Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
རྗེའི་ཞལ་གྱི་གདམས་པ་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སཱ་དྷུ་བྷ་དྲས་ཟིན་བྲིས་སུ་བཀོད་པ།
   
   
  expand section
   


 
previousརྗེའི་ཞལ་གྱི་གདམས་པ་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སཱ་དྷུ་བྷ་དྲས་ཟིན་བྲིས་སུ་བཀོད་པ།next

རྗེའི་ཞལ་གྱི་གདམས་པ་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སཱ་དྷུ་བྷ་དྲས་ཟིན་བྲིས་སུ་བཀོད་པ།


JLD008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཞལ་གྱི་གདམས་པ་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སཱ་དྷུ་བྷ་དྲས་ཟིན་བྲིས་སུ་བཀོད་པ་བཞུགས་སོ།།


JLD008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་པའི་དབྱངས་དང་ངོ་བོ་དབྱེར་མ་མཆིས་པ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དུས་དང་གནས་སྐབས་ཐམས་ཅད་དུ་བརྩེ་བ་ཆེན་པོས་དགྱེས་བཞིན་དུ་རྒྱུན་ཆད་མེད་པར་རྗེས་སུ་གཟུང་དུ་གསོལ། དེ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ངོ་བོ། གོ་རིམ། གྲངས་ངེས། བྱེད་ལས། ས་མཚམས། སོ་སོའི་མྱོང་བ་འདོན་ཚུལ། མྱོང་བ་ཡང་དག་དང་ལྟར་སྣང༌། རྣམ་པར་དབྱེ་བ། གེགས་བྱུང་ན་སེལ་ཚུལ་རྣམས་ནི། ཐམས་ཅད་མཁྱེན་པ་རྗེ་རིན་པོ་ཆེའི་མདོ་སྔགས་ཀྱི་རྣམ་གཞག་རྒྱས་པ་རྣམས་སུ་ཤེས་པར་བྱའོ། །འདིར་ནི་ཞལ་གྱི་གདམས་པ་དགའ་ཞིག། །གསལ་སྒྲོན་དང༌། འཁྲིད་ཡིག་གཉིས་དང་སྦྱར་ཏེ་ཅུང་ཟད་བཤད་པར་བྱ་སྟེ།


JLD008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རིམ་པ་དང་པོའི་སྐབས་སུ། གང་སྣང་ལྷར་འཆར་བ་ལ་སློབ་དགོས་པས། རྟེན་དང་བརྟེན་པ་རགས་པ་དང༌། ཕྲ་བའི་བསྐྱེད་རིམ་མཐར་ཕྱིན་ནས། རྫོགས་པའི་རིམ་པ་ལ་འཇུག་པ་ན། ཐོག་མར་ལུས་དབེན་ཉམས་སུ་བླང་བའི་ཚུལ་ནི། རིམ་ལྔ་བསྡུས་པ་ལས། ལུས་དང་དུས་དང་ཡུལ་རླུང་གི། གནས་ནི་རྣམ་པ་བཞིར་ཤེས་བྱ། ཞེས་གསུངས་པ་ལྟར། གནད་བཞི་དང་ལྡན་པར་བྱ་སྟེ། རང་ཉིད་གསང་ཆེན་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་ནོར་བུའི་རྩེའི་དྷཱུ་ཏཱིའི་མར་སྣའི་ནང་ངམ། མན་ངག་སྙེ་མར་ནོར་བུའི་དབུས་ན་རྩ་འཁོར་འདབ་མ་བརྒྱད་པ་ཞིག་བཤད་པས། དེའི་དབུས་ཀྱི་དྷཱུ་ཏཱིའི་ནང་གང་རུང་དུ་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ་ཐིག་ལེ་ཁྱད་པར་གསུམ་ལྡན་ཁ་དོག་སྔོན་པོ། དབྱིབས་ཟླུམ་པོ། ནས་


JLD008_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུའམ་ཡུངས་ཀར་གྱི་ཚོད་ཙམ་ཤིན་ཏུ་འཚེར་བ། ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ལྔ་འཕྲོ་བ། རང་གི་ལྷའི་ངོ་བོར་བལྟས་ལ། དེ་ལ་རང་གི་སེམས་དབྱེར་མེད་དུ་ཞུགས་པའི་ཚུལ་གྱིས་བྱིང་རྒོད་དང་བྲལ་བར་བྱ་ཏེ། ཆིག་འགྲིལ་དུ་བསྒོམས་པས། སེམས་ཐིག་ལེ་དང་འདྲེས་པའི་ཉམས་སྐྱེས་ནས། དབང་པོའི་རླུང་ནང་དུ་ལྡོག་པ་དང༌། དྷཱུ་ཏཱིའི་ནང་གང་རུང་དུ་ཞུགས་གནས་ཐིམ་གསུམ་བྱུང་བའི་རྟགས་བཞི། རིམ་པ་ངེས་པ་ཅན་དུ་ཤར་ནས་གཏུམ་མོ་ཁྱད་པར་ཅན་ཧཱུ་ཏཱིའི་ནང་ནས་འབར་ཏེ་བྱང་སེམས་ཞུ་བས་གང་དུ་སླེབ་པས་ཡས་བབས་དང༌། མས་བརྟན་གྱི་དགའ་བཞི་སྐྱེ་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །འདི་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོད་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་ཏེ། སྤྱི་བོ་ནས་མགྲིན་པའི་བར་ལ་དགའ་བར་འཇོག་ལ། དེས་གཞན་གསུམ་ལ་ཤེས་པར་བྱའོ། །མས་བརྟན་གྱི་སྐྱེ་ཚུལ་ཡང༌། དེ་ཉིད་ལས། སྤྲུལ་པའི་འཁོར་ལོ་དགའ་བ་དང༌། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང༌། །ལྷན་ཅིག་སྐྱེས་དང་དགའ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །ཞེས་ཏེ། འདིའི་གནས་ཀྱང་སྔར་བཤད་པའི་རིམ་པས་ཤེས་པར་བྱའོ། །འདིར་བདེ་བ་ཆེན་པོ་ནི། ལམ་གྱི་སྲོག་ཡིན་ལ། དེ་བརྟན་པ་ནི། མས་བརྟན་གྱི་བདེ་བ་ལ་རག་ལས་པས། དེ་སྐྱེད་


JLD008_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གལ་ཆེའོ། དེ་ཡང་མན་སྙེ་ལས། དེའི་འཆར་ས་ནི་ནོར་བུ་ནས་བརྩམས་ཏེ། ལྟེ་བ་ཇི་སྲིད་པ་སྟེ། མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པས། སྟེང་དུ་ལྟེ་བར་འགྲོ། ཞེས་གསུངས་པའི་ཚིག་ཟིན་ལྟར་ན། ནོར་བུ་ནས་ཕྱིར་མ་འཕོས་ན། རང་ལོག་བྱེད་པ་འདྲ་བ་ཅིག་འདུག་ཀྱང༌། དང་པོའི་དུས་སུ། རང་ལོག་བྱེད་པ་མ་ཡིན་པས། ཡར་ལ་འགྲིམ་ནས་སྤྱི་གཙུག་བར་འགྲོ་བ་ཅིག་དགོས་པ་ནི་རྣལ་འབྱོར་པས་ཆེད་དུ་བྱ་དགོས་ཏེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། རླུང་གི་དེ་ཉིད་སྔོན་སོང་ནས། །དེ་ཉིད་སྟེང་དུ་རྒྱུ་བ་ནི། །རྣལ་འབྱོར་པས་ནི་སྒྲུབ་པར་བྱེད། །དེ་ལས་སྤྲུལ་པའི་འཁོར་ལོ་ནི། །དགའ་བ་ཞེས་བྱར་རྣམ་པར་ཤེས། །ཞེས་གསུངས་པས། ནོར་བུའི་རྩེ་ནས་སྤྲུལ་པའི་འཁོར་ལོའི་བར་དུ་དགའ་བ། དེ་ནས་ཆོས་འཁོར་བར་དུ་མཆོག་དགའ། དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་བར་དུ་ཁྱད་པར་གྱི་དགའ་བ་དེ་ནས་བདེ་ཆེན་འཁོར་ལོའི་བར་དུ་ལྷན་ཅིག་སྐྱེས་པའི་དགའ་བ། དེ་བཞི་ཀའང༌། མན་ངག་སྙེ་མར་རིམ་པ་བཞིན། ལྷན་ཅིག་སྐྱེས་དགའ་ལ་ཆེ་ཆུང་བར་མ། ཆེན་པོ་ལ། ཆེན་པོའི་ཆེན་པོ་བྱེད་པར་བཤད་དོ། །དེ་ལ་ཡས་བབས་ཀྱི་ལྷན་སྐྱེས་ཉམས་སུ་མྱོང་ནས། མས་བརྟན་གྱི་དགའ་བཞི་རྣལ་འབྱོར་པས་སྒྲུབ་པར་བྱེད་ཚུལ་ནི། བདེ་སྟོང་སྦྱར་ནས་བསྒོམ་པའི་འཇུག་ཏུ་རླུང་ལྡང་བ་བརྩམ་པ་ན། དམིགས་པས་བྱང་ཆུབ་ཀྱི་སེམས་སྒྲིལ་ཏེ། དྷཱུ་ཏཱིའི་ནང་ནས་རིམ་གྱིས་དྲངས་ཏེ། སྤྲུལ་པའི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་ཟུག །དེ་བཞིན་དུ་ཆོས་འཁོར་གྱི་དྷཱུ་ཏཱིའི་ནང་དུ་དྲངས་པར་མོས་ཏེ་


