Nitartha Digital Library
Tibetan
 
previousདཔལ་གསང་བ་འདུས་པའི་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་གནད་དོན་གསལ་བ། next

དཔལ་གསང་བ་འདུས་པའི་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་གནད་དོན་གསལ་བ།


JLD007_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་གནད་དོན་གསལ་བ་བཞུགས་སོ། །


JLD007_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་དཔལ་གསང་བ་འདུས་པའི་མངོན་རྟོགས་ཀྱི་རིམ་པ་འཆད་པ་ལ། སྒྲུབ་ཐབས་ཀྱི་སྔོན་འགྲོ་བཤད་པ་དང༌། སྒྲུབ་ཐབས་ཀྱི་གཞུང་བཤད་པ་དང༌། སྒྲུབ་ཐབས་ཀྱི་ཆིངས་བཤད་པ་དང་གསུམ། འདིར་འཆད་བདེ་བ་དང་གོ་བདེ་བའི་ཕྱིར་དུ། སྒྲུབ་ཐབས་ཀྱི་ཆིངས་གཞུག་ན་ཡོད་པ་དེ་འདིར་འགོར་བླངས་པ་ཡིན་ལ། གསུམ་པ་འདིར་སྒྲུབ་ཐབས་ཀྱི་བཤད་པ་ལ། དེ་ཉིད་ཞེ་དགུའི་ཆིངས། རྡོ་རྗེ་བཞིའི་ཆིངས། རྣལ་འབྱོར་དྲུག་གི་ཆིངས། ཏིང་ངེ་འཛིན་གསུམ་གྱི་ཆིངས། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་དང་ལྔའོ། །དང་པོ་ནི། གནས་ཀྱི་དེ་ཉིད། རང་མི་བསྐྱོད་རྡོ་རྗེ་སོགས་བརྩེ་བ་སྙིང་རྗེ་ཆེན་པོའི་དེ་ཉིད། རང་ཉིད་ཞེ་སྡང་རྡོ་རྗེ་སོགས་བསྲུང་འཁོར་གྱི་


JLD007_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་བསྐྱེད་པའི་དེ་ཉིད། གཤིན་རྗེ་གཤེད་ཅེས་སོགས་བསྲུང་འཁོར་གྱི་འཁོར་ལོ་བསྐྱེད་པའི་དེ་ཉིད། འོག་གི་གནོད་མཛེས་ལ་བལྟས་པས་ཞེས་སོགས་ཕུར་བཏབ་ཀྱི་དེ་ཉིད། ཊཀྐི་ཧཱུཾ་ཛཿཞེས་སོགས་རྭ་གུར་གྱི་དེ་ཉིད། དངོས་པོ་མེད་པས་སྒོམ་པ་མེད། ཅེས་སོགས་ཡེ་ཤེས་ཀྱི་ས་བསྐྱེད་པའི་དེ་ཉིད། སྟོང་པའི་ངང་ལས་སྐད་ཅིག་གིས་ཞེས་སོགས་རྡོ་རྗེའི་སའི་ཆ་བསྐྱེད་པའི་དེ་ཉིད། བྷྲུཾ་དཀར་པོ་ཞེས་སོགས་ཀྱི་ལྷག་མོས་ཀྱི་གཞལ་ཡས་ཁང་བསྐྱེད་པའི་དེ་ཉིད། གདན་དེ་རྣམས་ཀྱི་དབུས་སུ་ཞེས་སོགས་ལྷག་མོས་ཀྱི་ལྷའི་དཀྱིལ་འཁོར་སྒོམ་པའི་དེ་ཉིད། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྣམ་སྣང་ནས། ཞེས་སོགས། ལྷག་མོས་ལུས་ལ་


JLD007_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བའི་དེ་ཉིད། གདན་དབུས་མའི་སྟེང་དུ་ཧཱུཾ་ལས་ཞེས་སོགས་ཉི་མ་སོགས་ལ་དམིགས་ཏེ་ལྡང་བའི་དེ་ཉིད། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཞེས་སོགས་ཟླ་བ་ལས་བྱང་ཆུབ་པ་དང༌། དེ་ལས་འོད་ཟེར་འཕྲོས་སྣོད་བཅུད། ཅེས་སོགས་ཡེ་ཤེས་ཙམ་ལ་སྙོམས་པར་ཞུགས་པའི་དེ་ཉིད། ཟླ་བའི་སྟེང་དུ་ཆུ་ལས་ཞེས་སོགས་ས་བོན་ལས་བྱང་ཆུབ་པའི་དེ་ཉིད། དེ་ལས་འོད་འཕྲོས་རིགས་ལྔ། ཞེས་སོགས་ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད། རྡོ་རྗེ་ཡི་གེ་དང་ཞེས་སོགས་སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད། རང་བཞིན་གྱི་གནས་ནས། ཞེས་སོགས་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་བའི་དེ་ཉིད། ལུས་ཀྱི་མདུན་རྒྱབ་ཅེས་སོགས་ལུས་གཞལ་ཡས་ཁང་དུ་བསྒྱུར་བའི་དེ་ཉིད། སྤྱི་གཙུག་ནས་སྐྲ་མཚམས་ཞེས་སོགས་ཕུང་པོ་ལྔ་རིགས་ལྔར་སྒོམ་པའི་དེ་ཉིད། ལྟེ་བར་ཞེས་སོགས་ཁམས་བཞི་ཡུམ་བཞིར་སྒོམ་པའི་དེ་ཉིད། མིག་གཉིས་སུ། ཞེས་སོགས་མིག་སོགས་ས་སྙིང་སོགས་སུ་བསྒོམ་པའི་དེ་ཉིད་མིག་གི་སྒོར་ཞེས་སོགས་ཡུལ་ལྔ་རྡོ་རྗེ་མ་ལྔར་སྒོམ་པའི་དེ་ཉིད། ལག་པ་གཡས་ལ་ཞེས་སོགས་ཡན་ལག་ཁྲོ་བོར་སྒོམ་པའི་དེ་ཉིད། རང་གི་སྤྱི་བོར་ༀ་ལས། ཞེས་སོགས་སྐུ་བྱིན་གྱིས་རློབ་པའི་དེ་ཉིད། མགྲིན་པར་ཨཱཿལས་ཞེས་སོགས། གསུང་བྱིན་གྱིས་རློབ་པའི་དེ་ཉིད། སྙིང་གར་ཧཱུཾ་ལས། ཞེས་སོགས་ཐུགས་བྱིན་གྱིས་རློབ་པའི་དེ་ཉིད། རང་ཉིད་དེ་བཞིན་གཤེགས་པ་ཞེས་སོགས་སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་


JLD007_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབ་པའི་དེ་ཉིད། རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོའི་ཞེས་སོགས་ཡེ་ཤེས་སེམས་དཔའ་ལ་དམིགས་པའི་དེ་ཉིད། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་ཞེས་སོགས་ཏིང་ངེ་འཛིན་སེམས་དཔའ་ལ་དམིགས་པའི་དེ་ཉིད། རང་གི་ཐུགས་ཀ་ནས་རང་རིགས་ཀྱི་རིག་མ། ཞེས་སོགས་རིག་མ་འདུ་བྱ་བའི་དེ་ཉིད། རང་ཉིད་རིན་འབྱུང་དུ་གྱུར་ཞེས་སོགས་མཆོད་པའི་དེ་ཉིད། མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས་ཞེས་སོགས་གཤེགས་པ་འབྱུང་བའི་དེ་ཉིད། སྤྱན་མ་རང་གི་ཐུགས་ཀར་དྲངས། ཞེས་སོགས་གཤེགས་མ་དབྱུང་བའི་དེ་ཉིད། གཟུགས་རྡོ་རྗེ་མ་ཞེས་སོགས་སེམས་མ་དབྱུང་བའི་དེ་ཉིད། བྱམས་པ་ཞེས་སོགས་སེམས་དཔའ་དབྱུང་བའི་དེ་ཉིད། གཤིན་རྗེ་གཤེད་ཅེས་སོགས་ཁྲོ་བོ་དབྱུང་བའི་དེ་ཉིད། སྟེང་སྒོར་ཕྱག་མཚན་ཕྲ་མོ་སྒོམ་པའི་དེ་ཉིད། འོག་སྒོར་ཐིག་ལེ་ཕྲ་མོ་སྒོམ་པའི་དེ་ཉིད། ནང་ཡིད་ཀྱི་བཟླས་པའི་དེ་ཉིད། བཛྲ་དྷྲིཀ་སོགས་ཕྱིའི་བཟླས་པའི་དེ་ཉིད། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱི་ཞེས་སོགས་གཙོ་བོ་འོད་གསལ་དུ་ཞུགས་པའི་དེ་ཉིད། དེ་ནས་ཚད་མེད་པ་བཞི་ཞེས་སོགས་ཞུ་བ་གླུས་བསྐུལ་བའི་དེ་ཉིད། མི་བསྐྱོད་རྡོ་རྗེ་ཞེས་སོགས་མཆོད་བསྟོད་ཀྱི་དེ་ཉིད། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་ཞེས་སོགས་དཀྱིལ་འཁོར་ཉེ་བར་བསྡུ་བའི་དེ་ཉིད། ཁ་ཟས་ཀྱི་དེ་ཉིད། ལུས་བརྟས་པའི་དེ་ཉིད། དངོས་གྲུབ་ཆུང་ངུ་བསྒྲུབ་པའི་དེ་ཉིད། དངོས་གྲུབ་


JLD007_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་བསྒྲུབ་པའི་དེ་ཉིད་དེ་ཞེ་དགུའོ། །རྡོ་རྗེ་བཞིའི་ཆིངས་ནི། གནས་ཀྱི་དེ་ཉིད་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པའི་དེ་ཉིད་ཀྱི་བར་ནི། སྟོང་ཉིད་བྱང་ཆུབ་ཀྱི་རྡོ་རྗེ་དང༌། ཉི་མ་སོགས་ལ་དམིགས་ནས་ལྡང་བའི་དེ་ཉིད་ནས། ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད་ཀྱི་བར་ནི། ས་བོན་བསྡུས་པའི་རྡོ་རྗེ་དང༌། སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་ནས། ཡན་ལག་ཁྲོ་བོར་བསྐྱེད་པའི་དེ་ཉིད་ཀྱི་བར་ནི། གཟུགས་ཉིད་རྫོགས་པའི་རྡོ་རྗེ་དང༌། སྒྲུབ་ཐབས་བསྡུས་པ་ལྟར་ན། སྐུ་བྱིན་གྱིས་རློབ་པ་ནས། མཆོད་པའི་དེ་ཉིད་ཀྱི་བར་དང༌། རྒྱས་པ་ལྟར་ན། སྐུ་བྱིན་གྱིས་བརླབ་པ་ནས། སྟེང་སྒོར་ཕྱག་མཚན་ཕྲ་མོའི་དེ་ཉིད་ཀྱི་བར་ནི། ཡི་གེ་འགོད་པའི་རྡོ་རྗེ་ཡིན་ནོ། །དེ་ཡང་རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། །བཞི་པ་ཡི་གེ་འགོད་པའོ། ཞེས་གསུངས་སོ། །རྣལ་འབྱོར་དྲུག་གི་ཆིངས་ནི། གནས་ཀྱི་དེ་ཉིད་ནས། ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པའི་བར་ནི་རྣལ་འབྱོར་དང༌། ས་བོན་ཕྱག་མཚན་སྐུ་རྫོགས་པ་ལས་བྱང་ཆུབ་པ་རྣམས་ནི་རྗེས་སུ་རྣལ་འབྱོར་དང༌། ལོངས་སྐུ་སྤྲུལ་སྐུར་བསྒྱུར་བ་ནས་ཡན་ལག་ཁྲོ་བོར་བསྐྱེད་པའི་དེ་ཉིད་ཀྱི་བར་ནི་ཤིན་ཏུ་རྣལ་འབྱོར་དང༌། སྐུ་བྱིན་གྱིས་རློབ་པ་ནས་མཆོད་པའི་དེ་ཉིད་ཀྱི་བར་ནི། རྣལ་འབྱོར་ཆེན་པོ་དང༌། མཆོད་པའི་དེ་ཉིད་ནས་ཁྲོ་བོ་དབྱུང་བའི་དེ་ཉིད་ཀྱི་བར་ནི། དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར་དང༌། སྟེང་སྒོར་ཕྲ་མོ་སྒོམ་པའི་དེ་


JLD007_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནས། དངོས་གྲུབ་འབྲིང་བསྒྲུབ་པའི་བར་ནི་ལས་རྒྱལ་མཆོག་གི་རྣལ་འབྱོར་རོ། །དེ་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བ་བསྒོམ་པར་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །ཞེས་གསུངས་སོ། །ཏིང་ངེ་འཛིན་གསུམ་གྱི་ཆིངས་ནི། གནས་ཀྱི་དེ་ཉིད་ནས་མཆོད་པའི་དེ་ཉིད་ལ་ཐུག་གི་བར་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང༌། མཆོད་པའི་དེ་ཉིད་ནས། སྟེང་སྒོར་ཕྲ་མོ་སྒོམ་པ་ལ་ཐུག་གི་བར་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་དང༌། སྟེང་སྒོར་ཕྱག་མཚན་ཕྲ་མོ་སྒོམ་པ་ནས། དཀྱིལ་འཁོར་ཉེར་བསྡུའི་བར་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཡིན་ནོ། །བསྙེན་སྒྲུབ་ཡན་ལག་བཞི་ནི། གནས་ཀྱི་དེ་ཉིད་ནས་། དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་ནི་བསྙེན་པའི་ཡན་ལག་ཡིན་ལ། ཅིའི་ཕྱིར་བསྙེན་པ་ཞེ་ན། ཡུལ་སྟོང་པ་ཉིད་ལ་ཡུལ་ཅན་ཡེ་ཤེས་དེས་ཡང་དང་ཡང་དུ་བསྙེན་ཅིང་དམིགས་པས་བསྙེན་པའོ། །ཉི་མ་ལ་སོགས་ལའང་དམིགས་ཏེ་ལྡང་བའི་དེ་ཉིད་ནས་ཡན་ལག་ཁྲོ་བོར་བསྐྱེད་པའི་བར་ནི། ཉེར་སྒྲུབ་ཀྱི་ཡན་ལག་གོ །ཅིའི་ཕྱིར་ཉེར་བསྒྲུབ་ཅེ་ན། གང་ལ་ཉེ་བར་རྒྱུའི་ཡུལ་ནི་ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེ་ལ་ཁད་ཀྱིས་ཉེ་བར་བྱེད་པའི་སྔགས་ཀྱི་ལོངས་སྤྱོད་རྫོགས་


JLD007_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་སྒྲུབ་པས་ན་ཉེར་སྒྲུབ་ཅེས་བྱའོ། །སྐུ་བྱིན་རླབས་ནས་མཆོད་བསྟོད་ཀྱི་བར་ནི། སྒྲུབ་པའི་ཡན་ལག་ཡིན་ལ། ཅིའི་ཕྱིར་སྒྲུབ་པ་ཞེ་ན། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་དང༌། སངས་རྒྱས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་དུ་བསྒྲུབ་པས་ན་བསྒྲུབ་པ་ཞེས་བྱའོ། །མཆོད་པ་ནས་དཀྱིལ་འཁོར་ཉེར་བསྡུའི་བར་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ །ཅིའི་ཕྱིར་སྒྲུབ་པ་ཆེན་པོ་ཞེ་ན། གཞན་དོན་རྒྱ་ཆེན་པོ་ལ་འཇུག་པས་ན་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དེ་ཡང་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང༌། །ཉེ་བར་སྒྲུབ་པ་འབྱུང་བ་དང༌། །སྒྲུབ་པའི་དོན་ནི་དམ་ཚིག་དང༌། །སྒྲུབ་པ་ཆེན་པོ་དག་དང་བཞི། །འདི་ཡན་ནི་སྒྲུབ་ཐབས་ཀྱི་ཆིངས་ཀྱི་དབང་དུ་བྱས་པ་ཡིན་ལ། འདི་མན་ཆད་སྒྲུབ་ཐབས་ཀྱི་ཚོགས་ཞིང་ནས་བཟུང་སྟེ། དངོས་གཞི་ལ་འཇུག་པ་ཡིན་ལ། དང་པོ་ལ་མཐུན་རྐྱེན་བསྟེན་པ་ཚོགས་བསགས་པ་དང༌། འགལ་རྐྱེན་འགོག་པ་བསྲུང་བའི་འཁོར་ལོ་སྒོམ་པའོ། །དང་པོ་ལ། མཆོད་པའི་ཡན་ལག །ཕྱག་འཚལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་ཞིང་བསྔོ་བ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་ཅིང་ལམ་ལ་བརྟེན་པ། སྡོམ་པ་བཟུང་བའི་ཡན་ལག་དང་བདུན་ནོ། །དང་པོ་ལ། མཆོད་མཁན་ནི་མི་བསྐྱོད་པའི་ང་རྒྱལ་ལ་གནས་པའི་སྒྲུབ་པ་པོ་ཡིན་ལ། མཆོད་ཡུལ་ནི། བླ་མ་དང་གཉིས་སུ་མེད་པའི་མི་བསྐྱོད་པའི་དཀྱིལ་འཁོར་ཡིན་ཞིང༌། སྤྱན་འདྲེན་མཁན་ནི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དང༌། འདྲེན་


JLD007_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ལ། བླ་མ་རྡོ་རྗེ་འཆང་གཅིག་པུའི་རྣམ་པར་སྤྱན་འདྲེན་པ་དང༌། གཙོ་བོའི་རིགས་བདག་ཏུ་བཞུགས་པའི་ཚུལ་གྱིས་སྤྱན་འདྲེན་པ་དང༌། དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཚུལ་གྱིས་སྤྱན་འདྲེན་པ་དང་གསུམ་ཡོད་པ་ལས། འདིར་ནི་ཕྱི་མ་ཡིན་ནོ། །སྤྱན་འདྲེན་པའི་གནས་ལ། དུར་ཁྲོད་ནས་སྤྱན་འདྲེན་པ་དང༌། འོག་མིན་ནས་སྤྱན་འདྲེན་པ་དང༌། རང་བཞིན་གྱི་གནས་ནས་སྤྱན་འདྲེན་པའི་ཚུལ་དང་གསུམ་ཡོད་པ་ལས། འདིར་ནི་ཕྱི་མ་ལྟར་ཡིན་ཞིང༌། རང་བཞིན་གྱི་གནས་ལ་ཡང༌། དང་པོ་གང་དུ་སངས་རྒྱས་པའི་ལོངས་སྤྱོད་རྫོགས་པའི་སྐུ་རྟེན་དང་བརྟེན་པར་བཅས་པ་ལ་རང་བཞིན་གནས་སུ་བྱས་ནས། དེ་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་དང༌། ཆོས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས། དེ་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་དང་ཚུལ་གཉིས་ཡོད་དོ། །མཆོད་པའི་རྫས་ནི། སྤྲོས་པའི་ལྷ་མོ་རྣམས་ཀྱི་ཐོགས་པའི་མེ་ཏོག་ལ་སོགས་པ་ཡིན་ཞིང༌། མཆོད་པའི་སྔགས་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་གསུངས་པ་རྣམས་ཡིན་ལ། དམིགས་པ་ནི། ༀ་བརྗོད་པ་དང་མཉམ་དུ་མཆོད་པའི་ལྷ་མོ་སྤྲོས་ནས། སྔགས་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཡོན་གྱི་མཆོད་པའི་སྤྲིན་གྱི་རྒྱ་མཚོ་ཕྱོགས་བཅུར་འཕྲོ་བ་འདི། དམ་ཚིག་བཞིན་དུ་བཞེས་ཤིག །ཅེས་ཕུལ་ནས། ཧཱུཾ་བརྗོད་


