Nitartha Digital Library
Tibetan
 
previousདཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།next

དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།


JLD007_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ་བཞུགས། །


JLD007_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་རྡོ་རྗེ་སེམས་དཔའ་བསྙེན་སྒྲུབ་བཞིའི་སྦྱོར་བས་མཉེས་པར་བྱེད་པའི་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ་ཞེས་བྱ་བ།གང་གི་ཡིད་འཕྲོག་ཞབས་ཀྱི་པདྨ་ཟུང༌། །འབྲལ་མེད་དད་པས་གཙུག་ན་སྟེན་བྱེད་པ། །དེ་ཡི་བློ་གྲོས་ཡར་ངོའི་ཟླ་བཞིན་དུ། །རྒྱས་མཛད་འཇམ་དབྱངས་བླ་མ་དེ་ལ་འདུད། །འོད་གསལ་ལྷ་ཡི་ལམ་ལས་འཁྲུངས། །ཟུང་འཇུག་དབང་པོའི་གཞུ་ལྟ་བུ། །དཔལ་ལྡན་དང་པོའི་མགོན་དེ་ཡི། །མཛད་པས་ཁྱེད་རྣམས་སྐྱོང་གྱུར་ཅིག །གར་མཁན་མཆོག་དེས་འགྲོ་བ་འདུལ་བའི་ཕྱིར། །སྣ་ཚོགས་སྤྲུལ་པའི་ཉམས་ཀྱིས་གར་མཛད་པས། །ཉིད་སྐུའི་ཆ་ཤས་སུམ་ཅུ་རྩ་གཉིས་ཀྱི། །འཁོར་ལོ་མཆོག་ཏུ་སྤྲུལ་ལ་ཕྱག་འཚལ་


JLD007_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མི་བསྐྱོད་འཁོར་ལོའི་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་ཀུན་བཅད་ནས། །གང་སྣང་ལྷ་ཡི་འཁོར་ལོར་ནི། །འཆར་བའི་སྒྲུབ་པ་བདག་གིས་བཤད། །ཚུལ་འདི་མཁས་པའི་འཕྲེང་བས་གསལ་མཛད་མོད། །དེ་ལྟ་ནའང་འདིར་འབད་འགལ་ཅི་ཡོད། །མཛེས་ཤིང་ཡིད་འཕྲོག་ལང་ཚོའི་དཔལ་ཅན་ཀྱང༌། །རྒྱན་བཟང་བཏགས་པས་མཛེས་པ་མ་མཐོང་ངམ། །འདིར་དང་པོར་སངས་རྒྱས་ཀྱི་ཐེག་པའི་བསམ་པ་སྨོན་པ་དང་འཇུག་པའི་སེམས་སྦྱོང་བ་ལ་ལེགས་པར་བསླབས་ཏེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྲུང་བ་ལ་བརྩོན་པ། བླ་མ་ལས་ལྷའི་རྣལ་འབྱོར་སྒོམ་པའི་གནང་བ་ཐོབ་པའི་རྟེན་གྱི་གང་ཟག་


JLD007_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གིས། གནས་ཀྱི་དེ་ཉིད་མེ་ཏོག་དང་འབྲས་བུ་དང་ཆུ་ཡིད་དུ་འོང་བས་བརྒྱན་པའི་རི་བོའམ། སྐྱེ་བོའི་རྒྱུན་ལུགས་ཀྱིས་དབེན་པའི་ས་ཕྱོགས་གཞན་ཡང་རུང་སྟེ། ཡིད་དང་མཐུན་པའི་དགོན་པར་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས། སེམས་དཔའི་དཀྱིལ་མོ་ཀྲུང་གིས་འདུག་སྟེ། སྔོན་འགྲོའི་གཏོར་མ་བཏང་ནས་སྒྲུབ་པའི་བར་ཆད་ཞི་བའི་འཕྲིན་ལས་བཅོལ་ལོ། །དེ་ནས་བདག་གཉིས་སུ་འཛིན་པའི་བག་ཆགས་ཀྱིས་བསླད་པའི་དབང་གིས། འགྲོ་བ་གསུམ་པོ་མ་རིག་པའི་མུན་པས་རྨོངས་པར་བྱས་པ་རྣམས་ལ་བལྟས་ལ། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། རང་མི་བསྐྱོད་རྡོ་རྗེར་གསལ་བའི་ཐུགས་ཀར། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མི་བསྐྱོད་པའི་དཀྱིལ་འཁོར་སྤྱན་དྲངས་ལ། འོད་ཟེར་རང་གི་སྙིང་ཁར་བསྡུའོ། །སྙིང་ཁའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཿཧཱུཾ་གིས་མཆོད་ཡོན་དང༌། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་ཏྱཾ་གིས་ཞབས་བསིལ་དང༌། པུཥྤེས་མེ་ཏོག་དང༌། དྷུ་པེས་བདུག་སྤོས་དང༌། ཨཱ་ལོ་ཀེས་མར་མེ་དང༌། གན་དྷེས་དྲི་དང༌། ནཻ་ཝེ་ཏེས་ཞལ་ཟས་དང༌། ཤཔྟས་རོལ་མོ་དང༌། རཱུ་པས་གཟུགས་དང༌། ཤཔྟས་སྒྲ་དང༌། གན་དྷེས་དྲི་དང༌། ར་སས་རོ་དང༌། སྤརྴ་ཞེས་སྦྱར་བས་རེག་བྱ་མཆོག་གིས་མཆོད་དེ་ལྷ་མོ་རྣམས་ས་བོན་ལ་


JLD007_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ལ། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང༌། །རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གཏི་མུག་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང༌། །རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །སྡུད་དང་དགའ་དང་རྣམ་པ་དེ་བཞིན་མི་འགྱུར་དང། །རྒྱུ་དང་འབྲས་བུའི་རང་བཞིན་སེམས་སུ་རྗེས་ཐོགས་ཆོས། །རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། ཞེས་པས་ལྷ་སུམ་ཅུ་སོ་གཉིས་ལ་ཕྱག་བྱའོ། །དེ་ནས། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་བཞིན། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེར་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང༌། །སེམས་དཔའ་དམ་


JLD007_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་གྱུར་ཅིང༌། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་བཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུནགྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །བདེར་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས། །ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། ཞེས་འཁོར་གསུམ་རྨི་ལམ་བཞིན་དུ་བལྟས་ནས་སྡིག་པ་བཤགས་པ་དང༌། གང་ཟག་ལྔའི་དགེ་བ་ལ་ཡི་རང་ཞིང་དགེ་བ་བསྔོ་བ་དང༌། དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་སྐྱེད་པ་དང༌། ལམ་ལ་བརྟེན་པར་ཡི་དམ་འཆའ་བ་རྣམས་ཀྱི་དོན་ལེགས་པར་དྲན་པར་བྱས་ལ་བྱའོ། །རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་སྔར་བཟུང་བ་ཐམས་ཅད་ལ་དེ་ལས་འདའ་བར་མི་བྱ་བར་བརྟན་པོར་གཟུང་ངོ་སྙམ་དུ་བསམས་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །དུས་འདི་ནས་ནི་བཟུང་ནས་


JLD007_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང༌། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །


JLD007_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་བརྗོད་དེ་ཚོགས་ཞིང་རང་གནས་སུ་གཤེགས་སོ། །ཚོགས་ཞིང་སྤྱན་དྲང་པ་ནས་སྡོམ་གཟུང་བའི་བར་ནི་སྙིང་རྗེ་ཆེན་པོ་ལ་དམིགས་པའི་དེ་ཉིད་ཀྱིས་མཚོན་པའི་དོན་ལ་འགྲེལ་པ་རྣམས་ཀྱིས་མན་ངག་གིས་ཁ་བསྐང་བ་སྟེ། མཐུན་རྐྱེན་བསྟེན་པའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་བསྒོམས་ཏེ་ཐ་མལ་གྱི་སྣང་བ་ཐམས་ཅད་བསལ་ལ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུད་དྷོ྅ཧཾ། ཞེས་བརྗོད་དོ། །སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་སེར་པོ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་སྐོར་དུ་མགྱོགས་པར་འཁོར་བ། རྡོ་རྗེ་འབར་བའི་སྤྲིན་གྱི་ཕྲེང་བ་ཕྱོགས་བཅུར་འཕྲོ་བ། ལྟེ་བའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན། ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ཀྱི་རྩེ་མོ་དང་ལྟེ་བའི་ནང་གི་སྟེང་འོག་གི་རྩིབས་ལ་ཅུང་ཟད་མ་རེག་པར་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ་བསམ་མོ། །གདན་དབུས་མའི་སྟེང་དུ་རང་ཉིད་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་འཁོར་ལོ་པདྨ། གཡོན་གསུམ། དྲིལ་བུ། རིན་ཆེན། རལ་གྲི་འཛིན་པ།


JLD007_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༌། གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོའི་ཡི་གེ་གསུམ་གྱིས་མཚན་པར་བསྒོམ་མོ། །ཡབ་ཡུམ་སྙོམས་པར་ཞུགས་པའི་སྙིང་ཁའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་མི་བསྐྱོད་པ་ལ་ཁྲོ་བོ་བཅུས་བསྐོར་བ་སྤྱན་དྲངས་པ་ཁའམ་སྤྱི་བོ་ནས་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བའི་ཐིག་ལེ་བཅུ་གཅིག་ཧཱུཾ་རིང་པོ་བཅུ་གཅིག་ཏུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་དང་ཁྲོ་བོ་བཅུར་གྱུར་པའི་མི་བསྐྱོད་པ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་སྔར་བཤད་པ་ལྟ་བུ་འཛིན་པར་གྱུར་ནས་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཅེས་པས་ཐུགས་ཀ་ནས་ཕྱིར་ཕྱུང༌། ཕྱོགས་བཅུར་འཕྲོས་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་དུ་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས་ནས་མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་གཅིག་ཏུ་འདུས་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས་རང་ལ་རྗེས་སུ་ཞུགས་པས། སྔར་གྱི་ཟླ་བ་ཉི་གདན་དུ་གྱུར་པའི་སྟེང་ན་རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པའི་ཉམས་ཅན་མཆེ་བ་ཅུང་ཟད་གཙིགས་པ་རྩ་ཞལ་ནག་པོ་དྲག་པོ་དང༌། གཡས་ཞལ་དཀར་པོ་ཞི་བ་དང༌། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཕྱག་གཡས་ཀྱི་དང་


JLD007_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ན་རྡོ་རྗེ་རྩེ་དགུ་པ། ལྷག་མའི་ཕྱག་མཚན་དང་རྒྱན་ལ་སོགས་པ་སྔར་བཤད་པ་ལྟ་བུ། འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེག་བྱ་རྡོ་རྗེ་མ་སྔོན་མོ་ཞལ་གསུམ་ཕྱག་དྲུག་པར་གྱུར་པ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་བཞུགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསམ་སྟེ། བཀའི་འཁོར་ལོའི་གཙོ་བོ་སྐྱེད་པའི་དེ་ཉིད་དོ། །གཤིན་རྗེ་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། རྩ་ཞལ་ནག་གཡས་དཀར་གཡོན་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་དབྱུག་པ་འཁོར་ལོ་རྡོ་རྗེ། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང༌། དྲིལ་བུ་དགྲ་སྟ་འཛིན་པ། ཐུགས་ཀར་དྲངས། ཡ་མཱནྟ་ཀྲི་ཏ་ཀྱིས་ཕྱུང་སྟེ་ཤར་གྱི་རྩིབས་ཀྱི་རྩེ་མོའི་སྟེང་གི་རང་གི་གདན་ལ་གཡོན་བརྐྱང་གིས་འཁོད། དེ་བཞིན་དུ་སྦྱར་ལ། ཤེས་རབ་མཐར་བྱེད་དཀར་པོ་རིན་འབྱུང་གི་དབུ་རྒྱན་ཅན། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེ་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་རལ་གྲི་འཛིན་ཅིང༌། གཡོན་སྔ་མ་དང་འདྲ་བ་པྲཛྙཱན་ཏ་ཀྲི་ཏ་ཀྱིས་དབྱུང༌། རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པདྨ། རལ་གྲི། གཏུན་ཤིང༌། གཡོན་དྲིལ་བུ་བསྙེམས་པ་དང་བཅས་པས་དཀུར་བརྟེན་ཅིང་དགྲ་སྟ་ཞགས་པ་འཛིན་པ། པད་མཱན་ཏ་ཀྲི་ཏ་ཀྱིས་དབྱུང༌། བགེགས་མཐར་བྱེད་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་སྣ་ཚོགས་རྡོ་རྗེ། འཁོར་ལོ། གཏུན་ཤིང་འཛིན་ཞིང༌། གཡོན་གཤིན་རྗེ་


JLD007_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དང་འདྲ་བ་བིགྷྣན་ཏ་ཀྲི་ཏ་ཀྱིས་དབྱུང༌། མི་གཡོ་བ་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རལ་གྲི། རྡོ་རྗེ། འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ། དགྲ་སྟ་ཞགས་པ་འཛིན་པ། ཨ་ཙ་ལས་དབྱུང༌། འདོད་རྒྱལ་སྔོན་པོ་རིན་འབྱུང་གི་དབུ་རྒྱན་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་ཞིང༌། ལྷག་མ་གཡས་རྡོ་རྗེ། རལ་གྲི། གཡོན་ཞགས་པ། ལྕགས་ཀྱུ་འཛིན་པ་ཊཀྐི་རཱ་ཛས་དབྱུང༌། ཧཱུཾ་མཛད་ཀྱི་ཕྱག་རྒྱ་ནི། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དུ་བྱས་པའི་རྒྱབ་སྦྱར་ནས་མཐེའུ་ཆུང་གཉིས་སྦྲེལ་ཞིང་སྡིགས་མཛུབ་གཉིས་བརྐྱང་པའོ། །དབྱུག་སྔོན་ཅན་སྔོན་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ། རལ་གྲི། འཁོར་ལོ། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང༌། པདྨ། དགྲ་སྟ་འཛིན་པ་ནཱི་ལ་དཎྜས་དབྱུང༌། སྟོབས་པོ་ཆེ་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ། རྡོ་རྗེ། འཁོར་ལོ། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང༌། རྩེ་གསུམ། དགྲ་སྟ་འཛིན་པ་མ་ཧཱ་བཱ་ལས་དབྱུང༌། གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་གཙུག་ཏོར་གྱི་


JLD007_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་འཆིང་ཞིང༌། གཡས་ལྷག་མ་རྡོ་རྗེ། པདྨ། གཡོན་སྡིགས་མཛུབ། རལ་གྲི་འཛིན་པ་ཨུཥྞཱི་ཥ་ཙཀྲ་ཝརྟིས་དབྱུང༌། གཙུག་ཏོར་གྱི་ཕྱག་རྒྱ་ནི། ལག་པ་གཉིས་གན་རྐྱལ་དུ་མཉམ་པོར་བརྐྱང་པའི་སྲིན་ལག་གི་སེན་མོའི་སྟེང་དུ་མཐེ་བོའི་སེན་མོ་བཟུང་ནས་མཐེའུ་ཆུང་གཉིས་ཁབ་ལྟར་བྱ། གུང་མོ་གཉིས་རྩེ་སྤྲད་ལ་མཛུབ་མོ་དག་དབུས་སུ་རྭའི་རྣམ་པར་བྱ་བར་ཨ་བྷྱ་ཀ་རས་བཤད་དོ། །གནོད་མཛེས་རྒྱལ་པོ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེ། འཁོར་ལོ། རིན་པོ་ཆེ། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང༌། པདྨ། རལ་གྲི་འཛིན་པ་སུམ་བྷ་རཱ་ཛས་དབྱུང་ལ་རང་གི་གདན་ལ་དགོད། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་སྨིན་མ་དང་སྨ་ར་དམར་སེར་རབ་ཏུ་འབར་བ། ཞལ་རེ་རེ་ལ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། ཧ་ཧའི་གད་རྒྱངས་དྲག་པོ་སྒྲོགས་ཤིང༌། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་ཅན། གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་ལ་བརྒྱན་ཞིང་། པདྨ་དཀར་པོས་མགུལ་རྒྱན་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་ཤིང། སྟོབས་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་


JLD007_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུས་སྐ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་རྐང་གདུབ་བྱས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་བསམ་སྟེ། འཁོར་ཁྲོ་བོ་སྐྱེད་པའི་དེ་ཉིད་དོ། །དེ་ནས་འོག་གི་གནོད་མཛེས་ལ་བལྟས་པས་དེས་སྤྲུལ་པའི་གནོད་མཛེས་གཉིས་པ་འོངས་ནས་མདུན་དུ་འདུག་སྟེ་བདག་གིས་ཅི་ཞིག་བགྱི་ཞེས་བཀའ་ནོད་པ་ལ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྱཧྞ་གྱཧྞ་ཧཱུཾ། གྱཧྞ་པ་ཡ་གྱཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝན། བི་དྱ་རཱ་ཛ་ཧཱུཾ་ཕཊ། ཅེས་བརྗོད་དེ། གནོད་མཛེས་ལ་བོས་ནས་བགེགས་རྣམས་ཟུང་ལ་ཁུག་ཅིག་ཅེས་བཀའ་བསྒོས་པས། གནོད་མཛེས་ཀྱི་ཕྱག་གཡས་ཀྱི་དང་པོའི་རྡོ་རྗེ་དེ། རྡོ་རྗེ་ལྕགས་ཀྱུར་གྱུར་ནས། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་ནས་ལྕགས་ཀྱུས་བཀུག །མགྲིན་པ་ཞགས་པས་བཅིངས་ཏེ་བཀུག་ནས་ཁྲོ་བོ་བཅུ་ལ་གཏད་པས། ཕྱི་རོལ་དུ་ཧཱུཾ་རིང་པོ་ལས་གྲུབ་པའི་ཁྲོན་པཔ་འབྲུབ་ཁུང་གི་རྣམ་པ་ཅན་དུ་བཅུག་པར་བསམ་མོ། །སྟེང་འོག་གི་བགེགས་སྟེང་འོག་ཏུ་འཇུག་པ་མི་བདེན་རིམ་པ་བཞིན་ཤར་གྱི་ཤར་དང་ནུབ་ཀྱི་ནུབ་ཏུ་གཞུག་གོ །དེ་ནས་བྱང་གི་བདུད་རྩི་འཁྱིལ་བས་སྤྲུལ་པའི་བདུད་རྩི་འཁྱིལ་པ་གཉིས་པ་དེ། སྟོད་ཁྲོ་བོ་བདུད་རྩི་འཁྱིལ་བའི་རྣམ་པ་ཅན་ལ། ལྟེ་བ་མན་ཆད་མདུད་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བ་བཅུར་གྱུར་ཏེ། ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང༌། མེ་ནས་བརྩམས་ཏེ་མཚམས་