JLD008_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིང་བསྒོམ། དེ་ནས་ལོངས་སྤྱོད་བདེ་ཆེན་གྱི་འཁོར་ལོར་རིམ་པ་བཞིན་དུ་དྲངས་ནས་བདེ་ཆེན་གྱི་དབུས། དྷཱུ་ཏཱིའི་ནང་དུ་ལྷན་སྐྱེས་ཀྱི་དགའ་བ་དང༌། སྟོང་ཉིད་སྦྱར་ཏེ་། ཡུན་རིང་དུ་བསྒོམ། རླུང་ལྡང་བར་རྩོམ་པ་ན། དམིགས་པས་བྱང་ཆུབ་ཀྱི་སེམས། དྷཱུ་ཏཱིའི་ནང་ནས་ཕྱིར་སྔ་མ་བཞིན་བཏངས་ཏེ། ནོར་བུའི་རྩེར་ལྷན་སྐྱེས་དང༌། སྟོང་པ་སྦྱར་ཏེ་བསྒོམ། དང་པོའི་དུས་སུ་ཇི་ལྟ་བ་བཞིན་བསྒྲུབ་བ་མ་ནུས་པར་རླུང་ལངས་ན། ཡང་ནོར་བུའི་རྩེར་སྔ་མ་བཞིན་ཕྲ་མོ་བསྒོམས་ནས་ཡས་བབས་དང༌། མས་བརྟན་གྱི་དགའ་བཞི་བསྐྱེད་དོ། །དགའ་བ་བཞི་སྐྱེ་བ་ལ། བྱང་ཆུབ་ཀྱི་སེམས་འབབ་དགོས་སོ། །དེ་ལ་གཏུམ་མོ་ཁྱད་པར་ཅན་འབར་དགོས། །དེ་འབར་བའི་ཚད་ནི། ནང་གི་གཏུམ་མོ་འབར་བས་བསིལ་བའི་བྱ་བ་བྱེད་པར་མ་ཟད། ཕྱི་ནས་ཚ་བས་བསིལ་བའི་བྱ་བ་བྱེད་ཅིང༌། ཕྱིའི་གྲང་བའི་རེག་པས་ཀྱང་དྲོ་བའི་བྱ་བ་བྱེད་པས་ལུས་སེམས་ལ། གདུང་བ་སྐྱེད་པའི་གཏུམ་མོ་ནི། ལྟར་སྣང་དུ་ཤེས་པར་གྱིས་ཤིག །ཡས་བབས་དང༌མས་བཏན་གྱི་ལྷན་སྐྱེས་ཀྱི་ནོར་བུ་དང༌བདེ་ཆེན་གྱི་དབུས་སུ་བདེ་སྟོང་སྦྱར་ཏེ། བསྒོམས་པའི་སྟོབས་ཀྱི་རླུང་སྔ་མ་མ་ལངས་པའི་སྟེང་དུ་ནང་གི་ཁྱབ་བྱེད་ཀྱི་རླུང་རགས་པ། འགའ་ཞིག་འདུས་ནས་ཞུགས་གནས་ཐིམ་གསུམ་བྱས་པའི་མཐར། ལྷན་སྐྱེས་གཉིས་ཀྱི་བདེ་སྟོང་སྦྱར་ནས་བསྒོམ་པ་གལ་ཆེ། དེ་ཡང་ཆོས་ཉིད་ཕྱག་ཆེན་གཉིས་བསྒོམས་པས། ལུས་སེམས་ལ་བདེ་བ་སྐྱེ་ཡང༌། འདིར་ནི། དེ་བསྒོམས་སྟོབ་ཀྱིས་ཞུགས་གནས་ཐིམ་གསུམ་བྱུང་བའི་ལྷན་སྐྱེས་ཀྱི་སྟོང་ཉིད་བསྒོམ་པ་ཅིག་དགོས། ཆོས་ཉིད་ལ་བརྟེན་ནས་བདེ་བ་ཁྱད་པར་ཅན་ངེས་


JLD008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་འདྲེན་པ་སེམས་དབེན་གྱི་སྐབས་སུ་འབྱུང་བས་དེ་ནི་སྙིང་ཁའི་དྷཱུ་ཏཱི་དང༌། སྦྲེལ་ཏེ་བཤད་པར་བྱའོ། །བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། རྡོ་རྗེའི་རྩ་བར་དགའ་བ། དབུས་སུ་མཆོག་དགའ། མགྲིན་པར་ཁྱད་པར་གྱི་དགའ་བ། ནོར་བུའི་རྩེར་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་པར་གསུངས་པ་ནི། རྒྱུད་དེར་ཡས་བབས་ཀྱི་ལྷན་སྐྱེས་སྐྱི་མགོ་ལྟེ་བ་ནས་བརྩམས་ཏེ། ནོར་བུའི་རྩེར་ངོ་བོ་རྫོགས་པར་གསུངས་པའི་ལྷན་སྐྱེས་ལ་དགའ་བ་བཞིར་ཕྱེ་བར་མངོན་ནོ། །མས་བརྟན་གྱི་བཞི་ཡས་བབས་ཀྱི་བཞི་ལས་བདེ་བ་ཆེ་དགོས་པ་ཡིན་ཏེ། མན་སྙེ་ལས་མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པས་སྟེང་དུ་ཉེ་བར་འགྲོ་ཞེས་གསུངས་སོ། །མས་བརྟན་ལས་ལངས་པའི་ཡས་བབས་ཀྱི་བཞི་ནི། སྔ་མའི་མས་བརྟན་ལས་བདེ་བ་ཆེ་ཞིང༌། ལྷན་སྐྱེས་སུ་གཞག་དགོས་པ་ནི། མན་སྙེར་མས་བརྟན་ལ་བཤད་པའི་རིགས་པས་ཤེས་སོ། །མས་བརྟན་ལས་ལངས་པའི་རྗེས་སུ་ཕྲ་མོ་བསྒོམས་སྟོབས་ཀྱིས་སྐྱེས་པའི་དགའ་བཞི་ནི། སྔ་མའི་མས་བརྟན་ལས་བདེ་བ་ཆེ་བ་དང༌། བཞི་ཀ་ལྷན་སྐྱེས་ཡིན་པའི་ངེས་པ་མེད་དོ། །འདིར་ནི་མས་བརྟན་སྒྲུབ་ཚུལ་དང༌། བདེ་བ་ཆེ་ཆུང་གི་ཁྱད་པར་ལྷན་སྐྱེས་སུ་བཞག་པས་ཆོག་མི་ཆོག་རྣམས་ཀྱི་སྒོ་ཙམ་ཞིག་བསྟན་པས། རྟོག་པ་སྦྱང་བར་ཏེ་ཕྲ་མོ་ནས་འཇུག་ལྡོག་བྱ་དགོས་སོ། །འོག་སྒོའི་ཕྲ་མོས་མཚོན་ནས་ལུས་ལ་གནད་དུ་བསྣུན་པའི་ཕྱི་ནང་གི་ཐབས་ལ་བརྟེན་ནས། དྷཱུ་ཏཱིའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱུང་བའི་མཐར། སྐྱེས་པའི་


JLD008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་ཐམས་ཅད་ཀྱི་སྐབས་སུ་དེ་བཞིན་དུ་ཐམས་ཅད་ཀྱི་ཤེས་པར་གྱིས་ཤིག །འདི་ནས་བཟུང་སྟེ་རྡོར་བཟླས་མཐར་ཕྱིན་པའི་བར་དུ་དྷཱུ་ཏཱིའི་ཡར་སྣ་མར་སྣ། རྩ་འཁོར་སོ་སོའི་དབུས། དྷཱུ་ཏཱིའི་ནང་གང་རུང་དུ། རླུང་དང་ཐིག་ལེ་དང༌། འབར་འཛག་གི་རྣལ་འབྱོར་ལ་བརྟེན་ནས། དྷཱུ་ཏཱིའི་ནང་དུ་རླུང་འདུ་བའི་ཐབས་གང་དུ་བྱས་པ་དེར་རླུང་འདུ་བ་ནི། དྷཱུ་ཏཱིའི་ནང་གི་རླུང་འདུ་སླ་བ་ཡིན་པ་དང༌། དེར་འདུ་བའི་ཐབས་བྱས་པ་སྣ་ཚོགས་ལ་བརྟེན་ནས་གང་དུ་འདུ་བའི་ཐབས་བྱས་པའི་དྷཱུ་ཏཱིའི་ནང་དུ་རླུང་འདུས་ནས་ཞུགས་གནས་ཐིམ་གསུམ་ཡོད་པ་ཡང༌། དྷཱུ་ཏཱིའི་ནང་དུ་འདུ་བའི་ཐབས་གང་བྱས་པར་མ་འདུས་པར་དྷཱུ་ཏཱིའི་ནང་གཞན་དུ་འདུས་པ་འོང་བ་ནི། སྙིང་ཁའི་འཁོར་ལོའི་དབུས་དྷཱུ་ཏཱིའི་ནང་དུ་རླུང་འདུ་བའི་ཐབས་ལན་མང་དུ་བྱས་ཀྱང༌། དེར་རླུང་འདུ་མི་ཐུབ་པར་དྷཱུ་ཏཱིའི་ནང་གཞན་དུ་འདུས་ནས། ཞུགས་གནས་ཐིམ་གསུམ་ལན་མང་དུ་བྱུང་བའི་མཐར། སྙིང་ཁའི་དྷཱུ་ཏཱིའི་ནང་དུ་རླུང་འདུ་བ་ཅིག་འོང་བར་ཤེས་སོ། །སྙིང་ཁའི་རྩ་མདུད་མ་གྲོལ་གྱི་བར་དུ། དྷཱུ་ཏཱིའི་ནང་ནས་གཏུམ་མོ་ཁྱད་པར་ཅན་ནི་འབར་ཡང༌། བདེ་ཆེན་འཁོར་ལོའི་བར་དུ་དྷཱུ་ཏཱིའི་ནང་ཁོ་ན་ལ་འབར་བའི་ངེས་པ་མེད་ཅིང༌། བྱང་ཆུབ་ཀྱི་སེམས་ཞུ་ནས་འབབ་པ་ཡང༌། དང་པོ་དྷཱུ་ཏཱིའི་ནང་ནས། གཏུམ་མོ་ཁྱད་པར་ཅན་འབར་ནས་འབབ་ཀྱང༌། བར་སྐབས་སུ་རྩ་གནས་སོ་སོར་བྱེར་ནས་ཡང་། དྷཱུ་ཏཱིའི་ནང་དུ་འདུ་བ་དང༌། མི་འདུ་བ་ལ་སོགས་པ་རིམ་པ་དུ་མ་འོང་བ་ཡང་སྔ་མའི་རིགས་པས་ཤེས་སོ། །ཡས་བབས་དང༌། མས་བརྟན་གྱི་ལྷན་སྐྱེས་ཀྱིས་སྟོང་ཉིད་ངེས་པའི་བདེ་སྟོང་སྦྱར་ཏེ། མཉམ་གཞག་ཏུ་ཇི་ཙམ་ནུས་པའི་བར་དུ་བསྒོམས་ནས། ལྡང་བར་རྩོམ་པ་