JLD007_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཉམ་དུ། མཆོད་པའི་ལྷ་མོ་རྣམས་ཐུགས་ཀའི་ཧཱུཾ་ལ་བསྡུའོ། མཆོད་པའི་དོན་ནི། དེ་ལྟར་མཆོད་པས་བླ་མ་དང་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེས་པ་དེ་ཡིན་ནོ། །གཉིས་པ་ནི། གང་ལ་ཕྱག་འཚལ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་དང་སྤངས་རྟོགས་འདྲ་ཞིང༌། རིག་མ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་རྒྱ་ཆེ་བ་ལྷའི་འཁོར་ལོར་ཤར་བ་དེ་ལ་ཕྱག་འཚལ་ལོ། །ལྷའི་འཁོར་ལོ་དེ་གང་ཡིན་སྙམ་ན། གཟུགས་ཕུང་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པའི་རྣམ་སྣང་སོགས་རིགས་ལྔ་དང༌། གཟུགས་ཀྱི་སྐྱེ་མཆེད་དྲུག་རྣམ་པར་དག་པའི་གཟུགས་རྡོ་རྗེ་མ་སོགས་ལྔ་དང༌། བྱང་སེམས་ཀུན་བཟང་དང་དྲུག་གོ །མིག་གི་དབང་པོ་ལ་སོགས་པའི་དབང་པོ་དྲུག་རྣམ་པར་དག་པའི་ས་སྙིང་སོགས་སེམས་དཔའ་དྲུག་དང༌། ས་ཁམས་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་པའི་སྤྱན་མ་ལ་སོགས་པའི་ལྷ་བཞི་དང༌། བྱང་སེམས་འཇམ་དཔལ་དང་ལྔ། གཏི་མུག་རྣམ་པར་དག་པ་རྣམ་སྣང་གི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་དང༌། ཉེས་པ་སྟེ་ང་རྒྱལ་རྣམ་པར་དག་པ་རིན་འབྱུང་གི་རིགས་ཀྱི་ཁྲོ་བོ་ཤེས་རབ་མཐར་བྱེད་དང༌། འདོད་ཆགས་རྣམ་པར་དག་པ་འོད་དཔག་མེད་ཀྱི་རིགས་རྟ་མགྲིན་དང༌། རྡོ་རྗེ་དོན་གྲུབ་ཀྱི་རིགས་ཀྱི་བགེགས་མཐར་བྱེད་དང༌། སྡུད་དང་ཞེས་པ་འདོད་རྒྱལ་དང༌། དགའ་དང་


JLD007_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དབྱུག་སྔོན་ཅན་དང༌། རྣམ་པ་ཞེས་པ་སྟོབས་པོ་ཆེ་དང༌། མི་འགྱུར་ཞེས་པ་མི་གཡོ་བ་དང༌། རྒྱུ་དང་ཞེས་པ་གནོད་མཛེས་དང༌། འབྲས་བུ་ཞེས་པ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྟེ་ལྷ་སོ་གཉིས་པོ་དེ་ལ་ཕྱག་འཚལ་ལོ། །གསུམ་པ་ནི། དུས་ཐོག་མ་མེད་པ་ནས་གནས་སྲིད་པའི་ཆུ་ཀླུང་དང༌། དུག་གསུམ་མ་ལུས་པའི་ཀུན་རྟོག་གིས་བསགས་པའི་ངོ་བོ་ཁ་ན་མ་ཐོ་བའི་རྙོག་པ་མི་དགེ་བ་བཅུ་ལ་སོགས་པ་རྣམས། ཡུལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བླ་མ་དང༌། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར། ཚུལ་རྒྱལ་བའི་གསུངས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་གཉེན་པོ་སྟོབས་བཞི་ཚང་ཞིང༌། འཁོར་གསུམ་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བཤགས་པར་བྱེད་པ་ནི། བཤགས་པའི་ཡན་ལག་གོ །བཞི་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་རང་དང༌། འཕགས་པ་ལས་གཞན་པའི་སོ་སོ་སྐྱེ་བོ་རྣམས་ཀྱིས་དགེ་བ་གང་མཛད་པ། དེ་དག་ཀུན་ལ་ཡང་དག་པར་རྗེས་སུ་ཡི་རང་ཞིང༌། དུས་གསུམ་གྱི་དགེ་རྩ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་བྱེད་པ་ནི་རྗེས་སུ་ཡི་རང་བ་དང་བསྔོ་བའི་ཡན་ལག་གོ །ལྔ་པ་ནི། ཡིད་ཀྱི་རོལ་པ་སྟེ་བཀོད་པ་གཉིས་སྣང་གི་དྲི་མ་མེད་པའི་ཡེ་ཤེས་ཟླ་བ་འདྲ་བ་གོང་ནས་གོང་དུ་འཕེལ་བས་བསྒྲུབས་པའི་ཤེས་རབ་ཀྱི་ཡོན་ཏན་དང༌། སྙིང་རྗེ་


JLD007_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་མཐའ་ཡས་པའི་ཐབས་ཀྱི་ཡོན་ཏན་དང༌། དེ་ལྟར་ཐབས་ཤེས་ཀྱི་ཡོན་ཏན་མཐར་ཐུག་པ་དེ་གཉིས། རང་གི་ཡིད་ལ་གནས་པར་གྱུར་པའི་བདེ་པར་གཤེགས་པ་རྣམས་ཆོས་སྟོན་པའི་སྐྱབས་སུ་ཁས་ལེན་པ་ནི། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང༌། ས་རང་རང་གི་ངོ་སྐལ་གྱི་གཉིས་སྣང་གི་རྟོག་པ་མ་ལུས་པ་ལས་རང་དུས་ན་ངེས་པར་གྲོལ་ཞིང༌། སེམས་དཔའ་དམ་པ་བྱང་སེམས་འཕགས་པ་རྣམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བའི་གཞི་ལམ་གྱི་བདེན་པ་དང༌། ཆོས་ཅན་གྱི་དངོས་པོ་ཐམས་ཅད་དེ་ཁོ་ན་ཉིད་དུ་རོ་གཅིག་པའི་ཆོས་ཉིད་འགོག་པའི་བདེན་པ་སྟེ། འགོག་ལམ་གྱི་ཆོས་ཉིད་གཉིས་པོ་དེ་རང་རྒྱུད་ལ་ཐོབ་བྱར་ཁས་ལེན་པ། དེ་ནི་ཆོས་ལ་སྐྱབས་སུ་འགྲོ་བ་དང༌། ས་རང་རང་གི་ངོ་སྐལ་གྱི་འཆིང་བ་ཀུན་ལས་ཡང་དག་པར་གྲོལ་ཞིང༌། སྙིང་རྗེ་མཆོག་གི་མ་མས་བསྐྲུན་པའི་དཔལ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང༌། ས་རབ་དགའ་སོགས་ལ་རབ་ཏུ་ཞུགས་པའི་ཐེག་ཆེན་བརྟུལ་ཞུགས་བྱང་སེམས་སོ་སྐྱེ་ལས་དབང་པོ་སྟེ་མཆོག་ཏུ་གྱུར་པའི་བྱང་སེམས་འཕགས་པའི་ཚོགས་རྣམས་ལ་མ་སྒྲུབ་པའི་གྲོགས་སུ་ཁས་ལེན་པ་ནི་དགེ་འདུན་ལ་སྐྱབས་སུ་འགྲོ་བའོ། །དྲུག་པ་ནི་བསམ་པ་སྨོན་པའི་སེམས་དང༌། རྣམ་པར་སྨིན་པའི་སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་པར་འབྱིན་པའི་འཇུག་པའི་སེམས་ཏེ། སྨོན་འཇུག་གི་སེམས་གཉིས་པོ་དེ། གཞན་


JLD007_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ལྷག་པར་མོས་པས་རྣམ་པར་བརྒྱན་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་བགྲོད་ལམ་གཅིག་ཏུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། དཀར་པོའི་ལས་ལམ་བཅུ་ལ་སོགས་པའི་ཡོན་ཏན་གྱི་ཚུལ་ཁྲིམས་ལ་སློབ་པར་ཁས་ལེན་པ་ནི་སེམས་བསྐྱེད་ཀྱི་ལམ་ལ་བརྟེན་པའི་ཡན་ལག་གོ །བདུན་པ་ནི། ཇི་ལྟར་དུས་གསུམ་གྱི་མགོན་པོ་སངས་རྒྱས་རྣམས་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་མཛད་དེ། སེམས་ཅན་རྣམས་སངས་རྒྱས་ཀྱིས་ས་ལ་བཀོད་པར་མཛད་པ་དེ་བཞིན་དུ། སློབ་བཞིན་པའི་སྒྲུབ་པ་པོ་བདག་གིས་ཀྱང༌། སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་བར་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྒོ་ནས། སེམས་ཅན་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་བྱའོ་སྙམ་པ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས་ཞེས་སོགས་ཀྱི་དོན་ཡིན་ནོ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་སློབ་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བར་ཁས་ལེན་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། སངས་རྒྱས་རྣལ་འབྱོར་རྣམ་སྣང་གི་རིགས་ལས་སྐྱེས་པའི་རྣལ་འབྱོར་པའི་དམ་ཚིག་དང་སྡོམ་པ་ཡིན་ནོ། །


JLD007_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་ཕྱག་ཚད་དང་ལྡན་པའི་རྟགས་ཀྱི་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པ་འཛིན་པ་རྡོ་རྗེའི་དམ་ཚིག་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པའི་སྟོང་པ་ཉིད་དང༌། རྣལ་འབྱོར་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཤེས་རབ་ནི་དོན་དམ་པའི་དྲིལ་བུ་ཡིན་ལ། མཚོན་དོན་དེ་དྲན་པའི་དོན་དུ་ཕྱག་ཚད་དང་ལྡན་པའི་རྟགས་ཀྱི་དྲིལ་བུ་འཛིན་ཅིང༌། དྲིལ་བུའི་སྒྲས་ཀྱང་དོན་དེ་སེམས་པའི་སྒོ་ནས། དྲིལ་བུ་འཁྲོལ་བ་ནི་དྲིལ་བུའི་དམ་ཚིག་དང༌། རང་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་ནས། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། འཁྱུད་པ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་སྟོང་སྦྱར་ནས་སྒོམ་པ་ནི་ཕྱག་རྒྱའི་དམ་ཚིག་དང༌། དབང་བསྐུར་བས་མཚོན་པའི་སྔགས་ཀྱི་ཆོས་སྟོན་པའི་སློབ་དཔོན་བསྙེན་བཀུར་བའི་ཞིང་མཆོག་ཏུ་འཛིན་པ་ནི། སློབ་དཔོན་གྱི་དམ་ཚིག་སྟེ། དམ་ཚིག་དེ་བཞི་ཉིན་རེ་བཞིན་དུ་དུས་དྲུག་ཏུ་བསྟེན་པར་ཁས་ལེན་པ་ནི། རྡོ་རྗེ་རིགས་མཆོག་མི་བསྐྱོད་པའི་རིགས་ཀྱི་རྣལ་འབྱོར་པའི་དམ་ཚིག་གོ །ཟང་ཟིང་གི་སྦྱིན་པ་དང་དགེ་རྩ་གཞན་ལ་བསྔོ་བ་སོགས་ཆོས་ཀྱི་སྦྱིན་པ་དང༌། བྱམས་པ་ཚད་མེད་སྒོམ་པ་བྱམས་པའི་སྦྱིན་པ་དང༌། བཏང་སྙོམས་ཚད་མེད་པ་སྒོམ་པ་མི་འཇིགས་པའི་སྦྱིན་པ་སྟེ། སྦྱིན་པ་རྣམ་པ་བཞི་ཉིན་རེ་བཞིན་དུ་དུས་དྲུག་ཏུ་ཡུལ་སེམས་ཅན་ལ་སྦྱིན་པར་ཁས་ལེན་པ་ནི། རིན་ཆེན་རིགས་མཆོག་རིན་འབྱུང་གི་རིགས་ཀྱི་རྣལ་འབྱོར་པའི་


JLD007_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་སྡོམ་པ་ཡིན་ནོ། །ཕྱི་བྱ་སྤྱོད་ཀྱི་རྒྱུད་སྡེ་དང་གསང་བ་རྣལ་འབྱོར་དང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་དང༌། ཉན་ཐོས་ཀྱི་ཐེག་པ་དང༌། རང་རྒྱལ་གྱི་ཐེག་པ་དང༌། ཐ་རོལ་ཏུ་ཕྱིན་པའི་ཐེག་པ་སྟེ། ཐེག་པ་གསུམ་གྱི་དམ་པའི་ཆོས་མ་ལུས་པ་སོ་སོར་ཉིན་རེ་བཞིན་དུ་དུས་དྲུག་ཏུ་འཛིན་པར་ཁས་ལེན་པ་ནི། པད་མའི་རིགས་འོད་དཔག་མེད་ཀྱི་རིགས་ཀྱི་རྣལ་འབྱོར་པའི་དམ་ཚིག་ཡིན་ནོ། །ཕྱིའི་མཆོད་པ་དང༌། ནང་གི་མཆོད་པ་དང༌། གསང་བའི་མཆོད་པ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པའི་ལས། ཡུལ་བླ་མ་དང༌། དཀྱིལ་འཁོར་བའི་ལྷ་རྣམས་ལ་ཉིན་རེ་བཞིན་དུ་དུས་དྲུག་ཏུ་མཆོད་པར་ཁས་ལེན་པ་ནི། ལས་ཀྱི་རིགས་མཆོག་དོན་གྲུབ་ཀྱི་རིགས་ཀྱི་རྣལ་འབྱོར་པའི་དམ་ཚིག་ཡིན་ནོ། །དེ་ལྟར་རིགས་ལྔའི་སྡོམ་པ་བཟུང་བའི་སྒོ་ནས། སྒྲིབ་གཉིས་ཀྱིས་འཆིང་བ་ལས་མ་བསྒྲལ་བའི་ཚངས་པ་ལ་སོགས་པ་ལམ་མ་ཞུགས་ཀྱི་སེམས་ཅན་རྣམས་སྒྲིབ་གཉིས་ཀྱི་འཆིང་བ་ལས་བསྒྲལ་བ་དང༌། ཤེས་སྒྲིབ་ཀྱི་འཆིང་བ་ལས་མ་སྒྲོལ་བའི་ཉན་རང་དགྲ་བཅོམ་པ་རྣམས་ཤེས་སྒྲིབ་ཀྱི་འཆིང་བ་ལས་སྒྲོལ་བ་དང༌། སྡུག་བསྔལ་གྱི་དབུགས་མ་ཕྱིན་པའི་ངན་སོང་གསུམ་པོ་རྣམས་དབུགས་དབྱུངས་ནས་སེམས་ཅན་དེ་རྣམས་མི་གནས་པའི་མྱང་འདས་ལ་འགོད་པར་ཁས་ལེན་པ་ནི། སྡོམ་པ་བཟུང་བའི་ཡན་ལག་གོ །སྐབས་འདིར་སྡོམ་བཟུང་བྱེད་པ་ནི་སྡོམ་པ་སྔར་མེད་གསར་དུ་སྐྱེ་བ་དང༌། ཉམས་པ་སོར་


JLD007_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པའི་ཆེད་མིན་ལ་ཐོབ་ཟིན་བརྟན་པའི་ཕྱིར་ཡིན་པས། འདི་ནི་བླ་མ་དང་དཀྱིལ་འཁོར་པའི་ལྷ་རྣམས་དགེས་བྱེད་ཡིན་པས་སྦྱོར་བ་ཚོགས་བསགས་ཀྱི་ནང་དུ་སྡུད་པ་ཡིན་ནོ། །གཉིས་པ་འགལ་རྐྱེན་འགོག་པ་བསྲུང་བའི་འཁོར་ལོ་སྒོམ་པ་ནི། བསྲུང་འཁོར་སྒོམ་པའི་སྔོན་དུ་ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་རྣམ་ཐར་སྒོ་གསུམ་སྒོམ་པ་ནི། བསྲུང་བའི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་རྣམས་སྟོང་ཉིད་ཀྱི་རྣམ་འགྱུར་དུ་འཆར་བའི་ཆེད་ཡིན་ལ། བསྲུང་བའི་འཁོར་ལོ་རྩིབས་བཅུ་པ་གཡས་སྐོར་དུ་མགྱོགས་པར་འཁོར་བ་རྡོ་རྗེ་འབར་བའི་སྤྲིན་གྱི་ཕྲེང་བ་ཕྱོགས་བཅུར་འཕྲོ་བ་བསྒོམ་པ་ནི། རྒྱུད་ཕྱི་མ་ལས། ཀུན་ནས་སེར་བའི་འཁོར་ལོ་ནི། ཞེས་པ་ནས། མི་གཡོ་བ་དང་མཚུངས་པར་འཁོར། ཞེས་པས་སྟོན་པ་ཡིན་ནོ། །བསྲུང་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་སྐུ་མདོག་དཀར་པོར་བསྒོམ་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་ཤིང་ཞལ་གསུམ་ཕྱག་དྲུག་པར་བསྒོམ་པ་ནི། སློབ་དཔོན་ཨ་བྷྱ་ཀ་རས་གསུངས་ལ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་བསྒོམ་པ་ནི། སློབ་དཔོན་ཐུབ་པ་དཔལ་གྱིས་གསུངས་པ་ལ། སེམས་དཔའ་གསུམ་བརྩེགས་སུ་བསྐྱེད་ནས་གནས་གསུམ་དུ་ཡི་གེ་གསུམ་འགོད་པ་ནི་རྒྱུད་ཕྱི་མ་ལས་གསུངས། ཁྲོ་བོ་རྣམས་ཧཱུཾ་རིང་པོ་ལས་བསྐྱེད་པ་ནི། ལེའུ་བཅུ་གསུམ་པ་རྩ་འགྲེལ་ལས་གསུངས་ལ། རྡོ་རྗེ་འཆང་དང་མི་བསྐྱོད་པ་བཅུག་ནས་ཞེ་སྡང་རྡོ་རྗེར་བསྒྱུར་ཏེ་འོད་དམར་པོ་འབར་


JLD007_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཁྲུག་པའི་དབུས་ན་སྙོམས་པར་འཇུག་པའི་ཙུལ་གྱིས་བཞུགས་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསྒོམ་པ་ནི། ལེའུ་བཅུ་བཞི་པ་རྩ་འགྲེལ་ལས་གསུངས་ཤིང༌། ཡབ་ཞེ་སྡང་རྡོ་རྗེར་བསྒྱུར་བའི་དགོས་པ་ནི། ཁྲོ་བོ་རྣམས་ལ་བཀའ་བསྒོ་བའི་ཆེད་དུ་ཡིན་ལ། ཡུམ་རེག་བྱ་རྡོ་རྗེ་མར་བསྒྱུར་བ་ནི། ཡབ་ཞེ་སྡང་རྡོ་རྗེར་བསྒྱུར་བའི་རིགས་པ་སྦྱར་བ་ཡིན་ནོ། །ཁྲོ་བོ་རྣམས་མངལ་འབྱིན་བྱས་ནས་ཉི་གདན་ལ་གཡོན་བརྐྱང་གིས་འཁོད་པ། སློབ་དཔོན་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་གཉིས་ཀྱིས་གསུངས་སོ། །ༀ་སུམ་བྷ་སོགས་ཀྱི་སྔགས་དོན་བཤད་ན། ༀ་ལ་ཡི་གེ་ཨ་དང༌། ཨུ་དང་མ་དང་གསུམ་ཡོད་པ་དེས་ནི། རྡོ་རྗེ་གསུམ་པོ་དེ་མཚོན་ལ། ཨ་ལ་ཨུ་བྱིན་པས་ཨོ་དང༌། མ་ཡིག་ཐིག་ལེར་བྱིན་པས་ༀ་དུ་གྱུར་པ་ནི། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དེ་མཚོན་ཞིང༌། མཚོན་དོན་དེ་དྲན་པའི་སྒོ་ནས་དང་པོར་ༀ་ཞེས་བརྗོད་པ་ནི་བསོད་ནམས་ཀྱི་ཚོགས་ལེན་པར་བྱེད་དོ། །སུམ་བྷ་ཞེས་པ་ནི་ངེས་པར་འདུལ་བ། ནི་སུཾ་བྷ་ཞེས་པ་ནི་མ་ལུས་པར་ངེས་པར་འདུལ་བ། གྲཧྞ་གྲཧྞ་ཞེས་པ་ནི་ཟུངས་ཤིག་ཟུངས་ཤིག་པའོ། །གྲཧྞ་པ་ཡ་གཉིས་ནི་འཁོར་རྣམས་ཀྱང་འཛིན་དུ་ཆུག་ཅིག་པའོ། །གདོན་བགེགས་རྣམས་སོ། །ཨཱ་ན་ཡ་ཧོ་བྷ་ག་ཝན་བི་ཏྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་པ་ནི། ཀྱཻ་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཞེས་གནོད་མཛེས་ལ་བོད་པའོ། །གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་དེ་རྡོ་རྗེ་ལྕགས་ཀྱུར་བསྒྱུར་བ་ནི། ལེའུ་བཅུ་བཞི་པ་རྩ་འགྲེལ་ལས་གསུངས། བགེགས་