JLD007_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། སྟེང་འོག་གི་ཕྱོགས་སྐྱོང་འཁོར་དང་བཅས་པའི་མགོ་བོར་ཟུག་པར་བསམ་མོ། །དེ་ནས་རང་གིས་ཡིད་ཀྱིས་གནོད་མཛེས་ལ་ཕུར་བུ་སྐུལ་བའི་བཀའ་བསྒོས་པས་གནོད་མཛེས་ལངས་ནས། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾབཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སརྦ་བིགྷྣཾ་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་ཅིང༌། ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་ཐོ་བ་མེ་འབར་བར་འགྱུར་པས། ཤར་ནས་བརྩམས་ཏེ་རིམ་པ་བཞིན་ཕུར་བུའི་སྤྱི་བོ་ནས་བརྡུངས་པས། བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུར་བུ་བཏབ་པས། ལུས་ངག་ཡིད་གསུམ་གཡོ་འགུལ་མེད་པར་བསམས་ལ། སྤྲུལ་པའི་གནོད་མཛེས་འོག་གི་གནོད་མཛེས་ལ་བསྡུའོ། །འདིར་མདོ་བསྲེ་ལས། ༀ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་གནོད་མཛེས་ལ་བཀའ་བསྒོས་ཏེ་ཕུར་བུ་གདབ་བོ། ཞེས་སྔགས་འདི་རང་གིས་གནོད་མཛེས་ལ་བཀའ་བསྒོ་བའི་སྔགས་སུ་གསུངས་པ་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས། དེ་ནས་གནོད་མཛེས་རྒྱལ་པོ་ལངས་ནས་སྔགས་བརྗོད་ཅིང༌། རྡོ་རྗེ་ཐོ་བས་བརྡུང་བར་བསམ་པར་བྱའོ། ཞེས་སྔགས་འདི་གནོད་མཛེས་ཀྱིས་བརྗོད་ནས་ཕུར་བུ་ཐོ་བས་བརྡུང་བར་བསྒོམ་པར་བཤད་པ་གཉིས་འགལ་ལོ་སྙམ་ན། འདིར་བཀའ་བསྒོ་བའི་ཡུལ་ནི། སྒྲོན་གསལ་ལས། བཛྲ་ཀཱི་ལའི་དོན་རྡོ་རྗེ་ཕུར་བུ་ལ་བོས་ཏེ། བཛྲ་དྷ་ར་སོགས་ཀྱི་དོན་རྡོ་རྗེ་འཆང་གི་བཀའ་


JLD007_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག་ཅེས་བསྐུལ་ནས། གདུག་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕུར་བུས་ཐོབ་ཅེས་པའི་དོན་དུ་བཤད་པས་བཀའ་བསྒོས་ནི་རྡོ་རྗེ་ཕུར་བུའོ། །དེས་ན་མདོ་བསྲེའི་དོན་ནི་རང་གིས་ཡིད་ཀྱིས་གནོད་མཛེས་ལ་ཕུར་བུ་རྡུང་བར་བཀའ་བསྒོས་པ་ན། དེས་གྷ་གྷ་ཞེས་སོགས་ཀྱི་སྔགས་བརྗོད་ནས་ཕུར་བུ་འདེབས་པའོ། །རྡོ་རྗེ་ཕུར་བུ་ཡང་ལྷའི་རྣམ་པ་ཙམ་གྱི་དབྱིབས་ཅན་མ་ཡིན་གྱི་བདུད་རྩི་འཁྱིལ་པ་ཡིན་ནོ། །དེ་ནས་ཁྲོ་བོ་དང་ཕུར་བུ་ལས་རྡོ་རྗེའི་མེ་འོད་རབ་ཏུ་འབར་བ་ཕྱོགས་བཅུར་འཕྲོས་པས་འཁོར་གྱི་བགེགས་གདུག་པ་ཅན་རྣམས་ཚིག་པས་ཕན་ཚུན་འབྲོས་པར་བསམ་སྟེ། བགེགས་ལ་ཕུར་བུས་གདབ་པའི་དེ་ཉིད་དོ། །དེ་ནས་ཊཀྐི་ཧཱུཾ་ཛཿཞེས་ལན་བཞི་བརྗོད་པས་ཁྲོ་བོ་རྣམས་ཀྱི་ཕྱི་རུ་ལྕགས་ཀྱི་རྡོ་རྗེའི་ར་བ་དང༌། ཆུ་དང༌། མེ་དང༌། རླུང་གི་ར་བ་བཞི་བསམ། ཧཱུཾ་ལས་ལྕགས་ཀྱི་ར་བའི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ་དང༌། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེ་བླ་རེ་དང༌། འོག་གཞི་ཧཱུཾ་ལས་རྡོ་རྗེའི་ས་གཞི་དང༌། ཕྱིའི་ཕྱོགས་མཚམས་ཐམས་ཅད་དུ་མདའི་དྲ་བ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་འཕྲོ་བར་བསམ་མོ། །ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་ཁར་ཉི་མ་ལ་ཧཱུཾ་སྔོན་པོ་བསམས་ལ། གོ་ཆ་བྱ་ཞིང་ངག་ཏུ་ཡང་བཟླ་སྟེ། ར་བ་ལ་སོགས་པས་བསྲུང་བའི་དེ་ཉིད་དོ། །དེ་ལྟར་སྒྲུབ་ཐབས་དངོས་གཞིའི་སྔོན་དུ་འགྲོ་བའི་ཡན་ལག་གཉིས་བསྟན་


JLD007_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དངོས་གཞི་རྟེན་དང་བརྟེན་པའི་རྣལ་འབྱོར་གཉིས་ཀྱི་རྟེན་གྱི་རྣལ་འབྱོར་གང་དུ་འཚང་རྒྱ་བའི་གནས་སྒྲུབ་པ་ནི། སྣོད་ཀྱི་སྲིད་པ་འཇིག་པ་དང་ཆགས་པ་དང་རྗེས་སུ་མཐུན་པར་བསྒོམ་པར་བྱ་སྟེ། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། ཞེས་བརྗོད་ལ་སྣོད་བཅུད་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པས། སྒོམ་པ་དང་བསྒོམ་པར་བྱ་བ་དང་སྒོམ་པ་པོ་གསུམ་མི་དམིགས་པའི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རང་བཞིན་དུ་བསམས་ལ། བསྲུང་འཁོར་དང་སྣོད་བཅུད་ཐམས་ཅད་འོད་གསལ་དུ་གཞུག་པར་བྱའོ། །འདི་ནི་ཡེ་ཤེས་ཀྱི་ས་སྟོང་ཉིད་སྒོམ་པའི་དེ་ཉིད་དེ། དོན་དམ་པའི་བསྲུང་བ་ཡང་ཡིན་ནོ། །སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེ་ས་གཞི་ར་བ་གུར་བླ་རེ་མེ་རི་དང་བཅས་པ་རྫོགས་པའི་དབུས་སུ། ཆོས་འབྱུང་དཀར་པོ་ཟུར་གསུམ་པ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང༌། རྩེ་མོ་ཕྲ་བ་ཐུར་དུ་ཟུག་པའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ཡཾ་ཧཱུཾ་གི་ཡཾ་སྔོ་སྐྱ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། ཧཱུཾ་རཾ་ཧཱུཾ་གི་རཾ་དམར་པོ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། ཧཱུཾ་བཾ་ཧཱུཾ་གི་བཾ་དཀར་པོ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་


JLD007_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། ཧཱུཾ་ལཾ་ཧཱུཾ་གི་ལཾ་སེར་པོ་ལས་བྱུང་བའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ་བསྐྱེད་ལ་སྤྱན་སོགས་བཞིའི་ངོ་བོར་བསམ་མོ། །དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པ་ལས་སྣ་ཚོགས་རྡོ་རྗེར་གྱུར་པར་བསམ་སྟེ། རྡོ་རྗེ་སའི་ཆ་བསྐྱེད་པའི་དེ་ཉིད་དོ། །སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ། བྷྲུཾ་དཀར་པོ་སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་བསམས་ལ། རིམ་གྱིས་གསལ་གདབ་པ་ནི། གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན། རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ། ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་པ་དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ། བཞུགས་སྟབས་དང་ཁ་དོག་སྣ་


JLD007_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང༌། རྩིག་པའི་ཕྱི་ནང་གི་ཟུར་བཞིར། ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། སྒོ་བཞི་སོ་སོའི་མདུན་དུ་སྟེབས་བུ་གྲུ་བཞིའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་གསེར་དང་ཤར་བུ་རིན་པོ་ཆེ་རྟ་རྨིག །མུན་སྣམ་བ་རཎྜ་མུན་པ་ཤར་བུ་རིན་པོ་ཆེ་རྨིག་པ་མདའ་ཡབ་སྟེ་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་ལ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༌། བར་བར་དུ་གྲུབ་པ་ཐོབ་པ་དང༌། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པའོ། །གཞལ་ཡས་ཁང་གི་ནང་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཕྱི་ངོས་སུ། འོད་ཟེར་རྣམ་པ་ལྔའི་ཕྲེང་བས་བསྐོར་བའི་ནང་དུ། རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པའི་ཀ་བ་གཉིས་གཉིས་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། རིམ་པ་གཉིས་པའི་གྲྭའི་གཡས་གཡོན་གཉིས་སུ་བདུད་རྩིས་བཀང་བའི་རིན་པོ་ཆེའི་བུམ་པ་གཉིས་གཉིས་ཏེ་བུམ་པ་བརྒྱད་ཀྱིས་མཛེས་པ། ལྷ་དང་མི་ལས་ཡོན་ཏན་ཁྱད་པར་དུ་འཕགས་པའི་ཁང་བཟང་དམ་པ།


JLD007_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ལྟས་ནང་གསལ་བ་ནང་ལྟས་ཕྱི་གསལ་བའི་ནང་གི་སྟེང་དང༌། འོག་གི་ས་གཞི་ཐམས་ཅད་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བར་གྱུར་པའི་ནང་དུ། སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག །གཙོ་བོ་དང་ཁྲོ་བོ་བཅུ་ལ་ཉི་མ། རྣམ་སྣང་སོགས་ཤར་ཕྱོགས་པ་རྣམས་ལ་ཟླ་བ། མཱ་མ་ཀི་ལ་རྡོ་རྗེ། དེ་མ་གཏོགས་པའི་ལྷོ་ཕྱོགས་པ་རྣམས་པ་རིན་པོ་ཆེ། ནུབ་ཕྱོགས་པ་རྣམས་ལ་པདྨ་དམར་པོ། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན་བསམ་སྟེ། རྟེན་གྱི་དཀྱིལ་འཁོར་སྐྱེད་པའི་དེ་ཉིད་དོ། །གང་དུ་འཚང་རྒྱ་བའི་གནས་དེར། ཇི་ལྟར་འཚང་རྒྱ་བའི་རིམ་པ་མཛད་པ་དང་བཅས་པ་སྒོམ་པ་བརྟེན་པའི་རྣལ་འབྱོར་ནི། སྣོད་ཆགས་པའི་འོག་ཏུ་བསྐལ་པ་དང་པོའི་མི་འཆགས་པ་དང་ཆོས་མཐུན་པར་བསྒོམ་སྟེ། སྐད་ཅིག་གིས་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་དུས་གཅིག་ཏུ་བསྐྱེད་ལ། རིམ་གྱིས་གསལ་གདབ་པ་ནི། དབུས་ཀྱི་གདན་ལ་རང་ཉིད་རྡོ་རྗེ་འཆང་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་ཕྱག་མཚན་སྔར་བཤད་པའི་རྡོ་རྗེ་འཆང་དང་འདྲ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང༌། སྙན་གོང་ཨུཏྤ་ལའི་གདེངས་ཀ་དང་དར་དཔྱངས་ཀྱིས་མཛེས་པར་བྱས་པ། རིན་པོ་ཆེའི་མགུལ་རྒྱན། མུ་ཏིག་གི་སེ་མོ་དོ། རིན་པོ་ཆེའི་དོ་ཤལ། ཕྱག་གདུབ་དང་ཞབས་གདུབ། རིན་པོ་ཆེའི་འོག་པག་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱི་


JLD007_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཤལ་བྱས་ཤིང༌། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བ། མཚན་བཟང་པོ་སོ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་ཅིང༌། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་མོ། །ཁྲོ་བོ་བཅུ་མ་གཏོགས་པ་ལྷ་ཕོ་རྣམས་དབུ་སྐྲ་སྔར་བཤད་པ་དང་འདྲ་ལ། ལྷ་མོ་དགུ་རལ་པ་ཕྱེད་བཅིངས་སུ་སྔ་མ་རྣམས་བཞེད་དོ། །ལྷ་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱན་རྣམས་འདྲ་ཞིང༌། ལྷ་ཉེར་གཉིས་ཀྱི་ན་བཟའ་ཡང་སྔར་བཞིན་ནོ། །ཤར་དུ་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོར་རིན་འབྱུང་སེར་པོ་སེར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ནོར་བུ་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་སེར་རལ་གྲི་འཛིན་པ། ནུབ་དུ་འོད་དཔག་མེད་དམར་མོ་དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡོན་དང་པོས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་ཅིང༌། གཡས་དང་པོ་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པ། ལྷག་མ་གཡས་རྡོ་རྗེ་འཁོར་ལོ། གཡོན་རིན་པོ་ཆེ་རལ་གྲི་འཛིན་པ། བྱང་དུ་དོན་གྲུབ་ལྗང་གུ །ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་ལྗང་ནོར་བུ་འཛིན་པ། དེ་བཞི་ཀ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །ཤར་ལྷོར་སྤྱན་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན།


JLD007_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཕྱག་དང་ཕྱག་མཚན་རྣམ་སྣང་དང་འདྲ་བ་ལ་ཁྱད་པར་དུ་གཡས་ཐ་མས་ཨུཏྤ་ལ་དཀར་པོ་འཛིན་པའོ། །ལྷོ་ནུབ་ཏུ་མཱ་མ་ཀི་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་མི་བསྐྱོད་པ་དང་འདྲ་བ་ལ། ཁྱད་པར་དུ་གཡས་ཐ་མས་ཨུཏྤ་ལ་སྔོ་དམར་འཛིན་པའོ། །རྩ་རྒྱུད་ལེའུ་བཞི་པ་ལས་ཨུཏྤ་ལ་མཐིང་ཁར་བཤད་པ་བཞིན་སྒྲོན་གསལ་ལས་ཀྱང་སྔོན་པོར་བཤད། ལེའུ་བཅུ་གསུམ་པ་ལས་སྔོ་དམར་དུ་བཤད་པའི་འགྲེལ་པ་ལས་རྩ་དམར་བ་ཞེས་བཤད་ལ། ཁ་ཅིག་སྔོ་ལ་དམར་བའི་མདངས་ཡོད་པ་དང༌། ཁ་ཅིག་རྩ་བ་དམར་བ་ལ་འཆད་དོ། །ནུབ་བྱང་དུ་གོས་དཀར་མོ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་འོད་དཔག་མེད་འདྲ་བ་ལ། ཁྱད་པར་དུ་པདྨ་དམར་པོའི་གནས་སུ་ཨུཏྤ་ལ་དམར་པོ་སྡོང་བུ་བཅས་ཏེ་འཛིན་པའོ། །བྱང་ཤར་དུ་སྒྲོལ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་རྡོ་རྗེས་མཚན་པའི་ཨུཏྤ་ལ། གཡོན་དྲིལ་བུ་རིན་ཆེན་རལ་དྲི་འཛིན་པའོ། །རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་སྤྱན་མ་དང་འདྲ་བ་ལ། ཁྱད་པར་དུ་རྩ་ཕྱག་གཉིས་ཀྱིས་མེ་ལོང་དམར་པོ་འཛིན་པ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ་རིན་འབྱུང་གི་དབུ་རྒྱན་ཅན། སེར་ནག་དཀར་བའི་ཞལ་གསུམ། ཕྱག་དང་ཕྱག་མཚན་མཱ་མ་ཀཱི་དང་འདྲ་བ་ལ། ཁྱད་པར་དུ་རྩ་ཕྱག་གཉིས་ཀྱིས་པི་ཝང་སྔོན་པོ་སྒྲེང་བ། ནུབ་བྱང་དུ་དྲི་རྡོ་རྗེ་མ་