JLD008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདེ་སྟོང་དབྱེར་མེད་རླུང་གི་བཞོན་པ་དང་བཅས་པ་ལས་ལུགས་ལྡོག་གི་ཉེར་ཐོབ་འགྲུབ་པའི་དུས་སུ། ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ཐོལ་གྱིས་ལྡང་བར་བྱའོ། །འདི་ནས་བཟུང་སྟེ་རིམ་པ་གསུམ་པའི་སྒྱུ་ལུས་མ་གྲུབ་ཀྱི་བར་དུ་སད་དུས་ཀྱི་སྟོང་པ་བཞི་གཉིད་དུས་ཀྱི་སྟོང་པ་བཞི། རྨི་ལམ་དུས་ཀྱི་སྟོང་པ་བཞི། འཆི་དུས་ཀྱི་སྟོང་པ་བཞི་རྣམས་ཀྱི་སྐབས་སུ་ཡང༌། འོད་གསལ་ཀྱི་སྟོང་པ་བཞིའི་རླུང་སེམས་ཙམ་ལས་ལུགས་བཟློག་གི་ཉེར་འགྲུབ་པའི་དུས་སུ་ཆུ་ལས་ཉ་བཞིན་ཡིད་ངོར་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ། །འདི་ལ་ཡང་གནས་སྒོ་ནས་ལྡང་ཚུལ་ཁྱད་པར་ཅན་ཅིག་ཡོད་པ་དང༌། འདི་རྣམས་ཀྱི་གནད་ཞིབ་པར་འོག་ཏུ་བཤད་པར་བྱ། མཉམ་གཞག་ཏུ་བདེ་སྟོང་བསྒོམས་པའི་མཐར། བདེ་སྟོང་རླུང་དང་བཅས་པ་ལས། སྔར་བཞིན་རྡོ་རྗེ་འཆང་གི་སྐུར་ལངས་ནས་རྗེས་ཐོབ་ཏུ་བསྒོམ་ཚུལ་ནི། རྒྱུད་རྡོ་རྗེ་འཕྲེང་བ་ལས། དབང་པོ་ཡུལ་ལ་སྤྱོད་པ་ནི། །གནས་དེ་བཞིན་ནི་གདམས་ནས་ནི། །སྟོང་ཉིད་གཉིས་མེད་སྒྱུ་མ་ལ། །སོགས་པ་ཀུན་རྫོབ་ལྷག་སྤྱད་བྱ། །ཤེས་རབ་ཡེ་ཤེས་དབང་བསྐུར་སོགས། །ཉམས་སུ་མྱོང་བའི་བདེ་བ་ཡི། །བདེ་བ་ཆེན་པོ་དྲན་པ་ཡིས། ། དབང་པོ་རྣམས་ནི་ཡུལ་ལས་ལྡོག །ཅེས་སོ། །འདིས་ནི་སྟོང་ཉིད་འོད་གསལ་དང༌། གཉིས་མེད་ཟུང་འཇུག་དང༌། ཀུན་རྫོབ་སྒྱུ་ལུས་དང་། སྐབས་དང༌། སོགས་ཀྱི་འདུས་པ། དེ་རྣམས་ལ་འོག་མའི་སྐབས་སུ་ཡང༌། ཡུལ་རྣམས་ལྷག་པར་དཔྱད་ཚུལ་བཏོན་པས་ངག་དབེན་མན་ཅད་དུའང༌། སྟོང་པ་བཞི་དྲངས་པའི་


JLD008_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཐམས་ཅད་དུ་གང་ཤར་ལ་བདེ་སྟོང་གི་རྒྱས་འདེབས་ཚུལ་འདིར་བཤད་པ་བཞིན་ཤེས་པར་བྱའོ། །འདི་ལྟར་དབང་གསུམ་པ་དངོས་དབང་དུ་བྱས་པའི་བདེ་བ་དང༌། སོགས་ཀྱི་འདུས་པ་སྔར་བཤད་པ་ལྟ་བུའི་བདེ་བ་ཆེན་པོ་སྔར་མྱོང་བ་དྲན་ནས་ཡུལ་ལོངས་སྤྱོད་པའི་ཚེ་དེ་རྒྱས་བཏབ་ན། དེ་དང་མི་མཐུན་པའི་ཡིད་བྱེད་བསྡམས་ཏེ། ཡུལ་སྣང་ཀུན་བདེ་བར་འཆར་ཞིང༌། དེའི་རྗེས་སུ་བདེ་བ་འབར་བའི་རྐྱེན་གྱིས་དབང་པོའི་སྒོ་ནས་འཇུག་པའི་རླུང་རྣམས་ནང་དུ་ལོག་པ་ན། དབང་ཤེས་ཀྱང་སྡུས་པས། རླུང་ཐིམ་ནས་སྔར་བཞིན་བདེ་བ་རྣམས་སྐྱེའོ། །རིམ་པ་གཉིས་པའི་སྐབས་སུ་ནི་གང་ཤར་ཐམས་ཅད་བདེ་བ་ཆེན་པོའི་རྣམ་འགྱུར་དུ་འཆར་བ་ཞིག་དགོས་ཤིང༌། དེ་ཡང་རྫོགས་རིམ་པའི་བདེ་ཆེན་ལྷན་སྐྱེས་རྙེད་ཕྱིན་ཆད་ནས་ཡིན་པས། འདིར་ལུས་དབེན་གྱི་སྒོ་ནས་གང་ཤར་ཐམས་ཅད་བདེ་ཆེན་གྱི་རྣམ་རོལ་དུ་ལྡང་བར་གསུངས་པ་ནི། གང་སྣང་ཐམས་ཅད་བདེ་བར་འཆར་བའི་ཆེད་དུའོ། །དེ་ལ་ནི་ཐོག་མར་དངོས་པོ་ཀུན་གྱི་རང་བཞིན་རྣམ་དག་གཏན་ལ་ཕབ་པའི་སྒོ་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་འགྱུར་དུ་ཤེས་པ་དང༌། དེ་ནས་བདེ་སྟོང་སྦྱོར་ཚུལ་གྱི་སྒོ་ནས་བདེ་བ་ཆེན་པོའི་རྣམ་འགྱུར་དུ་བསྒོམ་པ་ཅིག་དགོས་སོ། །དེ་ལ་བསྐྱེད་རིམ་པ་མཐར་ཕྱིན་ནས། འོག་སྒྲོར་ཕྲ་མོ་བསྒོམས་པས་དྲངས་པའི། ལྷན་སྐྱེས་ཀྱི་མཉམ་གཞག་ཏུ་སྟོང་ཉིད་བསྒོམས་ནས་ལངས་པའི་རྗེས་སུ་བདེ་སྟོང་བསྒོམ་པ་དེ། རིམ་པ་ངེས་ཅན་ཡིན་ན། འཇམ་དཔལ་ཞལ་ལུང་ལས། ལམ་གྱི་སྣོད་རུང་དུ་སྒྲུབ་པའི་ཤེས་རབ་ཀྱི་དབང་གི་དུས་སུ་ཕྱག་རྒྱ་སྲོག་རྩོལ་དུ་སོང་བའི་མཐུས་ལྷན་སྐྱེས་


JLD008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་པ་ཉམས་སུ་མྱོང་བ་རྫོགས་རིམ་དུ་བཞག་པ་ཇི་ལྟར་ཡིན་ཞེ་ན། བསྐྱེད་རིམ་མཐར་མ་ཕྱིན་པའི་གང་ཟག་གི་ཁྱད་པར་འགའ་ཞིག་ལ་དབང་དང༌། བསྐྱེད་རིམ་གྱི་དུས་སུ་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱུང་བའི་དབང་གིས་ལྷན་སྐྱེས་ཉམས་སུ་མྱོང་བ་ཅིག་སྲིད་ཀྱང༌། བསྐྱེད་རྫོགས་ཀྱི་ལམ་ངོ་བོ་ཡོངས་སུ་རྫོགས་པ་དང༌། ཁྱད་པར་དུ་རིམ་པ་ལྔ་གྲུབ་ཆེན་གྱིས་ཇི་ལྟར་བཤད་པ་བཞིན། མཚན་ཉིད་ཚང་བ་སྐྱེ་བ་ལ་གོང་དུ་བཤད་པའི་གོ་རིམ་དེ་མེད་ན་མི་འབྱུང་བའི་གོ་རིམ་ཡིན་ཏེ། ལམ་འདིའི་གདུལ་བྱའི་གཙོ་བོ། རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ཀྱང་རིམ་པ་དེ་ལྟར་བསླབ་དགོས་ན། དེ་མན་ཆད་ཀྱི་གདུལ་བྱ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཞེས་གསུངས་པ་དང༌། བླ་མ་ལྔ་བཅུ་པ་ལས་ཀྱང༌། བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་འདི། །ཁ་ཏོན་བྱ་བར་བྱིན་པར་བྱ། །དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །ཞེས་གསུངས་པ་དང༌། སྤྱོད་བསྡུས་ལས་ཀྱང་། དེའི་རིམ་པ་ཡང་འདི་