JLD007_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གཙོ་བོ་ཞེས་པ་ནས། འབྲུབ་ཁུང་གི་རྣམ་པ་ཅན་རྣམས་སུ་བཅུག་པར་གྱུར་ཞེས་པའི་བར་རྣམས་ནི། ནག་པོ་དམ་ཚིག་རྡོ་རྗེ་གསུངས། ཕུར་གདབ་ཀྱི་སྔགས་དོན་ནི། ༀ་ནི་བཤད་ཟིན་ལ། གྷ་གྷ་ནི་གྷ་ཏ་ཀ་ཏེ། གསོད་བྱེད་གསོད་བྱེད་ཅེས་པའོ། །གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་ཕཊ། ཅེས་པ་ནི། མ་རུ་ངས་པ་ཐམས་ཅད་ཆོམས་ཤིག་ཆོམས་ཤིག་པའོ། །ཀཱི་ལ་ཡ་ཀཱི་ལ་ཡ་ཞེས་པ་ནི། ཕུར་བུས་གདབ་པ་ལས་མི་གཡོ་བར་གྱིས་ཤིག་པའོ། །ༀསརྦ་པཱ་པཾ་ཞེས་པ་ནི་སྡིག་པའི་བསམ་པ་ཅན་ཐམས་ཅད་པའོ། །ཧཱུཾ་གསུམ་པ་ནི་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའོ། །བཛྲ་ཀཱི་ལ་ཡ་ཞེས་པ་ནི་རྡོ་རྗེ་ཕུར་བུ་ཞེས་པའོ། །བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཞེས་པ་ནི་རྡོ་རྗེ་འཆང་གི་བཀའ་ཉོན་ཅིག་པའོ། །སརྦ་བིགྷྣན་ཞེས་པ་ནི་བགེགས་ཐམས་ཅད་པའོ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཞེས་པ་ནི་ལུས་ངག་ཡིད་གསུམ་མོ། །བཛྲ་ཀཱི་ལ་ཡ་སྔར་ལྟར་རོ། །ཧཱུཾ་ཕཊ་ཅེས་པ་ནི། དེ་དག་དགས་པར་བྱེད་པའོ། །ཁྲོ་བོ་རྣམས་ཀྱི་ཕྱི་རོལ་དུ་རྡོ་རྗེ་ཆེ་བ་རྣམས་ཀྱི་ཁོང་གསེང༌། ཆུང་བ་རྣམས་ཀྱི་རྡུལ་ཕྲ་རབ་ཀྱིས་བར་མཚམས་མེད་པར་བལྟམས་པའི་ལྕགས་ཀྱི་རྡོ་རྗེའི་ར་བ་དང༌། དེའི་ཕྱི་རོལ་དུ་ཆུའི་གཟེགས་མ་ཕྱིར་འཐོར་བའི་ཆུའི་ར་བ་དང༌། དེའི་ཕྱི་རོལ་དུ་གདུག་པ་ཅན་རྣམས་ཀྱིས་བལྟ་བར་མི་བཟོད་པའི་ཁ་དོག་ལྔ་འཕྲོ་བའི་ཡེ་ཤེས་ཀྱི་མེ་འབར་བ་དང༌། དེའི་ཕྱི་རོལ་དུ་དྲག་ཅིང་རྩུབ་པའི་སྒྲ་དང་ལྡན་པའི་རླུང་གི་ར་བ་སྟེ། ར་བ་བཞི་ཀའང་དབྱིབས་ཟླུམ་པོ་དཔངས་སུ་འོག་མིན་ནས་རླུང་གི་དཀྱིལ་འཁོར་ལ་ཐུག་པའི་བར་རམ། ཡང་ན་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞི་ལ་ཐུག་གི་བར་དང༌། རྒྱར་ལྕགས་རི་


JLD007_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུག་པའམ། བློས་ཇི་ཙམ་སྤྲོ་ཐུབ་ཐུབ་སྤྲོས་ནས་བསྒོམ་པ་ནི། གནས་བསྲུང་བའི་ཆེད་ཡིན་ལ། ཁྲོ་བོ་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་འགོད་པ་ནི་བདག་བསྲུང་བའི་ཆེད་ཡིན་ནོ། །གཉིས་པ་སྒྲུབ་ཐབས་ཀྱི་གཞུང་བཤད་པ་ལ་གཉིས། གཞིའི་སྲིད་པ་འཆགས་འཇིག་གི་རིམ་པ་དང་ཆོས་མཐུན་པར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་ཚུལ་བཤད་པ་དང༌། འབྲས་བུ་སངས་རྒྱས་ཀྱི་མཛད་པ་དང་ཆོས་མཐུན་པར་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་སྒོམ་ཚུལ་བཤད་པའོ། །དང་པོ་ལ་གཉིས། སྣོད་ཀྱི་སྲིད་པ་འཆགས་འཇིགས་གི་རིམ་པ་དང་ཆོས་མཐུན་པར་རྟེན་གཞལ་ཡས་ཁང་བསྒོམ་པའི་ཚུལ་དང༌། བཅུད་ཀྱི་སྲིད་པ་འཆགས་འཇིག་གི་རིམ་པ་དང་ཆོས་མཐུན་པར་སྐུ་གསུམ་གྱི་རྣལ་འབྱོར་བསྒོམ་ཚུལ་བཤད་པའོ། །དང་པོ་ལ་གཉིས། སྣོད་སྔ་མ་སྟོངས་པའི་རིམ་པ་དང་ཆོས་མཐུན་པར་ཡེ་ཤེས་ཀྱི་ས་བསྒོམ་ཚུལ་དང༌། སྣོད་ཕྱི་མ་འཆགས་པའི་རིམ་པ་དང་ཆོས་མཐུན་པར་རླུང་གི་དཀྱིལ་འཁོར་སོགས་བསྒོམ་པའོ། །དང་པོ་ལ་གཉིས། མཐུན་ཡུལ་བཤད་པ་དང༌། དེ་དང་ཆོས་མཐུན་སྦྱར་ནས་བཤད་པའོ། །དང་པོ་ནི། མནར་མེད་ཀྱི་སེམས་ཅན་ལས་ཟད་པ་རྣམས་ནི། ཚེའི་དུས་བྱས་ནས་བདེ་འགྲོར་སྐྱེ་ཞིང༌། ལས་མ་ཟད་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་གྱི་མནར་མེད་དུ་སྐྱེ་སྟེ། སྡུག་བསྔལ་མྱོང་བའི་ཚུལ་གྱི་འཇིག་རྟེན་གྱི་ཁམས་འདིའི་མནར་མེད་སྟོངས་སོ། །དེའི་རྗེས་སུ་སྟོངས་ཚུལ་དེ་བཞིན་དུ་བྱས་ཏེ། ཚ་


JLD007_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་ལྷག་མ་བདུན་དང༌། གྲང་དམྱལ་བརྒྱད་རྩ་བའི་གནས་ན་གནས་པའི་ཡི་དྭགས་དང༌། བྱིང་ན་གནས་པའི་དུད་འགྲོ་རྣམས་རིམ་གྱིས་སྟོངས་ཤིང༌། ལྷ་མི་རྣམས་དང་ལྷན་ཅིག་ཏུ་གནས་པའི་དུད་འགྲོ་རྣམས་ནི་དེ་རྣམས་དང་ལྷན་ཅིག་ཏུ་སྟོངས་ལ། དེའི་རྗེས་སུ་མི་སྟོངས་པའི་ཚུལ་ནི། དེའི་ཚེ་འཛམ་བུ་གླིང་པའི་མི་གཅིག་གི་རྒྱུད་ལ་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེས་ཏེ། དེས་དབེན་པ་ལས་སྐྱེས་པའི་དགའ་བདེ་ནི་བདེ་བ་དང་ཞི་བའོ། ཞེས་བརྗོད་ཅིང༌། གཞན་རྣམས་ཀྱིས་ཀྱང་དེ་ཐོས་པ་ལ་བརྟེན་ནས་བསམ་གཏན་དང་པོའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ། ཚེའི་དུས་བྱས་ནས་དེ་རྣམས་ཀྱང་བསམ་གཏན་དང་པོའི་ལྷར་སྐྱེས་སོ། །དེའི་རྗེས་སུ་སྟོངས་ཚུལ་དེ་བཞིན་དུ་བྱས་ནས། ཤར་ལུས་འཕགས་པོ་དང༌། ནུབ་བ་གླང་སྤྱོད་པའི་མི་རྣམས་ཀྱི་རྒྱུད་ལ་ཡང༌། བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེས་ཏེ། ཚེའི་དུས་བྱས་ནས་ཐམས་ཅད་ཀྱང་བསམ་གཏན་དང་པོར་འཕོས་སོ། །དེའི་རྗེས་སུ་བྱང་སྒྲ་མི་སྙན་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བས། ཚེ་དེ་ལ་འདོད་ཆགས་དང་བྲལ་བ་མི་སྲིད་པས་ཚེའི་དུས་བྱས་ནས་འདོད་ལྷར་སྐྱེས་སོ། །དེའི་རྗེས་སུ་རྒྱལ་ཆེན་རིགས་བཞི་པ་དང༌། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་པ་སྟེ། འདོད་ལྷ་རིགས་དྲུག་གི་རྒྱུད་ལ་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེས་ཏེ། ཐམས་ཅད་ཀྱང་ཚེའི་དུས་བྱས་ནས་བསམ་གཏན་དང་པོར་འཕོས་སོ། །དེའི་རྗེས་སུ་བསམ་གཏན་དང་པོའི་ལྷ་གཅིག་གི་རྒྱུད་ལ་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་


JLD007_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་ཏིང་ངེ་འཛིན་སྐྱེས་ཏེ། དེས་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ནི་བདེ་བ་དང་ཞི་བའོ་ཞེས་བརྗོད་ཅིང༌། གཞན་རྣམས་ཀྱིས་ཀྱང་དེ་ཐོས་པ་ལ་བརྟེན་ནས་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ། ཚེའི་དུས་བྱས་ནས་བསམ་གཏན་གཉིས་པར་འཕོས་པའི་ཚུལ་གྱིས་བཅུད་ཀྱི་སྲིད་པ་དེ་སྟོངས་སོ། །དེའི་རྗེས་སུ་སྣོད་སྟོངས་པའི་ཚུལ་ནི། དེའི་ཚེ་སེམས་ཅན་མེད་པའི་དབང་གིས། ལྷ་རྣམས་ཀྱིས་དུས་དུས་སུ་ཆར་འབེབས་པ་མེད་པས་རྩི་ཤིང་ནགས་ཚལ་རྣམས་བསྐམས་ཏེ། ད་ལྟར་གྱི་ཉི་མ་འདི་ཉིད་ཀྱིས་སྲེག་པར་བྱེད་དོ། །དེའི་རྗེས་སུ་རབ་ཏུ་ཚ་བའི་ཉི་མ་གཉིས་པ་ཤར་ཏེ་ལྟེང་ཀ་ཆེ་ཆུང་རྣམས་སྐེམས་སོ། །དེའི་རྗེས་སུ་རབ་ཏུ་ཚ་བའི་ཉི་མ་གསུམ་པ་ཤར་ནས་ཆུ་ཀླུང་ཆེ་ཆུང་དང༌། དེའི་རྗེས་སུ་རབ་ཏུ་ཚ་བའི་ཉི་མ་བཞི་པ་ཤར་ནས་མཚོ་མ་དྲོས་པ་དང༌། དེའི་རྗེས་སུ་རབ་ཏུ་ཚ་བའི་ཉི་མ་ལྔ་པ་དང་དྲུག་པའི་ཕྱོགས་གཅིག་ཤར་ནས་ཕྱིའི་རྒྱ་མཚོ་སྐེམས་པར་བྱེད་དོ། །དེའི་རྗེས་སུ་རབ་ཏུ་ཚ་བའི་ཉི་མ་དྲུག་པའི་ཕྱོགས་གཅིག་དང༌། བདུན་པ་ཤར་ནས་གླིང་བཞི་ལྕགས་རི་ལྷུན་པོ་དང་བཅས་པ་བསྲེགས་ཏེ་མེ་ལྕེ་གཅིག་ཏུ་བྱས་པའི་མེ་ལྕེ་རླུང་གིས་བསྐྱོད་པས། བསམ་གཏན་དང་པོ་མན་ཆད་ཀྱི་གཞལ་མེད་ཁང་རྣམས་བསྲེགས་ཏེ། ཐམས་ཅད་ཀྱང་ནམ་མཁའི་རང་བཞིན་གཅིག་ཏུ་བྱས་པའི་ཚུལ་གྱིས་སྣོད་ཀྱི་སྲིད་པ་དེ་སྟོངས་སོ། །གཉིས་པ་དེ་དང་ཆོས་མཐུན་སྦྱར་ནས་བཤད་པ་ནི།


JLD007_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པས་བསྒོམ་པ་མེད། ཅེས་པ་ནས། སྨོན་པ་མེད་པའི་རང་བཞིན་དུ་གྱུར། ཞེས་པའི་བར་རྣམས་ཡིན་ལ། དེ་ནི་མདོར་བྱས་ལས་གསུངས་ཤིང༌། དེའི་མཐུན་ཡུལ་ནི་རྣམ་གཞག་རིམ་པ་ལས་གསུངས་སོ། །ཆོས་མཐུན་པའི་ཚུལ་ནི། ཡེ་ཤེས་ཀྱིས་བདེ་བ་ཆེན་པོ་ནས་སྣོད་རང་བཞིན་གྱིས་མེད་པར་ངེས་པའི་ངེས་དོན་སྣོད་མེད་པ་དང༌། གཞི་ལ་སྣོད་སྟོངས་པའི་ཚེ་སྣོད་མེད་པ་གཉིས་པོ་དེ་ཆོས་མཐུན། ཡེ་ཤེས་ཀྱིས་བདེ་བ་ཆེན་པོས་སྣོད་རང་བཞིན་གྱིས་མེད་པར་ངེས་པའི་སྣང་ངོ་ན་སྣོད་མི་སྣང་བར་མོས་པ་དང༌། གཞི་ལ་སྣོད་སྟོངས་པའི་ཚེ་སྣོད་མི་སྣང་བ་གཉིས་པོ་དེ་ཆོས་མཐུན་ནོ། །ཅིའི་ཕྱིར་བདེ་བ་ཆེན་པོའི་ཡེ་ཤེས་དེ་ལ་ས་ཞེས་བྱ་ཞེ་ན། དེ་ཡང་སྣོད་སྔ་མ་སྟོངས་པའི་ནམ་མཁའ་དེས་སྣོད་ཕྱི་མ་འཆགས་པའི་རྟེན་བྱེད་པ་དེ་བཞིན་དུ། བདེ་བ་ཆེན་པོའི་ཡེ་ཤེས་དེས་ཀྱང་། གཞལ་ཡས་ཁང་འཆགས་པའི་རྟེན་བྱེད་པས་ན་ཡེ་ཤེས་ཀྱི་ས་ཞེས་བརྗོད་པ་ཡིན་ནོ། །དེ་ཡང་སྐབས་འདིར་བསྒོམ་རྒྱུའི་སྟོང་ཉིད་དེ་ལ་སྣོད་བཅུད་དོན་དམ་པར་མེད་པ་དང༌། སྒོམ་པ་དང་བསྒོམ་པར་བྱ་བ་དང་སྒོམ་པ་པོ་གསུམ་བདེན་པར་མི་དམིགས་པ་དང༌། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་བཞིན་གྱིས་མེད་པའི་རྣམ་ཐར་སྒོ་གསུམ་པོ་ཡིན་ཞིང༌། སྐབས་འདིར་དངོས་པོ་མེད་པས་ཞེས་སོགས་ཀྱི་ཚིགས་བཅད་བརྗོད་པའི་སྒོ་ནས་སྟོང་ཉིད་བསྒོམ་པའི་དགོས་པ་ནི། དབང་རྟུལ་རྣམས་ཀྱིས་སྟོང་ཉིད་ཀྱི་ལྟ་བ་གསར་དུ་རྟོགས་པ་དང༌། དབང་འབྲིང་གིས་བརྗེད་པ་དྲན་པ་དང༌། དབང་རྣོན་རྣམས་ཀྱིས་རྟོགས་


JLD007_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་བརྟན་པ་དང༌། ཡེ་ཤེས་ཀྱི་ཚོགས་གསོག་པ་དང༌། ལུས་ངག་ཡིད་གསུམ་ལ་ཐ་མལ་གྱི་སྣང་ཞེན་རྟོག་པ་སྤོང་པ་དང༌། འོག་ནས་འཆད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྟོང་པ་ཉིད་ཀྱི་རྣམ་འགྱུར་དུ་འཆར་བའི་ཆེད་དང༌། འཁོར་བའི་རྩ་བ་བདེན་འཛིན་འགོག་པ་དང༌། དོན་དམ་པའི་བསྲུང་བར་འགྱུར་བ་དང༌། གཞིའི་འཆི་བ་སྦྱོང་བ་དང༌། རྫོགས་རིམ་གྱི་འོད་གསལ་རྣམས་ཀྱིས་རྒྱུད་སྨིན་པར་བྱེད་པ་དང༌། འབྲས་བུའི་ཆོས་སྐུ་འགྲུབ་པ་སོགས་ཀྱི་དགོས་པ་དུ་མ་ཡོད་དོ། །གཉིས་པ་ལ་མཐུན་ཡུལ་དང༌། དེ་དང་ཆོས་མཐུན་སྦྱར་བ་གཉིས། དང་པོ་ལ་སྣོད་ཀྱི་འཇིག་རྟེན་འཆགས་པའི་ཚུལ་ནི། བསམ་གཏན་གཉིས་པ་ནས་འོག་ཏུ་རླུང་ཅུང་ཟད་ཅིག་བབས་པས་རྐྱེན་བྱས་པ་ལ་བརྟེན་ནས། བསམ་གཏན་དང་པོའི་གཞལ་མེད་ཁང་རྣམས་ཆགས། དེ་ནས་འོག་ཏུ་རླུང་ཅུང་ཟད་བབས་པས་རྐྱེན་བྱས་པ་ལ་བརྟེན་ནས་གཞན་འཕྲུལ་དབང་བྱེད་ནས་འཐབ་བྲལ་གྱི་བར་གྱི་གཞལ་མེད་ཁང་རྣམས་ཡས་རིམ་གྱིས་ཆགས་སོ། །དེ་ནས་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་གིས། ནམ་མཁའ་ལ་སྣོད་ཀྱི་སྔ་ལྟས་སུ་གྱུར་པའི་རླུང་འཇམ་པོ་ཁད་ཀྱིས་གཡོས་པ་རིམ་གྱིས་འཕེལ་བ་ལ་བརྟེན་ནས། རླུང་གི་དཀྱིལ་འཁོར་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་དྲུག་རྒྱར་དཔག་ཚད་གྲངས་མེད་པ་ཚན་པོ་ཆེའི་རྡོ་རྗེས་གཞིག་མི་ནུས་པའི་རླུང་གི་དཀྱིལ་འཁོར་དེ་ཆགས། དེའི་སྟེང་དུ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་ནམ་མཁའ་ལ་


JLD007_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིགས་པ་དེ་ལས། གསེར་གྱི་སྙིང་པོ་ཅན་གྱི་ཆར་གྱི་རྒྱུན་ཤིང་རྟའི་འཕང་ལོ་ཙམ་བབས་པ་ཡུན་རིང་དུ་བསགས་པ་ལ་བརྟེན་ནས་ཆུའི་དཀྱིལ་འཁོར་དེ་ཆགས། དེ་སེམས་ཅན་གྱི་ལས་ཀྱི་དབང་གིས་བྱུང་བའི་རླུང་གིས་ཕྱོགས་བཞི་ནས་བསྲུབས་པ་ལས། འོ་མ་བསྐོལ་བ་ལས་སྤྲིས་མ་ཆགས་པ་བཞིན་དུ་གསེར་གྱི་ས་གཞི་ཆགས། མེའི་དཀྱིལ་འཁོར་ལོགས་སུ་མ་བཤད་ཀྱང་དཀྱིལ་འཁོར་གཞན་གསུམ་གྱི་གསེབ་ན་མེའི་བྱེད་ལས་དང་། རྡུལ་ཕྲན་སོགས་ཡོད་པས། གཞི་ལ་མེའི་དཀྱིལ་འཁོར་གྱི་མཐུན་ཡུལ་ཆད་པའི་སྐྱོན་མེད་དོ། །དེའི་སྟེང་དུ་སེམས་ཅན་གྱི་ལས་ཀྱི་དབང་གིས་ཁམས་སྣ་ཚོགས་པའི་སྙིང་པོ་ཅན་གྱི་སྤྲིན་མཁའ་ལ་འཁྲིགས། དེ་ལས་ཁམས་སྣ་ཚོགས་པའི་སྙིང་པོ་ཅན་གྱི་ཆར་གྱི་རྒྱུན་བབས་པ་རྒྱུན་རིང་དུ་བསགས་པ་ལས་ཕྱིའི་རྒྱ་མཚོ་དེ་ཆགས། དེ་སྔ་མ་ལྟར་བསྲུབས་པ་ལས་ཁམས་རབ་རྣམས་ལས་ལྷུན་པོ། འབྲིང་རྣམས་ལས་གསེར་གྱི་རི་བདུན། ཐ་མ་རྣམས་ལས་གླིང་བཞི་གླིང་ཕྲན་དང་བཅས་པ་ཆགས་སོ། །གཉིས་པ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི། ཞེས་པ་ནས། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན། ཞེས་པའི་བར་ལྷག་མོས་ཀྱི་རྟེན་གཞལ་ཡས་ཁང་བསྒོམ་པ་མདོར་བྱས་ལས་གསུངས། དེའི་མཐུན་ཡུལ་སྣོད་ཆགས་པའི་ཚུལ་ནི། རྣམ་གཞག་རིམ་པ་ལས་གསུངས། ཆོས་མཐུན་པའི་ཚུལ་ནི། རླུང་གི་དཀྱིལ་འཁོར་བསྒོམ་པ་ནི། གཞི་ལ་རླུང་གི་དཀྱིལ་འཁོར་ཆགས་པ་དང་ཆོས་


