Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད།
   
  expand section
   


 
previousརྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད།next

རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད།


JLD008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་བཞུགས་སོ།།


JLD008_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྗེ་བཙུན་འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པ་རྣམས་དང༌། རྡོ་རྗེ་འཛིན་པའི་ས་བརྙེས་པ་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ཞབས་ཀྱི་པདྨོ་ལ། དུས་ཐམས་ཅད་དུ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་སྐྱེ་བ་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ་ལོ། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་བཤད་རྒྱུད་ཆེན་པོ་དྲུག་གིས་བཀྲལ་བའི་དོན་འཕགས་པ་ཡབ་སྲས་ཀྱིས་རྒྱུད་དོན་མངོན་དུ་གྱུར་ནས་ལེགས་པར་གཏན་ལ་ཕབ་པའི་ལམ་ལ་འཇུག་པའི་རིམ་པ་ལ། དང་པོར་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་པའི་ཚུལ། ཐེག་པ་ཆེན་པོ་གཉིས་ཐུན་མོང་གི་


JLD008_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་རིམ་པ་ལ་བསླབས་པས་དབང་རྣམས་ཀྱི་སྣོད་རུང་དུ་སྒྲུབ་པ་དང༌། དེ་ནས་རྣམ་པར་དག་པའི་དབང་བཞིས་ལམ་རིམ་པ་གཉིས་ཉན་པ་དང་སྒོམ་པ་སོགས་ཀྱི་སྣོད་རུང་དུ་བྱ་བ་དང༌། དེ་ལྟར་སྣོད་དུ་རུང་ནས་ཁས་བླངས་པའི་དམ་ཚིག་དང་སྡོམ་བདག་པར་བྱེད་པའི་ཚུལ་དང༌། དེ་ནས་ཐོག་མར་ཐུན་བཞིའི་རིམ་པས་རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་ལ་བསླབ་པ་དང༌། དེ་ལ་ལོབས་ནས་ཕྲ་བ་རྟོག་པའི་རྣལ་འབྱོར་ལ་ཇི་ལྟར་བསླབ་པ། ཡབ་སྲས་ཀྱི་སྒྲུབ་ཐབས་རྣམ་པ་བཞིའི་དོན། ལས་དང་པོ་པའི་ཏིང་ངེ་འཛིན་གྱི་རིམ་པ་རྣམས་ནི་གཞན་དུ་བཤད་ཟིན་པ་ལྟར་བྱའོ། །དེ་ལྟར་བསྐྱེད་པའི་རིམ་པ་ལ་ལེགས་པར་གནས་པ་དེས། རིམ་པ་གཉིས་པ་རྫོགས་པའི་རིམ་པ་ལ་བསླབ་པའི་གྲུབ་ཆེན་གྱི་མན་ངག་


JLD008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པ་ནི། རིམ་ལྔ་དང་སྤྱོད་བསྡུད་དང༌། རྣམ་གཞག་གི་ཕྱོགས་གཅིག་དང་ལས་མཐའ་རྣམ་འབྱེད་དང༌། རྒྱུད་འགྲེལ་གྱི་སྦྱོར་བ་ཡན་ལག་དྲུག་དང༌། རྫོགས་རིམ་གྱི་རིམ་ལྔའི་བཤད་པ་མཛད་པ་རྣམས་ཡིན་ནོ། །དེ་ལྟ་ནའང་གཞུང་དེ་རྣམས་ཤིན་ཏུ་བརླིང་བས་ཕྱི་རབས་ཀྱི་གདུལ་བྱས། དེ་རྣམས་ལས་ཤིན་ཏུ་གསལ་བའི་བླ་མ་དམ་པའི་མན་ངག་མེད་ན། མན་ངག་གི་གནད་རྫོགས་པར་མི་རྙེད་པས། འཕགས་ཡུལ་གྱི་མཁས་པ་དུ་མ་ལ་གཏུགས་ནས་ལེགས་པར་མནོས་པའི་ལོཙྪ་བ་ཆེན་པོ་རྣམས་ཀྱི་མན་ངག་ཤིན་ཏུ་གལ་ཆེའོ། །དེ་ལ་ནི་རྗེ་མར་པ་དང་རྗེ་འགོས་ཀྱི་ལུགས་གཉིས་མཆོག་ཏུ་གྱུར་པ་ཡིན་ལ། འདིའི་མན་ངག་རྒྱུད་དང་འཕགས་སྐོར་གྱི་གཞུང་ལ་ལེགས་པར་གཏུགས་ནས་ངེས་པ་བསྐྱེད་པ་ལ་ནི། རྗེ་འགོས་ནས་བརྒྱུད་པའི་མན་ངག་གི་བཤད་པ་རྣམས་དགོས་ཤིང༌། གཞུང་ནས་དངོས་སུ་ཟིན་པ་ཙམ་དུ་མ་ཟད་ཁོང་ན་གནས་པ་དུ་མ་གསལ་དུ་བཏང་ནས། ད་ལྟར་གྱི་གང་ཟག་གིས་ཉམས་སུ་ལེན་པའི་དམིགས་རིམ་ཁྱད་པར་ཅན་མང་པོའི་སྒོ་ནས་ངེས་པ་རྙེད་པ་ལ་ནི། རྗེ་མར་པའི་གདམས་ངག་རྣམས་དགོས་སོ། །རྗེ་མར་པའི་གདམས་ངག་ཕལ་མོ་ཆེ་ལ་རྒྱ་གཞུང་གི་རྩ་ཚིག་རེ་ཡོད་ལ། རིམ་ལྔའི་མན་ངག་གི་རྩ་ཚིག་ནི་རིམ་ལྔ་བསྡུས་པ་གསལ་བ་ཉིད་ཡིན་གྱི། ཁ་གཡར་གཞན་འདུག་པ་ནི་སྤྱོད་བསྡུས་དང་འགལ་བ་ཆེན་པོ་ཡོད་པས་རྣམ་དག་མིན་ནོ། །རིམ་ལྔ་བསྡུས་པའི་མཇུག་ཏུ། དཔལ་ལྡན་གསང་བ་འདུས་པའི་རྒྱུད། །འཕགས་པ་ཡབ་སྲས་རིམ་བཤད་པ། །དེ་ཉིད་དགོངས་པ་ནཱ་རོས་རྙེད། །


JLD008_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་མཁན་གྱིས་མི་ཤེས་པས། །རྒྱུད་རྐྱང་བཤད་པ་བསྡུས་པ་ཉིད། །བྱིན་བརླབས་ལམ་འདི་ཐུན་མོང་མིན། །ཞེས་སྒྲོན་གསལ་ལ་ཟུར་ཟ་བའི་ཚིག་འབྱུང་བ་ནི་ནཱ་རོ་པ་ལ་བསྟོད་ར་གཏོང་འདོད་ཀྱང་གཏོང་མི་ཤེས་པ་གཅིག་གིས་བཅུག་པར་སྣང་སྟེ་རྒྱུད་ཕྱི་མའི་འགྲེལ་པར་ནཱ་རོ་པས། ཕྱི་མའི་རྒྱུད་ཀྱི་དོན་གསལ་འདི། །སྒྲོན་མ་གསལ་བའི་རྗེས་འབྲངས་ནས། །ཀླུ་སྒྲུབ་མན་ངག་བཤད་པ་ཡིན། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་འཕགས་པའི་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱའི་བཤེས། །ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །བདག་གིས་བགྱིས། ཞེས་གསུངས་པའི་ཕྱིར་རོ། །རྗེ་མར་པས་རྒྱ་གར་དུ་ལན་གསུམ་པ་ལ་པོར་ལན་བཞི་བྱོན་ཏེ། རྒྱ་གར་ཤར་ནུབ་ཁ་ཆེ་བལ་པོ་རྣམས་སུ་མཁས་པ་དང་རྣལ་འབྱོར་པའི་བླ་མ་སྤྱིར་བརྒྱ་རྩ་བརྒྱུད། ཁྱད་པར་དུ་བརྒྱུད་པ་འཛིན་ངེས་ལྔ་བཅུ་རྩ་བརྒྱད། སྣང་བ་འགྱུར་ངེས་བཅུ་གསུམ། གཙོ་བོར་གྱུར་པ་གསུམ་ལ་གཏུགས་ཤིང༌། བྱེ་བྲག་ཏུ་འདུས་པ་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་སོགས་ལ་མཁས་པའི་བླ་མ་བདུན་བསྟེན་ནོ། །བླ་མ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་དཔལ་ནཱ་རོ་པ་ཡིན་ལ། དེས་རྒྱུད་ཁྱད་པར་དུ་འཕགས་པ་བཞི་ལ་བརྟེན་ནས་གདམས་པ་ཁྱད་པར་ཅན་བཞི་སྣང་བའི་ནང་ནས། དཔལ་གསང་བ་འདུས་པ་ལ་བརྟེན་ནས་རིམ་ལྔ་གདན་ཐོག་གཅིག་ཏུ་རྫོགས་པར་བསྒོམ་པའི་མན་ངག་གནང་ཞེས་པ་ནི། རིམ་ལྔ་བསྡུས་པ་གསལ་


JLD008_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས་འབྱུང་བ་ལྟར་དུ་འཁྲིད་པའི་མན་ངག་རྣམས་སོ། །བླ་མའི་གསུང་གི་འོད་ཟེར་བསྟན་པ་ཞེས་པའི་རིམ་ལྔའི་ཁྲིད་ཡིག་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་རྫུས་མ་ཚད་མར་བྱེད་ཅིང༌། རྒྱུད་རྐྱང་གི་བཤད་པ་བྱེད་པ་རྣམས་དང་མཐུན་ལ། མར་ལུགས་ཀྱི་གདམས་པ་ཁུངས་མ་རྣམས་དང་མི་མཐུན་པ་ཅིག་སྣང་བ་ནི། བླ་མ་མར་པས་མཛད་ཟེར་བ་སྣང་ཡང་ཁ་གཡར་འབའ་ཞིག་གོ། རྗེ་མར་པའི་འདུས་པའི་གདམས་ངག་གི་བཀའ་བབས་པ་ནི་མཚུར་སྟོན་དབང་པོ་ཡིན་ལ། དེའི་སློབ་མའི་གཙོ་བོ་གསུམ་ནི། འཁོན་གད་པ་ཀཱིརྟི་དང༌། ཁམས་པ་རོ་མཉམ་རྡོ་རྗེ་དང༌། ཆོས་སྟོན་བསོད་ནམས་རྒྱལ་མཚན་ནོ། །འཁོན་ལ་ཐུར་ལྷ་བའི་མཁན་པོ་བྱ་སྒོང་པ་དང༌། གྲུབ་ཐོབ་ཞང་ཞུང་པ་ལ་སོགས་མང་དུ་བྱུང་ལ། བྱ་སྒང་པ་ནས་གསེར་སྡིངས་པའི་བར་དུ་རིམ་གྱི་བརྒྱུད་ཅིང༌། ཞང་ཞུང་པ་ནས་ཕོ་བ་ལུང་པའི་བར་དུ་རིམ་པ་བཞིན་བརྒྱུད་དོ། །བྱ་སྒང་པ་མ་ཕྱོགས་ཀྱི་སྤུན་ཡང་ཡིན། སློབ་དཔོན་ཡང་ཡིན་པས། དེ་ལ་མཁོན་གྱིས་དབུ་སྙུང་བཞེས་ནས་གནང་བའི་མན་ངག་གི་གྲངས་དོན་བཞི་མར་སྨོས་པ་ལ། རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། འཁོར་བ་ལྡོག་འཇུག་ལ་བརྟེན་ཏེ་མ་རིགས་པ་རྩད་ནས་གཅོད་པ་དང་། སྒྱུ་མ་གསུམ་རྒྱུད་དང༌། སྒྱུ་མ་བཙན་ཐབས་ཀྱི་མན་ངག་དང༌། སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ཏེ་འོད་གསལ་ངོས་བཟུང་བ། མགྱོགས་འགྲོ་ཕོ་ཉའི་ལམ་ལས་རྒྱ། །གསེབ་ལམ་ཆེ་ཆུང༌། འཕོ་བ་གྲོང་འཇུག་གཏུམ་མོ། བསྲེ་བ་དྲུག་པ། བཙན་


JLD008_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སངས་རྒྱས། འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་སོགས་མ་ལུས་པ་གནང་ཞེས་འབྱུང་ལ། གསེར་སྡིངས་པ་ཉིད་ཀྱིས་རིམ་ལྔའི་གདམས་ངག་གི་སྐོར་ལ། གཞུང་ཚན་ཉེར་གསུམ་མཛད་པའི་རིམ་ལྔ་དོན་ལྔ་མ་དང༌། དོན་བཞི་མ་དང༌། གདན་རྫོགས་དང༌། འཁོར་ལོ་ཅན་ཏེ་ཆེ་བ་བཞི་ནི་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ཉིད་དུ་སྣང་ཞིང༌། རིམ་ལྔ་འཁོར་ལོ་མེད་པ་དང༌། སེམས་དཔའ་གསུམ་རྩེགས་དང༌། རིམ་ལྔ་ཅིག་ཅར་བ་སྟེ། རིམ་ལྔ་ཆུང་བ་གསུམ་ནི་སྔགས་འཁོར་གྱི་སྐོར་མེད་པའི་དབང་དུ་བྱས་ལ། གསང་བ་ཐུགས་རྒྱུད་ཀྱི་རིམ་ལྔ་ནི་རིམ་ལྔ་དངོས་དང༌། ཆ་མཐུན་གྱི་སྒོ་ནས་རེ་རེ་ལ་ཕྱི་ནང་གསང་བ་གསུམ་གསུམ་དུ་ཕྱེ་བ་ཙམ་ཞིག་སྟེ་འཁྲིད་རིམ་སྟོན་པ་ནི་མིན་ནོ། །ཆུང་བ་བཞི་པོ་དེ་སྔར་དངོས་སུ་སྨོས་པའི་གདམས་ངག་རྣམས་ཀྱི་ནང་དུ་མ་བྱུང་ངོ་། །སྔར་བཤད་པའི་སྒྱུ་མ་གསུམ་རྒྱུད་ལ་གཞུང་གསུམ་དང༌། འཕོ་བ་ལ་སྐུ་གསུམ་གྱི་འཕོ་བ་དང༌། བཙན་ཐབས་ཀྱི་འཕོ་བ་གཉིས་སུ་བྱས་ལ། འོག་སྒོ་བདེ་ཆེན་ཞེས་པ་དང་ཕོ་ཉའི་ལམ་གཉིས་གཅིག་གོ། དེ་ལ་དོན་ལྔ་མའི་དོན་ཚན་དང་པོ་བཞི་ལ་ནི་མན་ངག་ཟུར་ན་ཡོད་ཅིང༌། གཞུང་དེར་ས་བཅད་བཏབ་པ་ཙམ་མ་གཏོགས་པ་མི་འཆད་པས། དོན་ཚན་ལྔ་པ་རིམ་ལྔ་གདན་ཐོག་གཅིག་ཏུ་སྒོམ་པ་ལ་མ་རྟགས་དང་འབྲེལ་བའི་གདམས་པ་སྟོན་ནོ། །དོན་བཞི་མ་ནི་སྒྲུབ་པ་པོ་དང་གནས་དང་གྲོགས་དང་གདམས་པ་དངོས་ཏེ་བཞི་སྟོན་ལ། རིམ་ལྔ་གདན་ཐོག་གཅིག་ཏུ་སྒོམ་པའི་


JLD008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་སྔ་མ་དང་འདྲའོ། །རིམ་ལྔ་གདན་རྫོགས་ཞེས་པ་ཕ་རྒྱུད་ཡང་སྙིང་དུ་གྲགས་པ་ནི་དེ་ཉིད་ལས། གདམས་པ་ལ་ནི་དོན་དྲུག་ཡིན། །བསྐྱེད་རྫོགས་གདན་གཅིག་སྟེང་བསྒོམ་དང༌། །འཇུག་ལྡོག་མ་རིག་རྩད་བཅད་དང༌། །བདེ་བ་ལམ་དུ་བསླང་བ་དང༌། །གཏུམ་མོ་གྲོང་འཕོ་གྲོང་འཇུག་གོ། ཞེས་བཤད་པ་དྲུག་དང་། སྒྱུ་མ་བཙན་ཐབས་དང་། གཉིད་ཀྱི་འོད་གསལ་འཛིན་པ་སྟེ་བརྒྱད་སྟོན་ཀྱང་། གཙོ་བོ་ནི་རིམ་ལྔ་སྟན་གཅིག་གི་སྟེང་དུ་སྒོམ་པའོ། །འཁོར་ལོ་ཅན་ལས་ཀྱང་། རིམ་ལྔ་སྟན་གཅིག་གི་སྟེང་དུ་སྒོམ་པ་ལ་སྔར་བཤད་པའི་དོན་བཞིར་བྱས་ནས་སྟོན་པས་ན། དེ་བཞི་ཀ་རིམ་ལྔ་གདན་ཐོག་གཅིག་ཏུ་ཛོགས་པར་སྒོམ་པའི་རིམ་ལྔ་གདན་རྫོགས་ཡིན་ནོ། །མིང་དེ་ལྟར་འདོགས་པའི་རྒྱུ་མཚན་ནི། རིམ་ལྔ་བསྡུས་པ་ལས། ཐེག་པ་སྣ་ཚོགས་ཕ་རོལ་ཕྱིན། །སྲིད་པ་སྐྱེ་དང་གནས་པ་སོགས། །དུས་ཀྱི་དབྱེ་བའི་ཁྱད་པར་གྱིས། །སྟན་གཅིག་སྟེང་དུ་སྦྱར་ཏེ་བསྒོམ། །ཞེས་རིམ་ལྔ་སྟན་གཅིག་གི་སྟེང་དུ་བསྒོམ་པར་གསུངས་པ་ལ་བརྟེན་ནས་བྱས་སོ། །གདན་གཅིག་གི་སྟེང་དུ་རྫོགས་ཚུལ་ནི་འཁོར་ལོ་ཅན་ལས། སྟན་གཅིག་སྟེང་དུ་རིམ་པ་ལྔ། །འཁོར་ལོ་ཅན་དུ་རྫོགས་པ་ཡི། །མན་ངག་འདི་སྦྱར། ཞེས་འབྱུང་བ་ལྟར་རྩ་ཚིག་ནས་འབྱུང་བ་བཞིན་དུ། སྙིང་ཁར་སྔགས་འཁོར་བཀོད་ནས་སྒོམ་པ་དེའི་སྟེང་ནས་རིམ་པ་ལྔ་ཀའི་གདམས་ངག་གི་གནད་རྫོགས་པར་འགྱུར་བ་ལ་ཟེར་བ་ཡིན་ནོ། །དེས་ན་གདན་རྫོགས་ལས། རིམ་ལྔ་སྟན་གཅིག་གི་སྟེང་དུ་སྒོམ་པ་རྫོགས་པའི་མཐར། དེ་རྣམས་འཁོར་ལོ་ཅན་


JLD008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེས་འབྱུང་བ་ལྟར་དེ་བཞི་ཀ་འཁོར་ལོ་ཅན་ཡང་ཡིན་པས། རིམ་ལྔ་འཁོར་ལོ་ཅན་ཞེས་པའི་མན་ངག་ཟུར་དུ་འབྱུང་བ་ནི་སྤྱི་མིང་སྒོས་ལ་བཏགས་པའོ། །རིམ་ལྔ་སེམས་དཔའ་གསུམ་རྩེགས་དང༌། རིམ་ལྔ་ཅིག་ཅར་བ་ལ་ཡང་སྙིང་ཁར་སྔགས་འཁོར་སྒོམ་པ་མེད་པས། ཆུང་བ་གསུམ་ག་ལ་འཁོར་ལོ་མེད་པ་ཞེས་བྱའི་གཅིག་ལ་འཁོར་ལོ་མེད་པ་ཞེས་པ་ནི་སྤྱི་མིང་སྒོས་ལ་བཏགས་པ་ཡིན་ཏེ། གདན་རྫོགས་ལས། སེམས་དཔའ་གསུམ་རྩེགས་ཀྱང་འཁོར་ལོ་མེད་པར་བཤད་པ་བཞིན་ནོ། །གསེར་སྡིངས་པའི་མན་ངག་འདི་རྣམས་བླ་མ་ཐ་དད་དམ། སྔ་ཕྱིའི་གསུང་བགྲོས་མི་འདྲ་བ་ཡིན་ནམ། རྩོམ་པ་པོའི་བློའི་ཁྱད་པར་སྔ་ཕྱིའི་དབང་གིས་ཡིན་པ་འདྲ་སྟེ། མི་མཐུན་པ་མང་དུ་སྣང་ཞིང་བྲི་ནོར་རིང་དུ་བརྒྱུད་པ་ཡང་མང་བར་སྣང་ངོ་། །དེས་ན་དེ་དག་གིས་རིམ་ལྔ་བསྡུས་པའི་དོན་བཤད་པ་རྣམས་རྩ་ཚིག་གི་དོན་དུ་སོང་མ་སོང་དང༌། དེ་ཀུན་ཀྱང་རྩ་བཤད་ཀྱི་རྒྱུད་དང༌། ཡབ་སྲས་ལྔའི་གཞུང་རྩོད་མེད་རྣམས་ལ་ལེགས་པར་གཏུགས་ནས། དེ་དག་ནས་དངོས་སུ་ཟིན་དང་མ་ཟིན་པའི་རྣམ་དག་རྣམས་ཀྱང་དོན་ཐོབ་ལ་ཡོད་ལུགས་དང༌། བརྒྱུད་པ་རིངས་པའི་དབང་གིས་དང་པོའི་གདམས་ངག་གི་དགོངས་པ་ཅུང་ཟད་མ་འཁྱོར་བ་རྣམས་ཀྱི་མ་དག་པའི་རྒྱུ་མཚན་རྣམས་འདི་ལྟར་རོ། །ཞེས་བཤད་ན། མར་ལུགས་ཀྱི་འདུས་པའི་མན་ངག་གི་ནུས་པ་རྫོགས་པར་ཐོན་པ་ཅིག་འོང་བར་མཐོང་བས་དེ་


JLD008_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བཤད་པར་བྱའོ། །འདི་ལ་རྩ་ཚིག་ཏུ་ལམ་གྱི་རིམ་པ་ཇི་ལྟར་བཤད་པ་ངེས་དགོས་པས་དེ་བཤད་ན། དེར་གཞི་ལུས་སེམས་ཀྱི་གནས་ཚུལ་དང༌། ལམ་བགྲོད་པའི་རིམ་པ་དང༌། འབྲས་བུ་མངོན་དུ་བྱེད་པའི་རིམ་པ་གསུམ་དུ་བསྡུས་ནས། དང་པོ་ལ་ལུས་སེམས་སོ་སོ་བ་དང༌། ཐུན་མོང་གི་གནས་ཚུལ་དང༌། ལུས་ཀྱི་འཁོར་ལོ་བཞིའི་གནད་བཞི་དང༌། སྒོམ་པའི་གནད་བཞི་དང༌། ཁྱད་པར་དུ་སྙིང་ག་གནད་ཆེ་བ་བསྟན་ཏེ། དེ་ཉིད་ལས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །སེམས་དང་ལུས་ཀྱི་གནས་ཐབས་ལས། །རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །གཉིད་དང་རྨི་ལམ་སྙོམས་འཇུག་པ། །ཐ་མལ་དུས་དང་རྣམ་པ་བཞི། །འཁོར་ལོ་བཞི་ཡི་བདག་ཉིད་ཀྱི། །རྩ་དང་ཐིག་ལེ་སེམས་ཤེས་པས། །ལུས་དང་དུས་དང་ཡུལ་རླུང་གི། གནད་ནི་རྣམ་པ་བཞིར་ཤེས་བྱ། །དྲན་པ་སྣ་ཚོགས་རྣམ་རྟོག་རྣམས། །སེམས་ལས་ཡང་དག་འབྱུང་བས་ན། རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །སྙིང་ཁར་སྔགས་ཀྱི་འཁོར་ལོ་བསྒོམ། །ཞེས་སོ། །ལམ་ལ་གོང་འོག་ཏུ་རིམ་ལྔ་བཤད་ཐེབས་ཁ་ཡར་ཡོད་ཀྱང༌། ཕྱོགས་གཅིག་ཏུ་བཤད་ན། དེ་ཉིད་ལས། བྱང་ཆུབ་སེམས་ལྡན་བླ་མ་དང༌། །ལྷག་པའི་ལྷ་ཡི་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །རྗེས་སུ་རྣལ་འབྱོར་བཅས་པ་དག །ཏིང་འཛིན་རིམ་པ་ལྡན་པ་ཉིད། །བསྙེན་པ་ཉེར་སྒྲུབ་སྒྲུབ་པ་ཆེ། །སྒྲུབ་


JLD008_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ། ཞེས་དང༌། བསྐྱེད་པའི་རིམ་འདི་ལྷ་ཡི་སྐུ། །རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་མཆོག །རྣམ་པ་མངོན་དུ་བྱེད་པ་གང༌། །ལེགས་པར་བསླབས་པས་མཐར་ཕྱིན་འགྱུར། །ལུས་དབེན་སྣང་བ་སེམས་དང་ལུས། །རྒྱུ་དང་མི་རྒྱུའི་འཇིག་རྟེན་བཅས། །རིམ་པས་ལྷ་ཡི་བདག་ཉིད་སྦྱོར། །རྡོ་རྗེ་འཆང་ཆེན་ལམ་དུ་བྱེད། །མོས་པ་ལས་བྱུང་ཏིང་ངེ་འཛིན། །རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་བྱང་ཆུབ་ཀྱི་སེམས་སྦྱང་བ་དང༌། བླ་མའི་རྣལ་འབྱོར་སྒོམ་པ་སྔོན་དུ་བཏང་ནས་བསྐྱེད་རིམ་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཚང་བ་ཅིག་བསྒོམས་ནས་མཐར་དབྱུང་བར་བཤད་ཅིང༌། དེ་ལྟར་བྱས་པའི་འོག་ཏུ་ལུས་དབེན་ལ་སློབ་པར་བཤད་པས། ལུས་དབེན་ལ་བསྐྱེད་རིམ་གྱི་ཆ་གཅིག་ཀྱང་ཡོད་མོད་ཀྱང༌། ལུས་དབེན་ཐམས་ཅད་བསྐྱེད་རིམ་དུ་འདོད་པ་དང༌། དོན་ལྔ་མར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལས་ཚོགས་སྒྲུབ་པའི་ཐབས་ཡིན་པས། དེ་མི་སྒོམ་པར་དཔའ་བོ་གཅིག་པ་བསྒོམ་ཞེས་པ་དང༌། དོན་བཞི་མར་དཔའ་བོ་གཅིག་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་གདམ་པར་བྱས་པའི་སྔ་མའི་ལུགས་གཉིས་རང་གི་རྩ་ཚིག་དང༌། རྒྱུད་དང་ཡབ་སྲས་ཀྱི་གཞུང་ཀུན་དང་འགལ་བས་ཡིད་བརྟན་པར་མི་བྱ་ལ། ཡང་སྔགས་ཀྱི་སྐུ་ལ་བསྐྱེད་རིམ་དང་ཡེ་ཤེས་ཀྱི་སྐུ་གཉིས་སུ་འབྱེད་པ་དང་། ངག་དབེན་སྒོམ་པའི་རྟེན་གྱི་ལྷ་སྐུ་སྒོམ་པ་ཡེ་ཤེས་ཀྱི་སྐུར་བྱེད་པ་ཡང་ཡབ་སྲས་ཀྱི་གཞུང་དང་མི་མཐུན་ནོ། །སྤྱོད་


JLD008_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ལས། རིགས་བརྒྱ་ལ་སོགས་པའི་ལུས་དབེན་བཞི་བཤད་ཀྱང༌། རྩ་ཚིག་ལས། གསང་ཆེན་རིགས་གཅིག་གི་ལུས་དབེན་གཅིག་པུ་བཤད་པ་ནི། སྒོམ་པའི་ཚེ་དེ་བཞིའི་ནང་ནས་དེ་གཅིག་པུ་སྒོམ་པའི་དབང་དུ་བྱས་ལ། མན་ངག་བཞི་ལས་ཀྱང༌། སྔོན་དུ་རྡོ་རྗེ་འཆང་ཡབ་ཡུམ་ཟུང་གཅིག་བསྒོམ་པར་བཤད་པ་ཡང་རིགས་གཅིག་གི་ལུས་དབེན་ནོ། །དེ་ནས་ངག་དབེན་ལ་སྔོན་དུ་སྔགས་འཁོར་བསྒོམས་ནས་དེའི་འོག་ཏུ། འབྱུང་བ་བཞི་ཡི་རླུང་རྣམས་ཉིད། །རླུང་དང་སྔགས་སུ་རབ་སྦྱོར་བས། །རྡོ་རྗེ་བཟླས་པ་སྦྱང་བར་བྱ། །འབྱུང་འཇུག་གནས་པ་ཉིད་དུ་བཤད། །ཅེས་དང༌། རླུང་གི་འབྱུང་འཇུག་གནས་པ་གསུམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །རླུང་སྔགས་མཉམ་པར་རབ་སྦྱོར་གང༌། །རྡོ་རྗེ་བཟླས་པའི་རིམ་པའོ། །ཞེས་འཁོར་ལོའི་མི་ཤིགས་པ་ལ་བརྟེན་ནས་ཡི་གེ་གསུམ་གྱི་རྡོར་བཟླས་ཉིད་བྱ་བར་བཤད་པའི་སྐབས་སུ་པད་འདབ་གསུམ་རིམ་དང༌། དེ་ལ་ཡི་གེ་འགོད་པ་རྒྱུད་དང་འཕགས་སྐོར་གྱི་རྒྱ་གཞུང་གཞན་ནས་མ་བྱུང་ཡང༌། རླུང་འདུ་སླ་བའི་དགོས་པའི་དོན་དུ་མཛད་པར་སྣང་བས་མན་ངག་ལ་མི་ཐོབ་པ་མན་ནོ། །དོན་ལྔ་མ་དང༌། གདན་རྫོགས་དང༌། འཁོར་ལོ་ཅན་ལས་ངག་དབེན་གྱི་སྐབས་སུ་སྔགས་ལ་འཁོར་སྒོམ་པར་བཤད་པ་རྩ་ཚིག་གི་ལུགས་ཡིན་གྱི། དོན་བཞི་མར་སེམས་དབེན་གྱི་སྐབས་ཁོ་ནར་སྒོམ་པར་བཤད་པ་མིན་ནོ། །རྡོར་བཟླས་བྱེད་ཚུལ་ནི་དོན་བཞི་མ་དང་འཁོར་ལོ་ཅན་བཞིན་དུ། ཡི་གེ་གསུམ་གྱི་རྡོར་བཟླས་ཉིད་བྱའི།


JLD008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྔ་མ་དང་གདན་རྫོགས་ལས། རླུང་འབྱུང་འཇུག་ཉེར་གཅིག་རེ་ཙམ་སྦྱངས་པའི་འོག་ཏུ། རླུང་ཁ་སྦྱོར་ཉིད་འཛིན་པ་རྡོར་བཟླས་དངོས་གཞིར་བྱེད་པ་དང་པོའི་མན་ངག་གི་དོན་མིན་ནོ། །སེམས་དབེན་སྐྱེད་ཚུལ་ནི། རྩ་ཚིག་ལས། གསང་སྔགས་ལས་བྱུང་རྣམ་པར་ཤེས། །སྣང་བ་གསུམ་གྱི་བདག་ཉིད་ནི། །ཡེ་ཤེས་འཇུག་ལྡོག་ངེས་པ་གང༌། །སེམས་ལ་དམིགས་པའི་རིམ་པའོ། །ཞེས་རྡོར་བཟླས་ཀྱི་སྔགས་བཟླས་པ་དང་། འཁོར་ལོ་ལ་བཀོད་པའི་སྔགས་ཀྱི་ཡི་གེ་ལ་དམིགས་པ་ལས་སེམས་དབེན་གྱི་ཡེ་ཤེས་འཇུག་པ་ལུགས་མཐུན་དང༌། ལྡོག་པ་ལུགས་བཟློག་ཏུ་སྐྱེ་བར་བཤད་ལ། ཡང་དེ་ཉིད་ལས། མཉམ་པ་ཉིད་དུ་སེམས་བསྡམས་ཏེ། །མཉམ་གཞག་འཁོར་ལོའི་ལྟེ་བ་ཡི། །ཡེ་ཤེས་མཉམ་པར་མཐོང་འགྱུར་བ། །ཉེ་བར་ཐོབ་པ་སྟོང་པ་ཆེ། །ཞེས་འཁོར་ལོ་ལ་བཀོད་པའི་ཡི་གེ་ལ་དམིགས་པའི་སེམས་ཡུལ་གཞན་དུ་གཡེང་བ་བསྡམས་ཏེ། སེམས་ཡི་གེ་ལ་ཞུགས་པ་ལྟ་བུའི་མཉམ་པ་ཉིད་དུ་བྱས་ཏེ། མཉམ་པར་བཞག་པ་གོམས་པ་ལས། འཁོར་ལོའི་ལྟེ་བའི་མི་ཤིགས་པ་ཨ་ཐུང་དང་བཅས་པ་ལ་སེམས་ཞུགས་ནས་རི་མཉམ་དུ་སོང་བ་ལས་སྟོང་པ་ཆེན་པོ་སྐྱེ་བར་བཤད་ཅིང༌། སྐྱེ་ཚུལ་ནི་དེ་ཉིད་ལས། དང་པོ་སྨིག་རྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་དང༌། །གསུམ་པ་ཉི་མའི་འོད་ཀྱིས་འཁྲིགས། །མཚམས་སྣང་ལས་ནི་ཐོབ་པ་སྟེ། །ཞེས་


JLD008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་རྣམས་ཡབ་སྲས་ཀྱི་གཞུང་དང་ཤིན་ཏུ་མཐུན་ནོ། །གསེར་སྡིངས་པའི་མན་ངག་ལས། སེམས་དབེན་སྐྱེད་པ་ན་གདམས་ངག་ཆེ་བ་བཞི་ལས། རླུང་ཁ་སྦྱོར་འཛིན་པ་དང༌། འཁོར་ལོའི་སྡུད་རིམ་རེ་སྦྲགས་ནས་བྱེད་པ་གཉིས་རྩ་ཚིག་ན་དངོས་སུ་མེད་ཀྱང༌། མཐའི་ཡི་གེ་རྣམས་དབུས་སུ་སྡུད་པ་ནི་བྱ་དགོས་ལ། སྐབས་འདིར་རླུང་ཁ་སྦྱོར་འཛིན་པ་འཕགས་སྐོར་གྱི་རྒྱ་གཞུང་རྣམས་ན་མེད་ཀྱང་མན་ངག་གིས་བྱེད་ནའང་བྱར་རུང་ངོ་། །རིག་མ་ལ་བརྟེན་ནས་སེམས་དབེན་སྐྱེད་ཐབས་རྩ་ཚིག་ནས་དངོས་སུ་མ་བྱུང་ཡང༌། འོག་སྒོ་བདེ་བ་ཆེན་པོའི་ལམ་ཞེས་པ་མན་ངག་ལས་འབྱུང་བ་དེ་ལ་ཡང་སྦྱར་དུ་རུང་སྟེ། ཡབ་སྲས་ཀྱི་དགོངས་པས་ཕྱག་རྒྱ་ལ་བརྟེན་ནས་ཀྱང་སྐྱེད་པ་ཡིན་ནོ། །མན་ངག་ཆེ་བ་བཞི་ལ་སྔགས་འཁོར་སྒོམ་པའི་སྐབས་དང་སྡུད་རིམ་སོགས་ལ་མི་མཐུན་པ་འགའ་ཞིག་སྣང་བ་ནི་བླ་མའི་གསུང་བགྲོས་སྔ་ཕྱིའམ། རྩོམ་པ་པོའི་གོ་ལུགས་སྔ་ཕྱིའི་ཁྱད་པར་དུ་སྣང་གི་དང་པོའི་མན་ངག་ལ་མི་མཐུན་པ་བྱུང་བ་མིན་ནོ། །མན་ངག་ཆུང་བ་གསུམ་ལ་སྡུད་རིམ་མི་མཐུན་པ་གསུམ་འདུག་པ་ནི་མན་ངག་མི་གཅིག་པའི་ལུགས་སུ་སྣང་ལ། དེ་གསུམ་དང་གསང་བ་ཐུགས་རྒྱུད་ནི་ཡབ་སྲས་ཀྱི་གཞུང་ནའང་མི་སྣང་ལ། རྩ་ཚིག་ནའང་དེའི་གཞི་མི་སྣང་ངོ་། །སྒྱུ་ལུས་ཀྱི་རིམ་པ་ནི་རྩ་ཚིག་ལས། རླུང་དག་པས་ནི་ཡེ་ཤེས་ཀྱི། ཀུན་རྫོབ་སྒྱུ་མ་མངོན་དུ་བྱེད། །ཅེས་དང༌། རླུང་སེམས་ཙམ་ལས་བྱུང་བ་ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། །ཞེས་ཀུན་རྟོག་གི་རླུང་དག་པ་ལས་ཀུན་རྫོབ་སྒྱུ་


JLD008_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་ཤེས་ཀྱི་སྐུ་སྒྲུབ་པ་དང༌། དེ་ཡང་ཕུང་པོ་རགས་པ་ལས་མིན་པར་ཕྲ་བའི་རླུང་སེམས་ཙམ་ལས་སྒྲུབ་པར་བཤད་ལ། དེའི་མན་ངག་རྣམས་ལས་དེ་དང་མཐུན་པ་དང་མི་མཐུན་པར་བཤད་པ་གཉིས་སྣང་བ་རྣམས་དབྱེ་བར་བྱ་སྟེ། དེ་ནི་སྒྱུ་ལུས་ཀྱི་དངོས་གཞི་དང་མཉམ་གཞག་སྒྱུ་མའོ། །རྩ་ཚིག་ལས། ལམ་མཆོག་རིམ་པ་ལྔ་པོ་ཉིད། །ཕ་རོལ་ཕྱིན་དང་ཐེག་སྣ་ཚོགས། །སྲིད་པ་སྐྱེ་དང་ཉིན་ཞག་གཅིག། །སྟན་གཅིག་སྟེང་དུ་སྦྱར་ཏེ་བཤད། །ཅེས་ཉིན་ཞག་གཅིག་དང་རིམ་ལྔ་སྦྱར་བའི་སྐབས་སུ་གཉིད་དང་རྨི་ལམ་དང་བསྲེ་བའི་གཞི་བསྟན་ལ། སྲིད་པ་སྐྱེ་འཆིའི་རིམ་པ་དང་རིམ་ལྔ་སྦྱར་བའི་སྐབས་སུ་འཆི་བ་དང་བར་དོ་བསྲེ་བའི་གཞི་བསྟན་ནོ། །ཡང་དེ་ཉིད་ལས། རྨི་ལམ་ལུས་ནི་རྣམ་སྦྱང་ཕྱིར། །སྒྱུ་མར་མཚོན་པའི་དུས་གང་ལས། །ཡུལ་སྣང་ཀུན་རྫོབ་གང་འབྱུང་བ། །ཀུན་རྫོབ་སྒྱུ་མའི་རིམ་པའོ། །ཞེས་དང༌། རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱང༌། །བར་དོ་རྣམ་གསུམ་བསྲེ་བར་བྱ། །ཞེས་རྨི་ལམ་དང་བསྲེ་བའི་གདམས་ངག་རྣམས་སྒྱུ་ལུས་ཀྱི་གདམས་ངག་ཏུ་བསྡུས་ལ། བར་དོ་དང་བསྲེ་བ་ཡང་དེར་བསྡུས་སོ། །ཡང་གཉིད་དང་རྨི་ལམ་སྙོམས་འཇུག་པ། ཞེས་སོགས་སྔར་དྲངས་པ་རྣམས་ཀྱིས་གཉིད་དང་བསྲེ་བའི་གནད་སྙིང་ཁའི་འཁོར་ལོ་དང༌། རྨི་ལམ་དང་བསྲེ་བའི་གནད་མགྲིན་པའི་འཁོར་ལོ་ན་ཡོད་པར་བཤད་ནས། ཇི་ལྟར་བསྲེ་བའི་ཚུལ་གསལ་བར་མ་བཤད་དེ། མན་ངག་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་དུའོ། །དེ་ལྟར་བཤད་


JLD008_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་རྨི་ལམ་རླུང་སྟོབས་ཀྱིས་འཛིན་པ་དང་འདུན་པའི་སྟོབས་ཀྱིས་འཛིན་པའི་ཁྱད་པར་རྣམས་ཕྱེད་དགོས་སོ། །གཞུང་དེ་རྣམས་ལ་བརྟེན་ནས། སྒྱུ་མ་གསུམ་རྒྱུད་ཀྱི་གཞུང་གསུམ་དང༌། སྒྱུ་མ་བཙན་ཐབས་དང་བཞིར་བྱས་པའི་དང་པོ་མཉམ་གཞག་སྒྱུ་མ་ལ་འཆད་ཚུལ་སྣ་ཚོགས་ཤིག་སྣང་ཡང༌། སྔར་བཤད་པ་ལྟར་རླུང་སེམས་ཙམ་ལས་གྲུབ་པའི་སྐུ་ལ་བྱ་དགོས་སོ། །སྒྱུ་མ་བཙན་ཐབས་ནི་རྨི་ལམ་སྒྱུ་མའི་ནང་ཚན་ནོ། །སྒྱུ་ལུས་ཀྱི་མན་ངག་ཏུ་བཤད་པའི་བར་དོ་སྒྱུ་མ་དང་བསྲེ་བ་ལ་ནི། བར་དོའི་སྔོན་དུ་འོང་བའི་འཆི་བའི་སྟོང་པ་རྣམས་དང་བསྲེ་དགོས་པ་གདམས་ངག་རྣམས་ཀྱི་དོན་དུ་ཡང་སྣང་ལ། དེ་ལྟར་དགོས་པའང་ཡིན་པས། འཆི་བའི་འོད་གསལ་དང་བསྲེ་བའི་མན་ངག་བཙན་ཐབས་སངས་རྒྱས་སོགས་ཀྱང་བར་དོ་སྒྱུ་མའི་མན་ངག་གི་ཡན་ལག་ཏུ་བྱའོ། །རྨི་ལམ་གྱི་ལུས་སྒྱུ་ལུས་བཞིན་དུ་ལྡང་བ་ལ་དེའི་སྔོན་དུ་སེམས་དབེན་དང་འདྲ་བའི་སྟོང་པ་གསུམ་སྐྱེད་དགོས་ལ། དེ་ལ་རྨི་ལམ་གྱི་སྔ་རོལ་གྱི་གཉིད་ཀྱི་སྟོང་པ་བཞི་འཛིན་པའི་གཉིད་ཀྱི་འོད་གསལ་སྔོན་དུ་བཏང་དགོས་པས། སྙིང་ཁར་མི་ཤིགས་པ་ལ་བརྟེན་ནས་མ་རིག་པ་རྩད་ནས་གཅོད་པ་སོགས་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་རྣམས་ཀྱང་རྨི་ལམ་སྒྱུ་མའི་མན་ངག་གི་ཡན་ལག་ཏུ་བྱའོ། །དེས་ན་དོན་ལྔ་མར་རྨི་ལམ་གྱི་སྔོན་དུ་གཉིད་ཀྱི་སྟོང་པ་བཞི་བཟུང་བའི་མཐར་རྨི་ལམ་ལ་འཇུག་པར་བཤད་པ་ལེགས་ལ། མགྲིན་པའི་པད་འདབ་ཀྱི་ཡི་གེ་བཞི་ལ་རིམ་པ་བཞིན་དུ་དམིགས་ནས། གཉིད་ཀྱི་སྟོང་པ་བཞི་འཛིན་ཞེས་