JLD008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་གསར་པ་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། རྗེའི་ཞལ་སྔ་ནས། ཚེ་འདིར་ལམ་ལ་གཏན་མ་སྦྱངས་པའི་ཡུལ་རྟེན་ཁྱད་པར་ཅན་གཉིས་སྙོམས་པར་ཞུགས་པ་ལ་བརྟེན་ནས་སྐྱེས་པའི། དྷཱུ་ཏཱིའི་མར་སྣ་དང༌། བུད་མེད་ཀྱི་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མའི་རྩའི་མར་སྣ་གཉིས་ཕྲད་པའི་ཚེ་རྩ་གཉིས་སད་ནས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཏེ། བདེ་བ་ཕུལ་ཆེ་ན་ཡུལ་རྟེན་གཉིས་ཀས་ཡུན་རིང་དུ་ཉམས་སུ་མྱོང་བ། གཞིའི་དུས་སུའང་ཡོད་པ་སྲིད་གསུངས་པས་དེ་འདྲས་འཁྲུལ་གཞི་བྱས་ནས། ལམ་ལ་མ་བསླབས་པར་གྲོལ་བ་ཅིག་ཁས་བླང་དགོས་པས་ཧ་ཅང་ཐལ་ལོ། །བསྐྱེད་རིམ་མཐར་མ་ཕྱིན་པའི་ད་ལྟར་གྱི་གང་ཟག་འགའ་ཞིག་ལ། སྔོན་གྱི་རྒྱུའི་ཁྱད་པར་གྱིས་རླུང་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ཅིག་སྲིད་ཀྱང་བསྐྱེད་རིམ་མཐར་མ་ཕྱིན་པར་སྙིང་ཁའི་རྩ་འཁོར་གྱི་དབུས། དྷཱུ་ཏཱིའི་ནང་དུ་མི་ཤིགས་པའི་ཐིག་ལེ་ལ་རླུང་ཞུགས་གནས་ཐིམ་གསུམ་འོང་བ་གཏན་མི་སྲིད་དོ། །འདི་རྣམས་ལ་དཔགས་ནས་གཞི་དང་ལམ་གྱི་རྣམ་གཞག་རྗེའི་ཞལ་སྔ་ནས་དངོས་སུ་མ་གསུངས་པ། དོན་གྱིས་ཐོབ་པའི་གལ་ཆེ་བ་རྣམས་ཀྱང་ཤེས་པར་གྱིས་ཤིག། དེ་ལྟར་བསྒོམས་པས་ལུས་དབེན་མཐར་ཕྱིན་ནས། ངག་རྣམ་པར་དབེན་པ་ལ་འཇུག་པ་ན། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་གྱི་སྲོག་རྩོལ་གསུམ་ཡུན་རིང་དུ་བསྒོམ་པས། སྙིང་


JLD008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་རྩ་མདུད་གྲོལ་ཏེ། རྡོར་བཟླས་མཐར་ཕྱིན་པ་ན་། སེམས་དབེན་གྱི་ངོ་བོ་ཙམ་ཐོབ་ཀྱང༌། སེམས་དབེན་རྫོགས་པར་ཐོབ་ནས་རིམ་པ་གསུམ་པའི་སྒྱུ་ལུས་འགྲུབ་པ་ལ་ནི། ད་དུང་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་མང་དུ་བྱ་དགོས་སོ། །དེ་ཡང་སྙིང་ཁའི་རྩ་མདུད་ཀྱི་དབུས་དྷཱུ་ཏཱིའི་ནང་དུ་རླུང་འདུ་བའི་ཐབས་གསུངས་པ་ནི་གཙོ་བོ་ཡིན་ཏེ། སྟོང་པ་བཞི་འཆི་རིམ་དང་མཐུན་པར་དྲངས་པའི་འོད་གསལ་ལུགས་ཟློག་གི་ཉེར་ཐོབ་འགྲུབ་པའི་དུས་སུ། རིམ་པ་གསུམ་པའི་སྒྱུ་མའི་སྐུ་འགྲུབ་པའི་ཕྱིར་རོ། །སྔར་གནས་གཞན་དུ་རླུང་འདུ་པའི་ཐབས་བྱས་པ་དང༌། དྷཱུ་ཏཱིའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱུང་བ་ཐམས་ཅད་སྙིང་ཁའི་མི་ཤིགས་པ་ལ། ཞུགས་གནས་ཐིམ་གསུམ་འཆི་རིམ་དང་མཐུན་པར་བྱུང་བའི་ཡན་ལག་ཡིན་པས། སྙིང་ཁའི་རྩ་མདུད་གྲོལ་བ་མི་ཤིགས་པའི་ཐིག་ལེ་ལ་ཞུགས་གནས་ཐིམ་གསུམ་བྱེད་པའི་ཐབས་ལ་འབད་དོ། །དེ་ལ་ནང་གི་ཐབས་ནི། མི་ཤིགས་པ་ལ་རྡོར་བཟླས་བྱེད་པ་དང༌། སྒྲོན་གསལ་ལས་རླུང་འདུ་བར་གསུངས་པ་ནི། སྐབས་འདི་ནས་རིལ་འཛིན་རྗེས་གཞིག་གི་བསམ་གཏན་གྱིས་ལུས་ཀྱི་སྟོད་སྨད་ནས་རླུང་བྱང་སེམས་དང་བཅས་པ་མི་ཤིགས་པ་ལ་བསྡུས་ནས་ལུགས་འབྱུང་གི་སྟོང་པ་བཞི་སྙིང་ཁར་དྲངས་ནས་འོད་གསལ་གྱི་སྟོང་ཉིད་ཡུན་རིང་དུ་བསྒོམས་ཏེ། འོད་གསལ་བཞོན་པའི་རླུང་དང་བཅས་པ་ལས་ལུགས་བཟློག་གི་ཉེར་ཐོབ་འགྲུབ་པའི་དུས་སུ། རིམ་པ་གསུམ་པའི་སྒྱུ་མའི་སྐུར་ཡིད་ངོར་ལྡང་བ་ལན་མང་དུ་བྱའོ། །སྐབས་འདི་ནས་ཁམས་མ་སྙོམས་


JLD008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་མེད་ན། རླུང་འདུ་བའི་ཐབས་བྱས་རེས་ཀྱི་སྟོང་པ་བཞི་འདྲེན་པ་དང༌། ཡིད་ངོར་ལྷའི་སྐུར་ལྡང་བ་ངེས་ཅན་དུ་འོང༌། འོན་ཀྱང་ད་དུང་ནང་གི་ཐབས་ཀྱིས་སྙིང་ཁའི་དབུས་སུ། སྟོང་པ་བཞི་དྲངས་པའི་འོད་གསལ་གྱི་ཆོས་ཉིད་བསྒོམས་པའི་སྟོབས་ཀྱིས། ནང་གི་ཁྱབ་བྱེད་ཀྱི་རླུང་རགས་རིམ་གྱིས་སྙིང་ཁར་བསྡུས་ནས། མི་ཤིགས་པ་ལ་ཐིམ་པའི། སྟོང་པ་བཞི་པས་ཆོས་ཉིད་བསྒོམས་པ་ཕལ་ཆེར་འཁོར་མར་འོང་བའི་མཚམས་ནས། སྤྱོད་པ་གསུམ་པོ་གང་རུང་བྱས་པ་དང༌། ནང་གི་ཐབས་རྣམས་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་སྔར་སྡུད་མ་ཐུབ་པ་རྣམས་ཀྱང་རགས་རིམ་ནས་བསྡུས་ཏེ། མི་ཤིགས་པ་ལ་ཐིམ་པའི་སྟོང་པ་བཞི་པ་ཆོས་ཉིད་བསྒོམ་རེས་ཀྱིས་རླུང་ལྷག་མ་སྡུད་ནུས་པ་ངེས་ཅན་དུ་འོང་བའི་མཚམས་ནས། ཆོས་ཉིད་ཀྱི་ཕྱག་རྒྱའི་བྱེད་པ་ནུས་པ་མཐུ་ཅན་དུ་སོང་བ་ཡིན། གོང་གི་རིམ་པ་དེས་ཁྱབ་བྱེད་ཀྱི་ལྷག་མ་མ་ལུས་པར་བསྡུས་ཏེ་མི་ཤིགས་པ་ལ་ཐིམ་པས་རྟགས་རིམ་པ་ངེས་ཅན་དུ་ཤར་ནས་སྤྲིན་མེད་པའི་སྟོན་གྱི་ནམ་མཁའ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བའི་ཡེ་ཤེས་སྐྱེ། དེས་སྟོང་ཉིད་ཡུན་རིང་དུ་བསྒོམས་པས་སྣང་བ་བཞོན་པ་དང་བཅས་པ་ཐིམ་པ་ལས་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་མཆེད་པའི་ཡེ་ཤེས་སྐྱེ། མཆེད་པ་གཞོན་པ་དང་བཅས་པ་ལ་ཐིམ་པ་ལས། སྲོད་ཀྱི་དུས་ཀྱི་སྨག་འཐུག་པོ་ལྟ་བུའི་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ། དེ་བཞན་པ་དང་བཅས་པ་ཐིམ་པ་ལས། ཐོ་རངས་ཀྱི་ནམ་མཁའ་སྤྲིན་ཐམས་ཅད་སྟོང་པ་འོད་གསལ་སྐྱེ། དེས་སྟོང་ཉིད་ཡུན་རིང་དུ་བསྒོམ་པའི་བདེ་སྟོང་བཞོན་པའི་སྲོག་འཛིན་དང་བཅས་པ་ལས་