JLD007_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན། དེས་དཀྱིལ་འཁོར་གཞན་གསུམ་ལའང་རིགས་འགྲེའོ། །སྣ་ཚོགས་རྡོ་རྗེའི་སྟེང་དུ་གཞལ་ཡས་ཁང་བསྒོམས་པ་ནི། གཞི་ལ་རི་གླིང་ཆགས་པ་དང་ཆོས་མཐུན་ནོ། །དེ་རྣམས་རྫོགས་རིམ་གྱི་མཚོན་དོན་ལ་སྦྱར་ན། ཆོས་འབྱུང་གི་རྩེ་མོ་ཕྲ་བས་ནི། ལས་དང་པོ་པའི་དུས་སུ་ཡོན་ཏན་ཆུང་བ་དེ་མཚོན། གདེངས་ཀ་ཆེ་བ་གྱིན་དུ་ཕྱོགས་པས། མོས་སྤྱོད་ནས་བཟུང་སྟེ་ཡོན་ཏན་ཇེ་རྒྱས་སུ་འགྲོ་བ་དེ་མཚོན། ཁ་དོག་དཀར་པོས་ནི་རང་བཞིན་རྣམ་དག་དེ་མཚོན་ཟུར་གསུམ་པོ་དེས་རྣམ་ཐར་སྒོ་གསུམ་དང་། དེ་གསུམ་རྟོགས་པའི་ཤེས་རབ་གསུམ་པོ་དེ་མཚོན། དེ་བྷ་གའི་དབྱིབས་སུ་ཡོད་པས་བདེ་བ་ཆེན་པོ་དེ་མཚོན། དེའི་ནང་དུ་ལྷག་མོས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆུད་པར་བསྒོམ་པ་ནི། བདེ་སྟོང་དབྱེར་མེད་ཀྱི་ལམ་བསྒོམ་པ་ལ་བརྟེན་ནས་འབྲས་དུས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བ་དེ་མཚོན། ཆོས་འབྱུང་གྲུ་གསུམ་པར་བསྒོམ་པ་ནི། རྒྱུད་ཕྱི་མ་ལས། ཆོས་འབྱུང་བ་ནི་ཇི་ལྟར་སྒོམ་ཞེས་ཞུས་པའི་ལན་དུ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་དུ་ནི་རྣམ་པར་སྒོམ། ཞེས་གསུངས་པས་སྟོན་ལ། རླུང་གི་དཀྱིལ་འཁོར་སོགས་བཞི་སྒོམ་པས་ནི་རིམ་པ་བཞིན། རྫོགས་རིམ་པའི་རྣལ་འབྱོར་པའི་མཉམ་གནས་རླུང་གི་རླུང་ཁ་དོག་ལྗང་སེར། གྱེན་རྒྱུ་མེའི་རླུང་གི་ཁ་དོག་དམར་པོ་དང༌། སྲོག་འཛིན་ཆུའི་རླུང་ཁ་དོག་དཀར་པོ་དང༌། ཐུར་སེལ་སའི་རླུང་ཁ་དོག་སེར་པོ་མཚོན།


JLD007_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བཞི་པོ་སྤྱན་སོགས་ལྷ་མོ་བཞིའི་ངོ་བོར་བསྒོམ་པ་ནི། ཕྱིའི་རྐྱེན་པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་བཞི་པོ་དེ་མཚོན། དེ་བཞི་ཀ་གཅིག་ཏུ་འདྲེས་པ་ལས་སྣ་ཚོགས་རྡོ་རྗེ་སྒོམ་པས་ནི། ཕྱིའི་རྐྱེན་ཕྱག་རྒྱ་དང་རིམ་པ་བཞིན་མཉམ་པར་སྦྱར་བ་དང༌། ནང་གི་རྐྱེན་རླུང་བཞི་ལ་རྡོར་བཟླས་བྱས་པ་ལས་བྱུང་བའི་རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་མཚོན། རྭ་ལྔ་པོ་དེས་འོད་གསལ་གྱི་ཡེ་ཤེས་ལྔ་པོ་དེ་མཚོན། སྣ་ཚོགས་རྡོ་རྗེའི་ལྟེ་བར་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པས་ནི། དོན་གྱི་འོད་གསལ་ལས་ཟུང་འཇུག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་འབྱུང་བ་དེ་མཚོན།གཉིས་པ་ལ། སྐུ་གསུམ་མངོན་དུ་བྱེད་པའི་རྟེན་ལྷག་མོས་ཀྱི་ལྷའི་འཁོར་ལོ་སྒོམ་པའི་ཚུལ་དང༌། སྐུ་གསུམ་གྱི་རྣལ་འབྱོར་སྒོམ་ཚུལ་དང༌། དེ་མྱུར་དུ་འགྲུབ་པའི་ཐབས་ལྷན་སྐྱེས་ཀྱི་བདེ་ཆེན་སྐྱེས་ཚུལ་བཤད་པའོ། །དང་པོ་ལ་མཐུན་ཡུལ་དང༌། དེ་དང་ཆོས་མཐུན་སྦྱར་ནས་བཤད་པའོ། །དང་པོ་ནི། དེ་ནས་བཅུད་ཀྱི་འཇིག་རྟེན་འཆགས་པའི་ཚུལ་ནི། དེའི་ཚེ་བསམ་གཏན་གཉིས་པའི་ལྷ་ཚེ་དང་བསོད་ནམས་དང་ལས་ཟད་པ་གཅིག་ཚེའི་དུས་བྱས་ནས་བསམ་གཏན་དང་པོར་སྐྱེ་བ་ལེན་པར་བྱེད། དེ་ནས་རིམ་གྱིས་གཞན་འཕྲུལ་དབང་བྱེད་ནས་རྒྱལ་ཆེན་རིགས་བཞིའི་བར་གྱི་འདོད་ལྷ་དྲུག་པོ་ཡས་རིམ་ནས་ཆགས་སོ། །དེ་ནས་བྱང་སྒྲ་མི་སྙན་པ་ནས་ཚ་དམྱལ་བརྒྱད་ཀྱི་བར་རིམ་བཞིན་ཆགས་ནས་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དང༌།


JLD007_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཆགས་པའི་མཇུག་རྫོགས་པ་དང༌། གནས་པའི་འགོ་རྩོམ་པ་གསུམ་དུས་མཉམ་མོ། །དེ་ལྟར་འཇིག་པའི་བསྐལ་པ་ཉི་ཤུ། སྟོངས་པའི་བསྐལ་པ་ཉི་ཤུ། འཆགས་པའི་ཉི་ཤུ། གནས་པའི་བསྐལ་པ་ཉི་ཤུ་སྟེ་བར་བསྐལ་བརྒྱད་ཅུ་པོ་དེ་ལ་བསྐལ་ཆེན་གཅིག་ཟེར། སེམས་ཅན་དེ་རྣམས་ཀྱི་ནང་ནས་འཛམ་བུ་གླིང་པའི་བསྐལ་པ་དང་པོ་པའི་མི་རྣམས་ནི་མཚན་དཔེ་རྗེས་མཐུན་པ་དང་ལྡན་པ་དང༌། ཚེ་ལོ་དཔག་མེད་ཐུབ་པ་དང༌། དབང་པོ་ཀུན་ཚང་བ་དང༌། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ནུས་པ་དང༌། ཁམ་ཟས་ལ་མི་ལྟོས་པར་དགའ་བ་ཟས་སུ་ཟ་བ་དང༌། ཉིན་མཚན་གྱི་ཁྱད་པར་མེད་པར་ལུས་ཀྱི་འོད་ཀྱིས་གསལ་བར་བྱེད་ནུས་པ་དང༌། རྫུས་ཏེ་སྐྱེས་པ་སྟེ་ཆོས་བདུན་དང་ལྡན་པ་ཞིག་ཡོད་པ། དེའི་ཚེ་ས་ཆེན་པོ་འདིའི་སྟེང་ན། ས་བཅུད་རོ་སྦྲང་རྩི་མ་སྐོལ་བ་ལྟ་བུ། ཁ་དོག་མར་གསར་པའི་མདོག་ལྟ་བུ་ཅིག་གིས་ཁྱབ་ཅིང་གནས་པ་ལས། མི་ཁམ་ཟས་ལ་སྲེད་པའི་བག་ཆགས་སད་པ་གཅིག་གིས་མཛུབ་མོའི་རྩེར་བླངས་ཏེ་མྱངས་པ་གཞན་རྣམས་ཀྱིས་ཀྱང་མཐོང་སྟེ་མྱངས་པས། ལུས་སྲ་བ་དང༌། ལྕི་བ་དང༌། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བར་མི་ནུས་པ་དང༌། ལུས་ཀྱི་འོད་རྣམས་ཉམས་ཏེ་མུན་པ་བྱུང་ངོ༌། །དེ་ལ་འདུས་ཏེ་མྱ་ངན་བྱས་པ་ལས་སེམས་ཅན་གྱི་ལས་ཀྱི་དབང་གིས་ཉི་མ་དང་ཟླ་བ་བྱུང་ངོ༌། །དེ་ལ་བརྟེན་ནས་ལོ་དང་ཟླ་བ་དང་ཞག་དང་དུས་


JLD007_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་རྣམས་གྲུབ་བོ། །དེའི་ཚེ་བཅུད་ཉུང་དུ་ཟོས་པ་རྣམས་ཁ་དོག་བཟང་ལ། མང་དུ་ཟོས་པ་རྣམས་ཁ་དོག་ངན་པས། ང་ནི་ཁ་དོག་བཟང་ལ་ཁྱོད་ནི་ཁ་དོག་ངན་ནོ་ཞེས་ཁྱད་དུ་བསད་པའི་མི་དགེ་བའི་དབང་གིས་སའི་བཅུད་དེ་ནུབ་བོ། །དེ་ལ་འདུས་ཏེ་མྱ་ངན་བྱས་པས། ཡང་ལས་ཀྱི་དབང་གིས་ས་ཆེན་པོ་འདིའི་སྟེང་ན་སའི་ཞག་རོ་སྔ་མ་དང་འདྲ་བ་ལ་ཁ་དོག་དོང་ཁའི་མེ་ཏོག་ལྟ་བུ་གཅིག་གིས་ཁྱབ་ཅིང་གནས་པ་དེ་ཉིད་ཟ་བ་ནས་ཁྱད་དུ་གསོད་པའི་བར་སྔ་མ་བཞིན་དུ་བྱས་པས་མི་དགེ་བའི་དབང་གིས། ཞེས་པ་ནས། མྱ་ངན་བྱས་པས་ཞེས་པ་སྔ་མ་བཞིན་ནོ། །ཡང་ལས་ཀྱི་དབང་གིས་ས་ཆེན་པོ་འདིའི་སྟེང་ན་མྱུ་གུའི་ཚལ་རོ་སྦྲང་རྩི་མ་སྐོལ་བ་ལྟ་བུ། ཁ་དོག་ཀ་ཏམ་ཡུ་གའི་མེ་ཏོག་འདྲ་བ་གཅིག་གིས་ཁྱབ་ཅིང་གནས་པར་གྱུར་པ་དེ་ཉིད་ཟ་བ་ནས་ཞེས་པ་སྔ་མ་བཞིན་ནོ། །ཡང་སེམས་ཅན་གྱི་ལས་ཀྱི་དབང་གིས་ས་ཆེན་པོ་འདིའི་སྟེང་ན། མ་རྨོས་མ་བཏབ་པའི་འབྲས་ས་ལུ་རྩ་བ་སོར་བཞི་པ་ཕུབ་མ་དང་ཤུན་པ་མེད་པ། ནང་བརྔས་པས་ནང་སྐྱེ་བ་དང༌། ནུབ་བརྔས་པས་ནུབ་སྐྱེ་བ་དང༌། བརྔས་པ་མི་མངོན་པ་གཅིག་གིས་ཁྱབ་ཅིང་གནས་པ་དེ་ཉིད་ཟ་བར་བྱེད་ཅིང༌། དེ་ནི་ཁ་ཟས་རགས་པ་ཡིན་པས་བསྙིགས་མ་རྣམས་བཤང་གཅིར་འགྱུར་ཞིང༌། དེ་འདོར་བའི་ཕོ་མོའི་དབང་པོ་རྣམས་སོ་སོར་དོད་པར་གྱུར་ཏོ། །དེའི་ཚེ་འཁྲིག་པའི་བག་ཆགས་སད་པ་འགའ་ཞིག་གིས་ལོག་པར་ཞུགས་པ་སྟེ། གཞན་གྱིས་མཐོང་བས་ས་འཐོར་


JLD007_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་བྱས་པས་མི་མཐོང་བའི་ཕྱིར་དུ་ཁྱིམ་བརྩིགས་ཤིང་ཁྱིམ་གྱི་ཐོག་མ་དེ་ནས་གྲུབ་བོ། །དེའི་ཚེ་སེམས་ཅན་རྣམས་ཀྱི་འབྲས་ས་ལུ་ནང་ཟ་བ་ནང་ལེན། ནུབ་ཟ་བ་ནུབ་ལེན་པ་ཡིན་པ་ལ། ལེ་ལོ་ཅན་འགའ་ཞིག་གིས་ནང་ནུབ་གཉིས་ཀྱི་འབྲས་དུས་གཅིག་ལ་བླངས་པས། གཞན་དག་གིས་དེ་མཐོང་ནས་ཞག་བདུན་ལ་སོགས་པའི་འབྲས་ཕྱོགས་གཅིག་ཏུ་བླངས་པས་རྐྱེན་བྱས་པ་ལ་བརྟེན་ནས་བརྔས་པ་རྗེས་མངོན་པ་དང༌། སླར་འདེབས་དགོས་པ་ཅིག་བྱུང་བས། དེའི་ཚེ་འབྲས་ས་ལུ་སྐྱེ་བའི་ས་ཆ་ལ་མ་འཆམ་པར་དབང་ཆེ་བས་ཆུང་བ་ལ་འཕྲོག་པ་དང༌། འཇབ་པོས་རྐུ་བ་དང༌། དེ་ལ་བརྟེན་ནས་གཅིག་གིས་གཅིག་གསོད་པ་ལ་སོགས་པའི་མི་དགེ་བའི་ལས་ལམ་བཅུ་གྲུབ་བོ། །དེའི་ཚེ་འབྲས་ས་ལུ་ཕུབ་མ་དང་ཤུན་པ་ཡོད་པ། དེའི་ཚེ་རྒན་པོ་རྣམས་གྲོས་བྱས་ནས། མི་རང་བཞིན་གྱི་གཤིས་བཟང་བ་བློ་ཚད་པ་ཅིག་ཞིང་དཔོན་དུ་བསྐོས་ནས་སྟོན་ཐོག་གི་དྲུག་ཆ་བསྟབས་པས། དེས་ཀྱང་ཁྲིམས་ཚུལ་བཞིན་དུ་སྤྱོད་པར་བྱེད་དོ། །དེ་ནས་བརྒྱུད་པ་ལ་ནི་མང་པོས་བསྐུར་བ་ཟེར་ཞིང༌། ཤཱཀྱ་རྣམས་ནི་དེ་ལས་བརྒྱུད་པ་ཡིན་ནོ། །གཉིས་པ་ཆོས་མཐུན་ནི། སྐད་ཅིག་གིས་ལྷག་པར་མོས་པ་ཞེས་པ་ནས། ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། ཞེས་པའི་བར་རྣམས་ཡིན་ཞིང༌། དེ་ནི་མདོར་བྱས་ལས་གསུངས་ལ། མཐུན་ཡུལ་བཅུད་ཆགས་པའི་ཚུལ་ནི། རྣམ་གཞག་རིམ་པ་ལས་


JLD007_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཐུགས་ཀའི་ཧཱུཾ་སྔོན་པོ། ཞེས་པ་ནས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་གྱུར། ཞེས་པའི་བར་ནི་ལྷག་མོས་ཀྱི་མཛད་པ་དང༌། དེ་ནས་བཟུང་སྟེ་རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་ཞེས་པའི་བར་ནི། ལྷག་མོས་ལུས་ལ་སྡུད་པ་ཡིན་ནོ། །ཆོས་མཐུན་པའི་ཚུལ་ནི་ལྷག་མོས་ཀྱི་ལྷ་སྐད་ཅིག་གིས་དཀྲོང་བསྐྱེད་བྱེད་པ་ནི། འཛམ་བུ་གླིང་པའི་བསྐལ་པ་དང་པོའི་མི་རྣམས་རྫུས་ཏེ་སྐྱེས་པ་དང་ཆོས་མཐུན་ནོ། །ལྷ་ཕོ་མོའི་རྣམ་པར་བསྒོམ་པ་ནི་བསྐལ་པ་དང་པོའི་མི་རིམ་གྱིས་ཕོ་མོའི་རྣམ་པར་གྱུར་པ་དང་ཆོས་མཐུན། སྒོམ་ཚུལ་ནི་ལྷག་མོས་ཀྱི་ལྷ་ས་བོན་དང་ཕྱག་མཚན་སོགས་མེད་པར་དུས་གཅིག་ཏུ་གྲུབ་པར་བསྐྱེད་ནས། རིམ་གྱིས་གསལ་གདབ་པ་དང༌། ལྷ་ཐམས་ཅད་གཙོ་བོའི་ཆ་ཤས་སུ་མོས་པ་དང༌། གཙོ་འཁོར་ཐམས་ཅད་བདེ་སྟོང་དབྱེར་མེད་དུ་བལྟས་ནས་སྒོམ་པར་བྱེད་པ་ནི། རྫོགས་རིམ་དང་འབྲས་དུས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དངོས་གནས་ལ་གནས་པ་དེ་འགྲུབ་པའི་ཆེད་ཡིན་ནོ། །ལྷག་མོས་ཀྱི་མཛད་པ་དང༌། ལུས་ལ་བསྡུ་བ་གཉིས་ནི། སྔོན་བྱུང་སྟོན་པའི་རྣམ་ཐར་དང་མཐུན་པར་བསྒོམ་པའི་འབྲས་བུ་ལམ་བྱེད་ཡིན་གྱི། གཞི་ལ་ཆོས་མཐུན་སྦྱར་རྒྱུ་མེད་དོ། །དཀྱིལ་འཁོར་དུ་འཇུག་པའི་ཚུལ་ལ། སློབ་མ་དཀྱིལ་འཁོར་དུ་འཇུག་པ་ནི་ཤར་སྒོ་ནས་འཇུག་པ་དང༌། རྡོ་རྗེ་ཤུགས་ཀྱི་འཇུག་པ་ནི་དཀྱིལ་འཁོར་བཏེག་སྟེ་འོག་ནས་འཛུལ་བར་མོས་པའི་ཚུལ་གྱིས་འཇུག་པ་དང༌། དམ་ཚིག་པ་ལ་ཡེ་ཤེས་པ་འཇུག་