JLD007_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་གོས་དཀར་མོ་དང་འདྲ་བ་ལ། ཁྱད་པར་དུ་རྩ་ཕྱག་གཉིས་ཀྱིས་དྲིའི་དུང་ཆོས་འཛིན་པ། བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་སྒྲོལ་མ་དང་འདྲ་བ་ལ། ཁྱད་པར་དུ་རྩ་ཕྱག་གཉིས་ཀྱིས་རོའི་སྣོད་འཛིན་པའོ། །ལྷ་མོ་དགུ་པོ་ཐམས་ཅད་ཤིན་ཏུ་སྒེག་ཅིང༌། བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་བ། རེག་བྱ་རྡོ་རྗེ་མ་ནི་ཤམ་ཐབས་འཕྱར་བའོ། །ཤར་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན་བྱམས་པ་དང་ས་སྙིང་དཀར་པོ་རྣམ་སྣང་གི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་རྣམ་སྣང་དང་འདྲ་བ་ལ་ཁྱད་པར་དུ་བྱམས་པའི་ཕྱག་དང་པོས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ་འཛིན་པ། ལྷོ་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན། ཕྱག་རྡོར་དང་ནམ་སྙིང་སེར་པོ་རིན་འབྱུང་གི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་རིན་འབྱུང་དང་འདྲ་བའོ། །ནུབ་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན། འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་འོད་དཔག་མེད་དང་འདྲ་བའོ། །བྱང་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན། སྒྲིབ་སེལ་དང་ཀུན་བཟང་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཞལ་ཕྱག་དང་ཕྱག་མཚན་དོན་གྲུབ་དང་འདྲ་བའོ། །རྣམ་སྣང་ནས་ཀུན་བཟང་གི་བར་གྱི་ལྷ་ཐམས་ཅད་ཞི་བ། འོད་ཀྱི་དཀྱིལ་འཁོར་


JLD007_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པར་བསམས། ཤར་སྒོར་གཤིན་རྗེ་གཤེད། ལྷོ་སྒོར་ཤེས་རབ་མཐར་བྱེད། ནུབ་སྒོར་རྟ་མགྲིན། བྱང་སྒོར་བགེགས་མཐར་བྱེད། ཤར་ལྷོར་མི་གཡོ་བ། ལྷོ་ནུབ་ཏུ་འདོད་རྒྱལ། ནུབ་བྱང་དུ་དབྱུག་སྔོན་ཅན། བྱང་ཤར་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་གཏོར་འཁོར་ལོས་བསྒྱུར་རྒྱལ། འོག་ཏུ་གནོད་མཛེས་རྒྱལ་པོ་རྣམས་ཀྱང་སྔར་བཤད་པ་བཞིན་དུ་བསམ་མོ། །དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཐོགས་པ་མེད་པར་འཇུག་པའི་རྡོ་རྗེ་སེམས་དཔའི་འཇུག་པས་ཞུགས་པ་ལ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་སྟེ། རྡོ་རྗེ་སེམས་དཔར་གྱུར་ནས་རང་རང་གི་ཞིང་དུ་གཤེགས་པར་བསམ་སྟེ། ལྷག་མོས་ཀྱི་ལྷའི་འཁོར་ལོ་དགོད་པའི་དེ་ཉིད་དོ། །དེ་ནས་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རྣམ་སྣང་ནས་གནོད་མཛེས་ཀྱི་བར་རྣམས་སྤྱན་དྲངས་ཏེ་འོག་ནས་འཆད་པའི་སྤྱི་བོ་ལ་སོགས་པའི་གནས་སུ་དགོད་ལ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་མོས་པའི་ཁ་སྦྱར་གྱི་སྦྱོར་བ་བྱས་ནས། རང་གི་ལུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ལུས་ཀྱི་དཀྱིལ་འཁོར་དུ་མོས་པར་བྱ་སྟེ། ལྷག་མོས་ཀྱི་དཀྱིལ་འཁོར་


JLD007_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་བསྡུ་བའི་དེ་ཉིད་དོ། །དེ་ཉིད་བཅུ་གཅིག་པོ་དེ་རྣམས་ནི། རྣལ་འབྱོར་དངོས་གཞིའི་སྔོན་དུ་འགྲོ་བའི་དེ་ཉིད་དོ། །དེ་ནས་ལུས་དཀྱིལ་གྱི་ལྷ་རྣམ་སྣང༌། སྤྱན་མ། སའི་སྙིང་པོ། གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེ་གཤེད་མི་གཡོ་བ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་རིན་འབྱུང་མཱ་མ་ཀཱི། ཕྱག་རྡོར་སྒྲ་རྡོ་རྗེ་མ། གཞན་གྱི་མི་ཐུབ་པ་འདོད་པའི་རྒྱལ་པོ་རྣམས་འོད་གསལ་དུ་ཐིམ། དེ་ནས་འོད་དཔག་མེད་གོས་དཀར་མོ། ནམ་མཁའི་སྙིང་པོ་དྲི་རྡོ་རྗེ་མ། རྟ་མགྲིན་དབྱུག་སྔོན་ཅན་རྣམས་འོད་གསལ་དུ་ཐིམ། དེ་ནས་དོན་གྲུབ་སྒྲོལ་མ། འཇིག་རྟེན་དབང་ཕྱུག་རོ་རྡོ་རྗེ་མ། སྒྲིབ་སེལ་རེག་བྱ་རྡོ་རྗེ་མ། ཀུན་བཟང་བགེགས་མཐར་བྱེད་སྟོབས་པོ་ཆེ་རྣམས་འོད་གསལ་དུ་ཐིམ། དེ་ནས་གཙུག་ཏོར་འཁོར་ལོས་བསྒྱུར་བ་གནོད་མཛེས་འཇམ་དཔལ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་ཞིང༌། གཙོ་བོ་ཡང་འོད་གསལ་དུ་ཐིམ་པར་བསྒོམས་ལ།ༀ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཱཏཏྨ་ཀོ་྅ཧཾ། ཞེས་བརྗོད་དེ་རིགས་ལྔའི་ངོ་བོའི་ཕུང་སོགས་རྣམས་འོད་གསལ་དུ་ཞུགས་པ་དེ་ངའོ་སྙམ་པའི་ང་རྒྱལ་བྱའོ། །འདི་ནི་བསྐལ་པ་དང་པོའི་མི་རིམ་གྱིས་ཐ་མལ་པར་གྱུར་ཏེ། ཕུང་སོགས་རིམ་གྱིས་ཐིམ་ནས། འཆི་བའི་འོད་གསལ་མངོན་དུ་བྱས་པ་དང་རྗེས་སུ་མཐུན་པར་སྒོམ་པས་འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་ཏེ། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་དེ་ཉིད་དང༌། དེ་བཞིན་ཉིད་ལས་བྱང་ཆུབ་པ་ཞེས་ཀྱང་བྱའོ། །འདི་ནས་བཟུང་སྟེ་ཡེ་ཤེས་ཀྱིས་སྒོམ་པའི་བར་ནི་བསྙེན་པའི་ཡན་


JLD007_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གོ །དེ་ནས་གདན་དབུས་མའི་སྟེང་དུ། ཧཱུཾ་ལས་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ༀ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་ན། ༀ་ཨཱ་ཧཱུཾ་གི་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་བསམ་སྟེ། ཉི་མ་ལ་སོགས་པ་ལ་དམིགས་པ་ལྡང་བའི་དེ་ཉིད་དོ། །དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་ཆ་ཐམས་ཅད་ཡོངས་སུ་རྫོགས་པ་གཅིག་ཏུ་གྱུར་པར་བསམ་པ་ནི། མཐར་ཟླ་བ་ལ་དམིགས་པའི་དེ་ཉིད་དོ། །དེ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་བསྡུས་ཏེ་ཟླ་བ་ལ་གཞུག་ལ། ༀ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་རླུང་སེམས་ཙམ་ཟླ་བར་སྣང་བ་དེ་ངའོ་སྙམ་དུ་ང་རྒྱལ་བརྟན་པར་བྱ་བ་ནི། ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པའི་དེ་ཉིད་དོ། །ལྡང་བ་ནས་འདིའི་བར་ནི། ཟླ་བ་ལས་བྱང་ཆུབ་པ་སྟེ། བྱང་ཆུབ་པ་གཉིས་ཀྱི་བདག་ཉིད་དེ་ཉིད་བཞི་ནི་རྣལ་འབྱོར་གྱི་དངོས་གཞིའོ། །ཟླ་བའི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ། ཟླ་བ་ལས་བྱུང་བའི་ༀ་དཀར་པོ་ཨཱ་དམར་པོ་ཧཱུཾ་སྔོན་པོ་སྒོམ་པ་ནི། ས་བོན་ལས་བྱང་ཆུབ་པའི་དེ་ཉིད་དོ། །དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ནས་རིགས་ལྔ་འཁོར་དང་བཅས་པ་དཔག་ཏུ་མེད་པ་སྤྱན་དྲངས་དེ་ལ་ཐིམ་སྟེ། ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ༀ་ཨཱ་ཧཱུཾ་གིས་མཚན་པ་བསམས་ལ། བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ལ་རྡོ་རྗེའི་ང་རྒྱལ་བྱ་སྟེ། ཕྱག་མཚན་


JLD007_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཆུབ་པའི་དེ་ཉིད་དོ། །རྡོ་རྗེ་ཡི་གེ་དང་བཅས་པ་ཡོངས་སུ་གྱུར་པ་ལས། སྔར་བཤད་པ་ལྟ་བུའི་དང་པོའི་མགོན་པོ་ཡུམ་མེད་པ་བསྐྱེད་དེ། སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་དོ། །བྱང་ཆུབ་པ་དེ་གསུམ་ནི་རྗེས་སུ་རྣལ་འབྱོར་རོ། །འདི་ནི་འཆི་བའི་འོད་གསལ་ལས། ཡིད་ཀྱི་ལུས་ཅན་གྱི་བར་དོ་གྲུབ་པ་དང་རྗེས་སུ་མཐུན་པར་བསྒོམས་པས། བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་རོ། །དེ་ནས་རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ཡབ་ཡུམ་སེམས་ཅན་འདུལ་བའི་ཕྱིར་དུ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་གྲུབ་པའི་མི་བསྐྱོད་པས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས་དེས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པས། ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར། མི་བསྐྱོད་པ་ཐམས་ཅད་ཀྱང་གཞལ་ཡས་ཁང་གི་ནང་དུ་གཅིག་ཏུ་འདྲེས་པ་ལ། རང་ཉིད་རྗེས་སུ་ཞུགས་པས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་སྔོན་པོ། ཞལ་ཕྱག་དང་ཕྱག་མཚན་སྔར་བཤད་པ་ལྟ་བུར་བསྒོམས་པ་ནི་སྤྲུལ་སྐུར་བསྒྱུར་བའི་དེ་ཉིད་དོ། །དེ་ནས་ལུས་དཀྱིལ་སྒོམ་པ་ལ། ཐོག་མར་ལུས་རྟེན་གྱི་དཀྱིལ་འཁོར་དུ་གསལ་གདབ་པ་ནི། ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་དཀྱིལ་འཁོར་གྱི་ཟུར་བཞི། ཁ་དང་སྣ་དང་བཤང་གཅིའི་ལམ་གྱི་བུག་པ་བཞི་སྒོ་བཞི། རྣམ་རྟོག་གི་བཞོན་པ་ཡེ་ཤེས་ལྔ་དག་པའི་རླུང་ཁ་དོག་ལྔ་པ་ནི་རྩིག་པ་རིམ་པ་ལྔ། ལྕེའི་རྣམ་ཤེས་ནི་རིན་པོ་ཆེའི་ཕ་གུ །རྒྱུ་མ་དྲ་བ་དང་རྒྱུས་པ་དྲ་ཕྱེད། བྱང་སེམས་དཀར་པོའི་ཆ་ཟླ་ཕྱེད་དང༌། མིག་གི་རྣམ་ཤེས་མེ་ལོང་


JLD007_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྣའི་རྣམ་ཤེས་མེ་ཏོག་གི་ཕྲེང་བ་དང༌། ལྕེའི་དབང་པོ་དྲིལ་བུ་དང༌། ལུས་ཀྱི་དབང་པོའི་ཚོགས་རྔ་ཡབ་ཏུ་གྱུར་པ་རྣམས་ནི་དྲ་བ་དང་དྲ་ཕྱེད་ཀྱི་རྒྱན་ནོ། །རྣ་བ་དང་ལུས་ཀྱི་རྣམ་ཤེས་ནི་མདའ་ཡབ་ལ་གནས་པའི་བ་དན་དང་དར་འཕན། རྗེ་ངར་བརླ་དཔུང་ལག་ངར་གྱི་རྐང་བརྒྱད་ནི་ཀ་བ་བརྒྱད། ལྟོ་བ་ནི་དཀྱིལ་འཁོར་གྱི་ནང་གི་བུམ་པ། རྣ་བའི་དབང་པོ་ནི་མཚམས་རྣམས་ཀྱི་ཟླ་ཕྱེད་རྡོ་རྗེ། ཕུང་པོ་ལྔ་རྣམ་པར་དག་པ་ནི་དཀྱིལ་འཁོར་གྱི་ཁ་དོག་ལྔ། གསང་གནས་དང་ལྟེ་བ་དང་སྙིང་ཁ་དང་གདོང་གི་སྣ་རྩེ་བཞི་ནི་རྟ་བབས་བཞི། མིག་གི་དབང་པོ་ནི་དེའི་སྟེང་གི་འཁོར་ལོ། ཡིད་ཀྱི་རྣམ་ཤེས་ནི་རི་དྭགས། སྣའི་དབང་པོ་ནི་རྟ་བབས་ཀྱི་བ་དན། ཡིད་ཀྱི་དབང་པོ་ནི་དབུས་ཀྱི་པདྨ་སྟེ། དེ་ལྟར་ལུས་ཀྱི་ཆ་རྣམས་གཞལ་ཡས་ཁང་དུ་བསྒོམ་སྟེ། ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པའི་དེ་ཉིད་དོ། །དེ་ནས་ལུས་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པ་ནི། སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་གཟུགས་ཕུང་གི་ངོ་བོ་ༀ་དཀར་པོ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད། དེ་བཞིན་དུ་སྦྱར་ཏེ། སྐྲ་མཚམས་ནས་མགྲིན་པའི་བར་དུ་འདུ་ཤེས་ཀྱི་ངོ་བོ་ཨཱཿདམར་པོ་ལས་འོད་དཔག་མེད། མགྲིན་པ་ནས་ནུ་མ་གཉིས་ཀྱི་བར་གྱི་སྙིང་ཁའི་བར་དུ་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་སྔོན་པོ་ལས་མི་བསྐྱོད་པ། སྙིང་ཁ་ནས་ལྟེ་བའི་བར་དུ་ཚོར་བའི་ངོ་བོ་སྭ་སེར་པོ་ལས་རིན་ཆེན་འབྱུང་ལྡན། ལྟེ་བ་ནས་བརླའི་རྩ་བའི་བར་དུ་འདུ་བྱེད་ཀྱི་ངོ་བོ་ཧ་ལྗང་གུ་ལས་དོན་ཡོད་གྲུབ་པ་བསྐྱེད་དེ། ཕུང་པོ་


JLD007_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པར་སྒོམ་པའི་དེ་ཉིད་དོ། །ལྟེ་བར་ལུས་ཀྱི་སའི་ཁམས་ཐམས་ཅད་ཀྱི་ངོ་བོ་ལཾ་ལས་སྤྱན་མ། དེ་བཞིན་དུ་སྦྱར་ལ། སྙིང་ཁར་ཆུའི་ཁམས་ཀྱི་ངོ་བོ་མཱཾ་ལས་མཱ་མ་ཀཱི། མགྲིན་པར་མེའི་ཁམས་ཀྱི་ངོ་བོ་པཾ་ལས་གོས་དཀར་མོ། སྤྱི་བོར་རླུང་གི་ཁམས་ཀྱི་ངོ་བོ་ཏཱཾ་ལས་སྒྲོལ་མ་བསྐྱེད་དེ། ཁམས་གཤེགས་མར་སྒོམ་པའི་དེ་ཉིད་དོ། །མིག་ཏུ་མིག་དབང་གི་ངོ་བོ་ཐླཱི་ལཾས་སའི་སྙིང་པོ། རྣ་བར་རྣ་བའི་དབང་པོའི་ངོ་བོ་ༀ་ལས་ཕྱག་ན་རྡོ་རྗེ། སྣར་སྣའི་དབང་པོའི་ངོ་བོ་ༀ་ལས་ནམ་སྙིང༌། ལྕེར་ལྕེ་དབང་གི་ངོ་བོ་ༀ་ལས་འཇིག་རྟེན་དབང་ཕྱུག །སྙིང་ཁར་ཡིད་དབང་གི་ངོ་བོ་ཧཱུཾ་ལས་འཇམ་དཔལ། རྡོ་རྗེའི་སྒོར་ལུས་ཀུན་གྱི་དབང་པོའི་ངོ་བོ་ༀ་ལས་སྒྲིབ་སེལ། ཚིགས་རྣམས་ལ་ཚིགས་ཀྱི་ངོ་བོ་སཾ་ལས་ཀུན་བཟང༌། སྤྱི་གཙུག་ཏུ་རྩ་རྒྱུས་ཀྱི་ངོ་བོ་མ་ལས་བྱམས་པ་བསྐྱེད་དེ། མིག་སོགས་སེམས་དཔར་སྒོམ་པའི་དེ་ཉིད་དོ། །མིག་གི་སྒོར་ལུས་ཀྱི་གཟུགས་ཀྱི་རང་བཞིན་ཛཿལས་གཟུགས་རྡོ་རྗེ་མ་ས་སྙིང་དང་སྙོམས་པར་འཇུག་པ། དེ་བཞིན་དུ་སྦྱར་ལ། རྣ་བའི་སྒོར་སྒྲའི་རང་བཞིན་ཧཱུཾ་ལས་སྒྲ་རྡོ་རྗེ་མ་ཕྱག་རྡོར་དང་སྙོམས་པར་འཇུག་པ། སྣའི་སྒོར་དྲིའི་རང་བཞིན་བཾ་ལས་དྲི་རྡོ་རྗེ་མ་ནམ་སྙིང་དང་སྙོམས་པར་འཇུག་པ། ལྕེར་རོའི་རང་བཞིན་ཧོ་ལས་རོ་རྡོ་རྗེ་མ་འཇིག་རྟེན་དབང་ཕྱུག་དང་སྙོམས་པར་འཇུག་པ། རྡོ་རྗེའི་སྒོར་རེག་བྱའི་རང་བཞིན་ཁཾ་ལས་རེག་རྡོ་རྗེ་མ་སྒྲིབ་སེལ་དང་སྙོམས་པར་འཇུག་པ་བསྐྱེད་དེ། གཟུགས་སོགས་སེམས་མར་སྒོམ་པའི་དེ་ཉིད་དོ། །ལག་པ་གཡས་པར་དེའི་ངོ་བོ་ཧཱུཾ་ལས་གཤིན་རྗེ་གཤེད། ལག་པ་