JLD008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཟློག་གི་ཉེར་ཐོབ་འགྲུབ་པའི་དུས་སུ། རིམ་པ་གསུམ་པའི་སྒྱུ་མའི་སྐུ་འགྲུབ་པར་འགྱུར་རོ། །རྡོར་བཟླས་མཐར་ཕྱིན་པའི་མཚམས་ནས་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་དུས་སུ་ཡབ་ཡུམ་གྱི་གསང་བའི་སྣ་རྩེ་གཉིས་སུ། དྷཱུ་ཏཱི་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཉིས་སོགས་སྦུབས་གཅིག་གི་ནང་དུ་གཅིག་བཅུག་པ་བར་མཚམས་མེད་པ་བཞིན་དུ་བསྒོམ། འདི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལ་ཡང་ཤེས་པར་བྱའོ། །དེ་ལྟར་བྱས་པའི་རྩ་གཉིས་སད་ནས། དང་པོར་ཡབ་ཡུམ་གྱི་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ནས། ཡུམ་ལ་བདེ་བ་ཆེན་པོ་སྐྱེ། ཡབ་ཀྱི་རླུང་དྷཱུ་ཏཱིར་ཞུགས་པའི་སྟེང་དུ། ཡུམ་གྱི་དྷཱུ་ཏཱིའི་ནང་ནས་རླུང་དང་བྱང་སེམས་ཡབ་ཀྱི་དྷཱུ་ཏཱིའི་ནང་དུ་ཞུགས་པས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་པ་ལས་ཀྱང༌། ལྷག་པའི་བདེ་བ་ཆེན་པོ་ཡབ་ལ་སྐྱེ། དེ་ཡང་སྙིང་ཁའི་དྷཱུ་ཏཱིའི་ནང་དུ་སྐྱེ་བ་ཞིག་དགོས་སོ། །ཚུལ་འདི་ལས་རྒྱ་ལ་བརྟེན་ནས་དངོས་སུ་བྱུང་ན། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སེམས་བརྟན་བརྟན་བསྒོམས་པའི་སྟོབས་ཀྱིས་བྱེད་ལས་ཇི་ལྟ་བ་བཞིན་དུ་མཚུངས་པ་འབྱུང༌། ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བ་དང་བོགས་འདོན་དུ་འགྲོ་བའང་ཚུལ་འདིས་ཤེས་སོ། །འདིས་ལུས་དབེན་ནས་བཟུང་སྟེ་སློབ་པའི་ཟུང་འཇུག་ཐོབ་ནས། སྤྱོད་པ་བྱེད་པའི་བར་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་དུས་ཐམས་ཅད་དུ་ཤེས་པར་གྱིས་ཤིག། །ད་ནི་བསྲེ་བའི་ཞལ་གྱི་གདམས་པ་འགའ་ཞིག་བཤད་ན། སྤྱོད་བསྡུས་ལས། རྨི་ལམ་ལ་བརྟེན་ནས་མཚོན་བྱེད་དཔེའི་སྒྱུ་ལུས་ཀྱི་སྐབས་སུ་གསུངས་པའི་དབང་དུ་བྱས་ན། རྨི་ལམ་གྱི་གདམས་པ་རྣམས་སྒྱུ་ལུས་


JLD008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་སུ་འབྲེལ་བས། གཉིད་ཀྱི་སྟོང་པ་རྣམས་འཛིན་པའི་གདམས་པ་ཡང་སྐབས་དེར་འབྲེལ་ལོ། །དོན་གྱི་དབང་དུ་བྱས་ན། སད་དུས་སྟོང་པ་བཞི་མ་མཐའ་གཅིག་འདྲེན་ནུས་པའི་མཚམས་ནས། གཉིད་ཀྱི་སྟོང་པ་ལ་འཇུག་ཅིང༌། དེའི་རྗེས་སུ། རྨི་ལམ་གྱི་གདམས་པ་རྣམས་བསྒོམས་པས། ལུས་དབེན་དང༌། སེམས་དབེན་གྱི་སྐབས་རྣམས་སུའང་འབྱུང་ངོ་། །འཆི་བ་དང་བར་དོ་དངོས་དང་བསྲེ་བ་ནི་དེ་དག་གི་སྐབས་ཡིན་ལ། དེ་གཉིས་དང་མཐུན་པར་བསྐྱེད་པ་ཡང༌། དེ་གཉིས་དང་བསྲེ་བའི་ཐ་སྙད་བྱེད་པས་དེ་ནི་སད་དུས་དང་གཉིད་དུས་ཅི་རིགས་སུ་འབྱུང་ངོ་། །དེའང་བསྲེ་བའི་སྐོར་རྣམས། གང་ནས་གསུངས་ན། བཤད་རྒྱུད་དགོངས་པ་ལུང་སྟོན་དང༌། སྤྱོད་བསྡུས་སོགས་ནས་གསུངས། གང་ཟག་གང་གི་དབང་དུ་བྱས་ནས་གསུངས་ན། ཚེ་འདིར་འཚང་རྒྱ་བའི་དབང་དུ་བྱས་ནས་གསུངས། དེས་མཚོན་ནས་བར་དོར་འཚང་རྒྱ་བ་དང༌། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གཉིས་ལ་ཡང་ཤེས་ལ་ཡང་ཤེས་པར་བྱའོ། །བསྲེ་བ་དངོས་ནི། སད་དུས་སུ། སྟོང་པ་བསྲེ་ནུས་པའི་མཚམས་ནས། འཕེན་པས་བསྲེ་བ་སྤྲོད་བསྡུས་ལས་གསུངས། སྙིང་ཁའི་མིང་ཤིགས་པའི་ཐིག་ལེ་ལ། རྡོར་བཟླས་བྱས་ཏེ་བསྲེ་བ་ལུང་སྟོན་ལས་གསུངས་སོ། །སྙིང་ཁར་བསྲེ་བ་ཡང་དེའི་རིགས་པས་ཤེས་སོ། །ལག་ཏུ་ལེན་པའི་ཚུལ་ནི་གཉིད་ལ་འགྲོ་བའི་དུས་སུ། རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་བ་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་རིམ་པ་བཞིན་དུ་ཤར་བའི་རྗེས་སུ་སྣང་བ་ལ་སོགས་པའི་སྟོང་པ་བཞི་ཤར་བ་ངོ་ཤེས་པར་བྱ་སྟེ། ཐམས་ཅད་སྟོང་པ་འོད་གསལ་གྱི་དུས་སུ་འོད་གསལ་གྱི་


JLD008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཡུན་རིང་དུ་བསྒོམས་ལ། དེའི་བཞོན་པ་རླུང་དང་བཅས་པ་ལས་ལུགས་བཟློག་གི་ཉེར་ཐོབ་འགྲུབ་པའི་དུས་སུ་རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ། སྙམ་པའི་འཕེན་པ་བཏང་ནས། སྙིང་ཁའི་མི་ཤིགས་པ་ལ་རྡོར་བཟླས་བྱེད་བཞིན་པའི་ངང་ནས་གཉིད་ལོག་ན་འཕེན་པ་དང་མཐུན་པར་རིམ་པ་དེ་དག་འབྱུང་བར་འགྱུར་རོ། །དང་པོ་ལན་འགའ་ཡར་མ་བྱུང་ཡང་མྱུར་དུ་ངེས་པར་འོང༌། རྡོར་བཟླས་ཀྱིས་མཚོན་པའི་སྙིང་ཁར་མི་ཤིགས་པ་ལ་རླུང་སྡུད་པའི་གཞན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་ནུས་སོ། །གོམས་པ་མཐུ་ཅན་དུ་སོང་ནས་ཁམས་མ་སྙོམས་པ་ལ་སོགས་པའི་རྐྱེན་བྱུང་ན་ལམ་གྱི་འོད་གསལ་དང་བསྲེ་ནུས་པའི་ཚད་ནི། ཞག་མང་རབ་ཀྱི་བར་དུ་གཉིད་ཆག་པའམ། བཅག་ནས་གཉིད་ཤིན་ཏུ་གྲོ་བའི་དུས་སུ་འཕེན་པ་དང༌། རྡོར་བཟླས་སོགས་གོང་ལྟར་བྱས་ཏེ། གཉིད་ལོག་ན་རིམ་པ་སྔ་མ་རྣམས་ཇི་ལྟ་བ་བཞིན་འོང་མི་འོང་ལན་མང་རབ་ཀྱི་བར་དུ་ཚད་ནས་ངེས་ཅན་དུ་འོང་བར་སྣང་ནས་ད་དུས་ཀྱི་སྟོང་པ་བཞི་དང་གཉིད་དུས་ཀྱི་སྟོང་པ་བཞི་བསྒོམས་པའི་སྟོབས་ཀྱིས་འཆི་བའི་དུས་ཀྱི་ས་ཆུ་ལ་ཐིམ་པ་ནས་གཟུང་སྟེ། འཆི་བའི་འོད་གསལ་གྱི་བར་དུ་ཇི་ལྟ་བ་བཞིན་དུ་ངེས་ནས་འཆི་བའི་འོད་གསལ་གྱི་ངོ་བོར་སྐྱེས་ནས་དེས་སྟོང་ཉིད་བསྒོམ་པ་ངེས་པར་འོང་ངོ་། །གཉིད་ཀྱི་འོད་གསལ་རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ལངས་པའི་རྨི་ལམ་གྱི་དུས་སུ་འཕེན་པ་དང་། རྡོར་བཟླས་སོགས་ཀྱི་མཐུས་ཐབས་སྔ་མ་བཞིན་དུ་བྱས་ན། ཡང་གཉིད་དུ་སོང་ནས་སྨིག་རྒྱུ་ནས་གཉིད་ཀྱི་འོད་གསལ་གྱི་བར་སྔ་མ་བཞིན་དུ་འཆར་ལ། ཡང་རྨི་ལམ་དུ་འགྲོ་