JLD007_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྟེང་ནས་ཐལ་བྱུང་དུ་འཇུག་པ་དང༌། རྡོ་རྗེ་སེམས་དཔའི་འཇུག་པ་ནི། དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཐོགས་པ་མེད་པར་འཇུག་པ་དང༌། ཚུལ་བཞི་ཡོད་པ་ལས་སྐབས་འདིར་སེམས་ཅན་འཇུག་ཚུལ་ནི་ཕྱི་མ་ལྟར་ཡིན་ནོ། །གཉིས་པ་ལ་འཆི་བ་སྦྱང་ཞིང་ཆོས་སྐུ་འགྲུབ་པའི་རྒྱུ་ལྷག་མོས་འོད་གསལ་དུ་སྡུད་ཚུལ་དང༌། བར་དོ་སྦྱོང་ཞིང་ལོངས་སྐུ་འགྲུབ་པའི་ཐབས་ཀྱི་གཙོ་བོ་མངོན་བྱང་ལྔ་ལས་དང་པོའི་མགོན་པོ་བསྐྱེད་ཚུལ་དང༌། སྐྱེ་བ་སྦྱོང་ཞིང་སྤྲུལ་སྐུ་འགྲུབ་པའི་ཐབས་ཀྱི་གཙོ་བོ་དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་ཚུལ་དང་གསུམ། དང་པོ་ལ་མཐུན་ཡུལ་དང༌། དེ་དང་ཆོས་མཐུན་སྦྱར་ནས་བཤད་པ་གཉིས། དང་པོ་ནི། འཛམ་བུ་གླིང་པའི་བསྐལ་པ་དང་པོའི་མི་རིམ་གྱིས་ཐ་མལ་པར་གྱུར་པ་ཁམས་དྲུག་ལྡན་འཆི་བ་ན། གཟུགས་ཕུང་དང༌། གཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་དང་ཁམས་དང་མིག་གི་དབང་པོ་དང༌། རང་རྒྱུད་ཀྱིས་བསྡུས་པའི་ཡུལ་གཟུགས་རྣམས་དུས་མཉམ་དུ་ཐིམ་ལ། དེ་ལ་ཕྱི་རྟགས་དང་ནང་རྟགས་གཉིས་ཡོད་པ་ལས། ཕྱི་རྟགས་ནི་གཟུགས་ཕུང་ཐིམ་པའི་རྟགས་ལ་ལུས་ཀྱི་ཡན་ལག་རྣམས་སྔར་ལས་ཕྲ་རུ་སོང་བ་དང༌། ལུས་ཉམས་སྟོབས་ཆུང་ཞིང་ནུས་པ་ཉམས་པར་འགྱུར་བ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པ་ན། མིག་མི་གསལ་ཞིང་རབ་རིབ་ཏུ་འགྱུར། སའི་ཁམས་ཐིམ་པའི་རྟགས་ལ་ལུས་ཤས་ཆེར་བསྐམས་པའི་


JLD007_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོད་ལྷོད་པོར་འགྱུར། མིག་དབང་ཐིམ་པའི་རྟགས་ལ་མིག་འབྱེད་འཛུམ་མི་ཤེས་པར་འགྱུར། རང་རྒྱུད་ཀྱིས་བསྡུས་པའི་ཡུལ་གཟུགས་ཐིམ་པའི་རྟགས་ལུས་ཀྱི་མདངས་ཡང་བར་འགྱུར། དེ་རྣམས་ཀྱི་ནང་རྟགས་ལ་སྨིག་རྒྱུ་ལྟ་བུའི་ཉམས་འབྱུང༌། དེའི་རྗེས་སུ་ཚོར་ཕུང༌། གཞི་དུས་ཀྱི་མཉམ་ཉིད་ཡེ་ཤེས། ཆུའི་ཁམས། རྣ་བའི་དབང་པོ། རང་རྒྱུད་ཀྱི་བསྡུས་པའི་སྒྲ་རྣམས་དུས་མཉམ་དུ་འོད་གསལ་དུ་ཐིམ་པར་འགྱུར་ལ། དེ་ལ་ཕྱིའི་རྟགས་དང་ནང་གི་རྟགས་གཉིས་འབྱུང་ལ། དེ་ཡང་གཞི་དུས་ཀྱི་ཚོར་བའི་ཕུང་པོ་ཐིམ་པའི་རྟགས་སུ། དབང་ཤེས་འཁོར་གྱི་གཙོ་བོ་ཚོར་བ་བདེ་སྡུག་རྣམས་མི་གསལ་བར་འགྱུར། མཉམ་ཉིད་ཡེ་ཤེས་ཐིམ་པའི་རྟགས་སུ། ཡེ་ཤེས་འཁོར་གྱི་ཚོར་བ་བདེ་སྡུག་མི་གསལ་བར་འགྱུར། ཆུའི་ཁམས་ཐིམ་པའི་རྟགས་ལ། ཁ་ཆུ་དང་ཁྲག་རྣམས་བསྐམས། རྣ་བའི་དབང་པོ་ཐིམ་པའི་རྟགས་ལ། ཕྱི་ནང་གི་སྒྲ་མི་ཐོས། རང་རྒྱུད་ཀྱི་བསྡུས་པའི་སྒྲ་ཐིམ་པའི་རྟགས་ལ། རྣ་བའི་ནང་གི་འུར་སྒྲ་མི་གྲག །དེ་རྣམས་ཀྱི་ནང་གི་རྟགས་ལ་དུ་བ་ལྟ་བུའི་ཉམས་འབྱུང༌། དེའི་རྗེས་ལ་འདུ་ཤེས་ཀྱི་ཕུང་པོ། གཞི་དུས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས། མེའི་ཁམས། སྣའི་དབང་པོ་རང་རྒྱུད་ཀྱིས་བསྡུས་པའི་དྲི་རྣམས་དུས་མཉམ་དུ་ཐིམ། དེ་ལ་ཡང་རྟགས་གཉིས་ལས་ཕྱིའི་རྟགས་ནི། འདུ་ཤེས་ཀྱི་ཕུང་པོ་ཐིམ་པའི་རྟགས་ལ། ཉེ་དུ་སོགས་ཀྱི་དོན་མི་དྲན། སོར་རྟོག་ཡེ་ཤེས་ཐིམ་པའི་རྟགས་ལ། ཉེ་དུ་སོགས་ཀྱི་མིང་


JLD007_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

མི་དྲན་མེའི་ཁམས་ཐིམ་པའི་རྟགས་ལ། ལུས་ཀྱི་བཟའ་བཏུང་འཇུ་བའི་ནུས་པ་ཉམས། སྣའི་དབང་པོ་ཐིམ་པའི་རྟགས་ལ། དབུགས་ཕྱིར་དྲག་ཏུ་རིང་དུ་རྒྱུ་ཞིང༌། ནང་དུ་སྡུད་མི་ནུས་ཤིང༌། རྒྱུ་བ་ཞན་པར་འགྱུར། རང་རྒྱུད་ཀྱིས་བསྡུས་པའི་དྲི་ཐིམ་པའི་རྟགས་ལ། དྲི་གསུམ་པོ་གང་ཡང་མི་ཚོར་དེ་རྣམས་ཀྱི་ནང་རྟགས་ལ། མཁའ་སྣང་ལྟ་བུའི་སྣང་བ་འབྱུང༌། དེའི་རྗེས་སུ་འདུ་བྱེད་ཀྱི་ཕུང་པོ། གཞི་དུས་ཀྱི་བྱ་སྒྲུབ་ཡེ་ཤེས། རླུང་གི་ཁམས། ལྕེའི་དབང་པོ། རང་རྒྱུད་ཀྱིས་བསྡུས་པའི་རོ་དང༌། རེག་བྱ་རྣམས་དུས་མཉམ་དུ་ཐིམ། དེ་ལ་ཡང་ཕྱིའི་རྟགས་དང་། ནང་གི་རྟགས་གཉིས་ལས། ཕྱིའི་རྟགས་ནི། འདུ་བྱེད་ཀྱི་ཕུང་པོ་ཐིམ་པའི་རྟགས་ལ། ལུས་ཀྱི་བྱ་བ་དང་སྒུལ་བསྐྱོད་སོགས་མི་ནུས་གཞི་དུས་ཀྱི་བྱ་བསྒྲུབ་པའི་ཡེ་ཤེས་ཐིམ་པའི་རྟགས་ལ། ཕྱིའི་བྱ་བ་དང་དགོས་པ་མི་དྲན། རླུང་གི་ཁམས་ཐིམ་པའི་རྟགས་སུ་རླུང་བཅུ་རང་གནས་ནས་སྙིང་གར་འཕོག་ལྕེའི་དབང་པོ་ཐིམ་པའི་རྟགས་ལ། ལྕེ་ཐུང་ཞིང་སྦོམ་ལ་ལྕེ་རྩ་སྔོན་པོར་འགྱུར། རང་རྒྱུད་ཀྱིས་བསྡུས་པའི་རོ་ཐིམ་པའི་རྟགས་ལ། རོ་དྲུག་གང་ཡང་མི་ཚོར། རེག་བྱ་ཐིམ་པའི་རྟགས་ལ། ལུས་ཀྱིས་རེག་བྱ་གང་ཡང་མི་ཚོར་དེ་རྣམས་ཀྱི་ནང་རྟགས་ལ། མར་མེ་འབར་བ་ལྟ་བུའི་སྣང་བ་འབྱུང༌། རླུང་སྣང་བ་ལ་ཐིམ་པའི་སྣང་བ་རང་དུས་སུ། སྟོན་གནམ་གཡའ་དག་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང༌། སྣང་བ་མཆེད་པ་ལ་ཐིམ་པའི་མཆེད་པ་རང་དུས་སུ། སྟོན་


JLD007_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་དམར་ལམ་པ་འབྱུང༌། མཆེད་པ་ཉེར་ཐོབ་ལ་ཐིམ་པའི་ཉེར་ཐོབ་རང་དུས་སུ། སྟོན་གནམ་གཡའ་དག་ལ་མཚམས་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་ནག་ལམ་པའི་སྣང་བ་འབྱུང༌། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་འོད་གསལ་རང་དུས་སུ། སྟོན་གྱི་ནམ་མཁའ་གཡའ་དག་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་བཞིན་པའི་སྣང་བ་འབྱུང་སྟེ། འཆི་བའི་འོད་གསལ་ཉམས་སུ་མྱོང་བར་བྱེད་དོ། །གཉིས་པ་ནི། དེ་ནས་ལུས་དཀྱིལ་གྱི་ལྷ་རྣམ་སྣང༌། སྤྱན་མ། སའི་སྙིང་པོ། གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེ་གཤེད། མི་གཡོ་བ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་པར་བསྒོམ་པ། གཞི་དུས་ལ་གཟུགས་ཕུང༌། མེ་ལོང་ལྟ་བུའི་ཡེ་ཤེས། སའི་ཁམས། མིག་དབང༌། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་རྣམས་འོད་གསལ་དུ་ཐིམ་པ་དང་ཆོས་མཐུན་ཏེ། འོག་མཚན་པ་གསུམ་ལ་ཡང་སྦྱོར་ཤེས་པར་བྱའོ། །དེ་ནས་གཙུག་ཏོར་འཁོར་ལོས་བསྒྱུར་བ་གནོད་མཛེས་རྒྱལ་པོ་འཇམ་དཔལ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་པར་བསྒོམ་པ་དང༌། རླུང་སྣང་བ་ལ། སྣང་བ་མཆེད་པ་ལ། མཆེད་པ་ཉེར་ཐོབ་ལ་ཐིམ་པ་དང་ཆོས་མཐུན། དེ་ནས་གཙོ་བོ་ཡང་འོད་གསལ་དུ་ཐིམ་པར་བསྒོམ་པ་དང༌། ཉེར་ཐོབ་འོད་གསལ་དུ་ཐིམ་ནས་འཆི་བའི་འོད་གསལ་ཉམས་སུ་མྱོང་བ་དང་ཆོས་མཐུན་པ་ཡིན་ནོ། །དེ་སྐད་དུ་ཡང་རྡོ་རྗེ་ཕྲེང་བ་ལས། གཟུགས་ཕུང་རྟོག་དང་མེ་ལོང་


JLD007_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ས་ཁམས་མིག་གི་དབང་པོ་དང༌། །གཟུགས་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཚོར་བའི་ཕུང་པོ་མཉམ་ཉིད་དང༌། །ཆུ་ཁམས་རྣ་བའི་དབང་པོ་དང༌། །སྒྲ་དང་རྣམ་ལྔར་གྱུར་པ་དང༌། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདུ་ཤེས་སོ་སོར་རྟོག་པ་དང༌། །བྱིན་པ་སྣ་ཡི་དབང་པོ་དང༌། །དྲི་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདུ་བྱེད་བྱ་སྒྲུབ་ཡེ་ཤེས་དང༌། །རླུང་ཁམས་ལྕེ་ཡི་དབང་པོ་དང༌། །རོ་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །སྟེང་འོག་ཁྲོ་བོ་ཤིན་ཏུ་གཅེས། །རང་བཞིན་གྱིས་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་པོར་ཞུགས་པ་སྟེ། །རྣམ་ཤེས་ཀྱང་ནི་འོད་གསལ་བའོ། །མྱ་ངན་འདས་བཅས་ཀུན་སྟོང་དང༌། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །བསྟན་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨཱདྨ་ཀོ྅ཧཾ་ཞེས་གསུངས་པའི་ཕྱིར་རོ། །སྤྱི་བོ་ལ་སོགས་པའི་གནས་སུ་གཟུགས་ཕུང་ལ་སོགས་པའི་ལུས་ཀྱི་ཆ་ཤས་རྣམས་དང༌། རྣམ་སྣང་ལ་སོགས་པའི་ལྷའི་འཁོར་ལོའི་ངོ་བོ་དབྱེར་མེད་དུ་བྱས་ན། གནས་དེ་དང་དེར་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ཐིམ་པར་བསྒོམ། དེ་ནས་གཙོ་བོ་ཡང་འོད་གསལ་དུ་ཐིམ་པ་ལས་བྱུང་བའི་བདེ་སྟོང་སྦྱར་ནས་བསྒོམས་ཏེ། ཤཱུ་ནྱ་ཏཱའི་སྔགས་བརྗོད་ནས། ཡུལ་སྟོང་པ་ཉིད་དང༌། ཡུལ་ཅན་ཡེ་ཤེས་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་ངའོ་སྙམ་པའི་ང་རྒྱལ་ལ་སློབ་པར་


JLD007_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ནི། བསྐྱེད་རིམ་པའི་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་ཡིན་ལ། དེ་ལ་ནི་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་དང༌། དེ་བཞིན་ཉིད་ལས་བྱང་ཆུབ་པ་དང༌། ལྷག་མོས་འོད་གསལ་དུ་སྡུད་པའི་དེ་ཉིད་དང༌། དོན་དམ་པའི་དཀྱིལ་འཁོར་ཅེས་བྱའོ། །འོ་ན་བསྐྱེད་རིམ་པའི་ཆོས་སྐུས་འཆི་བ་སྦྱོང་བའི་ཚུལ་ཇི་ལྟ་བུ་ཡིན་སྙམ་ན། ཐ་མལ་པའི་འཆི་བ་རང་དགའ་བ་འབྱུང་བའི་དོད་ལ། རྣལ་འབྱོར་པ་ལ་ལྷག་མོས་འོད་གསལ་དུ་བསྡུས་པའི་ཆོས་སྐུ་འབྱུང་བ་སྟེ། བསྐྱེད་རིམ་པའི་ཆོས་སྐུས་འཆི་བ་སྦྱོང་བའི་ཚུལ་ཡིན་ནོ། །འོ་ན་དེས་རྫོགས་རིམ་པའི་རྒྱུད་གང་སྨིན་པར་བྱེད་སྙམ་ན། ལུས་དབེན་དང་ངག་དབེན་གྱི་སྐབས་ཀྱི་དཔེའི་འོད་གསལ་དང༌། འཆི་བ་དངོས་གནས་ལ་སྦྱོང་བར་བྱེད་པའི་སེམས་དབེན་དང༌། སྒྱུ་ལུས་ཀྱི་སྐབས་ཀྱི་དཔེའི་འོད་གསལ་དང༌། རིམ་པ་བཞི་པ་དང༌། ལྔ་པའི་སྐབས་ཀྱི་དོན་གྱི་འོད་གསལ་རྣམས་ཀྱིས་རྒྱུད་སྨིན་པར་བྱེད་ཅིང༌། སྦྱངས་པའི་འབྲས་བུ་སངས་རྒྱས་ཀྱི་ཆོས་སྐུ་འགྲུབ་པར་བྱེད་དོ། །གཉིས་པ་ལ་ཡང་མཐུན་ཡུལ་དང༌། དེ་དང་ཆོས་མཐུན་སྦྱར་ནས་བཤད་པ་གཉིས། དང་པོ་བར་དོ་འགྲུབ་པའི་ཚུལ་ནི། ཤི་བ་འོད་གསལ་གྱི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང༌། སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་འཛམ་བུ་གླིང་པའི་མི་གང་དུ་སྐྱེ་བར་འགྱུར་བའི་བར་དོ་དེ་རླུང་གི་ལུས་ཅན། ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་དངོས་གནས་ལ་གྲུབ་པ་དང་། མཉམ་དུ་ཉེར་ཐོབ་དང༌། དེ་ནས་སྨིག་རྒྱུའི་བར་དུ་རིམ་གྱིས་འོང་ལ། བར་དོ་དེའི་


JLD007_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ནི་འབྱུང་ལུས་རགས་པ་སྤངས་པའི་ཕྲ་བའི་ལུས་ཅན་ཡིན་པ། དབང་པོ་ཀུན་ཚང་བ། རི་བོ་ལ་སོགས་པ་ལ་ཐོགས་མེད་དུ་འགྲོ་བ། ལས་ཀྱི་རྫུ་འཕྲུལ་སངས་རྒྱས་ཀྱིས་ཀྱང་དགག་པར་མི་ནུས་པ་ཅིག་ཡིན་ལ། མིང་གི་རྣམ་གྲངས་ནི། ཡིད་ལས་བྱུང་བ། སྲིད་འཚོལ། སྲིང་པ་བར་མ་དོ། དྲི་ཟ། མངོན་གྲུབ་ཀྱི་སྲིད་པ་རྣམས་ཡིན་ནོ། །མིའི་བར་དོའི་བོང་ཚོད་ནི། བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུ་ཡིན་ནོ། །ཚེའི་ཚད་ནི་ཞག་བདུན་ཡིན་ལ། དེ་ལ་སྐྱེ་གནས་མ་རྙེད་ན་ཞག་བདུན་ལ་འཆི་ཆུང་རེ་བྱས་ནས། བདུན་ཕྲག་བདུན་པ་ལ་སྐྱེ་གནས་རྙེད་པས་ཁྱབ་པ་ཡིན་ནོ། །རྣམ་པའི་ཁྱད་པར་ལ། ངན་འགྲོའི་བར་དོ་ནི། མཚན་མོའི་སྨག་གིས་ཁྱབ་པ་ལྟ་བུའམ། ཕྱར་བ་ནག་པོ་བརྐྱངས་པ་ལྟ་བུ་དང༌། བདེ་འགྲོའི་བར་དོ་ནི་མཚན་མོ་ཟླ་འོད་ཀྱིས་ཁྱབ་པའམ། སྣམ་བུ་དཀར་པོ་བརྐྱངས་པ་ལྟ་བུ་ཡོད་པར་སའི་དངོས་གཞི་ལས་གསུངས། ཡང་དམྱལ་བའི་བར་དོ་ནི། སྡོད་དུམ་མེས་ཚིག་པ་ལྟ་བུ་དང༌། དུད་འགྲོའི་བར་དོ་ནི་ཆུ་ལྟ་བུ་དང༌། ཡི་དྭགས་ཀྱི་བར་དོ་ནི་དུ་བ་ལྟ་བུ་དང༌། འདོད་ལྷའི་བར་དོ་ནི་གསེར་ལྟ་བུ་དང༌། གཟུགས་ཁམས་པའི་བར་དོ་ནི་དཀར་པོར་དགའ་བོ་མངལ་འཇུག་ལས་གསུངས་ཤིང༌། གཟུགས་མེད་དུ་སྐྱེ་བ་ལ་བར་སྲིད་མེད་དོ། །མཐོང་ཚུལ་ནི། རང་དང་རིགས་མཐུན་གྱི་བར་དོ་དང༌། རང་གང་དུ་སྐྱེ་འགྱུར་གྱི་སྐྱེ་གནས་མཐོང་བ་ཡིན་ནོ། །འགྲོ་ཚུལ་གྱི་ཁྱད་པར་ལ་ངན་