JLD007_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པར་དེའི་ངོ་བོ་ཧཱུཾ་ལས་གཞན་གྱིས་མི་ཐུབ་པ། ཁ་ལ་དེའི་ངོ་བོ་ཧཱུཾ་ལས་རྟ་མགྲིན། རྡོ་རྗེ་ལ་དེའི་ངོ་བོ་ཧཱུཾ་ལས་བདུད་རྩི་འཁྱིལ་པ། དཔུང་པ་གཡས་པའི་རྩ་བར་དེའི་ངོ་བོ་ཧུཾ་ལས་མི་གཡོ་བ། དཔུང་པ་གཡོན་པའི་རྩ་བར་དེའི་ངོ་བོ་ཧཱུཾ་ལས་འདོད་པའི་རྒྱལ་པོ། པུས་མོ་གཡས་ལ་དེའི་ངོ་བོ་ཧཱུཾ་ལས་དབྱུག་སྔོན་ཅན། པུས་མོ་གཡོན་ལ་དེའི་ངོ་བོ་ཧཱུཾ་ལས་སྟོབས་པོ་ཆེ། སྤྱི་གཙུག་ཏུ་དེའི་ངོ་བོ་ཧཱུཾ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ། རྐང་མཐིལ་དུ་དེའི་ངོ་བོ་ཧཱུཾ་ཡོངས་སུ་གྱུར་པ་ལས་གནོད་མཛེས་རྒྱལ་པོ་བསྐྱེད་དེ། ཡན་ལག་ཁྲོ་བོར་སྒོམ་པའི་དེ་ཉིད་དོ། །དེ་ལྟར་ལྷ་སུམ་ཅུ་སོ་གཉིས་པོ་བསྐྱེད་པའི་འོག་ཏུ་རེ་རེ་ནས་རིམ་པ་བཞིན་ཕུང་པོ་ལྔ་དང༌། ཁམས་བཞི་དང་མིག་ལ་སོགས་པ་བརྒྱད་དང༌། གཟུགས་ལ་སོགས་པ་ལྔ་དང༌། ལག་པ་གཡས་པ་ལ་སོགས་པ་བཅུའི་ངོ་བོར་བསམ་པར་བྱ་སྟེ་ཤིན་ཏུ་རྣལ་འབྱོར་རོ། །ལྷ་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་སྔར་བཤད་པ་བཞི་དུ་བསྒོམ་སྟེ། ལྡང་བའི་ཡི་གེ་ནས་འདིའི་བར་ནི་ཉེ་བར་བསྒྲུབ་པའི་ཡན་ལག་གོ །དེ་ནས་སྔར་ཡོངས་སུ་རྫོགས་པར་བསྐྱེད་པའི་ལྷ་དམ་ཚིག་པ་ཙམ་དུ་འཛིན་པའི་རྣམ་རྟོག་རྡོ་རྗེ་གསུམ་གྱི་ཡེ་ཤེས་སེམས་དཔའ་རྗེས་སུ་ཞུགས་པས་གསལ་བའི་ཕྱིར། རང་གི་སྤྱི་བོར་ༀ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྟེ་བར་ༀ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས། སྤྱན་མའི་ཚོགས་ནམ་མཁའ་གང་བ་སྤྲོས་པས། སྐད་ཅིག་གིས་སྐུ་རྡོ་རྗེ་རྣམ་སྣང་གི་ཚོགས་


JLD007_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་བདག་པོ། རྣམ་པར་སྣང་མཛད་སྤྱན་མ་དང་སྦྱོར་བའི་མདུན་ན་རང་ཉིད་གནས་པར་བསམས་ལ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། ཞེས་རྣམ་སྣང་གཙོ་འཁོར་ལ་རྡོ་རྗེ་གསུམ་མི་ཕྱེད་པ་རྡོ་རྗེ་འཆང་དུ་བསྒོམས་པ་བདག་གི་ལུས་ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། སྤྲོས་པའི་སྤྱན་མ་དང་སྤྱན་དྲངས་པའི་རྣམ་སྣང་གི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས། སྙོམས་པར་ཞུགས་མཆོག་ཏུ་དགའ་བའི་བདེ་བ་མྱོང་བའི། འོད་ཟེར་དཀར་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས། རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས་སྐུའི་དབང་ཕྱུག་ཐོབ་པར་བསམས་ལ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་བས། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་སྨོན་ལམ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་དུ་ང་རྒྱལ་བརྟན་པར་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་


JLD007_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་བྱིན་གྱིས་བརླབ་པ་ནི། སྐུ་བྱིན་གྱིས་བརླབ་པའི་དེ་ཉིད་དོ། །དེ་ནས་ལྕེའི་དབུས་སུ་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿ དམར་པོ་འོད་ཟེར་ལྔ་འཕྲོ་བ་ལས། གོས་དཀར་མོའི་ཚོགས་ནམ་མཁའ་གང་བ་སྤྲོས་པས། སྐད་ཅིག་གིས་གསུང་རྡོ་རྗེའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་གཙོ་བོ། འོད་དཔག་མེད་གོས་དཀར་མོ་དང་སྦྱོར་བའི་མདུན་ན་རང་ཉིད་གནས་པར་བསམས་ལ། ཆོས་ཀྱི་གསུང་ལམ་དཔལ་ལྡན་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། ཞེས་གཙོ་འཁོར་ལ་སྔར་བཞིན་བདག་གི་ངག་ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ལྷའི་ཚོགས་གཉིས་པོ་ཐམས་ཅད་སྔར་བཞིན་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང༌བས། འོད་ཟེར་དམར་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས། ལྕེ་ལ་ཞུགས་ཏེ་ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས། གསུང་གི་དབང་ཕྱུག་ཐོབ་པར་བསམས་ལ། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །


JLD007_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཚིག་ཀྱང་དེ་འདྲ་ཞིང༌། །ཆོས་འཛིན་པ་དང་འདྲ་བར་ཤོགཅེས་སྨོན་ལམ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་དུ་ང་རྒྱལ་བརྟན་པར་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཝ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་བྱིན་གྱིས་བརླབ་པ་ནི། གསུང་བྱིན་གྱིས་བརླབ་པའི་དེ་ཉིད་དོ། །མདོ་བསྲེ་ལས། ལྐོག་མར་པདྨ་ལ་ཨཱ་ཡིག་སྒོམ་པའང་བཤད་པས་དེ་གཉིས་གང་རུང་གིས་ཆོག་གོ །དེ་ནས་སྙིང་ཁའི་དབུས་སུ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུཾ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་ལས། མཱ་མ་ཀཱིའི་ཚོགས་ནམ་མཁའ་གང་བ་སྤྲོས་པས། སྐད་ཅིག་གིས་ཐུགས་རྡོ་རྗེའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་གཙོ་བོ། མི་བསྐྱོད་པ་མཱ་མ་ཀཱི་དང་སྦྱོར་བའི་མདུན་ན་རང་ཉིད་གནས་པར་བསམས་ལ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། ཞེས་གཙོ་འཁོར་ལ་སྔར་བཞིན་བདག་གི་ཡིད་ད་ལྟ་ཉིད་དུ་བྱིན་གྱིས་བརླབས་ཏུ་གསོལ་ཞེས་གསོལ་བ་བཏབ་པས། ལྷའི་ཚོགས་གཉིས་པོ་ཐམས་ཅད་སྔར་བཞིན་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང་ནས། འོད་ཟེར་


JLD007_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་སྙིང་ཁར་ཞུགས་ཏེ། ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས། ཐུགས་ཀྱི་དབང་ཕྱུག་ཐོབ་པར་བསམས་ལ། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་དབང་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་འགྱུར་ཞིང༌། །རྡོ་རྗེ་འཛིན་དང་མཚུངས་པར་ཤོགཅེས་སྨོན་ལམ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་དུ་ང་རྒྱལ་བརྟན་པར་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་བྱིན་གྱིས་བརླབ་པ་ནི། ཐུགས་བྱིན་གྱིས་བརླབ་པའི་དེ་ཉིད་དོ། །འདིར་ཧཱུཾ་ཡིག་གི་གནས་ལ་རྡོ་རྗེའི་དཀྱིལ་འཁོར་ཞེས་གསུངས་པའི་དོན་སྒྲོན་གསལ་ལས་མདོར་བྱས་བཞིན་ཉི་མ་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་རྡོ་རྗེ་ལ་བཤད་དོ། །དེ་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོར་བསྒོམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་དེ་རྡོ་རྗེ་འཆང་གི་ང་རྒྱལ་བྱ་བ་ནི། དམ་ཚིག་སེམས་དཔའི་སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་གྱིས་རློབ་པའི་དེ་ཉིད་དོ། །དེ་ནས་རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོའི་ཐུགས་ཀར། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་


JLD007_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཁ་སྦྱོར་གྱི་སྦྱོར་བས་ལུས་རྒྱས་པར་བྱེད་པ་བསྒོམ་པ་ནི་ཡེ་ཤེས་སེམས་དཔའི་དེ་ཉིད་དོ། །མདོར་བྱས་ལས་ཡེ་ཤེས་སེམས་དཔའ་ཕྲ་མོ་བསྒོམ་པར་གསུངས་པའི་དོན་ནས་འབྲུའི་ཆད་ཙམ་སྒོམ་པར་མ་ག་ཏའི་པཎྜི་ཏ་ཐུབ་པ་དཔལ་བཟང་པོས་བཤད་དོ། །དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོའི་ལྟེ་བའི་ནང་དུ། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་རྟག་ཏུ་འཆར་བ་མར་མེ་ཆེན་པོ་ལྟ་བུ། མི་ཤེས་པའི་མུན་པ་འཇོམས་པའི་དོན་དུ། སྣང་བའི་ཕུང་པོ་ལྟ་བུ་བསམ་པ་ནི། ཏིང་ངེ་འཛིན་སེམས་དཔའི་དེ་ཉིད་དོ། །དམ་ཚིག་སེམས་དཔའི་རལ་པའི་ཅོད་པན་ལ། རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཁ་སྦྱོར་གྱི་སྦྱོར་བས། བྱང་ཆུབ་སེམས་ཀྱི་བདུད་རྩི་འཛག་པའི་རྒྱུན་གྱིས་ལུས་ཐམས་ཅད་ཚིམ་པར་བྱེད་པར་བསམ་སྟེ། རྣལ་འབྱོར་ཆེན་པོ་དང་སྒྲུབ་པའི་ཡན་ལག་གོ །རྣལ་འབྱོར་ཕྱི་མ་གཉིས་པོ་ནི་ཤའི་མིག་གིས་མི་མཐོང་བའི་བར་དོས་མངལ་དུ་སྐྱེ་བ་བཟུང་ནས། ཕུང་པོ་ལ་སོགས་པ་རྫོགས་པའི་ཚེ། མངལ་གྱི་སྒོར་འཐོན་པ་ན་ཤའི་མིག་གིས་མཐོང་བ་དང༌། ལོངས་སྐུ་སོ་སོ་སྐྱེ་བོ་ལ་སོགས་པས་མི་མཐོང་བས། དེ་དག་གི་དོན་བྱ་བའི་ཕྱིར་ཡུམ་གྱི་ལྷུམས་སུ་སྤྲུལ་སྐུའི་སྐྱེ་བ་བཟུང་ནས་བཙས་པའི་ཚུལ་བསྟན་པའི་ཚེ། གདུལ་བྱ་དེ་དག་གིས་མཐོང་བ་བཞིན་དུ། བར་དོ་དང་ལོངས་སྐུ་དང་འདྲ་བའི་དང་པོའི་མགོན་པོས་ཀྱང༌། མངལ་དུ་སྐྱེ་བ་བཟུང་བ་དང་འདྲ་བའི་མི་བསྐྱོད་པ་ལ་ཞུགས་པས། སྤྲུལ་སྐུ་


JLD007_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་སུ་བསྒྱུར་བ་ལ་མངལ་གྱི་སྐབས་ཡོངས་སུ་རྫོགས་པ་དང་འདྲ་བས། ༀ་ཡིག་ནས་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་གི་བར་གྱི་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས། ཕུང་པོ་ཁམས་སྐྱེ་མཆེད་ཡན་ལག་སྐུ་གསུང་ཐུགས་ལ་སོགས་པའི་གནས་སྐབས་རྣམས་ཡོངས་སུ་རྫོགས་པའི་ཚེ། སྤྲུལ་སྐུ་ཞལ་གསུམ་ཕྱག་དྲུག་པ་ཡོངས་སུ་རྫོགས་པར་མཐོང་བ་ནི། སྐྱེ་བ་བཟུང་བའི་གནས་སྐབས་དང་མཐུན་པར་བསྒོམ་པ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་རོ། །དེ་ལྟར་གང་དུ་འཚང་རྒྱ་བའི་གནས་སྣོད་ཡོངས་སུ་དག་པར་གང་གིས་འཚང་རྒྱ་བའི་རྟེན་ལྷ་ཐམས་ཅད་འདུས་པའི་བདག་ཉིད་རྡོ་རྗེ་འཆང་གི་རྣལ་འབྱོར་དང་ལྡན་པས། ཇི་ལྟར་འཚང་རྒྱ་བའི་རིམ་པ་ཕུང་སོགས་རིམ་གྱིས་འོད་གསལ་དུ་ཞུགས་པའི་ཆོས་སྐུའི་ངང་ནས། ལོངས་སྐུ་དང་པོའི་མགོན་པོར་བཞེངས་ཏེ། སྤྲུལ་སྐུ་རྡོ་རྗེ་འཆང་དུ་སྤྲུལ་ནས་ཉིད་ཀྱི་སྐུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བར་སྤྲུལ་པའི་སྐུ་གསུམ་གྱི་གོ་འཕང་ནི། འདོད་ཆགས་ཀྱི་ཆོས་སྔགས་ཀྱི་སྤྱོད་པས་འཐོབ་པར་བསྟན་པའི་ཕྱིར། སྤྲུལ་སྐུ་རྡོ་རྗེ་འཆང་གིས་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱེད་པའི་ལྷ་མོ་དགུ་སྤྲུལ་པ་དེ་བཞིན་དུ། སློབ་བཞིན་པའི་རྣལ་འབྱོར་པ་འདོད་ཆགས་ཀྱི་ཀུན་སྤྱོད་ལ་དགའ་བས་ཀྱང༌། སྐུ་གསུམ་གྱི་གོ་འཕང་བསྒྲུབ་པའི་ཕྱིར། འདོད་པ་ཀུན་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་


JLD007_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པར་བྱའོ། །དེ་ལ་རིག་མ་འདུ་བྱ་བ་ནི། ཕྱི་རོལ་གྱི་རིག་མའམ་ཡང་ན། སྙིང་ཁ་ནས་རང་རིགས་ཀྱི་རིག་མ་ཕྱུང་ལ། སྟོང་པར་སྦྱངས་ཏེ་ཁཾ་ལས་རྡོ་རྗེ་དེ་ལས་རེག་བྱ་རྡོ་རྗེ་མར་སྔར་བཤད་པ་བཞིན་བསྐྱེད། དེའི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་ༀ་དཀར་པོ་ལས་རྣམ་སྣང་སོགས་སྔར་བཤད་པ་བཞིན་ས་བོན་རྐྱང་པ་ལས་བསྐྱེད། ལྟེ་བ་སོགས་ཀྱི་གནས་བཞིར་ཡུམ་བཞི་ས་བོན་ལས་བསྐྱེད། མིག་སོགས་བཞི་དང་བྷ་གའི་རྩེ་མོར་ཛཿཧཱུཾ་བཾ་ཧོཿཁཾ་ལས་རྡོ་རྗེ་མ་ལྔ་ས་སྙིང་སོགས་ཀྱིས་འཁྱུད་པར་བསྐྱེད། ལག་པ་གཡས་ལ་རོ་ལངས་མ། གཡོན་ལ་གཞན་གྱི་མི་ཐུབ་པ། ཁ་ལ་ཁྲོ་གཉེར་ཅན། བྷ་གར་རལ་ཅིག་མ། དཔུང་པ་གཡས་ཀྱི་རྩ་བར་དེ་བཞིན་གཤེགས་པའི་ཡུམ་རྡོ་རྗེ་མ། གཡོན་ལ་སྣ་ཚོགས་རིན་ཆེན་མ། པུས་མོ་གཡས་ལ་སྣ་ཚོགས་པདྨ། གཡོན་ལ་སྣ་ཚོགས་ལས་མ། སྤྱི་གཙུག་ཏུ་ནམ་མཁའི་རྡོ་རྗེ་མ། རྐང་མཐིལ་དུ་ས་འཛིན་ལྷ་མོ་རྣམས་ཧཱུཾ་ཡིག་ལས་ཞལ་ཕྱག་དང་ཕྱག་མཚན་ཁྲོ་བོ་བཅུ་དང་འདྲ་བར་བསྐྱེད་དོ། །དེ་ནས་རྡོ་རྗེ་དང་པདྨ་འདུ་བྱ་བ་ནི། རང་གི་གསང་གནས་མི་དམིགས་པ་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྔ་པའི་རྭ་དབུས་མའི་ནོར་བུ་ལ་ༀ་གྱིས་མཚན་ཞིང༌། བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ་དང༌། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས་ཨཱ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། བུ་ག་ཡི་གེ་ཕཊ་ཀྱིས་བཀག་པར་བསྒོམ་སྟེ། རིག་མ་འདུ་བྱ་བ་སོགས་ཀྱི་དེ་ཉིད་དོ། །