JLD008_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ལུགས་འདིའི་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་གཞན་དང་མི་མཐུན་ཞིང་མི་རིགས་སོ། །གཉིད་དང་འཆི་བའི་འོད་གསལ་འཛིན་པ་རྣམས་འོད་གསལ་འཛིན་པའི་གདམས་པ་ཡིན་པས། རིམ་པ་བཞི་པའི་མན་ངག་ཏུ་བྱ་དགོས་ཀྱི། རིམ་པ་གསུམ་པའི་མན་ངག་མིན་ནོ་སྙམ་དུ་མི་བཟུང་སྟེ། སྒྱུ་ལུས་མན་ཆད་དུ་དེ་འདྲ་བའི་དཔེའི་འོད་གསལ་དུ་མ་ཞིག་འོང་ཕྱིར་རོ། །དེས་ན་བཤད་པའི་སྐབས་སྒྱུ་ལུས་ཀྱི་སྐབས་སུ་བྱུང་བས་དེར་བསྡུས་ཀྱི། དོན་དབང་བཙན་བྱས་ན་དབེན་པ་གསུམ་གའི་སྐབས་དང་འབྲེལ་ས་ཡོད་དོ། །རྩ་ཚིག་ལས། ལམ་མྱུར་གཅོད་པ་འཕོ་བ་སྟེ། །གྲོང་དུ་འཇུག་པ་ཡན་ལག་གོ། ཞེས་འབྱུང་བའི་མན་ངག་ཏུ་བྱས་ནས་སྦྱར་བའི་སྐུ་གསུམ་གྱི་འཕོ་བའི་ཆོས་སྐུ་དང༌། ལོངས་སྐུའི་འཕོ་བ་ནི་མིང་འཕོ་བར་བཏགས་ཀྱང༌། དོན་འཆི་བ་དང་བར་དོ་དང་བསྲེ་བའི་ནང་དུ་འདུ་བས་ཟུར་དུ་མ་བཤད་ཀྱང་ཆོག་པར་སྣང་ངོ་། །སྤྲུལ་སྐུའི་འཕོ་བ་དང༌། བཙན་ཐབས་ཀྱི་འཕོ་བ་དང༌། གསེབ་ལམ་གྱི་འཕོ་བ་གསུམ་ནི། འཕོ་བ་མང་ཉུང་མི་འདྲ་ཙམ་གསུམ་དུ་སྣང་ལ། གསེབ་ལམ་གྱི་མན་ངག་ལྷག་མ་རྣམས་ཀྱང་འཆི་བ་དང་བསྲེ་བ་དང་བར་དོ་དང་བསྲེ་བའི་ཁོངས་སུ་འདུས་ཀྱི་ནུས་པ་ལྷག་པོ་མི་སྣང་ངོ་། །གྲོང་འཇུག་གི་མན་ངག་སྦྱང་བ་ལ་ནི་སྔོན་དུ་གྲོང་འཇུག་ནུས་པའི་རླུང་གི་ནུས་པ་ཇི་ཙམ་ཞིག་ཐོབ་པའི་སྦྱོང་ཚུལ་མི་སྣང་བས་དེ་ཟུར་ནས་བཙལ་དགོས་པར་སྣང་ངོ་། །


JLD008_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཚིག་ལས། གཏུམ་མོའི་རྣལ་འབྱོར་རླུང་གིས་ཏེ། ། བདེ་ཆེན་སེམས་ལ་དམིགས་པའོ། །རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱང༌། །བར་དོ་རྣམ་གསུམ་བསྲེ་བར་བྱ། །ཉོན་མོངས་ཡེ་ཤེས་ལམ་དུ་འགྱུར། །ཞེས་སོགས་བཤད་པ་མན་ངག་ཏུ་བྱས་ནས་གཏུམ་མོ་སྒོམ་པ་རིམ་ལྔ་དང་སྦྱར་བ་བྱས་སོ། །དེའི་དོན་ནི་རྡོར་བཟླས་ཀྱི་རླུང་གི་རྣལ་འབྱོར་གྱིས་སེམས་དམིགས་འདྲེན་པའི་དོད་གཏུམ་མོའི་རྣལ་འབྱོར་དང༌། རྡོར་བཟླས་ཀྱིས་དྲངས་པའི་སེམས་དམིགས་ཀྱི་དོད་གཏུམ་མོ་ལ་བརྟེན་ནས་དགའ་བཞི་སྐྱེས་པ་ལ་བྱས་ནས། རིམ་པ་ལྷག་མ་གསུམ་ཕ་རྒྱུད་ནས་འབྱུང་བ་མ་རྒྱུད་ཀྱི་གཏུམ་མོའི་ལམ་ལ་སྣོན་པའི་དོན་དུ་འདུག་གི། ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་སྦྱར་བ་རྡོར་བཟླས་དང༌། ལྟེ་བར་དམིགས་ཤིང་ཉམས་བདེ་བ་སེམས་དམིགས་དང༌། བདེ་དྲོད་ཉམས་སུ་མྱོང་ཡང་ཞེན་པ་མེད་པ་སྒྱུ་ལུས་དང༌། སྒྱུ་མ་ཙམ་དུ་ཡང་མི་དམིགས་པ་འོད་གསལ་དང༌། བདེ་སྟོང་གཉིས་མེད་དུ་ཤར་བ་ཟུང་འཇུག་ཡིན་ཞེས་པ་དོན་དུ་མ་མཐོང་ངོ་། །དེ་ལྟར་ན་གཏུམ་མོ་ནི་མ་རྒྱུད་ཀྱི་གདམས་ངག་ཡིན་ལ། ཕ་རྒྱུད་ཁ་ཅིག་ལས་ཀྱང་འཕོ་བ་དང་གྲོང་འཇུག་གི་རྣམ་གཞག་ཅུང་ཟད་བཤད་ཀྱང༌། རྣམ་ཤེས་འདོན་པའི་དམིགས་པ་ཞིབ་ཏུ་བཤད་པ་མེད་པས། སྔར་བཤད་པའི་འཕོ་བ་དང་གྲོང་འཇུག་གི་མན་ངག་རྣམས་ནི་མ་རྒྱུད་ལ་བརྟེན་པའོ། །ཕ་རྒྱུད་ཀྱི་རིམ་ལྔ་བཤད་པའི་སྐབས་སུ་མ་རྒྱུད་ཀྱི་གཏུམ་མོ་སྒོམ་པ་ལ་རིམ་ལྔ་སྦྱར་བ་ནི། རིམ་ལྔ་དངོས་དང་དེའི་དོད་ཐུབ་ཀྱི་ལམ་དུ་རྒྱུད་གཉིས་ཀྱི་རྫོགས་རིམ་ཀུན་


JLD008_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བར་བསྟན་པའི་ཕྱིར་ཡིན་ལ། མ་རྒྱུད་ཀྱི་འཕོ་བ་དང་གྲོང་འཇུག་འདིར་བསྟན་པ་ནི་ཕ་རྒྱུད་ཀྱི་གདམས་ངག་ལ་ཡང་དགོས་པར་སྟོན་པའོ། །བསྲེ་བ་དྲུག་གི་གཉིད་དང་རྨི་ལམ་དང་བསྲེ་བ་དང་འཆི་བ་དང་བར་དོ་དང་བསྲེ་བ་བཞི་ནི་བསྲེ་བ་དེ་བཞིའི་གདམས་ངག་སྔར་བཤད་པ་དེ་རྣམས་ཀྱི་ནང་དུ་འདུས་པས་ལོགས་སུ་མ་བཤད་ཀྱང་ཆོག་པར་སྣང་ལ། འདིའི་གཉིད་དང་འཆི་བ་དང་བསྲེ་བ་དང༌། གསེབ་ལམ་གྱི་འཆི་ཁའི་གདམས་ངག་ཡེ་ཤེས་ངོ་སྤྲོད་ཅེས་པའི་ཕྱག་རྒྱ་བཞི་ལྡན་ལ་ནི། རླུང་གི་སྟོབས་ཀྱིས་བསྲེ་བའི་སྔགས་ཀྱི་ལམ་ཐུན་མོང་མིན་པ་དང་། ཏིང་ངེ་འཛིན་ཐུན་མོང་བའི་རྣམ་གཞག་གཉིས་ཕྱེད་དགོས་པར་སྣང་ངོ་། །སྙོམས་འཇུག་དང་བདེ་སྟོང་བསྲེ་བ་དང༌། ལོངས་སྤྱོད་དང་བདེ་སྟོང་བསྲེ་བ་ཞེས་པ་ལ་ཡང་ནུས་པ་ལྷག་པོ་མི་སྣང་ངོ་། །འཁོར་བ་ལྡོག་འཇུག་ལ་བརྟེན་ནས་མ་རིག་པ་རྩད་ནས་གཅོད་པ་དང༌། འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་གཉིས་ཀྱི་མན་ངག་གི་གཞི་ནི་རྩ་ཚིག་ལ་མེད་ལ། སྔ་མ་ནི་སྒྱུ་ལུས་ཀྱི་མན་ངག་གི་ཡན་ལག་དང་ཕྱི་མ་ནི་བསྐྱེད་རིམ་དང་བཅས་པའི་རིམ་པ་དྲུག་གིས་སྐུ་བཞི་གང་འགྲུབ་སྟོན་པས་རིམ་པ་རྣམས་ཀྱི་འབྲས་བུའོ། །རིམ་པ་ཐ་མ་གཉིས་ནི་རྩ་ཚིག་ལས། རང་བཞིན་ཤེས་པའི་བསམ་གཏན་ལས། །ཐབས་ལས་མ་བསྐྱེད་ཏིང་ངེ་འཛིན། །རང་གསལ་ངོ་བོ་མི་རྟོག་པ། །འོད་གསལ་དོན་དམ་རིམ་པའོ། །བསམ་གཏན་མེས་སྦྱངས་ལྷ་ཡི་སྐུ། །རང་བྱུང་ཡེ་ཤེས་དག་པའི་ལུས། །


JLD008_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་གཞི་སྦྱོང་བྱེད་བྲལ་བར་གནས། །ཟུང་དུ་འཇུག་པའི་རིམ་པའོ། །ཞེས་དང༌། ཕྱི་ནང་མངོན་པར་བྱང་ཆུབ་ཚུལ། །རྣལ་འབྱོར་ཐོབ་པས་བསམ་གཏན་གནས། །འཇུག་དང་འབྱུང་བ་མ་བརྟགས་པར། །སྤྱོར་ཚུལ་ཡེ་ཤེས་དེས་འཐོབ་བོ། །ལྟ་དང་ཉམས་མྱོང་ལུས་དང་ངག །བསམ་གཏན་མཉམ་རྗེས་སྤྱོད་པ་དང༌། །སློབ་དང་མི་སློབ་གཉིས་མེད་ཅིང༌། །རབ་ཏུ་མི་གནས་ཟུང་དུ་འཇུག །ཅེས་ཕྱི་ནང་གི་བྱང་ཆུབ་པ་གཉིས་དང༌། དེ་འདྲེན་པའི་རྣལ་འབྱོར་གྱི་མན་ངག་ཐོབ་པས། བསམ་གཏན་གཉིས་ལ་གནས་ནས་སྤྱོད་པའི་ཚུལ་དེས་འོད་གསལ་གྱི་ཡེ་ཤེས་ཐོབ་པ་དང༌། སྒྱུ་ལུས་འོད་གསལ་གྱི་བསམ་གཏན་གྱི་མེས་སྦྱངས་པའི་དག་པའི་ལྷ་སྐུ་རང་བྱུང་གི་ཡེ་ཤེས་ལུས་རགས་པ་ལས་ལོགས་སུ་ཕྱེ་བ་ཟུང་འཇུག་ཏུ་བསྟན་ཏེ། ཡབ་སྲས་ཀྱི་གཞུང་དང་ཤིན་ཏུ་མཐུན་པས་དེ་ལྟར་བྱ་དགོས་སོ། །ཐབས་ལས་མ་བསྐྱེད་པ་ནི་འབྱུང་འཇུག་མ་བརྟགས་པར་ཐོབ་པའི་དོན་ཡིན་ལ། དེ་ནི་དོན་གྱི་འོད་གསལ་མངོན་དུ་བྱེད་པའི་སྐབས་སུ་སྣ་བུག་གི་རླུང་གི་འབྱུང་འཇུག་མ་བརྟགས་པའམ། ཡང་ན་ལུགས་མཐུན་དུ་འཇུག་པ་དང་ལུགས་བཟློག་ཏུ་འབྱུང་བ་བློས་བརྟགས་ནས་འཐོབ་པ་མིན་པའོ། །ལྟ་དང་ཞེས་སོགས་ནི་གཉིས་ཆོས་སུ་འབྱེད་པའི་བདེན་འཛིན་གྱི་རྟོག་པ་རྣམས་ཟད་ནས། རྟོག་པ་དེ་དག་གིས་མི་ཕྱེད་པའི་གཉིས་མེད་ཀྱི་ཟུང་འཇུག་ཏུ་སོང་བ་རིམ་ལྔ་ལས་མང་དུ་གསུངས་པའོ། །རྩ་ཚིག་ཏུ་རྒྱུད་ཕྱི་མ་ལས་གསུངས་པའི་ཡན་ལག་དྲུག་གི་དབྱེ་བ་ཙམ་ཞིག་བཤད་


JLD008_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དེ་དང་རིམ་པ་དྲུག་པོ་དོན་གཅིག་ཏུ་བཤད་དགོས་པའི་དོན་ནོ། །དེ་ལྟར་ན་རིམ་ལྔའི་གདམས་ངག་ཆེ་བ་བཞི་ཁྲིད་རིམ་གཅིག་ཏུ་དྲིལ་ནས་ཆུང་བ་བཞི་དང༌། མ་རྒྱུད་ཀྱི་གདམས་ངག་རྣམས་མ་གཏོགས་པའི་ཁ་འཐོར་བ་རྣམས་གཅིག་ཏུ་དྲིལ་བ་དེའི་ཐད་ཀ་གང་དུ་འོང་ལེགས་པར་བསྒྲིགས་ནས། ཁྲིད་ཡིག་གཅིག་ཏུ་བྱས་ན་ཤིན་ཏུ་ལེགས་པར་སྣང་ལ། དེ་ལྟར་བྱས་པའི་ཚེ་གདམས་ངག་གི་ཡི་གེ་རྣམས་ལ་ཕན་ཚུན་མི་མཐུན་པ་འགའ་རེ་སྣང་བ་རྣམས་གང་ལ་ཚད་མར་བྱ་རྒྱུ་ཡིན་དང༌། རྩ་ཚིག་དང་ཡབ་སྲས་ཀྱི་གཞུང་དང་འགལ་བའི་མ་དག་པ་ཐན་ཐུན་སྣང་བ་རྣམས་ལེགས་པར་དཔྱོད་པ་དང༌། ཐན་ཐུན་འགའ་ཞིག་མ་གཏོགས་པ་རྣམས་རྩ་ཚིག་གི་དོན་ཉིད་དུ་སྣང་ཞིང༌། དེ་རྣམས་རྩ་བཤད་ཀྱི་རྒྱུད་དང་ཡབ་སྲས་ཀྱི་གཞུང་རྩོད་མེད་རྣམས་དང་གཏུགས་ཏེ་གསལ་དུ་བཏང་ནས། རྩ་ཚིག་གི་སྟེང་ནས་ཁྲིད་ཡིག་གཅིག་ཏུ་བྱས་ན། སྔོན་གྱི་གདམས་ངག་རྙིང་པ་རྣམས་ཁ་མི་འཐོར་བར་རིང་དུ་གནས་པ་དང༌། མར་ལུགས་ཀྱི་གདམས་ངག་གི་གནད་ཐམས་ཅད་རྫོགས་ཤིང༌། རིམ་ལྔའི་གདམས་ངག་ཆུང་བ་རྣམས་ཀྱི་གནད་ཀྱང་ལྷག་དང་བཅས་པ་ཚང་བ་ཅིག་འོང་བས་རིམ་ལྔའི་ཁྲིད་ཡིག་རྒྱས་པ་གཅིག་ཏུ་བསྒྲིག་པར་བྱའོ། །མར་ལུགས་ཀྱི་འདུས་པའི་གདམས་ངག་ཐོར་བུ་བ་རྣམས་ཁྲིད་ཡིག་གཅིག་ཏུ་སྒྲིགས་ལུགས་བསྟན་པའོ།། ༈ །།རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །


JLD008_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་པའི་རིམ་པ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ལ་གཉིས། གདམས་ངག་གི་སྔོན་དུ་འགྲོ་བ་དང༌། གདམས་པ་དངོས་སོ། །དང་པོ་ལ་གཉིས། སྤྱིའི་སྔོན་འགྲོ་དང༌། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱོང་བ་དང༌། རྣམ་པར་དག་པའི་དབང་རྫོགས་པས་སྣོད་རུང་དུ་སྒྲུབ་པ་དང༌། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་བྱེད་པ་ནི། རྫོགས་རིམ་གྱི་སྔོན་འགྲོའི་མཆོག་ཏུ་ཤེས་པར་བྱས་ལ། ཉམས་འོག་ཏུ་ཆུད་པར་བྱའོ། །དེ་ནས་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་ཡིན་ན། མཚམས་འདི་ནས་ལུས་དབེན་ཉིད་ལ་འདྲིལ་བ་ཡིན་ལ་དེ་ལྟ་མིན་ན་བསྐྱེད་རིམ་རྒྱས་བསྡུས་གཉིས་གཞན་དུ་བཤད་པ་བཞིན་དུ་གང་རུང་རེ་སྒོམ་པ་སྔོན་དུ་བཏང་ཡིན་བྱ། ལམ་ཐུན་མོང་བའི་དལ་འབྱོར་ཐོབ་པ་དོན་ཆེ་བ་དང༌། ཤིན་ཏུ་རྙེད་དཀའ་བའི་ཚུལ་བསྒོམས་ལ་སྙིང་པོ་ལེན་འདོད་ཆེན་པོ་བསྐྱེད། དལ་འབྱོར་ཐོབ་པ་མྱུར་དུ་འཇིག་པའི་འཆི་བ་རྗེས་སུ་དྲན་པ་དང༌། ཤི་ནས་ངན་འགྲོར་ལྷུང་ན་ཇི་ལྟར་འགྱུར་གྱི་ངན་འགྲོའི་སྡུག་བསྔལ་བསམས་ལ། ཆོས་མིན་པ་བྱ་རྒྱུ་མེད་པར་ཐག་བཅད་ཅིང་འཇིགས་པ་དྲན་པས་རྒྱུ་བྱས་པའི་སྐྱབས་སུ་འགྲོ་བ་རྒྱུད་དང་འདྲེས་ངེས་པ་དང༌། དགེ་སྡིག་ལས་བདེ་སྡུག་འབྱུང་བའི་ལས་འབྲས་ལ་ངེས་པ་བརྟན་པོ་བསྐྱེད། འཁོར་བ་མཐའ་དག་གི་ཉེས་དམིགས་བསམས་ལ་སྲིད་པ་ལས་ངེས་པར་འབྱུང་འདོད་དྲག་པོ་བསྐྱེད། རང་ཉིད་སྲིད་མཚོར་ལྷུང་བ་བཞིན་དུ་སེམས་ཅན་རྣམས་ཀྱང་དེ་དང་


JLD008_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་བལྟ་ཞིང༌། དེ་རྣམས་ཀྱང་རང་གི་མ་ཡིན་པ་དང༌། མ་བྱས་རེས་ཀྱིས་ཕན་པ་བསྒྲུབས་ཤིང༌། གནོད་པ་བསལ་བའི་དྲིན་ཆེ་བ་དང༌། དེ་ལ་ལན་དུ་ཕན་འདོགས་པའི་དྲིན་དུ་གཟོ་བའི་བློ་བརྟན་པོ་བསྐྱེད་ནས། དེ་ནས་དེ་རྣམས་བདེ་བས་ཕོངས་པའི་ཕོངས་ལུགས་དང་སྡུག་བསྔལ་གྱིས་མནར་བའི་མནར་ལུགས་རྣམས་བསམས་པ། དེ་རྣམས་ཅི་ནས་ཀྱང་བདག་གིས་བདེ་བ་མཐའ་དག་ལ་དགོད་པ་དང་སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་བསྐྱེད། དེ་ནས་དོན་དེ་གཉིས་རྫོགས་པར་སྒྲུབ་པ་ནི་སངས་རྒྱས་ཉག་གཅིག་ཏུ་མཐོང་ནས། དེ་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློའི་འགྱུར་བ་དྲག་པོའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད། དེ་འདྲ་བའི་སངས་རྒྱས་ཐོབ་པའི་དོན་དུ་ལམ་འདི་དང་འདི་ལ་བསླབ་པར་བྱའོ་སྙམ་པའི་ལམ་ལ་བརྟེན་པའི་ཡི་དམ་བརྟན་པོ་ཡང་དང་ཡང་དུ་བྱའོ། །གཉིས་པ་ལ་གཉིས། སྡིག་སྒྲིབ་དག་པར་བྱ་བའི་ཕྱིར་རྡོ་རྗེ་སེམསདཔའི་བསྒོམ་བཟླས་བྱ་བ་དང༌། བྱིན་རླབས་འཇུག་པར་བྱ་བའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམས་ནས་མཆོད་པའོ། །དང་པོ་ནི་སྙིང་པོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་ཤིང༌། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང༌། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་


JLD008_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་ཐུན་མཚམས་སུ་རྡོར་སེམས་བསྒོམས་ནས་ཡིག་བརྒྱ་ཉེར་གཅིག་རེ་མ་ཆག་པར་བཟླས་ན་ལྟུང་བ་མི་འཕེལ་བ་དང༌། འབུམ་ཕྲག་གཅིག་བཟླས་ན་ཉེས་པ་རྣམས་འདག་པར་གྲུབ་པ་མཆོག་བརྙེས་པ་རྣམས་ཀྱིས་གསུངས་པས་དེ་ལྟར་བྱའོ། །ཞེས་གསུངས་པ་བཞིན་དུ་དགོས་པ་དེ་གཉིས་ཀྱི་ཕྱིར་དུ་རྡོར་སེམས་ཀྱི་བསྒོམ་བཟླས་བྱའོ། །འདི་ལ་རང་ཉིད་རྡོར་སེམས་སུ་བསྒོམས་ནས་བྱས་པས་ཆོག་མོད་ཀྱང༌། བླ་མ་རྣམས་ཀྱི་ཕྱག་བཞེས་ལ་སྤྱི་བོར་བསྒོམས་ནས་མཛད་པས་དེ་ལྟར་བྱ་བའི་རིམ་པ་ནི། རང་གི་སྤྱི་བོར་པཾ་ལས་པད་མ་དཀར་པོ། ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྐུ་མདོག་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། མཚན་དང་དཔེ་བྱད་དང་ལྡན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་བསྐྱེད་ལ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ་བསམ། དེ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་མཆོད་པ་ལྔས་མཆོད། ཛཿ་ཧཱུཾ་བཾ་ཧོཿ དགུགས་གཞུག་བཅིང་མཉེས་པར་བྱ། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་བསྐུར་གྱི་ལྷ་རྣམས་སྤྱན་དྲངས་པ་ལ་མཆོད་ནས། དེ་


JLD008_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད༌། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་པས་དབང་བསྐུར་ལུས་ཡེ་ཤེས་ཀྱི་བདུད་རྩིས་གང༌། མི་བསྐྱོད་པས་དབུ་བརྒྱན་པར་བསམ། དེ་ནས་སྒོ་གསུམ་གུས་པ་ཆེན་པོས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་བྱས། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། ཐུགས་ཀའི་ཧཱུཾ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ཧཱུཾ་གི་མཐའ་མར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་བ། སུ་ཏོ་ཤྱོ་མེ་བྷ་བ། སུ་པོ་ཤྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀ་རྨ་སུ་ཙ་མེ། ཙི་ཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུ་ཉྩ། བཛྲི་བྷ་བ་མཧཱ་ས་མ་ཡ་


JLD008_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སཏྭ་ཨཱཿ་ཧཱུཾ་ཕཊ། ཅེས་པ་བསྐོར་བ་ལ་དམིགས་ཏེ་བཟླས་པས་ཡིག་འབྲུ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བསྡུས་ནས་ཡིག་འབྲུ་ལ་ཐིམ་པས། ཡིག་འབྲུ་ལས་བདུད་རྩིའི་རྒྱུན་དཀར་པོ་བྱུང༌། ཡབ་ཡུམ་གྱི་སྦྱོར་མཚམས་ལས་བབས་ནས། རང་གི་སྤྱི་བོ་ཚངས་པའི་བུ་གནས་ཞུགས་ཏེ་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ནག་ཕུངས་ཀྱི་འཐོན། སྡིག་སྒྲིབ་སངས་ཀྱིས་དག། །ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་གང༌། རྟོགས་པ་དང་ཡོན་ཏན་བདག་གཞན་ཐམས་ཅད་ལ་སྐྱེས་པར་བསམ་ཞིང་བཟླས་སོ། །ཐུན་འཇོག་ཁར་སྟོབས་བཞིའི་བཤགས་པ་བྱས་ལ། སྡིག་སྒྲིབ་ཀྱི་འཁོར་གསུམ་མི་དམིགས་པར་བསྒོམ་ཞིང༌། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང༌། དམ་ཚིག་ཉམས་ཆགས་ཐམས་ཅད་དག་གོ། ཞེས་གསུང་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམས་ལ། དགེ་བའི་རྩ་བ་བསྔོ་བ་དང་སྨོན་ལམ་གདབ་བོ། །གཉིས་པ་ལ་གཉིས། ཚོགས་ཀྱི་ཞིང་དུ་བླ་མ་བསྒོམ་པ་དང༌། དེ་ལ་


JLD008_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ནས་གསོལ་བ་གདབ་པའོ། །དང་པོ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་ན་པདྨ་དང་ཉི་མའི་གདན་ལ། ངོ་བོ་རང་གི་བླ་མ་ལ་རྣམ་པ་རིགས་དྲུག་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པའམ། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པས། རང་དང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ། ལྷ་རྫས་ཀྱི་གོས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཅན་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འོད་ཟེར་རྣམ་པ་ལྔ་རབ་ཏུ་འབར་བར་བསྒོམ། བསྡུ་ན་དེས་ཆོག །རྒྱས་པར་བྱེད་ན་བཤད་རྒྱུད་ལས་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་དཀྱིལ་འཁོར་པའི་ལྷ་ཚོགས་འགོད་པར་གསུངས་པའི་དོན་ལུས་དཀྱིལ་བཞིན་དུ་བསྒོམས་པའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ་དམར་པོ། སྙིང་ཁར་ཉི་མ་ལ་ཧཱུཾ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་བསྒོམ། ཧཱུཾ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་འཆང་ནས་བཟུང་སྟེ་བླ་མ་བརྒྱུད་པ་རྣམས་དང༌། ཡི་དམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་བསྟིམས་ལ། སྔོན་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །ཅེས་གསུངས་པ་ལྟར་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བསྒོམ། རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུངས་པ་ལྟར་རང་ལ་ཕན་འདོགས་པའི་ཞིང་དུ་


JLD008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོ་རྗེ་འཆང་ལས་ཀྱང་ཆེས་ལྷག་པ་ཡིན་སྙམ་དུ་བསམ། ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས་པ་ལྟར་ཡང་དག་པའི་གདམས་ངག་གི་དོན་སྟོན་པའི་བླ་མ་སློབ་མས་མཆོད་པའི་དུས་སུ། སངས་རྒྱས་རྣམས་བྱོན་ཏེ་བླ་མའི་ལུས་ལ་ཞུགས་ཏེ་མཆོད་པ་བཞེས་ནས་སློབ་མའི་རྒྱུད་དག་པར་བྱེད་ལ། མཆོད་པ་གཞན་གྱི་ཚེ་རང་གིས་སངས་རྒྱས་ལ་བཏང་བའི་བསོད་ནམས་འཐོབ་ཀྱང༌། སངས་རྒྱས་ཉིད་ཀྱིས་དེ་ལྟར་བཞེས་པའི་ངེས་པ་མེད་པའི་ཚུལ་ཤེས་པར་བྱས་ལ། མཆོད་པའི་ཞིང་གོང་ན་མེད་པའི་ངེས་པ་བསྐྱེད། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌། སྒྱུ་འཕྲུལ་དྲ་བ་ལས། རྟག་ཏུ་བླ་མ་ལ་གུས་པའི། །སློབ་མས་བླ་མ་འདི་ལྟར་བལྟ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང༌། །དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུའི་རིན་ཆེན་སྦྱིན། །དེ་ཡི་ཡོན་ཏན་ཐམས་ཅད་བཟུང༌། །སྐྱོན་ཀུན་སེམས་ཀྱིས་ཀྱང་མི་བསམ། །ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །སྐྱོན་གྱིས་དངོས་གྲུབ་ཉམས་པར་བྱེད། །ཅེས་གསུངས་པ་ལྟར་དེ་བཞིན་གཤེགས་པ་རིགས་དྲུག་གི་ངོ་བོར་བལྟས་ལ། སྐྱོན་རྟོག་པའི་བློ་ལ་སྡོམ་སེམས་མང་པོ་དང༌། ཡོན་ཏན་རྣམས་བརྟགས་ནས་དེ་ལ་དམིགས་པའི་དད་པ་སྦྱོང་བ་མང་དུ་བྱ་སྟེ། སྐྱོན་གྱི་ངོས་ནས་བརྟགས་ན་དངོས་གྲུབ་ཀྱི་གེགས་བྱེད་ལ། ཡོན་ཏན་གྱི་ངོས་ནས་


JLD008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ན་དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱིར་རོ། །དེ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་བླ་མ་དེ་ཉིད་ལ་དམིགས་པའི་དད་པ་དང༌། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པ་ཆེན་པོ་མང་དུ་སྦྱང་ངོ་། །གཉིས་པ་ནི། རིམ་ལྔ་ལས། མཆོད་པ་ཐམས་ཅད་རྣམས་སྤངས་ནས། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །ཅེས་གསུངས་པ་ལྟར་མཆོད་པ་ཀུན་གྱི་ནང་ནས་བླ་མ་ལ་མཆོད་པ་ཉིད་ལྷུར་བླང་བའི་ཚུལ་ལ་ངེས་པ་དྲག་པོ་བསྐྱེད་ནས་བླ་མ་ལ་མཆོད་པར་བྱའོ། །དེ་ཡང་རྩ་རྒྱུད་ལེའུ་བརྒྱད་པ་ལས། ཞིང་འདི་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་ལ་སོགས་པའི་ཕྱི་ནང་གི་མཆོད་པས་བླ་མ་ལ་མཆོད་པར་གསུངས་པ་བཞིན་བྱ་བ་ལ་མཎྜལ་གྱི་མཆོད་པ་ནི། ས་འམ་རིན་པོ་ཆེ་ལ་སོགས་པའི་མཎྜལ་བ་བྱུང་གིས་བྱུགས་པ་ལ། དྲི་བཟང་དང་བདུད་རྩི་ལྔ་དང་བཅས་པའི་ཆུས་བྱུག་ཅིང༌། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུཾ། ཞེས་པས་དབང་ཆེན་གསེར་གྱི་ས་གཞི་དང༌། ཨོཾ་བཛྲ་རེ་གེ་ཨཱཿཧཱུཾ། ཞེས་པས་ལྕགས་རིའི་མུ་ཁྱུད། དྲི་བཟང་དང་བཅས་པའི་བདུད་རྩི་ལྔས་སྦགས་པའི་མེ་ཏོག་གི་ཚོམ་བུ་དབུས་སུ་འགོད་ཅིང༌། ཨོཾ་ཧཾ་སུ་མ་དྷེ་མཻ་ར་ཝེ་ནཱ་མ། ཞེས་པས་དབུས་སུ་རི་རབ། ཤར་དུ་མེ་ཏོག་འགོད་ཅིང༌། ཨོཾ་ཡཾ་པཱུ་རྦ་བི་དེ་ཧཱ་ཡ་ནཱ་མ། ཞེས་པས་ཤར་ལུས་འཕགས། ལྷོར་འགོད་ཅིང༌།


JLD008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་རཾ་ཛམྦུ་དྭཱི་པཱ་ཡ་ན་མ། ཞེས་པས་ལྷོ་འཛམ་བུ་གླིང༌། ནུབ་ཏུ་འགོད་ཅིང༌། ཨོཾ་ལཾ་ཨ་པ་ར་གཽ་ཙ་རྱ་ནཱ་མ། ཞེས་པས་ནུབ་བ་ལང་སྤྱོད། བྱང་དུ་འགོད་ཅིང༌། ཨོཾ་ཝཾ་ཨུད་ཏ་ར་ཀུ་ར་ཝེ་ནཱ་མ། ཞེས་པས་བྱང་སྒྲ་མི་སྙན། ཤར་གྱི་གཡས་གཡོན་གཉིས་སུ་འགོད་ཅིང༌། ཨོཾ་ཡཾ་ཨུ་པ་དྭཱི་པ་ཡ་ན་མ། ཞེས་པ་ལན་གཉིས་ཀྱིས་ལུས་དང་ལུས་འཕགས། ལྷོའི་གཡས་གཡོན་གཉིས་སུ་འགོད་ཅིང༌། ཨོཾ་རཾ་ཨུ་པ་དྭཱི་པཱ་ཡ་ནཱ་མ། ཞེས་པ་ལན་གཉིས་ཀྱིས་རྔ་རབ་དང་རྔ་ཡབ་གཞན། ནུབ་ཀྱི་གཡས་གཡོན་གཉིས་སུ་འགོད་ཅིང༌། ཨོཾ་ལཾ་ཨུ་པ་དྭཱི་པ་ཡ་ནཱ་མ། ཞེས་པ་ལན་གཉིས་ཀྱིས་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་གི་གཡས་གཡོན་གཉིས་སུ་འགོད་ཅིང༌། ཨོཾ་ཝཾ་ཨུ་པ་དྭཱི་པཱ་ཡ་ནཱ་མ། ཞེས་པ་ལན་གཉིས་ཀྱིས་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། དེ་ནས་གླིང་གི་ནང་གི་ཤར་དུ་འགོད་ཅིང་། ཨོཾ་ཡཾ་ག་ཛ་རཏྣ་ཡ་ནཱ་མ། ཞེས་པས་གླང་པོ་རིན་པོ་ཆེ། ལྷོར་འགོད་ཅིང་། ཨོཾ་རཾ་པུ་རུ་ཥ་རཏྣ་ཡ་ནཱ་མ། ཞེས་པས་ཁྱིམ་བདག་རིན་པོ་ཆེ། ནུབ་ཏུ་འགོད་ཅིང༌། ཨོཾ་ལཾ་ཨ་ཤྭ་རཏྣ་ཡ་ནཱ་མ། ཞེས་པས་རྟ་རིན་པོ་ཆེ། བྱང་དུ་འགོད་ཅིང༌། ཨོཾ་ཝཾ་སྟྲི་རཏྣ་ཡ་ནཱ་མ། ཞེས་པས་བཙུན་མོ་རིན་པོ་ཆེ། ཤར་ལྷོར་འགོད་ཅིང༌། ཨོཾ་ཡཾ་ཁཌྒ་རཏྣ་ཡ་ནཱ་མ། ཞེས་པས་དམག་དཔོན་རིན་པོ་ཆེ། ལྷོ་ནུབ་ཏུ་འགོད་ཅིང༌། ཨོཾ་རཾ་ཙཀྲ་རཏྣ་ཡ་ནཱ་མ། ཞེས་པས་འཁོར་ལོ་རིན་པོ་ཆེ། ནུབ་བྱང་དུ་འགོད་ཅིང༌། ཨོཾ་ལཾ་མ་ཎི་རཏྣ་ནཱ་མ། ཞེས་པས་ནོར་བུ་རིན་པོ་ཆེ། བྱང་ཤར་དུ་འགོད་ཅིང༌། ཨོཾ་ཝཾ་མ་ཧཱ་ནི་དྷི་རཏྣ་ཡ་ནཱ་ཡ། ཞེས་པས་


JLD008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་པོ། ནང་གི་ཤར་དུ་འགོད་ཅིང༌། ཨོཾ་སུ་རྱ་ཡ་ནཱ་མ། ཞེས་པས་ཉི་མ། ནང་གི་ནུབ་ཏུ་འགོད་ཅིང༌། ཨོཾ་ཙནྟྲཱཡ་ནཱ་མ། ཞེས་པས་ཟླ་བ་རྣམས་སོ་སོའི་རྣམ་པ་ཇི་བཞིན་དུ་གསལ་གདབ། རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བར་དམིགས་ཏེ། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་དེ་བླ་མ་ལ་དབུལ། མེ་ཏོག་སོགས་ཕྱི་དང་ནང་བདུད་རྩིའི་མཆོད་པ་དང་གསང་བའི་མཆོད་པས་ཀྱང་མཆོད། བསྟོད་པས་བསྟོད་ལ། བླ་མའི་སྤྱན་སྔར་སྤྱི་དང་ཁྱད་པར་གྱི་སྡོམ་པ་གཟུང་བར་བྱའོ། །དེ་ནས་གུས་པ་ཆེན་པོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བ་དང༌། དེ་དག་གི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་གསོལ་བ་བཏབ་པས་དགྱེས་ཏེ་བླ་མའི་གནས་གསུམ་གྱི་ཡི་གེ་ལས་རིམ་པ་བཞིན་དུ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་གནས་གསུམ་དུ་རིམ་པ་བཞིན་ཞུགས་པས། ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གསུམ་གྱིས་རིམ་པ་བཞིན་དུ་ཁེངས། སྒོ་གསུམ་གྱི་དྲི་མ་སྦྱངས། བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་རིམ་པ་བཞིན་ཐོབ། སྐུ་རྡོ་རྗེ་སོགས་གསུམ་གྱི་དངོས་གྲུབ་རིམ་པ་བཞིན་ཐོབ་པར་བསམ། དེ་ནས་སྐུའི་


JLD008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཐམས་ཅད་ལས་འོད་ཟེར་སྣ་ཚོགས་འཕྲོས། རང་གི་ལུས་ཀྱི་སྒོ་ཐམས་ཅད་ནས་ཞུགས་སྒོ་གསུམ་གྱི་སྒྲིབ་པ་ཕྲ་བ་དང་ཤེས་སྒྲིབ་སྦྱངས། དབང་བཞི་པ་ཐོབ། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དངོས་གྲུབ་ཐོབ་པར་བསམ་མོ། །ཡི་གེ་གསུམ་ནི་རྡོ་རྗེ་གསུམ་གྱི་མཚོན་བྱེད་ཡིན་ལ། དེ་གསུམ་གྱིས་སྒྲིབ་པ་གསུམ་སྦྱོང་བ་བཞིན་དུ། དབང་གསུམ་གྱིས་ཀྱང་སྦྱོང་བ་འདྲ་བ་ཙམ་དང༌། དོན་གྱིས་དབང་བཞི་པ་རྡོ་རྗེ་གསུམ་མི་ཕྱེད་པས་ཕྲ་བའི་སྒྲིབ་པ་སྦྱོང་བ་ལ་བསམས་ནས། སྔར་བཤད་པའི་དབང་བཞི་ཐོབ་པར་ཐ་སྙད་བྱས་པ་ཙམ་ཡིན་གྱི། དེས་དབང་དངོས་ཐོབ་པ་མིན་ནོ། །དེ་ནས་མདུན་གྱི་བླ་མ་རང་གི་སྤྱི་བོར་རྡོ་རྗེ་བསྡུ་པའི་སྔགས་རྒྱས་སམ་དམིགས་པས་སྤྱན་དྲངས་ཏེ་སྤྱི་བོ་ནས་བསྟིམ་པས། རང་གི་ལུས་ངག་ཡིད་གསུམ་དང༌། བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་བསམས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། དེ་རྣམས་ནི་ཐུན་སྔ་ཕྱིའི་བར་དང་ཐུན་འགོ་རྣམས་སུ་བྱའོ། །གཉིས་པ་གདམས་པ་དངོས་ལ་གསུམ། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ལ་གསུམ། ལུས་སེམས་ཀྱི་གཞི་སོ་སོའི་གནས་ཚུལ་དང༌། ཐུན་མོང་གི་གནས་ཚུལ་དང༌། ལུས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ལས་ལུས་ཀྱི་གནས་ཚུལ་རགས་པ་ནི། འབྱུང་བ་དང་འབྱུང་གྱུར་གྱིས་གཟུགས་ལུས་རགས་པ་འདིའོ། །ལུས་ཕྲ་བ་ནི། དེ་ལ་བརྟེན་པའི་གནས་པ་རྩ་བདུན་ཁྲི་ཉིས་སྟོང་དང༌། གཡོ་བ་རླུང་སྲོག་འཛིན་རགས་པ་དང་བཅས་པའི་བཅུ་དང༌། བཀོད་པ་བྱང་ཆུབ་ཀྱི་སེམས་


JLD008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དཀར་དམར་རོ། །ལུས་ཤིན་ཏུ་ཕྲ་བ་ནི། སྤྱིར་སྟོང་པ་བཞིའི་བཞོན་པའི་རླུང་དང༌། ཁྱད་པར་དུ་ཐམས་ཅད་སྟོང་པ་འོད་གསལ་གྱི་རླུང་ངོ་། །སེམས་ཀྱི་གནས་ཚུལ་ལ་རགས་པ་ནི། དབང་པོའི་ཤེས་པ་རྣམས་སོ། །ཕྲ་བ་ནི་ཀུན་རྟོག་བརྒྱད་ཅུ་དང་ཉོན་མོངས་སོགས་སོ། །ཤིན་ཏུ་ཕྲ་བ་ནི་སྤྱིར་སྟོང་པ་བཞིའི་སེམས་དང༌། ཁྱད་པར་དུ་ཐམས་ཅད་སྟོང་པའི་སེམས་སོ། །གཉིས་པ་ནི། རགས་པ་གནས་སྐབས་པའི་ལུས་དང༌། ཕྲ་བ་གཉུག་མའི་རླུང་གི་ལུས་གཉིས་ཀྱི་ནང་ནས་ཕྱི་མ་དང༌། ཡིད་ཀྱི་ཤེས་པ་གཉིས་མར་ལ་མར་བཅུག་པ་བཞིན་ངོ་བོ་དབྱེར་མེད་པར་འདྲེས་ནས་འཁོར་འདས་ཀྱི་བྱ་བ་ཀུན་རྫོགས་པར་བྱེད་པའོ། །གསུམ་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སོགས་པ་རྩ་འཁོར་གང་ན་ཡོད་པའི་དབུས་དང༌། ཨ་ཝ་དྷཱུ་ཏཱིའི་ཡར་སྣ་མར་སྣ་སོགས་ནི། ལུས་ལ་གནད་དུ་བསྣུན་པའི་ཐབས་ལམ་ཟབ་མོའི་གནད་དུ་བསྣུན་ས་ཡིན་ནོ། །མར་ལུགས་ཀྱི་གདམས་ངག་པ་ཀུན་གྱི་ལུགས་ཀྱིས་གང་དུ་དམིགས་པ་གཏོད་པའི་སྒོམས་ས་ཡུལ་གྱི་གནད་ཤེས་པའི་ཕྱིར་དུ། ལུས་ཀྱི་དངོས་པོའི་གནས་ཚུལ་གཏན་ལ་འབེབས་ཤིང༌། བསྒོམ་རྒྱུའི་དོན་གྱི་ངོ་བོ་ཤེས་པའི་ཕྱིར་དུ་སེམས་ཀྱི་དངོས་པོའི་གནས་ཚུལ་གཏན་ལ་འབེབས་པ་དང༌། དེ་ཡང་གཉིད་ལོག་པ་དང་སད་པའི་དུས་གཉིས་ལས། དང་པོའི་སྐབས་སུ་དགེ་སྦྱོར་སྐྱོང་བ་ལ་ནི་སྙིང་ག་དང་མགྲིན་པའི་གནད་ཤེས་དགོས་ཤིང༌། སད་པའི་སྐབས་སུ་གཏུམ་མོ་སྒོམ་པ་ལ་ནི་ལྟེ་བ་དང༌། ལས་རྒྱ་དང་སྙོམས་པར་འཇུག་པ་ལ་སྤྱི་བོའི་


JLD008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཤེས་དགོས་པར་འདོད་དེ། དུས་དེ་དག་གི་ཚེ་སེམས་ཀྱི་རྟེན་གྱི་ཐིག་ལེ་གནས་དེ་བཞིར་གནས་པར་འདོད་པའི་ལུགས་སོ། །འདི་ནི་དུས་འཁོར་གྱི་སྐོར་ནས་དཔྲལ་བ་དང་ལྟེ་བ་ན་སད་པའི་གནས་སྐབས་སྐྱེད་པ་དང༌། མགྲིན་པ་དང་གསང་གནས་ན་རྨི་ལམ་གྱི་གནས་སྐབས་དང༌། སྙིང་ག་དང་ནོར་བུ་ན་གཉིད་འཐུག་གི་གནས་སྐབས་དང༌། ལྟེ་བ་དང་གསང་གནས་ཀྱི་རྩེ་ན་བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པར་གསུངས་པ་དང་མཐུན་ཤས་ཆེའོ། །གཉིད་དུ་འགྲོ་བའི་དུས་སུ་སྙིང་ཁ་དང་ནོར་བུར་རླུང་འདུ་ཚབས་ཆེ་ལ། དེ་འཐུག་པའི་རིང་ལ་རྨི་ལམ་མེད་པའི་གཉིད་རྒྱུན་རིང་ངོ་། །དེ་ནས་གནས་དེ་གཉིས་ནས་རླུང་ཅུང་ཟད་སྲབ་ཏུ་སོང་ནས་མགྲིན་པ་དང་གསང་གནས་སུ་འོངས་པ་ན་རྨི་ལམ་འཆར་ལ། དེར་འདུས་པའི་རིང་ལ་རྨི་ལམ་ཉིད་འབྱུང་ངོ་། །དེ་ནས་རླུང་གནས་དེ་གཉིས་ནས་གྱེས་ཏེ་དཔྲལ་བ་དང་ལྟེ་བར་སོང་བ་ན་སད་པར་འགྱུར་རོ། །སྤྱི་བོ་ནས་བྱང་སེམས་བབས་པ་ལྟེ་བ་དང་ནོར་བུའི་རྩེར་སླེབ་པ་ན། རང་གི་གནས་གོང་མ་རྣམས་ལས་འགྱུར་བའི་བདེ་བ་ཆེ་བ་རེ་རེ་འབྱུང་བ་ནི་བཞི་པའི་གནས་སྐབས་ཡིན་ལ། དེ་ཉིད་རླུང་སྟོབས་ཀྱིས་ལམ་དུ་བསླངས་པ་ནའང༌། ཡས་བབས་ཀྱི་ལྷན་སྐྱེས་ཀྱི་མགོ་རྩོམ་པ་ལྟེ་བ་ནས་དང༌། མཚན་ཉིད་རྫོགས་པ་ནོར་བུའི་རྩེར་ཟིན་པ་ན་འཆར་རོ། །དེ་ལྟར་གནས་བཞིར་གཉིད་དང་རྨི་ལམ་གྱི་དགེ་སྦྱོར་སྐྱོང་བའི་གནད་ཆེ་མོད་ཀྱང་གནས་དེ་དག་ཏུ་སད་དུས་སུ་སེམས་བཟུང་ན་གནད་དུ་མི་འགྲོ་བ་ཡང་མིན་ནོ། །འཁོར་ལོ་རྣམས་ཀྱི་ནང་ནས་ཀྱང་ལུགས་འདི་ལ་སྙིང་ཁ་གནད་