JLD007_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་བར་དོ་ནི་སྤྱིའུ་ཚུགས་དང༌། མིའི་བར་དོ་ནི་ཐད་ལ་འགྲོ་ལ། ལྷའི་བར་དོ་ནི་སྟེང་ལ་འགྲོ་བ་ཡིན་ནོ། །ལྡོག་ཚུལ་ལ། འགྲོ་བ་དེ་དང་དེའི་བར་དོ་གྲུབ་ནས། འགྲོ་བ་གཞན་དུ་མི་ལྡོག་པར། མཛོད་ལས་གསུངས་ཤིང༌། ཀུན་ལས་བཏུས་ལས་ནི་ལྡོག་པར་གསུངས་སོ། །གཉིས་པ་དེ་དང་ཆོས་མཐུན་སྦྱོར་ཚུལ་ནི། གདན་དབུས་མའི་སྟེངས་སུ། ཞེས་པ་ནས། དང་པོའི་མགོན་པོ་ཞེས་པའི་བར་རྣམས་ཡིན་ལ་དེ་རྣམས་ནི་མདོར་བྱས་ལས་གསུངས་ཤིང༌། མཐུན་ཡུལ་བར་དོ་འགྲུབ་ཚུལ་ནི། རྣམ་གཞག་རིམ་པ་ལས་གསུངས། རྣམ་པ་མཐུན་པའི་ཚུལ་ནི། གདན་དབུས་མའི་སྟེང་དུ་ཉི་ཟླ་པདྨ་གསུམ་སྒོམ་པ་ནི། འཆི་བའི་འོད་གསལ། ཐོབ་མཆེད་སྣང་གསུམ་འབྱུང་བ་དང་ཆོས་མཐུན། ཉི་ཟླ་པད་གསུམ་གྱི་རྒྱུར་གྱུར་པའི་ཡི་གེ་གསུམ་བསྒོམ་པ་ནི། ཐོབ་མཆེད་སྣང་གསུམ་གྱི་རྒྱུར་གྱུར་པའི་རླུང་གསུམ་པོ་དེ་དང་ཆོས་མཐུན། པདྨའི་སྟེང་དུ་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་སྒོམ་པ་ནི། ཐོབ་མཆེད་སྣང་གསུམ་གྱི་བཞོན་པའི་རླུང་གསུམ་དང་ཆོས་མཐུན། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར་པར་བསྒོམ་པ་ནི། བར་དོའི་རླུང་སེམས་དངོས་པོ་གཅིག་པ་དེ་དང་ཆོས་མཐུན། ཟླ་བའི་སྟེང་དུ་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་བསྒོམ་པ་ནི། བར་དོའི་ངག་དང་ཆོས་མཐུན། རྡོ་རྗེ་དཀར་པོ་རྩེ་ལྔ་པ་ནི། བར་དོའི་ཡིད་དང་ཆོས་མཐུན། དང་པོའི་མགོན་པོ་བསྒོམ་པ་ནི། བར་


JLD007_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དོའི་ལུས་དང་ཆོས་མཐུན། ས་བོན་ལས་འོད་ཟེར་འཕྲོ་བར་བསྒོམ་པ་ནི། བར་དོའི་བྱ་བ་དང་ཆོས་མཐུན། དེ་འབྲས་བུ་ལ་སྦྱར་ན། ཟླ་བ་ལས་བྱང་ཆུབ་པའི་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི། འབྲས་དུས་ཀྱི་འོད་གསལ་གྱི་བཞོན་པའི་རླུང་དང་ཆོས་མཐུན། དེའི་སྔོན་དུ་ཉི་ཟླ་པད་གསུམ་ཡི་གེ་དང་བཅས་པ་བསྒོམ་པ་ནི། དོན་གྱི་འོད་གསལ་གྱི་བཞོན་པའི་རླུང་དང་བཅས་པའི་རྒྱུར་གྱུར་པའི་ཐོབ་མཆེད་སྣང་གསུམ་དང༌། དེའི་རྒྱུར་གྱུར་པའི་རླུང་གསུམ་དང་ཆོས་མཐུན། ས་བོན་ལས་བྱང་ཆུབ་པས། སྐུ་རྫོགས་པ་ལས་བྱང་ཆུབ་པ་དང༌། འོད་ཟེར་སྤྲོ་བསྡུ་བྱེད་པ་རྣམས་ནི་རིམ་པ་བཞིན། དོན་གྱི་འོད་གསལ་དེ་ཉིད་སངས་རྒྱས་ཀྱི་གསུང་ཐུགས་སྐུ་འཕྲིན་ལས་ཀྱི་རྣམ་པར་ཤར་བ་དང་ཆོས་མཐུན། རྡོ་རྗེའི་རྭ་ལྔ་པོ་དེས་དོན་གྱི་འོད་གསལ་གྱི་ཡེ་ཤེས་ལྔ་པོ་དེ་མཚོན། རྡོ་རྗེའི་ལྟེ་བ་ལ་ཡི་གེ་གསུམ་བསྒོམ་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་ངོ་བོ་དབྱེར་མེད་པ་དེ་མཚོན། སྒོམ་པའི་ཚུལ་ནི། ཉི་མའི་དཀྱིལ་འཁོར་ནས། དང་པོའི་མགོན་པོའི་བར་རྣམས་བདེ་སྟོང་དབྱེར་མེད་ཀྱི་རྣམ་འགྱུར་དུ་བལྟ་བ་དང༌། དང་པོའི་མགོན་པོའི་ང་རྒྱལ་དང༌། གསལ་སྣང་ལ་བསླབ་པ་དང༌། དག་པའི་རླུང་སེམས་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་སྐུར་ཤར་བ་དེ་ངའོ་སྙམ་དུ་ང་རྒྱལ་ལ་སློབ་པར་བྱེད་པ་ནི། བར་དོ་ལོངས་སྐུར་འཁྱེར་བའི་ལམ་འཁྱེར་ཡིན་ལ། དེ་དང་སྐུ་རྫོགས་པ་ལས་བྱང་ཆུབ་པ་དང༌། དང་པོའི་མགོན་པོ་


JLD007_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསྐྱེད་རིམ་པའི་ལོངས་སྐུ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །བསྐྱེད་རིམ་པའི་ལོངས་སྐུས་བར་དོ་སྦྱོང་བའི་ཚུལ་ནི། ཐ་མལ་པ་ལ་བར་དོ་རང་དགའ་བ་འབྱུང་བའི་དོད་ལ། བསྐྱེད་རིམ་པའི་རྣལ་འབྱོར་པ་ལ། མངོན་བྱང་ལྔ་ལས་དང་པོའི་མགོན་པོ་འབྱུང་བ་དེ་ཡིན་ནོ། །རྫོགས་རིམ་གྱིས་རྒྱུད་གང་སྨིན་པར་བྱེད་སྙམ་ན། དབེན་པ་གསུམ་གྱི་སྐབས་ཀྱི་སྒྱུ་ལུས་རྗེས་མཐུན་པ་དང༌། བར་དོ་དངོས་གནས་ལ་སྦྱོང་བར་བྱེད་པའི་རིམ་པ་གསུམ་པའི་སྒྱུ་ལུས་དང༌། ལྔ་པའི་སྐབས་ཀྱི་སྒྱུ་ལུས་རྣམས་ཀྱིས་རྒྱུད་སྨིན་པར་བྱེད་ཅིང༌། སྦྱངས་པའི་འབྲས་བུ་ལ་སངས་རྒྱས་ཀྱི་ལོངས་སྐུ་འགྲུབ་པ་ཡིན་ནོ། །གསུམ་པ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་ལ་ཡང༌། མཐུན་ཡུལ་དང༌། ཆོས་མཐུན་གཉིས་ཡོད་པ་ལས། དང་པོ་ནི། མངལ་དུ་སྐྱེ་བ་ལེན་པ་ལ། མ་ནད་མེད་ཅིང་ཟླ་མཚན་དང་ལྡན་པ་ལ་དྲི་ཟ་ཉེ་བར་གནས། ཕོ་མོ་གཉིས་ཕན་ཚུན་ཆགས་ཤིང་སྙོམས་པར་ཞུགས་དགོས་པ་དང༌། མའི་མངལ་རླུང་མཁྲིས་བད་ཀན་སོགས་ཀྱིས་བཀག་པ་དང༌། མངལ་གྲོག་མོའི་རྐེད་པ་ལྟ་བུ་དང༌། ནས་ཀྱི་དབྱིབས་ལྟ་བུ་སྟེ། མངལ་གྱི་སྐྱོན་གསུམ་དང༌། ཕོ་མོ་གཉིས་ཀྱི་ས་བོན་སྔ་ཕྱིར་བབས་པའམ། དུས་མཉམ་དུ་བབས་ཀྱང་རུལ་པ་ལ་སོགས་པའི་ས་བོན་གྱི་ཉེས་པ་དང༌། དྲི་ཟ་དེས་ཕོ་མོ་གཉིས་ཕ་མར་འགྱུར་བའི་ལས་མ་བསགས་པ་དང༌། ཕོ་མོ་གཉིས་ཀྱིས་ཀྱང་དྲི་ཟ་དེ་བུར་འགྱུར་བའི་ལས་མ་བསགས་པའི་ལས་


JLD007_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉེས་པ་སྟེ། ཉེས་པ་གསུམ་དང་བྲལ་ན་མངལ་འཆགས་པར་མངལ་འཇུག་ལས་གསུངས་སོ། །འཆགས་པའི་ཚུལ་ནི། ཐུགས་རྡོ་རྗེ་བར་དོའི་རྣམ་པར་ཤེས་པ་དེ། ཆགས་པའི་སེམས་ཀྱི་རྟ་ལ་ཞོན་ཏེ། ཤིན་ཏུ་མྱུར་བར་འོང་ནས་ཕའི་སྤྱི་བོ་ནས་ཞུགས་ཏེ། རྩ་སྟོང་ཕྲག་དོན་གཉིས་ནས་བབས་པའི་ཐིག་ལེ་དང་མཉམ་དུ་འགྲོགས་ནས་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་བ་དང༌། མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བ་སྐྱེས་པས་འཆི་རྐྱེན་བྱས་ནས། རྣམ་ཤེས་མའི་མངལ་དུ་ཁུ་ཁྲག་འདྲེས་པའི་དབུས་སུ་ཞུགས་ནས་སྐྱེ་བ་ལེན་པ་དང་མཉམ་དུ་ཉེར་ཐོབ། དེ་ལས་མཆེད་པ། དེ་ལས་སྣང་བ། སྣང་བའི་རླུང་ལས། རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་རགས་སུ་སོང་བའི་རླུང་གི་རླུང༌། དེ་ལས་རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་རགས་སུ་སོང་བའི་མེའི་རླུང༌། དེ་ལས་རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་རགས་སུ་སོང་བའི་ཆུའི་རླུང༌། དེ་ལས་རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་རགས་སུ་སོང་བའི་སའི་རླུང་སྐྱེའོ། །དེ་རྣམས་ཀྱི་རྟགས་ལ་རིམ་པ་བཞིན། མར་མེ། མཁའ་སྣང༌། དུ་བ། སྨིག་རྒྱུ་ལྟ་བུའི་སྣང་བ་རྣམས་འབྱུང་ཞིང༌། བར་དོ་མངལ་དུ་ཞུགས་པའི་དུས་ཀྱི་ཁམས་དཀར་པོ་འཕེལ་བའི་རིམ་པ་དེ་ལ། མེར་མེར་པོ་དང༌། ལྟར་ལྟར་པོ་དང༌། གོར་གོར་པོ་དང༌། འཁྲང་འགྱུར། རྐང་ལག་འགྱུས་པའི་སྐབས་དང་ལྔ་འབྱུང་ལ། དེ་ལ་དང་པོ་ནི། ཕྱི་སྤྲིས་མ་


JLD007_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཆགས་པ་ནང་ཤིན་ཏུ་སླ་བ། གཉིས་པ་ནི། ཕྱི་ནང་གཉིས་ཀ་ཞོ་ལྟར་བསྐ་བ་དང༌། གསུམ་པ་ནི། ཤར་གྱུར་ཀྱང་མནན་མི་བཟོད་པ་དང༌། བཞི་པ་ནི། མནན་ཀྱང་བཟོད་པ་དང༌། ལྔ་པ་ནི། འབུར་པོ་ལྔ་དོད་པའི་གནས་སྐབས་ཡིན་ལ། དེ་རྣམས་རིགས་ལྔ་དང་སྦྱོར་བ་རྣམ་གཞག་གི་རིམ་པ་ལས་གསུངས་ཤིང༌། སྦྱོར་ཚུལ་ནི་མི་བསྐྱོད་པ་ནས། རྣམ་སྣང་གི་བར་དུ་རིམ་པ་བཞིན་སྦྱར་རོ། །ཁམས་དམར་པོ་འཕེལ་བའི་གནས་སྐབས་ལ་ཡང༌། ཞུ་བ་དང༌། དམར་པོ་དང༌། གོང་བུ་དང༌། འཁྲང་འགྱུར་དང༌། ཡང་དག་པར་འདྲེས་པའི་གནས་སྐབས་ལྔ་འབྱུང་ལ། དེ་ཡང་རིགས་ལྔ་དང་སྦྱོར་བ་དེ་དག་སྡོམ་འབྱུང་ལས་གསུངས་ཤིང༌། སྦྱོར་ཚུལ་ནི། དང་པོ་མི་བསྐྱོད་པ་དང༌། གཉིས་པ་འོད་དཔག་མེད། གསུམ་པ་རིན་འབྱུང༌། བཞི་པ་དོན་གྲུབ། ལྔ་པ་རྣམ་སྣང་དང་སྦྱོར་རོ། །དེ་ནས་ཁམས་དཀར་དམར་འཕེལ་བ་ལ་བརྟེན་ནས། མངལ་གྱི་སྐྱེས་བུ་དེའི་ཕུང་པོ་ལྔ་དང༌། ཁམས་ལྔ༌། དབང་པོ་དྲུག་ཡུལ་ལྔ། ཡན་ལག་རྣམས་རིམ་གྱིས་གྲུབ་པ་དང༌། དེའི་རྗེས་སུ་མངལ་གྱི་སྐྱེས་བུ་དེའི་ལུས་རྫོགས་པ་དང༌། ཁ་ནས་རླུང་རྒྱུ་བ་དང༌། ལྕེ་རྐན་སོགས་ཀྱི་གནས་བརྒྱད་གྲུབ་པ་དང༌། ཡིད་ཤེས་ཡུལ་ལ་འཇུག་པའི་དྲན་པ་རྫོགས་པ་དང༌། རགས་པ་གནས་སྐབས་པའི་ལུས་དང༌། ཕྲབ་གཉུག་མའི་ལུས་རྣམས་རིམ་གྱིས་འགྲུབ་པ་ཡིན་ནོ། །མངལ་དུ་གནས་པའི་ཚུལ་ནི། ཕོ་ཡིན་ན་མའི་གཞོགས་གཡས་ནས་ཁ་རྒྱབ་ངོས་ནས་ཕྱོགས་པ་དང༌། མོ་ཡིན་ན་མའི་གཞོགས་གཡོན་ནས་མདུན་ངོས་ལ་ཁ་ཕྱོགས་


JLD007_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཟླ་བ་ངོ་བཅུ་རིལ་པོ་དགུར་གནས་ལ། དེ་ཞག་གི་དབང་དུ་བྱས་ན། ཞག་བདུན་ཕྲག་སོ་བརྒྱད་ཡོད་པའི་སོ་དྲུག་པ་ལ་མངལ་ལ་མི་གཙང་བ་དང་དྲི་ང་བའི་བྲོ་འབྱུང༌། སོ་བདུན་པ་ལ་མངལ་དུ་སྡོད་མི་འདོད་པར། ཕྱི་རོལ་དུ་འབྱུང་འདོད་པ་དང༌། སོ་བརྒྱད་པ་ལ་ལས་ཀྱི་རླུང་ཡན་ལག་ཅེས་བྱ་བས་ཆོས་འབྱུང་གི་སྒོར་ཕྱོགས་པར་བྱེད་པ་སྟེ། དེ་ལས་རླུང་ཐུར་དུ་བལྟ་བ་ཞེས་བྱ་བས་མགོ་མཇུག་བསྒྱུར་ཏེ། ཆོས་འབྱུང་གི་སྒོར་འཕུལ་ནས་བཙའ་བར་བྱེད་དེ། བཙས་པའི་གནས་སྐབས་དེ་ལ་བྱིས་པ། གཞོན་ནུ། དར་ལ་བབས་པ། དར་ཡོལ་བ། རྒན་པོའི་གནས་སྐབས་རྣམས་འབྱུང་ངོ༌། །གཉིས་པ་ཆོས་མཐུན་སྦྱར་བ་ནི། རང་བཞིན་གནས་ནས། ཞེས་པ་ནས། རིགས་བདག་གིས་རྒྱས་བཏབ་པའི་བར་ཡིན་ལ། དེ་ནི་མདོར་བྱས་ལས་གསུངས་ཤིང༌། མཐུན་ཡུལ་ནི་རྣམ་གཞག་ལས་གསུངས་སོ། །ཆོས་མཐུན་སྦྱོར་བའི་ཚུལ་ནི། རང་བཞིན་གྱི་གནས་ནས། ཞེས་པ་ནས། སྙོམས་པར་ཞུགས་པའི་བར་ནི་གཞི་ལ་ཕོ་མོ་གཉིས་སྙོམས་པར་འཇུག་པ་དང་ཆོས་མཐུན། མི་བསྐྱོད་པ་ཐམས་ཅད། ཅེས་པ་ནས། སེམས་དཔའ་གསུམ་བརྩེགས་ཀྱི་བར་རྣམས་ནི། མའི་མངལ་དུ་ཁམས་དཀར་དམར་འདྲེས་པའི་དབུས་སུ་བར་དོ་ཞུགས་ཏེ་སྐྱེ་བ་བླངས་པ་ནས། ཕྲ་བ་གཉུག་མའི་ལུས་ཀྱི་བར་རྣམས་རིམ་པ་བཞིན་སྦྱོར་རོ། །རིགས་བདག་གིས་རྒྱས་བཏབ་སྟེ་ཞལ་གསུམ་པར་བསྒོམ་པ་ནི། མངལ་ནས་ཕྱི་རོལ་དུ་བཙས་པ་དང་


JLD007_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཐུན། སྒོམ་ཚུལ་ལ། ལུས་རྟེན་གཞལ་ཡས་ཁང་དུ་བསྒོམ་ཚུལ་ནི། ཕྱི་དཀྱིལ་གྱི་ཟུར་བཞི་ལ་སོགས་པ་དང༌། སྒྲུབ་པ་པོའི་ལུས་ཀྱི་མདུན་རྒྱབ་ལ་སོགས་པའི་ལུས་ཀྱི་ཆ་ཤས་རྣམས་དུས་མཉམ་དུ་ཚོགས་པས་ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་བྱས་པས་དཀྱིལ་འཁོར་ཕྱི་མའི་རིགས་འདྲ་སྐྱེས་པར་སྒོམ་པ་ནི། རྫོགས་རིམ་གྱི་རིམ་པ་གསུམ་པ་དང༌། འབྲས་དུས་ཀྱི་གཞལ་ཡས་ཁང་དངོས་གནས་ལ་གྲུབ་བོ། །བརྟེན་པ་ལྷ་བསྒོམ་པའི་ཚུལ་ནི། སྒྲུབ་པ་པོས་ལུས་ཀྱི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། གཟུགས་ཕུང་ལ་སོགས་པའི་ལུས་ཀྱི་ཆ་ཤས་རྣམས་དང༌། ༀ་ཡིག་ལ་སོགས་སོ་སོའི་ས་བོན་སོ་གཉིས་པ་རྣམས་ངོ་བོ་དབྱེར་མེད་དུ་བྱས་པ་ལས། རྣམ་སྣང་ལ་སོགས་པའི་ལྷ་སོ་གཉིས་ཀྱི་གསལ་སྣང་དང་། ང་རྒྱལ་ལ་བསླབ་པ་དང༌། དེ་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་རྣམ་འགྱུར་དུ་བལྟས་ནས་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་རིམ་པ་གསུམ་པ་དང་འབྲས་དུས་ཀྱི་བརྟེན་པའི་ལྷ་སོ་གཉིས་དངོས་གནས་ལ་གྲུབ་འོང་ངོ༌། །དེ་ཡང་སོ་སོར་བསྒོམས་པའི་དགོས་པ་ལ། ཡུམ་བཞི་དང་རིགས་ལྔ་བསྒོམས་པས་ནི། རྫོགས་རིམ་དང་འབྲས་དུས་སུ་ལྷ་དེ་དང་དེར་དངོས་གནས་སུ་འགྲུབ་པ་དང༌། ས་སྙིང་སོགས་ལྔ་བསྒོམས་པས་ནི། མངོན་ཤེས་ལྔ་དང༌། ལུས་དབང་སྒྲིབ་སེལ་དུ་བསྒོམས་པས་ནི། རྡོ་རྗེའི་ལུས་དང༌། ཡན་ལག་ཁྲོ་བོར་བསྒོམས་པས་ནི། སྒྲུབ་པ་པོ་ལ་བགེགས་མི་འབྱུང་བའི་ཕྱིར་དུ་ཡིན་ནོ། །ཐུན་