JLD007_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རིན་འབྱུང་གི་ང་རྒྱལ་གྱིས་ཡབ་ཡུམ་རྗེས་སུ་ཆགས་པས། ཕན་ཚུན་འཁྱུད་པ་དང་འོ་བྱ་བ་དང་འཇིབ་པ་སོགས་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅ཧཾ། ཞེས་བརྗོད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་བདག་ཉིད་ངའོ་སྙམ་དུ་རྗེས་སུ་ཆགས་པའི་ང་རྒྱལ་བྱའོ། །རྗེས་སུ་ཆགས་པའི་དེ་ཉིད་དོ། །རིན་འབྱུང་ལས་རྡོ་རྗེ་འཆང་གི་ང་རྒྱལ་དུ་འཕོས་རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསམས་ལ། ཧཱུཾ་གླུར་བླང་ཞིང་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས་མཆོག་ཏུ་དགའ་བའི་བདེ་བ་བསྐྱེད་ལ་བསྒོམ། མཐར་དོན་གྲུབ་ཀྱི་ང་རྒྱལ་གྱིས། ཕཊ་ཅེས་བརྗོད་པས་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ཚིམ་ནས་ཞུ་བའི་ཐིག་ལེ་ཡུམ་གྱི་པདྨར་ཕབ་ལ། དེ་ཉིད་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་འབྱུང་གནས་སུ་བསམ་ཞིང༌། བདེ་བ་ཆེན་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅ཧཾ། ཞེས་བརྗོད་དེ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་རྡོ་རྗེའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་བྱ་བ་ནི། མཆོད་པའི་དེ་ཉིད་དོ། །དེ་ཡན་ཆད་ནི་དཀྱིལ་འཁོར་གསུམ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གི་དོན་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་མཆོག་གམ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་རང་དོན་སྐུ་གསུམ་བརྙེས་ནས་གཞན་གྱི་དོན་


JLD007_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་རྒྱལ་མཆོག་གཉིས་ཀྱིས་སྒྲུབ་པ་ལ། ཐོག་མར་དཀྱིལ་འཁོར་རྒྱལ་མཆོག་གི་རྟེན་གྱི་དཀྱིལ་འཁོར་ནི། ཐིག་ལེ་ཆ་གཅིག་བྷྲུཾ་དང། དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་སོགས་གདན་དང་བཅས་པ་བསྐྱེད། ཐིག་ལེ་ཆ་གཅིག་གདན་རྣམས་ཀྱི་སྟེང་དུ། ཆ་སུམ་ཅུ་སོ་གཉིས་སུ་གྱུར་དེ་རྣམས་ཡོངས་སུ་གྱུར་པ་ལས། ༀ་ཨཱ་ཧཱུཾ་ཧཱུཾ་ལ་སོགས་པ་རང་རང་གི་ས་བོན་གྱི་སྔགས་རྡོ་རྗེ་གསུམ་གྱི་ཡི་གེས་བྱིན་གྱིས་བརླབས་པ་སོ་གཉིས་སུ་གྱུར། དེ་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སོ་གཉིས་སུ་གྱུར། དེ་ལས་ལྷའི་སྐུར་རིམ་གྱིས་བསྐྱེད་པ་ནི་སྐྱེད་པའི་སྒོའོ། །ཡུམ་གྱི་པདྨ་ནས་ཡབ་ཀྱི་ཐུགས་ཀར་དྲངས་ཏེ། ཕྱིར་ཕྱུང་ཕྱོགས་བཅུར་འཕྲོས་པ་ནི་སྤྲོ་བའི་སྒོའོ། །དེ་ནས་རང་རང་གི་འཕྲིན་ལས་མཛད་པ་ནི་མཛད་པའི་སྒོའོ། །སྤྲུལ་པ་རྣམས་གཅིག་ཏུ་འདུས་པ་ནི་བསྡུ་བའི་སྒོའོ། །ཡེ་ཤེས་པ་སྤྱན་དྲངས་པ་དང་འདྲེས་པ་ནི་འདྲེས་པའི་སྒོའོ། །རང་རང་གི་སྤྱི་གཙུག་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིེས་དབང་བསྐུར་བ་ནི་དབང་བསྐུར་བའི་སྒོའོ། །སླར་བྱོན་ནས་རང་གནས་སུ་བཞུགས་པ་ནི་གནས་སུ་གནས་པའི་སྒོ་སྟེ། ལྷ་ཐམས་ཅད་སྒོ་བདུན་བདུན་དང་ལྡན་པར་བྱའོ། །དེའི་རིམ་པ་ནི་གདན་དབུས་མའི་སྟེང་དུ། རང་ཉིད་མི་བསྐྱོད་པ་མཐིང་ནག་མི་བསྐྱོད་པའི་དབུ་རྒྱན་ཅན། རེག་རྡོ་རྗེ་མ་དང་བཅས་པར་སྐྱེད་པ་ནས་གནོད་མཛེས་ཀྱི་བར་དུ་སྔར་བཤད་པ་བཞིན། རིམ་གྱིས་བསྐྱེད་ཟིན་པ་དང༌། མི་བསྐྱོད་པ་


JLD007_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ལམ་ནས་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཅེས་བརྗོད་པས་ཐུགས་ཀ་ནས་ཕྱིར་ཕྱུང་ཕྱོགས་བཅུར་འཕྲོས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། ཁྱད་པར་དུ་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས་ནས་མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་གཅིག་ཏུ་འདུས། མི་བསྐྱོད་པ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། སླར་བྱོན་ནས་རང་གི་མདུན་ན་འདུག་པ་རང་གི་སྙིང་ཁར་ཞུགས་ནས་འདྲེས་པས། རང་རྡོ་རྗེ་འཆང་ཞི་བ་དེ་ཞེ་སྡང་རྡོ་རྗེར་གྱུར་ཏེ། སྔར་གྱི་ཟླ་བ་ཉི་གདན་ལ་ཐིམ་པའི་སྟེང་ན་བཞུགས་པ་སྔར་བཤད་པ་བཞིན་གསལ་གདབ།དེ་བཞིན་དུ་སྦྱར་ལ། རེག་བྱ་རྡོ་རྗེ་མ་ཕྱུང་ནས་སྔར་གྱི་རེག་བྱ་རྡོ་རྗེ་མ་ལ་བསྟིམ་སྟེ། ཁྱད་པར་ནི་འབྱིན་སྔགས་སྤརྴ་བཛྲ་དང༌། མཛད་པ་ནི་རེག་བྱ་ལ་ཞེན་པ་རྣམས་སྦྱངས་ནས། རྒྱལ་བ་རྣམས་རེག་བྱའི་བདེ་བས་མཆོད་པའོ། །རྣམ་སྣང་ལ་སོགས་པ་བཞིའི་འབྱིན་སྔགས་ནི་རིམ་པ་བཞིན། ཛི་ན་ཛིཀ་དང་རཏྣ་དྷྲིཀ་དང་ཨཱ་རོ་ལིཀ་དང་པྲཛྙཱ་དྷྲིཀ་ཡིན་ལ། སྤྱི་མཛད་ནི་འདྲི་ཞིང༌། སྒོས་མཛད་ནི་རིམ་པ་བཞིན་གཏི་མུག་ཅན་དང༌། ང་རྒྱལ་དང༌། འདོད་ཆགས་དང༌། བརྫུན་དུ་སྨྲ་བ་དང༌། ཕྲག་དོག་ཅན་རྣམས་སྦྱངས་ནས། རྣམ་སྣང་ལ་སོགས་པའི་གོ་འཕང་ལ་བཀོད་པ་སྟེ། གཤེགས་པ་འབྱུང་བའི་དེ་ཉིད་དོ། །སྤྱན་མ་ལ་


JLD007_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བཞིའི་འབྱིན་སྔགས་ནི་རིམ་པ་བཞིན། མོ་ཧ་ར་ཏི་དང་དྭེ་ཥ་ར་ཏི་དང་རཱ་ག་ར་ཏི་དང་བཛྲ་ར་ཏིའོ། །མཛད་པ་ནི་རིམ་པ་བཞིན་སེམས་ཅན་ནད་དང་གདོན་གྱིས་གདུངས་པ་རྣམས་ཞི་བ་དང༌། བགེགས་ཆེན་པོས་གཟིར་བ་རྣམས་བསྲུངས་ཏེ་རྒྱས་པ་དང༌། སེམས་ཅན་གདོན་གྱིས་ཉེན་པ་རྣམས་ཞི་ཞིང་སྲུང་བ་དང༌། སེམས་ཅན་ཐམས་ཅད་དབང་དུ་མཛད་པ་སྟེ། གཤེགས་མ་དབྱུང་བའི་དེ་ཉིད་དོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའི་འབྱིན་སྔགས་ནི་རིམ་པ་བཞིན། རཱུ་པ་བཛྲ་ཤཔྟ་བཛྲ་གནྡྷེ་བཛྲ་ར་ས་བཛྲ་ཞེས་པའོ། །མཛད་པ་ནི་རིམ་པ་བཞིན། གཟུགས་དང་སྒྲ་དང་དྲི་དང་རོ་ལ་ཞེན་པ་རྣམས་སྦྱངས་ནས། གཟུགས་སོགས་ཀྱི་བདེ་བས་རྒྱལ་བ་རྣམས་མཆོད་པ་སྟེ། སེམས་མ་དབྱུང་བའི་དེ་ཉིད་དོ། །བྱམས་པ་ལ་སོགས་པ་བརྒྱད་ཀྱི་འབྱིན་སྔགས་ནི། རིམ་པ་བཞིན་མཻ་ཏྲི་དང་ཀྵི་ཏྲི་གརྦྷ་དང་བཛྲ་པཱ་ཎི་དང་ཁ་གརྦྷ་དང་ལོ་ཀི་ཤྭ་ར་དང་མཉྫུ་ཤྲཱི་དང་སརྦ་ནི་ཝ་ར་ཎ་བི་སྐཾ་བི་ནི་དང་ས་མནྟ་བྷ་དྲ་ཞེས་པའོ། །མཛད་པ་ནི་རིམ་པ་བཞིན་སེམས་ཅན་ཐམས་ཅད་ཀྱི་རྩ་རྒྱུས་དང་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ཡིད་དང་ལུས་ཀྱི་སྐྱེ་མཆེད་དང་ཚིགས་རྣམས་སྦྱོང་བ་སྟེ། སེམས་དཔའ་དབྱུང་བའི་དེ་ཉིད་དོ། །གཤིན་རྗེ་གཤེད་ལ་སོགས་པ་བཅུའི་འབྱིན་སྔགས་ནི་སྔར་བཤད་ཟིན་ལ། མཛད་པ་ནི་རིམ་པ་བཞིན་དབང་པོ་ལ་སོགས་པའི་གདོན་དང༌། གཤིན་རྗེ་དང་མ་མོ་ལ་སོགས་པའི་གདོན་དང༌། ཀླུ་དང་ས་བདག་གི་གདོན་དང༌། གནོད་སྦྱིན་དང་ལོག་འདྲེན་ལ་སོགས་པའི་


JLD007_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དང༌། མེ་ལྷའི་གདོན་དང༌། བདེན་བྲལ་གྱི་གདོན་དང༌། རླུང་ལྷའི་གདོན་དང༌། དབང་ལྡན་གྱི་གདོན་དང༌། ཚངས་པ་དང་ལྷའི་གདོན་དང༌། བརྟན་པ་དང་གཡོ་བའི་དུག་དང་ཀླུ་དང་ས་བདག་གི་གདོན་རྣམས་བཅོམ་པ་སྟེ། ཁྲོ་བོ་དབྱུང་བའི་དེ་ཉིད་དོ། །ཁྱད་པར་ལྷག་མ་རྣམས་ནི་སྔར་བཤད་པ་བཞིན་སྦྱར་རོ། །གཞལ་ཡས་ཁང་ཐུགས་ཀར་དྲངས། ༀ་ཨཱཿཧཱུཾ་གིས་ཐུགས་ཀ་ནས་ཕྱིར་ཕྱུང༌། ཕྱོགས་བཅུར་འཕྲོས་སྣོད་ཀྱི་ཉེས་སྐྱོན་ཐམས་ཅད་སྦྱངས། གཅིག་ཏུ་འདུས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་འདྲེས་པ་སླར་བྱོན་ནས་སྔར་གྱི་གཞལ་ཡས་ཁང་ལ་ཐིམ་པར་བསམ་མོ། །མདོར་བྱས་ལོ་ཆེན་གྱིས་བསྒྱུར་བ་དག་པ་རྣམས་ལས། རིགས་ལྔ་དང་ཡུམ་བཞི་དང་ཁྲོ་བོ་བཞི་རང་རང་གི་མཚན་སྔགས་ཀྱིས་དབྱུང་བར་གསུངས་ཤིང༌། ཁྲོ་བོ་ལྷག་མ་དྲུག་རང་གི་སྔགས་ཀྱིས་དབྱུང་བར་གསུངས་པ་སྔ་མ་དང་འདྲ་ལ། སེམས་དཔའ་བརྒྱད་རང་གི་ས་བོན་གྱིས་སྐྱེད་པར་གསུངས་ཤིང༌། རྡོ་རྗེ་མ་ལྔ་ལ་འབྱིན་པ་དང་སྐྱེད་པའི་སྔགས་གང་ཡང་མ་གསུངས་པའི་དོན། ས་བོན་སོ་གཉིས་སྐྱེད་སྔགས་དང་རྣམ་གཞག་ལས་གསུངས་པ་བཞིན་མཚན་སྔགས་སོ་གཉིས་འབྱིན་སྔགས་སུ་བྱེད་པ་ལེགས་ཏེ། ལྷ་རྣམས་སྐྱེད་པའི་སྔགས་ལུས་དཀྱིལ་བཞིན་བྱ་དགོས་ཤིང༌། འབྱིན་སྔགས་མཚན་སྔགས་ལ་བཤད་པས་སོ་སོར་བྱ་དགོས་པའི་ཕྱིར་རོ། །དེས་ན་སེམས་དཔའ་བརྒྱད་ཀྱི་སྐྱེད་སྔགས་ཀྱིས་བཞན་རྣམས་ཀྱི་སྐྱེད་སྔགས་


JLD007_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རིགས་ལྔ་སོགས་ཀྱི་འབྱིན་སྔགས་ཀྱིས་གཞན་རྣམས་ཀྱི་འབྱིན་སྔགས་མཚོན་པར་བྱའོ། །མདོར་བྱས་ལས། རང་སྔགས་ཡི་གེ་ལས་བྱུང་བ། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་བདག །ཅེས་གསུངས་པས་རང་རང་གི་ས་བོན་གྱི་སྔགས་འབྲུ་གསུམ་དང་སྤེལ་བ་ཡིན་ལ། ལྷ་གཞན་ཐམས་ཅད་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་འབྱིན་པར་གསུངས་པས། འབྱིན་པའི་ཚེ་སོ་སོའི་ང་རྒྱལ་བྱེད་པ་མིན་ནོ། །དེ་ལྟར་ལྷ་དང་གཅིག་ཏུ་དྲན་པའམ་གཅིག་ཏུ་ལྷ་དྲན་པས་དྲན་པ་གཅིག་པའི་རྣལ་འབྱོར་ལ་སློབ་པའི་གནད་བསྡུ་ན། ཐ་མལ་གྱི་སྣང་བ་རྣམས་འོད་གསལ་དུ་བསྡུས་པའི་འོག་ཏུ། ལྷག་པར་མོས་པ་དང་ས་བོན་ལ་སོགས་པ་ལས་ལྷའི་གནས་ལུས་ལོངས་སྤྱོད་མཛད་པ་རྣམས་སུ་བསྐྱེད་པ་ན། རྒྱུ་དེ་དག་ལས་རྡོ་རྗེ་འཆང་ལ་སོགས་པ་དེ་རྣམས་སུ་དངོས་སུ་སྐྱེས་པར་མོས་པའི་ངེས་ཤེས་ཀྱི་འཛིན་སྟངས་རེ་སྐྱེད་པ་དང༌། བསྒོམ་རྒྱུ་གང་ཡིན་པ་དེའི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་རྣམས། ཡིད་ཀྱིས་ཇི་ལྟར་གསལ་གདབ་པ་དེ་བཞིན་དུ་འཆར་བའི་རྣམ་པ་ལ་བསླབ་པ་དང༌། དེ་གཉིས་ལ་སེམས་མི་གཡོ་བར་གནས་པའི་ཏིང་ངེ་འཛིན་བརྟན་པོ་སྐྱེད་པ་ཡིན་ཏེ། འདིའི་མན་ངག་རྒྱས་པར་གཞན་དུ་བསྟན་པ་ལས་ཤེས་པར་བྱའོ། །དེ་ཡན་ཆད་ནི་སྤྲུལ་སྐུའི་མཛད་པ་སྐུའི་སྤྲུལ་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་དང༌། རྗེས་སུ་མཐུན་པར་སྒོམ་པ་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ལྟར་བསླབས་པས་ཐ་མལ་པའི་སྣང་ཞེན་