JLD008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཆེ་བར་རྩ་ཚིག་ལས་བཤད་པ་ནི་ལེགས་པར་བཤད་པ་ཆེན་པོ་ཡིན་ཏེ་འཆད་པར་འགྱུར་རོ། །དེས་ནི་རྩ་འཁོར་སོ་སོར་དམིགས་པ་གཏད་ནས་སྐྱོང་བ་ལ། རང་རང་གི་ལག་རྗེས་ཐུན་མོང་མ་ཡིན་པ་ཇི་ལྟར་འོང་གཞན་ཡང་ཤེས་དགོས་པ་རྟོགས་པར་བྱའོ། །གཉིས་པ་ལ་གཉིས། རྫོགས་རིམ་གྱི་རིམ་པ་སོ་སོ་ལ་བསླབ་ཚུལ་དང༌། ལམ་ལ་བོགས་འབྱིན་པའི་ཐབས་སྤྱོད་པའོ། །དང་པོ་ལ་གཉིས། རྡོ་རྗེ་གསུམ་གྱི་རྫོགས་རིམ་དང༌། བདེན་པ་གཉིས་ཀྱི་རྫོགས་རིམ་ལ་བསླབ་ཚུལ་ལོ། །དང་པོ་ལ་གསུམ། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་ཚུལ་དང་། ངག་དབེན་གསུང་རྡོ་རྫེའི་ཏིང་ངེ་འཛིན་ལ་བསླབ་ཚུལ་དང་། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་ཚུལ་ལོ། །དང་པོ་ལ་གསུམ། བསྐྱེད་རིམ་རྫོགས་ནས་ལུས་དབེན་ལ་འཇུག་ཚུལ། འཇུག་ཚུལ་དེ་ཉིད་ལ་གོམས་པར་བྱེད་ཚུལ། དེ་ལྟར་གོམས་པ་ལ་བརྟེན་ནས་ལུས་དབེན་དངོས་སྐྱོང་ཚུལ་ལོ། ། དང་པོ་ནི། བསྐྱེད་རིམ་རགས་པ་དྲན་པ་གཅིག་པ་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་ལ་གསལ་སྣང་རྫོགས་པར་བཏོན་པའི་འོག་ཏུ། སེམས་དེ་བརྟན་པར་བྱ་བའི་ཕྱིར་དུ་སྟེང་སྒོའི་ཕྱག་མཚན་ཕྲ་མོ་ལ་སེམས་བརྟན་པ་གནས་པ་དང༌། དེ་བརྟན་ནས་དང་པོར་ཕྱག་མཚན་གྱིས་སྤྲོ་བསྡུ་དང༌། དེ་ནས་ལྷའི་སྐུའི་སྤྲོ་བསྡུ་ལ་བསླབས་ཏེ་ལོབས་པའི་འོག་ཏུ། །འོག་སྒོར་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་ལ་སེམས་བརྟན་པར་བྱེད་པ་དང༌། དེ་ནས་ཐིག་ལེ་རྡོ་རྗེའི་ལམ་ནས་ཡིད་ཀྱིས་རིག་མའི་


JLD008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པདྨར་ཕྱུང་སྟེ་དེར་བཞག་པའི་ནང་དུ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་གསལ་སྣང་རྫོགས་པ་དང༌། སེམས་བརྟན་པར་བྱས་པའི་སྒོ་ནས་རྟོག་པའི་རྣལ་འབྱོར་སྒོམ་པ་མཐར་ཕྱིན་པའི་འོག་ཏུ། ལུས་དབེན་སྒོམ་པ་ལ་འཇུག་པ་ནི། ལུགས་འདི་ཤེས་པའི་མཁས་པ་རྣམས་ལ་ཡོགས་སུ་གྲགས་པ་ཡིན་ནོ། །འོག་སྒོའི་ཕྲ་མོ་འདིའི་སྟེང་ནས་བསྐྱེད་རིམ་དང་རྫོགས་རིམ་དུ་འགྲོ་ཚུལ་གཉིས་ཡོད་དེ། །དང་པོ་ནི་སྔར་བཤད་པ་ལྟར་རོ། །གཉིས་པ་ནི་ནོར་བུའི་དབུས་ན་རྩ་འཁོར་གཅིག་ཡོད་པ་དང༌། ནོར་བུའི་རྩེན་དྷཱུ་ཏཱིའི་མར་སྣ་ཡོད་པའི་ལུས་ལ་གནད་དུ་བསྣུན་ས་ལེགས་པར་ཤེས་ནས། དེ་གཉིས་གང་རུང་དུ་ཕྲ་མོ་ལ་སེམས་བཟུང་བའི་གནད་ལ་བརྟེན་པས། དྷཱུ་ཏཱིར་རླུང་འདུས་པ་དང་དེར་ཐིམ་པའི་དབང་གིས་ལྷན་སྐྱེད་ཀྱི་ཡེ་ཤེས་སྐྱེད་པ་ཡིན་ཏེ། འོག་སྒོའི་ཕྲ་མོ་བསྒོམས་པས་རོ་རྐྱང་གི་རླུང་ཕྱིར་རྒྱུ་བ་བཟློག་ནས་དྷཱུ་ཏཱིར་འཛུད་པའི་སྒོ་ནས་དེ་སྲོག་རྩོལ་དུ་འགྱུར་ཚུལ་ཡིད་ཆེས་པའི་ཁུངས་དང་བཅས་པ་རྒྱས་པར། མན་ངག་འདིའི་ངོ་སྤྲོད་རྒྱས་པ་རིམ་ལྔ་གསལ་སྒྲོན་དུ་གཏན་ལ་ཕབ་ཟིན་པས་དེར་ཤེས་པར་བྱའོ། །དེས་ན་མཚམས་འདི་ནས་ཕྲ་མོའི་སྒོ་ནས་ལྷན་སྐྱེས་འདྲེན་པའི་ཐབས་མི་བྱེད་པར། ལུས་དབེན་རིགས་གཅིག་ལ་སོགས་པ་སྒོམ་པ་ལ་འཇུག་ན་གདམས་ངག་གི་གནད་ལེགས་པར་མ་རྟོགས་པ་ཡིན་པས། སླར་ཡང་འོག་སྒོར་ཕྲ་མོ་སྒོམས་ནས་དྷཱུ་ཏཱིར་རླུང་བསྡུས་པ་ལས་ལྷན་སྐྱེས་བསྐྱེད་ནས་ལུས་དབེན་དངོས་གཞི་སྒོམ་དགོས་སོ། །གཉིས་པ་ལ་བཞི། འོག་སྒོར་ཕྲ་མོ་སྒོམ་པའི་ཚུལ་དང༌། དེ་ལྟར་བསྒོམས་པས་མྱོང་བ་སྐྱེས་ཚུལ་དང༌། དེ་ལ་གེགས་བྱུང་ན་སེལ་


JLD008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང༌། རེ་ཞིག་སྟོང་ཉིད་མི་སྒོམ་པར་ཕྲ་མོ་སྒོམ་པའི་རྒྱུན་མཚན་ནོ། །དང་པོ་ནི། ཏིང་ངེ་འཛིན་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་མཚན་ཉིད་དང་ལྡན་པར་སྐད་ཅིག་གིས་རང་རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ་དུ་སྒོམ་པ་སྔོན་དུ་བཏང་ནས། ཕྲ་མོ་སྒོམ་པ་ལ་གནད་བཞི་ཚང་དགོས་པའི་དུས་ཀྱི་གནད་ནི། སྤྱིར་རྒྱུན་ལྡན་པ་ཡིན་མོད་ཀྱང༌། ཁྱད་པར་དུ་ཐོ་རངས་སོགས་དབེན་ཞིང་རིག་པ་དྭངས་པའི་དུས་དང་ཕྱི་དྲོ་མེའི་དུས་སུ་བསྒོམ་མོ། །ལུས་ཀྱི་གནད་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ། སེམས་དཔའི་སྐྱིལ་ཀྲུང་བྱས། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཡིད་ཙམ་དགུག །མིག་ཧ་ཅང་ཕྱེད་པ་དང་བཙུམས་པ་མིན་པར་རན་ཙམ་དུ་སྣ་རྩེར་བལྟ། སོ་དང་མཆུ་རང་ལུགས་པར་བཞག །ལྕེ་རྩེ་རྐན་ལ་སྦྱར། མགོ་མི་མཐོ་མི་དམའ་བར་བཞག་སྟེ། རྡོ་རྗེ་འཕྲེང་བ་ལས་རླུང་སྒོམ་པའི་སྐབས་སུ་ལུས་གནད་བཤད་པ་ནི་གཞན་སྒོམ་པ་ལ་ཡང་འདྲའོ། །རླུང་གི་གནད་ནི་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་དང་ཤུགས་ཅན་དུ་མི་བྱ་བར་དལ་ཞིང་འཇམ་པར་བྱའོ། །གང་དུ་དམིགས་པ་གཏོད་པའི་ཡུལ་གྱི་གནད་ནི་སྔར་བཤད་པ་ལྟར་མང་ཡང་སྐབས་འདིར་ནི། རྡོ་རྗེའི་མགྲིན་པ་ཡན་ཆད་ལ་ནོར་བུ་ཟེར་བས་དེའི་དབུས་དྲང་པོ་ན་རྩ་འཁོར་གྱི་ལྟེ་བའི་དྷཱུ་ཏཱི་ཡོད་པས་དེའི་ནང་ཙམ་མམ་ཡང་ན་ནོར་བུའི་བུག་པའི་རྩེ་མོ་རང་ན་དྷཱ་ཏཱིའི་མར་སྣ་ཡོད་པས་དེར་བསྒོམ་པར་བྱའོ། དེ་ལ་རྩའི་རྣམ་པ་གསལ་སྣང་ཐོན་ཐོན་དུ་སྒོམ་མི་དགོས་ཀྱང༌། རྩའི་གནད་གཉིས་ལེགས་པར་ཤེས་ནས་དེར་དམིགས་པ་གཏོད་པ་ངེས་པར་


JLD008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །འདི་འདྲ་བའི་རིགས་རྣམས་ལ་དམིགས་པ་གཏོད་པའི་གནད་ལེགས་པར་ཤེས་མི་ཤེས་ལ་ཁྱད་ཤིན་ཏུ་ཆེ་བས་བླ་མས་ལེགས་པར་བསྟན་དགོས་སོ། །དེར་སྒོམ་པ་ན་གང་ལ་སེམས་འཇོག་པའི་གཞི་དམིགས་པ་ལ། གདན་ནི་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་ཞིག་བྱ། དེའི་སྟེང་དུ་ཐིག་ལེ་ཕྲ་མོ་ཁྱད་པར་གསུམ་དང་ལྡན་པ་ཞིག་བསྒོམས་ཏེ། ཁ་དོག་ནི་སྔོན་པོའོ། །དབྱིབས་ནི་ཟླུམ་པའོ། །ཚད་ནི་ནས་འབྲུ་དང་ཡུངས་ཀར་གང་རུང་གི་ཚད་ཙམ་ཞིག་རང་གི་ལྷའི་ངོ་བོར་བལྟ་ཞིང༌། ཤིན་ཏུ་འཚེར་ལ་འོད་ཟེར་ལྔ་འབར་བ་གཅིག་བསྒོམ་མོ། །སེམས་ཟིན་པར་སྣང་ན་དམིགས་ཡུལ་ཅི་ཙམ་ཕྲ་བ་ཙམ་གྱིས་ཀུན་རྟོག་དང་དེའི་བཞོན་པའི་རླུང་ལྡོག་སླ་ལ། ཤིན་ཏུ་འཚེར་བ་བསྒོམས་ན་བྱིང་བ་གཅོད་སླ་ཞིང༌། ཏིང་ངེ་འཛིན་ལ་གསལ་ཉམས་ཆེའོ། །དམིགས་པ་དེ་ལ་སེམས་འཛིན་ཚུལ་ནི། དམིགས་རྟེན་ཕྲ་མོའི་ནང་དུ་སེམས་ཞུགས་པའི་ཚུལ་གྱིས་འཛིན་པར་གསུངས་པས། །ཚུར་ངོས་ནས་ཕར་ལ་བལྟ་བ་འདྲ་བའི་རྣམ་པར་མི་བྱའི། །ཡུལ་ཅན་གྱི་སེམས་ཡུལ་དེའི་ནང་དུ་སིམ་པ་བཞིན་དུ་བྱ་སྟེ། སྐྱོང་ཚུལ་འདི་ལྟར་བྱས་ན་ད་གཟོད་སེམས་ཐིག་ལེ་དང་འདྲེས་པར་འགྱུར་པའི་ཉམས་སྐྱེས་ནས་རླུང་འདུ་བར་ཤིན་ཏུ་སླའོ། །དེ་ལྟར་སེམས་འཛིན་པ་ན་ཧ་ཅང་སྒྲིམས་དྲགས་པ་དང་ཧ་ཅང་ལྷོད་དྲགས་པས་བྱིང་རྒོད་སྐྱེད་པས་དེ་གཉིས་སྤངས་ནས་སེམས་གཟུང་བར་བྱའོ། །འདི་ཡང་གཞུང་ནས་བཤད་པ་ལྟར་གྱི་བསྐྱེད་རིམ་ཕྲ་རགས་ལ་བརྟན་པ་རྙེད་པ་ཡིན་ན། །


JLD008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྩའི་གནད་ཆེ་སར་གནད་དུ་བསྣུན་ལུགས་དང༌། དེ་ལ་བརྟེན་ནས་རླུང་འདུ་རིམ་སྒྲུབ་པ་ཡིན་གྱི། །དམིགས་པ་གསལ་མི་གསལ་དང་དེ་ལ་སེམས་ཟིན་མི་ཟིན་གྱི་གཏམ་བྱེད་དོན་མེད་མོད་ཀྱང་། དེ་ལྟ་རང་ཅག་རྣམས་འོག་མ་ལ་བཤད་པ་ལྟར་གྱི་མྱོང་བ་སྐྱེས་པའི་བར་དུ་འཁྲིད་ལོང་མེད་པར་གོང་མ་ལ་རྒྱུག་པ་རྣམས་ཀྱི་དབང་དུ་བྱས་ནས་ཡིན་ཏེ། ཚུལ་དེ་གཉིས་ནི་རིམ་པ་གཞན་ཀུན་ལའང་ཤེས་དགོས་སོ། །ལུགས་འདི་ལ་འོག་སྒོའི་ཕྲ་མོ་སྒོམ་པ་ལ་རྫོགས་རིམ་དུ་འགྲོ་ལུགས་ཤིག་ཡོད་པ་དེ་མ་བསྒོམ་པར་བཞག་ན། ཕྲ་མོའི་ནུས་པ་མི་རྫོགས་ཤིང་ལུས་དབེན་སྒོམ་པའི་གནད་སྟོར་ནས་འགྲོ་བ། དེའི་གོ་བ་བསྐྱེད་ལུགས་བྱས་པ་ཙམ་མ་གཏོགས་པ། གང་ལ་དམིགས་པའི་ཕྲ་མོ་གདན་བཅས་དང༌། དེ་ལ་སེམས་འཛིན་པ་རྣམས་ནི་སྔར་བསྐྱེད་རིམ་གྱི་སྐབས་ཉིད་དུ་བཤད་པ་དེའི་སྟེང་ནས་བྱེད་པས་འཕགས་ལུགས་ལ་དམིགས་པ་དེ་སྟོན་པའི་གདམས་པ་ཆད་པ་ནི་མིན་ནོ། །ཕྲ་མོའི་དམིགས་པ་གསལ་དཀའ་ན། དམིགས་པ་གཏོད་པའི་གནས་མ་འཕྱུགས་པར་བྱས་ལ་སེམས་བཟུང་བ་ཉིད་ལ་འབད་ཅིང༌། བར་བར་དུ་གསལ་གདབ། དམིགས་པ་གསལ་ཡང་གནས་གཞན་དུ་སྣང་བའམ། ཡལ་ནས་འགྲོ་ནའང་སྔ་མ་བཞིན་དུ་བསྐྱང༌། རང་ཤུགས་ཀྱིས་གནས་པ་རྙེད་པའི་མཚམས་ནས་སེམས་ཀྱི་ངར་བསྐྱེད་ནས་བཟུང༌། དེ་ལྟར་མ་བྱས་ན་སེམས་དྭངས་པོ་བྱུང་ཡང་བྱིང་བ་ཕྲ་མོ་མི་ཆོད་ལ་དེ་མ་ཆོད་ན་སེམས་བརྟན་པོ་རྙེད་ཀྱང་རླུང་འདུ་


JLD008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བས་དམིགས་པ་འཚེར་ལ་འོད་ཟེར་ཆེན་པོ་ཅན་དང༌། སེམས་ཀྱི་ངར་སྐྱེད་པ་གཉིས་ཀ་བྱའོ། །རྒོད་པ་བཅད་དཀའ་ནི་ཅུང་ཟད་གློད། བྱིང་བ་བཅད་དཀའ་ན་སྟེང་གི་སྣ་རྩེའི་ཕྱག་མཚན་ཕྲ་མོ་ལ་སེམས་སྒྲིམས་པར་བཟུང་ལ་བྱིང་བ་སངས་པ་དང་འོག་སྒོར་བསྒོམ་མོ། །གཉིས་པ་ནི། དེ་ལྟར་སྒོམ་པ་དེ་ལ་མྱོང་བ་བསྐྱེད་པའི་རིམ་པ་ནི། སེམས་བྱིང་རྒོད་དང་བྲལ་བར་བསྐྱངས་པས་ཏིང་ངེ་འཛིན་རྒྱུན་རེས་ཐུན་རེའི་བར་དུ་འཁྱོངས་པ་བརྟན་པར་སོང་སོང་གི་བར་དུ་བསྐྱང་ངོ་། །དེའི་ཚེ་རླུང་གི་ལྟ་ས་ཇི་ལྟར་འོང་ཚུལ་ནི། དང་པོར་དྷཱུ་ཏཱིར་ཚུད་པའི་རྟགས་དང་དེ་ནས་དྷཱ་ཏཱིར་ཐིམ་པའི་རྟགས་འབྱུང་བའི་དང་པོ་ནི་མ་བསྒོམས་པའི་སྔོན་དུ་གཡས་གཡོན་རེ་རེ་བར་རྒྱུ་བ་ན། ཕྲ་མོ་བསྒོམ་སྟོབས་ཀྱི་མྱུར་པོར་མཉམ་རྒྱུར་ངེས་ཅན་དུ་ཐེངས་ཀྱིན་འདུག་ན། ཕྲ་མོའི་རྣལ་འབྱོར་གྱིས་དྷཱུ་ཏཱིར་འཛུད་ནུས་པ་ཙམ་དུ་འཇོག་མོད་ཀྱང༌། ལན་ཅིག་ཚུད་ཕྱིན་ཆད་ནས་གཡས་གཡོན་རེ་རེ་བར་མི་འཕོ་བ་མིན་ནོ། །གཉིས་པ་ནི་མཚམས་འདི་ནས་དྲིལ་ཏེ་བསྒོམས་པས་སྣ་བུག་གི་རྒྱུ་བ་ཞན་དུ་སོང་བི་མཐར་ཞིབ་ཏུ་བརྟགས་པ་ནི། རྒྱུ་བ་ཕྲ་མོ་ཡང་ལྡོག་པ་ཅིག་འོང༌། རྟོག་ཚུལ་དེ་ངེས་དཀའ་བར་བྱུང་ན་ལུས་དྲང་པོར་གཡོ་འགུལ་མེད་པར་བདེ་མོར་གནས་པའི་དུས་སུ། ལྟོ་བ་འགུལ་མི་འགུལ་བརྟག ཅུང་ཟད་འགུལ་བར་སྣང་ན་མ་ལོག་པའི་རྟགས་ཡིན། བརྟག་པ་འདི་ཁྱད་པར་དུ་ལྟེ་བ་མན་ཆད་ཀྱི་ཐུར་སེལ་འོག་གི་སྣ་སྒོར་འབྱུང་འཇུག་བྱེད་མི་བྱེད་རྟོག་པ་ལ་གལ་ཆེ་བ་ཡིན། སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་པ་ལ་ཐིམ་དཀའ་སླ་གཉིས་ལས། ཐིམ་དཀའ་ན་ཡུད་ཅིག་ལ་ལྟོ་བ་རླུང་གིས་ཁེངས་


JLD008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདྲ་བ་ཅིག་འབྱུང་ཞིང་དེ་ནས་ཞི་བར་འགྱུར་ལ། ཞི་མ་ཐག་ལྟོ་བ་དང་གསང་གནས་ཀྱི་མེ་གནས་པའི་ཐད་ནས་དྲོད་ཁྱད་པར་ཅན་སྐྱེ། དེ་ནས་རིམ་གྱིས་ཞུ་བདེ་འདྲེན་ནོ། །སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་པ་འདི་བྱིང་བ་ཕྲ་མོ་མཆོད་པར་བསགས་པས་བྱིང་ཤས་ཆེ་བ་ཅིག་ལ་ཡང་ཡང་འོང་སྟེ། དེ་ནི་དྷཱུ་ཏཱིར་ཚུད་པ་དང་དེར་ཐིམ་པ་གང་ཡང་མིན་པས་ཁྱད་པར་ཕྱེད་པར་བྱའོ། །དྷཱུ་ཏཱིར་ཐིམ་པ་བྱུང་ཡང་འཇིག་རྟེན་ལས་འདས་པའི་ལམ་གྱིས་ས་བོན་སྤངས་པ་བཞིན་དུ་མི་འགྲོ་བས། སླར་ཡང་རླུང་ལངས་ནས་རྩ་གཉིས་ལ་རྒྱུ་བ་ནི་དུ་མ་ཞིག་འོང་ངོ་། །ཕྲ་མོ་བསྒོམ་པ་གནད་དུ་འགྲོ་བའི་མཐོང་ཉམས་ཀྱི་རྟགས་ལ། དང་པོར་སྨིག་རྒྱུ་ལྟ་བུ་དང༌། དེ་ནས་དུ་བ་ལྟ་བུ་དང༌། དེ་ནས་མེ་ཁྱེར་ལྟ་བུ་དང་། དེ་ནས་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་ཉམས་འཆར་ཏེ། གྲངས་མང་ཉུང་དང་རྒྱ་ཆེ་ཆུང་ནི་ཅི་རིགས་སུ་འཆར་རོ། །རྟགས་འདི་རྣམས་དབང་པོ་ལྔའི་རླུང་ནང་དུ་ལྡོག་པར་རྩོམ་པ་དང༌། ཅུང་ཟད་ལོག་པ་དང་། རླུང་དྷཱུ་ཏཱིར་ཚུད་པ་དང༌། ཐིམ་པར་རྩོམ་པའི་སྐབས་སུ་འབྱུང་བ་མང་དུ་ཡོད་པ་ལས། སྐབས་འདིར་འབྱུང་བའི་གཙོ་བོ་ནི་དྷཱུ་ཏཱིར་ཚུད་ནས་ཐིམ་པར་རྩོམ་པའི་སྐབས་སུ་འབྱུང་སྟེ། རྟགས་བཞི་པའི་སྐབས་སུ་ནམ་མཁའ་སྤྲིན་མེད་དང་འདྲ་བའི་སྟོང་པ་བཞི་འཆར་བར་བཤད་པའི་གནད་ཀྱིས་ཤེས་སོ། །རྟགས་འདི་རྣམས་སྐབས་འདིར་འཆར་བ་ནི་འཇམ་དཔལ་གྱི་ཞལ་གྱི་ལུང་ལས་གསུངས་སོ། །སྔར་བཤད་པའི་ཚུལ་དེས་རླུང་དྷཱུ་ཏཱིར་ཐིམ་པ་དང་གཏུམ་མོ་འབར་བའི་མཐུས་བྱང་སེམས་ཞུ་ནས་གསང་གནས་ཀྱི་སྣ་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་དགའ་


JLD008_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཚན་ཉིད་ཚང་བ་འཆར་རོ། །བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པའི་བར་ལ་དགའ་བ་དང༌། མགྲིན་པ་ནས་སྙིང་ཁའི་བར་ལ་མཆོག་དགའ་དང༌། དེ་ནས་ལྟེ་བའི་བར་ལ་ཁྱད་དགའ་དང༌། དེ་ནས་ལྷན་སྐྱེས་རྩོམ་པར་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་ལ། རྡོ་རྗེའི་རྩ་བར་དགའ་བ་དང༌། དེ་ནས་རྡོ་རྗེའི་མགྲིན་པའི་བར་ལ་མཆོག་དགའ་དང༌། ནོར་བུར་སླེབ་པ་ན་ཁྱད་དགའ་དང༌། རྩེ་མོར་ལྷན་སྐྱེས་སྐྱེ་བར་ཡང་བཤད་དོ། །རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ལས་བྱུང་བའི་དགའ་བཞི་ལ་ནི། དེའི་རྟེན་བྱང་སེམས་ཞུ་བ་ནོར་བུའི་རྩེར་ཡིན་ཀྱང་འཛིན་པར་ཤིན་ཏུ་སླ་ལ། ཁྱད་པར་དུ་ནོར་བུའི་དབུས་སམ་རྩེར་ཕྲ་མོ་བསྒོམ་པ་ལ་ནི། དེར་བྱང་སེམས་ཞུ་བས་སླེབ་པ་རིང་དུ་གནས་པའི་གནད་ཡོད་པས། འཛིན་པར་སླ་ཞིང་གནས་ཡུན་རིང་བས་ལྷན་སྐྱེས་ལེགས་པར་མཚོན་ནུས་སོ། །རླུང་འདུ་སླ་བ་མིན་པར་ཞུ་བ་དེའི་ཉམས་སྐྱེ་སླ་བ་འགའ་ཞིག་ལ་འབར་འཛག་བསྒོམས་ན་ཁྱད་པར་དུ་དང༌། དེ་མིན་ཡང་འོག་སྒོའི་ཕྲ་མོ་ལ་སོགས་པ་བསྒོམས་པ་ལ་ཡང་བྱང་སེམས་ཞུ་བ་འབབ་པ་འོང་བས། དེ་ལ་ནི་ཞུ་བ་ཤས་ཆུང་ན་མ་གཏོགས་པ་གནས་མཐོན་པོ་ནས་མ་བཟློག་ན། དམའ་མོ་ནས་བཟློག་ཤིན་ཏུ་དཀའ་བ་དང༌བཟློགས་ཡང་མཐོ་དགོས་ལ་བཟློག་ནས་ཀྱང་མ་བཀྲམ་ན་ནད་དུ་འགྱུར་བས་འགྲེམས་དགོས་མོད་ཀྱང་། སྔར་བཤད་པ་ལྟར་གྱི་རླུང་ཐིམ་པ་ལ་ནི་དེ་རྣམས་ཡེ་མི་དགོས་སོ། །འོན་ཀྱང་ནོར་བུའི་རྩེར་ལྷན་སྐྱེས་མཚོན་ཟིན་ནས། མས་བརྟན་ཉམས་སུ་མྱོང་བའི་ཕྱིར་ཟློག་ན་ནི་བཟློག་ཐབས་བྱ་


JLD008_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ལ་ནི་ཐབས་དེ་ཡུན་རིང་དུ་མི་དགོས་ཀྱི་ལན་ཁ་ཡར་སྦྱངས་པའི་མཚམས་ནས། རང་ཤུགས་ཀྱིས་ལྡོག་པར་འགྱུར་ཏེ། ལུས་ལ་གནད་དུ་བསྣུན་ཐབས་ཨ་ན་ཚུགས་སུ་མ་བྱས་པར། མན་ངག་གི་གནད་ལ་མཁས་པའི་འཇམ་སྦྱོར་གྱིས་ཕྲ་མོ་སོགས་བསྒོམས་པའི་ཁྱད་ཆོས་ཡིན་ནོ། །གལ་ཏེ་ཕྲ་མོ་བསྒོམས་པ་འགའ་ཞིག་ལ་རླུང་ཐིམ་རིམ་མ་བྱུང་བར་ཞུ་བདེ་ཆེ་བར་བྱུང་ན་བཟློག་པ་དང་འགྲེམས་པའི་མཐར་བྱ་སྙམ་ན། འདི་ལ་ཞུ་བ་རིམ་ཅན་དུ་དལ་བུས་འོང་བ་ལ་ནི་རྩོལ་བ་ཤུགས་དྲག་པོ་མིན་པར་དམིགས་པས་སྤྱི་གཙུག་ཏུ་བཟློག་ཅིང༌། དེ་ནས་རྩ་གནས་ཀུན་ཏུ་བཀྲམ་པ་བྱས་ན་དེ་གོམས་པའི་མཐར། ཞུ་བ་ཆེན་པོ་ཡང་བཟློག་པ་དང་བཀྲམ་པར་ནུས་སོ། །དེ་ལྟ་མིན་པའི་ཞུ་བ་ཆེས་མྱུར་བར་འབབ་པ་ལ་ནི། རང་ལྷར་གསལ་བའི་ངང་ནས་རྐང་པ་སྐྱིལ་ཀྲུང་དང༌། ལག་པ་གཉིས་བྲང་གི་ཐད་དུ་བསྣོལ། མིག་གཉིས་དྲག་ཏུ་གྱེན་ལ་བཟློག། །རྐང་ལག་གི་སོར་མོ་རྣམས་ལེགས་པར་བསྐུམ། སེམས་སྤྱི་གཙུག་གི་ཧཾ་ཡིག་མགོ་གྱེན་དུ་བསྟན་པ་ལ་དམིགས། ངག་ཏུ་ཧཱུཾ་རིང་པོ་དྲག་ཏུ་བརྗོད་པ་ཉེར་གཅིག་ཙམ་གྱི་བར་དུ་བརྗོད་ནས། གང་ནས་བཟློག་པའི་གནས་དེ་ནས་རྒྱབ་གཞུང་ལ་ཉེ་བའི་ངོས་སུ་དྷཱུ་ཏཱིའི་ནང་ནས་སྤྱི་གཙུག་ཏུ་སོང་བར་བསམ། མཐར་འཇམ་རླུང་བུམ་པ་ཅན་བཟུང་ལ་ལུས་མི་དྲག་པར་སྤྲུག་ཅིང༌། སེམས་ཀྱིས་བྱང་སེམས་རྣམས་རྩ་གནས་ཀུན་ཏུ་དགྲམ་པར་བསམ་པ་ལན་མང་དུ་བྱའོ། །གསུམ་པ་ནི། དེ་ལྟར་བསྒོམ་པའི་དུས་སུ་འོག་སྒོ་གཉིས་ཀའམ་གང་རུང་སྐྲངས་པ་དང༌། ཟུག་གཟེར་བསྐྱེད་


JLD008_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དྲི་ཆུ་འདོར་དཀའ་རུ་སོང་བ་དང༌། ཧ་ཅང་སླ་རུ་སོང་ན་གནས་དེར་རླུང་ཅུང་ཟད་འདུས་པ་ཡིན་ཀྱང༌། འདུ་ལུགས་ལེགས་པོ་མིན་པས་དེའི་སེལ་ཐབས་ནི། གེགས་དེ་ཞི་བ་རྐྱང་པས་མི་མཆོག་གི་སྔ་རེས་རླུང་ཅུང་ཟད་འདུས་པ་དེས་རླུང་དྷཱ་ཏཱིར་འདུ་བ་ལ་ཕན་པ་དང༌། ཕྱི་རེས་ནས་ཀྱང་རླུང་དྷཱ་ཏཱིར་བསྡུ་དཀར་མ་སོང་བ་ཞིག་གལ་ཆེའོ། །དེ་རྣམས་ལ་དང་པོ་དགེ་སྦྱོར་སྐྱོང་བ་ན་དལ་བུས་སེམས་བཟུང་བར་གསུངས་པ་ལྟར་མ་བྱས་པར་སྦྱོར་བ་དམ་དྲགས་པ་སོགས་སྐྱོང་ཚུལ་མ་ཤེས་པ་ལས་འབྱུང་བ་ཡང་ཡོད་པས། དེའི་སྐྱོན་དུ་སྣང་ན་འཇམ་པོའི་སྐྱོང་ཐབས་མཁས་པར་བྱ། དེ་ལྟ་མིན་ན་དེ་ཀ་བསྐྱངས་པས་དགེ་སྦྱོར་ལ་དེ་ཙམ་མི་གནོད་པར་ཞི་འགྲོ་བར་སྣང་ན་དེ་ཀ་ལ་བཞག །དེས་ཀྱང་ཞི་མཉན་པར་དགེ་སྦྱོར་གྱི་གེགས་བྱེད་ན། རོ་སྨད་ཀྱི་རླུང་ཀུན་དམིགས་པས་བསྡུས་ལ་ཕྲ་མོ་གང་དུ་སྒོམ་པའི་ཐད་ཀ་དེར་ཐིམ་པར་བསམ་པ་མང་དུ་བྱ། ཁྱད་པར་དུ་དྲི་ཆུ་འདོར་དཀའ་བ་ལ་ནི་འཆད་པར་འགྱུར་བ་ལྟར་གྱི་འོག་ཕྱོགས་ཀྱི་རྡོར་བཟླས་མང་དུ་བྱས་པས་ཀྱང་ཕན་ནོ། །འོག་སྒོར་དམིགས་པ་གཏད་པ་ན་རླུང་གྱེན་དུ་འཕྱུགས་པ་པ་དང་ལུས་འབར་བ་སོགས་ཀྱིས་གེགས་སུ་སོང་ན་ལྟེ་བ་ཡན་ཆད་རང་ལུགས་པར་བཞག་ལ། སྨད་ཀྱི་ཕྱེད་བཅིངས་དམ་པར་བྱ་བ་དང༌། དམིགས་རྟེན་ལ་སེམས་ཟུག་པ་བཞིན་བྱས་ལ་སེམས་བཟུང་ངོ་། །ཕྲ་མོ་ལ་དམིགས་པ་ཐུན་འབྱོངས་པ་བརྟན་པོ་བྱུང་ཡང་རླུང་དེ་ཙམ་འདུ་མ་ཉན་པ་སོགས་བྱུང་ན། དམིགས་པ་གཏོད་སའི་རྩའི་གནད་ལེགས་པར་ཟིན་པར་བྱས་ལ་དམིགས་པ་དྲག་ཏུ་གཏད། སྟོད་སྨད་


JLD008_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་དམིགས་པས་རླུང་བསྡུས་ཏེ་དེར་བསྟིམ་ནས་བདེ་བ་ཉམས་སུ་མྱོང་བའི་དམིགས་པ་མང་དུ་བྱ། ཕྱི་མ་འདི་སྤྱིར་ཡང་མང་དུ་བྱས་ན་གནད་ཆེའོ། །བཞི་པ་ནི། སྤྱིར་རྫོགས་རིམ་གྱི་སྐབས་སུ་གཙོ་བོར་སྟོང་ཉིད་སྒོམ་རྒྱུ་ཡིན་ཅིང་ལམ་ལ་སློབ་པའི་གང་ཟག་མཚན་ཉིད་ཚང་བས་ཀྱང༌། བསྐྱེད་རིམ་གྱི་དུས་ནས་ཀྱང་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པར་སྒོམ་པ་ཡིན་ཀྱང༌། མཚམས་འདི་ནས་རེ་ཞིག་སྟོང་ཉིད་མི་སྒོམ་པར་ལུས་ལ་གནད་དུ་བསྣུན་ཐབས་ཀྱི་ཐིག་ལེ་སོགས་སྒོམ་པ་ནི། ཐེག་པ་བླ་ན་མེད་པའི་ལུགས་ཀྱིས་སྟོང་ཉིད་སྒོམ་ལུགས་ཐུན་མོང་མ་ཡིན་པ་ནི། བདེ་བ་ཆེན་པོས་ཡུལ་ཅན་བྱས་ནས་ཡུལ་སྟོང་པ་སྔར་ཕུ་ཐག་ཆོད་པར་བྱས་པ་སྒོམ་པ་ཡིན་ལ། དེ་ཡང་སེམས་བྱིང་རྒོད་དང་བྲལ་བའི་མི་རྟོག་པ་བསྐྱངས་པའི་བདེ་གསལ་མི་རྟོག་པའི་བདེ་བ་ནི། ཆོས་འདི་པ་དང་གཞན་པ་དང༌། ཐེག་པ་ཆེ་ཆུང་དང༌། རྒྱུད་སྡེ་གོང་འོག་ཐུན་མོང་བ་ཡིན་པས། ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་ཞུ་བདེའི་བདེ་ཆེན་མིན་ལ། བསྐྱེད་རིམ་གྱི་ལམ་ལ་ཡང་ཡེ་རྒྱ་ལ་བརྟེན་པའི་ཞུ་བདེ་མང་དུ་འབྱུང་ཡང༌། རླུང་ཐིམ་པའི་བདེ་ཆེན་མིན་པས་རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ལ་རླུང་དྷཱུ་ཏཱིར་ཐིམ་པའི་བདེ་ཆེན་དགོས་པས། འདིར་ཕྲ་མོ་སོགས་དམིགས་ནས་ལུས་ཀྱི་གནད་དུ་མ་བསྣུན་པར་སྟོང་པ་ཙམ་བསྒོམས་པས། རྫོགས་རིམ་པའི་བདེ་ཆེན་མི་རྙེད་པས་ཕྲ་མོ་སོགས་ཀྱི་རྣལ་འབྱོར་བསྒོམས་པའི་མཐུས་བདེ་ཆེན་དྲངས་ནས་བདེ་སྟོང་སྦྱར་ཏེ་སྒོམ་པ་ཡིན་པ་འདི།


JLD008_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་བའི་སྐབས་ཀུན་ཏུ་ཤེས་པར་གྱིས་ཤིག །དེའི་ཕྱིར་འོག་སྒོའི་ཐིག་ལེ་སོགས་ལ་དམིགས་ནས་སྒོམ་པ་ནི། བྱིང་རྒོད་དང་བྲལ་བའི་ཏིང་ངེ་འཛིན་པ་བརྟན་པོ་ཙམ་ཞིག་སྐྱེད་པའི་ཕྱིར་ཡང་མིན་ལ། དེ་ལྟར་སྒོམ་པ་དེས་དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པར་འདོད་པ་ཡང་མིན་ཏེ། དེས་དྲངས་པའི་ལྷན་སྐྱེས་ཀྱི་བདེ་བ་རྙེད་ཀྱང་དེས་སྟོང་ཉིད་ཕུ་ཐག་ཆོད་པའི་ལྟ་ཐོག་ཏུ་བཞག་ནས་མ་བསྒོམས་ན་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མིན་ན། སྔ་མ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མིན་པ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །འོན་ཀྱང་དེ་འདྲ་བའི་བདེ་བ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་ཡང༌། ཟབ་པར་འདོད་པའི་ཏིང་ངེ་འཛིན་གཞན་དང་ཁྱད་པར་ཤིན་ཏུ་ཆེ་བ་ཡང་ཤེས་པར་བྱའོ། །འདི་ལ་ཡང་ཡུལ་ཅན་གཞན་གྱིས་སྟོང་ཉིད་རྟོགས་ནས་སྒོམ་པ་དང༌། ལྷན་སྐྱེས་ཀྱི་བདེ་ཆེན་གྱིས་སྟོང་ཉིད་རྟོགས་ནས་བསྒོམ་པ་གཉིས་ནམ་མཁའ་དང་ལག་མཐིལ་ལྟར་གྱིས་ཁྱད་པར་ཤིན་ཏུ་ཆེ་བའི་བདེ་སྟོང་སྦྱོར་བ་ལ་ངེས་པ་ཆེན་པོ་རྙེད་པ་གལ་ཆེ་བ་ནི། རིམ་པ་ལྔ་གསལ་བའི་སྒྲོན་མེར་རྒྱས་པར་གཏན་ལ་ཕབ་ཟིན་ཏོ། །གསུམ་པ་ལ་གསུམ། ལུས་དབེན་གྱི་ངོས་འཛིན། ལུས་དབེན་གྱི་དབྱེ་བ། ལུས་དབེན་སྒོམ་པའི་ཚུལ་ལོ། །དང་པོ་ནི་སྤྱོད་བསྡུས་ལས། དབེན་གཞིའི་ལུས་ངོས་བཟུང་ནས་དེའི་ལུས་དབེན་འཆད་པ་ན། ལུས་ཀྱི་སྒྲ་དོན་ནི་བསགས་པ་དང༌། སྤུངས་པ་དང༌། ཚོགས་པའི་དོན་ཡིན་ལ། དེ་ལ་ཡང་གསུམ་ལས། ནང་གི་གཟུགས་ལུས་ཐ་མལ་པ་འདིའི་སྤུངས་ཚུལ་ནི། ཤའི་ཁམ་ཚད་ལ་སོགས་པ་རྣམས་ཚོགས་པ་ཡིན་པར་བསྟན། དེ་ནས་ཕུང་པོ་


JLD008_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང༌། ཁམས་བཞི་དང༌། ནང་གི་སྐྱེ་མཆེད་དྲུག་དང༌། ཡུལ་ལྔ་དང༌། ཡེ་ཤེས་ལྔ་སྟེ་ཉེར་ལྔའི་ལུས་ཀྱི་སྤུངས་ཚུལ་ནི་འབྲས་དང་ནས་ལ་སོགས་པ་མང་པོ་ལ་སྤུངས་པ་ཞེས་བརྗོད་པ་བཞིན་དུ། ལུས་ཀྱི་ཡན་ལག་དང་ཉིད་ལག་ཏུ་གཏོགས་པ་ཚོགས་པ་ལ་སྤུངས་པར་བསྟན་ཏོ། །ཉེར་ལྔ་ལ་ནི་སེམས་སེམས་བྱུང་ཡང་ཡོད་ལ། དེའི་སྤུངས་ཚུལ་ནི་འབྲས་ལ་སོགས་པ་བཞིན་དུ་ཡུལ་གྱི་གོ་སོ་སོར་གནོན་པའི་གཟུགས་ཅན་གྱི་སྤུངས་ཚུལ་དང་མི་འདྲ་བས། མིག་ལ་སོགས་པའི་དབང་པོ་དང༌། གཟུགས་ལ་སོགས་པའི་ཡུལ་གྱི་ཁམས་རྣམས་ཕྲད་པ་ལས། ཡིད་དེ་སེམས་ཀྱི་ཚོགས་དྲུག་དང་། ཤེས་རབ་ལ་སོགས་པའི་སེམས་བྱུང་རྣམས་འབྱུང་ལ། དེ་རྣམས་ཀྱི་བསགས་པའམ་ཚོགས་པའམ་སྤུངས་ཚུལ་ནི། དུས་སྔ་ཕྱི་བར་མ་ཆད་པའི་རྒྱུན་གྱི་ཆ་དུ་མ་འདུས་པ་ཡིན་གྱི། དུས་གཅིག་ཏུ་ཡུལ་གྱི་གོས་སོ་སོར་གནོན་པའི་དུ་མ་འདུས་པ་མིན་ཏེ། རྣམ་ཤེས་ལུས་ཅན་མིན་པས་ཤར་ལ་སོགས་འི་ཡུལ་ན་མི་གནས་པའི་ཕྱིར་རོ། །འདི་ནི་ཤེས་པའི་ལུས་ཀྱི་སྤུངས་ཚུལ་ཏེ། དབེན་གཞིའི་ལུས་ཀྱི་སྤུངས་ཚུལ་གསུམ་གསུངས་ཀྱི་ལུས་དབེན་གསུམ་བསྟན་པ་མིན་ནོ། །དེ་འདྲ་བའི་དབེན་གཞིའི་ལུས་དེ་གང་ལས་དབེན་པ་ནི། ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་ཞེས་པས་བསྟན། དེའི་གཉེན་པོར་གང་སྒོམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ།