JLD008_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྩོམ་ན་འོད་གསལ་ལས། རྡོ་རྗེ་འཆང་གི་སྐུར་ལངས་ནའང༌། སྔ་མ་བཞིན་དུ་སྟོང་པ་བཞི་འདྲེན་པའི་ཐབས་བྱའོ། །དེ་མ་ནུས་པའི་རྨི་ལམ་ལས་ལྡང་དགོས་པ་བྱུང་ན། རང་ཉིད་སྤྲུལ་སྐུ་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ། །བར་དོ་དང་བསྲེ་ནུས་པའི་ཚད་ནི་ཐབས་སྔ་མ་རྣམས་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་ལས་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་ནུས་མི་ནུས་བརྟག་པ་སྔ་མ་བཞིན་བྱས་པའི་ཚེ་རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ངེས་ཅན་དུ་ལྡང་ནུས་ན་སད་དུས་དང་གཉིད་དུས་ཀྱི་སྟོང་པ་བཞི་གོམས་པའི་མཐུས་འཆི་བའི་འོད་གསལ་གྱི་བྱང་སེམས་ལས་ལུགས་བཟློག་ཉེར་ཐོབ་འགྲུབ་པའི་དུས་སུ་བར་དོའི་ལུས་ཡིད་ངོར་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ངེས་པར་ལྡང་བར་ནུས་སོ། །འདིས་ནི་འཆི་བའི་སྔོན་དུ་འཕེན་པ་དང༌། རྡོར་བཟླས་སོགས་ཀྱིས་ཐབས་བྱས་པའི་མཐུས་འཆི་བའི་འོད་གསལ་རྡོ་རྗེ་འཆང་གི་སྐུར་ལངས་པའི་གནད་ཀྱིས་བར་དོའི་ལུས་ཡིད་ངོར། རྡོ་རྗེ་འཆང་དུ་ལངས་པའི་སྙིང་ཁར་སྔ་མ་བཞིན་དུ་རྡོར་བཟླས་སོགས་ཀྱི་ཐབས་བྱས་པས། སྔར་བཞིན་སྟོང་པ་བཞི་དྲངས་པའི་མཐར་རྡོ་རྗེ་འཆང་གི་སྐུར་ལྡང་བ་ལན་མང་དུ་བྱེད་པ་ནི། བར་དོའི་དགེ་སྦྱོར་གྱི་གཙོ་བོ་ཡིན་ནོ། །དེ་ནས་འཕོ་བའི་རྣལ་འབྱོར་བྱས་ནས། སྐྱེས་གནས་བསྡམས་ཏེ་རིག་པ་འཛིན་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བས་རིག་འཛིན་གྱི་གཙོ་བོར་གྱུར་ཏེ། སྐྱེ་བ་གཞན་ལེན་པ་རིམ་གྱིས་ཚེ་དེ་ལ་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་གཙོ་བོ་ཡིན་ནོ། །རིམ་པ་འདི་རྣམས་ད་ལྟར་གྱི་གང་ཟག་གིས་རླུང་སྟོབས་ཀྱིས་སྟོང་པ་བཞི་འདྲེན་ནུས་པ། རྣམས་ཀྱིས་འབད་ནས་བསྒྲུབ་


JLD008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །རྨི་ལམ་གྱི་དུས་སུ་སྙིང་ཁར་རླུང་སྡུད་པའི་ཐབས་བྱས་ནས། སྟོང་པ་བཞི་འཁོར་མར་དྲངས་པའི་མཐར་འོད་གསལ་ལ་རྡོ་རྗེ་འཆང་གི་སྐུར་ལྡང་བ་འཁོར་མར་འོང་བ་ནི། རྨི་ལམ་གྱི་དགེ་སྦྱོར་གྱི་གནད་མཐར་ཐུག་པ་ཡིན་ཅིང༌། སད་དུས་ཀྱི་སྟོང་པ་བཞི་ཡང་མཐུ་ཅན་དུ་འགྲོ་ལ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་དུས་སུ། ཟ་བ་དང་འཆག་པར་འགྲོ་བ་མ་གཏོགས་གཉིད་འབའ་ཞིག་ལོག་པར་བཤད་པས་ཀྱང༌། འདི་རྣམས་ལ་ངེས་པ་ཆེན་པོ་རྙེད་པར་འགྱུར་རོ། །གཉིད་ཀྱི་སྟོང་པ་བཞི་འདྲེན་པའི་ཐབས་སྔར་བཤད་པ་འདི་རྣམས་རྨི་ལམ་གྱི་དུས་ཀྱི་སྟོང་པ་བཞི། འཆི་བའི་དུས་ཀྱི་སྟོང་པ་བཞི་དང་བར་དོའི་དུས་ཀྱི་སྟོང་པ་བཞི་འདྲེན་པའི་སྐབས་རྣམས་སུ་ཡང་ཁ་སྤོ་བ་ལེགས་པར་ཤེས་པར་གྱིས་ཤིག །ད་ནི་རྨི་ལམ་གྱི་ལུས་ལྷ་སྐུར་ལྡང་ལུགས་ཁྱད་པར་ཅན་གཅིག་འདུས་པ་དེ་བླ་མས་ཞིབ་ཏུ་བསྟན་པར་བྱ་སྟེ། དེ་ནི་རྨི་ལམ་གྱི་གདམས་ངག་གིའང་སྙིང་པོ་ཡིན་ལ། ཁྱད་པར་དུ་རྨི་ལམ་ལ་བརྟེན་ནས་བར་དོ་སྒྱུ་མ་ཟིན་པའི་ཡང་ཐབས་བླ་ན་མེད་པ་ཡིན་ནོ། །རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་བ་ལ། གནས་རྒྱུ་དུས་འབྲས་བུའི་ཁྱད་པར་དང་བཞི་ཡོད་པའི་དང་པོ་ནི། སྙིང་ཁའི་རྩ་མདུད་ཀྱི་དབུས་དྷཱུ་ཏཱིའི་ནང་གི་ཐིག་ལེ་དཀར་དམར་གའུ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པ་ལས་ལྡང་བར་བྱའོ། གཉིས་པ་ནི་དེའི་ནང་ན་གཞིའི་འོད་གསལ་སྲོག་གི་རླུང་ལྡང་བ་དང་། ཡིད་ཀྱི་ཤེས་པ་ཤིན་ཏུ་ཕྲ་བ་གཉིས་ངོ་བོ་དབྱེར་མེད་པ་ལམ་གྱི་འོད་གསལ་གྱི་ངོ་བོར་བསྐྱེད་ནས་ལྡང་པའོ། གསུམ་པ་ནི། སྟོང་པ་སྔ་


JLD008_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་རིམ་པ་བཞིན་དུ་ཐིམ་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་ཀྱི་རྗེས་ལ་ལུགས་འབྱུང་གི་འོད་གསལ་གྱི་རླུང་སེམས་ལས་ལུགས་ལྡོག་གི་ཉེར་ཐོབ་འགྲུབ་པའི་དུས་སུ་ལྡང་བའོ། །བཞི་པ་ནི། རིམ་པ་གསུམ་པའི་སྒྱུ་ལུས་མ་གྲུབ་ཚུན་ཆད་དུ་དང་པོའི་མགོན་པོ་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ཡིད་ངོར་ལྡང་བར་བྱའོ། །སད་དུས་གཉིད་རྨི་ལམ་གྱི་སྟོང་པ་བཞི་དྲངས་ནས་སྒྱུ་ལུས་མན་ཆད་ཐམས་ཅད་དུ་ལྡང་ལུགས་ཁྱད་པར་བཞི་དང་ལྡན་པ་འདི་དགོས་ཏེ། གཞི་ལ་འཆི་བའི་སྟོང་པ་བཞིའི་མཐར་བར་དོ་འགྲུབ་པ་དང་སེམས་དབེན་གྱི་ཐམས་ཅད་སྟོང་པའི་འོད་གསལ་ལས་རིམ་པ་གསུམ་པའི་སྒྱུ་ལུས་འགྲུབ་པ་དང་དོན་གྱི་འོད་གསལ་ལས་རིམ་པ་ལྔ་པའི་སྒྱུ་ལུས་འགྲུབ་པ་རྣམས་ལ་ཡིད་ངོར་མ་གཏོགས་ཁྱད་པར་བཞི་ལྡན་དགོས་པ་ཡིན་ནོ། །འོན་ཀྱང་གཞི་ལ་འཆི་བའི་འོད་གསལ་ལམ་གྱི་འོད་གསལ་གྱི་ངོ་བོར་སྐྱེས་པའང་མེད་དོ། །དེ་དག་ནི་གཙོ་བོར་རླུང་སྟོབས་ཀྱིས་སྟོང་པ་བཞི་འདྲེན་ནུས་པ་ཡན་ཆད་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །ཞོར་ལ་ད་ལྟར་གྱི་གང་ཟག་རྨི་ལམ་འདུན་པས་འཛིན་པ་རྣམས་ཀྱི་བྱ་བའི་རིམ་པ་ནི། སྤྱིར་ལམ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་རྣམ་གཞག་ཁྱད་པར་དུ་བླ་མེད་ཀྱིས་དབང་དང་བསྐྱེད་རྫོགས་ཀྱི་གོ་ཡུལ་དང༌། རིམ་པ་ལྔའི་གོ་རིམ་སོགས་འདི་ནས་བཤད་པའི་བསྲེ་བའི་གོ་ཡུལ་ལག་ཏུ་ལེན་པའི་རིམ་པ་རྣམས་ལུས་དབེན་ནས་བཟུང་སྟེ་མི་སློབ་པའི་ཟུང་འཇུག་མ་ཐོབ་ཀྱི་བར་དུ་གཞི་སོ་སོ་ལ་ཁ་སྤོ་ཚུལ་རྣམས་ལེགས་པར་དམིགས་ཕྱེད་པར་བྱ་སྟེ་ཤར་སྒོམ་ཡན་ཆད་ཀྱིས་ཐུན་བཞིར་འབད་པས་


