགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསུང་རབ་ཀྱི་ངེས་དོན་མཐར་ཐུག་པ་སྟོན་པར་ལུང་བསྟན་པའི་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དོན་མངོན་དུ་གྱུར་ནས་ཉིད་ཀྱིས་གཟིགས་པ་བཞིན་བཀྲལ་བ། དཔལ་རིམ་པ་ལྔ་པའི་གནད་ཀྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་བཤད་པ་འདི་ནི། གང་ལས་ཁྱད་པར་དུ་འཕགས་པའི་ལམ་དང༌། གྲུབ་པའི་མཐའ་འོག་མ་རྣམས་ལེགས་པར་མི་ཤེས་ན། དེ་ལས་


JLD007_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་འཕགས་པའི་ལམ་དང་གྲུབ་པའི་མཐའ་གོང་མའི་ཁྱད་པར་གྱི་ཆོས་ཐུན་མོང་མ་ཡིན་པ་ཕྲ་མོ་རྣམས་མི་ཤེས་ཤིང༌། ཁྱད་པར་དུ་ངེས་པའི་དོན་མཐར་ཐུག་པ་ཟབ་མོ་སྟོང་པ་ཉིད་དང༌། ངེས་དོན་གྱི་གསུང་རབ་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་རིགས་པའི་ལམ་ཤིན་ཏུ་ཕྲ་བ་རྣམས་ལ་ལེགས་པར་སྦྱངས་པའི་རྣམ་དཔྱོད་ཀྱིས་ཇི་ལྟ་བ་བཞིན་མ་རྙེད་ན། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་སྤྱིའི་གནད་མི་རྙེད་ཅིང༌། བྱེ་བྲག་ཏུ་གཉིས་སུ་མེད་པའི་རྒྱུད་གཉིས་ཀྱི་བརྗོད་བྱའི་སྙིང་པོ། བདེ་སྟོང་སྦྱར་ནས་ཉམས་སུ་ལེན་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལེགས་པར་ངོས་མི་ཟིན་པས་དེ་ལ་མོས་ཀྱང་དད་པ་ཙམ་དུ་ཟད་པར་མཐོང་ནས། རང་གཞན་གྱི་སྡེ་པ་དང༌། རང་སྡེ་ཐེག་པ་ཆེ་ཆུང་དང༌། སྔགས་དང་ཕར་ཕྱིན་གྱི་ཐེག་པ་གཉིས་དང༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི་གཞུང་རྣམས་ལ་ལེགས་པར་སྦྱངས་ཤིང༌། དེ་ཡང་སོ་སོའི་ལམ་གྱི་ལུས་རྫོགས་པའི་རིམ་པས་སློབ་མ་ཇི་ལྟར་བཀྲི་བའི་ཚུལ་རང་རང་གི་མན་ངག་གིས་བརྒྱན་པ། སྟོང་ཉིད་གཏན་ལ་འབེབས་པ་དང༌། ཕེབས་ནས་ཇི་ལྟར་སྒོམ་པའི་ཚུལ་དང༌། སྔར་བཤད་པའི་འདུས་པ་ལུགས་སོ་སོའི་འཆད་ཚུལ་དང༌། འཕགས་སྐོར་གྱི་རྒྱ་གཞུང་བོད་དུ་འགྱུར་ཚད་ཀུན་དང༌། དེའི་མན་ངག་རྣམས་ལ་ཡང་སྒྲུབ་པ་ལྷུར་ལེན་པའི་ཚུལ་གྱིས་རིང་དུ་འདྲིས་པར་བྱས་པའི་སྒོ་ནས། རྩ་བའི་རྒྱུད་དང་བཤད་པའི་རྒྱུད་རྣམས་ལེགས་པར་ཤན་སྦྱར་ཏེ། གསོལ་བ་རིང་དུ་བཏབ་པས་གཞུང་རྩོམ་པར་གནང་བའི་མཚན་མ་ཁྱད་པར་ཅན་