JLD008_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་བསྟན་པས་དབེན་ལུགས་གཞན་མང་པོ་འཆད་པ་ནི་དོན་དུ་མ་མཐོང་ངོ་། །གཉིས་པ་ནི། ལུས་དབེན་དེ་ལ་དབྱེ་ན་རྣམ་པ་བཞི་སྟེ། དམ་པ་རིགས་བརྒྱའི་ལུས་དབེན་དང༌། དེ་ཉིད་རིགས་ལྔའི་ལུས་དབེན་དང༌། གསང་བ་རིགས་གསུམ་གྱི་ལུས་དབེན་དང༌། གསང་ཆེན་རིགས་གཅིག་གི་ལུས་དབེན་ནོ། །དང་པོ་ནི་ཕུང་པོ་ལྔ་དང༌། ཁམས་བཞི་དང༌། ནང་གི་སྐྱེ་མཆེད་དྲུག་དང༌། ཕྱིའི་ཡུལ་ལྔ་སྟེ་ཉི་ཤུ་པོ་རྣམ་སྣང་སོགས་རིགས་ལྔ་དང༌། སྤྱན་མ་སོགས་ཡུམ་བཞི་དང༌། ས་སྙིང་ནས་འཇམ་དབྱངས་ཀྱི་བར་སེམས་དཔའ་དྲུག་དང༌། གཟུགས་རྡོ་རྗེ་མ་སོགས་སེམས་མ་ལྔར་བཞག་པ་རེ་རེ་ལ། རྣམ་སྣང་གི་རྣམ་སྣང་ནས་རེག་བྱ་རྡོ་རྗེ་མའི་རྣམ་སྣང་སོགས་རིགས་ལྔ་ལྔར་ཕྱེ་བས་བརྒྱ་སྟེ། ལྷ་རེ་རེ་ལ་ཡང་རིགས་ལྔ་ལྔ་ཡོད་པས་རིགས་ལྔའི་རིགས་དང་རིགས་ཅན་སོ་སོར་མ་ངེས་པར་བསྟན་ཏོ། །གཉིས་པ་ནི་རྣམ་སྣང་དང་རིན་འབྱུང་དང་འོད་དཔག་མེད་དང༌། དོན་གྲུབ་དང༌། མི་བསྐྱོད་པའི་རེགས་ཅན་ཉི་ཤུ་པོ་ཚན་པ་རེ་རེ་ནི་སའི་ཁམས་ནས་རྣམ་ཤེས་ཀྱི་ཁམས་ཀྱི་རིགས་སུ་བསྟན་ནས་ལྔར་བྱས་པ་སྟེ། རིགས་བརྒྱ་ཡང་ཁམས་ལྔའི་རིགས་སུ་བསྟན་ནས་དེ་ལྡའི་རིགས་སུ་བསྡུས་པའོ། །གསུམ་པ་ནི་རིགས་ལྔར་བསྡུས་པ་དེ་ཡང་རྡོ་རྗེ་གསུམ་དུ་འགྱུར་ཏེ། འདི་ལྟར་རིན་འབྱུང་ནི་སྐུ་རྡོ་རྗེ་དང་དོན་གྲུབ་ནི་གསུང་རྡོ་རྗེ་དང༌། རིགས་དྲུག་པ་ནི་ཐུགས་རྡོ་རྗེའི་ནང་དུ་བསྡུས་པ་སྟེ། དེ་གསུམ་ཡང་རང་གི་ལུས་དང་ངག་དང་ཡིད་གསུམ་གྱི་ངོ་བོར་འདུའོ། །བཞི་པ་


JLD008_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོ་རྗེ་གསུམ་ཡང་གསང་ཆེན་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་སུ་བསྡུས་ནས་རིགས་གཅིག་ཏུ་བསུངས་པའོ། །གསུམ་པ་ནི། འདིར་དབེན་གཞིའི་ལུས་བརྒྱ་དང་ལྔ་ལ་སོགས་པ་དེ་རྣམས་ལྷ་དེ་དང་དེའི་ངོ་བོར་སྒོམ་པ་ཙམ་དང༌། སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷ་དེ་དག་ཏུ་ཤར་བ་ཙམ་དང༌། རླུང་ཐིམ་པ་ལས་བྱུང་བ་མིན་པའི་ཞུ་བདེས་སྟོང་ཉིད་རྟོགས་པ་ལྷའི་རྣམ་པར་ཤར་བ་ནི། བསྐྱེད་རིམ་གྱི་ལམ་ལ་ཡང་དུ་མ་ཞིག་ཡོད་ཅིང༌། ཐུན་སྔ་ཕྱིའི་བར་དུ་ཡང་གང་སྣང་ཐམས་ཅད་རྡོ་རྗེ་འཆང་གི་རྣམ་པར་སྒོམ་པ་བསྐྱེད་རིམ་གྱི་ལམ་དུ་སྦྱངས་ཟིན་པ་དང༌། ཡུངས་འབྲུ་ཙམ་གྱི་ཐིག་ལེའི་ནང་དུ་ཡང༌། ལྷ་སོ་གཉིས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་རིམ་པ་དང་པོར་བསྒྲུབས་ཟིན་པས། བསྐྱེད་རིམ་ཕྲ་རགས་གཉིས་ཀ་མཐར་ཕྱིན་པའི་འོག་ཏུ་ལུས་དབེན་ལ་བསླབ་པར་གསུངས་པ་ནི། བསྐྱེད་རིམ་གྱི་ལུས་དབེན་མིན་གྱི་རྫོགས་རིམ་གྱི་ལུས་དབེན་ཡིན་ལ། དེ་ལ་ནི་སྔར་ལྟར་ཕྲ་མོ་བསྒོམས་ནས་རླུང་ཐིམ་པ་ལས་བྱུང་བའི་ལྷན་སྐྱེས་བསྐྱེད་པའི་འོག་ཏུ་གང་སྣང་ཐམས་ཅད་དེའི་རྣམ་རོལ་དང་ལྷར་སྒོམ་པ་ཅིག་མེད་ན། བསྐྱེད་རིམ་གྱི་ལམ་ལས་ལོགས་པའི་བོགས་ཅི་ཡང་འདོན་རྒྱུ་མེད་དེ། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུའི་ལྷར་སྐྱེད་པ་ནི་ལུས་དབེན་གྱི་ལྷ་སྒོམ་པ་ལ་མེད་པའི་ཕྱིར་དང༌། རྫོགས་རིམ་པའི་ལྷན་སྐྱེས་རྒྱུད་ལ་བསྐྱེད་ཟིན་པའི་སྒོ་ནས་ལྷར་སྒོམ་པ་ཡང་མེད་པའི་ཕྱིར་རོ། །དེས་ན་སྔར་བཤད་པ་ལྟར་ཕྲ་མོ་སྒོམ་པ་


JLD008_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དྷཱུ་ཏཱིར་སྡུད་པའི་སྲོག་རྩོལ་དུ་འགྲོ་བ་ཤེས་ནས། དེ་བསྒོམས་ནས་རྫོགས་རིམ་པའི་ལྷན་སྐྱེས་དྲངས་ཏེ་ལུས་དབེན་སྒོམ་པ་ནི་གདོན་མི་ཟ་བར་བྱ་དགོས་སོ། །འདི་ལ་ལུས་དབེན་མཉམ་གཞག་ཏུ་སྒོམ་ཚུལ་ནི་སྔར་བཤད་པ་ལྟར་ཡས་བབས་དང༌། མས་བརྟན་གྱི་ལྷན་སྐྱེས་ཀྱི་དགའ་བ་རྙེད་པའི་ཚེ། སྟོང་པ་ཉིད་ཀྱི་ལྟ་བ་དྲན་པར་བྱས་ལ་བདེ་སྟོང་དབྱེར་མེད་བསྐྱང༌། ལུས་དབེན་རྗེས་ཐོབ་ཏུ་སྐྱོང་ཚུལ་ནི། སྤྱིར་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་ན། དེ་ལས་ལངས་པའི་དུས་སུ་ཡུལ་སྣང་བདེ་བར་འཆར་བ་རེ་འོང་ལ། ཁྱད་པར་དུ་སྔར་བཤད་པ་ལྟ་བུའི་ལྷན་སྐྱེས་ཀྱི་དགའ་བའི་བདེ་སྟོང་སྦྱར་བ་མཉམ་གཞག་ཏུ་བསྐྱངས་པ་ལས་ལངས་པའི་ཚེ། རང་ཤུགས་ཀྱིས་ཀྱང་ཡུལ་སྣང་བདེ་བར་འཆར་བ་འོང་མོད་ཀྱང་དེ་ཙམ་གྱིས་མི་ཆོག་གི། རྗེས་ཀྱི་སྐབས་སུ་མཉམ་གཞག་གི་བདེ་སྟོང་དྲན་ནས་དེས་ཡུལ་སྣང་ལ་རྒྱས་བཏབ་ནས་བསྒོམས་ན། བདེ་བ་འབར་བ་ཁྱད་པར་ཅན་དུ་འགྱུར་རོ། །དེ་བྱེད་ཚུལ་ནི་རླུང་ཐིམ་ནས་སླར་ཡང་མ་ལངས་ཀྱི་བར་དུ་ལྷན་སྐྱེས་ཉིད་བསྐྱངས་པའི་མཐར་རླུང་གཡོས་ཏེ་ལྡང་བར་རྩོམ་པ་དང་ལྷན་སྐྱེས་ཀྱི་འོད་གསལ་གྱི་ངང་ལས་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ཐོལ་གྱིས་ལངས་ལ། རང་གཞན་གྱི་ཆོས་ཐམས་ཅད་ལ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་རྡུལ་ཙམ་ཡང་མེད་པར་ཐག་བཅད་དེ། ཆོས་ཅན་མི་འདྲ་བ་སྣ་ཚོགས་པ་ཅིག་ཡོད་ཀྱང༌། དེ་རྣམས་ཀྱི་རང་བཞིན་མེད་པ་ལ་ཁྱད་པར་མེད་པ་ངེས་པར་བྱ། དེའི་ཚེ་ཡིན་ཚུལ་གྱིས་ངོ་བོ་རང་བཞིན་


JLD008_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དེ་ཉིད་ཆོས་ཅན་གྱི་རྣམ་པ་མི་འདྲ་བ་དུ་མར་ཤར་བའི་སྟོང་ཉིད་ཀྱི་རྣམ་འགྱུར་དུ་བལྟ་སྟེ། དུ་མ་རོ་གཅིག་དང༌། རོ་གཅིག་དུ་མར་ཤར་བའི་ཚུལ་ལོ། །དེ་ལྟར་སྟོང་པའི་རྣམ་འགྱུར་ཡིན་ན་རང་རྒྱུད་ཀྱི་བདེ་བས་དེ་རྟོགས་པ་ན། ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་སོང་བར་མོས་པ་བྱེད་དགོས་པས། མོས་པའི་དབང་གིས་བདེ་བའི་རྣམ་འགྱུར་དུ་ཡང་བསྒོམ་པར་བྱའོ། །དེ་ལྟ་ན་ཕྱི་ནང་གི་ཆོས་ཅན་ཐམས་ཅད་བདེ་བ་ཆེན་པོའི་རྣམ་རོལ་དུ་བལྟ་བ་ལ་དང་པོར་བསླབ། དེ་བརྟན་ནས་བདེ་བའི་རྣམ་རོལ་དུ་ཤར་བ་ཐམས་ཅད་ཀྱང་རྡོ་རྗེ་འཆང་དུ་འཆར་བ་ལ་བསླབ་པར་བྱའོ། །མཉམ་གཞག་གི་ལུས་དབེན་ལ་ལྷའི་ཞལ་ཕྱག་གི་རྣམ་པ་སྒོམ་པ་མེད་ཀྱང༌། ལྷན་སྐྱེས་ངེས་དོན་གྱི་ལྷ་ཡིན་པས་དེ་བསྒོམས་པས་ཐ་མལ་གྱི་ཞེན་པ་འགོག་པའི་ལྷར་སྒོམ་པ་མེད་པ་ནི་མིན་ལ། རྗེས་ཀྱི་དུས་སུ་དང་པོར་ལྷན་སྐྱེས་ཀྱི་རྣམ་རོལ་ཙམ་དུ་བལྟ་བ་ལ་ཡང་ལུས་དབེན་གྱི་དོན་མེད་པ་ཡང་མིན་ནོ། །ཐེག་པ་བླ་ན་མེད་པ་འདི་ལ་རིམ་པ་དང་པོར་གང་སྣང་ཐམས་ཅད་ལྷར་འཆར་བ་ཞིག་དགོས་པ་བཞིན་དུ། རིམ་པ་གཉིས་པར་གང་སྣང་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོ་བ་ཅིག་དགོས་པ་ལ། ལུགས་འདི་ལ་ནི་ལུས་དབེན་ནས་དེ་སྒྲུབ་པ་ཡིན་པས་གནད་ཤིན་ཏུ་ཆེ་སྟེ་རྒྱས་པར་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ། །དེ་ལྟར་མཉམ་རྗེས་སུ་བསྐྱངས་པའི་མཐར་སླར་ཡང་འོག་སྒོའི་ཕྲ་མོ་བསྒོམས་ལ་ལྷན་སྐྱེས་གཉིས་བསྐྱེད་དོ། །དེ་སྐྱེས་པ་དང་ཡང་སྔར་བཞིན་མཉམ་རྗེས་སུ་བསྐྱང་བ་སྤེལ་མར་བྱའོ། །དེ་ལྟར་


JLD008_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་བྱུང་ན་མཚམས་འདི་ནས་ཀྱང་སད་དུས་ཀྱི་དགེ་སྦྱོར་གྱི་གནད་ཀྱིས་གཉིས་དང་རྨི་ལམ་དང་བསྲེ་བ་རྣམས་བྱས་པས་ཆོག་གོ། དེ་ལ་རྨི་ལམ་གྱི་སྒྱུ་ལུས་ལ་སོགས་པའི་སྒྱུ་ལུས་རྗེས་མཐུན་པ་བྱུང་ཡང༌། གང་ཤར་ཐམས་ཅད་ལྷར་སྒོམ་པའི་ལུས་དབེན་དང་མི་གཅིག་གོ། བསྐྱེད་རིམ་ཕྲ་རགས་ཐམས་ཅད་བརྟན་པར་མ་བྱས་པ་ལའང་རླུང་འདུས་པ་ལས་དགའ་བཞི་སྐྱེ་བ་འབྱུང་ཡང༌། རིམ་པ་དང་པོ་བརྟན་པར་བྱས་པ་ལ་འབྱུང་བ་འདྲ་བའི་ལྷན་སྐྱེས་སྐྱེ་མི་ནུས་པའི་ཁྱད་པར་ཡང་ཤེས་པར་བྱའོ། །རླུང་ཐིམ་པ་ལས་བྱུང་བའི་བདེ་ཆེན་སྐྱེད་མི་ནུས་ཀྱང༌། ཞུ་བདེ་སྐྱེད་ནུས་ན་ནི་དེའི་སྟེང་ནས་བསྒོམ། དེ་ཡང་མེད་ན་དགེ་སྟོང་སྦྱོར་ཚུལ་ལ་སོགས་པའི་གོ་བ་ལེགས་པར་བཙལ་ནས། བློས་ཡང་ནས་ཡང་དུ་དེའི་ཕྱོགས་བཟུང་བའི་གོ་བའི་སྟེང་ནས་ཀྱང་བསྐྱངས་ལ། ལམ་འདིའི་རིགས་ཀྱི་ནུས་པ་ཐུན་མོང་མ་ཡིན་པ་བརྟས་པར་བྱའོ།། ༈ །།གཉིས་པ་ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་པ་ནི། ལུས་དབེན་དང་ངག་དབེན་གཉིས་ཀྱི་གོ་རིམ་ངེས་ཚུལ་ནི། ངག་དབེན་གྱིས་ནི་གཙོ་བོར་སྙིང་ཁའི་དྷཱུ་ཏཱིའི་ནང་དུ་རླུང་སྡུད་པ་ཡིན་ལ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་སྙིང་ཁའི་རྩ་མདུད་འགྲོལ་བ་འཁོར་ལོ་གཞན་གྱི་རྩ་མདུད་འགྲོལ་བ་ལས་དཀའ་བར་གསུངས་པས། དྷཱུ་ཏཱིའི་གནས་གཞན་དུ་རླུང་མཛུད་པ་སྔོན་དུ་བྱས། དེ་ནས་སྙིང་ཁར་རླུང་བསྡུས་ན་སླ་བས་སླ་བའི་གོ་རིམས་སོ། །འདི་ལ་གཉིས། སྐབས་འདིར་སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་གྱི་སྲོག་རྩོལ་གསུམ་དགོས་པའི་ཚུལ་དང༌། སྲོག་རྩོལ་གསུམ་སྒོམ་པའི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། རྒྱུད་


JLD008_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མར་སྦྱོར་བ་ཡན་ལག་དྲུག་གི་སྲོག་རྩོལ་གྱི་ཡན་ལག་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ་རིམ་ལྔར་རྡོར་བཟླས་ཀྱི་སྐབས་སུ་དྲངས་ལ། དེའི་དོན་སྒྲོན་གསལ་ལས། སྙིང་ཁར་མི་ཤིགས་པ་སྒོམ་པ་དང༌། སྟེང་གི་སྣ་སྒོར་རྡོར་བཟླས་བྱེད་པ་དང༌། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་གསུམ་དུ་བཀྲལ་བས་སྐབས་འདིར་དེ་གསུམ་ག་བསྒོམ་དགོས་སོ། །དེ་ཡང་སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་སྒོམ་པའི་ཐ་སྙད་ཀྱིས་རྡོ་རྗེ་འཕྲེང་བ་ལས་གསུངས་ཏེ། སྣ་རྩེ་གསུམ་གྱི་མཚན་ཉིད་ནི། གསང་བ་སྙིང་ཁ་གདོང་སྣའི་མིང༌། །ཞེས་དང༌། རླུང་དང་སྔགས་དང་རྫས་རྣམས་ཀྱི། །ཐིག་ལེ་གསུམ་སྟེ་བླ་ན་མེད། །ཅེས་སོ། །སྔགས་ཀྱི་ཐིག་ལེ་སྒོམ་པ་ནི་སྙིང་ཁར་མི་ཤིགས་པ་སྒོམ་པ་དང་དོན་གཅིག་གོ། འདི་ལ་མར་ལུགས་ཀྱི་གདམས་ངག་ལས་སྙིང་ཁར་མི་ཤིགས་པ་སྒོམ་པ་ནི་སྔགས་འཁོར་དང་བཅས་པ་རྒྱས་པར་ཡོད་ལ། རྡོར་བཟླས་འདིར་བྱེད་པ་ནི་ཤིན་ཏུ་ཡང་གྲགས་ཆེའོ། །གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་སྐབས་འདིར་བྱ་དགོས་པ་ནི། རིམ་ལྔ་དང་སྒྲོན་གསལ་གཉིས་ལས་གསལ་བར་གསུངས་པ་ད་དུང་མ་ཆད་པར་ཡོད་པས། དེ་ཡང་སྐབས་འདིའི་མན་ངག་ཏུ་འཁྱེར་དགོས་ཏེ་རྒྱས་པར་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ། །གཉིས་པ་ལ་གསུམ། སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལའི་སྲོག་རྩོལ་བསྒོམ་པ་དང༌། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམ་པ་དང༌། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམ་པའོ། །དང་པོ་ལ་གཉིས།


JLD008_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་སྔགས་ཀྱི་འཁོར་ལོ་བསྒོམ་པ། དེ་ལ་གེགས་བྱུང་ན་སེལ་ཚུལ་ལོ། །དང་པོ་ནི། གསང་ཆེན་རིགས་གཅིག་གི་ལྷ་ཡབ་ཡུམ་དུ་གསལ་བའི་ངང་ནས་བསྒོམ་པ་དང༌། གནད་གཞན་གསུམ་སྔར་དང་འདྲའོ། །དམིགས་པ་གང་དུ་གཏོང་བའི་ཡུལ་གྱི་གནད་ཀྱི་གཙོ་བོ་ནི་སྙིང་ཁ་ཡིན་པས། ནུ་མ་གཉིས་ཀྱི་དབུས་དྲང་པོ་ནས་ཐད་དྲང་དུ་སྒལ་པ་ངོས་ལ་ཉེ་བར་སྙིང་ཁའི་རྩ་འཁོར་དྷཱུ་ཏཱི་དང་བཅས་པ་ཡོད་པས་དེར་སྒོམ་པ་ཡིན་ནོ། །སྙིང་གར་པདྨ་འདབ་བརྒྱད་ཁ་དོག་དམར་པོ་རིམ་པ་གསུམ་པ་ཞིག་བསམ་མོ། །འདི་ལ་རྩའི་འདབ་མ་ཉིད་ལ་པད་འདབ་ཏུ་བྱས་པ་དང༌། མེ་ཏོག་པདྨའི་འདབ་མ་བཞིན་དུ་སྒོམ་པ་གཉིས་འབྱུང་བ་ནི། གཞུང་ཁུངས་ཐུབ་གཞན་ནས་ཀྱང་འདི་འདྲ་སྒོམ་པ་རྣམས་ལ་ལུགས་གཉིས་ཆར་འབྱུང་བས་གང་བྱས་ཀྱང་འདྲའོ། །ཕྱི་མ་ལྟར་བྱེད་ན་པདྨའི་དབུས་སུ་མི་ཤིགས་པའི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པའམ། འོག་ཏུ་ཐིག་ལེ་དམར་པོ་སྟེང་དུ་དཀར་པོ་སྲན་མ་ཕྱེད་གཤགས་ཙམ་ཁ་སྦྱར་བའི་ནང་དུ། ཨ་ཐུང་ཤད་ཀྱི་རྣམ་པ་ཅན་མགོ་གྱེན་ལྟ་ཁ་དོག་མཐིང་ག་འོད་ཟེར་རྣམ་པ་ལྔ་འབར་བ་ཤིན་ཏུ་འཚེར་བ་ཞིག་བསྒོམ་མོ། །དེ་ཡང་བདེ་བ་ཆེན་པོའི་རང་བཞིན་བདུད་རྩི་འཛག་པའི་རྣམ་པ་ཅན་དུ་བསྒོམས་ན་ལེགས་སོ། དེ་ལ་ནི་རྩ་གསལ་བཏབ་པའི་གསལ་སྣང་བསྐྱེད་ནས་མི་སྒོམ་ཡང༌། ཆོས་ཀྱི་འཁོར་ལོའི་དབུས་སུ་དྷཱུ་ཏཱི་ལ་རོ་རྐྱང་གི་མདུད་པ་བཅིངས་པའི་ཐད་ཀྱི་དྷཱུ་ཏཱིའི་ནང་ཉིད་ན་ཡོད་པར་མོས་ནས་བསྒོམ་དགོས་སོ། །འདིར་བཤད་རྒྱུད་ལས་སྔགས་ཀྱི་ཐིག་ལེ་ཧཱུཾ་ཡིག་ཏུ་


JLD008_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ། བླ་མ་རྣམས་ཀྱི་ཨ་ཐུང་དུ་མཛད་པ་ནི་སྤྱོད་བསྡུད་སུ་རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་རྒྱུད་དྲངས་པ་དང་མཐུན་ནོ། །མི་ཤིགས་པའི་ཐིག་ལེ་ལ་ནི། སེམས་ཀྱི་རྟེན་སྙིང་གའི་ཁམས་དཀར་དམར་དང༌། སྲོག་འཛིན་གྱི་རླུང་ཤིན་ཏུ་ཕྲ་བ་དང་སེམས་ལ་སོགས་པ་རྣམས་ཡོད་དོ། །ནང་སྐོར་གྱི་ཕྱོགས་ཀྱི་འདབ་མ་ལ་ནི་ཤར་དུ་རྀ། ལྷོར་རཱྀ། ནུབ་ཏུ་ལྀ། བྱང་དུ་ལཱྀ་འགོད་ཅིང་མཚམས་བཞི་སྟོང་པར་བཞག །བར་གྱི་འདབ་མ་ལ་ཤར་དུ་ཀ་ཁ་ག་གྷ། ལྷོར་ཙ་ཚ་ཛ་ཛྷ། ནུབ་ཏུ་ཊ་ཋ་ཌ་ཌྷ། བྱང་དུ་ཏ་ཐ་ད་དྷ། ཤར་ལྷོར་པ་ཕ་བ་བ་བྷ། ལྷོ་ནུབ་ཏུ་ཡ་ར་ལ་ཝ། ནུབ་བྱང་དུ་ཤ་ཥ་ས་ཧ། བྱང་ཤར་དུ་ང་ཉ་ཎ་ན་བཞི་བཞི་འགོད། ཡང་ན་ཤར་ནས་བརྩམས་ཏེ་ཁྲིགས་ཆགས་སུ་འགོད། ཕྱི་རོལ་གྱི་འདབ་མ་ལ་ཤར་དུ་ཨ་ཨཱ། ལྷོར་ཨི་ཨཱི། ནུབ་ཏུ་ཨུ་ཨཱུ། བྱང་དུ་ཨེ་ཨཱཻ། ཤར་ལྷོར་ཨོ། ལྷོ་ནུབ་ཏུ་ཨཽ། ནུབ་བྱང་དུ་ཨཾ། བྱང་ཤར་དུ་ཨཱཿ འགོད་དེ། ཨཾ་མ་གཏོགས་པ་བཅུ་གཅིག་ལ་འགོར་པ་སྡེའི་ཐ་མའི་མ་ཡིག་ཐིག་ལེ་རེ་བཞག་གོ། །ཡང་ན་ཤར་ནས་རིམ་པ་བཞིན་འགོད་དོ། ། ཡི་གེ་དེ་རྣམས་ཐམས་ཅད་མགོ་གྱེན་ལྟ། རེ་རེ་བ་མ་གཏོགས་པ་རྣམས་འཕྲེད་ལ་བསྒྲིགས་པའི་རྣམ་པ་ཅན་བདེ་བའི་ངོ་བོར་མེར་རེ་ཡོད་པ་ཕྱི་རིམ་གྱི་ཡི་གེའི་ཁ་དོག་དཀར་པོ། བར་མའི་ཁ་དག་དམར་པོ། ནང་གི་ཁ་དོག་སྔོ་ནག་ཏུ་བྱའོ། །འདི་རྣམས་ཀྱི་རྒྱུ་མཚན་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ། །རྩ་འདབ་ཏུ་བྱེད་ན་རྩའི་སྦུབས་ཀྱི་ནང་ན་ཚུར་ཕྱི་ནང་དུ་བསྒྲིགས་པའི་རྣམ་པ་ཅན་དུ་


JLD008_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང༌། ཡི་གེ་ཚན་པ་གསུམ་སྣང་མཆེད་ཐོབ་གསུམ་གྱི་མཚོན་བྱེད་དུ་བཤད་དོ། །འདི་ལ་ཐོག་མར་པད་འདབ་ཉེར་བཞི་ལྟེ་བ་དང་བཅས་པ་གསལ་གདབ་ལ་སེམས་བཟུང་དེ་ནས་ཕྱི་ནས་རིམ་པ་བཞིན་ཕྱོགས་མཚམས་ཀྱི་ཡི་གེ་གསལ་གདབ་ལ་རིམ་གྱིས་སེམས་བཟུང་བའི་མཐར། དབུས་ཀྱི་མི་ཤིགས་པ་ཨ་ཐུང་དང་བཅས་པའི་ནང་དུ་སེམས་ཞུགས་པ་ལྟར་བྱས་ལ་ཡུན་རིང་དུ་སེམས་བཟུང་ཞིང༌། སྔར་བཞིན་ཕྱི་ནས་རིམ་པ་བཞིན་དབུས་ཀྱི་བར་དུ་སེམས་བཟུང་བ་སྤེལ་མར་བྱས་ལ། གསལ་སྣང་ལེགས་པོར་བྱུང་བ་དང༌། དེ་ལ་སེམས་བརྟན་པ་གཉིས་ཀ་བྱུང་བྱུང་དུ་སྦྱང་ངོ་། །དེ་ལྟར་བྱེད་པ་ནི་ཆོས་ཀྱི་འཁོར་ལོའི་ཕྱོགས་མཚམས་ནས་རིམ་གྱིས་རིམ་གྱིས་རླུང་ནང་དུ་འདུ་བ་ཉེ་རུ་སོང་ནས། མཐར་སྙིང་གའི་དྷཱུ་ཏཱིའི་ནང་དུ་སྡུད་པའི་ཆེད་ཡིན་ཏེ། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་གང་དུ་བཟུང་བའི་ལུས་ཀྱི་གནས་དེར་རླུང་ཡང་འདུ་བའི་ཕྱིར་རོ། །འདི་ལ་ཡུན་བསྲིངས་པས་འཆར་དུ་བཏུབ་ཙམ་སྣང་ན་ཡི་གེ་ཀུན་ལ་དམིགས་ལ་བསྒོམ། ཅི་བྱས་ཀྱང་མི་འཆར་བར་སྣང་ན་མེད་མི་རུང་དབུས་ཀྱི་ཐིག་ལེ་ཨ་ཐུང་དང་བཅས་པ་ཡིན་པས། དེ་ཁོ་ན་ལ་གསལ་སྣང་དང་གནས་པ་གཉིས་ཀ་བཙལ་ལོ། །འདི་ལ་ཡང་ཡེ་མི་གསལ་བ་དང༌། གསལ་ཡང་ཡལ་སྐྱེན་པ་ལ་ཇི་ལྟར་བྱ་བ་དང༌། སྔགས་ཀྱི་ཐིག་ལེའི་རྣལ་འབྱོར་གྱིས་རླུང་དྷཱུ་ཏཱིར་ཚུད་པའི་རྟགས་དང༌། ཐིམ་པའི་རྟགས་དང༌། ཐུན་ཚད་ནི་ཕྲ་མོ་སྒོམ་པའི་སྐབས་སུ་བཤད་པས་ཤེས་པར་བྱའོ། །སྙིང་ཁའི་


JLD008_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་པ་སྒོམ་པ་ལ་ནི་བསྔགས་པ་ཤིན་ཏུ་ཆེ་སྟེ། མངོན་བརྗོད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་པ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང༌། བདེ་མཆོག་རིམ་ལྔ་ལས་ཀྱང༌། སྒྲ་དང་ཐིག་ལེར་ལྡན་པའི་སེམས། །སྙིང་གར་གཞག་བྱ་དེ་ནས་འདིའི། །རྨོངས་པའི་རབ་རིབ་འཇོམས་མཛད་པའི། །མངའ་བདག་བཅོམ་ལྡན་འབྱུང་འགྱུར་ཏེ། །ཞེས་སྙིང་གའི་མི་ཤིགས་པ་བསྒོམས་པས་མ་རིག་པ་རྩད་ནས་གཅོད་པའི་ལྷན་སྐྱེས་འཆར་བར་གསུངས་ཏེ། ངེས་པར་ཡེ་ཤེས་སྐྱེ་ཞེས་པ་ཡང་དེའོ། །གྲོལ་བའི་ཐིག་ལེ་ལས་ཀྱང༌། དེ་གསལ་མི་ཤིགས་ཐིག་ལེའི་གཟུགས། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །འོད་ཟེར་སྣ་ལྔ་འབར་འཛག་པའི། །ཚུལ་ཅན་སྙིང་དབུས་རྟག་ཏུ་གནས། །དེ་ལ་བསྟས་པས་ཡེ་ཤེས་ཆེ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་ལ། །འབར་བ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །འདི་དང་འོག་སྒོའི་ཕྲ་མོ་བསྔགས་པ་ཆེ་ཞིང༌། འཕྱུག་མེད་པའི་སྲོག་རྩོལ་གྱི་གདམས་པ་ཁྱད་པར་ཅན་ཡིན་པས་འབད་པར་བྱའོ། །འདི་བསྒོམས་པ་ལ་ཡང་སྨིག་རྒྱུ་ལ་སོགས་པའི་རྟགས་རྣམས་འཆར་བར་གསུངས་ཤིང༌། རྟགས་བཞི་པའི་མཐར་སྟོང་པ་བཞི་ཡང་འཆར་རོ། །གཉིས་པ་ནི། འོག་སྒོའི་ཕྲ་མོའི་སྐབས་སུ་རླུང་ཐིམ་པས་དགའ་བཞི་ལེགས་པར་སྐྱེད་ནུས་པ་བྱུང་ན། འདིར་རླུང་འདུ་ཡང་སླ་ལ། འདུ་བའི་དུས་སུ་ཟུག་སྐྱེད་པ་


JLD008_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་གེགས་ཆུང༌། དེ་ལྟ་མིན་ནའང་འཇམ་པོའི་སྐྱོང་ལུགས་ལེགས་པར་ཤེས་ནས་བསྐྱངས་པ་ལ་གེགས་འགངས་ཅན་མི་འབྱུང་ངོ་། །སེམས་ཟིན་རབ་བྱུང་ནས་རླུང་རེ་འགའ་འདུས་པའ་ཚེ་ཟུག་ཅུང་ཟད་སྐྱེད་པ་སོགས་བྱུང་ནའང༌། དེ་ཀ་ལ་བཞག་པས་དང་པོར་ཟུག་བྱུང་ཡང༌། དེའི་འཕྲོ་ནས་བདེ་བ་དྲངས་པ་ཅིག་བྱུང་ན་ལེགས་པས་དེ་ཀ་ལ་བསྐྱང་ཟུག་མ་བསལ་ན་དགེ་སྦྱོར་གྱི་གེགས་སུ་འགྲོ་བར་སྣང་ན། འཁོར་ལོའི་དབུས་སུ་མ་བསྡུས་པར་ཟུག་སྐྱེད་པའི་ཐད་ནས་རླུང་ཕྱིར་འབྱིན་པ་སོགས་ཀྱི་སེལ་ཐབས་བྱས་ན། སྔ་རེས་ཀྱི་རླུང་བསྡུས་པ་ཕྱིར་ལ་གཏོར་བས་དྷཱུ་ཏཱིར་སྡུད་པ་ལ་མི་ཕན་ཞིང༌། ཕྱི་རེས་ནས་ཀྱང་རླུང་བསྡུ་བཀའ་བར་འགྱུར་བས་ཟུག་ཞི་ཐུབ་པ་ཙམ་གྱི་གེགས་སེལ་ཐབས་ཀྱིས་མི་ཆོག་གོ། དེས་ན་སྙིང་ཁའི་སྟོད་སྨད་ཀྱི་རླུང་ཀུན་དམིགས་པས་ལེགས་པར་བསྡུས་ནས་མི་ཤིགས་པ་ཡོད་ས་དེར་བསྟིམ་པ་ཡང་ཡང་བྱས་པས་ཟུག་ཀྱང་ཞི་བ་དང༌། སྔ་མའི་རླུང་བསྡུས་པ་ཡང་དོན་མེད་དུ་མི་འགྱུར་ཞིང༌། ཕྱི་རེས་ནས་ཀྱང་སྡུད་པ་ལ་མི་གནོད་དོ། །སྙིང་ཁའི་མི་ཤིགས་པ་ལ་སེམས་ཐིམ་པ་ལྟ་བུའི་ཟིན་པོ་བྱུང་བ་འགའ་ཞིག་ལ་མིག་ལོང་བ་ལྟ་བུ་འབྱུང་ལ། དེ་བཞིན་དུ་དབང་པོ་གཞན་བཞིས་ཀྱང་རང་གི་ཡུལ་འཛིན་པའི་ནུས་པ་མེད་པ་བྱུང་ན། རླུང་ཐིམ་ནས་སྟོང་པ་བཞི་ཤར་བའི་དུས་སུ་ནི་དབང་ཤེས་ཐིམ་དགོས་པས་སེལ་ཐབས་མི་དགོས་ལ། དེ་འདྲ་མིན་པའི་སྐབས་སུ་རྒྱུན་རིང་རབ་པ་འོང་བ་ནི་བཤད་རྒྱུད་ལས། སྙིང་ག་ན་དབང་པོའི་སྒོར་འཇུག་པའི་འཛིན་པའི་རླུང་དྲུག་དང༌། གཟུང་བའི་རླུང་དྲུག་སྟེ་བཅུ་གཉིས་གནས་


JLD008_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་པ་རྣམས། སྙིང་གར་མ་ཐིམ་པར་ཅུང་ཟད་རེངས་པ་ཡིན་པས། དེ་ལ་ནི་འཆད་པར་གྱུར་བ་ལྟར་སྙིང་ཁ་ནས་དབང་པོ་སོ་སོའི་སྒོར་རྡོར་བཟླས་བྱས་པས་སེལ་ལ། རླུང་བསྡུས་ཏེ་སྙིང་ཁར་བཤིག་པ་ལ་གོམས་ནའང་སེལ་ནུས་སོ། །རྒྱུན་མཚན་སྔ་མ་ངེས་ཀྱང་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་གནད་དུ་བསྣུན་པ་ལས། གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་འོད་གསལ་ཕུལ་དུ་བྱུང་བ་འཆར་བ་ཡིན་ནོ། །འདི་ལ་ཡང་གེགས་མ་བྱུང་རུང་སྐབས་སྐབས་སུ་སྙིང་ཁའི་ཡི་གེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པའམ། ཡང་ན་དམིགས་པ་རྐྱང་པས་ཀྱང་སྟོད་སྨད་ཀྱི་རླུང་ཀུན་བསྡུས་ནས་མི་ཤིགས་པ་ལ་བསྟིམ་ཞིང་དེའི་དབང་གིས་བདེ་བ་བྱུང་བར་བསམས་ན་རླུང་འདུ་སླ་བ་དང་མཉེན་དུ་འགྲོ་བ་སོགས་ཀྱི་གནད་ཀྱང་ཆེའོ། །གཉིས་པ་ལ་གསུམ། རླུང་གི་དེ་ཉིད་མདོར་བསྡུས་ཏེ་བསྟན་པ་དང༌། དེ་ལ་རྡོར་བཟླས་བྱ་བའི་ཚུལ་དང༌། གེགས་བྱུང་ན་སེལ་ཚུལ་ལོ། །དང་པོ་ནི། མི་ཤིགས་པ་ལ་སེམས་བརྟན་པོ་རྙེད་རྙེད་བར་དུ་སྦྱངས་ནས་བརྟན་པ་ན། རྡོར་བཟླས་བྱེད་པ་སྒྲོན་གསལ་གྱི་དགོངས་པ་ཡིན་པས། དེ་བརྟན་པ་ན་རྡོ་རྗེ་བཟླས་པ་བྱ་བ་ལ་བཟླས་པའི་ཡུལ་རླུང་ནི། རྩ་བའི་རླུང་ལྔ་ལས་ནམ་མཁའི་རླུང་ཁྱབ་བྱེད་ནི་འཆི་བའི་དུས་སུ་སྣ་སྒོར་རྒྱུའི་ད་ལྟ་མི་རྒྱུའོ། །གྱེན་རྒྱུ་མེའི་རླུང་གིས་གཙོ་བོ་བྱས་ཏེ་གཞན་གསུམ་འཁོར་དུ་རྒྱུན་སྣ་བུག་གཡས་ནས་དང༌། མཉམ་གནས་རླུང་གི་རླུང་གིས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཡོན་ནས་དང༌། ཐུར་སེལ་སའི་རླུང་དང༌། སྲོག་


JLD008_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆུའི་རླུང་གིས་གཙོ་བོ་བྱས་ནས། རྒྱུན་སྣ་བུག་གཉིས་ཀ་ནས་མཉམ་པོར་རྒྱུ་སྟེ། བཞི་ཀ་ཡང་ཐུན་ཕྱེད་རེར་དགུ་བརྒྱ་རེ་རྒྱུ་ལ། གནས་ནི་རིམ་པ་བཞིན་མགྲིན་པ་དང༌། ལྟེ་བ་དང༌། གསང་གནས་དང༌། སྙིང་ཁ་ན་གནས་སོ། །རང་དབང་གི་ཁ་དོག་ནི་རིམ་པ་བཞིན་དམར་ནག་སེར་དཀར་པའོ། །ཞག་གཅིག་གི་རླུང་གི་ཕྱེད་མཉམ་རྒྱུར་གསུངས་པས། ལུགས་འདི་ལ་གཞི་དུས་ཀྱི་མཉམ་རྒྱུ་ནི་དྷཱུ་ཏཱི་ནས་རྒྱུ་བ་མིན་ཀྱང༌། བསྒོམས་སྟོབས་ཀྱིས་མཉམ་རྒྱུར་བཏང་བ་ནི་དྷཱུ་ཏཱི་ནས་རྒྱུའོ། །རྩ་བའི་རླུང་ལྔ་མགོན་པོ་ལྔའི་རླུང་དུ་རྡོ་རྗེ་ཕྲེང་བ་ལས་གསུངས་ཀྱང་ལྷ་མོའི་རླུང་དུ་མ་གསུངས་སོ། །དགོངས་པ་ལུང་སྟོན་ལས། དམར་ནག་སེར་དཀར་བའི་མེ་དང༌། རླུང་དང་། དབང་ཆེན་དང༌། ཆུའི་དཀྱིལ་འཁོར་བཞི་རིམ་པ་བཞིན་དུ། གོས་དཀར་མོ་དང༌། སྒྲོལ་མ་དང༌། སྤྱན་མ་དང༌། མཱ་མ་ཀཱིའི་རླུང་དང༌། གོས་དཀར་མོ་ལ་སོགས་པའི་རླུང་བཞི་རིམ་པ་བཞིན་སྣ་བུག་གི་སྟེང་དང༌། བསེགས་དང་ཐད་ཀ་དང་འོག་ཏུ་རྒྱུ་བ་དང༌། ལྷ་མོ་བཞིའི་རླུང་ཉིས་བརྒྱ་ཉེར་ལྔ་པ་བཞི་བསྡོམས་པས་དགུ་བརྒྱ་རེ་རེ་གསུངས་སོ། །དེའི་ལུགས་ལ་ནི་གྱེན་རྒྱུ་སོགས་བཞིས་གཙོ་བོ་བྱས་ནས་རྒྱུ་བ་ལ། ལྷ་མོ་བཞིའི་རླུང་དུ་བཞག་པ་དང༌། དགུ་བརྒྱ་པ་རེའི་བཞི་ཆ་ལ་ལྷ་མོ་རེའི་རླུང་དུ་བྱས་པའི་ཚུལ་གཉིས་ཤེས་དགོས་ཤིང་། དགུ་བརྒྱ་རེའི་བཞི་ཆ་ནི་རིམ་པ་བཞིན་སྣ་བུག་གི་སྟེང་ལ་སོགས་པ་བཞིར་རིམ་གྱིས་རྒྱུའོ། །བསགས་ནི་ཆག་གིས་ལོགས་སུ་བསྒྱུར་བ་ལྟར་སྣ་བུག་གི་ལོགས་དང༌། ཐད་ཀ་ཞེས་པ་ནི་སྣ་བུག་གི་དབུས་ཀྱི་ཐད་དྲང་དང༌། འོག་ནི་སྣ་བུག་