JLD008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱང་བར་བྱའོ། །རྨི་ལམ་འདུན་པས་ངེས་ཅན་དུ་ཟིན་པའི་རིགས་ཡིན་ན། སད་དུས་སུ་རླུང་སྟོབས་ཀྱིས་སྟོང་པ་བཞི་འདྲེན་ནུས་པས་ཀྱང་རྨི་ལམ་ཟིན་མ་ཐག་གོང་དུ་བཤད་པའི་འཕེན་པ་རྣམས་བཏང་ནས་རྡོར་བཟླས་སོགས་ཀྱི་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་ལན་མང་དུ་བྱས་ན། དང་པོའི་དུས་སུ་རླུང་ཞུགས་གནས་ཐིམ་གསུམ་བྱུང་བའི་སྟོང་པ་བཞི་འདྲེན་མ་ནུས་ཀྱང༌། མྱུར་དུ་སྟོང་པ་བཞི་འདྲེན་ནུས་པ་ཞིག་འོང་བ་ཡིན་ནོ། །རྨི་ལམ་གྱི་དུས་སུ་རླུང་རགས་པ་འགའ་ཞིག་འདུས་ཡོད་པའི་སྟོབས་ཀྱིས་རྡོར་བཟླས་ཀྱི་རླུང་སྡུད་པ་ཡང་སད་དུས་ལས་ཆེས་སླ་བའི་ཕྱིར་རོ། །དེ་ལྟར་རྨི་ལམ་གྱི་དུས་སུ་རྡོར་བཟླས་སོགས་ཀྱི་ཐབས་ལ་བརྟེན་ནས་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱུང་བས་དྲངས་པའི་སྟོང་པ་བཞི་ལན་འགའ་ཡར་ཉམས་སུ་མྱོང་ནས་ད་སད་དུས་སུ་ཡང༌། རྡོར་བཟླས་སོགས་ཀྱི་ཐབས་ལ་བརྟེན་ནས་དྷཱུ་ཏཱིར་ཞུགས་གནས་ཐིམ་པའི་སྟོང་པ་བཞི་མྱུར་དུ་འདྲེན་ནུས་སོ། །འདི་ནི་ད་ལྟར་གྱི་གང་ཟག་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་འབད་ནས་ཉམས་སུ་བླང་ན་དལ་བ་དོན་དང་ལྡན་པ་བྱར་ཡོད་དོ། །དེ་ལྟར་མི་ནུས་པའི་ད་ལྟར་གྱི་གང་ཟག་རྣམས་ཀྱིས་རྫོགས་རིམ་ལམ་རྣམ་དག་དམིགས་ཕྱེད་པའི་སྟེང་དུ་གོང་དུ་བཤད་པའི་སྐོར་རྣམས་ཞིབ་ཏུ་ངེས་པར་བྱས་ནས། ཐོག་མར་ལམ་འདི་རྣམས་རྒྱུད་ལ་སྐྱེ་བའི་ཕྱིར་དུ་བླ་མ་དང་ཡི་དམ་དབྱེར་མེད་དུ་བྱས་ནས། གསོལ་བ་གདབ་སྒོ་གསུམ་གྱི་དགེ་བ་གང་བྱེད་ཐམས་ཅད་ལམ་འདི་རྣམས་རྒྱུད་ལ་སྐྱེ་བའི་ཕྱིར་ལམ་གྱི་ངོ་བོ་དང་ཡན་


JLD008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བསྲེ་བའི་སྐོར་རྣམས་ཤར་སྒོམ་གྱི་ཐུན་བཞིར་འབད་ནས་ཉམས་ལེན་རྡོར་བཟླས་སོགས་ལ་འབད། དེ་ལྟར་བྱས་ན་སྒྲུབ་པ་པོ་གསང་སྔགས་རྒྱ་ཆེ་བ་འགའ་ཞིག་གིས་འཆི་བ་འོད་གསལ་དང་བར་དོ་སྒྱུ་ལུས་དང་བསྲེ་ནུས་པ་ཕལ་ཆེར་འོང་བས། ཚུལ་དེར་འབད་པར་བྱའོ། །ད་ནི་ད་ལྟར་གྱི་གང་ཟག་རྣམས་ཀྱིས་ལམ་ཐུན་མོང་དུ་ཁྱད་པར་དུ་སྔགས་བླ་མེད་ཀྱི་ལམ་གྱི་གོ་ཡུལ་དང༌། ཉམས་སྣང་གི་རིགས་ཀྱི་ནུས་པ་འཇོག་པའི་ཚུལ་མདོ་ཙམ་བརྗོད་པར་བྱའོ། །དེ་ལ་མདོ་སྔགས་ཀྱི་ལམ་གྱི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་གོ་རིམ། གྲངས་ངེས། བྱེད་ལས། ས་མཚམས་སོ་སོའི་མྱོང་བ་འདོན་ཚུལ། ཕུན་སུམ་ཚོགས་པའི་ཡན་ལག་དུ་མེད་མི་རུང་གི་ཡན་ལག་གཉིས་ལས། བློས་ལྕོགས་ན་ཕུན་སུམ་ཚོགས་པའི་ཡན་ལག་རྣམས་མཐའ་དག་པར་ཁོང་དུ་ཆུད་པར་བྱ། མ་ལྕོགས་ན། མེད་མི་རུང་གི་ཡན་ལག་ཐུན་མོང་བ་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཡུན་རིང་དུ་འཁྱམས་པས་ཡིད་སྐྱོ་བ་དང༌། ད་དུང་གཏིང་ནས་མ་ཐོན་པས་ཤིན་ཏུ་འཇིགས་པས་ངེས་འབྱུང་གི་བློ་བསྐྱེད་པ་དང༌། མགོན་པོ་ཀླུ་སྒྲུ་ཡབ་སྲས་ཀྱི་རིགས་པའི་ལམ་ནས་དྲངས་པའི་གང་ཟག་དང་ཆོས་ལ་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པ་བཙལ་ནས། མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། ཀུན་རྫོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་སྦྱོང་བ་དང༌། རང་གཞན་སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་ལྡན་པའི་ཕྱིར་དུ་སྨོན་སེམས་ཆོ་གས་གཟུང་ནས་བསླབ་བྱ་


JLD008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སློབ་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ། སློབ་འདོད་སྦྱོང་རགས་པ་ཉམས་འོག་ཏུ་ཚུད་པ་དང༌། འཇུག་སྡོམ་གཟུང་ནས་ལས་དང་པོ་པའི་སྤྱོད་པ་རྣམས་ལ་སློབ། ཐུན་མོང་མིན་པ་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཁུངས་ཐུབ་ནས་བཤད་པའི་དབང་བཞི་རྣམ་པར་དག་པ་ཅིག་གིས་རང་གི་རྒྱུད་བསྐྱེད་རྫོགས་གཉིས་ཀྱི་སྣོད་རུང་དུ་བསྒྲུབ། དེའི་དུས་སུ་ཁས་བླངས་པའི་རྩ་བའི་ལྟུང་བ་རྣམས་སྲོག་བསྡོམས་བྱས་ནས་བསྲུང་ཞིང་ཡན་ལག་གི་ལྟུང་བས་མ་གོས་པ་ལ་འབད། གལ་ཏེ་ལྟུང་བ་བྱུང་ན་ཕྱིར་བཅོས་ཀྱི་ཆོ་གས་དག་པར་བྱས་ལ། ཕྱིན་ཆད་སྡོམ། དཔལ་གསང་བ་འདུས་པ་དང༌། དཔལ་འཁོར་ལོ་བདེ་མཆོག་གཉིས་ལ་སོགས་པས། བླ་མེད་ཀྱི་བསྐྱེད་རྫོགས་གཞི་ལམ་གྱི་རྣམ་གཞག་མ་ལུས་པར་གསལ་བ་རྗེ་རིན་པོ་ཆེས་མཛད་པའི་བསྐྱེད་རྫོགས་ཀྱི་གོ་ཡུལ་དམིགས་ཕྱེད་པ་བཙལ་ལ། ལམ་དེ་རྣམས་ཀྱི་མྱོང་བ་རྒྱུད་ལ་སྐྱེ་བའི་འདུན་པ་ཤུགས་དྲག་ལ་རྒྱུན་རིང་བ་ལན་མང་དུ་སྦྱང༌། ཁྱད་པར་གདམས་ངག་གི་ལུས་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་དེ་ལ་རང་དང་ཆོས་ཀྱིས་འབྲེལ་བའི་བླ་མ་ཐམས་ཅད་དང༌། གཞན་ཡང་བརྒྱུད་པའི་བླ་མ། སངས་རྒྱས་བྱང་སེམས། ཡི་དམ་ཆོས་སྐྱོང་མ་ལུས་པ་སྤྱན་དྲངས་ལ་བསྟིམ། རང་གི་ལྷག་པའི་ལྷ་གང་ཡིན་དང༌། ངོ་བོ་དབྱེར་མེད་དུ་བྱས་ཏེ། དེ་རྣམ་ལ་ལྷག་པའི་ལྷར་སྣང་ཡང༌། ངོ་བོ་བླ་མ་ཡིན་པར་མོས་ནས། ལམ་ཐུན་མོང་དང་ཐུན་མོང་མིན་པའི་གོ་ཡུལ་དང༌། མྱོང་བ་རྣམས་དེ་ནས་