JLD007_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རགས་པའི་ལྷའི་རྣལ་འབྱོར་གྱིས་གཅོད་པར་ནུས་པའི་ཚེ། རྟོག་པའི་རྣལ་འབྱོར་ཕྲ་མོ་ལ་བསླབ་པར་གསུངས་པ་ནི། ཐིག་ལེ་ཕྲ་མོའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྒོམ་པ་ལ་དགོངས་པ་ཡིན་གྱི། ཕྲ་མོ་ཙམ་ལ་སེམས་འཛིན་པ་ལ་གསུངས་པ་མིན་ནོ། །དེས་ན་དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར་ཟིན་པའི་འོག་ཏུ་རང་གི་སེམས་བརྟན་པར་བྱ་བའི་ཕྱིར། མི་བསྐྱོད་པ་གཙོ་བོ་ཡིན་ན་དེའི་སྟེང་གི་སྣ་རྩེའམ་རྡོ་རྗེའི་ཁར་ཉི་མའི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཡུངས་ཀར་རམ། ནས་འབྲུའི་ཚད་ཙམ་ཞིག་མི་བསྐྱོད་པའི་ངོ་བོར་བལྟས་ལ་བསྒོམ། དེ་ཡང་མཐོང་བའི་མཚན་མ་སྐྱེས་ཏེ་མི་འགྱུར་བར་བརྟན་པ་མ་ཐོབ་ཀྱི་བར་དུའོ། །སྐབས་འདིར་ནི་དྲན་པ་གཅིག་པའི་མཇུག་ཐོགས་སུ་ཇི་ཙམ་འཚམ་པ་ཅིག་སྒོམ་པ་ཡིན་ལ། དྲན་པ་གཅིག་པ་ལ་ལོབས་ནས་ནི་འདི་ལ་གཙོ་བོར་བསྒོམ་མོ། །དེ་ལ་བརྟན་པ་ན་སྒོམ་པ་ལ་དབང་དུ་གྱུར་པ་བསྐྱེད་པའི་ཕྱིར། གཉིས་དང་གསུམ་ལ་སོགས་པ་ནམ་མཁའ་ཁྱབ་པར་སྤྲོ་ཞིང་བསྡུ་བ་ལ་བསླབ། དེ་ལ་བརྟན་པ་ན་ཕྱག་མཚན་ལྷ་སྐུར་བསྒྱུར་ནས། སྤྲོ་བསྡུ་སྔར་བཞིན་དུ་བྱའོ། །མཐར་འཇོག་པའི་ཚེ་རྩ་བའི་མཚན་མ་ལ་བསྡུ་ཞིང༌། སྣ་སྒོ་གཉིས་གང་རུང་ནས་དྲངས་ལ། སྙིང་ཁར་བསྡུ་སྟེ་ཕྱག་མཚན་ཕྲ་མོ་ལ་སློབ་པའི་དེ་ཉིད་དོ། །རྣམ་སྣང་ལ་སོགས་པ་གཙོ་བོ་ཡིན་ནའང༌། འཁོར་ལ་ཕྲ་མོ་ལ་


JLD007_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་འདོན་པ་བསྒྱུར་རོ། །དེ་ནས་རང་གི་རྡོ་རྗེའི་ཁར་ཉི་གདན་ལ་ཐིག་ལེ་སྔོན་པོ་ཡུངས་ཀར་ཙམ་ཞིག་མི་བསྐྱོད་པའི་ངོ་བོར་བལྟས་ལ། མ་བརྟན་གྱི་བར་དུ་བསྒོམ། བརྟན་པ་ན་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས། ཡུམ་གྱི་པདྨར་དབྱུང་ལ་ཡུངས་འབྲུ་ཙམ་གྱི་ཐིག་ལེའི་ནང་དུ་བྱང་ཆུབ་ཀྱི་སེམས་ལས་ཕྱུང་བ་ལས། རྟེན་དང་བརྟེན་པའི་དཀྱིལའཁོར་ཡོངས་སུ་རྫོགས་པ་རིམ་གྱིས་བསྒོམ་ལ། བརྟན་པར་བྱ་བ་ནི་བུའི་ཚུལ་དུ་སྤྲོ་བའོ། །དེས་ཀྱང་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ལྷ་སྤྲོ་བ་ནི་ཚ་བོའི་ཚུལ་དུ་སྤྲོ་བའོ། །རིགས་གཞན་ལ་ཡང་དེའི་རིགས་པ་སྦྱར་ཏེ་ཐིག་ལེ་ཕྲ་མོའི་དེ་ཉིད་དོ། །སྤྲུལ་པའི་སྐུས་ནང་དུ་ཡང་དག་འཇོག་ལ་སོགས་པ་ཐུགས་ཀྱི་འཕྲིན་ལས་མཛད་པ་དང་མཐུན་པར་བསྒོམ་པའོ། །དེ་ནས་སློང་དུ་འགྲོ་བ་དང་ཡོངས་སུ་ཚོལ་བ་ལ་སོགས་པ་དམན་པ་ལ་འཇུག་པ་དང༌། ལོངས་སྤྱོད་གང་ལའང་མ་ཆགས་ཤིང༌། ལུས་གནས་པར་འགྱུར་བ་དེ་ཙམ་གྱིས་ཆོག་ཤེས་པས། ལྷའི་རྣལ་འབྱོར་དང་མི་ཕྱེད་ཅིང་འདོད་པ་ཀུན་ལ་ལོངས་སྤྱོད་པའི་སྔགས་པས། ལྕེ་དང་མཆུ་མི་འགུལ་ཞིང་། སྒྲ་སྤངས་པའི་ཡིད་ཀྱི་བཟླས་པ་ནི་བསྐྱེད་རིམ་པའི་རྡོ་རྗེའི་བཟླས་པ་སྟེ། རྡོ་རྗེའི་བཟླས་པའི་དེ་ཉིད་དོ། །ཚིག་ཏུ་བཟླས་པ་ལ་ནི་རྣམ་པ་བཞི་ལས་དམ་ཚིག་གི་བཟླས་པ་ནི། ཐུགས་ཀའི་ས་བོན་ལ་སྙིང་པོ་དང་ཉེ་སྙིང་གིས་བསྐོར་བར་བསམས་ལ། ཟློ་བའི་ཚེ་ས་བོན་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས། སྔགས་


JLD007_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཏུ་ཕྲེང་བའི་སྐུད་པ་འདྲེན་པའི་ཚུལ་གྱིས་འཇུག་པའི་རླུང་གིས་སྙིང་ཁའི་ས་བོན་ལ་གཞུག་ཅིང༌། ལྷ་སོ་སོའི་སྔགས་བརྗོད་པ་རྫོགས་པ་ན་སོ་སོར་སྤྲོ་བ་དང་སྡུད་པ་སྟེ་སྙིང་པོ་དང་ཉེ་སྙིང་གི་བཟླས་པའོ། །ཁྱོགས་ཀྱི་བཟླས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་སྔགས་ཕྲེང་རང་གི་ཞལ་དུ་ཞུགས་པ་རྡོ་རྗེ་ནས་འཐོན་ཏེ་པདྨར་སོང་ཞིང་རྩ་དབུ་མ་ལས་གྱེན་དུ་བྱུང་སྟེ་ཡུམ་གྱི་ཞལ་ནས་བྱུང་བ། རང་གི་ཞལ་དུ་ཞུགས་ནས་འཁོར་བར་བསྒོམ་ཞིང་ཡི་གེ་ལྷོད་ཅིང་ཞི་བའི་ཕྲེང་སྔགས་ཟློས་པ་སྟེ་རྩ་སྔགས་སམ་ཕྲེང་སྔགས་ཀྱི་བཟླས་པའོ། །ཁྲོས་པའི་བཟླས་པ་ནི། དང་པོར་ཡུམ་གྱི་ཞལ་དུ་ཞུགས་ནས་སྔར་བཞིན་འཁོར་བ་སྟུག་ཅིང་རྩུབ་པའི་ཡི་གེ་ཅན་ཏེ་འདི་ཡང་ཕྲེང་སྔགས་ཀྱི་བཟླས་པའོ། །ཁྲོ་བོའི་བཟླས་པ་ནི། སྙིང་པོ་ལ་སོགས་པ་དྲག་ཏུ་བརྗོད་པ་སྟེ་འདི་ནི་གསུམ་གའི་བཟླས་པའོ། །ས་བོན་ལ་སྔགས་རྣམས་མགོ་གྱེན་བསྟན་ཟླུམ་པོར་བསྐོར་བ་མར་མེའི་ཕྲེང་བ་བཞིན་འབར་བ་བསམས་ནས། སེམས་ཀྱིས་བྲིས་པ་བཞིན་ཟློ་བ་ནི་གོང་བུའི་བཟླས་པ་ཡིན་ལ། ཞལ་དུ་ཡོད་དང༌། ལྷ་ཐམས་ཅད་ཀྱིས་བཏོན་པར་དམིགས་ནས་ཟླ་བ་ཡང་དམ་ཚིག་གི་བཟླས་པའོ། །བཟླས་པའི་གྲངས་སུ་གཞུག་པ་ནི། ཐུན་གྱི་ངོ་བོ་ལ་ཧ་ཅང་མྱུར་བུལ་ལ་སོགས་པའི་སྐྱོན་དང་བྲལ་ཞིང༌། སེམས་རྩེ་གཅིག་པས་མ་ཡེངས་པར་བཟླས་པ་རྣམས་ཡིན་གྱི། ཐུན་བཏང་བའི་སྐབས་སུ་གང་བྱུང་བཟླས་པ་


JLD007_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གྲངས་ལ་ཕན་མི་འདོགས་ཀྱང་བཟླས་པར་ནི་བཤད་དོ། །བཟླས་བྱའི་སྔགས་ནི། ༀ་ཨཱཿཧཱུཾ་ནི་དེ་ཁོ་ན་ཉིད་ཀྱི་སྙིང་པོའོ། །ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ་ཧཱུཾ། ༀ་ཨཱཿཛི་ན་ཛིཀ་ༀ་ཧཱུཾ། ༀ་ཨཱཿརཏྣ་དྷྲིཀ་སྭཧཱུཾ། ༀ་ཨཱཿཨཱ་རོ་ལིཀ་ཨཱཿཧཱུཾ། ༀ་ཨཱཿཔྲཛྙཱ་དྷྲིཀ་ཧཱ་ཧཱུཾ། ༀ་ཨཱཿམོ་ཧ་ར་ཏི་ལཱཾ་ཧཱུཾ། ༀ་ཨཱཿདྭེ་ཥ་ར་ཏི་མཱཾ་ཧཱུཾ། ༀ་ཨཱཿརཱ་ག་ར་ཏི་པཾ་ཧཱུཾ། ༀ་ཨཱཿབཛྲ་ར་ཏི་ཏཱཾ་ཧཱུཾ། །ༀ་ཨཱཿརཱུ་པ་བཛྲ་ཛཿཧཱུཾ། ༀ་ཨཱཿཤཔྟ་བཛྲ་ཧཱུཾ་ཧཱུཾ། ༀ་ཨཱཿགྷེནྡྷཾ་བཛྲ་བཾ་ཧཱུཾ། ༀ་ཨཱཿར་ས་བཛྲ་ཧོཿཧཱུཾ། ༀ་ཨཱཿསྤརྴ་བཛྲ་ཁཾ་ཧཱུཾ། ༀ་ཨཱཿམཻ་ཏྲི་མ་ཧཱུཾ། ༀ་ཨཱཿཀྵི་ཏི་གརྦྷ་ཐླཱ་ཧཱུཾ། ༀ་ཨཱཿབཛྲ་པཱ་ཎི་ༀ་ཧཱུཾ། ༀ་ཨཱཿཁ་གརྦྷ་ༀ་ཧཱུཾ། ༀ་ཨཱཿལོ་ཀི་ཤྭ་ར་ༀ་ཧཱུཾ། ༀ་ཨཱཿམཉྫུ་ཤྲཱི་ཧཱུཾ་ཧཱུཾ། ༀ་ཨཱཿསརྦ་ནི་ཝ་ར་ཎ་བིསྐཾ་བི་ནི་ༀ་ཧཱུཾ། ༀ་ཨཱཿས་མནྟ་བྷ་དྲ་སཾ་ཧཱུཾ། ༀ་ཨཱཿཡ་མཱནྟ་ཀྲི་ཏ་ཧཱུཾ་ཧཱུཾ། ༀ་ཨཱཿཔྲ་ཛྙཱནྟ་ཀྲི་ཏ་ཧཱུཾ་ཧཱུཾ། ༀ་ཨཱཿཔད་མཱནྟ་ཀྲི་ཏ་ཧཱུཾ་ཧཱུཾ། ༀ་ཨཱཿབིགྷཱན་ཏ་ཀྲི་ཏ་ཧཱུཾ་ཧཱུཾ། ༀ་ཨཱཿཨ་ཙ་ལ་ཧཱུཾ་ཧཱུཾ། ༀ་ཨཱཿཊཀྐི་རཱ་ཛཱ་ཧཱུཾ་ཧཱུཾ། ༀ་ཨཱཿནཱི་ལ་དཎྜ་ཧཱུཾ་ཧཱུཾ། ༀ་ཨཱཿམཧཱ་བཱ་ལ་ཧཱུཾ་ཧཱུཾ། ༀ་ཨཱཿཨུ་ཥྞི་ཥ་ཙཀྲ་ཝརྟི་ཧཱུཾ་ཧཱུཾ། ༀ་ཨཱཿསུམྦྷ་རཱ་ཛཱ་ཧཱུཾ་ཧཱུཾ། ཞེས་པ་ནི་སྙིང་པོའོ། །ཉེ་བའི་སྙིང་པོ་ནི་སྙིང་པོའི་སྙིང་པོར་གསུངས་པའི་མཚན་སྔགས་རྣམས་སོ། །རྩ་སྔགས་སམ་ཕྲེང་སྔགས་ནི་རྒྱུད་འདི་ལས་ཡུམ་བཞི་དང༌། ཁྲོ་བོ་དགུའི་ཕྲེང་སྔགས་གསུངས་པ་དང༌། ལྷག་མའི་ཕྲེང་སྔགས་རྒྱུད་གཞན་ལས་གསུངས་པ་རྣམས་ཡིན་ཏེ། ངག་གི་བཟླས་པའི་དེ་ཉིད་དེ་སྤྲུལ་སྐུས་ཆོས་སྟོན་པ་ལ་སོགས་པ་གསུང་གི་འཕྲིན་ལས་


JLD007_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དང་མཐུན་པར་སྒོམ་པའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཡུམ་ཡབ་ལ་ཐིམ། ཡབ་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེའི་ཞབས་ཀྱུ་ཨུ་ནི་ཧ་ལ། ཧ་ནི་ཧའི་མགོ་བོ་ལ། མགོ་བོ་ནི་ཟླ་ཚེས་ལ། ཟླ་ཚེས་ནི་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་འོད་གསལ་དུ་ཐིམ་པར་བསམ་པའམ། ཡང་ན་སེམས་དཔའ་གསུམ་ག་ཅིག་ཅར་འོད་གསལ་དུ་ཐིམ་པར་བསྒོམ་མོ། །འདི་ནི་གཙོ་བོ་དོན་དམ་ལ་ཞུགས་པའི་དེ་ཉིད་དེ། སྐུ་དངོས་ཀྱིས་འདུལ་བའི་སེམས་ཅན་མེད་པའི་ཞིང་དུ་མྱ་ངན་ལས་འདའ་བའི་མཛད་པའི་ཚུལ་སྟོན་པ་དང་། མཐུན་པར་སྒོམ་པའོ། །དེ་ནས་ཚད་མེད་པ་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིས་གཙོ་བོ་མ་མཐོང་བས། གདུང་བའི་ཡིད་ཀྱིས་ལྟ་འདོད་དེ། སྙན་པའི་དབྱངས་ཀྱིས་བསྐུལ་བ་ནི། སྤྱན་མས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །མཱ་མ་ཀཱིས། རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་སྟོན་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །མཱ་མ་ཀཱིས། རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་སྟོན་པ། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་


JLD007_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་ན། འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །གོས་དཀར་མོས། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛོད། །སྒྲོལ་མས། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་བས། སྔོན་གྱི་སྨོན་ལམ་དང༌། ཐུགས་རྗེའི་ཤུགས་ཀྱིས་འོད་གསལ་ལས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་སྐུ་སྔར་བཤད་པའི་མཚན་ཉིད་དང་ལྡན་པར་བཞེངས་ཏེ། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མཐོང་བར་གྱུར་ཏོ། །འདི་ནི་བསྐུལ་བས་བསླང་བའི་དེ་ཉིད་དེ། ཞིང་གཞན་དུ་སྐལ་བ་དང་ལྡན་པ་ལ་སླར་ཡང་སྤྲུལ་པའི་མཛད་པ་སྟོན་པ་དང་མཐུན་པར་བསྒོམ་པའོ། །དེ་ནས་རང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་རིགས་ལྔའི་ཡོན་ཏན་གྱི་སྒོ་ནས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་


JLD007_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། ཞེས་པས་བསྟོད་པར་བསྒོམ་མོ། །དེ་ནས་མཆོད་པ་རྣམས་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང་བ་དང༌། སྟོང་པར་སྦྱང་བ་དང༌། བསྐྱེད་པ་དང་བྱིན་གྱིས་བརླབ་པ་བྱས་ལ། སྔར་བཤད་པ་ལྟར་ཉེར་སྤྱོད་ལྔ་དང༌། འདོད་ཡོན་ལྔའི་མཆོད་པ་བྱ་བ་ནི་ཕྱི་མཆོད་དོ། །བདུད་རྩི་རིལ་བུ་བཏབ་པའི་ཆང་འོག་ནས་འཆད་པ་ལྟར་བྱིན་གྱིས་བརླབ། ལྷ་རྣམས་ཀྱིས་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པར་བསམས་ལ། ཐོག་མར་དངོས་དང་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར་འབྲུ་གསུམ་བཏགས་ལ་དབུལ། དེ་ནས་ལྷ་རྣམས་ཀྱི་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་ལ་དབུལ། དེ་བཞིན་དུ་ཕྱོགས་སྐྱོང་ལ་སོགས་པ་ལ་ཡང་ཟག་པ་མེད་པའི་བདེ་བས་ཚིམ་པར་བསམ་པ་ནི་ནང་མཆོད་དོ། །དེ་ནི་མི་བསྐྱོད་