JLD008_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གི་འོག་ངོས་མཆུ་ལ་བདར་ནས་རྒྱུའོ། །རྒྱུ་བ་དང༌། རྣམ་པར་རྒྱུ་བ་དང༌། ཡང་དག་པར་རྒྱུ་བ་དང༌། རབ་ཏུ་རྒྱུ་བ་དང༌། ངེས་པར་རྒྱུ་བ་ཞེས་པའི་ཡན་ལག་གི་རླུང་ལྔ་ནི་རིམ་པ་བཞིན་མིག་ལ་སོགས་པའི་དབང་པོ་ལྔ་ལ་གནས་ནས་འཇུག་ལྡང་སོགས་བྱེད་དོ།། ༈ །།གཉིས་པ་ལ་གཉིས། རྩ་བའི་རླུང་གི་རྡོར་བཟླས་དང༌། ཡན་ལག་གི་རླུང་གི་རྡོར་བཟླས་སོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། དེ་བསྒོམས་པས་མྱོང་བ་སྐྱེ་ཚུལ་ལོ། །དང་པོ་ནི། སྔར་རླུང་ཐིམ་པའི་ལྷན་སྐྱེས་སྐྱེད་ནུས་པ་ཡོད་ན། འདི་དང་སྔགས་ཀྱི་ཐིག་ལེ་སྒོམ་པ་གཉིས་ཀའི་སྐབས་སུ་ལྷར་སྒོམ་པ་ནི་ལྷན་སྐྱེས་ཀྱི་འོད་གསལ་གྱི་ངང་ནས་བསྒོམ། དེ་ལྟ་མིན་ན་སྐད་ཅིག་གིས་བསྐྱེད་ལུས་དང་དུས་དང་རླུང་གི་གནད་གསུམ་སྔར་དང་འདྲའོ། །འདིར་རླུང་ལ་རྡོར་བཟླས་བྱེད་པའི་གཙོ་བོ་ནི། རྩ་བའི་རླུང་བཞིའི་རྡོར་བཟླས་ཡིན་ལ། དེ་ལྟར་བྱེད་པའི་དགོས་པ་ཐུན་མོང་མ་ཡིན་པ་ནི། སྙིང་ཁ་ན་གནས་པའི་དྷཱུ་ཏཱིའི་རྩ་མདུད་བཀྲོལ་ནས། དེའི་ནང་གི་མི་ཤིགས་པ་ལ་སྲོག་ཐུར་ལ་སོགས་པའི་ཕྱོགས་མཚམས་ཀྱི་རླུང་བསྡུས་ནས་ཐིམ་པར་བྱས་པ་ལས། སྟོང་པ་བཞིའི་རིམ་གྱིས་འོད་གསལ་ཕུལ་དུ་བྱུང་བ་འཆར་བའི་ཆེད་ཡིན་ནོ། །དེའི་གནད་ཀྱིས་རླུང་བཞི་ཀའི་རྡོར་བཟླས་བྱེད་པ་ནི། སྙིང་ཁའི་མི་ཤིགས་པ་ལས་འབྱུང་བ་དང༌། འཇུག་པ་ལ་སོགས་པའི་ཚུལ་གྱིས་བྱེད་པ་ནི་བཤད་པའི་རྒྱུད་ལྷ་མོ་བཞིས་ཞུས་དང་སྒྲོན་གསལ་ལས་གསུངས་ལ། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་རྡོར་བཟླས་ཀྱིས་སྙིང་ཁའི་རྩ་མདུད་འབྱེད་པ་དང༌།


JLD008_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རྩ་མདུད་འབྱེད་པ་ཐམས་ཅད་ཀྱི་དཀའ་ཤོས་ཡིན་པ་དང༌། དེ་འབྱེད་ནུས་ན་རྩ་མདུད་གཞན་རྣམས་དེའི་སྟོབས་ཀྱིས་འགྲོལ་བ་ལ་སོགས་པ་ངག་དབེན་གྱི་རྣམ་གཞག་རྒྱས་པར་ནི་ངོ་སྤྲོད་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ། །དེ་ཕྱིར་སྔར་བཤད་པའི་འོག་སྒོའི་ཕྲ་མོ་དང༌། སྙིང་ཁའི་སྔགས་ཀྱི་ཐིག་ལེ་བསྒོམས་ནས་རླུང་དྷཱུ་ཏཱིར་འཛུད་པ་དང༌། ཐིམ་པར་བྱས་པའི་དབང་གིས་དགའ་བཞི་དང་སྟོང་པ་བཞི་འདྲེན་ནུས་ཀྱང༌། སླར་ཡང་རྡོ་རྗེ་བཟླས་པ་བྱ་དགོས་སོ། །དེ་ལ་རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པ་སྔོན་དུ་བཏང་ནས་རྡོར་བཟླས་བྱ་བར་རིམ་ལྔ་ལས་གསུངས་པའི་དང་པོ་ནི། སྤྱིར་གསལ་སྒྲོན་དུ་བཤད་པ་ལྟར་རླུང་བཅུའི་གནད་མཐའ་དག་པར་ཤེས་དགོས་ལ། ཁྱད་པར་དུ་རླུང་རྣམས་ཀྱི་དང་པོར་སྐྱེ་བ་དང༌། འཆི་ཁར་སྡུད་པའི་རྩ་བའི་གནས་མཐར་ཐུག་པ་སྙིང་ཁའི་མི་ཤིགས་པ་ཡིན་པ་དང༌། དེར་ཐིམ་ནས་འཆི་བའི་སྟོང་པ་བཞི་འཆར་བའི་ཚུལ་དང༌། རླུང་རྣམས་དེར་འདུ་བ་ལ་གནས་དེའི་མདུད་པ་དབྱེ་དགོས་པ་དང༌། །དེ་རྡོར་བཟླས་ཀྱིས་འབྱེད་པའི་ཚུལ་རྣམས་ལེགས་པར་ཤེས་པའོ། །གཉིས་པ་ནི་དབྱངས་གསལ་ལས་བཏུས་པའི་སྤྲུལ་ལ་སོགས་པའི་སྔགས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་གཙོ་བོ་ཡི་གེ་གསུམ་ཡིན་པས། སྔགས་བཟླ་བར་གསུངས་པ་ཐམས་ཅད་ཀྱི་གཙོ་བོ་ཡང་དེ་ཡིན་པ་དང༌། སྔགས་བཟླས་པའི་ངེས་དོན་མཐར་ཐུག་པ་ཡང༌། རླུང་གི་རང་གདངས་ཡི་གེ་གསུམ་ཀྱི་གདངས་སུ་འཆར་བའི་ཚུལ་གྱི་ཟློ་བ་ཉིད་ཡིན་


JLD008_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བཟླས་པ་དེས་སྔགས་བཟླས་པ་གཞན་ཐམས་ཅད་ཀྱིས་སངས་རྒྱས་སྲས་བཅས་ཀྱི་ཐུགས་རྒྱུད་བསྐུལ་ནས། སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པའི་བྱ་བ་ཐམས་ཅད་ལྷག་དང་བཅས་པར་བྱེད་པར་གསུངས་པའི་དོན་ལ་ངེས་པ་རྙེད་པ་ཡིན་ཏེ། རླུང་གི་རྣལ་འབྱོར་འདི་ལ་རོ་རྐྱང་གི་རླུང་དྷཱུ་ཏཱིར་བསྡུས་ནས་ཐིམ་པའི་དབང་གིས་ལྷན་སྐྱེས་འཆར་བའི་ནུས་པ་ཡོད་པར་མ་ཟད། སྔགས་བཟླས་པ་ཐམས་ཅད་ཀྱི་དགོས་པ་ལྷག་དང་བཅས་པ་འགྲུབ་པའི་ཁྱད་ཆོས་ཡོད་པས། རླུང་གི་རྣམ་འབྱོར་རྣམས་ཀྱི་ནང་ནས་རྨད་དུ་བྱུང་བར་ཡང་ཤེས་དགོས་སོ། །དེ་ལྟར་ན་རྩ་བའི་རླུང་བཞི་ལ་རྡོར་བཟླས་བྱེད་པའི་ཡུལ་གྱི་གནད་ནི་རླུང་དེ་རྣམས་དོན་སྟེང་ནས་རྩ་གང་གི་ནང་དུ་རྒྱུ་ཡང་རུང༌། མོས་པ་ལ་ཕྱིར་ལྡང་བ་དང་ནང་དུ་འཇུག་པའི་ཚེ་དྷཱུ་ཏཱིའི་ནང་ནས་ལྡང་འཇུག་བྱེད་པར་མོས་དགོས་ཤིང་དེ་ཡང་སྙིང་ཁའི་དྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ནང་ནས་བྱེད་པར་བསམས་ལ། གནས་པའི་ཚེ་ནི་མི་ཤིགས་པའི་ནང་དུ་གནས་པར་བསམ་མོ། །གནས་པའི་ཚད་ནི་ལྡང་འཇུག་གང་རུང་རེའི་ཡུན་ཚད་ཀྱིས་ཆོག་གོ། དེ་ཡང་སྔགས་དང་སྦྱོར་ཚུལ་ནི་ཡིག་འབྲུ་བྲིས་པའི་རྣམ་པར་བྱེད་པ་མིན་གྱི། ཡི་གེ་གསུམ་གྱི་གདངས་དང་སྦྱོར་བ་ཡིན་ལ། དེ་ཡང་རླུང་ལྡང་འཇུག་གནས་གསུམ་གྱི་རང་གདངས་ཉིད་དེ་གསུམ་དུ་ཤར་བར་སེམས་པའོ། །འདི་ཡིད་བཟླས་སུ་སྒྲོན་གསལ་ལས་གསུངས་ཀྱང་བསྐྱེད་རིམ་པའི་ཡིད་བཟླས་དང་མི་འདྲ་བའི་ཁྱད་པར་ལེགས་པར་ཕྱེད་པར་


JLD008_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །རྡོར་བཟླས་འདི་ལ་ལུས་ཀྱི་རྩ་འཁོར་གྱི་གནད་དུ་བསྣུན་པ་མེད་པར་ཁོང་པའི་ནང་ནས་འགྲོ་འོང་ཙམ་བྱེད་པའི་བཟླས་པ་བྱེད་ན། ཉན་ས་དང་མཛོད་རྩ་འགྲེལ་ནས་བཤད་པའི་རླུང་བགྲང་བ་དང་གཉིས་པོ་ལ། སྔགས་དང་སྦྱར་མ་སྦྱར་གྱི་ཁྱད་པར་ཙམ་ཡོད་ཀྱང༌། རླུང་དྷཱུ་ཏཱིར་ཆུད་མི་ཚུད་ལ་ཁྱད་པར་ཅི་ཡང་མེད་པས་ལུས་ཀྱི་གནད་དུ་བསྣུན་པར་དགོས་ལ། འདིར་ནི་སྙིང་ཁའི་གནད་ལེགས་པར་ཤེས་ནས་དེར་གཏད་དེ་བཟླའོ། །འདི་ལ་ཡང་རྩ་ལ་དགོས་སུ་གསལ་སྣང་འདོན་པའི་གསལ་འདེབས་མི་དགོས་ཀྱི་མོས་པ་ཙམ་གྱིས་ཆོག་གོ། གསང་གནས་ན་གནསཔའི་ཐུར་སེལ་ལ་སྟེང་གི་སྣ་སྒོར་འབྱུང་འཇུག་བྱེད་པ་ཅིག་དང༌། འོག་སྒོ་གཉིས་སུ་འབྱུང་འཇུག་བྱེད་པ་གཉིས་གསུངས་པའི་ཕྱི་མ་འདིའི་རྡོར་བཟླས་ཀྱང་བྱེད་ཤེས་ན་སྟེང་སྒོའི་རྡོར་བཟླས་ཀྱིས་འགྲུབ་མོད་ཀྱང༌། དེ་ལ་དམིགས་ཀྱིས་བཀར་ནས་ཕྱེད་འདོད་ན། སྲོག་རླུང་སྟེང་གི་སྣ་སྒོར་ཕྱིར་འབྱུང་བ་ན་འོག་གི་ཐུར་སེལ་རྟགས་ཀྱི་རྩེ་ནས་ལྟེ་བ་བར་དུ་འབྱུང་ཞིང༌། སྟེང་གི་སྲོག་རླུང་སྟེང་གི་སྣ་སྒོ་ནས་ནང་དུ་འཇུག་པ་ན། འོག་གི་ཐུར་སེལ་རྟགས་ཀྱི་རྩེའི་བར་དུ་འགྲོ་སྟེ། དྲི་ཆེན་གྱི་ལམ་ལས་ཀྱང་དེ་བཞིན་དུ་བྱེད་དོ། །དེ་ལ་དྲི་ཆུའི་ལམ་ནས་རྡོར་བཟླས་བྱེད་ན་རྟགས་ཀྱི་རྩེ་ནས་ནང་དུ་འཇུག་པའི་གདངས་ཨོཾ་དང༌། རྟགས་ཀྱི་རྩེའི་བར་དུ་ཕྱིར་འབྱུང་བའི་གདངས་ཧཱུྃ་དང༌། ལྟེ་བའམ་སྙིང་ཁར་གནས་པའི་གདངས་ཨཱཿཡིག་གདངས་དང་སྦྱར་ལ་རྡོར་བཟླས་བྱའོ། །འདིས་ནི་དྲོད་མྱུར་དུ་བསྐྱེད་པ་ཡིན་ཏེ། དམིགས་བསལ་ཅན་གྱི་དགོས་པ་སྒྲུབ་ན་མ་གཏོགས་པ་འདིའི་


JLD008_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡང་སྙིང་ཁར་བྱ་སྟེ། ལམ་གཞན་ལ་བྱེད་ན་ཡང་དེ་བཞིན་དུའོ། །དྷཱུ་ཏཱིའི་ཡར་སྣ་ཕྱེ་ན་བདེ་བ་ལ་ཁྱད་ཆེ་ཞིང་མར་སྣ་ཕྱེ་ན་གཏུམ་མོ་འབར་བ་ལ་ཁྱད་ཆེ་བ་ལ་འདི་ནི་ཕྱི་མ་ལ་བསྔགས་སོ། །རྡོར་བཟླས་ལ་ཡང་རིག་པ་ལ་ངར་ཐོན་པ་རྒྱུན་ལྡན་པ་མེད་ན་བྱིང་བ་འཕེལ་བར་འགྱུར་ལ། དེར་སོང་ན་སྣ་སྒོའི་རླུང་འབྱུང་འཇུག་མི་བྱེད་པ་བྱུང་ཡང་སྐྱོན་སྐྱེད་པ་མིན་ལ། ཡོན་ཏན་མི་སྐྱེ་བས་བྱིང་བ་གཅོད་པ་གལ་ཆེའི། གཉིས་པ་ནི། དེ་ལྟར་རྡོར་བཟླས་བྱས་པ་ན་རེ་ཤིག་རླུང་གི་གདངས་ལ་སྔགས་སུ་མོས་པ་ཙམ་ལས་མི་འོང་ཡང༌། གོམས་པའི་མཐར་ཕར་ལ་མོས་པ་བྱས་པ་ཙམ་མིན་པར། ཚུར་ལ་རང་གི་གདངས་ཡི་གེ་གསུམ་གྱི་གདངས་སུ་འཆར་བའི་གསུང་གི་ང་རྒྱལ་འཕོས་པ་འབྱུང་སྟེ་བསྐྱེད་རིམ་དང་འདྲའོ། །འདི་ལ་ཡང་དང་པོར་སྣ་བུག་རེ་རེ་བར་རྒྱུ་བཞིན་པ་ན། རྡོར་བཟླས་བྱས་པའི་མཐུས་མྱུར་པོར་མཉམ་རྒྱུར་ངེས་ཅན་དུ་ཐེངས་ཀྱིན་འདུག་ན། རྡོར་བཟླས་ཀྱིས་རླུང་དྷཱུ་ཏཱིར་ཚུད་པ་ནི་ཡིན་ལ། མཚམས་དེ་ནས་འབད་པ་ཆེན་པོས་སྙིང་ཁའི་འབྱུང་འཇུག་ལ་དྲིལ་ན་སྐྱེད་ཆེའོ། །དེ་ཡང་དང་པོར་དྷཱུ་ཏཱིའི་ནང་ནས་འབྱུང་འཇུག་བྱེད་པར་མོས་པ་ཙམ་ཡིན་ཀྱང༌། གདམས་ངག་གི་གནད་ལེགས་པར་ཤེས་ནས་གོམས་པ་བསྲིངས་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དྷཱུ་ཏཱིའི་ནང་ནས་དངོས་སུ་འབྱུང་འཇུག་བྱེད་པ་འོང་ངོ་། དེ་བྱུང་ན་སྨྱུག་མ་ལ་སོགས་པའི་སྦུབས་འགགས་པ་ཐུར་མས་དཀྲུགས་པས་དེ་སེལ་ནུས་པ་བཞིན་དུ།


JLD008_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པའི་ནང་གི་དྷཱུ་ཏཱིར་འབྱུང་འཇུག་གི་རྡོར་བཟླས་གོམས་པའི་མཐུས་དངོས་སུ་མདུད་པ་འགྲོལ་ནུས་ཏེ། སྤྱིར་དྷཱུ་ཏཱིའི་ནང་དུ་ཚུད་པས་མི་ཆོག་པར་སྙིང་ཁའི་མདུད་པའི་ནང་ནས་འགྲོ་འོང་གནས་གསུམ་བྱེད་པ་གནད་ཀྱི་དོན་དུ་གཟུང་བར་བྱའོ། །འབྱུང་འཇུག་གང་རུང་རེའི་ཡུན་ཚད་ཀྱི་གནས་པ་ནི་དང་པོར་ཆེད་དུ་བྱ་དགོས་ལ། དེ་གོམས་པ་ཡུན་བསྲིངས་པ་ན་མཚམས་གཅིག་ནས་ཆེད་དུ་བྱ་མི་དགོས་པར་རང་གི་ངང་གིས་གནས་པ་ཅིག་འོང་ངོ་། །དེ་བྱུང་བ་ན་སླར་ཡང་གོམས་པ་བསྲིངས་པས་གནས་པ་ཇེ་རིང་ཇེ་རིང་དུ་འགྲོ། དེའི་གནད་ཀྱིས་ལྡང་འཇུག་གཉིས་ཇེ་ཐུང་དུ་སོང་ནས། མཐར་རླུང་འབྱུང་འཇུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་ནས་གནས་པ་འབའ་ཞིག་པར་འགྲོའོ། །དེ་ནས་གནས་པ་ཡང་རླུང་དྷཱུ་ཏཱིར་ཐིམ་ནས་སྟོང་པ་རྣམས་འཆར་བ་ཞིག་འོང་སྟེ། འདིར་ཡང་སྨིག་རྒྱུ་ལ་སོགས་པའི་རྟགས་རྣམས་འཆར་རོ། །དོན་གྱི་དབང་འདི་གཟིགས་ནས་འཕགས་པ་ཡབ་སྲས་ཀྱིས་རྫོགས་རིམ་གྱི་སྐབས་ཀྱི་རླུང་གི་རྣལ་འབྱོར་བཤད་པ་ན། སྟེང་འོག་གི་རླུང་ཁ་སྦྱོར་གིས་ནང་དུ་འཛིན་པ་མ་བཤད་པར་རྡོར་བཟླས་ཉིད་བཤད་པ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས་ལན་དུ་མར་སྔགས་ཀྱི་དེ་ཉིད་གཅིག་བུས་འགྲུབ་ཅེས་གསུངས་པ་ཡང་དེ་ལ་དགོངས་སོ། །གཉིས་པ་ནི། རང་ལྷར་བསྐྱེད་པ་དང་གནད་གཞན་གསུམ་ནི་སྔར་དང་འདྲ། ཡན་ལག་གི་རླུང་གི་རྡོར་བཟླས་འདི་ལ་ངག་དབེན་གྱི་སྐབས་དང༌། མིག་གི་མངོན་ཤེས་སོགས་སྒྲུབ་པའི་སྐབས་གཉིས་ཡོད་པ་ལས། ངག་དབེན་གྱི་སྐབས་སུ་བྱེད་པ་ནི་སྒྲོན་གསལ་མ་གཏོགས་པ་


JLD008_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ཀྱི་གཞུང་གཞན་ནས་གསལ་བར་མ་བཤད་ལ། སྒྲོན་གསལ་གྱི་དགོངས་པ་ནི་རྩ་བའི་རླུང་གི་རྡོར་བཟླས་ཀྱིས་མི་ཤིགས་པ་ལ་རླུང་ཐིམ་པར་བྱས་པའི་འོག་ཏུ་ལྡང་བ་ན་སྙིང་ཁའི་མི་ཤིགས་པ་ལ་བརྟེན་ནས་བྱེད་པ་ཡིན་ནོ། །འདི་བྱེད་པ་ལ་ཡུལ་གྱི་གནད་ནི་འབྱུང་བ་ན་སྙིང་ཁའི་མི་ཤིགས་པ་ལས་བྱུང་ནས། དབང་པོ་སོ་སོའི་སྒོར་འབྱུང་བ་དང་འཇུག་པ་ན་སྒོ་སོ་སོ་ནས་ནང་དུ་ཞུགས་ཏེ། མི་ཤིགས་པ་ལ་འཇུག་པ་དང༌། གནས་པ་ན་དེར་གནས་པ་དང༌། རླུང་སྔགས་སྦྱོར་ཚུལ་སོགས་ནི་སྔར་དང་འདྲའོ། །དབང་པོ་གཞན་གྱི་སྒོར་བྱེད་པ་ནི་ཤེས་པར་སླ་ལ། སྣའི་སྒོར་བྱེད་པ་ལ་སྣ་སྒོར་རྒྱུ་བའི་རྩ་བའི་རླུང་མིན་པའི་ཡན་ལག་གི་རླུང་གཅིག་ནི་ཡོད་དེ། གཉིད་དུ་སོང་ནས་དབང་ཤེས་ལྔ་ཐིམ་པའི་དུས་སུ་སྣ་བུག་གི་འབྱུང་འཇུག་ནི་ཡོད་ལ། སྣ་ཤེས་ཐིམ་ན་དེའི་བཞོན་པ་ཡང་དག་པར་རྒྱུ་བའི་རླུང་ལྡོག་དགོས་པའི་ཕྱིར་རོ། །དེས་ན་གཉིས་ཡོད་པའི་ཡང་དག་པར་རྒྱུ་བའི་རླུང་ལ་བསམས་ནས་བྱ་དགོས་སོ། །ངེས་པར་རྒྱུ་བའི་རླུང་གི་བཟླས་པ་བྱེད་པ་ན་ལུས་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས་འབྱུང་འཇུག་བྱེད་པར་བསམ་ཞེས་རྗེ་དགོས་གསུང་ངོ་། །རྩ་བའི་རླུང་ལ་རྡོར་བཟླས་བྱས་པས་སྣ་བུག་གི་རླུང་རྒྱུ་བ་དྷཱུ་ཏཱིར་ཚུད་ནས་ཐིམ་ན་དབང་ཤེས་ལྔ་བཞོན་པ་དང་བཅས་པ་ལྡོག་དགོས་པ་བཞིན་དུ། ཡན་ལག་གི་རླུང་གི་རྡོར་བཟླས་བྱས་ནས་ཡན་ལག་གི་རླུང་དྷཱུ་ཏཱིར་ཐིམ་ནའང་རྩ་བའི་རླུང་རྣམས་དྷཱུ་ཏཱིར་ཐིམ་དགོས་སམ་སྙམ་ན། དབང་ཤེས་རླུང་གི་བཞོན་པ་དང་བཅས་པ་ཐིམ་པ་ཡིན་ལ། ཡིད་ཤེས་ཀྱི་རང་བཞིན་བརྒྱད་ཅུའི་


JLD008_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་རགས་པ་མ་ཐིམ་པ་གཞི་མཐུན་པ་འོང་ཞིང༌། རྩ་བའི་རླུང་བཞི་དྷཱུ་ཏཱིར་ཐིམ་ན་ཀུན་རྟོག་རགས་ཤོས་རྣམས་ངེས་པར་ཐིམ་དགོས་པས་སྤྱིར་ངེས་པ་མེད་མོད་ཀྱང་། ཡན་ལག་གི་རླུང་ཐིམ་པ་ནུས་པ་མཐུ་ཅན་དུ་སོང་བ་ན་རྩ་བའི་རླུང་རྣམས་ཀྱང་དྷཱུ་ཏཱིར་ཐིམ་པར་འགྱུར་རོ། །བྱང་སེམས་ཞུ་བ་སྙིང་གར་ཕབ་ནས། སྙིང་ག་ནས་ཡན་ལག་གི་རླུང་གི་རྡོར་བཟླས་བྱས་ཏེ་རླུང་གིས་ཡུལ་སྣང་ཁྱབ་པར་བྱས་ནས། ཡུལ་རྣམས་རང་གི་རླུང་སེམས་བདེ་སྟོང་དུ་མྱོང་བའི་རང་སྣང་དུ་གོམས་པར་བྱས་ན། ཡུལ་སྣང་རབ་འབྲིང་ཐ་མ་ཐམས་ཅད་བདེ་བ་ཆེན་པོ་འབའ་ཞིག་གི་རྐྱེན་དུ་འཆར་བར་འགྱུར་རོ། །ཞེས་མཁས་པ་དག་གསུང་པ་ནི། རྡོ་རྗེ་འཕྲེང་བའི་དགོངས་པ་དམ་པར་སྣང་ངོ་། །དེ་ལྟར་ན་རྩ་བའི་རླུང་གི་རྡོར་བཟླས་མཐར་ཕྱིན་པའི་ཚད་ནི་སྙིང་ཁའི་རྩ་མདུད་ལེགས་པར་གྲོལ་བ་ཡིན་ལ། ཡན་ལག་གི་རླུང་གི་རྡོར་བཟླས་མཐར་ཕྱིན་པའི་ཚད་ནི་བཤད་མ་ཐག་པ་ལ་བྱས་ན་ལེགས་སོ། །རྡོར་བཟླས་བྱས་པས་རླུང་དྷཱུ་ཏཱིར་ཐིམ་ནས་སྟོང་པ་བཞི་འཆར་བ་ནི། རྡོར་བཟླས་མཐར་མ་ཕྱིན་པའི་དམའ་མོ་ནས་ཀྱང་འབྱུང་ལ། ལུས་དབེན་དང༌། སྙིང་ཁར་སྔགས་ཀྱི་ཐིག་ལེ་སྒོམ་པ་དང༌། རྡོར་བཟླས་ཀྱི་སྐབས་གསུམ་གར་རླུང་ཐིམ་པའི་སྟོང་པ་བཞི་འཆར་བ་སྤྱི་ཙམ་ཞིག་འདྲ་མོད་ཀྱང༌། རྒྱུའི་ཁྱད་པར་མི་འདྲ་བའི་གནད་ཀྱིས་ནང་ཚན་གྱི་ཁྱད་པར་ཆེན་པོ་ཡོད་པའང་ཤེས་པར་བྱའོ། །རྡོར་བཟླས་འདྲ་བ་གཅིག་གིས་སྟོང་པ་འདྲེན་ཐེབས་ཀྱི་སྔ་ཕྱིའི་སྟོང་པ་རྣམས་ལ་ཡང་རླུང་བྱང་མ་བྱང་དང༌། རླུང་འདུ་ཚབས་ཆེ་ཆུང་གིས་ཐིམ་པ་ཤས་ཆེ་ཆུང་དང༌།


JLD008_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་སྦྱར་ནས་བསྒོམ་པ་སྔོན་དུ་བཏང་བ་མང་ཉུང་སོགས་ཀྱི་ཁྱད་པར་ལས། རིམ་གྱིས་རིམ་གྱིས་ཁྱད་ཞུགས་པར་འགྲོ་ཚུལ་དུ་མ་ཞིག་འབྱུང་བ་ཡང་ཤེས་པར་བྱའོ། །དྷཱུ་ཏཱིའི་ནང་གི་གཏུམ་མོ་ཐོག་མར་ལྟེ་བ་དང༌། གསང་གནས་འབར་བ་དང༌། དྷཱུ་ཏཱིའི་ཕྱིའི་གཏུམ་མོ་ཕལ་པ་འབར་བའི་ཁྱད་པར་དང༌། དྲོད་འབར་ཚུལ་ལ་ལུས་ཀྱི་གཏིང་ནས་འབར་བ་དང༌། ཤ་ལྤགས་ཀྱི་བར་ལྟ་བུ་ཁ་ནས་འབར་བ་དང༌། དང་པོར་འབར་བའི་དྲོད་ཀྱི་རྒྱ་ཆེ་ཆུང་དང༌། དྲོད་གྱེན་དུ་འཕྱུག་པ་མྱུར་བུལ་དང༌། སྲབ་འཐུག་སོགས་ཀྱི་ཁྱད་པར་ལས་བདེ་བ་སྐྱེ་ལུགས་ཀྱང་དེ་དང་འདྲ་བ་རིམ་པ་དུ་མ་ཞིག་འོང་བའི་སྟེང་ནས། གཏུམ་མོ་ཁྱད་པར་ཅན་འབར་བ་དང༌། དྲོད་ཕལ་པ་འབར་བ་དང༌། རླུང་ཙམ་གྱིས་དྲངས་པའི་བདེ་བ་དང༌། ཁམས་ཞུ་བའི་བདེ་བའི་ཁྱད་པར་ལ་སོགས་པ་ཤེས་དགོས་སོ། །གཏུམ་མོ་ཁྱད་པར་ཅན་འབར་ན་དེ་དང་མཐུན་པའི་བྱང་སེམས་ཞུ་བ་རེ་འོང་བས། ཁམས་མི་མཉམ་པར་སོང་བའི་ནད་མི་སྐྱེད་ཀྱང༌། དེ་མིན་པའི་དྲོད་འབར་བ་ལ་བྱང་སེམས་འཇུ་བའི་ངེས་པ་མེད་པས་ཤས་ཆེར་འཁྲིག་པ་འཕེལ་བ་དང༌། བདེ་ཉམས་མི་ཆེ་བར་དྲོད་ཀྱིས་གདུང་བ་སོགས་འབྱུང་ལ། གཏུམ་མོ་འབར་བ་གནད་དུ་སོང་ན་དེས་བྱང་སེམས་དཀར་པོ་ཞུ་ནས་འཕེལ་བར་མ་ཟད། བྱང་སེམས་ཞུ་བ་བབས་པ་དེས་ཀྱང་བྱང་སེམས་དམར་པོའི་གཏུམ་མོ་རྒྱས་པར་བྱེད་པར་གསུངས་སོ། །མདོར་ན་རྫོགས་རིམ་གྱིས་ལམ་ཁྱད་པར་ཅན་སྔ་མས་སྟོང་ཉིད་བསྒོམས་ནས། རྫོགས་རིམ་


JLD008_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལམ་ཕྱི་མ་མཐོན་པོར་བགྲོད་པ་ལ་ལུས་ལ་གནད་དུ་བསྣུན་པའི་ཐབས་སྔར་བཤད་པའམ། དེ་འདྲ་བ་རྣམས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པ་དང༌། དེར་ཞུགས་པའི་རླུང་གིས་གཏུམ་མོ་སྦར་ཏེ་ལྷན་སྐྱེས་ཀྱི་བདེ་ཆེན་བསྐྱེད་པ་དེས། བདག་མེད་པའི་དོན་སྒོམ་པའི་བདེ་སྟོང་སྦྱོར་བ་མེད་ན། རྒྱུད་སྡེ་འོག་མ་གསུམ་དང་བསྐྱེད་རིམ་མན་ཆད་ཀྱི་སྟོང་ཉིད་སྒོམ་ཚུལ་ལས་ཁྱད་པར་དུ་འཕགས་པའི་བདེ་སྟོང་སྦྱོར་བ་མི་འབྱུང་བས། བདག་མེད་པའི་གོ་བ་རྣམ་པར་དག་པ་འཚོལ་བ་དང༌། ལུས་ལ་གནད་དུ་བསྣུན་པའི་ཐབས་ལམ་ཟབ་མོ་ལེགས་པར་ཤེས་པར་བྱས་ནས་སྒོམ་པ་ཅིག་མེད་མི་རུང་དུ་ཤེས་པར་བྱ་བ་དང༌། ལྷན་སྐྱེས་ཀྱི་བདེ་བ་མ་མཐའ་ཅིག་རྙེད་ནས་བདེ་སྟོང་སྦྱར་ཏེ་བསྒོམ་པ་དང༌། རླུང་གཡོས་ཏེ་དེ་ལས་ལངས་པ་ན་སླར་ཡང་ལུས་ལ་གནད་དུ་བསྣུན་པའི་ཐབས་སྒོམ་པ་སྤེལ་མར་བྱ་དགོས་སོ། །གསུམ་པ་ནི། སྔར་བཤད་པའི་སྣ་རྩེ་གཉིས་སུ་ཐིག་ལེ་གཉིས་ཀྱི་སྲོག་རྩོལ་བསྒོམས་པས་རླུང་ཐིམ་པ་བྱུང་ན་རྡོར་བཟླས་ལ་གེགས་ཤིན་ཏུ་ཆུང༌། རྡོར་བཟླས་བྱེད་པའི་ཚེ་ཡང་དལ་བུས་བྱ་བར་ཞལ་ལུང་ལས་ལན་མང་དུ་གསུངས་པས། རླུང་ཕྱི་ནང་དུ་གཏོང་ལུགས་དང་ཅུང་ཟད་རེ་འཛིན་པའི་གནད་ལ་མཁས་ན་ཡང་གེགས་ཧ་ཅང་ཐལ་བ་མི་སྐྱེའོ། །རླུང་སྒོམས་པ་ལ་གེགས་ཆེན་པོ་སྐྱེ་བ་ཕལ་ཆེ་བ་ནི། དང་པོའི་སྐྱོང་ཚུལ་གྱི་གནད་ལ་མི་མཁས་པའི་སྐྱོན་ཉིད་དུ་སྣང་བས་སྐྱོང་ཚུལ་ལེགས་པར་ཤེས་པར་བྱའོ། །འོན་ཀྱང་སྔོན་དུ་རླུང་ཐིམ་པ་མ་བྱུང་ན་རྡོར་བཟླས་ཡུན་རིང་དུ་བྱེད་པ་ཡིན་ན། ཐམས་ཅད་ལ་འོང་བར་མ་ངེས་ཀྱང༌། གེགས་


JLD008_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཐན་ཐུན་འོང་བ་སེལ་ཚུལ་ནི་རླུང་རེ་འགའ་འདུས་བའི་མཚམས་ནས་ཟུག་སྐྱེད་པ་ལ་ཇི་ལྟར་བྱ་བ་ནི་སྔར་བཤད་པས་ཤེས་པར་བྱའོ། །ལུས་ཀྱི་གནས་རྣམས་ནས་སྨུག་པའམ། འོད་ཟེར་གྱི་རྣམ་པའམ་སྐྲའི་ཕྱེ་མ་ལྟ་བུ་ལ་སོགས་པ་ཕྱིར་ལ་མང་དུ་འཐོན་པའི་སྣང་བ་བྱུང་ན། རླུང་གནད་དུ་འདུ་དཀའ་བ་ཡིན་པས་རླུང་བསྡུས་ནས་མི་ཤིགས་པ་ལ་སྡུད་པ་མང་དུ་བྱ། རྣམ་པ་དེ་འདྲ་མང་པོ་ཕྱི་ནས་བྱུང་ནས་ལུས་ལ་འཇུག་པར་སྣང་ན་རླུང་འདུ་རྟགས་ཡིན་པས་སྐྱོན་མིན་ནོ། །གཞན་ཡང་མགོ་ལ་སོགས་པའི་པགས་པ་ཤིན་ཏུ་འཐུག་པ་སྙམ་བྱེད་ཅིང༌། སྐྲའི་རྩ་བ་ལ་སོགས་པ་རྣམས་རྩེ་བ་དང༌། ཤ་ལྤགས་ཀྱི་བར་ཟ་བ་དང༌། ཚ་བ་དང་། གྲང་བ་དང༌། འཕྲིག་པ་སོགས་དང༌། སྲོག་ཆགས་མང་པོས་ཟ་བ་དང༌། འཁྱུད་པ་དང༌། འབྱར་བའི་ཉམས་བྱུང་ན། རླུང་ཅུང་ཟད་འདུ་བའི་རྟགས་ཡིན་ཀྱང་འདུ་ལུགས་འདོད་པ་ལྟར་མིན་པས། གནས་གང་ཡིན་དུ་དམིགས་པས་བསྡུས་ནས་མི་ཤིགས་པ་ལ་བསྟིམ་པ་མང་དུ་བྱས་པ་ཉིད་དགའོ། །སྦྲུལ་ཁྲ་བོའི་རྣམ་པ་ཕྱི་ནས་ནང་དུ་འཇུག་པ་དང༌། ནང་ནས་ཕྱི་ལ་འབྱུང་བར་རྩོམ་པ་དང༌། ལུས་ལ་འཁྱུད་པ་སོགས་ཀྱི་ཉམས་བྱུང་ན་རླུང་འདུ་ཚུལ་སྔར་དང་འདྲ་བས་རླུང་གི་རྣལ་འབྱོར་ལ་དྲག་ཏུ་བརྩོན་པ་དང༌། བསྡུས་ནས་བཤིག་པ་བྱས་པས་སེལ་ལོ། །སྦྲུལ་ཁྲ་བོའི་རྣམ་པ་རྩའི་ནང་དུ་འཚང་བ་སོགས་ཀྱི་སྣང་བ་བྱུང་བ་ན་རླུང་འདུ་རྟགས་ལེགས་པོ་ཡིན་པས་རླུང་གི་རྣལ་འབྱོར་ཉིད་བསྐྱངས་པས་ཆོག་གོ། རླུང་ཐིམ་པའི་སྐབས་སུ་སྤྲུག་པ་དང་འདར་བ་བྱུང་བ་མ་བསལ་ན་ཁམས་འཁྲུག་པར་གསུངས་པས།


JLD008_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་སྐུར་ལངས་ཏེ་འོག་ཟེར་སྤྲོ་བའི་སྦྱོར་བས་བསལ་བར་གསུངས་སོ། །མདོར་ན་སྲོག་རྩོལ་བསྒོམས་པས་རླུང་ཤིན་ཏུ་མཉེན་པར་མ་སོང་གི་བར་དུ་སྦྱོར་བ་འཇམ་པོ་ཁོ་ན་བྱ། ཤིན་ཏུ་ལས་རུང་དུ་སོང་བའི་སྐབས་སུ་སྦྱོར་བ་དྲག་པོ་བྱས་ན་རླུང་འདུ་སླ་བར་སྣང་ན་མི་མང་ཙམ་རེ་བྱས་པས་ཆོག་གོ། སྦྱོར་བ་འཇམ་པོས་ལུས་ལ་གནད་དུ་བསྣུན་པ་བྱས་པའི་སྒོ་ནས་རླུང་ཐིམ་པ་བྱུང་ན་ཉམས་མྱོང་དེ་བརྟན་པ་དང༌། བོགས་ཆེ་བ་དང༌། ལུས་ཀྱི་འབྱུང་བ་མི་འཁྲུག་པས་ལུས་ལ་བརྟེན་པའི་ཡོན་ཏན་སྐྱེ་བ་རྣམས་གནད་དུ་འགྲོ་ལ། བཟློག་སྟེ་བྱས་ན་ཉམས་མྱོང་ཅུང་ཟད་མྱུར་བ་འདྲ་བ་ཅིག་འོང་ཀྱང་སྐྱོན་མང་པོ་སྐྱེད་པས་མི་ལེགས་སོ། །གསུམ་པ་ནི། ལྷར་སྒོམ་པ་དང༌། གནད་གཞན་གསུམ་སྔར་དང་འདྲ༌། ཡུལ་གྱི་གནད་ནི་ཡབ་ཡུམ་གྱི་རྡོ་རྗེ་དང་པད་མ་འདུ་བྱས་ཏེ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཞུ་བ་དྷཱུ་ཏཱི་ནས་རིམ་གྱིས་བརྒྱུད་དེ། རྡོ་རྗེའི་རྩེའི་དྷཱུ་ཏཱིའི་མར་སྣ་དང༌། ཡུམ་གྱི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩའི་སྣ་རྩེ་གཉིས་སྤྲད་ནས་འབྱར་བའི་ཕྲད་མཚམས་ཀྱི་ནང་དུ་བྱང་སེམས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་པ་ཅིག །རང་གི་ལྷའི་ཁ་དོག་ཅན་འོད་ཟེར་ལྔ་འབར་བ་ཤིན་ཏུ་འཚེར་བ་ཞིག་བསམས་ལ། དེ་ལ་སྔར་བཤད་པ་ལྟར་སེམས་བཟུང༌། དེ་ལ་སེམས་ལེགས་པར་ཟིན་པའི་རྟགས་ཁྱད་པར་ཅན་བྱུང་བ་ན། དེ་ནས་རླུང་ནང་དུ་འཇུག་པའི་ཉམས་སྐྱེ། དེའི་རྗེས་སུ་དྲོད་ཁྱད་པར་ཅན་འབར་ཞིང་དེས་


JLD008_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བཞུ་བའི་བྱང་ཆུབ་ཀྱི་སེམས་འབབ་སྟེ། དྷཱུ་ཏཱིའི་མར་སྣ་ཕྱེ་ནས་ལྷན་སྐྱེས་འཆར་བའི་གནད་ཤིན་ཏུ་ཆེའོ། །ཐུན་འཇོག་པ་ན་ཐིག་ལེ་སྙིང་ཁར་དྲངས་ལ་བཞག་གོ། སྲོག་རྩོལ་བསྒོམས་པས་རླུང་ཐིམ་ནུས་པའི་མཚམས་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བས་ཀྱང༌། དེ་ལྟར་བྱེད་ནུས་པའི་གདམས་ངག་གི་གནད་ཀྱང་ཤེས་པར་བྱའོ། །ཐིག་ལེ་གསུམ་གྱི་སྲོག་རྩོལ་སྒོམ་པ་འདི་གསུམ་གའི་སྐབས་སུ་བྱང་སེམས་ཞུ་བ། སྤྱི་བོ་ནས་གསང་གནས་ཀྱི་སྣ་རྩེའི་བར་དུ་གཏོང་བ་དང༌། སྟོད་སྨད་ནས་སྙིང་ག་ཉིད་དུ་སྡུད་པའི་གནད་གཉིས་ཡོད་པ་ནི་བླ་མས་བསྟན་པར་བྱའོ། །འདི་གསུམ་གྱི་སྐབས་སུ་ཡང་རླུང་ཐིམ་པས་སྟོང་པ་བཞི་འདྲེན་ནུས་པའི་མཚམས་ནས། རླུང་སྟོབས་ཀྱིས་གཉིད་ཀྱི་སྟོང་པ་བཞི་བཟུང་ནས་རྨི་ལམ་གྱི་སྒྱུ་མ་ལ་འཇུག་པའི་ཚུལ་ཡང་ཤེས་པར་བྱའོ། །རྡོ་རྗེ་བཟླས་པ་དང་ངག་དབེན་ནི་སྲོག་རྩོལ་གྱི་ཕྱོགས་གཅིག་གི་མིང་གིས་བཏགས་པ་ཡིན་པས། འདིར་སྲོག་རྩོལ་གསུམ་མེད་པ་ནི་མིན་ནོ། །ངག་དབེན་གྱི་གནད་རྒྱས་པར་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ།། །།གསུམ་པ་སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་པ་ལ་གསུམ། སེམས་དབེན་སྐྱེད་པའི་ཐབས། ཐབས་དེ་ལ་བརྟེན་ནས་སེམས་དབེན་སྐྱེད་ཚུལ། སེམས་དབེན་གང་གི་དོན་དུ་སྐྱེད་པ་བསྟན་པའོ། །དང་པོ་ནི། དེ་ལྟར་སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམས་པས་སྙིང་


JLD008_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་རླུང་བསྡུས། དེ་ནས་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་བསྒོམ་པ་རླུང་རྡོ་རྗེའི་བཟླས་པ་བྱས་པས། སྙིང་གའི་དྷཱུ་ཏཱིའི་མདུད་པའི་ནང་ནས་རླུང་གིས་འགྲོ་འོང་གནས་གསུམ་བྱས། དེ་རྗེས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམས་ཏེ། ཕྱག་རྒྱ་ལ་བརྟེན་ནས་སྔ་མའི་བོགས་འདོན་པ་གསུམ་གོམས་པར་བྱས་པས་མཐར་སྙིང་ཁའི་རྩ་མདུད་ལེགས་པར་གྲོལ་བ་ན། མདུད་པའི་ནང་གི་མི་ཤིགས་པ་ལ་རླུང་ལེགས་པར་བསྡུས་ཏེ་ཐིམ་པ་ལས་སེམས་དབེན་སྐྱེད་པ་ལ་གཉིས། ནང་གི་ཐབས་དང༌། ཕྱིའི་ཐབས་སོ། །དང་པོ་ནི། ལྷར་སྒོམ་པ་དང་གནད་གཞན་གསུམ་སྔར་ལྟར་སྔོན་དུ་བཏང་ནས་དང་སྡུད་པའི་རྣལ་འབྱོར་ནི། རང་ལྷར་བསྐྱེད་པ་འཁོར་ལོ་ལ་བསྡུས། འཁོར་ལོའི་ཡི་གེ་པད་འདབ་དང་བཅས་པ་ཕྱི་མ་བར་མ་ལ་བསྡུས། བར་མ་གཉིས་ནང་མ་ལ་བསྡུས། ནང་མ་གཉིས་དབུས་ཀྱི་མི་ཤིགས་པ་ལ་སྡུད་པར་མན་ངག་ལས་བཤད། ཡང་དོན་ལྔ་མ་ལས་བསམ་གཏན་གཉིས་ཀྱིས་ཉམས་སུ་ལེན་པ་ཡིན་ཞེས་འབྱུང་བ་ལྟར་བསམ་གཏན་གཉིས་གང་རུང་གིས་བསྡུས་ནའང་ཆོག་ལ། དེ་ལྟར་བྱེད་ན་འཁོར་ལོའི་སྡུད་རིམ་ཟུར་པ་མ་བྱས་ཀྱང་ཆོག་སྟེ་བསམ་གཏན་གཉིས་ནི་འཆད་པར་འགྱུར་རོ། །སྡུད་པའི་ཚེ་སྟེང་འོག་གི་རླུང་ཁ་སྦྱོར་དང་སྦྲགས་ནས་བྱེད་པ། གསེར་སྡིངས་པའི་མན་ངག་ཆེ་ཆུང་རྣམས་ལས་བཤད་དོ། །འདི་ལ་སྟེང་འོག་གི་རླུང་ཁ་སྦྱར་ཏེ་ནང་དུ་འཛིན་པ་ཞིག་མེད་ན། རྡོར་བཟླས་ཀྱིས་རླུང་དྷཱུ་ཏཱིར་ཚུད་པ་མི་འོང་སྙམ་པའམ། ཆུད་ཀྱང་དེར་ཐིམ་པ་མི་འོང་