JLD007_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྙེད་ནས། འཕགས་སྐོར་གྱི་འདུས་པའི་ལུགས་ཤིན་ཏུ་ཉམས་འདུག་པ་ལེགས་པར་སོས་ནས་ཡུན་རིང་དུ་མི་ཉམས་པར་གནས་པར་གྱུར་ཅིག་སྙམ་པའི་བསམ་པ་དག་པས་བགྱིས་སོ། །སྐྱེ་དགུའི་བློ་མུན་སེལ་བའི་སྒྲོན་མེ་མཆོག །ལེགས་བཤད་རིན་ཆེན་ཀུན་གྱི་འབྱུང་གནས་གཅིག །ཟླ་མེད་སྟོན་པ་སྨྲ་བའི་གཙུག་གི་རྒྱན། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་དབང་གིས། །རྣལ་འབྱོར་བླ་མེད་རྒྱུད་སྡེ་བྱེ་བ་ཕྲག །གཉིས་ཀྱིས་ལྷག་པའི་དུང་ཕྱུར་ཕྲག་གཉིས་གསུངས། །དེས་ནི་ས་སྐྱོང་ཁྲོད་ན་འཁོར་བསྒྱུར་བཞིན། །རབ་འབྱམས་རྒྱུད་སྡེའི་འཁོར་གྱིས་ཡོངས་སུ་བསྐོར། །གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་ཞིང༌། །རྒྱལ་སྲས་སྟོང་གི་རེ་བ་ཀུན་ནས་སྐོང། །གསུང་རབ་ཀུན་གྱི་རྩེ་མོར་གང་སོན་པ། །དེ་ནི་རྒྱུད་རྒྱལ་དཔལ་ལྡན་འདུས་པའོ། །དེ་ཡི་ལམ་གྱིས་ས་ཡི་མཐར་སོན་པ། །གྲུབ་མཆོག་ཀླུ་སྒྲུབ་ཞབས་ཀྱིས་ལེགས་བཀྲལ་བའི། །དགོངས་པ་སྐོང་བྱེད་ལྷ་དང་ཀླུ་ཡི་བློ། །ཤཱཀྱ་མི་ཏྲ་ཟླ་བ་གྲགས་པ་ཡིས། །ལེགས་པར་བཤད་པའི་སྙིང་པོ་རིམ་ལྔ་ལ། །མ་རྟོགས་ལོག་རྟོག་མུན་པ་ཀུན་སེལ་བའི། །རིམ་ལྔའི་གནད་དོན་ཀུན་གསལ་སྒྲོན་མེ་མཆོག །ལེགས་བཤད་གསར་པའི་དགའ་སྟོན་འདི་བརྩམས་སོ། །གསུང་རབ་སྤྱི་དང་ཁྱད་པར་འཕགས་པའི་ལུགས། །ཆེས་ཆེར་ཉམས་ནས་རིང་ཞིག་ལོན་པས་ན། །རྒྱུད་དོན་དཔག་དཀའ་ཇི་བཞིན་ཕྱེད་པ་ཡི། །བསམ་གཏན་བདེ་ལ་རོལ་པ་ཆེས་དཀའ་མོད། །འོན་ཀྱང་རྣམ་དཀར་ལས་ཀྱི་བྱེད་པོས་རྣམ་དཔྱོད་


JLD007_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བགོ་བསྐལ་ལྷག་བྱིན་པས། །མཁས་པ་དུ་མའི་བློ་གྲོས་ཁྱོན་ཡངས་གང་གི་རྣམ་དཔྱོད་གྲྭ་གཅིག་ན། །དོག་པ་མེད་པར་ངལ་གསོ་བྱེད་པའི་རྣམ་དཔྱོད་ནོར་གྱིས་ཕྱུག་པ་ཡི། །དམ་པ་རྣམས་ལ་སྔོན་མེད་ལེགས་བཤད་དུས་མཐའ་འདིར་ཡང་མི་འབྱུང་མིན། །ཚུལ་འདིར་འབད་པས་རིང་དུ་འདྲིས་བྱས་ཏེ། །ཞིབ་ཏུ་ལེགས་པར་བརྟགས་ནས་རབ་སྦྱར་མོད། །བདག་བློ་དམན་ཞིང་རྒྱུད་དོན་དཔག་པར་དཀའ། །དེ་སླད་གང་ཞིག་བདག་གིས་ནོངས་པ་ལ། །བྱིས་པ་ཆུང་ངུས་སྨྲས་པའི་འཁྲུལ་པ་ལའང༌། །བརྩེ་བའི་ཕ་མས་མཚར་དུ་འཛིན་པ་བཞིན། །དེ་བཞིན་མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་དང༌། །དཔང་གྱུར་སྐྱེ་བོ་རྣམས་ཀྱིས་མཛད་དུ་གསོལ། །རང་གཞན་གྲུབ་མཐའ་མི་མཁས་ཕྱོགས་རེས་ཚིམ། །རིགས་ལམ་ཕྲ་མོར་ངལ་བ་མ་བསྟེན་ཅིང༌། །གཞུང་ལུགས་གདམས་པར་མ་ཤར་སྐྱེ་བོ་དེས། །རིང་ནས་ཉམས་པའི་ལམ་གྱི་གནད་འབྱེད་པ། །བྱིས་པ་འགའ་ཞིག་རྡོ་བའི་སྟེགས་བུ་ལ། །འཛེགས་ནས་ཉི་མ་འཛིན་ལ་འབད་པ་བཞིན། །དེ་ནི་བསམ་པ་བཟང་ཙམ་ཁོ་ནར་ཟད། །དེ་ཕྱིར་རྣམ་དཔྱོད་ཅན་རྣམས་འབད་པར་རིགས། །གང་གི་འཕྲིན་ལས་གཟེགས་མའི་ཆ་ཤས་ཙམ། །སྙིང་ལ་ཞུགས་པ་ཡིས་ཀྱང་རྙེད་དཀའ་བ། །ཤིན་ཏུ་སྦས་དོན་ལྷང་ངེར་གསལ་མཛད་པ། །རྗེ་བཙུན་མཁྱེན་པའི་གཏེར་དེས་བདག་སྐྱོངས་ཤིག །འདོད་ལྡན་སྙིང་ལ་སྨིན་ལེགས་གཟུགས་ཀྱིས་བཞིན། །གང་ཞིག་མཐོང་ཞིང་དེ་དོན་བསམས་པ་ན། །མཁས་པའི་ཡིད་ནི་རབ་ཏུ་འཕྲོག་བྱེད་པའི། །གཞུང་འདིར་འབད་ལས་བདག་གིས་དཀར་པོའི་ལས། །ཇི་སྙེད་བསགས་པ་དེ་ཡིས་འགྲོ་ཀུན་གྱིས། །ཤིན་ཏུ་དབྱེ་བར་དཀའ་བ་རྒྱུད་སྡེའི་གནད། །


JLD007_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་ལེགས་པར་རྟོགས་ནས་དེ་ཡི་དོན། །བསྒྲུབས་པས་རྡོ་རྗེ་འཛིན་པའི་སར་བགྲོད་ཤོག །ཇི་སྲིད་གླིང་གི་པདྨ་འདབ་བརྒྱད་ཀྱི། །ཟེའུ་འབྲུར་ལྷུན་པོ་གནས་པ་དེ་སྲིད་དུ། །ལེགས་བཤད་འདིས་ཀྱང་སྐལ་བཟང་འགྲོ་བ་ལ། །ལམ་གྱི་མཐར་ཐུག་རིང་དུ་གསལ་བྱེད་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ལམ་གྱི་མཐར་ཐུག་འདི་དང་མི་འབྲལ་ཞིང༌། །ལེགས་ཚོགས་ཀུན་གྱི་རྩ་བ་ཟླ་མེད་པ། །བཤེས་གཉེན་དམ་པ་རྟག་ཏུ་མཉེས་བྱེད་ཤོག །ཅེས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་སྙིང་པོ་ཟབ་མོ་རིམ་པ་ལྔའི་གནད་ཀྱི་དོན་ཐམས་ཅད་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི་ལམ་འདི་ལ་སྒྲུབ་པ་སྙིང་པོར་བྱེད་པའི་དགེ་བའི་བཤེས་གཉེན་དུ་མས། རིམ་པ་ལྔའི་ལམ་གྱི་གནད་རྣམས་རྒྱས་ལ་གསལ་བ་ཅིག་ཡི་གེར་འགོད་པར་ཞུ་ཞེས་ཡང་དང་ཡང་དུ་གསོལ་བ་བཏབ་པའི་དོན་དུ། རྗེ་བཙུན་དམ་པ་ཁྱུང་པོ་ལྷས་པ་དང༌། རྗེ་བཙུན་དམ་པ་ཀུ་མཱ་ར་མ་ཏི་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་འཛིན་པའི་གསང་འདུས་པ་རིན་ཆེན་དཔལ་ལོ། །མངྒ་ལཾ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆེས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousཤོག་ལྷེབ་ ༦༠༡ ནས་ ༦༨༡ བར།next