JLD007_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་པའི་དབང་དུ་བྱས་ཀྱི་རིགས་གཞན་གྱི་རྣལ་འབྱོར་པས། ལྕེ་བྱིན་གྱིས་བརླབ་པ་ལ་ཡང་དེའི་རིགས་པ་སྦྱར་རོ། །དེ་ནས་རིག་མ་དང་སྙོམས་པར་ཞུགས་པས། མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བར་བསམ་པ་ནི་གསང་མཆོད་དེ། མཆོད་བསྟོད་ཀྱི་དེ་ཉིད་དོ། །དེ་ནས་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ཏེ། རང་གི་ལུས་ཀྱི་དཀྱིལ་འཁོར་ལ་གཞུག་ཅིང༌། གཞལ་ཡས་ཁང་ཡང་བསྡུ་ལ་རང་ཡབ་ཡུམ་གཅིག་པུ་གནས་པར་བསམ་མོ། །ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ལ་དབང་བསྐུར་སྒྲིབ་པ་སྦྱངས་ནས་ཧཱུཾ་ཡིག་ཏུ་གྱུར། དེས་ནམ་མཁའི་ཁམས་གང་བ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་དུ་བསམས་ཏེ། རང་གི་འོད་ཟེར་གྱིས་དྲངས་ནས་རང་ལ་གཞུག་སྟེ་ཉེ་བར་བསྡུ་བའི་དེ་ཉིད་དོ། །ཐུན་གཤམ་དུ་གཏོར་མའི་ཆོ་ག་ནི། གཏོར་མ་གཉིས་བགེགས་མཐར་བྱེད་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྦྱང་སྟོང་པའི་ངང་ལས། ཧཱུཾ་ཡཾ་ཧཱུཾ་ལས་རླུང་གི་དཀྱིལ་འཁོར་ལྗང་སྔོན་ཟླ་གཾ་ངོས་གཉིས་སུ་རྡོ་རྗེ་གཉིས་ཀྱིས་བརྒྱན་པ། དེའི་སྟེང་དུ་ཧཱུཾ་རཾ་ཧཱུཾ་་ལས་བྱུང་བའི་མེའི་དཀྱིའ་འཁོར་དམར་པོ་གྲུ་གསུམ་པ། ངོས་གཉིས་སུ་རྡོ་རྗེ་གཉིས་ཀྱིས་བརྒྱན་པའི་སྟེང་ན། ༀ་ཨཱཿ ཧཱུཾ་ལས་བྱུང་བའི་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་


JLD007_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ཨཱཿས་མཚན་པ། དེ་ནས་རྫས་རྣམས་ལྟེ་བ་དང་ཤར་ལ་སོགས་པའི་ཕྱོགས་བཞིར་རིམ་པ་བཞིན། ཧཱུཾ་བྲུཾ་ཨཱཾ་ཛྲ་ཁཾ་ལས། མི་དང་གླང་པོ་ཆེ་དང་། རྟ་དང་བ་ལང་དང་ཁྱིའི་ཤ་རྣམས་ཡི་གེ་དེ་ལྔས་མཚན་པ། སླར་ཡང་དབུས་དང་ཕྱོགས་བཞིར་ཡི་གེ་ལྔ་ལས་བྱུང་བའི་དྲི་ཆུ་དྲི་ཆེན་རཀྟ་བྱང་སེམས་དཀར་པོ་ཤ་ཆེན་ལ་དེ་དག་དང༌། ༀ་ཡིག་གིས་མཚན་པ་བསམ་སྟེ། ཤ་ལྔ་གཤེགས་པར་འཇོག་ཚུལ་ནི་སྒྲོན་གསལ་དང༌། བདུད་རྩི་ལྔ་གཤེགས་མར་འཇོག་ཚུལ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་སོ། །དེ་དག་གི་སྟེང་གི་བར་སྣང་ལ་ཉི་མའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་པས་རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་བསྐོལ་བའི་ནང་དུ། རྡོ་རྗེ་ཉི་གདན་དང་བཅས་པ་ལྷུང་ནས་དཀྲུགས་པས། རྡོ་རྗེ་དང་རྫས་རྣམས་རོ་མཉམ་དུ་གྱུར་པས། དྲི་མ་ཐམས་ཅད་སྦྱངས་ནས་ཤེལ་ལྟར་གྱུར་པར་བསམ། པདྨ་ཨཱཿདང་བཅས་པ་ཞུ་བས་ཉི་མ་ལྟར་འབར་བའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་རྟོགས་པར་བྱའོ། །ༀ་ཡིག་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བསྣན་པས་མང་པོར་སྦར་ཞིང་སྤེལ་བར་བསམས་ལ། ༀ་ཨཱཿ ཧཱུཾ་ལན་བདུན་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཁྲོ་བོ་བཅུ་དང་བཅས་


JLD007_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་དུ། འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དང༌། བསྲུང་འཁོར་གྱི་ཕྱི་རོལ་ཏུ་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་དང༌། ཀླུ་རྣམས་དང་སེམས་ཅན་ཐམས་ཅད་བཀུག་པར་བསམས་ལ། དཀྱིལ་འཁོར་པའི་ལྷ་རྣམས་གསལ་གདབ། ཕྱོགས་སྐྱོང་གསལ་གདབ་པ་ནི། ཕྱིའི་ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་མིག་སྟོང་པ་ས་སྲུང་དཀར་པོ་ལ་ཞོན་པ་རྡོ་རྗེ་འཛིན་པ། དེའི་གཡས་སུ་སྒྱུ་མ་རྡོ་རྗེ་ནག་པོ་ནམ་མཁའ་ལྡིང་ལ་ཞོན་པ། གཡས་གཉིས་འཁོར་ལོ་དང་དབྱུག་ཏོ། གཡོན་གཉིས་དུང་དང་ནོར་བུ་ཀཽསྟུ་བྷ་ཐོགས་པ། མེར་རྡོ་རྗེ་མེ་དམར་པོ་སྨིན་མ་དང་རལ་པའི་ཐོད་དང་སྨ་ར་འབར་ཞིང་འཁྲུག་པ་ཤིན་ཏུ་ཚོ་བ་ར་ལ་ཞོན་པ་གཡས་གཉིས་སྐྱབས་སྦྱིན་དང་བགྲང་ཕྲེང༌། གཡོན་གཉིས་རིལ་བ་དང་དབྱུ་གུ་འཛིན་པ། ལྷོར་རྡོ་རྗེ་དུས་ནག་པོ་མ་ཧེའི་གདན་ལ་གཡས་བརྐྱང་གིས་བཞུགས་པ། སྐྲ་གྱེན་དུ་འབར་ཞིང་ཁྲོས་པ་གཡས་དབྱུག་པ་དང་གཡོན་སྡིགས་མཛུབ་མཛད་པ། ལྷོ་ནུབ་ཏུ་རྡོ་རྗེ་གཏུན་ཤིང་ནག་པོ་རོ་ལ་གནས་པ་གཅེར་བུ་མི་རུས་ཀྱིས་བརྒྱན་ཅིང་མཆེ་བ་གཙིགས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། ནུབ་དུ་རྡོ་རྗེ་ཀླུ་དཀར་པོ་གདེངས་ཀ་བདུན་དང་ལྡན་པ་སྦྲུལ་ཞགས་འཛིན་པ། ནུབ་བྱང་དུ་རྡོ་རྗེ་རླུང་ལྗང་གུ་ཨེ་ཎ་ཡ་སེར་པོ་ལ་གནས་པ་རླུང་རས་འཛིན་པ། བྱང་དུ་རྡོ་རྗེ་འཇིགས་བྱེད་སེར་པོ་མི་ལ་གནས་ཤིང་སྦོམ་པ་གཡས་ནེའུ་ལེ་དང་གཡོན་པི་ཛ་པུ་ར་འཛིན་པ། དེའི་


JLD007_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་རྡོ་རྗེ་སྣ་རིངས་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་བྱི་བ་ལ་གནས་པ་གཡས་གཉིས་ལ་ཕུག་དང་དབྱུག་པ་གཡོན་གཉིས་ལ་དུ་དང་ཕྲེང་བ་འཛིན་པ། བྱང་ཤར་དུ་རྡོ་རྗེ་ཁྲོ་བོ་དཀར་པོ་ཁྱུ་མཆོག་ལ་གནས་པ། རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་དང་ལྡན་པ། གཡས་རྩེ་གསུམ་པས་མཚན་པའི་ཁ་ཊྭཾ་ག་དང༌། གཡོན་ཅང་ཏེའུ་འཛིན་པ། དབང་ལྡན་དང་ཉེ་དབང་གི་བར་དུ་རྡོ་རྗེ་འཁྱིལ་བ་དམར་པོ་ཤིང་རྟ་ལ་གནས་པ་བཟོད་པར་དཀའ་བའི་འོད་ཟེར་ཅན་པདྨ་འཛིན་པ། རྡོ་རྗེ་འོད་དཀར་པོ་འཁོར་ལོ་ལ་གནས་པ་གཡས་ཀུ་མུ་ཏ་དང་གཡོན་བགྲང་ཕྲེང་འཛིན་པ། མི་སྨྲ་རྡོ་རྗེ་སེར་པོ་ངང་པ་ལ་གནས་པ་གཡས་པདྨ་དང་སྐྱབས་སྦྱིན། གཡོན་གཉིས་བགྲང་ཕྲེང་དང་དབྱིག་པ་འཛིན་པ། ཆུ་ལྷ་དང་བདེན་བྲལ་གཉིས་ཀྱི་བར་དུ་ཐགས་བཟང་རིས་ནག་པོ་ཤིང་རྟ་ལ་གནས་པ་རལ་གྲི་འཛིན་པ། སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ་པདྨ་འཛིན་པ། དབང་པོ་ལ་སོགས་པ་འཇིག་རྟེན་པ་ཐམས་ཅད་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས། འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པར་བསམས་ལ།ༀ་ཨཱཿཧྲཱི་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭ་ཧཱ། ཞེས་པས་མཆོད་ཡོན། ཨརྒྷཾ་གྱི་གནས་སུ་པཱདྱཾ་ཞབས་བསིལ་དང༌། ཨཱཉྩ་མ་ཎཾ་གྱིས་ཞལ་བསིལ་དང༌། པྲོཀྵ་ཎཾ་བཅུག་ལ་བསང་གཏོར་དབུལ་ལ། རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་ལྷག་པར་མོས་བཞིན་པས་


JLD007_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ་ཡོངས་སུ་དག་པས་གཏོར་མ། ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ། ཛི་ན་ཛིཀ་ༀ། རཏྣ་དྷིཀ་སྭ། ཨཱ་རོ་ལིཀ་ཨཱཿ། པྲཛྙཱ་དྷྲིཀ་ཧཱ། མོ་ཧ་ར་ཏི་ལཱཾ། དྭེ་ཥ་ར་ཏི་མཱཾ། རཱ་ག་ར་ཏི་པཾ། བཛྲ་ར་ཏི་ཏཱཾ། རཱུ་པ་བཛྲ་ཛཿ། ཤཔྟ་བཛྲ་ཧཱུཾ། གྷནྡྷཾ་བཛྲ་བཾ། ར་ས་བཛྲ་ཧོཿ། སྤརྴ་བཛྲ་ཁཾ། མཻ་ཏྲི་མ། ཀྵི་ཏི་དརྦྷ་ཐླཱ། བཛྲ་པཱ་ཎི་ༀ། ཁཾ་གརྦྷ་ཨོཾ། ལོ་ཀི་ཤྭ་ར་ༀ། མཉྫུ་ཤྲཱི་ཧཱུཾ། སརྦ་ནི་བ་ར་ཎ་བི་སྐཾ་བི་ནི་ༀ། ས་མནྟ་བྷ་དྲ་སཾ། ཡ་མཱནྟ་ཀྲི་ཏ་ཧཱུཾ། པྲ་ཛྙཱན་ཏ་ཀྲི་ཏ་ཧཱུཾ། པདྨནྟ་ཀྲི་ཏ་ཧཱཱུཾ། བིགྷྣཱནྟ་ཀྲི་ཏ་ཧཱུཾ། ཨ་ཙ་ལ་ཧཱུཾ། ཊཀྐི་རཱ་ཛཱ་ཧཱུཾ། ནཱི་ལ་དཎྜ་ཧཱུཾ། མཧཱ་བཱ་ལ་ཧཱུཾ། ཨུ་ཥྞཱི་ཥ་ཙཀྲ་ཝརྟི་ཧཱུཾ། སུམྦྷ་རཱ་ཛཱ་ཧཱུཾ། སརྦ་དུ་ཥྚན་ས་མ་ཡ་མུ་ཏྲ་པྲ་བྷཾ་ཛ་ཀ་མ་མ་ཤནྟ་རཀྵ་ཙ་ཀུ་རུ་སྭཱ་ཧཱ། ཞེས་པས་ལྷ་སོ་གཉིས་ལ་དབུལ་ལོ། །དེ་ནས་རྡོ་རྗེ་གསོར་བ་ལ་སོགས་པ་སྔར་བཞིན་བྱ་ཞིང༌། ཕྱོགས་སྐྱོང་འཁོར་དང་བཅས་པ་ལ། ༀ་ཨཱཿདུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་རྣམས་ནམ་མཁའི་མཐའ་ཀླས་པ། །རྒྱ་མཚོ་སྤྲིན་གྱི་བཀོད་པ་རབ་འབྱམས་ཀྱི། །ཤིན་ཏུ་ཕྲ་བའི་རྡུལ་སྐྱེས་དཀྱིལ་འཁོར་ནི། །ཕན་ཚུན་གཅིག་གི་ནང་དུ་གཅིག་སོན་པ། །སྙོམས་པར་འཇུག་པ་ཀུན་ཏུ་གནས་པ་ཡི། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ཞིང༌། །ནམ་མཁའི་ཁམས་ཀྱི་ཡོངས་སུ་མཐར་ཐུག་པའི། །དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་རྣམས་མཐའ་ཡས་སྤྲིན་བཀོད་པ། །ནམ་མཁའ་རབ་འབྱམས་མཉམ་དང་འཇིག་རྟེན་སྐྱོང༌། །ཀུན་དང་སེམས་ཅན་ཀུན་ཡང་འདི་ལྟ་སྟེ། །རྡོ་རྗེ་མཚོན་ཆ་སྒྱུ་མ་རྡོ་རྗེ་དང༌། །རྡོ་རྗེ་མེ་དང་རྡོ་རྗེ་དུས་དང་


JLD007_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྡོ་རྗེ་གཏུན་ཤིང་རྡོ་རྗེ་ཀླུ་དག་དང༌། །རྡོ་རྗེ་རླུང་དང་རྡོ་རྗེ་འཇིགས་བྱེད་དང༌། །རྡོ་རྗེ་སྣ་རིངས་རྡོ་རྗེ་ཁྲོ་བོ་དང༌། །རྡོ་རྗེ་འཁྱིལ་བ་རྡོ་རྗེ་འོད་དང་ནི། །མི་སྨྲ་རྡོ་རྗེ་དང་ནི་ཐགས་བཟང་རིས། །ས་ཡི་ལྷ་མོ་འཁོར་དང་བཅས་པ་ལ། །མེ་ཏོག་དག་དང་བདུག་པ་མར་མེ་དང༌། །དྲི་དང་ལྷ་བཤོས་ལ་སོགས་ཡང་དག་ལྡན། །ཉེ་བར་སྤྱོད་པ་དང་ནི་གཏོར་མ་འདི། །སོ་སོར་བཞེས་ཤིང་ཉེ་བར་ལོངས་སྤྱད་ནས། །བདག་གི་དབྱིག་གསེར་ནོར་འབྲུ་ལང་ཚོ་ཚེ། །ནད་མེད་པ་དང་བདེ་བ་དམ་པ་རྣམས། །འཕྲོག་པར་བྱེད་པའི་བགེགས་དང་ལོག་འདྲེན་ཀུན། །སྡང་དང་རབ་ཏུ་སྡང་བ་ཐམས་ཅད་དང༌། །མི་དང་མི་མ་ཡིན་རྣམས་རྨོངས་པར་མཛོད། །རེངས་དང་བཅིང་དང་རྣམ་པར་འཇིག་པར་མཛོད། །བདག་ལ་དབྱིག་གསེར་ནོར་འབྲུ་ལང་ཚོ་ཚེ། །ནད་མེད་པ་དང་བདེ་བ་དམ་པ་དང༌། །བདེ་བ་ཆེན་པོ་རབ་ཏུ་འཕེལ་བ་རྣམས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །གནང་བར་མཛད་ཅིང་རྟག་ཏུ་སྟོང་གྲོགས་དང༌། །ཞི་བ་དང་ནི་བསྲུང་བར་མཛད་དུ་གསོལ། །ཧཱུཾ་ཞེས་བརྗོད་ལ་དོན་དྲན་བཞིན་པས་དབུལ་ལོ། །མགྲོན་རྣམས་ཀྱི་ལྗགས་རྣམས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོའི་འོད་ཀྱི་སྦུ་གུས་དྲངས་ནས་གསོལ་བས་བདེ་སྟོང་དབྱེར་མེད་ཀྱི་བདག་ཉིད་ཅན་དུ་ཇི་སྲིད་འདོད་ཀྱི་བར་དུ་བསམ་མོ། །ཕྱོགས་སྐྱོང་ལ་གཏོར་མ་འབུལ་བའི་ཆོ་ག་ནི་གཏོར་སྔགས་བོད་སྐད་དུ་བསྒྱུར་བ་སྟེ། རྒྱ་སྐད་