JLD008_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ནས་བྱེད་ན་ནི། རྡོར་བཟླས་ཀྱི་གནད་རྫོགས་པར་མ་རྟོགས་པ་ཡིན་པས་མི་འཐད་ལ། དེ་ལྟ་མིན་པར་དེ་ཡང་མན་ངག་གིས་བྱེད་ན་འགལ་བ་མེད་དོ། །སྐབས་འདིར་བུམ་པ་ཅན་བྱེད་པའི་ཡུལ་གྱི་གནད་ནི་དོན་ལྔ་མར་སྙིང་ཁར་བྱེད་པར་བཤད་པ་ལེགས་སོ། །དེའི་ཚུལ་ནི་རླུང་རེ་བསལ་བ་སྔོན་དུ་བཏང་བའམ། དེ་མ་བྱས་ཀྱང་ཆོག་པས་སྟེང་རླུང་འོག་ཏུ་འཐེན་པ་དང༌། འོག་རླུང་ཀྱེན་དུ་འཐེན་པ་ནི་གཉིས་ཀ་བྱ་དགོས་ཏེ། སྲོག་དང་ཐུར་སེལ་གཉིས་ཀ་སྙིང་གར་དྲངས་ནས་མི་ཤིགས་པ་ལ་བསྡུ་དགོས་པའི་ཕྱིར་རོ། །སྡོམ་འབྱུང་ལས་ཀྱང༌། འཁོར་ལོའི་སྟེང་དུ་བགྲོད་པའི་རླུང༌། །མྱ་ངན་འདས་པའོ་འོག་ཏུ་བགྲོད། །རབ་ཏུ་མི་གནས་མྱ་ངན་འདས། །སྙིང་ཁའི་ཆུ་སྐྱེས་ཟེའུ་འབྲུར་གནས། །སྟེང་དང་འོག་ཏུ་འགྲོ་བའི་རླུང༌། །ཡིད་ཀྱིས་ཁ་སྦྱོར་དུ་བྱ་སྟེ། །དེ་ཡི་རྣལ་འབྱོར་གོམས་པ་ཡིས། །དེས་ནི་བརྟན་པའི་གོ་འཕང་འཐོབ། །ཅེས་སྟེང་འོག་གཉིས་ཀའི་རླུང་ཁ་སྦྱར་ཏེ་སྙིང་ཁར་འཛིན་པར་གསུངས་སོ། །རིམ་པ་ནི་དང་པོར་སྟེང་རླུང་སྣ་སྒོ་ནས་སྙིང་ཁའི་བར་དུ་འཐེན། དེ་རྗེས་འོག་སྒོ་གཉིས་ནས་འོག་རླུང་སྙིང་གའི་བར་དུ་འཐེན་ནས་མི་ཤིགས་པའི་ནང་དུ་ཚུད་པར་བྱས་ཏེ་སེམས་དེར་གཏད་ལ་བཟུང༌། དེ་ཡང་ཡིད་ཀྱིས་ཁ་སྦྱོར་དུ་བྱས་ཏེ། ཞེས་གསུངས་པས་ལུས་ཀྱི་རྩོལ་བ་དྲག་པོ་མི་བྱ་བར་གཙོ་ཚར་དམིགས་པས་བྱ། འཛིན་པའི་ཚད་ནི་ཟུག་མི་སྐྱེད་ཙམ་དུ་བཟུང་ལ། ཟུག་སྐྱེད་པ་ན་ཁ་ནས་མ་ཤོར་བར་སྣ་ནས་དལ་བུས་


JLD008_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཏང༌། དེ་ནས་ཡང་དེ་མ་ཐག་སྔར་ལྟར་བཟུང་ངོ་། །རླུང་རེ་མཉེན་དུ་མ་སོང་བར་ལ་ལྷག་མ་མི་བཞག་པར་བཏང༌། རེ་མཉེན་དུ་སོང་བའི་ཚེ་ལྷག་མ་ཇི་ཙམ་འཚམ་པ་རེ་བཞག་ཀྱིན་བཟུང་ངོ་། །འཆི་བླུའི་བུམ་པ་ཅན་ལ་རྐང་མཐིལ་གྱི་བར་གྱི་ལུས་ཀུན་རླུང་གིས་བཀང་ནས་བྱེད་པར་སྡོམ་འབྱུང་ལས་གསུངས་པ་དེ་ལྟ་བུའི་དམིགས་བསལ་ཅན་མ་གཏོགས་པ། འདི་འདྲའི་སྐབས་སུ་དྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ནང་ལྟ་བུ་དམིགས་པ་རྒྱ་ཆུང་བ་གཅིག་ཏུ་སེམས་གཏད་ནས་དེར་རླུང་ཁ་སྦྱར་འཛིན་པ་ཡིན་གྱི། དེ་ལྟར་མ་བྱས་པར་དམིགས་པ་ངེས་པ་མེད་པའམ་ལུས་ཀྱི་ནང་ཀུན་ཏུ་གང་བའི་དམིགས་པས་བཟུང་ན། གང་འདོད་པའི་འཁོར་ལོའི་དབུས་སུ་འདུ་བར་དཀའ་ལ། རླུང་རང་ཤུགས་ཀྱིས་སྡོད་པའི་མགོ་མ་བརྩམས་བར་དུ་རྩོལ་བ་རྐྱང་པས་བཟུང་བ་དེ། གནས་དེར་རིང་དུ་མི་སྡོད་པར་འཕྱུག་པ་ཡིན་ལ། རིང་དུ་འཕྱུགས་ན་དེར་བཙན་འཇིན་བྱས་ཀྱང༌། དྷཱུ་ཏཱིར་འདུ་བ་ལ་ཕན་དཀའ་ཞིང་གེགས་སྐྱེད་པས། དང་པོ་ནས་འཛིན་པ་ཡུན་རིང་བ་ལ་རྩལ་དུ་འདོན་པ་མིན་ནོ། །དེ་ལྟར་གོམས་པས་རླུང་བཟུང་རྒྱུའི་འདི་ཡིན་ཀྱང་མེད་ལ། སྣ་སྒོར་འབྱུང་འཇུག་བྱེད་རྒྱུ་ཡང་མེད་པ་ཅིག་བྱུང་ན། བྱེར་བ་ཡིན་ན་ནི་སྔར་བཤད་པ་ལྟར་གྱི་གཏུམ་མོ་ཁྱད་པར་ཅན་འབར་བ་དང༌། བདེ་བ་ཁྱད་པར་ཅན་སྐྱེ་རྒྱུ་མེད་ལ། དེ་རྣམས་འོང་བར་སྣང་ན་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ཡིན་ནོ། །འོ་ན་དེ་འདྲ་བ་དེ་ལ་རླུང་འཛིན་རྒྱུ་མེད་ན་ཇི་ལྟར་བྱ་སྙམ་ན། རླུང་འཛིན་རྒྱུ་མེད་ཀྱང་སྙིང་གའི་མི་ཤིགས་པ་ཉིད་ལ་གཏད་ལ་སེམས་གཡོ་མེད་དུ་བཟུང་ན། རླུང་འཛིན་པ་དང་གནད་གཅིག་པས་


JLD008_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་འཆར་སླ་ལ་ཤར་བ་ཡུན་རིང༌། དེ་ལྟར་མ་བྱས་པར་རྟོག་པའི་འཕྲོ་འདུ་མངས་ན་སླར་ཡང་ལས་རླུང་ལྡང་སླ་བས་ལྷན་སྐྱེས་ཡུན་ཐུང་ངོ་། །བུམ་པ་ཅན་གྱི་ཡུན་ཚད་ནི། སྡོམ་འབྱུང་ལས། བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་སུམ་ཅུ་རྩ་དྲུག་ཙམ། །དེ་སྲིད་བུམ་པ་ཅན་བྱ་སྟེ། །སུམ་འགྱུར་མཆོག་གིས་གཞོམ་པར་ནི། །བརྒྱད་ལྷག་པ་ཡི་བརྒྱ་ཙམ་མོ། །ཞེས་སོགས་གསུངས་པ་ལྟར། རབ་བརྒྱ་རྩ་བརྒྱད། འབྲིང་དོན་གཉིས། ཐ་མ་སོ་དྲུག་གིས་འཆི་བ་འཇོམས་པར་བཤད་པ་ལྟར་རོ། །ཁ་ཅིག་སྙིང་གའི་བུམ་པ་ཅན་ཐོག་མར་བྱེད་པ་ཤིན་ཏུ་གཉན་ཞེས་ཟེར་མོད་ཀྱང༌། སྟེང་འོག་ནས་འདྲེན་པ་འཇམ་སྦྱོར་དང༌། འཛིན་པའི་ཡུན་ཚད་སོགས་སྒོམ་ཚུལ་ལེགས་པར་ཤེས་ན་གེགས་ཆེན་པོ་སྐྱེད་པ་མིན་ནོ། །གཉིས་པ་ནི་སྐབས་འདིར་ནང་གི་ཐབས་དེ་ཙམ་གྱིས་སེམས་དབེན་རྫོགས་པར་སྐྱེད་མི་ནུས་པས། དེ་སྐྱེད་པ་ལ་ཕྱིའི་ཕྱག་རྒྱ་གྲོགས་སུ་དགོས་པར་གསུངས་ཏེ། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དང༌། །དེ་ཡི་བར་ཏེ་གསུམ་པོ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཞེས་གསུངས་སོ། །འདིར་སེམས་དབེན་ནི་སྙིང་


JLD008_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་སྡུད་རིམ་ལས་འབྱུང་བ་ཡིན་ལ། དེ་ཕྱག་རྒྱ་ལ་བརྟེན་ནས་འབྱུང་བ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་སྒྱུ་མའི་སྐུ་འགྲུབ་པ་ཕྱག་རྒྱ་ལ་ལྟོས་པར་གསུངས་ཏེ་ཚེ་འདིར་སྒྱུ་ལུས་འགྲུབ་པའོ། །དེ་གཉིས་ལ་ནི་སྤྱིར་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་ཚུལ་ཤེས་དཀའ་ན། ཁྱད་པར་དུ་ཐབས་དེ་སྙིང་ཁའི་རླུང་སྡུད་ཐབས་སུ་འགྲོ་བའི་ཚུལ་རྟོགས་དཀའ་བ་ལྟ་ཅི་སྨོས། དེས་ན་དེ་རྣམས་ཤིན་ཏུ་རྟོགས་དཀའ་བའི་ཚུལ་རྣམ་དཔྱོད་ཅན་གྱིས་ལེགས་པར་ཤེས་ནས་རྒྱུད་དོན་བཙལ་བར་བྱའོ། །གཉིས་པ་ནི། སྟོང་པ་བཞི་ནི་ནམ་མཁའ་གཡའ་དག་གི་དཔེས་མཚོན་ནས་སྟོན་པ་ལ། དབྱར་གྱི་ཆར་གྱིས་སའི་རྡུལ་བར་སྣང་ལ་ལྡང་བ་ལེགས་པར་མནན་པ་དང་། སྤྲིན་གྱི་སྒྲིབ་བྱེད་དང་བྲལ་བ་གཉིས་ཚོགས་པ་མང་དུ་འབྱུང་བ་སྟོན་གྱི་དུས་ཡིན་པས་སྟོན་གྱི་ནམ་མཁའ་དཔེར་བཟུང་ངོ་། །དེའི་ནམ་མཁའ་གཡའ་དག་པ་ལ་ནི། ཉིན་པར་ཉི་འོད་ཀྱིས་ཁྱབ་པ་དང་། ནམ་སྲོས་ནས་སྲོད་ཀྱི་སྨག་འཐུག་པོ་མ་སངས་ཀྱི་བར་གྱི་མཚམས་ལ་སྨག་ནག་པོ་འཐུག་པོས་ཁྱབ་པ་དང༌། དེ་སངས་པའི་འོག་ཏུ་ཟླ་འོད་ཤར་ནས་ཐོ་རངས་ལ་མ་སླེབ་པའི་བར་དུ་ཟླ་འོད་ཀྱིས་ཁྱབ་པ་དང༌། ཟླ་འོད་ཀྱང་ཡལ་ཉི་འོད་ཀྱིས་ཀྱང་མ་སླེབ་པའི་ཐོ་རངས་ཀྱི་དུས་ནམ་མཁའི་རང་མདོག་ཇི་བཞིན་དུ་མི་ཐོན་པའི་རྒྱུ་གསུམ་དང་བྲལ་བའི་སྐབས་གཅིག་སྟེ་བཞི་ཡོད་དོ། །དེ་ལ་སྔར་བཤད་པའི་ཐབས་རྣམས་ལ་བརྟེན་ནས། ཀུན་རྟོག་གཡོ་བའི་རླུང་ཐིམ་པ་ན་མར་མེ་འབར་བ་ལྟ་བུའི་རྟགས་འཆར་ལ། དེའི་རྗེས་སུ་འཆར་བའི་སྣང་བ་ནི་སྟོན་གྱི་ནམ་མཁའ་གཡའ་


JLD008_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཚེ་མཚན་མོ་ཟླ་བ་ཤར་བའི་འོད་ཀྱིས་ཁྱབ་པའི་ནམ་མཁའ་བཞིན་དུ་ཤིན་ཏུ་དྭངས་ཤིང་སྟོང་སང་ངེ་བ་ལ་འོད་ཀྱི་སྣང་བ་དཀར་པོའི་རྣམ་པ་གཅིག་འཆར་ལ། དེ་མ་གཏོགས་པའི་གཉིས་སྣང་རགས་པ་གང་ཡང་མི་འཆར་རོ། །དཔེར་ན་ནམ་མཁའ་ལ་ཟླ་འོད་ཀྱིས་ཁྱབ་ཀྱང༌། དེས་ནམ་མཁའ་མི་སྒྲིབ་པར་མཐོང་བ་བཞིན་དུ། འདིར་ཡང་འོད་སྣང་དཀར་པོའི་རྣམ་པ་ཤར་བ་དེས་ནམ་མཁའ་དག་པ་ལྟ་བུའི་སྟོང་གསལ་དེ་མི་སྒྲིབ་པར་འཆར་བ་ཡིན་ནོ། །དེ་ནས་སྣང་བ་དེ་བསྡུས་པའི་འོག་ཏུ་སྣང་བ་མཆེད་པས་ཤར་བ་ན། སྟོན་གྱི་ནམ་མཁའ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་བཞིན་དུ། སྔ་མ་ལས་ཀྱང་ཆེས་དངས་པའི་སྟོང་སང་ངེ་བ་ལ་དམར་པོའམ་དམར་སེར་གྱི་རྣམ་པ་འཆར་ཏེ་ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་སྣང་བ་དེ་ཡང་བསྡུས་པའི་འོག་ཏུ་ཉེར་ཐོབ་ཤར་བ་ན། རླུང་འགག་པ་ཆེར་སོང་བས་ཡུལ་སྣང་ནི། སྟོང་སྣང་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་འདྲ་བའི་ནག་པོའི་རྣམ་པ་དྲན་པ་ཉམས་པ་ཅིག་ཐོག་མར་འཆར་ལ། བར་དུ་ཡུལ་ཅན་གྱི་དྲན་པ་ཉམས་ནས་དྲན་མེད་དུ་འགྲོ། དེའི་རྗེས་སུ་དྲན་པ་ཉམས་སངས་པའི་ནམ་མཁའ་སྤྲིན་མེད་འདྲ་བ་ཅིག་འཆར་ཏེ། རིམ་པ་གསུམ་པ་མན་ཆད་དུ་ཕྱི་མ་དེ་ཡང་ཉེར་ཐོབ་ཏུ་བསྡུས་ནས་སྟོང་པ་གསུམ་དུ་བཤད་ཀྱང༌། དཔེའི་འོད་གསལ་དེ་ལོགས་སུ་བྱས་ན་སྟོང་པ་བཞིར་འགྱུར་རོ། །ལུགས་མཐུན་གྱིས་ཚེ་ཉེར་ཐོབ་དྲན་མེད་དུ་སོང་བ་ཇི་ལྟར་འཐུག་པ་ཙམ་གྱིས་དེའི་མཇུག་གི་འོད་


JLD008_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བརྟན་ལ་རྒྱུན་རིང་ངོ་། །དཔེའི་འོད་གསལ་ནས་ལུགས་ཟློག་ཏུ་འཆར་ཚུལ་ནི། དཔེའི་འོད་གསལ་དེ་བསྡུས་པ་ན་ཉེར་ཐོབ་དང༌། དེ་བསྡུས་པ་ན་མཆེད་པ་དང༌། དེ་བསྡུས་པ་ན་སྣང་བ་རྣམས་སྔོན་བཞིན་དུ་འཆར་རོ། །སྟོང་པ་བཞི་ཁའི་ཚེ་བདེ་སྟོང་སྦྱོར་བ་ཡིན་མོད་ཀྱང༌། གཙོ་བོ་ནི་ཐམས་ཅད་སྟོང་པའི་དུས་སོ། །སྟོང་པ་བཞི་ནི་འཆི་བའི་དུས་སུ་རྫོགས་པར་འཆར་ལ། གཉིད་ཀྱི་དུས་སུ་སྣ་བུག་གི་རྒྱུ་བ་མི་ལྡོག་པས་ཆ་འདྲ་ཙམ་འཆར་རོ། །ལམ་དུས་སུ་ནི་སྙིང་ཁའི་དྷཱུ་ཏཱིར་རླུང་བཙུད་ནས་ཐིམ་པ་ལ་མཚན་ཉིད་རྣམས་ཚང་བར་འཆར་ལ། གཞན་དུ་ཐིམ་པ་ལ་དེའི་ཚོད་ཙམ་མི་འཆར་རོ། །དེ་གསུམ་ལ་ཡང་གོམས་པ་ཤས་ཆེ་ཆུང་དང༌། རླུང་འདུ་ཕུལ་དང་ཐིམ་པ་ཤས་ཆེ་ཆུང་གི་དབང་གིས་ཡུལ་སྣང་རྒྱ་ཆེ་ཆུང་དང་སྲབ་འཐུབ་དང༌། གནས་ཡུན་རིང་ཐུང་སོགས་མི་འདྲ་བ་དུ་མ་ཞིག་འབྱུང་ངོ་། །རླུང་སྒོམ་པ་སོགས་ཀྱི་སྐབས་སུ་སྣང་བ་དང་པོ་གཉིས་སྔོན་དུ་མ་ཤར་བར། ནག་ཐོ་མ་གྱིས་འགྲོ་བའི་དྲན་མེད་འོང་བ་ནི་ཉེར་ཐོབ་མིན་ལ། དབང་ཤེས་མ་ཐིམ་པར་ཡིད་ངོར་ནམ་མཁའ་ལ་ཟླ་འོད་སོགས་ཤར་བ་བཞིན་དུ་སྣང་བ་དང་དབང་ཤེས་ལོག་ཀྱང་ཡིད་ངོར་ཀོར་ལེ་རེར་ཟླ་འོད་སོགས་ཤར་བ་བཞིན་དུ་སྣང་བ་དང༌། དེ་གཉིས་ཀའི་སྐབས་སུ་སྔར་བཤད་པ་ལྟར་གྱི་སྟོང་པ་གསུམ་སྔོན་དུ་སོང་བ་མིན་པའི་ནམ་མཁའ་གཡའ་དག་ལྟ་བུའི་རྣམ་པ་ཤར་བ་རྣམས་འདིར་བཤད་པའི་སྟོང་པ་བཞི་མིན་ནོ། །དེ་འདྲ་བའི་སྟོང་པ་གསུམ་ནི་སྒྱུ་ལུས་ཐོབ་ནས་དོན་གྱི་འོད་གསལ་སྔོན་དུ་མ་བྱས་པར་དང༌། དོན་གྱི་འོད་གསལ་ལས་ལུགས་ཟློག་ཏུ་ལངས་


JLD008_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་དང༌། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དུ་ཡང་འབྱུང་མོད་ཀྱང༌། སེམས་དབེན་མིན་པ་དེ་བཞིན་དུ༌། སེམས་དབེན་མ་ཐོབ་པའི་གོང་དུ་ཡང་སྟོང་པ་གསུམ་གྱི་ཡེ་ཤེས་འབྱུང་བ་ཡིན་པས། སྟོང་པ་གསུམ་གྱི་ཡེ་ཤེས་དང༌། སེམས་དབོན་གྱི་སྟོང་པའི་ཡེ་ཤེས་ཀྱི་ཁྱབ་ཆེ་ཆུང་རྣམས་ཕྱེད་པར་བྱའོ། །གསུམ་པ་ནི། སྤྱིར་རླུང་དྷཱུ་ཏཱིར་བསྡུས་པ་དང་ཁྱད་པར་དུ་སྙིང་ཁའི་མདུད་པ་གྲོལ་ནས་དེའི་ནང་གི་མི་ཤིགས་པ་ལ་རླུང་བསྡུས་ནས་ཐིམ་པ་ལས་སེམས་དབེན་བསྐྱེད་པའི་དགོས་པ་ནི། གཞུང་གཞན་ནས་འབྱུང་བ་ལྟར་ལྷན་སྐྱེས་ཀྱི་དགའ་བ་ཁྱད་པར་ཅན་བསྐྱེད་དེ་དེ་དང་སྟོང་པ་སྦྱར་ནས་གོམས་པར་བྱེད་པ་ཙམ་གྱི་ཆེད་མིན་གྱི། བར་དོ་ཇི་བཞིན་པ་དེ་འདྲ་བའི་སྒྱུ་མའི་སྐུ་སྒྲུབ་པར་འདོད་ནས་ཡིན་ཏེ། དེ་ལ་ནི་འཆི་རིམ་ཇི་བཞིན་དུ་རླུང་སེམས་བསྡུས་ནས་སྟོང་པ་བཞི་སྐྱེད་དགོས་པའི་ཕྱིར་དང༌། དེ་ལ་སྙིང་གའི་མི་ཤིགས་པ་ཉིད་དུ་སྡུད་གནས་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །སེམས་དབེན་གྱི་བཤད་པ་མཐའ་དག་པར་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ། །གཉིས་པ་བདེན་པ་གཉིས་ཀྱི་རྫོགས་རིམ་ལ་གསུམ། ཀུན་རྫོབ་སྒྱུ་མའི་རྫོགས་རིམ། དོན་དམ་འོད་གསལ་གྱི་རྫོགས་རིམ། དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་མོ། །དང་པོ་ལ་གཉིས། སྒྱུ་ལུས་དངོས་དང༌། དེའི་ཡན་ལག་གི་གདམས་པའོ། །དང་པོ་ནི། དེ་ལྟར་ཕྱི་ནང་གི་ཐབས་གཉིས་ལས་སེམས་དབེན་གྱི་ཡེ་ཤེས་རྫོགས་པ་བསྐྱེད་པའི་ལུགས་མཐུན་དུ་ཞུགས་པའི་སྟོང་པ་དང་པོ་གཉིས་དང༌། ཉེར་ཐོབ་ཀྱི་ཐོག་མ་དང་བར་གྱི་


JLD008_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་ལས་བརྒྱུད་ནས་དང༌། མཐའི་དཔེའི་འོད་གསལ་ལས་ལུགས་ཟློག་ཏུ་འཇུག་པའི་རླུང་སེམས་ཙམ་ལས་དངོས་སུ་རྡོ་རྗེ་འཆང་གི་སྐུ་མཚན་དཔེས་བརྒྱན་པར་འཁྲུངས་པ་ནི། བདག་བྱིན་རླབས་དང༌། ཀུན་རྫོབ་བདེན་པ་དང༌། སྒྱུ་མའི་སྐུ་དང་རྡོ་རྗེའི་སྐུ་ཞེས་བྱ་ལ། དྲི་ཟའི་སེམས་ཅན་བར་དོའི་ཐ་སྙད་ཀྱིས་ཀྱང་གསུངས་སོ། །དེ་ཡང་རིམ་ལྔ་ལས་མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་ཡན་ལག་དང་ཉིང་ལག་ཐམས་ཅད་ཅིག་ཅར་དུ་རྫོགས་པ་མེ་ལོང་ལ་བྲིས་སྐུ་ཤར་བ་ལྟ་བུ་དང༌། ལུས་དྭངས་ཤིང་ཐོགས་པ་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ་དང༌། སྐུ་གཅིག་ལས་འཕྲོས་བའི་བཀོད་པས་ཡུལ་དུ་མ་ལ་ཁྱབ་པ་ནམ་མཁའི་ཟླ་བ་ཆུ་སྣོད་དུ་མར་ཤར་བ་ལྟ་བུའི་དཔེས་མཚོན་པར་གསུངས་ཏེ། སྤྱིར་ན་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ནས་གསུངས་སོ། །འདི་ཆེས་རྟོགས་དཀའ་ལ་གནད་ཤིན་ཏུ་ཆེ་བས་མཐའ་གཅོད་པ་རྒྱས་པར་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ། །གཉིས་པ་ལ་གསུམ། མཉམ་གཞག་སྒྱུ་མ་དང༌། རྨི་ལམ་སྒྱུ་མ་དང༌། བར་དོ་སྒྱུ་མའོ། །དང་པོ་ནི། མཉམ་གཞག་སྒྱུ་མའི་གཙོ་བོ་ནི་སྔར་བཤད་པ་ལྟར་གྱི་རླུང་སེམས་ཙམ་ལས་གྲུབ་པའི་སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་གསུངས་པ་དེ་ལ་མཉམ་པར་བཞག་པའོ། །རྗེས་མཐུན་པ་ནི་སྡུད་པའི་རྣལ་འབྱོར་གྱིས་རིམ་གྱིས་བསྡུས་ནས། མི་ཤིགས་པ་ལ་ཐིམ་པ་དངོས་སུ་བསྒོམས་པའམ། དེ་ལྟར་མ་བྱས་ཀྱང་མཐའི་རླུང་རྣམས་དྷཱུ་ཏཱིར་འདུས་ནས་ཐིམ་པ་ལས་བྱུང་བའི་སེམས་དབེན་རྗེས་མཐུན་པའི་སྟོང་པ་རྣམས་ཤར་བའི་མཐར།


JLD008_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་གི་སྐུར་ལངས་ཏེ་དེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའོ། །འདི་ནི་ལུས་དབེན་ནས་ཀྱང་འཐོབ་མོད་ཀྱང༌། སྙིང་ཁའི་དྷཱུ་ཏཱིར་འདུས་ནས་ཐིམ་པ་ལས་བྱུང་བའི་མཚམས་ནས། སྒྱུ་ལུས་དངོས་དང་མཐུན་ཚབས་ཆེའོ། །དེ་ལྟར་བྱས་ན་རིམ་པ་ལྔ་རྗེས་མཐུན་པ་ནི་ལུས་དབེན་ནས་ཀྱང་བཞག་ཏུ་རུང་ལ། དེ་རྣམས་དང་རིམ་ལྔ་དང་སྤྱོད་བསྡུས་ནས་གསུངས་པའི་རིམ་ལྔ་དངོས་གཉིས་ཀྱི་ཁྱད་པར་ལེགས་པར་ཕྱེད་པ་ཅིག་ཤིན་ཏུ་གལ་ཆེའོ། །རིམ་ལྔ་ལས། རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང༌། །སྐུ་ནི་བལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབ་ཅེས་དེ་བཤད་དོ། །ཞེས་རྡོ་རྗེ་འཆང་གི་སྐུ་ཇི་འདྲ་བ་བྲིས་པའི་བྲིས་སྐུ་མེ་ལོང་གཡའ་དག་པ་ལ་ཤར་ཏེ་གསལ་བར་སྣང་བ་དང་མཚུངས་པའི་སྐུ་དེ་ནི། མཚན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དང་ལྟ་བས་ཆོག་མི་ཤེས་པ་ཡིན་ནོ། །ཞེས་སློབ་མ་ལ་བསྟན་པའི་དོན་དེ་བདག་བྱིན་བརླབ་བོ་ཞེས་གསུངས་པའི་དོན་ནི། གཟུགས་བརྙན་དང་སྒྱུ་མའི་སྐུ་གཉིས་དཔེ་དོན་དུ་སྦྱར་ནས། བླ་མའི་མན་ངག་གིས་སློབ་མ་ལ་སྟོན་པའི་དོན་ཡིན་གྱི། མེ་ལོང་ལ་གཟུགས་བརྙན་ཤར་བ་སློབ་མའི་མིག་ལ་སྟོན་པ་དང༌། དེ་ལ་བལྟས་ནས་སྒོམ་པ་དང༌། དེ་ནས་བློས་གཏོན་ནས་རང་ལ་བསྡུས་པའི་ལྷ་སྐུ་སྒྱུ་ལུས་སུ་སྟོན་པ་མིན་ཏེ། དཔེ་གཞན་རྣམས་དང་ཡང་མཚུངས་པར་སློབ་མ་ལ་སྟོན་པར་གསུངས་


JLD008_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། དེ་རྣམས་ལ་སྒྱུ་མ་སོགས་ཀྱི་དཔེ་མིག་ལ་སྟོན་མི་དགོས་པ་དང་འདྲའོ། །སྤྱོད་བསྡུས་ལས་ཀྱང༌། བྲིས་པའམ་རས་བྲིས་མེ་ལོང་གི་ནང་དུ་སྣང་བ་བཞིན་དུ། ཞེས་གསུངས་པས་ཀྱང་ཤེས་ལ། རིམ་ལྔའི་འགྲེལ་པ་ལ་སོགས་འཕགས་སྐོར་གྱི་རྒྱ་གཞུང་གང་ནས་ཀྱང་དེ་ལྟར་མ་བཤད་དོ། །བསྐྱེད་རིམ་མི་གསལ་ན་མེ་ལོང་གི་ནང་དུ་བྲིས་སྐུ་ཤར་བ་ལ་བལྟས་ཀྱིན་སྒོམ་པའི་གདམས་ངག་འགའ་ཞིག་སྣང་བ་དང༌། རིམ་ལྔའི་གཞུང་དེའི་དོན་ལེགས་པར་མ་གོ་བ་དང་། སྒྱུ་མའི་ལུས་ཀྱི་སྒྱུ་མ་ཞེས་པའི་དོན་གཟུགས་བརྙན་བཞིན་གྱི་བརྫུན་སྣང་དང༌། དེ་ལྟར་རྟོགས་པའི་ཞེན་མེད་གཅིག་ལ་བཟུང་ནས། སྒྱུ་ལུས་ཀྱི་གནད་ཁོང་དུ་མ་ཚུད་པར་སྐབས་འདིར་མེ་ལོང་གི་ནང་དུ་ལྷ་སྐུར་ཤར་བ་ལ་སེམས་གཏད་ནས་སྒོམ་པ་སོགས་བྱེད་པར་སྣང་ཡང༌། མར་ལུགས་ཀྱི་དང་པོའི་གདམས་ངག་གི་དོན་མིན་པ་ནི་སྔར་བཤད་ཟིན་ཏོ།། །།གཉིས་པ་ལ་གཉིས། རྨི་ལམ་གྱི་སྔོན་དུ་གཉིད་ཀྱི་སྟོང་པ་འཛིན་ཚུལ་དང༌། དེ་ཟིན་ནས་རྨི་ལམ་གྱི་དགེ་སྦྱོར་སྐྱོང་ཚུལ་ལོ། །དང་པོ་ནི། གཞི་ལ་འཆི་བའི་སྟོང་པ་བཞི་སྔོན་དུ་འབྱུང་བའི་མཐར་བར་དོ་འགྲུབ་པ་དང༌། གཉིད་ཀྱི་སྟོང་པ་རྣམས་བྱུང་བའི་མཐར་རྨི་ལམ་འཆར་བ་དང༌། ལམ་ལ་བསྐྱེད་རིམ་ལ་ལྷག་མོས་འོད་གསལ་དུ་སྡུད་པ་སྔོན་དུ་བཏང་ནས། དང་པོའི་མགོན་པོར་སྐྱེད་པ་པ་དང༌། རྫོགས་རིམ་ལ་སེམས་དབེན་གྱི་སྟོང་པ་རྣམས་སྔོན་དུ་བཏང་བའི་སྒྱུ་མའི་སྐུ་འགྲུབ་པ་དང༌། དོན་གྱི་འོད་གསལ་སྔོན་དུ་བཏང་བའི་མཐར་ཟུང་འཇུག་གི་ལྷ་སྐུ་འགྲུབ་པ་ཐམས་ཅད་ཀྱི་གོ་རིམ་དེ་


JLD008_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡིན་ནོ། །དེས་ན་རྨི་ལམ་གྱི་ལུས་སྒྱུ་ལུས་སུ་ལྡང་བ་ལ་ཡང༌། སེམས་དབེན་དང་འདྲ་བའི་གཉིད་ཀྱི་སྟོང་པ་བཞི་སྔོན་དུ་བཟུང་དགོས་པ་ཡིན་ཏེ། འདིས་འཆི་བའི་འོད་གསལ་འཛིན་པ་དང་བར་དོ་སྒྱུ་མའི་གོ་རིམས་ཀྱང་ཤེས་པར་བྱའོ། །སྤྱིར་གཉིད་ཏིང་ངེ་འཛིན་གྱི་ངོ་བོར་སྐྱེད་པ་ལ་སད་དུས་སུ་སེམས་གནས་བརྟན་པོ་ཡོད་ན། དེས་གཉིད་དུ་འགྲོ་ཁར་སད་དུས་ཀྱི་ཏིང་ངེ་འཛིན་དེ་དྲན་ནས་དེ་ལ་ཡིད་ཕྱོགས་པར་བྱས་ན། གཉིད་དུ་སོང་བ་ན་རྨི་ལམ་མེད་པར་གཉིད་ཏིང་ངེ་འཛིན་དུ་མེར་གྱིས་འགྲོ་བ་ཅིག་འབྱུང༌། འདི་ནི་ཐེག་པ་ཆེ་ཆུང་དང༌། སྔགས་དང་ཕར་ཕྱིན་གྱི་ཐེག་པ་གཉིས་ཀའི་ཐུན་མོང་བ་ཡིན་པས། དེ་ལ་གཉིད་ཀྱི་འོད་གསལ་འཛིན་པ་ཟེར་བ་མིན་ནོ། །ཉན་ཐོས་ཀྱིས་སར། གཉིད་དུ་འགྲོ་ཁར་ཉིན་མོའི་དགེ་སྦྱོར་བྱས་པ་རྣམས་མངོན་དུ་བྱས་ནས། ཡིད་གཞན་དུ་མ་གཡེངས་ན་གཉིད་དུ་སོང་བའི་ཚེ་དགེ་སྦྱོར་དེ་ཉིད་ཀྱི་རྒྱུན་སྐྱོང་བ་འོང་བར་བཤད་པས། ཏིང་ངེ་འཛིན་ཁོ་ནར་མ་ཟད་ཉིན་པར་གྱི་དགེ་སྦྱོར་གྱི་གོམས་པ་གང་བརྟན་པ་ཐམས་ཅད་ལ་གཉིད་དུ་འགྲོ་ཁར་དྲན་ནས་དེ་ཉིད་ལ་གནས་བཞིན་པའི་ངང་ནས་གཉིད་ལོག་པ་གོམས་ན་སྔ་མའི་རྒྱུན་དེ་སྐྱོང་བ་འོང་ངོ་། །དེས་ན་སད་དུས་སུ་སེམས་གནས་ཤིན་ཏུ་བརྟན་པོ་ཡོད་པ་ལ་གཉིད་ཐུན་གངས་པོ་ལ་རྨི་ལམ་མེད་པར་ཏིང་ངེ་འཛིན་ཐུན་གཅིག་ཏུ་འགྲོ་བ་ཡང་འོང་ལ། ཁ་ཅིག་ལ་རྨི་ལམ་ཤར་ཡང་སད་པའི་ཚེ་བཤད་མི་ཤེས་པ་ཡང་འོང་ངོ་། །གཉིད་ཀྱི་འོད་གསལ་འཛིན་པ་ནི་རྒྱུད་སྡེ་འོག་མ་གསུམ་ལའང་མེད་པར་སྔགས་བླ་མེད་ཀྱི་ཁྱད་ཆོས་ཡིན་


JLD008_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་འཛིན་ཚུལ་ཐུན་མོང་མ་ཡིན་པ་ཤེས་དགོས་སོ། །འདི་ལ་ལུས་ལ་གནད་དུ་བསྣུན་པའི་ཐབས་རྣམ་དག་གང་ཡང་རུང་བ་གཅིག་བསྒོམས་ནས། རླུང་དྷཱུ་ཏཱིར་ཚུད་དེ་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་སད་དུས་སུ་ལེགས་པར་འདྲེན་ནུས་པ་ཞིག་དགོས་ལ། ཁྱད་པར་དུ་སྙིང་ཁར་གནད་དུ་བསྣུན་པའི་ཐབས་ཀྱིས་དེ་ལྟར་ནུས་པ་ཅིག་བྱུང་ན་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་འདྲ་བའི་ནུས་པ་མ་ཐོབ་པས་ནི་གཉིད་དུ་འགྲོ་ཁར་གཉིད་ཀྱི་མགོ་རྩོམ་པ་ནས་ཇི་ལྟར་འཆར་བ་ལ་སེམས་ཀྱི་དྲན་པ་བསྟེན་ན་སྣང་མཆེད་གཉིས་དང་ཉེར་ཐོབ་ཀྱི་སྟོང་ཙམ་ངེས་པ་སྲིད་ཀྱང༌། ཉེར་ཐོབ་ཀྱི་དངོས་གཞི་དང༌། གཉིད་ཀྱི་སྟོང་པ་བཞི་པ་མི་ངེས་སོ། །གཞི་དུས་ཀྱི་གཉིད་ཀྱི་སྐབས་སུ་སྣ་བུག་གི་རྒྱུ་བ་ཕྲ་མོ་ཞིག་མི་ལྡོག་པར་འབྱུང་འཇུག་བྱེད་པའི་གནད་ཀྱིས། སྟོང་པ་རྣམས་ཆ་མཐུན་ཙམ་མ་གཏོགས་པ་མཚན་ཉིད་རྫོགས་པར་མི་འཆར་ལ། སྟོང་པ་བཞི་པ་ནི་ཡུན་ཤིན་ཏུ་ཐུང་ངོ་། །སྔར་བཤད་པ་ལྟར་གྱི་ནུས་པ་སད་པའི་སྐབས་སུ་ཐོབ་པས་ནི། རང་ལྷར་སྒོམ་པ་སྔར་དང་འདྲ། ལུས་ཀྱི་གནད་ནི་གཉིད་ཀྱི་དུས་སུ་ཉལ་བའི་སྤྱོད་ལམ་འཕྲེས་པ་དང༌། ཙོག་པུ་སོགས་གང་རུང་ངོ་། །དུས་ནི་གཉིད་དུ་འགྲོ་བའི་སྔོན་རོལ་ཙམ་ནས་ཡིན་ལ། དེ་ཡང་སྲོད་ལ་སོགས་པ་གཉིད་འཐུག་པའི་དུས་སུ་མ་གོམས་པས་ཟིན་པར་དཀའ་བས་ཐོ་རངས་སོགས་གཉིད་སྲབ་པའི་དུས་སུའོ། །རླུང་གི་གནད་ནི་ཉིན་མོ་བུམ་པ་ཅན་བྱང་བ་ལྟ་བུ་ཡིན་ན། དེས་བྱས་པས་ཀྱང་ཟིན་ལ། དེ་ལྟ་མིན་ན་རླུང་འབྱུང་འཇུག་རང་ལུགས་པར་བྱའོ། །


JLD008_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་གནད་ནི་སྔར་བཤད་པ་ལྟར་རྨི་ལམ་མ་ཤར་བའི་གཉིད་དུ་འགྲོ་བ་ལ་ནི། སྙིང་ཁར་རླུང་རང་ཤུགས་ཀྱིས་འདུ་བའི་གནད་ཀྱིས་སྙིང་ཁའི་མི་ཤིགས་པ་ལ་དམིགས་པ་གཏད་ན་གནད་དུ་འགྲོ་སྟེ། སྙིང་ཁར་རང་ཤུགས་ཀྱིས་མི་འདུ་བའི་སད་དུས་སུ་ཡང་སྙིང་ཁར་དམིགས་པ་གཏད་ན་དེར་རླུང་བསྡུས་ནས་ཐིམ་པར་བྱེད་ནུས་པ་དེས། གཉིད་དུ་འགྲོ་ཁར་རང་ཤུགས་ཀྱིས་སྙིང་གར་འདུ་བ་ལ། དེར་དམིགས་པ་གཏད་ན་དེར་རླུང་འདུ་བ་ལྟ་ཅིག་སྨོས་པའི་ཕྱིར་རོ། །འདི་ལ་བརྟེན་ནས་སད་དུས་ཀྱི་སྟོང་པ་དང་གཉིད་དུས་ཀྱི་སྟོང་པ་བསྲེ་བ་ཡང་ཤེས་པར་བྱའོ། །སྙིང་ཁར་པདྨ་འདབ་མ་བཞི་པའི་ལྟེ་བར་ཐིག་ལེ་དཀར་དམར་ལ་དམིགས་པར་བཤད་དེ་དེ་ལྟར་རམ། ཡང་ན་སྔར་བཤད་པ་ལྟར་གྱི་སྔགས་འཁོར་སྒོམ་པ་ལ་བྱང་ན་དེས་བྱ་བ་དང་མི་ཤིགས་པ་རྐྱང་པ་ལ་དམིགས་ནའང་འགྲུབ་སྟེ། པདྨའི་ཁ་དོག་དཀར་དམར་སྔོ་བ་གསུམ་ག་བཤད་པས་གང་རུང་གིས་ཆོག་གོ། སྔགས་འཁོར་སྒོམ་ན་དང་པོར་ཕྱོགས་མཚམས་ཀྱི་རིམ་པས་དམིགས་ལ། དེ་ནས་ཕྱི་ནས་རིམ་པ་བཞིན་དུ་བསྡུས་ཏེ་མི་ཤིགས་པ་ལ་ཐིམ་པར་བྱས་ལ་དེ་ཉིད་ལ་སེམས་བཟུང་ངོ་། །གཞན་ཡང་རིམ་ལྔ་གདན་རྫོགས་ལས། རྡོ་རྗེ་བཟླས་པ་བྱས་ནས་ཀྱང་འཛིན་པ་ཞིག་བཤད་དེ་འཛིན་ཐབས་དེ་གཉིས་ནི་རྒྱུད་དང་ཡབ་སྲས་ཀྱི་དགོངས་པ་བླ་ན་མེད་པར་མཐོང་ངོ་། །གཉིད་ཀྱི་འོད་གསལ་སྙིང་ཁར་འཛིན་པའི་རིགས་པ་འདིས་ནོར་བུའི་ནང་དུ་འཛིན་པ་ཡང་གོ་བར་ནུས་


JLD008_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སམ་སྙམ་མོ། །དེ་ལྟར་བཟུང་བས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་འཆར་ལ། དེ་ནས་ནམ་མཁའ་གཡའ་དག་ལ་ཟླ་འོད་དང་ཉི་འོད་ཤར་བ་དང་མཚམས་ཀྱི་སྨག་གིས་ཁྱབ་པ་དང་འདྲ་བའི་སྟོང་པ་་གསུམ་སྔོན་དུ་ཤར་བའི་མཐར། ནམ་མཁའ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་རང་མདོག་ཐོན་པའི་ཐོ་རངས་ཀྱི་དུས་དང་འདྲ་བའི་ནམ་མཁའ་གཡའ་དག་ལྟ་བུའི་རྣམ་པ་འཆར་བ་ནི། གཉིད་ཀྱི་འོད་གསལ་དངོས་གཞིའོ། །སྔར་བཤད་པའི་ཏིང་ངེ་འཛིན་ཐུན་མོང་བའི་སྒོ་ནས་གཉིད་ཏིང་ངེ་འཛིན་དུ་འགྲོ་བ་ལ་ནི། རྟགས་དེ་རྣམས་དང་སྟོང་པ་སྔ་མ་གསུམ་མི་འཆར་བས། ནམ་མཁའ་སྤྲིན་མེད་འདྲ་བ་ཞིག་ཤར་ཡང་གཉིད་ཀྱི་འོད་གསལ་གྱི་དོན་མེད་དོ། །འདི་ལ་ལན་འགའ་ཟུང་མཚན་མ་རྣམས་ཁྲིགས་ཆགས་སུ་མ་ཤར་ཡང་དེ་ནས་མྱུར་པོར་འཆར་རོ། །ལུགས་ཟློག་གི་སྟོང་པ་རྣམས་ནི་ལུགས་མཐུན་ལས་འཆར་དཀའ་བས། དེ་བྱེད་བའི་མཚམས་ནས་ལན་འགའ་ཟུང་འཕེན་པ་བཏང་ནས་འཆར་བར་བྱས་ན། དེ་ནས་འཕེན་པ་ལ་མི་ལྟོས་སོ། །སད་དུས་སུ་སྔར་བཤད་པའི་རླུང་ནུས་མ་ཐོབ་པས་ཀྱང་གཉིད་དུ་འགྲོ་ཁར་དམིགས་པ་སྔ་མ་གཉིས་བྱས་ན་ཉིན་མོ་སྒོམ་པ་ལ་ཕན་ཐོགས་པས་བྱས་ན་ལེགས་སོ། །གཉིད་ཀྱི་འོད་གསལ་ཤར་བ་ན་ལྟ་བ་དྲན་པར་བྱས་ལ། ཇི་སྲིད་དུ་རླུང་གིས་མ་གཡོས་པ་དེ་སྲིད་དུ་དེ་འབའ་ཞིག་སྒོམ་དགོས་སོ། །འདི་ལ་གཉིད་འཐུག་དྲགས་ན་དྲན་པ་ཉམས་པ་ཕུལ་ཆེ་བས་འོད་གསལ་མི་ཟིན་ལ། གཉིད་མ་བྱུང་ན་ནི་གཞི་སྟོར་བས་མི་