JLD007_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དུ་སྒོམ་པ་ནི་རྫོགས་རིམ་དང་འབྲས་དུས་སུ་ཕྱག་རྒྱ་དང་། སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་ཆེན་གྱིས་རྒྱུད་སྨིན་པར་བྱེད་དོ། །སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་ཚུལ་ལ་ཡུལ་ནི་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ཡིན་ལ། ཚུལ་ནི་ཡི་གེ་གསུམ་ལས་ལྷ་མོ་མཚན་མ་གསུམ་སྤྲོས་ནས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ། དཔལ་ལྡན་སངས་རྒྱས་ཞེས་སོགས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྙོམས་པར་ཞུགས་པས་ངོ་བོ་བདེ་བ་ཆེན་པོ་ལ། རྣམ་པ་འོད་ཟེར་དཀར་དམར་ནག་པ་གསུམ་གྱི་རྣམ་པར་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རིམ་པར་ཞུགས་ཏེ། ཡེ་ཤེས་ཀྱི་བདེ་བ་ཆེན་པོ་ཐོབ་པར་བསམས་ཏེ་སྔགས་གསུམ་བརྗོད་ནས། རིམ་པ་བཞིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དེ་ངའོ་སྙམ་པའི་ང་རྒྱལ་ལ་སློབ་པ་དང༌། རྡོ་རྗེ་གསུམ་དབྱེར་མེད་པའི་བདག་ཉིད་དེ་ངའོ་སྙམ་པའི་ང་རྒྱལ་ལ་སློབ་པ་དེ་ནི། རྫོགས་རིམ་དང་འབྲས་དུས་ཀྱི་སྐབས་ཀྱི་རྡོ་རྗེ་གསུམ་སོ་སོ་བ་དང༌། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པར་འགྲུབ་པ་དང༌། སེམས་དཔའ་གསུམ་བརྩེགས་སྒོམ་པ་ནི། རྫོགས་རིམ་དང་འབྲས་དུས་ཀྱི་སེམས་དཔའ་གསུམ་བརྩེགས་འགྲུབ་པའི་ཕྱིར་དུ་ཡིན་ནོ། །བསྐྱེད་རིམ་པའི་སྤྲུལ་སྐུས་སྐྱེ་བ་སྤྱོད་པའི་ཚུལ་ནི། ཐ་མལ་པ་ལ་སྐྱེ་བ་རང་དགའ་བ་འབྱུང་བའི་དོད་ལ། བསྐྱེད་རིམ་པའི་རྣལ་འབྱོར་པ་ལ་དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་


JLD007_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་འབྱུང་བ་ཡིན་ནོ། །དེས་རྫོགས་རིམ་གང་གིས་རྒྱུད་སྨིན་པར་བྱེད་པ་ནི། དབེན་པ་གསུམ་གྱི་སྐབས་ཀྱི་སྒྱུ་ལུས་རྗེས་མཐུན་པ་ཕུང་པོ་རྙིང་པ་ལ་ཞུགས་པའི་རགས་པའི་སྤྲུལ་སྐུ་དང༌། དག་པ་ངག་གི་སྒྱུ་མའི་སྐུ་ཕུང་པོ་རྙིང་པ་ལ་ཞུགས་པའི་རགས་པའི་སྤྲུལ་སྐུ་རྣམས་ཀྱིས་རྒྱུད་སྨིན་པར་བྱེད་ཅིང༌། སྦྱངས་པའི་འབྲས་བུ་ལ་སངས་རྒྱས་ཀྱི་སྤྲུལ་སྐུ་འགྲུབ་པ་ཡིན་ནོ། །དེ་ལ་ཁོ་ན་རེ་བསྐྱེད་རིམ་པའི་ཆོས་ལོངས་སྤྲུལ་གསུམ་པོ་དེ་སེམས་ཅན་རྣམས་ཀྱི་ནང་ནས། འཛམ་བུ་གླིང་པའི་མིའི་འཆི་བ་བར་དོ་སྐྱེ་བ་གསུམ་དང་རྣམ་པ་མཐུན་པའི་སྒོ་ནས་བསྒོམ་པར་བྱ་བའི་ཕྱིར་དུ་ཡིན་ནོ། །རྣམ་པ་མཐུན་པའི་ཚུལ་ནི། གཞིའི་འཆི་བ་དང༌། བསྐྱེད་རིམ་པའི་ཆོས་སྐུ་གཉིས་མོས་པ་ཡིད་བྱེད་ཀྱི་སྒོ་ནས་རྣམ་པ་མཐུན་ལ། རྫོགས་རིམ་དང་འབྲས་དུས་ཀྱི་ཆོས་སྐུ་དང་རྣམ་པ་དངོས་གནས་ལ་མཐུན་པ་ཡིན་ནོ། །གཞིའི་བར་དོ་དང་བསྐྱེད་རིམ་པའི་ལོངས་སྐུ་མོས་པ་ཡིད་བྱེད་ཀྱི་སྒོ་ནས་རྣམ་པ་མཐུན། གཞིའི་སྐྱེ་བ་དང་བསྐྱེད་རིམ་པའི་སྤྲུལ་སྐུ་མོས་པ་ཡིད་བྱེད་ཀྱི་སྒོ་ནས་རྣམ་པ་མཐུན། འོ་ན་ཐེག་པ་འདིའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་དེ་འཛམ་བུ་གླིང་པའི་མི་ཡིན་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེའི་རྒྱུ་མཚན་ཡོད་དེ། ཐེག་པ་འདིའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་དེ། ཕོ་མོ་གཉིས་ཀྱི་དབང་པོ་གཉིས་མཉམ་པར་སྦྱར་ནས་ཁམས་དཀར་དམར་གྱི་འདུ་འཕྲོད་བྱས་པ་ལས་བྱུང་བའི་བདེ་བ་ལམ་དུ་བྱེད་ནུས་པ་ཞིག་ཡིན་ལ། དེ་འདྲ་བའི་གང་ཟག་ནི། འཛམ་བུ་


JLD007_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་པ་མ་གཏོགས་པའི་འགྲོ་བ་གཞན་ལ་མེད་པའི་ཕྱིར་ཏེ། གཟུགས་མེད་ཁམས་པའི་ལྷ་ལ་ནི། བཞིན་ལག་གི་རྣམ་པ་ཅན་གྱི་གཟུགས་མེད་པའི་ཕྱིར་དང༌། གཟུགས་ཁམས་དང་འདོད་ལྷ་གོང་མ་ལ་ནི། གཟུགས་ཡོད་ཀྱང་ཕོ་མོའི་དབང་པོ་མེད་པ་དང༌། འདོད་ལྷ་འོག་མ་གཉིས་ལ་ཕོ་མོའི་དབང་པོ་ཡོད་ཀྱང་མཚན་སྒོར་རླུང་ཉི་ཚེ་བ་རྒྱུ་བ་མ་གཏོགས་ཁམས་དཀར་དམར་གྱི་འདུ་འཕྲོད་མེད་པ་དང༌། ངན་སོང་གསུམ་ལ་ཁམས་དཀར་དམར་གྱི་འདུ་འཕྲོའི་བདེ་བ་ཡོད་ཀྱང༌། དེ་རྣམས་ཆོས་སྒྲུབ་པའི་རྟེན་དུ་མི་རུང་བ་དང༌། གླིང་གཞན་གསུམ་གྱི་མི་ལ་ཁམས་དཀར་དམར་གྱི་འཕྲོ་འདུའི་བདེ་བ་ཡོད་ཀྱང༌། དེ་རྣམས་ཚེ་སྔ་མར་བསགས་པའི་ལས་ཀྱི་འབྲས་བུ་ཚེ་འདིར་མྱོང་བའོ་ལོངས་སྤྱོད་ཀྱི་ས་པ་ཡིན་པའི་ཕྱིར་དང༌། ཚེ་འདིར་ལམ་སྒོམ་པའི་འབྲས་བུ་ཚེ་འདིར་ཐོབ་པའི་ལས་ཀྱི་ས་པ་མ་ཡིན་པའི་ཕྱིར་ཏེ། རྣམ་གཞག་རིམ་པ་ལས། འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མིའི་བདག་ཉིད་ཀྱི་སྲིད་འདིར་ཞུགས་ཏེ། ཐམས་ཅད་མཁྱེན་པའི་དངོས་གྲུབ་ཀྱི་གོ་འཕང་བརྙེས་པ་དང་ལྡན་པར་འགྱུར་རོ། །རྒྱུ་མཚན་དེས་ན་འདིར་མིའི་སྲིད་པ་སྐྱེ་བའི་རིམ་པ་བསྟན་ནོ། ཞེས་གསུངས་ཤིང༌། དེས་ན་དེ་འདྲ་བའི་བདེ་བ་ལམ་དུ་བྱེད་པའི་ཚད་ནི། རྣལ་འབྱོར་ཕོ་མོ་གཉིས་ཀའང་ལྷའི་རྣལ་འབྱོར་བརྟན་པོ་དང་ལྡན་པ་བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་འཛིན་པའི་སྒོ་ནས་བདེ་སྟོང་


JLD007_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ནུས་པ་ཞིག་དགོས་ལ། དེ་འདྲ་བའི་གང་ཟག་དེ་ལ་ཨུཏྤ་ལ་དང༌། པདྨ། པདྨ་དཀར། ཙནྡན། རིན་པོ་ཆེ་ལྟ་བུའི་གང་ཟག་ལྔ་ཡོད་ཅིང༌། དེ་རེ་རེ་ལ་ཡང་། སྐྱེས་པ་བུད་མེད་གཉིས་གཉིས་ཡོད་པ་ཡིན་ནོ། །དེ་ཡང་བུད་མེད་ཀྱི་རྟེན་ཅན་ཚེ་དེ་ཉིད་ལ་འཚང་རྒྱ་བའིཚུལ་ནི། དཔེར་ན་ཡབ་ཀྱི་ཡུམ་ལ་བརྟེན་ནས་དགའ་བ་བཞི་དང་། སྟོང་པ་བཞི་དྲངས་ཏེ། སྟོང་པ་བཞིའི་འོད་གསལ་གྱི་སེམས་ལས་དག་མ་དག་གི་སྒྱུ་མའི་སྐུ་བསྐྱེད་ནས། ཚེ་དེ་ལ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་དེ་བཞིན་དུ། ཡུམ་གྱིས་ཀྱང་ཡབ་ལ་དགའ་བ་བཞི་དང་། སྟོང་པ་བཞི་དྲངས་ཏེ། སྟོང་པ་བཞིའི་འོད་གསལ་གྱི་རླུང་སེམས་ལས་དག་མ་དག་གི་སྒྱུ་མའི་སྐུ་བསྐྱེད་ནས། ཚེ་དེ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་ཡིན་ནོ། །བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བའི་ཚུལ་ནི། ལེའུ་བཅུ་གསུམ་པ་རྩ་འགྲེལ་ལས་གསུངས་སོ། །ཐེག་པ་འདིའི་ལུགས་ཀྱི་རིག་མའི་འདོད་ཡོན་ལ་བརྟེན་ནས་འཚང་རྒྱ་བའི་དགོས་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སྔགས་དང་ཕྱག་རྒྱ་སྔོན་དུ་མངོན་པར་འདུ་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིང་ག་ཡང་དག་པར་སྦྱོར་བར་མི་ནུས་པ་དེས་ནི། བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བའི་བདེ་བས་རང་བཞིན་སྣང་བ་ཡང་དག་པར་མཚོན་པར་བྱེད་པ་དེ་ནི། བདེ་བ་ཆེན་པོའི་གོ་འཕང་ལ་གནས་པར་འགྱུར་རོ། ཞེས་གསུངས་པ་དང༌། རྩ་རྒྱུད་ལེའུ་བདུན་པ་ལས། ཆགས་ཅན་ཡེ་ཤེས་


JLD007_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡིས། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། ཞེས་པ་དང༌། མདོ་སྡེ་ལས་ཀྱང༌། ཇི་ལྟར་བཅོམ་ལྡན་འདས་ཀྱི་གོ་འཕང་ནི་འདོད་ཆགས་ལས་སྐྱེ་བར་འགྱུར་བར་རབ་ཏུ་བསྟན་པར་བྱ་བའི་ཕྱིར། ལེའུ་དང་པོ་ལས་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད། ཅེས་དང༌། ལེའུ་དང་པོའི་སྒྲོན་གསལ་ལས། གང་གི་དོན་དུ་འདི་ཉིད་མཛད། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། ཞེས་གསུངས་པ་རྣམས་ཀྱིས་སྟོན་པ་ཡིན་ནོ། །འོ་ན་བསྐྱེད་རིམ་པའི་ཆོས་ལོངས་སྤྲུལ་གསུམ་པོ་དེ། མི་རྣམས་ཀྱི་ནང་ནས་འཛམ་བུ་གླིང་པ་བསྐལ་པ་དང་པོའི་མིའི་འཆི་བ་བར་དོ་སྐྱེ་བ་གསུམ་དང་ཆོས་མཐུན་སྦྱོར་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེ་ནི་རྣམ་གཞག་རིམ་པ་ལས། ལྷག་མོས་ཀྱི་རྟེན་གཞལ་ཡས་ཁང་དང་སྣོད་ཆགས་པ་ཆོས་མཐུན། ལྷག་མོས་ཀྱི་ལྷའི་འཁོར་ལོ་དང་བསྐལ་པ་དང་པོའི་མི་གཉིས་ཆོས་མཐུན་ནོ། །ལྷག་མོས་ཀྱི་ལྷ་འོད་གསལ་དུ་བཅུག་པའི་ཆོས་སྐུ་དང༌། བསྐལ་པ་དང་པོའི་མི་ཤི་བ་གཉིས་ཆོས་མཐུན། བསྐྱེད་རིམ་པའི་ལོངས་སྤྲུལ་གཉིས་དང༌། བསྐལ་པ་དང་པོའི་མིའི་བར་དོ་དང་སྐྱེ་བ་རྣམས་ཆོས་མཐུན་སྦྱོར་བར་གསུངས་པ་ཡིན་ནོ། །དེ་ལ་ཁོ་ན་རེ། ཆོས་མཐུན་དང་པོ་དེ་ལྟར་རིགས་ཀྱང༌། ཆོས་མཐུན་ཕྱི་མ་གཉིས་དེ་ལྟར་སྦྱོར་བ་མི་རིགས་ཏེ། འཛམ་བུ་གླིང་པའི་མི་ཤི་བ་དེ་འཛམ་བུ་གླིང་པའི་མིར་སྐྱེ་བའི་ངེས་པ་མེད་པའི་ཕྱིར་ཞེ་ན། རིམ་གཉིས་ཀྱི་ཆོས་ལོངས་སྤྲུལ་གསུམ་པོ་དེ། གཞིའི་འཆི་བ་བར་དོ་སྐྱེ་བ་གསུམ་


JLD007_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པ་མཐུན་པར་མ་ཟད། འབྲས་དུས་ཀྱི་སྐུ་གསུམ་དང་ཡང་རྣམ་པ་མཐུན་པ་དང༌། ལོངས་སྐུ་དེས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་སྤྲུལ་སྐུ་ནི། འདོད་པའི་རྟེན་ཁོ་ན་ལ་སྐྱེ་བ་འཛིན་པའི་ཕྱིར། དེ་ཡང་བསྐྱེད་རིམ་པའི་ཆོས་ལོངས་སྤྲུལ་གསུམ་དང༌། འཛམ་བུ་གླིང་པའི་བསྐལ་པ་དང་པོའི་མིའི་འཆི་བ་བར་དོ་སྐྱེ་བ་གསུམ་དང་ཆོས་མཐུན་སྦྱོར་བ་ཡིན་གྱི། དེ་གསུམ་སྦྱང་གཞིར་བྱེད་པ་ནི་མ་ཡིན་ཏེ། དེ་ལྟར་རྣལ་འབྱོར་པ་ལ་སྒོམ་པ་དེས། སྔར་འདས་ཟིན་པའི་རང་ལས་རྒྱུད་ཐ་དད་པའི་གང་ཟག་འཆི་བ་བར་དོ་སྐྱེ་བ་གསུམ་སྦྱོང་མི་ནུས་ཤིང༌། ནུས་ཀྱང་དེ་ལ་འབྲེལ་མེད་པའི་ཕྱིར། འོ་ན་གང་སྦྱོང་བ་ཡིན་སྙམ་ན། རྣལ་འབྱོར་པ་ལ་མ་འོངས་པ་ན་འབྱུང་བར་འགྱུར་བའི་འཆི་བ་བར་དོ་སྐྱེ་བ་གསུམ་སྦྱོང་བ་ཡིན་ནོ། །སྐུ་གསུམ་མྱུར་དུ་འགྲུབ་པའི་ཐབས་བདེ་བ་ཆེན་པོ་བསྐྱེད་པའི་ཚུལ་བཤད་པ་ནི། རིགས་ལྔའི་སྒྲུབ་པ་པོ་སོ་སོས་འདུ་བྱེད་རྒྱུའི་རིག་མ་དེ་ལ་སྨེ་ཤ་ཅན་དང༌། བཙོ་ལག་མཁན་དང༌། གར་མཁན་དང༌། ཕྲེང་རྒྱུད་མཁན་དང༌། བཟོ་བྱེད་མཁན་གྱི་བུ་མོ་རྣམས་ཡིན་ལ། དེ་རྣམས་ཀྱི་མཚན་ཉིད་ལ་ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང་དབང་རྣམ་པར་དག་པ་ཐོབ་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་འདོད་པའི་བསྟན་བཅོས་དང་རྒྱུད་ལ་ལེགས་པར་བསླབས་པ་ལྷའི་རྣལ་འབྱོར་ལ་གོམས་པ། སྒྲུབ་པ་པོ་ལ་ཤིན་ཏུ་གུས་པ་དང་ལྡན་པ་ཅིག་དགོས་པར་རྒྱུད་འགྲེལ་ལས་གསུངས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྤྱན་མ་ལ་སོགས་པའི་ལྷ་


JLD007_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དགུ་ཡོད་ལ། དེ་བསྐྱེད་པའི་ཚུལ་ནི། མི་བསྐྱོད་པའི་རིགས་ཀྱིས་སྒྲུབ་པ་པོ་ལྟ་བུ་ཞིག་ལ་མཚོན་ན། རང་གི་སྙིང་ག་ནས་རང་རིགས་ཀྱི་རིག་མ་ཕྱི་རོལ་གྱི་བུ་མོའི་རྣམ་པར་ཕྱུང་ནས། སྟོང་པར་སྦྱངས་ཏེ། སྟོང་པའི་ངང་ལས་རེག་བྱ་རྡོ་རྗེ་མའམ། མཱ་མ་ཀཱི་གང་རུང་དུ་བསྐྱེད་པའི་ལུས་ལ་ལྷ་ཉེར་དགུ་འགོད་པ་ནི་རིག་མ་འདུ་བྱ་བ་དང༌། ཡབ་ཀྱི་གསང་གནས་མི་དམིགས་པའི། ཞེས་པ་ནས། བུ་ག་ཕཊ་ཀྱིས་བཀག་པའི་བར་སྒོམ་པ་ནི། མཁའ་གསང་བྱིན་གྱིས་རླབས་པ་དང༌། རང་ཉིད་རིན་འབྱུང་དུ་གྱུར་ཞེས་བརྗོད་དེ། རིན་འབྱུང་གི་ང་རྒྱལ་ལ་གནས་ནས། ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་རུ་རཱ་ག་ཎ་སོགས་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དེ་ངའོ་སྙམ་པའི་རྗེས་ཆགས་ཀྱི་ང་རྒྱལ་ལ་སློབ་པ་དང༌། དེ་ནས་རྡོ་རྗེ་འཆང་གི་ང་རྒྱལ་ལ་འཕོས་ནས། ཧཱུཾ་ཞེས་གླུར་བླངས་ཏེ། ཡབ་ཡུམ་སྙོམས་པར་ཞུགས་ནས་དགའ་བཞི་དྲངས་ཏེ། ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་སྒོམ་པ་དང༌། དེ་ནས་དོན་གྲུབ་ཀྱི་ང་རྒྱལ་ལ་གནས་པས། ༀ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛ་སོགས་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྡོ་རྗེ་རང་བཞིན་གྱི་བདག་ཉིད་དེ་ངའོ་སྙམ་དུ་མཆོད་པའི་ང་རྒྱལ་ལ་གནས་ནས་སློབ་པར་བྱེད་ལ། དེ་རྣམས་ཀྱིས་བསྐྱེད་པའི་འདོད་ཡོན་ལ་ཆགས་པ་ལམ་བྱེད་དང༌། འཁོར་བའི་རྩ་བ་བདག་འཛིན་འགོག་པ་དང༌། རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་