JLD007_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབུལ་ན་ཕྲེང་བ་ལས་ཤེས་པར་བྱའོ། །སླར་ཡང་ཞལ་བསིལ་དང་ཕྱག་བཀྲུ་བ་དང་སོ་རྩི་ལ་སོགས་པ་ཕུལ་ནས། ཉེར་སྤྱོད་དང་ནང་མཆོད་ཀྱིས་མཆོད་དེ། རང་གི་འདོད་པའི་དོན་སྒྲུབ་པའི་མགྲོན་ཐམས་ཅད་ལ་བཟོད་པར་གསོལ་ཞིང༌། ཐོག་མར་ༀ་དང་ཐ་མར་ཨཱཿཧཱུཾ་ཕཊ་སྦྱར་བའི་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་བརྗོད་ནས། ༀ་ཡོ་ག་ཤུད་དྷཱཿསརྦ་དྷརྨཱ་ཡོ་ག་ཤུད་དྷོ་྅ཧཾ། ཞེས་བརྗོད་དེ་པད་ཀོར་དང་འཁྱུད་པའི་ཕྱག་རྒྱ་བྱས་ནས་རང་གི་ལྷའི་འཁོར་ལོ་བདག་ཉིད་ལ་གཞུག་ཅིང༌། དབང་པོ་ལ་སོགས་པ་ལ་སེ་གོལ་གསུམ་གཏོག་ཅིང༌། ༀ་ཨཱཿཧཱུཾ་བཛྲ་མུ་ཞེས་བརྗོད་དེ་རང་གནས་སུ་གཤེགས་སུ་གསོལ་ལོ། །སྐབས་གཞན་དུ་རང་གཞན་གྱི་དོན་དུ་གཏོར་མ་བྱེད་ན་བདག་བསྐྱེད་ཡོངས་རྫོགས་སམ། རྡོ་རྗེ་བཞིའི་ཆོ་གས་རིམ་གྱིས་སམ་ཡང་ན་གཙོ་བོ་ཡབ་ཡུམ་དུ་སྐད་ཅིག་གིས་བསྐྱེད་ལ། དྲི་བཟང་པོ་ལ་སོགས་པས་མཎྜལ་བྱས་པར་དཀྱིལ་འཁོར་པ་དམིགས་ནས་མཆོད་ཅིང་བསྟོད་པའི་འོག་ཏུ་སྔར་བཞིན་གཏོར་མགྲོན་སྤྱན་དྲང་པ་སོགས་བྱའོ། །གཞན་དོན་དུ་བྱེད་ན་བདག་དང་བདག་གི་ཞེས་པ་ཇི་ལྟར་གནས་པ་བརྗོད་ལ་གཞན་དེ་རང་དུ་བསམ་ཞིང༌། འདི་ལ་ཕན་བཏགས་པས་བདག་ལ་ཕན་བཏགས་པར་འགྱུར་རོ་སྙམ་དུ་བསམས་ན། དེའི་ལས་དེ་འགྲུབ་པར་བཤད་དོ། །དེ་ནས། དགེ་བ་འདི་ཡི་མྱུར་དུ་བདག །སངས་རྒྱས་ཀུན་གྱི་ཀུན་བདག་ཉིད། །རྡོ་རྗེ་འཆང་བ་ཐོབ་གྱུར་ཅིག །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །བྱང་ཆུབ་ཕྱིར་


JLD007_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱོད་གང་དང༌། །རྫོགས་སངས་རྒྱས་ཀྱི་གང་ཡིན་པ། །བྱང་ཆུབ་རྡོ་རྗེས་གང་གསུངས་པའི། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག །ཅེས་སྨོན་ལམ་གདབ་ལ། ལངས་ནས་སྤྱོད་ལམ་ལ་འཇུག་པའི་ཚེ་སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་རྡོ་རྗེ་སེམས་དཔར་བལྟའོ། །ཟས་ཀྱི་བྱ་བ་བྱེད་པའི་ཚེ་ཁ་ཟས་སྦྱང་བ་ནི་གཏོར་མ་བྱིན་གྱིས་བརླབ་པ་ལྟར་བྱ། ལྐོག་མ་སྦྱང་བ་ནི་དུང་དམར་པོའི་རྣམ་པ་ཅན་གྱི་མགྲིན་པར་ཧྲཱིཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཧཱུཾ་སྔོན་པོ་ལས་རྡོ་རྗེ་རྩེ་ལྔ་པ་རྭ་དབུས་མ་སྦུ་གུ་ཅན་གྱི་རྩེ་མོར་ༀ་འོད་ཟེར་ཟས་ལ་འཕྲོ་བ་བསམ་པའོ། །སྙིང་ཁ་སྦྱང་བ་ནི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་ལས་རྩེ་གསུམ་གྱི་མེ་འཕྲོ་བ་བསམ་པའོ། །དེ་ནས་ལག་པ་དགང་བླུགས་སུ་མོས་པས། ༀ་གྱི་འོད་ཟེར་གྱིས་དྲངས་ཏེ་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པའི་སྦུ་གུ་ནས་ཞུགས་ནས། ལྷ་ཐམས་ཅད་འདུས་པའི་བདག་ཉིད་སྙིང་ཁའི་ཧཱུཾ་ལ་འབུལ་བའི་ཚུལ་གྱིས་ཟ་བ་ནི། ནང་གི་སྦྱིན་སྲེག་གོ །དེ་ཡང་གསང་གནས་སུ་ཡཾ་ལས་རླུང༌། ལྟེ་བར་རཾ་ལས་མེ། སྙིང་ཁར་ལཾ་ལས་ས། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་རེ་བསམ། རླུང་གིས་མེ་སྦར་བས་ས་བསྲེགས་དེས་ཆུ་བསྐོལ་བས་ཁ་ཟས་རྣམས་བཞུས་ནས། མགྲིན་པའི་པདྨ་ནས་ཞུགས་སྙིང་ཁར་སླེབ་པ་ན་དྭངས་མས་ལྷ་རྣམས་ཚིམ། ལྟེ་བར་སླེབ་པ་ན་གཏུམ་མོའི་མེས་བསྲེགས་སྙིགས་མ་


JLD007_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐལ་བར་གྱུར་ཏེ་གསང་བའི་པདྨ་ནས་བརྒྱུད་ནས་འོག་སྒོར་འཐོན་པར་བསམས་ལ། ཅུང་ཟད་ཞུ་བའི་འོག་ཏུ་སྟེང་འོག་གི་རླུང་ཁ་སྦྱར་བྱས་ལ་གཟུང་ངོ༌། །དེ་རྒྱུན་པར་བྱས་ན་ནད་དང་དུག་ལ་སོགས་པས་མི་ཚུགས་ཤིང་རྒས་དཀའ་ལ་དུས་མིན་དུ་འཆི་བ་ཟློག་སྟེ། ཁ་ཟས་ཀྱི་བསམ་གཏན་གྱི་དེ་ཉིད་དོ། །ཐུན་གྱི་ངོ་བོ་དང་ཐུན་མཚམས་ཀྱི་རྣལ་འབྱོར་ཐམས་ཅད་ལ་རང་བཞིན་མེད་པར་རྟོགས་པའི་ལྟ་བས་དྲངས་པའི་སྒྱུ་མ་ལྟ་བུའི་རྩི་དང་མ་བྲལ་བ་དང༌། ཁྱད་པར་དུ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་བསྐྱེད་པའི་ཚེ་སྟོང་པའི་ལྟ་བ་དང་དབྱེར་མེད་དུ་སྦྱར་ནས་བསྐྱེད་ལ། གཞན་ཡང་དམིགས་པ་ལྷ་ལ་སོགས་པ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་གཉིས་ཚོགས་སྦྱོང་བ་ནི་ཤིན་ཏུ་གལ་ཆེའོ། །དེ་ལྟར་ནམ་གྱི་བརྒྱད་ཆ་ལུས་པའི་མཚམས་ནས་ལངས་ཏེ། ཐུན་དང་པོའི་རྣལ་འབྱོར་སྔར་བཤད་པ་བཞིན་བྱ། ཉི་མ་གུང་གི་ཐུན་དང་ཕྱི་དྲོ་ཉི་མཐའི་ཐུན་དང༌། མཚན་མོའི་གུང་ཐུན་ལ་ཡང་ལྷའི་རྣལ་འབྱོར་བསྒོམ་པའི་ཐུན་བཞི་བྱ་སྟེ། དེ་ཡང་ཐུན་ཐོག་མཐའ་གཉིས་རྒྱས་ལ་བར་པ་གཉིས་བསྡུས་ཏེ་བྱེད་པ་ལྟར་རམ། བྲེལ་ནའང་དང་པོ་རྒྱས་ལ་གཞན་གསུམ་བསྡུས་ཏེ་བྱེད་པ་དང༌། ཡང་ན་དང་པོ་ལ་ཡང་དལ་བྲེལ་གྱིས་རྒྱས་བསྡུས་གཉིས་བྱེད་ལ། གཞན་གསུམ་བསྡུས་ནས་བྱེད་པར་གསུངས་པ་བཞིན་བྱའོ། །འདིའི་བསྡུས་པ་ནི་རྡོ་རྗེ་བཞིས་སྐྱེད་པ་ལ་རྒྱས་བསྡུས་གཉིས་གསུངས་པའི་ཕྱི་མ་ཡིན་ལ། དེའི་ཚུལ་ནི་མཆོད་པའི་ང་རྒྱལ་འཛིན་


JLD007_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡན་ཆད་སྔར་བཤད་པ་བཞིན་བྱ་ལ། དེའི་མཐར་བཟླས་པ་དང་མཆོད་བསྟོད་སོགས་བྱེད་པའོ། །དེ་ལྟར་བྱེད་ན་ལྷག་མོས་ཀྱི་ལྷ་ལུས་ལ་བསྡུས་པའི་ཚེ་གདན་གཞན་རྣམས་མི་དམིགས་པར་བྱའོ། །ཐུན་བཞི་ཁའི་མཐར་གཏོར་མ་མ་གྲུབ་ན་ཐ་མའི་མཐར་བྱའོ། །ཐུན་ཐ་མའི་མཐར་ཉལ་བ་ན། ལུས་དཀྱིལ་གྱི་ལྷ་རྣམས་ལྷག་མོས་འོད་གསལ་དུ་སྡུད་པ་བཞིན་བསྡུས་པའི་མཐར་སེམས་གཞན་དུ་མི་གཏོང་བར་དེ་ཉིད་ལ་རྩེ་གཅིག་ཏུ་དམིགས་ཏེ་གཉིད་ཀྱི་འོད་གསལ་གཟུང༌། ནང་པར་ལྡང་པའི་ཚེ་ལྷ་མོའི་གླུས་བསྐུལ་ནས་འོད་གསལ་ལས་ལྷའི་སྐུར་ལངས་པ་ལ་བསླབ་ལ། ལྷག་མ་རྣམས་སྔ་མ་བཞིན་བྱའོ། །ཐུན་བཞིའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་དྲིལ་བའི་དབང་གིས་ལུས་སྟོབས་ཆུང་བར་སོང་ན། རང་གི་སྤྱི་བོ་ནས་མཐོ་གང་ཙམ་གྱི་བར་སྣང་ལ། ཝ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། འོག་གི་དབུས་སུ་ༀ་དཀར་པོ་མགོ་ཐུར་དུ་ལྟ་བ། ཟླ་བ་དང་བཅས་པ་ལས་དེ་བཞིན་གཤེགས་པ་ལྔའི་ངོ་བོའི་བདུད་རྩི་ཁ་དོག་ལྔ་དང་ལྡན་པ་བབ་པས། སྤྱི་བོ་ནས་རྐང་མཐིང་གྱི་བར་དུ་དབང་བསྐུར་བར་བསམས་ན། རིང་པོར་མི་ཐོགས་པར་ལུས་གཟི་བརྗིད་དང་ལྡན་པར་འགྱུར་ཏེ། ལུས་རྟས་པར་བྱེད་པའི་དེ་ཉིད་དོ། །འདི་ཉིན་རེ་བཞིན་ཡི་དམ་དུ་བྱས་ནས་གོམས་ན་ཚེ་རིང་ཞིང་གཉེར་མ་དང་སྐྲ་དཀར་མེད་པར་འགྱུར་རོ་ཞེས་འཆད་དོ། །དེ་ལྟར་ལས་དང་པོ་པས་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་


JLD007_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲུང་བ་ལ་ཤིན་ཏུ་བརྩོན་པས། ཐུན་བཞིར་གོམས་པར་བྱས་པས། ལྷའི་རྣལ་འབྱོར་ཕྲ་རགས་གཉིས་མཐར་ཕྱིན་པའི་སྔགས་དང་ནང་ལ་མཆོག་ཏུ་གཞོལ་བས། ཞི་བ་ལ་སོགས་པའི་ལས་རྣམས་སྒྲུབ་པ་ནི། དངོས་གྲུབ་ཆུང་ངུ་སྒྲུབ་པའི་དེ་ཉིད་དོ། །ཡང་དེས་གྲུབ་པ་བརྒྱད་ལ་སོགས་པ་སྒྲུབ་པ་ནི་དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་དེ་ལས་རྒྱལ་མཆོག་གོ །ཐུན་བཞིར་གོམས་པས་རྫོགས་རིམ་གྱི་རྟོགས་པ་ཡོངས་སུ་རྫོགས་པ་སྐྱེ་བའི་རྒྱུད་ལེགས་པར་སྨིན་པ་ནི་གཙོ་བོའི་དོན་ནོ། །འདི་ནས་རིག་མ་འདུ་བྱ་བའི་བར་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ །དེ་ཉིད་སོ་བརྒྱད་དང་ཞེ་དགུར་བྱེད་པའི་ཚུལ་གཉིས་བཤད་རྒྱུད་ལ་བྱུང་ཞིང་སྔ་མ་རྒྱ་གར་བ་ཁ་ཅིག་གིས་ཀྱང་བྱས་མོད་ཀྱང༌། ཕྱི་མ་རྒྱ་དཔེ་དག་པའི་ལུགས་ཡིན་ལ། ཞེ་དགུའི་གྲངས་ནི་འགྲེལ་པས་གཞན་དུ་བཤད་ཀྱང༌། མདོར་བྱས་དང་མདོ་བསྲེ་དང་ནཱ་རོ་པའི་རྒྱུད་ཕྱི་མའི་འགྲེལ་པ་དང་བསྟུན་ནས་བཤད་དོ། །རྣལ་འབྱོར་བཞིའི་སྟེང་དུ་རྒྱལ་མཆོག་ཕྱི་མ་གཉིས་ཀྱི་རྣལ་འབྱོར་བསྣན་པས་རྣལ་འབྱོར་དྲུག་གོ །དེ་ལྟར་ན་རྩ་རྒྱུད་དང་རྒྱུད་ཕྱི་མ་ལས་བསྙེན་བསྒྲུབ་ཡན་ལག་བཞི་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཏིང་ངེ་འཛིན་གསུམ་དང་རྣལ་འབྱོར་དྲུག་དང་དེ་ཉིད་བཞི་བཅུ་ཞེ་དགུར་བཤད་པའི་དོན་ལ་མཁས་པར་བྱས་ནས། ལམ་རིམ་པ་དང་པོ་ལ་ཐུན་བཞིར་བསྒོམས་ཏེ་སྔགས་ཀྱི་ལམ་གྱི་གཞི་ཚུགས་པར་བྱའོ། །རྒྱལ་བའི་ཆོས་ཚུལ་ཀུན་གྱི་


JLD007_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པ། །གཏིང་མཐའ་དཔག་པར་དཀའ་བ་འདུས་པའི་དོན། །ལམ་འདིས་རྡོ་རྗེ་འཆང་གི་ས་བརྙེས་པ། །དཔལ་ལྡན་ཀླུ་སྒྲུབ་ཞབས་ལས་ལེགས་འོངས་པ། །ཐབས་མཁས་ཀུན་གྱི་དབུས་ན་ནི། །རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན། །བློ་ཆེན་ལྡན་ལ་དགའ་སྐྱེད་པའི། །ངོ་མཚར་རྨད་དུ་བྱུང་བའི་གནས། །ཐབས་དང་བྲལ་བ་སྐྱེ་ཤི་བར་དོ་ཡི། །རིམ་པས་སྲིད་པར་ཡུན་རིང་ངལ་བ་དེ། །ཐབས་མཁས་ལྡན་ལ་སྐུ་གསུམ་ཉིད་དུ་ནི། །ཇི་བཞིན་འཆར་བའི་རིམ་པ་འདི་ཉིད་དོ། །དེ་ཡི་ཉེ་རྒྱུ་གཙོ་བོ་ནི། །རྫོགས་པའི་རིམ་པ་ཡིན་མོད་ཀྱང༌། །རིམ་པ་དང་པོས་མ་སྨིན་ལ། །ལམ་དེ་རྫོགས་པར་མི་སྐྱེ་བར། །དེ་ཕྱིར་རིམ་པ་དང་པོའི་སྨིན་བྱེད་ཚུལ། །གོ་བདེའི་ངག་གིས་འཇུག་པ་བདེ་བར་ནི། །ཀླུ་སྒྲུབ་མན་ངག་ཇི་བཞིན་བཀོད་པ་འདི། །ལམ་འདིར་མོས་པའི་སྐལ་ལྡན་དོན་དུ་སྦྱར། །འདིར་ནི་བདག་གིས་གང་ཞིག་ནོངས་པ་དེ། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་ཀུན་ནས་བཤགས། །འདིར་འབད་དགེ་དང་དགེ་གཞན་ཅི་མཆིས་པ། །མ་ལུས་ཐུབ་བསྟན་རྒྱས་པའི་དོན་དུ་བསྔོ། ཞེས་ཁྱབ་བདག་རྡོ་རྗེ་སེམས་དཔའི་བསྙེན་སྒྲུབ་བཞིའི་སྦྱོར་བས་མཉེས་པར་བྱེད་པ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ་ཞེས་བྱ་བ་འདི་ནི། དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་བློ་བཟང་གྲགས་པའི་དཔལ་གྱིས། འདུས་པའི་རྩ་བ་དང་བཤད་པའི་རྒྱུད་རྣམས་དང༌། འཕགས་


JLD007_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གྱི་གཞུང་ཀུན་ལ་རིང་དུ་འདྲིས་པར་བྱས་ནས། ལམ་འདི་ལ་མོས་པ་མང་པོས་བསྐུལ་བའི་དོན་དུ། འོལ་ཀའི་བསམ་གཏན་གླིང་གི་དབེན་གནས་སུ་སྦྱར་བའོ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousདཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།next