JLD008_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པས། གཉིད་དུ་ཡང་འགྲོ་བ་དང་གཉིད་ཅུང་ཟད་སྲབ་པ་གཉིས་ཚོགས་ཅིག་དགོས་པ་ལ། གཉིད་མ་བྱུང་ན་ཁ་ཟས་དྲོད་བཅུད་ཅན་བསྟེན་པ་དང༌། བསྐུ་མཉེ་སོགས་གཉིད་འོང་བའི་རྒྱུ་བསྟེན་ཏེ། འདི་ལ་སྟོང་འབྱམས་གཅོད་པ་ཞེས་ཁ་ཅིག་ཟེར་རོ། །གཉིད་འཐུག་དྲགས་ན་སྙིང་ཁའི་ཐིག་ལེ་ཤིན་ཏུ་འཚེར་བ་དང༌། འོད་ཕུང་ཆེན་པོ་འཕྲོས་ཏེ་གནས་ཁང་ཙམ་མམ། མལ་གྱི་ཁྱོན་ཙམ་དུ་ཉི་མ་ཤར་བ་ལྟ་བུ་བསམས་ཏེ། འདི་ལ་སྡུག་འབྱམས་གཅོད་པ་ཞེས་ཁ་ཅིག་ཟེར་རོ། །གཉིད་སྲབ་ཀྱང་མི་ཟིན་ན་དྲེད་འབྱམས་གཅོད་པ་བྱ་ཞེས་ཟེར་མོད་ཀྱང༌། སྔར་བཤད་པ་ལྟ་བུས་འཛིན་པ་ལ་དེ་མི་འོང་ངོ་། །གཉིད་ཀྱི་འོད་གསལ་ཤར་ནས་རིང་དུ་སྐྱོང་དགོས་པ་ལ། དེ་ལ་སང་སྐྱིན་ན་སད་འབྱམས་གཅོད་པའི་མན་ངག་གཞན་འགའ་རེ་སྣང་ཡང༌། མན་ངག་དམ་པ་ནི་འདི་ཡིན་ཏེ། འོད་གསལ་ཀྱི་ཏིང་ངེ་འཛིན་སྲབ་ཏུ་སོང་ནས་ལྡང་བར་རྩོམ་པར་སྣང་ན། དེ་མ་ཐག་སྙིང་ཁའི་མི་ཤིགས་པ་ལ་དམིགས་པ་གཏད་ན། སྙིང་ཁ་ནས་རླུང་ཅུང་ཟད་གྱེས་པ་སླར་ཡང་དེར་འདུས་ནས་འོད་གསལ་བརྟན་པར་འགྱུར་རོ། །ཉིན་མོ་བུམ་པ་ཅན་ལ་བྱང་ནའང༌། གཉིད་དུ་འགྲོ་ཁར་སྙིང་གའི་བུམ་པ་ཅན་བྱས་ལ་བཟུང་ཞིང༌། སད་འབྱམས་ཀྱང་དེས་གཅོད་དོ། །སད་དུས་རྡོར་བཟླས་སོགས་བྱས་པས་རླུང་རེ་འགའ་འདུས་ཀྱང༌། རྟགས་བཞི་དང་སྟོང་པ་རྣམས་ཁྲིགས་ཆགས་མིན་པར་འཆར་བ་དང༌། སྟོང་པའི་ངོ་བོ་འདོད་པ་བཞིན་མ་ཤར་ན། དེས་གཉིད་ཀྱི་སྟོང་པ་བཞི་འཛིན་པ་ལ་འབད་ནས། དེའི་


JLD008_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་སྐྱེད་ནུས་ན་སད་དུས་ཀྱི་རྡོར་བཟླས་སོགས་སྒོམ་པ་ལ་ཚུར་བོགས་འདོན་པ་དང༌། ཕར་ལ་བོགས་འདོན་པ་གཉིས་ཀ་ཤེས་པ་གནད་ཆེའོ། །འདིའི་སྐོར་ཡང་ཡིད་ཆེས་པའི་ཁུངས་དང་བཅས་པ་རིམ་ལྔ་གསལ་སྒྲོན་དུ་རྒྱས་པར་བཤད་ཟིན་ཏོ།། །།གཉིས་པ་ལ་གསུམ། རྨི་ལམ་བཟུང་བ་དང༌། རྨི་ལམ་སྦྱང་བ་དང༌། གཅིག་ཏུ་བྱེད་པའི་བསམ་གཏན་ནོ། །དང་པོ་ལ་གཉིས། རྨི་ལམ་འཛིན་ཐབས་ཀྱི་དབྱེ་བ་དང༌། རྨི་ལམ་འཛིན་པ་དངོས་སོ། །དང་པོ་ནི། རྨི་ལམ་འཛིན་པ་འདི་ལ་རླུང་སྟོབས་ཀྱིས་འཛིན་པ་དང༌། འདུན་པའི་སྟོབས་ཀྱིས་འཛིན་པ་གཉིས་ཡོད་པ་སོ་སོར་ཕྱེད་དགོས་སོ། །དེ་ལ་དང་པོ་ནི་སད་དུས་སུ་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ལས་སྟོང་པ་བཞི་འདྲེན་ནུས་པ་ཞིག་གིས་བྱེད་པ་ཡིན་ཏེ། བྱེད་ཚུལ་ནི་སྔར་བཤད་པ་ལྟར་གཉིད་ཀྱི་འོད་གསལ་ཐོག་མར་བཟུང་བའི་ཚེ། གཉིད་ཀྱི་སྟོང་པ་བཞི་ལེགས་པར་ངོ་ཤེས་ནས་སྐྱོང་བ་ན། དེའི་ཕྱི་ལོགས་སུ་རྨི་ལམ་འཆར་བ་ངེས་པར་ཤེས་པས། དེ་ལ་ནི་གཉིད་ཀྱི་སྟོང་པ་རྣམས་འཛིན་པའི་ཐབས་ལས་གཞན་པའི་རྨི་ལམ་འཛིན་ཐབས་མི་དགོས་སོ། །གཉིས་པ་ནི་དེ་འདྲ་བའི་ནུས་པ་མེད་པ་གཅིག་གིས་སད་དུས་སུ་རྨི་ལམ་ཟིན་ཐབས་ཀྱི་འདུན་པ་སྦྱོང་བ་དང༌། མགྲིན་པ་ལ་སོགས་པར་དམིགས་པ་གཏོད་པ་ཡིན་ནོ། །དེ་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྨི་ལམ་འཛིན་ལུགས་གཙོ་བོ་ནི་སྔ་མ་ཡིན་ལ། ཕྱི་མ་ནི་ཐུན་མོང་བ་ཕལ་པའོ། །འདི་ལ་དོན་ལྔ་མར་མཚུར་གྱི་ལུགས་ཀྱིས་སྙིང་ཁར་དམིགས་པ་གཏད་ནས་


JLD008_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་འཛིན་པ་དང༌། མེས་མཚོན་གྱི་ལུགས་ཀྱིས་མགྲིན་པར་དམིགས་པ་གཏད་ནས་རྨི་ལམ་འཛིནཔའི་ཚུལ་གཉིས་བཤད་ནས། སྙིང་ཁ་གཏོད་པ་འོད་གསལ་དང་འབྲེལ། མགྲིན་པར་གཏོད་པ་རྨི་ལམ་དང་འབྲེལ་ཞེས་ཟེར་མོད་ཀྱང༌། རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ཞིག་ཡིན་ན། གཉིད་ཀྱི་སྟོང་པ་བཞི་སྔོན་ལ་བཟུང་ནས་བྱེད་ལ། དེ་ལ་ནི་སྙིང་ཁར་དམིགས་པ་གཏོད་པ་ཡིན་ནོ། །འདུན་པའི་སྟོབས་ཀྱིས་འཛིན་དགོས་པ་ཅིག་ཡིན་ན། རྨི་ལམ་ཟིན་པའི་སྔོན་དུ་གཉིད་ཀྱི་སྟོང་པ་བཞི་མི་ཟིན་པས་མགྲིན་པར་གཏོད་དོ། །འོ་ན་རྩ་ཚིག་ལས་མགྲིན་པར་རྨི་ལམ་འཛིན་པའི་གནད་ཡོད་པར་བཤད་པ་དེ། འདུན་པའི་སྟོབས་ཀྱིས་འཛིན་དགོས་པ་ཁོ་ན་ལ་ཡིན་ནམ་སྙམ་ན། རླུང་སྟོབས་ཀྱིས་རྨི་ལམ་འཛིན་ནུས་པས་ཀྱང་། གཉིད་དུ་འགྲོ་ཁར་མགྲིན་པར་དམིགས་པ་གཏད་ན། གནས་དེའི་དྷཱུ་ཏཱིར་རླུང་ཐིམ་ནས་སྟོང་པ་བཞི་སྔོན་དུ་འཆར་བ་ཅིག་ཡོད་མོད་ཀྱང་། སྔོན་དུ་སྙིང་གར་རླུང་མ་འདུས་པར་མགྲིན་པར་མི་འདུ་ལ། སྙིང་ཁར་འདུས་ནས་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་འདྲ་བ་གནས་གཞན་དུ་འཆར་མི་ཐུབ་པས། གཉིད་དུ་འགྲོ་ཁར་སྙིང་ཁར་དམིགས་པ་གཏོད་དགོས་སོ། །འོན་ཀྱང་རྨི་ལམ་ཤར་ཟིན་པའི་འོག་ཏུ་གཉིད་ཀྱི་དུས་སུ་རྨི་ལམ་ཡུན་རིང་བ་ཅིག་འདོད་ན་སྔོན་ལ་མགྲིན་པར་དམིགས་པ་གཏད་དེ་སེམས་ཡུད་ཅིག་བཟུང་ན་རྨི་ལམ་གྱི་ངང་ནས་དགེ་སྦྱོར་སྐྱོང་བ་རྒྱུན་རིང་བ་ཅིག་འབྱུང་བའི་དབང་དུ་


JLD008_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། རྨི་ལམ་གྱི་དགེ་སྦྱོར་གྱི་གནད་མགྲིན་པར་ཡོད་པར་བཤད་དོ། །གཉིས་པ་ནི་རླུང་སྟོབས་ཀྱིས་ཟིན་པ་ཡིན་ན། རྨི་ལམ་མ་ཤར་བའི་སྔོན་ནས་ཕྱི་ལོགས་སུ་རྨི་ལམ་འཆར་བ་ཤེས་ཏེ། དེ་ཡང་ལུགས་མཐུན་གྱི་གཉིད་ཀྱི་སྟོང་པ་བཞི་པའམ། ཡང་ན་གཉིད་ཀྱི་ལུགས་ཟློག་གི་སྟོང་པ་ཐ་མ་ནས་རྨི་ལམ་འབྱུང་བར་འགྱུར་བ་ཤེས་པ་དེས་རྨི་ལམ་བཟུང་བས་ཆོག་གོ། འདུན་པའི་སྟོབས་ཀྱིས་འཛིན་དགོས་པ་ཡིན་ན། །སྤྱིར་ལམ་སྒོམ་པ་ལ་མི་སྟོས་པར་གཞི་དུས་ནས་ཀྱང་རྨི་ལམ་གསལ་བའི་རིགས་འགའ་ཞིག་ལ། རྨི་ལམ་ཟིན་པ་མང་པོ་འོང་བས། རྨི་ལམ་ཟིན་པ་ཙམ་ཞིག་ལམ་བསྒོམས་ནས་བསྒྲུབ་མི་དགོས་ལ། དེ་བཞིན་དུ་བྱ་བ་འགའ་ཞིག་ལ་སད་དུས་སུ་འདུན་པ་དྲག་པོ་ཡོད་ན། རྨི་ལམ་ན་དེ་འབྱུང་བ་ཡང་མང་བའི་གནད་ཀྱིས། ཉིན་པར་རྨི་ལམ་ཟིན་པའི་དྲན་འདུན་དྲག་པོ་རྒྱུན་ཆགས་པ་བཏང་ནའང་རྨི་ལམ་ཟིན་པ་སྐྱེད་ནུས་པས། དེ་ཙམ་ཞིག་སྐྱེད་དཀའ་བ་མིན་ནོ། ། འདི་ལ་རྨི་ལམ་མ་ཤར་ན། རྨི་ལམ་གྱི་དགེ་སྦྱོར་གི་གཞི་སྟོར་བས་འཆར་བ་ཅིག་དགོས་ལ། རྨི་ལམ་བྱུང་ཡང་མི་གསལ་བའི་རིགས་ཡིན་ན་ཟིན་དཀའ་བས། རྨི་ལམ་གསལ་པོ་འཆར་བ་ཅིག་དགོས་ཏེ། རྨི་ལམ་གསལ་བ་ན་སད་རྗེས་སུ་རྨི་ལམ་ཀུན་མི་བརྗེད་པར་བཤད་རྒྱུ་འོང་བའོ། །དེས་ན་དང་པོ་ནས་རྨི་ལམ་ཤིན་ཏུ་གསལ་བ་དང༌། དེ་མིན་ཀྱང་གནས་དབེན་པ་ལ་སོགས་པ་རིག་པ་དྭངས་པའི་རྒྱུའི་ཁྱད་པར་ཚོགས་པའི་སྐབས་དང༌། མཚན་གཅིག་གིའང་ཐོ་རངས་ཀྱི་དུས་ལྟ་


JLD008_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རིག་པ་ནམ་གསལ་བའི་དུས་སུ་རྨི་ལམ་ཟིན་པར་སླ་བ་ཡིན་ནོ། །དེའི་ཕྱིར་ཉིན་པར་གྱི་དྲན་འདུན་དྲག་པོ་དེས་བཞག་པའི་བག་ཆགས་རྨི་ལམ་གྱི་དུས་སུ་སད་ཐུབ་པ་ལ་ནི། རྨི་ལམ་གྱིས་དུས་ཀྱི་ཤེས་པ་ཤིན་ཏུ་གསལ་བ་ཅིག་དགོས་པས། དེའི་ཐབས་ཀྱང་ཉིན་མོ་བསྒྲུབ་དགོས་སོ། །དེ་ནི་མན་ངག་རྣམས་ལས་བཤད་པ་ལྟར་མགྲིན་པ་དང་སྨིན་མཚམས་སུ་ཤེས་པ་གཏོད་པ་དང༌། དམིགས་ཡུལ་ཤིན་ཏུ་འཚེར་པའི་རྣམ་པ་ཅན་སྒོམ་པ་དང༌། རླུང་སྦྱོར་བྱས་ནས་རིག་པ་དྭངས་སྙིགས་འབྱེད་པ་སོགས་ཡིན་ནོ། །ཉལ་ཁར་མགྲིན་པ་དང་དཔྲལ་བ་སོགས་སུ་དམིགས་པ་གཏད་ན། སྙིང་གར་རླུང་འདུ་ཚབས་ཆུང་བས་གཉིད་སྲབ་པའི་གནད་ཀྱིས་རིག་པ་གསལ་བར་སླ་བ་དང༌། ཉལ་ཁར་མགྲིན་པར་སེམས་བཟུང་བ་གོམས་པས་ཀྱང་ད་གཟོད་རྨི་ལམ་ཤར་བ་ན་རྨི་ལམ་ཡུན་རིང་ངོ་། །དེ་ལྟར་སྔར་བཤད་པ་ལྟར་དུ་རྨི་ལམ་གྱི་གདམས་ངག་གི་གནད་རྣམས་ལ་གོ་བ་ལེགས་པར་བཙལ་ནས་བྱས་ན། རྣམ་པར་དག་པའི་མྱོང་བ་ཅན་མཁས་པར་འགྲོ་ཡི་གཞན་དུ་ན་མྱོང་བ་ཅུང་ཟད་སྐྱེས་ཀྱང་ཐོམས་སེ་བ་ལས་མི་འོང་སྟེ། མན་ངག་གཞན་རྣམས་ལའང་དེ་དང་འདྲའོ། །རྨི་ལམ་འཛིན་པ་ལའང་རང་ལྷར་སྒོམ་པ་དང༌། གནད་བཞི་ཚང་བ་དང༌། བླ་མའི་རྣལ་འབྱོར་བསྒོམས་ཏེ་མཆོད་ནས་རྨི་ལམ་མང་པོ་དང༌། གསལ་པོ་དང༌། བཟང་པོ་རྨི་བ་དང༌། རྨི་ལམ་ཟིན་པ་དང༌། ཟིན་ནས་ཀྱང་རྨི་ལམ་གྱི་དགེ་སྦྱོར་རྣམས་རྒྱུད་ལ་སྐྱེ་བའི་འགལ་རྐྱེན་ཞི་ཞིང་


JLD008_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན་ཚང་བའི་གསོལ་བ་དྲག་པོ་མང་དུ་འདེབས་པ་དང༌། ཡི་དམ་དང་བཀའ་སྡོད་ལའང་གཏོར་མ་ཕུལ་ནས་འཕྲིན་ནས་དྲག་ཏུ་བཅོལ་ཞིང་མཚམས་དམ་པར་བྱའོ། །དེ་ནས་ཉིན་པར་དྲན་པ་རྒྱུན་ཆགས་ཀྱིས་བཟུང་བ་ནི། ད་ལྟར་གྱི་སྣང་བ་འདི་རྣམས་རྨི་ལམ་གྱི་སྣང་བར་འདུག་སྙམ་པ་དང་། དེ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་སྦྱང༌། གཞན་ཡང་ད་གཟོད་རྨི་ལམ་བྱུང་བའི་དུས་སུ་ཅི་ནས་ཀྱང་རྨི་ལམ་དུ་ངོ་ཤེས་པར་བྱས་ལ་རྨི་ལམ་གྱི་དགེ་སྦྱོར་བསྐྱང་པར་བྱའོ་སྙམ་པའི་འཕེན་པ་དྲག་པོ་མང་པོ་སྦྱང༌། ཁྱད་པར་དུ་ཉལ་ཁར་རྒྱུན་ལྡན་དུ་སྦྱང་སྟེ། རྨི་ལམ་གསལ་ན་འདི་གཅིག་པུས་ཀྱང་ཟིན་པར་འགྱུར་རོ། །མཚན་མོ་མན་ངག་བཙམ་ཐབས་ཀྱིས་བཟུང་བ་ལ་གཉིས་ལས། རྟེན་ཅན་ནི་མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་ཨ་ཤད་ཀྱི་རྣམ་པ་ཅན་གསལ་གདབ་དེ་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འཕེན་པ་བཏང་ལ། ཨ་ལ་དམིགས་པ་གཏད་པའི་ངང་ནས་གཉིད་ལོགས་པར་བྱའོ། །འདབ་མ་བཞི་ལ་ཨ་ནུ་ཏ་ར་བཀོད་ནས་རིམ་པ་བཞིན་དུ་དམིགས་པའི་མན་ངག་ནི་གཉིས་མེད་རྣམ་རྒྱལ་རྫུས་མ་ལས་འབྱུང་མོད་ཀྱང༌། དེ་ལ་ནུས་པ་ལྷག་པོ་མི་སྣང་བས་མ་བྲིས་སོ། །སད་པ་ན་བལྟས་པས་མ་ཟིན་པར་འདུག་ན་ཡང་སྔར་བཞིན་དུ་བྱེད་པ་ཡིན་ཏེ། དེ་ལྟར་ནུབ་གཅིག་དང་སོ་སོ་ལ་མང་དུ་བྱའོ། །རྨི་ལམ་ཟིན་པ་ན་མྱུར་པོར་སད་པའི་སད་འབྱམས་གཅོད་པ་མང་དུ་བཤད་ཀྱང༌། གཙོ་བོ་ནི་རླུང་སྟོབས་ཀྱིས་


JLD008_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་ཡིན་ན། མགྲིན་པའི་ཨ་ལ་གཏོད་པ་ཉིད་གནད་ཆེ། དེ་ལྟ་མིན་ནའང་དེར་དམིགས་པ་གཏོད་པའི་སྒོ་ནས་སེམས་འཛིན་པ་ལ་གོམས་པ་ཡོད་ན་དེ་ཀ་བྱ་ཞིང༌། སྔར་གོམས་པ་མེད་ནའང་གོམས་སུ་གཞུག་གོ། རྟེན་མེད་ནི་འཕེན་པ་བཏང་ནས་མགྲིན་པའམ་སྙིང་ག་གང་རུང་དུ་རླུང་བུམ་པ་ཅན་བཟུང་སྟེ། སེམས་ཀྱང་དེར་གཏོད་པ་ཡིན་གསུང་ངོ་། །མགྲིན་པའི་གནད་ལ་བརྟེན་ནས་རྨི་ལམ་བཙན་ཐབས་སུ་བཟུང་བ་ནི། རང་རྡོ་རྗེ་འཆང་དམ་ཚིག་པར་གསལ་བའི་མགྲིན་པར་པདྨའི་ལྟེ་བ་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་མཚོན་གང་པ་གཅིག་བསྒོམ། དེའི་ཐུགས་ཀར་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསམ། ཐིག་ལེ་ལས་བདུད་རྩི་ཟག་པས་ལུས་ཐམས་ཅད་བདེ་བས་ཁེངས་ཏེ། སེམས་དཔའ་གཉིས་ཐིག་ལེ་ལ་བསྡུས་ལ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་དུ་བསམས་ཏེ། ཐིག་ལེ་ལ་དམིགས་པ་གཏད་ནས་གཉིད་ལོག་གོ། བླ་མ་ཁ་ཅིག་ནི་ནཱ་རོ་ཆོས་དྲུག་ལས་འབྱུང་བའི་རྨི་ལམ་གྱི་འབྱམས་གཅོད་མང་པོ་འདིའི་གདམས་ངག་ཏུ་མཛད་པར་སྣང་ངོ་།། ༈ །།གཉིས་པ་ལ་གཉིས། རྨི་ལམ་གྱི་དགེ་སྦྱོར་གཙོ་བོར་གང་ལ་སྦྱང་བ་དང༌། སྦྱང་ཐབས་གཞན་ཡང་བསྟན་པའོ། །དང་པོ་ནི། རླུང་སྟོབས་ཀྱིས་འཛིན་ནུས་པ་ཡིན་ན་ལུགས་མཐུན་གྱི་སྟོང་པ་བཞི་པ་ལས་ལྡང་བར་རྩོམ་པ་ན། ངས་གཉིད་ཆོས་ཀྱི་སྐུ་ལས་རྨི་ལམ་ལོངས་སྐུར་ལྡང་བར་བྱའོ་སྙམ་དུ་བསམས་ལ། འོད་གསལ་གྱི་ངང་ནས་རྡོ་


JLD008_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་ཡབ་ཡུམ་གྱི་སྐུར་ཡུད་ཙམ་གྱིས་ལྡང་བར་བྱའོ། །རྨི་ལམ་མ་ཤར་བའི་གཉིད་ཀྱི་དགེ་སྦྱོར་གྱི་གཙོ་བོ་ནི། གཉིད་ཀྱི་འོད་གསལ་ཉིད་སྐྱོང་བ་ཡིན་པ་དེ་བཞིན་དུ། རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡང་འོད་གསལ་གྱི་ངང་ནས་རྨི་ལམ་གྱི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་ལྡང་བ་དང༌། ལངས་ནས་སྒྱུ་མ་ལྟ་བུའི་སྐུའི་ཏིང་ངེ་འཛིན་སྒོམས་པ་སོགས་ཡིན་ཏེ། སད་དུས་སུ་རླུང་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་སྒོམ་པ་དང༌། དེའི་མཐར་ལྷའི་སྐུར་ལྡང་བའི་བདེན་གཉིས་དང་རྗེས་སུ་མཐུན་པའི་རྫོགས་རིམ་སྒོམ་པའི་ལམ། ཆེས་ཆེར་ཁྱད་ཞུགས་པར་བྱ་བའི་དོན་དུ་གཉིད་དུས་སུ་སྟོང་པ་བཞི་དང་རྨི་ལམ་གྱི་སྒྱུ་ལུས་སྒོམ་པ་ཡིན་པའི་ཕྱིར་རོ།། །།དེས་ན་སད་དུས་སུ་ཚུལ་དེ་གཉིས་ལན་དུ་མར་སྒོམ་པ་ཡིན་ནོ། གཉིད་དུས་སུ་ཡང་དང་པོར་གཉིད་ཀྱི་སྟོང་པ་བཞི་སྒོམས་པའི་མཐར་རྨི་ལམ་འཆར་བ་ན། རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང༌། སླར་ཡང་གཉིད་ཀྱི་འོད་གསལ་འཛིན་པའི་མན་ངག་བྱས་ནས་དེ་གཉིས་སྤེལ་མར་སྒོམ་པ་ཡིན་ནོ། །སད་དུས་ཀྱི་ཚུལ་གཉིས་བསྒོམས་པས་ཀྱང་གཉིད་དུས་ཀྱི་ཚུལ་གཉིས་སྒོམ་པ་ཆེས་ཁྱད་ཞུགས་ཏེ། ཕན་ཚུན་དུ་ནུས་པ་ཁྱད་པར་ཅན་འདོན་པ་ཤེས་པར་བྱའོ། །རྨི་ལམ་འདུན་པའི་སྟོབས་ཀྱིས་འཛིན་དགོས་པས་ནི་སྔར་ལྟར་བྱེད་མི་ནུས་པས། ཐོག་མར་རྨི་ལམ་ཟིན་པར་བྱས་པའི་མཇུག་ཏུ་ལྷའི་སྐུར་ལྡང་བ་ལ་བསླབ་བོ། །གཉིས་པ་ནི། སྒྱུ་མའི་རྣམ་ཐར་སྦྱོང་བ་ལ་གཉིས་ལས་འཇིག་རྟེན་པའི་རྣམ་


JLD008_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ལ་སྦྱོང་བ་ནི། སྔར་མེད་པ་གསར་དུ་སྤྲུལ་པ་དང༌། སྔར་ཡོད་པ་རྣམ་པ་གཞན་དུ་བསྒྱུར་བའི་སྤྲུལ་སྒྱུར་སྣ་ཚོགས་ལ་སློབ་པ་དང༌། མེ་དང་ཆུ་དང་གཡང་ལ་མཆོང་པ་སོགས་བྱས་ནས་ཉམ་ང་བ་དང༌། བག་ཚ་བ་མེད་པར་བྱེད་པ་དང་། ལྷ་དང་མིའི་ཡུལ་ལ་སོགས་པའི་གནས་བལྟ་བའི་འཕེན་པ་བཏང་ནས་དེར་འགྲོ་བ་དང་། ནམ་མཁའ་ལ་འཕུར་ནས་འགྲོ་བ་སོགས་སྣ་ཚོགས་པའི་རྩལ་སྦྱོང་བའོ། །འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱོང་བ་ནི་བདེ་བ་ཅན་དང༌། མངོན་དགའ་དང༌། འོག་མིན་སོགས་སངས་རྒྱས་ཀྱི་ཞིང་དག་པ་དང༌། དེར་བཞུགས་པའི་སངས་རྒྱས་བྱང་སེམས་བལྟ་བ་དང༌། མཆོད་པ་དང༌། ཆོས་ཉན་པ་སོགས་ཀྱི་འཕེན་པ་བཏང་ནས་དེ་རྣམས་སྒྲུབ་པའོ། །འདི་དང་གོང་མ་གཉིས་ཀར་ཕྱག་རྒྱ་མ་དང་སྙམ་པར་སྦྱར་ནས་དགའ་བ་བཞི་སྐྱེད་པ་སོགས་བྱེད་པར་ཡང་མན་ངག་ལས་འབྱུང་ངོ་། །འདི་རྣམས་ལ་རླུང་སྟོབས་ཀྱིས་རྨི་ལམ་ཟིན་པ་ཡིན་ན། རླུང་ལེགས་པར་བྱང་བའི་གནད་ཀྱིས། འདུན་པ་གང་བཏང་ཕལ་མོ་ཆེ་འདོད་པ་བཞིན་བྱ་བར་སླ་ལ། དེ་འདྲ་བའི་ནུས་པ་མ་ཐོབ་པས་ནི་གོམས་པ་མང་དུ་དགོས་སོ། །དེ་གཉིས་ཀས་དག་པའི་སྣོད་བཅུད་མཐོང་བ་སོགས་ནི་དེ་དག་དང་རྣམ་པ་འདྲ་བ་ཙམ་འགའ་ཞིག་ཤར་བར་ཟད་ཀྱི་དངོས་མཐོང་བ་སོགས་སུ་བཞག་པར་དཀའོ། །ལུང་སྟོན་ལ་ཡང་ཕྱི་མའི་ལུང་སྟོན་འགའ་རེ་བདེན་པར་སྣང་ཡང་ཕལ་མོ་ཆེ་ངེས་པ་མེད་ལ། སྔ་


JLD008_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ན་རྨི་ལམ་གྱི་དགེ་སྦྱོར་གྱི་གནད་གཞན་འགའ་ཞིག་དང༌། རླུང་བྱང་བའི་གནད་གཞན་འགའ་ཞིག་ལ་བརྟེན་ནས་མི་འཁྲུལ་བ་བྱ་བའི་ཐབས་ཤིག་ཡོད་པར་སྣང་ངོ་། །གསུམ་པ་ནི། དེ་ལྟར་སྦྱངས་པ་ཐམས་ཅད་ཀྱང་རང་བཞིན་མེད་པར་རྟོགས་པའི་ལྟ་བའི་སྟེང་ནས་རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པ་གཅིག་དགོས་ལ། དེའི་ཚུལ་ནི་རྨི་ལམ་གྱི་བུམ་པ་དང་སྣམ་བུ་སོགས་དེ་དག་ཏུ་སྣང་ཡང༌། དེའི་ངོ་བོས་སྟོང་པར་རྟོགས་པ་ནི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་ན་འབྱུང་ཡང༌། དེ་ཙམ་གྱིས་རྨི་ལམ་གྱི་རང་བཞིན་མེད་པ་རྟོགས་པ་ནི་མིན་ཏེ། དཔེར་ན་སད་དུས་སུ་མེ་ལོང་ལ་ཤར་བ་བཞིན་དུ་སྣང་བ་བཞིན་གྱིས་སྟོང་པར་རྟོགས་ཀྱང་གཟུགས་བརྙན་གྱི་དེ་ཁོ་ན་ཉིད་རྟོགས་པ་མིན་པ་བཞིན་ནོ། །དེས་ན་རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པར་འཁྲུལ་པ་ནི། བྱིས་པ་ཆུ་ངུས་བྱད་བཞིན་གྱི་གཟུགས་བརྙན་ལ་བྱད་བཞིན་དངོས་ཡིན་པ་དང་འཛིན་པ་དང་འདྲ། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་ནི་རྒན་པོ་བརྡ་ལ་བྱང་བས་བྱད་བཞིན་དུ་སྣང་ཡང་བྱད་བཞིན་གྱིས་སྟོང་པར་ཤེས་པ་དང་འདྲ། བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་གྱིས་སྟོང་པ་དཔེར་བྱས་ནས་ཆོས་གཞན་རྣམས་ཀྱང་དེ་བཞིན་དུ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པར་ཤེས་པར་བྱེད་པ་བཞིན་དུ། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་དེ་དཔེར་བླངས་ནས། ཆོས་གཞན་ཐམས་ཅད་ཀྱང་འདི་དང་འདྲ་བར་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ངེས་པར་བྱ་སྟེ། བདེན་འཛིན་གྱིས་ཇི་ལྟར་བཟུང་བ་ལེགས་པར་ཤེས་ནས། དེས་བཟུང་


JLD008_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་མེད་པའི་རྒྱུ་མཚན་ཡང་དག་རྣམས་ཤེས་དགོས་སོ། །དེ་ནི་རྨི་ལམ་ནའང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བལྟ་བར་གསུངས་པའི་དོན་ཏེ། སྔགས་དང་མཚན་ཉིད་གཉིས་ཀའི་ཐུན་མོང་བའོ། །འདིར་དེ་གཞིར་བཟུང་ནས་ཐུན་མོང་མ་ཡིན་པ་ནི་འོད་གསལ་དང་གཅིག་ཏུ་བྱེད་པ་ཡིན་ལ། དེ་ནི་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བར་བསྒོམས་ལ། དེ་ནས་རྗེས་གཞིག་གི་བསམ་གཏན་གྱིས་རྨི་ལམ་གྱི་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྡུད་པ་དང༌། རང་ཡང་འོད་གསལ་དུ་འཇུག་པ་འཆད་པ་ལྟར་བྱས་ན། སད་དུས་ཀྱི་ཡིད་ངོའི་སྣང་བ་དང་རྨི་ལམ་གྱི་ཡིད་ངོའི་སྣང་བ་གཉིས་ཕྱི་མ་སྡུད་པ་ཆེས་སླ་བ་དང༌། དེའི་དུས་སུ་རླུང་ཤིན་ཏུ་རགས་པ་འགའ་ཞིག་ཀྱང་ཐིམ་ཡོད་པའི་གནད་ཀྱིས། སླར་ཡང་རླུང་སྙིང་ཁར་འདུ་ཞིང་རྨི་ལམ་གྱི་སྣང་བ་མི་འཆར་བར་གཉིད་དུ་འགྲོའོ། །དེའི་ཚེ་གཉིད་ཀྱི་སྟོང་པ་རྣམས་ཅུང་ཟད་ངེས་ནུས་ལ། ལན་འགའ་ཟུང་ལ་ངེས་མ་ནུས་ནའང༌། དེ་གོམས་པར་བྱས་པ་ན་རྣམ་པ་གསལ་པོར་གཉིད་ཀྱི་སྟོང་པ་རྣམས་ངེས་ནུས་པ་ཅིག་འོང་ངོ་། །དེའི་སྡུད་རིམ་དང་སྟོང་པ་རྣམས་རེ་བརྟན་བྱུང་ན། ཉིན་མོ་སྙིང་ཁར་མི་ཤིགས་པ་སྒོམ་པ་སོགས་ལའང་བོགས་ཐོན་པར་འགྱུར་ཞིང༌། མཚན་མོའི་གཉིད་ཀྱི་སྟོང་པ་རྣམས་གཉིད་དུ་ཐོག་མར་འགྲོ་བའི་མཚམས་ནས་མ་ཟིན་ཀྱང༌། རྨི་ལམ་ཟིན་པའི་རྗེས་ནས་སྔར་བཞིན་བྱས་པས་ཁྱད་པར་ཅན་ཟིན་པར་འགྱུར་རོ། །དེའི་མཐར་འོད་གསལ་གྱི་ངང་ནས་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་བ་སྔར་བཤད་པ་བཞིན་དུ་བྱའོ། །དེ་


JLD008_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ནས་འདི་དང་སྔ་མ་གཉིས་ཀ་ལ་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་ལུགས་ཁྱད་པར་ཅན་ཅིག་སྣང་བ་དེ་བླ་མས་ཞིབ་ཏུ་བསྟན་པར་བྱ་སྟེ། དེ་ནི་རྨི་ལམ་གྱི་གདམས་ངག་གི་ཡང་སྙིང་པོ་ཡིན་ལ་ཁྱད་པར་དུ་རྨི་ལམ་ལ་བརྟེན་ནས་བར་དོ་སྒྱུ་མ་ཟིན་པའི་ཐབས་བླ་ན་མེད་པ་ཡང་ཡིན་ནོ། །དེས་ན་རྨི་ལམ་རླུང་གི་སྟོབས་ཀྱིས་མི་ཟིན་པས་ཀྱང༌། འདུན་པའི་སྟོབས་ཀྱིས་ཟིན་པ་བརྟན་པ་དང༌། སད་འབྱམས་ལེགས་པར་བཅད་དེ་རྨི་ལམ་རིང་དུ་འོང་བ་བྱ་ནུས་པའི་མཚམས་ནས། རྨི་ལམ་དང་འོད་གསལ་གཅིག་ཏུ་བྱེད་པའི་གདམས་ངག་འདིའི་གནད་ཤེས་ནས་གོམས་པར་བྱས་ན། ཉིན་པར་གྱི་རླུང་འདུ་བ་མྱུར་དུ་འགྲོ་བའི་ཐབས་ཁྱད་པར་དུ་འཕགས་པ་གཅིག་ཏུ་མཐོང་ངོ་། །གཉིད་ཀྱི་སྟོད་ལ་གཉིད་ཆོས་སྐུ་དང་བསྲེ་བ་དང༌། བར་དུ་རྨི་ལམ་ལོངས་སྐུ་དང་བསྲེ་བ་དང་ཐ་མར་སད་པ་སྤྲུལ་སྐུ་དང་བསྲེ་བ་སྟེ། གཉིད་ཀྱི་སྐོར་གྱི་བསྲེ་བ་གསུམ་གྱི་རྣམ་གཞག་མང་པོ་ཞིག་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ལ། བླ་མས་ཞིབ་ཏུ་བཤད་དགོས་པ་འགའ་ཞིག་ཀྱང་ཡོད་དོ།། ༑ །།གཉིས་པ་བར་དོ་སྒྱུ་མ་ལ་གསུམ། བཟུང་བ་དང༌། སྦྱང་བ་དང༌། གཅིག་ཏུ་བྱེད་པའི་བསམ་གཏན་ནོ། །དང་པོ་ལ་གཉིས། འཛིན་པ་པོའི་གང་ཟག་གི་དབྱེ་བ། དེ་རྣམས་ཀྱིས་ཇི་ལྟར་འཛིན་པའི་ཚུལ་ལོ། །དང་པོ་ནི། བར་དོ་སྒྱུ་མ་འཛིན་པ་འདི་ལ་གང་ཟག་རྣམ་པ་གསུམ་ཡོད་དེ། རབ་ནི་ཞལ་ལུང་དང་སྤྱོད་བསྡུས་དང་སྒྲོན་གསལ་ལས་གསུངས་པ་ལྟར་འཆི་བའི་མཐར་བར་དོ་འོང་བའི་དོད་ལ་སྒྱུ་མའི་ལོངས་སྐུ་གྲུབ་ནས། རྟེན་དེ་ལ་འཚང་རྒྱ་བ་གཅིག་སྟེ། འདི་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ལེ་ལོ་ཅན་བར་དོར་འཚང་རྒྱ་བ་ཞེས་པའི་ཐ་སྙད་མཛད་དེ། ལེ་ལོ་མེད་ཀྱང་ཚེ་


JLD008_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྤྱོད་པ་བྱེད་པའི་ཡོ་བྱད་མ་ཚང་བ་བར་དོར་འཚང་རྒྱ་བ་གཅིག་ཀྱང་ཡོད་པས། མིང་དེ་ནི་ཕྱོགས་གཅིག་གིས་བཏགས་པའོ། །འདི་ལ་ཚེ་འདིར་ལམ་གྱི་རྟོགས་པ་ཇི་ཙམ་ཞིག་ཐོབ་པ་དགོས་སྙམ་ན། རིམ་པ་དང་པོ་ཕྲ་རགས་གཉིས་མཐར་ཕྱུང༌། དེ་ནས་ལུས་དབེན་དང་ངག་དབེན་མཐར་ཕྱིན་ནས་སེམས་དབེན་ཐོབ་པ་ཞིག་དགོས་ཏེ། རྒྱས་པར་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ། །གང་ཟག་འབྲིང་ནི་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་སྐྱེད་པ་བྱེད་པ་ཅིག་ཡིན་ནོ། །འདི་ལ་ཡང་འོག་སྒོའི་ཕྲ་མོ་བསྒོམས་སྟོབས་ཀྱིས་དེ་ནུས་པ་ལུས་དབེན་གྱི་སྐབས་ལྟ་བུ་དང་། ངག་དབེན་གྱི་སྐབས་ལྟར་སྙིང་ཁའི་དྷཱུ་ཏཱིར་ཐིམ་སྟོབས་ཀྱིས་ནུས་པ་སོགས་མང་དུ་ཡོད་ལ། དེ་ལྟར་ནུས་པའི་སྟེང་ནས་གཉིད་ཀྱི་སྟོང་པ་དང་ལེགས་པར་བསྲེ་ནུས་ན་ནི་ཤིན་ཏུ་བསྔགས་ཏེ། གཉིད་ཀྱི་སྟོང་པ་དང་བསྲེ་བ་ནི་རླུང་སྟོབས་ཀྱིས་འཆི་བའི་སྟོང་པ་དང་བསྲེ་བའི་ཚད་འཛིན་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལ་ནི་གཉིད་ཤིན་ཏུ་འཐུག་པའི་སྐབས་སུ་ཡང་དེའི་སྟོང་པ་དང་བསྲེ་ནུས་ན་ལེགས་པར་མངོན་ནོ། །ཐ་མ་ནི། དབང་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་བསྲུང་བ། རིམ་པ་དང་པོའི་རྣལ་འབྱོར་ལ་བརྩོན་ཞིང་རྫོགས་པའི་རིམ་པ་སྒོམ་པ་ཞིག་གིས་འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པའི་རྟགས་ནས་འཆི་བའི་འོད་གསལ་དངོས་གཞི་འཆར་བའི་རིམ་པ་དང༌། དེ་ལས་ལངས་པའི་དེ་མ་ཐག་ཏུ་བར་


JLD008_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དོ་འགྲུབ་པའི་རིམ་པ་ལེགས་པར་ཤེས་ནས། ད་ལྟ་ཉིན་རེ་བཞིན་དེའི་གདམས་ངག་རྣམས་སྦྱོང་བ་ཡིན་ཏེ། འདི་ནི་རྨི་ལམ་འདུན་པའི་སྟོབས་ཀྱིས་འཛིན་པ་དང་འདྲ་སྟེ། འཆི་བའི་འོད་གསལ་རླུང་སྟོབས་ཀྱིས་མི་ཟིན་ཀྱང༌། དེའི་གདམས་ངག་ལ་གོམས་པའི་སྟོབས་ཀྱིས་འཇུག་པའི་ཕྱིར་རོ། །དེ་རྣམས་མིན་པའི་ཚེ་འདིར་སེམས་གནས་བརྟན་པོའི་གོམས་པ་ཤས་ཆེ་བས་ཀྱང༌། འཆི་བ་ལ་ཉེ་བའི་ཚེ་ཏིང་ངེ་འཛིན་དེ་ཡིད་ལ་བྱས་ན། དེའི་རྒྱུན་འབྱུང་བར་མངོན་ཏེ། ཚེ་འདིར་གང་གོམས་པ་བརྟན་ཆ་ཆེ་བའི་དགེ་བའི་སེམས་དྲན་ན། འཆི་སྲིད་ཀྱི་སྔ་ལོགས་བར་དུ་འཇུག་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་འདི་ནི་གཉིད་ཀྱི་འོད་གསལ་གྱི་སྐབས་སུ་བཤད་པ་ལྟར་ཏིང་ངེ་འཛིན་ཐུན་མོང་བ་ཡིན་ནོ། །གཉིས་པ་ནི། གང་ཟག་དང་པོས་ནི་ཚེ་འདིར་སྟོང་པ་བཞི་འདྲེན་པའི་གདམས་ངག་བསམ་གཏན་གཉིས་གང་རུང་གི་རྣལ་འབྱོར་བྱེད་ཅིང༌། འཆི་བའི་འོད་གསལ་དོན་དམ་དང་བསྲེ་བ་དང༌། དེ་ལས་ལངས་པའི་དེ་མ་ཐག་འོད་གསལ་གྱི་རླུང་སེམས་ལས་གཞན་ལ་བར་དོར་སྐྱེ་བའི་དོད་ལ་ལོངས་སྐུ་སྒྱུ་མའི་ལུས་སུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ན། ཇི་ལྟར་འཕེན་པ་བཏང་བ་བཞིན་དུ་འགྲུབ་པར་གསུངས་སོ། །གང་ཟག་འདིས་སྔོན་ལ་བར་དོ་རང་ཀ་བ་གྲུབ་ནས་དེའི་རྟེན་ལ་ལམ་བསྒོམས་ནས་འཚང་རྒྱ་མིན་གྱི་སྔར་ལྟར་ཡིན་ལ། འཆི་བའི་འོད་གསལ་དོན་དུ་བྱས་པ་ན། དོན་དམ་བདེན་པ་མངོན་དུ་རྟོགས་པ་མིན་པ་སོགས་ཀྱང་