JLD007_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་ཏུ་འཆར་བ་དང༌། རིམ་པ་གཉིས་པའི་སྐབས་ཀྱི་རིག་མ་ལ་བརྟེན་པའི་དགའ་བཞིའི་རྒྱུད་སྨིན་བྱེད་ཡིན་པས་རིམ་པ་དང་པོའི་ལམ་གྱི་སྙིང་པོ་ཡིན་ནོ། །གཉིས་པ་འབྲས་བུ་སངས་རྒྱས་ཀྱི་མཛད་པ་དང་ཆོས་མཐུན་པར་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་སྒོམ་ཚུལ་ལ་གཉིས། སྐུའི་མཛད་པ་དང་ཆོས་མཐུན་པར་དཀྱིལ་འཁོར་རྒྱལ་མཆོག་དང༌། ཐུགས་དང་གསུང་གི་མཛད་པ་དང་ཆོས་མཐུན་པར་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་སྒོམ་ཚུལ་བཤད་པའོ། །དང་པོ་ནི། ཐིག་ལེ་ཡུམ་གྱི་པདྨར། ཡིད་ཀྱིས་ཕྱུང་ནས་གཞལ་ཡས་ཁང་སྒོམ་པར་བྱེད་པ་ནི་རྣམ་གཞག་རིམ་པ་ལས་གསུངས་སོ། །བརྟེན་པ་ལྷ་སྒོམ་པ་ལ་ཆོ་ག་གསུམ་གྱི་སྒོ་ནས་བསྐྱེད་པ་དང༌། སྒོ་བདུན་གྱི་སྒོ་ནས་བསྐྱེད་པ་དང༌། ཕྱག་རྒྱ་བཞིས་རྒྱས་འདེབས་པའི་སྒོ་ནས་བསྐྱེད་པ་དང༌། ལྷ་ཐམས་ཅད་ཞལ་གསུམ་པར་གསུངས་པའི་མཚོན་དོན་བཤད་པའོ། །དང་པོ་ནི། ས་བོན་སོ་གཉིས་ཡི་གེ་གསུམ་དང་སྤེལ་བ་ལས་བསྐྱེད་པ་ནི་གསུང་ཡིག་འབྲུ་ལས་བྱང་ཆུབ་པ་དང༌། རྡོ་རྗེ་ལ་སོགས་པའི་ཕྱག་འཚན་སོ་གཉིས་བསྐྱེད་པ་ནི་ཐུགས་ཕྱག་མཚན་ལས་བྱང་ཆུབ་པ་དང༌། མི་བསྐྱོད་པ་ལ་སོགས་པའི་ལྷ་སོ་གཉིས་བསྐྱེད་པ་ནི། སྐུ་རྫོགས་པ་ལས་བྱང་ཆུབ་པ་དང་གསུམ་མོ། །གཉིས་པ་ནི། ཆོ་ག་གསུམ་གྱི་སྒོ་ནས། བསྐྱེད་པ་ནི་བསྐྱེད་པའི་སྒོ་དང༌། ཐུགས་ཀར་དྲངས་ནས་ཕྱོགས་བཅུར་འཕྲོས་པ་ནི། སྤྲོ་བའི་སྒོ་དང༌། ཆོས་འཁོར་བསྐོར་བ་ལ་སོགས་པའི་འཕྲིན་ལས་མཛད་པ་


JLD007_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མཛད་པའི་སྒོ་དང༌། སྤྲུལ་པ་རྣམས་གཅིག་ཏུ་བསྡུས་པ་ནི། བསྡུ་བའི་སྒོ་དང༌། ལྷ་རྣམས་རང་གི་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་པ་ནི། འདྲེས་པའི་སྒོ་དང༌། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་ནི། དབང་བསྐུར་བའི་སྒོ་དང༌། སླར་བྱོན་ནས་རང་གནས་སུ་འཁོད་པ་ནི། གནས་པའི་སྒོ་སྟེ། ལྷ་ཐམས་ཅད་སྒོ་བདུན་བདུན་དང་ལྡན་པ་ཡིན་ནོ། །གསུམ་པ་ནི། ས་བོན་སོ་གཉིས་ཡི་གེ་གསུམ་དང་སྤེལ་བ་ནི། གསུང་ཆོས་ཀྱི་ཕྱག་རྒྱ་དང༌། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སོ་གཉིས་པོ་དེ་ཐུགས་དམ་ཚིག་གི་ཕྱག་རྒྱ་དང༌། མི་བསྐྱོད་པ་ལ་སོགས་པའི་ལྷ་སོ་གཉིས་པོ་འདི་སྐུ་ཕྱག་རྒྱ་ཆེན་པོ་དང༌། ཞེ་སྡང་སྦྱོང་བ་ལ་སོགས་པའི་འཕྲིན་ལས་མཛད་པ་ནི། འཕྲིན་ལས་ཀྱི་ཕྱག་རྒྱའོ། །བསྐྱེད་ཆོག་དེའི་སྒོ་ནས་ལྷ་ཐམས་ཅད་བསྐྱེད་པ་ལས་མི་འདའ་བར་བྱེད་པས་ན། ཕྱག་རྒྱ་བཞིས་རྒྱས་བཏབ་པའི་དོན་ནོ། །བཞི་པ་ནི། འོ་ན་གཉིས་ཀའི་རྒྱུད་དང༌། བསྡུས་པ་དང༌། སྤྱོད་པའི་རྒྱུད་རྣམ་སྣང་མངོན་བྱང་བཞི་དང༌། བླ་མེད་ཀྱི་རྒྱུད་འཁོར་ལོ་བདེ་མཆོག་སོགས་ལ་ལྷ་ཐམས་ཅད་ཕལ་ཆེར་ཞལ་གཅིག་པར་གསུངས་ལ། འདིར་ལྷ་ཐམས་ཅད་ཞལ་གསུམ་པར་གསུངས་པའི་མཚོན་དོན་དེ་ཅི་ཡིན་སྙམ་ན། གཡས་ཞལ་དེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པ་དང༌། གཡོན་ཞལ་དེས་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། དེ་གཉིས་གང་ལ་ལྡན་པའི་རྩ་ཞལ་དེས་བདེ་སྟོང་དབྱེར་


JLD007_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དེ་མཚོན། ཡང་གཡས་ཞལ་དེས་ཀུན་རྫོབ་བདེན་པ་དག་པ་སྒྱུ་མའི་སྐུ་དང༌། གཡོན་ཞལ་དེས་ཤེས་རབ་དོན་དམ་བདེན་པ་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པ་དང༌། དེ་གཉིས་གང་ལ་ལྡན་པའི་རྩ་ཞལ་དེས། དེ་གཉིས་སྐུ་དང་ཐུགས་སུ་ཟུང་དུ་འཇུག་པའི་ཟུང་འཇུག་དེ་མཚོན་ཞིང༌། མཚོན་དོན་དེ་དྲན་པའི་སྒོ་ནས་ཞལ་གསུམ་པར་བསྒོམ་པ་ཡིན་ནོ། །རིག་མ་འདུ་བྱེད་པ་དང༌། དཀྱིལ་འཁོར་རྒྱལ་མཆོག་གཉིས་གང་དང་ཆོས་མཐུན་ན། སྔོན་བྱུང་ལ་སྟོན་པ་དགའ་ལྡན་ནས་བབས་ནས། དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་རྣམས་བསྟན་ཏེ། བདེན་བཞི་ཁོང་དུ་ཆུད་པར་མཛད་པ་དང༌། རྒྱ་ཆེ་བ་ལ་མོས་པ་རྣམས་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བསྟན་ནས། ཆོས་ཀྱི་བདག་མེད་ཕྲ་མོ་ཁོང་དུ་ཆུད་པར་མཛད་པ་དང༌། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་བཙུན་མོ་དང་མཉམ་པར་སྦྱར་ནས་ཆགས་ཆེན་གྱི་སྤྱོད་པ་བསྟན་ཏེ། བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་ཁོང་དུ་ཆུད་པར་མཛད་པ་དང་གསུམ་ལས། འདིར་བཙུན་མོ་དང་མཉམ་པར་སྦྱར་ནས། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྲུལ་ནས་གདུལ་བྱ་ལ་དབང་བསྐུར་བར་མཛད་པ་དང་ཆོས་མཐུན་ནོ། །གཞི་ལ་ཆོས་མཐུན་སྦྱར་རྒྱུ་མེད་དོ། །དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་སྒོ་བདུན་གྱི་སྒོ་ནས་བསྐྱེད། ལྷའི་གསལ་སྣང་དང་ང་རྒྱལ་ལ་བསླབ། བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་དུ་བལྟས་པས། རྫོགས་རིམ་དང་འབྲས་དུས་སུ་འབྱུང་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དངོས་གནས་ལ་འགྲུབ་བོ། །ཐུགས་དང་གསུང་


JLD007_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཛད་པ་དང་ཆོས་མཐུན་པར་ལས་རྒྱལ་མཆོག་སྒོམ་ཚུལ་བཤད་པ་ནི། རང་ཉིད་མི་བསྐྱོད་རྡོ་རྗེར་གནས་པའི། གདོང་གི་སྣ་རྩེར་ཉི་གདན་ལ་རྡོ་རྗེ་རྩེ་ལྔ་པ་ཡུངས་ཀར་གྱི་འབྲུ་ཚད་ཙམ་མི་བསྐྱོད་པའི་ངོ་བོར་བལྟས་ནས། རེག་མཐོང་གི་མཚན་མ་བརྟན་པོ་མ་བྱུང་གི་བར་སྒོམ། བརྟན་པོ་བྱུང་ནས་རྡོ་རྗེ་དེ་བཞི་དང་གཉིས་ནས་ནམ་མཁའི་ཁམས་ཐམས་ཅད་རིམ་གྱིས་ཁྱབ་པར་སྤྲོ་སླར་ཡང་རིམ་གྱིས་རྩ་བའི་ཕྱག་མཚན་ལ་བསྡུ། ཕྱག་མཚན་ལ་སྤྲོ་བསྡུ་མཐར་ཕྱིན་པ་ན། རྩ་བའི་རྡོ་རྗེ་མི་བསྐྱོད་པར་བསྒྱུར་ནས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་རིམ་གྱིས་སྤྲོ། སླར་ཡང་རིམ་གྱིས་ཕྱག་མཚན་ལ་བསྡུ། སྟེང་སྒོར་ཕྱག་མཚན་ཕྲ་མོ་མཐར་ཕྱིན་པ་ན། རང་ཉིད་མི་བསྐྱོད་པར་གསལ་བའི་གསང་གནས་རྡོ་རྗེ་རྩེ་ལྔ་པའི་བུ་གའི་ནང་དུ། ཉི་གདན་ལ་ཐིག་ལེ་སྔོན་པོ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་རེག་མཐོང་གི་མཚན་མ་བརྟན་པོ་མ་བྱུང་གི་བར་དུ་སྒོམ། བརྟན་པོ་བྱུང་ན་ཡུམ་གྱི་པདྨར་ཡིད་ཀྱིས་ཕྱུང་ནས། ཐིག་ལེའི་ནང་དུ་མི་བསྐྱོད་པས་གཙོ་བྱས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་དེའི་ནང་གི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐིག་ལེའི་ནང་དུ། སླར་ཡང་མི་བསྐྱོད་པས་གཙོ་བྱས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། འོག་སྒོར་ཕྲ་མོ་བསྒོམ་པའི་དེ་ཉིད་དོ། །བཟླས་པ་ལ་ཡང་གཉིས་ལས་ཕྱིའི་བཟླས་པ་ནི། བཛྲ་དྷྲིཀ་ལ་སོགས་པ་རྣམས་ཡིན་ལ། ནང་གི་བཟླས་པ་


JLD007_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཡི་གེ་གསུམ་མོ། །བཟླས་པའི་གྲངས་ནི། རང་བདག་འཇུག་ལེན་པ་དང༌། གཞན་ལ་དབང་བསྐུར་བ་དང༌། རབ་གནས་སོགས་ལ་དབང་བ་ལ། གཙོ་བོ་དང་ཡེ་ཤེས་འབེབས་པའི་སྔགས་ལ་འབུམ། འཁོར་གྱི་སྔགས་དང་བགེགས་མཐར་བྱེད་ཀྱི་ཕྲེང་སྔགས་དང༌། ཁ་སྐོང་བའི་སྦྱིན་སྲེག་རྣམས་ལ་ཁྲི་ཕྲག་གོ །བསྙེན་པའི་དོན་ནི་རང་གཙོ་བོར་གསལ་བ་དང༌། གཙོ་འཁོར་ཐམས་ཅད་རྒྱུད་གཅིག་པ་དང༌། ལྷ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་བལྟས་ནས། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྐུལ་བའི་དོན་དུ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཟློས་པ་ཡིན་ནོ། །གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་སེམས་དཔའ་གསུམ་བརྩེགས་རིམ་གྱིས་འོད་གསལ་དུ་ཞུགས་ནས། བདེ་སྟོང་སྦྱར་ནས་སྒོམ་པ་ནི། གཙོ་བོ་འོད་གསལ་དུ་ཞུགས་པའི་དེ་ཉིད་དོ། །དེ་ནས་ཚད་མེད་པ་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིས། སེམས་ཅན་ཁམས་ན་གནས། ཞེས་སོགས་རིགས་བཞིའི་ཡོན་ཏན་གྱི་སྒོ་ནས་བསྟོད་དེ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པའི་སྒོ་ནས་བདག་ལ་དགེས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། ངོ་བོ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས། རྣམ་པ་སེམས་དཔའ་གསུམ་བརྩེགས་ཀྱི་རྣམ་པར་བཞེངས་པས། དཀྱིལ་འཁོར་བ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བར་གྱུར་པ་ནི། ཞུ་བ་གླུས་བསྐུལ་བའི་དེ་ཉིད་དོ། །དེ་ལ་བསྟོད་པ་དང་མཆོད་པ་ནི། མི་བསྐྱོད་རྡོ་རྗེ་ཞེས་


JLD007_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རིགས་ལྔའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང༌། མཆོད་པ་ནི་ཕྱིའི་མཆོད་པ་དང༌། ནང་གི་མཆོད་པ་དང༌། གསང་བའི་མཆོད་པ་དང་གསུམ་མོ། །དང་པོ་ནི། མཆོད་མཁན་རང་གཙོ་བོའི་ང་རྒྱལ་ལ་གནས་པའི་བདེ་བ་ཆེན་པོའི་རྣལ་འབྱོར་པ་ཡིན་ནོ། །མཆོད་ཡུལ་ནི་བླ་མ་དང་མི་བསྐྱོད་པའི་དཀྱིལ་འཁོར་ཡིན་ནོ། །མཆོད་རྫས་ནི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱི་ཕྱག་ན་ཐོགས་པའི་མཆོད་རྫས་རྣམས་ཡིན་ནོ། །མཆོད་པའི་སྔགས་ནི། ༀ་སརྦ་ཏ་ཞེས་སོགས་ཡིན། སྔགས་དོན་ནི། ༀ་ཞེས་པ་དང་མཉམ་དུ་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས། བླ་མ་དང་དཀྱིལ་འཁོར་པའི་ལྷ་རྣམས་ལ་མཆོད་ཡོན་ལ་སོགས་པའི་སྤྲིན་རྒྱ་མཚོ་བཞིན་དུ་ཕྱོགས་བཅུར་འཕྲོ་བ་ནི། དམ་ཚིག་བཞིན་དུ་བཞེས་ཤིག་བཞེས་ཤིག་བརྗོད་ནས་ཧཱུཾ་ཞེས་པ་དང་མཉམ་དུ། ལྷ་མོ་རྣམས་ཐུགས་ཀའི་ཧཱུཾ་ལ་བསྡུ། ནང་མཆོད་ནི། ནང་མཆོད་བདུད་རྩི་ལྟར་བྱིན་གྱིས་བརླབས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ཡིན། གསང་བའི་མཆོད་པ་ནི། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པ་ལ་བརྟེན་ནས་འཁོར་གྱི་ལྷ་རྣམས་བདེ་བ་ཆེན་པོས་ཚིམ་པར་བྱེད་པ་དེ་ཡིན་ནོ། །འབྲས་བུ་དང་སྦྱར་ནས། ཕྲ་མོའི་རྣལ་འབྱོར་སྒོམ་པ་ནི། སྟོན་པ་ཡང་དག་འཇོག་ལ་བཞུགས་པའི་ཐུགས་ཀྱི་མཛད་པ་དང་ཆོས་མཐུན་ནོ། །སྔགས་ཀྱི་མཛད་པའི་དེ་ཉིད་ནི། གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསུང་གི་


JLD007_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དང་ཆོས་མཐུན་ནོ། །གཙོ་བོ་ཡབ་ཡུམ་འོད་གསལ་དུ་ཞུགས་པའི་དེ་ཉིད་ནི། ཞིང་འདིའི་སྐུ་དངོས་ཀྱི་གདུལ་བྱ་རྣམས་ནུབ་ནས་མྱ་ངན་ལས་འདས་པ་དང་ཆོས་མཐུན། ཞུ་བ་གླུས་བསྐུལ་བའི་དེ་ཉིད་ནི། སྐུ་དངོས་ཀྱི་གདུལ་བྱ་གང་དུ་ཡོད་པའི་ཞིང་དེར་ཐུགས་རྒྱུད་ཚད་མེད་བཞིས་བསྐུལ་ནས་འོད་གསལ་ལས་གཟུགས་ཀྱི་སྐུར་བཞེངས་པ་དང་ཆོས་མཐུན། མཆོད་བསྟོད་ཀྱི་དེ་ཉིད་ནི། གདུལ་བྱ་དེ་རྣམས་ཀྱི་ཡོན་གནས་མཛད་ནས། དེ་རྣམས་ཀྱི་མཆོད་པ་བདག་གིར་མཛད་པ་དང་ཆོས་མཐུན། དེ་རྫོགས་རིམ་ལ་སྦྱར་ན། ཕྲ་མོའི་རྣལ་འབྱོར་སྒོམ་པ་ནི་རྫོགས་རིམ་པའི་ལུས་དབེན་གྱི་རྒྱུད་སྨིན་པར་བྱེད། བཟླས་པའི་དེ་ཉིད་ཀྱིས་རྫོགས་རིམ་པའི་ངག་དབེན་གྱི་རྒྱུད་སྨིན་པར་བྱེད། གཙོ་བོ་འོད་གསལ་དུ་ཞུགས་པའི་དེ་ཉིད་ཀྱིས་རྫོགས་རིམ་པའི་འོད་གསལ་གྱི་རྒྱུད་སྨིན་པར་བྱེད། ཞུ་བ་གླུས་བསྐུལ་བ་ལས་ལངས་པའི་དེ་ཉིད་ཀྱིས། རྫོགས་རིམ་པའི་འོད་གསལ་ལས་སྒྱུ་མའི་སྐུར་ལངས་པ་རྣམས་ཀྱི་རྒྱུད་སྨིན་པར་བྱེད། མཆོད་བསྟོད་སོགས་ཀྱི་དེ་ཉིད་ནི། ཚོགས་གསོག་གི་ཡན་ལག་ཙམ་ཡིན་ནོ། །འབྲས་བུ་སངས་རྒྱས་ཀྱི་མཛད་པ་དང་ཆོས་མཐུན་པར་དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བཤད་པ་ཡིན་ནོ། །དེ་ལ་བསྐྱེད་རིམ་པའི་ཡན་ལག་གི་དབང་དུ་བྱས་ན། སྔར་གྱི་བསྙེན་སྒྲུབ་ཡན་ལག་བཞི་པོ་ནི། བསྙེན་པའི་ཡན་ལག་ཡིན་ལ། ལེའུ་བཅུ་པ་ལས་གསུངས་པའི་བསྐྱེད་རིམ་པའི་སྤྱོད་པ་ལ་བརྟེན་ནས། སྙིང་


JLD007_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྐུལ་བ་ནི། ཉེ་སྒྲུབ་ཀྱི་ཡན་ལག་ཡིན་པ་དང༌། བསྐྱེད་རིམ་པའི་སྤྱོད་པ་དང་ལྷ་དང་དྲག་ཤུལ་གྱི་སྦྱོར་བ་བྱེད་པ་ནི། སྒྲུབ་པའི་ཡན་ལག་དང༌། མདོ་སྡེ་ལས་ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་ནི། སྒྲུབ་པ་ཆེན་པོའི་ཡན་ལག །རྗེ་བླ་མའི་གསུང་ཟིན་བྲིས་སུ་བཀོད་པའོ། །འདི་ལ་འབད་པ་གང་བགྱིས་པ། །འཆི་བ་བར་དོ་སྐྱེ་བ་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རུ། །བསྒྱུར་ཏེ་རྒྱལ་བའི་སྐུ་ཐོབ་ཤོག །བྷ་ཝནྟུ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousདཔལ་གསང་བ་འདུས་པའི་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་གནད་དོན་གསལ་བ། next