JLD008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་རྒྱུན་ཆད་མེད་པར་སྐྱེ་བའི་གསོལ་བ་འདེབས། འདུན་པ་དྲག་པོ་འཐུན་གྱི་ཐོག་མཐར་ལན་ཉེར་གཅིག་རེ་བྱ། བླ་མ་དང་ཡི་དམ་ཆོས་སྐྱོང་རྣམས་ལ་བློ་ལིངས་སྐྱུར་བྱས་པའི་རེ་ལྟོས་ཆེན་པོ་བྱས་པའི་མོས་གུས་ཆེན་པོ་སྤྱོད་ལམ་ཐམས་ཅད་དུ་བྱ། ལམ་གྱི་ཁྱད་པར་གོང་མ་རྒྱུད་ལ་སྐྱེ་བ་ལ། བརྩོན་འགྲུས་ཁྱད་པར་ཅན་དགོས་པས། གོང་དུ་བཤད་པའི་གོ་ཡུལ་དང༌། མྱོང་བ་རྣམས་བསྐྱེད་པའི་གུས་སྦྱོར་དང༌། རྟག་སྦྱོར་གྱི་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྐྱེ་བའི་གསོལ་བ་དྲག་ཏུ་གདབ་ཅིང༌། འདུན་པ་མང་དུ་སྦྱང༌། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པའི་གྲོགས་ཀྱི་གཙོ་བོ་ཕྱག་རྒྱ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། དབང་པོ་གཉིས་མཉམ་པར་སྦྱོར་བ་དང་། ལུས་ལ་གནད་དུ་བསྣུན་པའི་ཐབས་གཉིས་ལ་བརྟེན་ནས་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་འབྱུང་བའི་ལྷན་སྐྱེས་ཀྱི་སྟོང་ཉིད་སྒོམ་པ་དང༌། སྔར་བཤད་པ་ལྟར་ཁྱད་པར་གཞི་ལྡན་གྱིས་ལངས་པའི་སྒྱུ་མའི་སྐུ་དང༌། བདེ་སྟོང་དབྱེར་མེད་གཉིས་ཀྱི་གཏམ་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་ལྡང་མིག་ནས་འཆི་མ་འབྱུང༌། ནང་དུ་དགའ་བ་ཡང་དང་ཡང་དུ་སྐྱེ་ཞིང་དེས་ལུས་ཀྱང་བདེ་བ་གཅིག་གི་བར་དུ་སྦྱང༌། རང་རྒྱུན་དུ་གསོལ་བ་འདེབས་པའི་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱིས་ཐོག་དྲངས་པའི་སངས་རྒྱས་བྱང་སེམས་ལྷན་སྐྱེས། ཞིང་སྐྱེས། སྔགས་སྐྱེས་ཀྱི་ཕྱག་རྒྱ་རྣམས་སྤྲིན་གྱི་ཕུང་པོ་བཞིན་དུ་འདུས་ནས་གོང་དུ་བཤད་པའི་གོ་བ་དང༌། མྱོང་བ་རྣམས་རྒྱུད་ལ་མྱུར་དུ་སྐྱེ་བའི་བར་དུ་རྒྱུད་བྱིན་གྱིས་རློབ། ཕྱག་རྒྱ་གསུམ་


JLD008_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། བདེ་བ་ཆེན་པོ་རྒྱུན་ཆད་མེད་པར་རྒྱུད་ལ་སྐྱེ་བའི། གྲོགས་རྨི་ལམ། ཉམས་སྣང༌། མངོན་སུམ་ཐམས་ཅད་དུ་མཛད་པའི་གསོལ་བ་དྲག་ཏུ་གདབ་ཅིང་འདུན་པ་མང་དུ་སྦྱང༌། བླ་མེད་ཀྱི་ལམ་གྱི་གཙོ་བོ་བདེ་སྟོང་དབྱེར་མེད་སྒྱུ་མའི་སྐུ་གཉིས་ཡིན་པ་འདི་དཔལ་དུས་ཀྱི་འཁོར་ལོ་མ་གཏོགས། བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས། འདི་གཉིས་ལ་ནན་ཏན་བསྐྱེད། བདེ་སྟོང་སྦྱོར་བ་དུས་འཁོར་གྱིའང་གཙོ་བོ་ཞིག་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་རྫོགས་པའི་རིམ་པ་སྦྱོར་བ་ཡན་ལག་དྲུག་ལ་རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་དོད་ཐུབ། ཚེ་གཅིག་ལ་མཆོག་གི་དངོས་གྲུབ་འགྲུབ་པའི་ཐབས་ཁྱད་པར་ཅན་ཅིག་ཡོད་པ་འདི་ཤེས་ནས་འདུན་པ་སྦྱོང་བ་གལ་ཆེ། དེ་ཡང་སོར་བསམ་གཉིས་ནས་ཆ་མཐུན་པ་འོང་ཡང༌། ཁྱད་པར་ཅན་མི་འོང༌། སྲོག་འཛིན་གཉིས་ཀྱི་མཐར་རྗེས་དྲན་གྱི་སྐབས་སུ་ཡོང་བས་ཚུལ་དེ་ཤེས་དགོས། དེ་མན་ཆད་དུ་བསྒྲུབ་ཚུལ་ཁྱད་པར་ཅན་ཅིག་ཡོད་པ་བྱས་ན་བརྟན་པ་འོང༌། དེའི་ཚུལ་ཅུང་ཟད་བཤད་ན། རྒྱུད་འགྲེལ་གཉིས་ནས། ཁྱིམ་པ་ཉིན་རེ་བཞིན་འཁྲིག་པ་བསྟེན་པ་དང༌། རབ་བྱུང་རྨི་ལམ་དུ་བྱང་སེམས་དབང་པོའི་སྒོ་ནས་ཕྱིར་འཕོས་ན། བབས་པའི་དགོས་པ་མི་འགྲུབ་པས་མི་འཕོ་བའི་ཐབས་ལ་རང་སྟོབས་ཀྱིས་མི་འཕོ་བ་ཅིག་དང༌། གཞན་སྟོབས་ཀྱིས་མི་འཕོ་བ་གཉིས་ཡོད་པ་ལས། རླུང་དང་ཕྱག་རྒྱ་མ་གཉིས་ཀྱིས་མི་འཕོ་བ་ནི་འདིར་གཙོ་བོ་མ་ཡིན་ཞིང༌། རང་སྟོབས་ཀྱིས། མི་འཕོ་བ་ཅིག་དགོས་པ་དེ་ནི། སྟོང་གཟུགས་ཕྱག་རྒྱ་


JLD008_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཁོ་ནས་ནུས་ཀྱི། གཞན་གྱིས་མི་ནུས་པའི་ཕྱིར་རོ། །དེ་ལ་སྟོང་པ་ཉིད་ཀྱི་གཟུགས་རང་གི་སེམས་མ་བརྟགས་པར་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་དུ་སྣང་བ་ཅིག་དགོས། དེ་ཡང་སྲོག་འཛིན་མན་ཆད་དུ་བསྒྲུབ་ཚུལ་ཁྱད་པར་ཅན་གྱིས་སྒྲུབ་ན་མ་གཏོགས་ནམ་འདོད་དུ་མི་འོང་བ་རྗེས་དྲན་དུ་འོང་བས། རང་གི་སེམས་མ་བརྟགས་པར་དུས་ཀྱི་འཁོར་ལོ་ཡབ་ཡུམ་དུ་སྣང་བའི་སྟོང་གཟུགས། ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་རིམ་གྱིས་བབ་ནས། ནོར་བུའི་རྩེར་བརྟན་པར་བྱས་པས། ཕྱིན་ཆད་མི་འགྱུར་བའི་བདེ་བ་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་རྒྱ་རིམ་བཞིན་དུ་སྐྱེ་ལ། མི་འགྱུར་བའི་བདེ་བ་སྐྱེ་རེས་ཀྱི་བདེ་བ་དེས་སྟོང་ཉིད་ངེས་པའི་བདེ་སྟོང་དབྱེར་མེད་ཡུན་རིང་དུ་བསྒོམ་དགོས་ཤིང་། དེ་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས། བྱང་སེམས་ནོར་བུ་ནས་གཙུག་གཏོར་གྱི་བར་དུ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ན། གསེར་འགྱུར་རྩིས་ལྕགས་ལ་སོགས་པའི་ཁམས་རྣམས་ཟོས་པ་ན་གསེར་འགྱུར་གྱི་རྩི་ཡང་མེད་ལ། ལྕགས་ལ་སོགས་པའི་ཁམས་ཀྱང་མེད་པར། གསེར་གྱི་ཁམས་སུ་འགྱུར་བ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ཐ་མལ་གྱི་ཕུང་ཁམས་སྐྱེས་མཆེད་རྣམས་ཟོས་པ་ན། བྱང་སེམས་ཀྱང་མེད་ལ། ཕུང་ཁམས་སྐྱེ་མཆེད་ཀྱང་མེད་པར་སྒྲིབ་པ་ཐམས་ཅད་ཟད་པའི་ཡེ་ཤེས་ཀྱི་ཁམས་སུ་འགྱུར་རོ། །དེའི་ཕྱིར་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་མཆོག་བསྒྲུབ་པར་འདོད་པས། བྱང་སེམས་མི་ཉམས་པ་ལ། རྣམ་པ་ཐམས་ཅད་དུ་འབད། བླ་མེད་ཀྱི་རྫོགས་རིམ་གཞན་གྱི་སྒོ་ནས་མཆོག་


JLD008_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་སྒྲུབ་པ་པོ་རྒྱུད་ཚོད་མཉམ་པ་རྣམས་ཀྱང༌། བྱང་སེམས་རྣམས་མ་ཉམས་ཀྱི་ཆ་ནས། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་དཀའ་ལ། སྐྱེས་པ་ལ་ཡང༌། སྟོབས་ཆེ་ཆུང༌། མཆོག་འགྲུབ་པ་མྱུར་བུལ་གྱི་ཁྱད་པར་ཤིན་ཏུ་ཆེ་བས་བྱང་སེམས་མ་ཉམས་པ་ལ་འབད། ལན་འགའ་ཡར་ཉམས་ཀྱང་སྒྱུ་ལུས་བསྒྲུབ་ཚུལ་གྱི་གནད་ཀྱིས་ཚེ་དེ་ལ་མཆོག་གཏན་མི་འགྲུབ་པ་མིན་ནོ། །ཚུལ་འདི་རྣམས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱས་ནས། གསང་སྔགས་བླ་མེད་ཀྱི་རིགས་ཀྱི་ནུས་པ་ཆེས་ཆེར་རྒྱས་པར་བྱའོ། །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་གནས་བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ་རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་ན་གྲགས་པ་དེའི་ཞལ་གྱི་གདམས་པ་འགའ་ཞིག་གསལ་སྒྲོན་དང༌། ཁྲིད་ཡིག་གཉིས་དང་སྦྱར་ཏེ། སྤོང་བ་པ་ས་དྷུ་བྷ་དྲས། གདན་ས་ཆེན་པོ་དགེ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་བྲིས་པ། དགེ་ལེགས་འཕེལ་བར་གྱུར་ཅིག འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།མཾགྷ་ལ་ཤུ་བྷཾ།།


previousརྗེའི་ཞལ་གྱི་གདམས་པ་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སཱ་དྷུ་བྷ་དྲས་ཟིན་བྲིས་སུ་བཀོད་པ།next