JLD008_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་རྒྱས་པར་བཤད་ཟིན་ཏོ། །དེ་ལྟ་ནའང་བར་དོར་འཚང་རྒྱ་བའི་ཐ་སྙད་བྱེད་པ་མི་འགལ་ཏེ། རིམ་ལྔར་ཚེར་འདིར་གྲུབ་པའི་སྒྱུ་ལུས་ལ་བར་དོར་གསུངས་པ་བཞིན་ནོ། །འདི་ལ་བར་དོའི་ཚེ་ཚད་ཞག་ཞེ་དགུ་སོགས་རྩི་བའི་དོན་མེད་དོ། །གང་ཟག་ཕྱི་མ་གཉིས་ཀྱིས་ནི་འཆི་བ་ལ་ཉེ་བའི་སྔོན་རིག་པ་གསལ་བ་ན། ཟང་ཟིང་ཡོངས་སུ་བཟུང་བ་ཐམས་ཅད་བསོད་ནམས་ཀྱི་ཞིང་གི་ཕྱོགས་སུ་ལྟོས་པ་མེད་པར་བློས་ལིངས་ཀྱིས་བཏང་ལ། ཅི་ལ་ཡང་མ་ཆགས་པར་བྱ། ཁས་བླངས་པའི་སྡོམ་པ་དང་འགལ་བའི་ཉེས་ལྟུང་རྣམས་ལ་བཤགས་བསྡམ་དང༌། དམ་ཚིག་ཉམས་ཆགས་སོར་གཞུག་ལ། ད་ནི་ཤི་ནའང་ཤི་མོད་སྙམ་དུ་ཡིད་ལ་གཅགས་པ་མེད་པར་བྱ། འཆི་བ་དང་བར་དོའི་གདམས་ངག་གོམས་པ་རྣམས་ལ་དེ་གཉིས་དགེ་སྦྱོར་གྱི་གསལ་འདེབས་སུ་འགྲོ་བའི་ཚུལ་དྲན་པར་བྱས་ལ། འཆི་བ་ལ་བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་དགའ་བར་བྱ། དེ་ནས་རང་ལྷར་གསལ་འདེབས་པ་དང༌། མདུན་དུ་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་བསྒོམས་ནས་མཆོད་དེ། འཆི་བ་འོད་གསལ་དང་བསྲེ་ནུས་པ་དང༌། བར་དོ་སྒྱུ་ལུས་དང་བསྲེ་ནུས་པའི་གསོལ་བ་དྲག་པོ་མང་དུ་གདབ་བོ། །དེ་ནས་གང་ཟག་གཉིས་པས་ནི་འཆི་བའི་དུས་སུ་འབྱུང་བའི་འཆི་རྟགས་མ་ཤར་བའི་སྔོན་ནས་ཀྱང༌། སྔར་བསྒོམ་པའི་སྙིང་ཁའི་མི་ཤིགས་པ་བསྒོམ་པ་དང་རྡོར་བཟླས་སོགས་སྙིང་ཁར་གནད་དུ་བསྣུན་པའི་གདམས་ངག་


JLD008_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡང་དང་ཡང་དུ་སྦྱངས་ལ་སྟོང་པ་བཞི་འདྲེན་པ་དང༌། དེའི་མཐར་ལྷ་སྐུར་ལྡང་ལུགས་ཁྱད་པར་ཅན་དང་གཉིད་ཀྱི་སྟོང་པ་རྣམས་འཛིན་པ་དང་། རྨི་ལམ་གྱི་ལུས་སྒྱུ་ལུས་སུ་ལྡང་ལུགས་ཁྱད་པར་ཅན་རྣམས་བྱ་ཞིང༌། སྔར་བཞིན་འཕེན་པ་ཡང་དང་ཡང་དུ་བཏང་སྟེ་འདི་ནི་སྔ་མོ་ནས་ཀྱང་མང་དུ་སྦྱང་དགོས་སོ། །དེ་ནས་འཆི་རྟགས་སོགས་བརྟག་པ་ནི་རགས་པ་ཉི་ཤུ་འོད་གསལ་དུ་འཇུག་པའི་རྟགས་རྣམས་ནི་རྣམ་གཞག་གི་རྣམ་བཤད་དུ་བཤད་པ་བཞིན་ཤེས་པར་བྱ། མདོར་བསྡུས་པའི་རྟགས་ནི་ས་ཆུ་ལ་ཐིམ་པ་ནི་ཕྱི་རྟགས་ལུས་སྒུལ་སྐྱོད་མི་ནུས་ཤིང༌། ཟུངས་མི་ཐུབ་པར་ལྷོད་ལྷོད་པོར་འགྲོ། ལུས་ས་ལ་བྱིང་བ་སྙམ་བྱེད་ཅིང༌། ང་ཐེན་ཟེར་བ་འབྱུང༌། ནང་རྟགས་ནི་སྨིག་རྒྱུ་ལྟ་བུའི་ཉམས་འབྱུང༌། ཆུ་མི་ལ་ཐིམ་པའི་ཕྱི་རྟགས་ནི། ཁ་སྣའི་མཆུ་སྐམ་ཞིང་ལྕེ་ཐུང་དུ་འགྲོ། ནང་རྟགས་ནི་དུ་བ་ལྟ་བུ་འབྱུང༌། མེ་རླུང་ལ་ཐིམ་པའི་ཕྱི་རྟགས་ནི། དྲོད་ཆུང་དུ་འགྲོ་ཞིང་ལུས་ཀྱི་དྲོད་མཐའ་ནས་སྡུད། ནང་རྟགས་ནི་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང༌། ཀུན་རྟོག་གི་རླུང་སེམས་ལ་ཐིམ་པའི་ཕྱི་རྟགས་ནི། དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས། ཅུང་ཟད་སྡུད་ཀྱང་རྩུབ་ལ་ཐུང་བར་སྡུད། ནང་རྟགས་ནི་མར་མེ་རླུང་གིས་མ་སྐྱོད་པ་ལྟ་བུ་འབྱུང་། དེ་ནས་སྟོང་པ་ཞེས་པ་སྣང་བ་དང་པོ་འཆར་ཏེ། ནམ་མཁའ་སྤྲིན་མེད་ལ་ཟླ་བའི་འོད་ཤར་བ་ལྟ་བུ་འབྱུང༌། དེ་ནས་སྣང་བ་དེ་བསྡུས་པའི་རྗེས་སུ་ཤིན་ཏུ་སྟོང་པ་ཞེས་པ་སྣང་བ་མཆེད་པ་འཆར་ཏེ། ནམ་མཁའ་གཡའ་དག་པ་ལ་ཉིད་འོད་ཤར་བ་


JLD008_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དམར་པོའམ་དམར་སེར་གྱི་སྣང་བ་འཆར། དེ་ནས་སྣང་བ་དེ་ཡང་བསྡུས་པའི་རྗེས་སུ་སྟོང་པ་ཆེན་པོ་ཞེས་པ་སྣང་བ་ཉེར་ཐོབ་འཆར་ཏེ། ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་པ་འབྱུང་ཞིང་དྲན་པ་ཡང་ཉམས་ནས་འགྲོ། དེ་ནས་ནག་ཐིབ་ཀྱིས་སོང་བའི་དྲན་མེད་དེ་སངས་པ་ན་ཐམས་ཅད་སྟོང་པ་ཞེས་པ་འཆར་ཏེ། ནམ་མཁའ་ཁ་དོག་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུ་ཅིག་འཆར་ཏེ་འཆི་བའི་འོད་གསལ་དངོས་གཞིའོ། །འདི་ནི་སྣང་བ་གསུམ་རིམ་གྱིས་ཐིམ་ནས་རླུང་རྣམས་སྙིང་ཁའི་མི་ཤིགས་པ་ལ་ཐིམ་པ་དང༌། སྤྱི་བོའི་ཐིག་ལེ་དཀར་པོ་མར་ལ་བབས། ལྟེ་བའི་དམར་པོ་ཡར་འོངས་ཏེ་སྙིང་ཁའི་ཐིག་ལེ་ལ་འདུས་པའི་སྐབས་ཡིན་ནོ། །ཁམས་དྲུག་ལྡན་མིན་པའི་སེམས་ཅན་གཞན་འཆི་བ་ལ་ཡང༌། སྔར་བཤད་པའི་འོད་གསལ་ཁྱེམ་པ་ཞིག་འཆར་མོད་ཀྱང་ངོས་མི་ཟིན་ནོ། །འབྱུང་བའི་ཐིམ་རྟགས་དེ་རྣམས་ནི་སྔ་ཚད་ནས་ཀྱང་འོང་བས་ལེགས་པར་ཤེས་པར་བྱས་ལ། རྟགས་དང་པོ་བྱུང་བ་ནས། སྙིང་ཁའི་མི་ཤིགས་པའམ། སྙིང་ཁའི་རྡོར་བཟླས་སམ། བསམ་གཏན་གཉིས་གང་རུང་གིས་སྡུད་པའི་རྣལ་འབྱོར་བྱ་ཞིང༌། རྟགས་བཞི་ཤར་བ་ན་རྟགས་དེ་དང་དེ་ཡིན་ནོ་སྙམ་དུ་ངེས་པར་བྱ་ཞིང་ལྟ་བ་དྲན་པར་བྱ། ལྷག་མ་རྣམས་ཀྱི་འཆར་རིམ་རྣམས་དགེ་སྦྱོར་དང་བསྲེ་བའི་འཕེན་པ་བཏང༌། དེ་ནས་སྟོང་པ་དང་པོ་ཤར་བ་ན་ངོས་ཟིན་པར་བྱ་ཞིང་ལྟ་ཐོག་ཏུ་བཞག་སྟེ།


JLD008_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་གཉིས་པ་དང་ཉེར་ཐབ་དྲན་ཐུབ་པ་རྣམས་ལའང་དེ་ལྟར་བྱ། འོད་གསལ་ཤར་བ་ན་ལྟ་ཐོག་ཏུ་བཞག་ལ་མཉམ་པར་འཇོག་ཅི་ཐུབ་བྱ། དེ་ནས་འོད་གསལ་ལས་ལྡང་བར་རྩོམ་པ་ན་སྔར་གྱི་གོམས་པ་དང་འཕེན་པའི་གནད་ཀྱིས་བར་དོ་ལོངས་སྐུར་ལྡང་བའི་ཐབས་བྱའོ། །གང་ཟག་གསུམ་པས་ཀྱང་ལྷར་གསལ་བའི་ངང་ནས་སྔ་ཆད་ནས་ལུགས་འབྱུང་དང༌། ལུགས་ཟློག་གི་འཆར་རིམ་རྣམས་ཡིད་ལ་བྱས་ལ། རྟགས་ཤར་བ་ན་སྔར་བཞིན་འཕེན་པ་བཏང་ལ་སྙིང་ཁའི་སྡུད་རིམ་གོམས་པ་གལ་ཆེ་བ་ཅིག་གི་དམིགས་པ་སྦྱང་སྟེ། ལྷག་མ་ནི་སྔ་མ་བཞིན་དུ་བྱའོ། །ཁྱད་པར་དུ་ཕྱི་མ་འདིས་བསྲེ་བ་གཉིས་པོ་འདི་ནུས་པ་ལ། སྔ་མོ་ནས་རྨི་ལམ་དང་འོད་གསལ་གཅིག་ཏུ་བྱེད་པའི་བསམ་གཏན་དང༌། རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་ལུགས་ཁྱད་པར་ཅན་ལ་འབད་པར་བྱའོ། །རྨི་ལམ་གྱི་ལུས་སྒྱུ་ལུས་སུ་ལྡང་བའི་སྟེང་ནས་རླུང་སྟོབས་དང་འདུན་པའི་སྟོབས་ཀྱིས་བར་དོ་ཟིན་པའི་ཚད་འཛིན་གཉིས་ཀྱང་ཤེས་པར་བྱའོ། །གཉིས་པ་ནི་གང་ཟག་དང་པོས་ནི་རིམ་པ་གསུམ་པའི་སྒྱུ་ལུས་འགྲུབ་པ་ཡིན་པས་བསམ་གཏན་གཉིས་ཀྱི་འདུད་རིམ་གྱིས་འོད་གསལ་བསྒོམས་ཏེ་སྦྱོང་བ་ཡིན་ལ། དོན་གྱི་འོད་གསལ་མངོན་དུ་འགྱུར་ཚུལ་དང༌། དེའི་མཐར་ཟུང་འཇུག་འགྲུབ་ཚུལ་སོགས་ཕལ་ཆེ་བ་ནི་གཞུང་ནས་འབྱུང་བ་དང་འདྲའོ། །གང་ཟག་ཕྱི་མ་གཉིས་ལ་ནི་བར་དོ་མཚན་ཉིད་པ་འགྲུབ་ལ། བར་དོ་ནི་གཟུགས་མེད་ཁམས་སུ་སྐྱེ་ན་མ་གཏོགས་པ་འདོད་གཟུགས་གཉིས་ཀར་སྐྱེ་བ་ལ་འོང་མོད་


JLD008_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། འདིར་ནི་འདོད་པར་སྐྱེ་བའི་དབང་དུ་བྱའོ། །དེ་ཡང་སྐྱེ་གནས་བཞི་ཀར་སྐྱེ་བ་ལ་འོང་བས་མངལ་སྐྱེས་རྐྱང་པའི་རྩིས་བྱར་མི་རུང་ངོ་། །འདི་ནི་འཆི་བའི་འོད་གསལ་གྱི་རླུང་སེམས་ལས་ཡན་ལག་དང་ཉིང་ལག་ཐམས་ཅད་དུས་གཅིག་ཏུ་འགྲུབ་སྟེ། འཆི་སྲིད་ཀྱི་འོད་གསལ་འགགས་པ་དང༌། བར་དོ་འགྲུབ་པ་གཉིས་སྲང་མདའི་མཐོ་དམན་བཞིན་འོང་ངོ་། །དེ་ཡང་དབང་པོ་ཀུན་ཚང་བ། གང་དུ་སྐྱེ་འགྱུར་གྱི་ལུས་དབྱིབས་ཅན། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། སྐྱེ་གནས་མ་གཏོགས་པ་ལ་ཐོགས་པ་མེད་པ། བར་དོའི་ལུས་བླངས་པ་དེའི་ཚེ་ཚད་ནི་རིང་མཐའ་ཞག་བདུན་ཡིན་ཞིང་ཚུན་ཆད་མ་ངེས་ལ། དེ་ལ་སྐྱེ་སྲིད་དུ་སྐྱེ་མ་ཐུབ་ན་སླར་ཡང་བར་དོར་སྐྱེས་ནས་ཞག་བདུན་གྱི་ཚུལ་གྱིས་སྐྱེ་བའི་རྐྱེན་གྱི་ཚོགས་པ་མ་རྙེད་ན་ཞག་ཞེ་དགུ་བར་དུ་གནས་ལ་དེ་ཚུན་ཆད་ཀྱིས་ངེས་པར་སྐྱེ་བ་ལེན་པའོ། །བརྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ་སྐྱེ། དྲོད་ཤེར་ལས་སྐྱེ་ན་དྲི་རོ་ལ་སྲེད་པ་སྐྱེ། སྒོ་ང་ལས་སྐྱེ་བ་དང་མངལ་ནས་སྐྱེ་བ་ཡིན་ན། ཕ་མ་ཉལ་པོ་བྱེད་པ་ལ་ཆགས་སྡང་སྐྱེ་སྟེ། མོར་སྐྱེ་ན་ཕ་ལ་ཆགས་མ་ལ་ལྡང༌། ཕོར་སྐྱེ་ན་ཕ་ལ་སྡང་མ་ལ་ཆགས་པའི་ཞེ་སྡང་དང༌། གཞན་རྣམས་ཀྱང་སྐྱེ་གནས་ལ་ཞེ་སྡང་སྐྱེས་པས་འཆི་རྐྱེན་བྱས་ནས་སྐྱེ་བ་ཡིན་ནོ། །དེ་ལ་གང་ཟག་གཉིས་པས་ནི་བར་དོར་རང་སྒྱུ་མའི་སྐུ་རྗེས་མཐུན་པར་བསྐྱེད་པ་དེ་ཉིད་བསམ་གཏན་གཉིས་གང་རུང་གིས་འོད་གསལ་དུ་གཞུག་པ་དང༌། དེའི་མཐར་སྒྱུ་མའི་སྐུར་ལྡང་བ་སྟེ་ཚུལ་གཉིས་ཀྱིས་སྦྱང་ངོ་། །


JLD008_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གསུམ་པས་བར་དོ་ཟིན་པ་ན། སྦྱོང་ཚུལ་ནི་གང་སྣང་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་ལ་བསྒོམ་པ་དང༌། སྣང་བ་དེ་རྣམས་རྡོ་རྗེ་འཆང་གི་རྣམ་པར་འཆར་བ་ལ་བསླབ་ཅིང༌། སྐྱེ་གནས་ལ་ཆགས་སྡང་སྐྱེ་བའི་ཚེ་སྒྱུ་མ་ལྟ་བུར་གཏན་ལ་དབབ་པ་དང༌། དེ་ཡང་ཡི་དམ་གྱི་ལྷར་བསྒོམ་མོ། །གསུམ་པ་ནི། གང་ཟག་དེ་གཉིས་ཀྱིས་གཅིག་ཏུ་བྱེད་ཚུལ་ནི། དེ་ལྟར་སྦྱངས་པའི་མཐར་སྔགས་སྤྱོད་པའི་གནས་ཁྱད་པར་ཅན་དུ་སྐྱེ་བའི་འཕེན་པ་མང་དུ་བཏང་ནས། འཕོ་བའི་གདམས་ངག་གང་རུང་དང་གཅིག་ཏུ་བྱས་ཏེ་འཕོ་བའམ། བར་དོ་འཆི་བའི་སྟོང་པ་རྣམས་ལ་བསྲེ་ཚུལ་སྔར་ལྟར་དང༌། དེའི་མཐར་སྤྲུལ་པའི་སྐུར་ལྡང་བའི་འཕེན་པ་སྔ་མ་བཞིན་བྱས་ལ་སྐྱེ་གནས་སུ་སྐྱེ་བ་བླང་བར་བྱའོ། །འདི་ལ་ཡང་ཐོག་མར་འཆི་བ་ཆོས་སྐུ་དང་བསྲེ་བ་དང༌། དེ་ནས་བར་དུ་བར་དོ་ལོངས་སྐུ་དང་བསྲེ་བ་དང༌། མཐར་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་གསུམ་ཡོད་དེ། རྒྱས་པར་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ལ། ཚེ་འདིར་ཡང་བསྲེ་བ་གསུམ་སྟེ་བསྡུ་ན་བསྲེ་བ་སྐོར་གསུམ་དང་། ཕྱེ་ན་བསྲེ་བ་སྐོར་དགུའི་ཚུལ་རྣམས་ཀྱང་ལེགས་པར་ཤེས་པར་བྱའོ།། ༈ །།གཉིས་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ལ་གཉིས། སྒྱུ་ལུས་དངོས་ལ་བརྟེན་ནས་དོན་གྱི་འོད་གསལ་གྱི་ཡེ་ཤེས་དངོས་སྐྱེད་ཚུལ་དང༌། སྒྱུ་ལུས་རྗེས་མཐུན་པ་ལ་བརྟེན་ནས་དོན་གྱི་འོད་གསལ་རྗེས་མཐུན་པ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། སྒྱུ་ལུས་དང་འོད་གསལ་གྱི་གོ་རིམ་ངེས་ཚུལ། དེ་ལ་འོད་གསལ་གྱི་གདམས་ངག་བཤད་པའོ། །དང་པོ་ནི། སྒྱུ་ལུས་ཀུན་རྫོབ་


JLD008_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་སྔོན་དུ་མ་བསྐྱེད་ན་འདིའི་འོད་གསལ་མངོན་དུ་བྱ་མི་ནུས་པར་གསུངས་པའི་རྒྱུན་མཚན་གང་ཡིན་སྙམ་ན། སྤྱིར་འཕགས་པ་ཡབ་སྲས་ཀྱི་ལུགས་ཀྱིས། ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ནི་ཉན་རང་འཕགས་པ་དང་ཐུན་མོང་བ་ཡིན་ན། ཕར་ཕྱིན་གྱི་ཐེག་པའི་ས་རབ་ཏུ་དགའ་བ་ཐོབ་པས་དོན་དམ་དེ་མངོན་སུམ་དུ་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། སྒྱུ་ལུས་སྒྲུབ་པ་ནི་སྔགས་བླ་མེད་ཀྱི་ཁྱད་པར་གྱི་ཆོས་ཐུན་མོང་མ་ཡིན་པ་ཡིན་པས། དོན་དམ་བདེན་པའི་འོད་གསལ་མངོན་སུམ་དུ་རྟོགས་པ་ཙམ་ཞིག་ལ་སྔོན་དུ་སྒྱུ་ལུས་སྐྱེད་དགོས་པར་མི་འདོད་དོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་བདེ་བས། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ཙམ་གྱི་ཡེ་ཤེས་བསྐྱེད་པའི་ཕྱིར་དུའང་སྒྱུ་ལུས་སྐྱེད་པ་མིན་གྱི་དོན་གྱི་འོད་གསལ་གྱི་ཡེ་ཤེས་ཀྱིས་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་ཁྱད་པར་ཅན་དུ་འགྱུར་བའི་དོན་དུ་ཡིན་ཏེ། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ཡུལ་དུ་བྱས་པ་ལ་ཡུལ་ཅན་གྱི་སྒོ་ནས་ཤེས་སྒྲིབ་སྦྱང་བ་ལ་ནུས་པ་ཁྱད་པར་ཅན་དུ་སྐྱེ་བའི་སྒོ་གཅིག་ཀྱང་ཡོད་མོད་ཀྱང༌། ཐེག་པ་གཞན་གྱི་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་དོད་ནི། རྫོགས་རིམ་གྱི་སྐབས་འདིར་སྒྱུ་མའི་སྐུ་ཡིན་པས་དེ་གཉིས་སྦྲེལ་ཤེས་པ་གནད་མཐར་ཐུག་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཆོས་སྐུའི་རྒྱུའི་གཙོ་བོ་དེ་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་ཁྱད་པར་ཅན་དུ་འགྲོ་བའི་དོན་དུ་གཟུགས་སྐུའི་རྒྱུ་སྒྲུབ་


JLD008_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འདི་དང་ལམ་གཞན་འདྲ་མོད་ཀྱང་སྐུ་གཉིས་ཀྱི་རྒྱུའི་གཙོ་བོ་གང་ལ་བྱེད་པ་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ། །དེའི་ཕྱིར་རིམ་པ་གསུམ་པའི་སྒྱུ་མའི་སྐུ་སྒྲུབ་པ་ནི། དེ་ལ་སྒྱུ་འཛིན་གྱི་དྲི་མ་གཅིག་ཡོད་པ་སྦྱོང་བ་ལ་འོད་གསལ་དུ་འཇུག་པ་མིན་གྱི། དོན་གྱི་འོད་གསལ་གྱི་ཡེ་ཤེས་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་མཐུ་ཅན་དུ་སྐྱེ་བར་འགྱུར་བའི་ཕྱིར་དུ་སྒྱུ་ལུས་སྒྲུབ་པ་ཡིན་ཏེ། རྒྱས་པར་ངོ་སྤྲོད་དུ་བཤད་ཟིན་ཏོ།། ༈ །།གཉིས་པ་ལ་གཉིས། ཕྱི་ནང་གི་བྱང་ཆུབ་པ་གཉིས་བཤད་པ་དང་། དེ་མངོན་དུ་བྱེད་པའི་ཐབས་བསམ་གཏན་གཉིས་བཤད་པའོ། །དང་པོ་ནི་སྒྱུ་ལུས་ཐོབ་པས་བསམ་གཏན་གཉིས་དང་སྤྱོད་པ་ལ་བསླབས་པས་དོན་གྱི་འོད་གསལ་མངོན་དུ་འགྱུར་བ་ལ་ཉེ་བར་སླེབ་པའི་ཚེ། ཉི་མ་དམར་ཐག་ཆད་པ་ན་ཚོགས་ཀྱི་མཆོད་པ་དང༌། ལེགས་པར་བསླབས་པའི་ཕྱག་རྒྱ་ཕུལ་ནས་བླ་མ་མཉེས་པར་བྱས་པས། བླ་མས་མཚན་ཕྱེད་ན་ལས་རྒྱ་ལ་བརྟེན་པའི་དབང་གསུམ་པའི་དངོས་དབང་བསྐུར་ནས་འོད་གསལ་མཚོན་པར་བྱེད་དོ། །དེ་ནས་ཐོ་རངས་འོད་གསལ་སྒོམ་ཚུལ་གྱི་གདམས་ངག་ཕོག་པ་བསྒོམ་པས། གཉིས་སྣང་ཕྲ་མོ་ཡང་དག་ནས་དེ་ཁོ་ན་ཉིད་ཀྱི་དོན་བདེ་བ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་རྟོགས་བའི་དོན་གྱི་འོད་གསལ་ཀྱི་ཡེ་ཤེས་མངོན་པར་བྱང་ཆུབ་རིམ་པ་འཐོབ་བོ། །དེ་ཉིད་ཕྱིའི་མངོན་པར་བྱང་ཆུབ་པར་འཇོག་པ་ནི། སྣང་བ་ཉེར་ཐོབ་མཚོན་པའི་དུས་ཉི་མ་དམར་ཐག་ཆད་པ་ནས་སྨག་འཐུག་པོ་མ་སངས་ཚུན་གྱི་མཚམས་དང༌། སྣང་བ་མཚོན་པའི་དུས་སྨག་འཐུག་པོ་


JLD008_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ནས་ཐོ་རངས་ལ་མ་སླེབ་པའི་བར་གྱི་མཚན་མོ་གཉིས་འདས་ཤིང༌། སྣང་བ་མཆེད་པ་མཚོན་པའི་དུས་ཉི་མ་ཤར་ནས་དམར་ཐག་མ་ཆད་ཀྱི་བར་དང༌། ཉིན་མོས་མ་སློབ་པའི་བར་གྱི་ཕྱིའི་དུས་ཁྱད་པར་ཅན་ཐོ་རངས་ཀྱི་དུས་ལ་ལྟོས་ནས་མངོན་དུ་འགྱུར་བས་ན་ཕྱིའི་མངོན་པར་བྱང་ཆུབ་པའོ། །ཡང་དེ་ཉིད་ནང་གི་མངོན་པར་བྱང་ཆུབ་པར་འཇོག་པ་ནི། ལུགས་མཐུན་གྱི་སྣང་བ་གསུམ་འདས་ཤིང༌། ལུགས་ཟློག་གི་ཉེར་ཐོབ་མ་ཤར་བའི་ནང་གི་དུས་དེར་མངོན་དུ་འགྱུར་དགོས་པས་ན་ནང་གི་མངོན་པར་བྱང་ཆུབ་པ་ཞེས་བྱ་སྟེ། རིམ་ལྔ་ལས། མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་ཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །མཚམས་ཀྱི་མཐའ་ནི་འཇིག་མིན་མུན་ནག་ཚོགས་ནི་མ་ལུས་གང་དུ་འདས་པ་དང༌། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་འདིར་ནི་དྲི་མེད་ཡང་དག་མཐའ་རུ་བཤད། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། །ཞེས་ཕྱི་ནང་གི་བྱང་ཆུབ་པ་གཉིས་གསུངས་སོ། །ཆགས་འགྱུར་ལས། དེ་དག་རང་གི་རང་བཞིན་རྣམས་དང་ལན་ཅིག་མིན་པར་ལྡན། ཞེས་དང་། མུན་པའི་མཐའ་ནི་


JLD008_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཟད་ཅིང་མཚམས་ཀྱི་གཟི་བརྗིད་མ་ལུས་གང་དུ་འདས་གྱུར་ཅིང༌། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་དྲི་མ་མེད་པ་འདི་ལ་ཡང་དག་མཐའ་ནི་བསྟན་ཞེས་འབྱུང་ངོ་། །སྤྱོད་བསྡུས་ལས་ཀྱང་མངོན་པར་བྱང་ཆུབ་པ་ལ་གཉིས་ལས་ཕྱིའི་མངོན་བྱང་ནི་ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས་ཇི་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ། འདི་ལ་ནི་འོད་གསལ་ཐམས་ཅད་སྟོང་པའོ་ཞེས་བཤད་པའི་དོན་ནི་རིམ་ལྔ་ལས། ཐོབ་པ་དང་སྣང་བའི་མཚན་གྱི་དུས་གཉིས་འདས་ཤིང་ཉི་མ་མ་ཤར་བའི་བར་ལ་བཤད་པའི་ཐོ་རངས་སོ། །ཉི་མ་ཤར་བ་ན་སྣང་བ་མཆེད་པ་དང༌། ཉི་མ་ནུབ་པའི་མཚམས་སུ་མ་རིག་པ་དང༌། ཟླ་བ་ཤར་བའི་ཚེ་སྣང་བའོ་ཞེས་བཤད་ནས། ནང་གི་མངོན་བྱང་སྟོན་པ་ན་དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟོང་པའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བ་ཞེས་གསུངས་ཤིང༌། རྩ་རྒྱུད་ལེའུ་བཅོ་ལྔ་པའི་འགྲེལ་པ་སྒྲོན་གསལ་ལས་ཕྱི་ནང་གི་དུས་གཉིས་གསལ་བར་གསུངས་སོ། །གཉིས་པ་ནི། སྒྱུ་ལུས་ཐོབ་པས་དོན་གྱི་འོད་གསལ་མངོན་དུ་བྱེད་པའི་ཐབས་སུ་སྤྱོད་པ་ཡང་བྱ་དགོས་མོད་ཀྱང༌། འདིར་བསམ་གཏན་གཉིས་སྟོན་ལ། དེ་ནི་རིམ་ལྔ་ལས། མན་ངག་ཐོབ་


JLD008_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་མ་ཡིས། །དེ་ལ་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང་། །ཇི་བཞིན་རྗེས་སུ་གཞིག་པའོ། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་ཁར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོར་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་འགྱུར་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཅེས་གསུངས་སོ། །སྤྱོད་བསྡུས་ལས་ཀྱང་། ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་ལ་གོང་བུ་གནས་པ་ལྟར། །དེ་བཞིན་དེ་ལ་རིམ་གྱིས་རྗེས་སུ་འཇིག་པར་བྱེད་པར་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན་དུའང་བལྟ་བྱ་སྟེ། །རིལ་པོར་འཛིན་པ་ལའང་བྱ་བའི་རིམ་པ་འདི་ནི་དེ་བཞིན་ཡང་དག་བརྟག །ཅེས་གསུངས་སོ། །དེ་ལ་རིལ་འཛིན་ནི་རང་གི་མགོ་བོ་ནས་མར་སྡུད་པ་དང༌། རྐང་པ་ནས་ཡར་སྡུད་པའི་མཐའ་གཉིས་ཀ་སྙིང་ཁ་ཡིན་པ་ནི་སྙིང་ཁར་ཕྱིན་གྱི་བར་ཞེས་པའོ། །ནག་པོ་པས་མགོ་བོ་ནས་རྐང་པའི་བར་རྣམས་སྙིང་ཁའི་ས་བོན་དང༌། དེ་ཐིག་ལེ་དང༌། དེ་སྟོང་པར་སྡུད་པ་ལ་བཤད་དོ། །དེ་ལྟར་སྙིང་ཁར་བསྡུས་ནས་རྣལ་འབྱོར་པ་ཡང་དག་པའི་མཐའི་འོད་གསལ་དུ་འཇུག་གོ། དེའི་དཔེ་


JLD008_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབུགས་ཀྱི་ཞེས་པ་བཞིས་སྟོན་ཏེ། མེ་ལོང་ལ་ཧས་བཏབ་པའི་ཁ་རླངས་དེ་མཐའ་ཀུན་ནས་དེའི་དབུས་སུ་འདུ་བ་ལྟར། རང་གི་ལུས་ཀྱི་སྟེང་འོག་དང་རྒྱབ་མདུན་དང་གཡས་གཡོན་ཀུན་ནས་སྙིང་ཁའི་དབུས་སུ་སྡུད་པའོ། །རྗེས་གཞིག་ནི་དང་པོར་སྣོད་བཅུད་འོད་གསལ་དུ་བསྡུས་པ་དེའི་རྗེས་སུ་རང་ཉིད་འོད་གསལ་དུ་སྡུད་པའོ། །བདག་ཉིད་དེ་བཞིན་ཞེས་པ་ནི་ནག་པོ་པས་རིལ་འཛིན་བཞིན་དུ་བྱེད་པར་བཤད་པ་ལེགས་སོ། །ཡང་དང་ཡང་དུ་ཞེས་པ་ནི་དེ་གཉིས་ལན་དུ་མར་དགོས་པའི་དོན་ནོ། །རྗེས་གཞིག་གི་དཔེ་ནི་ལྟེང་ཀའི་ཆུ་ལ་ཁ་བའི་གོང་བུ་གནས་པ་དེ་རིམ་གྱི་ཞུ་བའོ། །འདི་ལ་ཆགས་འགྱུར་ལས། ཐིགས་པ་ཞེས་འབྱུང་ཡང་འགྱུར་རྙིང་བདེའོ། །རང་གི་ཕུང་པོ་རིམ་གྱིས་འཇིག་པ་གཉིས་ཀ་ལ་ཡོད་ཀྱང༌། སྔོན་དུ་སྣོད་བཅུད་གཞན་བསྡུས་པ་ཡོད་མེད་ཀྱི་ཁྱད་པར་ཙམ་མོ། །རྗེས་གཞིག་གི་སྒྲ་དོན་ནི་བཤད་པ་ལྟར་ཡིན་ལ། རིལ་པོ་ནི་རང་གི་ལུས་དང་དེ་སྟོང་པ་ཉིད་ཀྱིས་འཛིན་པ་ནི་རིལ་འཛིན་གྱི་དོན་དུ་ཨ་བྷྱས་བཤད་དེ། ལུས་འོད་གསལ་དུ་བཅུག་སྟེ་འཛིན་པའོ། །བསམ་གཏན་གཉིས་ཀྱིས་སྡུད་པའི་གནས་མཐར་ཐུག་པ་སྙིང་གར་བྱས་ནས་དོན་གྱི་འོད་གསལ་མངོན་དུ་བྱེད་པ་འདི་ནི་འཕགས་པ་ཡབ་སྲས་ཀྱི་བཞེད་པའོ། །སྡུད་རིམ་གྱི་དམིགས་པ་འདི་ལ་དངོས་སུ་རླུང་སྡུད་པ་གསལ་བར་མ་བཤད་ཀྱང༌། དམིགས་པ་དེ་བྱས་ན་དོན་ལ་རླུང་གི་སྡུད་རིམ་བླ་ན་མེད་པར་འགྲོ་ཚུལ་ནི། ངག་དབེན་གྱི་སྐབས་སུ་སྲོག་རྩོལ་སྒོམ་པ་གསུམ་ག་སྙིང་གར་རླུང་དང་བྱང་སེམས་སྡུད་ནས་སྟོང་པ་བཞི་འདྲེན་པའི་ཐབས་


JLD008_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཤེས་དགོས་ཤིང༌། དེ་ལ་གོམས་པའི་མཐུས་སྐབས་འདིར་དམིགས་པའི་སྡུད་རིམ་གྱིས་ཀྱང་རླུང་དང་བྱང་སེམས་སྙིང་ཁར་བསྡུད་ནས་འོད་གསལ་དུ་འཇུག་པར་བྱེད་པས། སྒྱུ་ལུས་པས་འོད་གསལ་དུ་འཇུག་པའི་ཐབས་སྒོམ་པ་ལ་བསམ་གཏན་གཉིས་གསུངས་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །དེར་མ་ཟད་ཕྱིའི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་དགོས་པར་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས་ཏེ། དེའི་བྱེད་ལས་ཀྱང་དེ་དང་འདྲའོ། །བསམ་གཏན་གཉིས་ཀྱིས་སྒྱུ་ལུས་འོད་གསལ་དུ་འཇུག་པར་གསུངས་པ་ཡང༌། རླུང་སེམས་སྙིང་གར་བསྡུས་ཏེ་སྟོང་པ་བཞི་ཡང་དང་ཡང་དུ་བསྐྱེད་དེ་གོམས་པར་བྱས་པ་ལས། དོན་གྱི་འོད་གསལ་མངོན་དུ་གྱུར་པའི་ཚེ། སྒྱུ་ལུས་ཀྱང་དག་ནས་འགྲོ་བའི་དོན་ནོ། །སྒྱུ་ལུས་པས་བསམ་གཏན་གཉིས་སྒོམ་པ་ལ། རྡོ་རྗེ་གསུམ་གྱི་སེམས་དཔའ་སུམ་རྩེགས་སྒོམ་པ་རྩ་རྒྱུད་ལེའུ་བཅུ་གཅིག་པ་དང༌། དེའི་འགྲེལ་པ་སྒྲོན་གསལ་ལས་གསུངས་པ་བཞིན་མཛད་པ་ནི། རྒྱུད་འགྲེལ་ན་བཞུགས་པ་མན་ངག་ཏུ་ཐོན་པ་ཡིན་པས་ཤིན་ཏུ་ལེགས་སོ། །དེའི་ཚུལ་ནི་དང་པོར་རང་གི་ལུས་དང་སེམས་ཅན་གྱི་ལུས་གཉིས་དང༌། རང་གི་ངག་དང་སེམས་ཅན་གྱི་ངག་གཉིས་དང༌། རང་གི་ཡིད་དང་སེམས་ཅན་གྱི་ཡིད་གཉིས་དབྱེར་མེད་དུ་མོས་པར་བྱ། དེའི་འོག་ཏུ་རིམ་པ་བཞིན་དབྱེར་མེད་དུ་བྱས་པ་གསུམ་པོ་རྣམ་སྣང་དང་འོད་དཔག་མེད་དང་མི་བསྐྱོད་པར་སྒོམ་པ་ནི་དམ་ཚིག་སེམས་དཔའོ། །དེ་ལྟར་བསྒོམས་པ་གསུམ་གྱི་ཐུགས་


JLD008_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་གསུམ་དུ་རིམ་པ་བཞིན་ཨོཾ་དང༌། ཨཱཿདང་ཧཱུཾ་གསུམ་སྒོམ་པ་ནི་ཡེ་ཤེས་སེམས་དཔའོ། །ཡི་གེ་གསུམ་ལ་རང་གི་སེམས་ཐིག་ལེར་གྱུར་པ་འཇོག་པ་ནི་ཏིང་ངེ་འཛིན་སེམས་དཔར་སྒྲོན་གསལ་ལས་གསུངས་པའི་དོན་ནི། ཡི་གེ་གསུམ་གྱི་ཐིག་ལེའི་ནང་དུ་ཨ་ཐུང་འཇོག་པར་བླ་མ་མཁས་པ་གོང་མ་རྣམས་བཞེད་དོ། །དེ་ལྟར་སེམས་དཔའ་སུམ་རྩེག་བསྒོམས་ནས་རིལ་འཛིན་སྒོམ་ཚུལ་ནི། ཐུགས་ཀའི་ས་བོན་གང་ཡིན་ལས་འོད་ཟེར་སྤྲོས་པས་དམ་ཚིག་སེམས་དཔའི་མགོ་བོ་ནས་ཡས་རིམ་དང༌། རྐང་མཐིལ་ནས་མས་རིམ་གྱིས་སྙིང་ཁའི་ཡེ་ཤེས་སེམས་དཔའ་ལ་བསྡུ། ཡེ་ཤེས་སེམས་དཔའ་རྣམས་ཀྱང་རིམ་གྱིས་ཏིང་ངེ་འཛིན་སེམས་དཔའ་མི་ཤིགས་པའི་ཐིག་ལེ་ཨ་ཐུང་ལ་བསྡུ་ཞིང༌། དེ་ཡང་འོད་གསལ་དུ་བསྡུས་པ་ལ་སེམས་གཡོ་མེད་དུ་འཛིན་པ་སྟེ། སྐུ་གསུང་ཐུགས་ཀྱི་རིལ་འཛིན་གསུམ་མོ། །རྗེས་གཞིག་སྒོམ་ཚུལ་ནི་རང་གི་སྙིང་ཁའི་ས་བོན་ལས་སྤྲོས་པའི་འོད་ཟེར་གྱིས་ཐོག་མར་རང་མ་གཏོགས་པའི་སྣོད་བཅུད་ཐམས་ཅད་འོད་དུ་བཞུས་པའི་འོད་ཕུང་རིམ་གྱིས་རང་ལ་གཞུག །དེའི་རྗེས་སུ་རིལ་འཛིན་ལྟར་བྱེད་པའོ། །སྤྱིར་ཨོཾ་ཡིག་སྤྱི་བོ་དང༌། ཨཱཿཡིག་མགྲིན་པར་སྒོམ་པ་ཡིན་ཀྱང་། འདིར་ནི་ཡི་གེ་གསུམ་ག་སྙིང་ཁར་སྒོམ་པར་གསུངས་པའི་རྒྱུ་མཚན་ནི། འོད་གསལ་འཆར་བའི་ཐབས་ཀྱི་སྡུད་གནས་མཐར་ཐུག་པ་ནི་སྙིང་ཁ་ཡིན་པའི་གནད་ཀྱིས་ཡིན་ནོ། །དེ་ལྟར་མང་དུ་བསྒོམས་པས་རང་གི་སེམས་འགོག་པའི་རྡོ་རྗེ་འོད་གསལ་དུ་འཇུག་པའི་རྟགས་དང་པོར་སྨིག་རྒྱུ་ལྟ་བུ་དང༌།


JLD008_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དུ་བ་ལྟ་བུ་དང༌། དེ་ནས་མཁའ་སྣང་སྟེ་མེ་ཁྱེར་ལྟ་བུ་དང༌། དེ་ནས་མར་མེ་ལྟར་འབར་བ་བཞི་འབྱུང་སྟེ། རིམ་པ་བཞིན་དུ་ས་ཆུ་ལ་དང༌། ཆུ་མེ་ལ་དང༌། མེ་རླུང་ལ་དང༌། རླུང་རྣམ་ཤེས་གསུམ་གྱི་དང་པོ་སྣང་བ་ལ་ཐིམ་པ་ལས་འབྱུང་ངོ་། །དེ་ནས་སྔར་བཤད་པ་ལྟར་སྣང་མཆོད་ཐོབ་གསུམ་སྔ་མ་ཕྱི་མ་ལ་ཐིམ་པའི་ཉམས་འཆར་རོ། །དེ་ནས་ཉེར་ཐོབ་འོད་གསལ་དུ་ཐིམ་པ་ན་སྟོན་གྱི་ནམ་མཁའ་སྤྲིན་མེད་ལ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཐོ་རངས་ཀྱི་དུས་ཀྱི་ནམ་མཁའ་ལྟ་བུ་གཅིག་འབྱུང་ངོ་། །གཉིས་སྣང་ཕྲ་མོ་མ་དག་པས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་མ་གྱུར་ཚུན་ཆད་དཔེའི་འོད་གསལ་གྱིས་དུས་སུ། སྔར་བཤད་པའི་ནམ་མཁའི་ཁ་དོག་འདྲ་བ་འཆར་ཡང༌། མངོན་སུམ་དུ་གྱུར་བའི་ཡེ་ཤེས་ཀྱི་ངོར་ནི་ཁ་དོག་གི་རྣམ་པ་མི་འཆར་གྱི། སྤྲོས་ཚོགས་ཀྱི་གཡའ་དག་པ་ལ་དེ་ལྟར་བཏགས་པ་ཙམ་སྟེ། འདི་རྣམས་ཀྱང་རྒྱས་པར་རིམ་ལྔ་གསལ་སྒྲོན་དུ་ཤེས་པར་བྱའོ། །གཉིས་པ་ནི། དེ་ལྟར་རིགས་གསུམ་གྱི་སེམས་དཔའ་སུམ་རྩེག་བསྒོམས་ནས་བསམ་གཏན་གཉིས་ཀྱི་འོད་གསལ་དུ་འཇུག་པའི་རིམ་པ་སྒོམ་པ་འདི་ནི་སྐབས་འདི་ཁོ་ནར་མ་ཟད་ཕྲ་མོ་སོགས་བསྒོམས་པའི་སྟོབས་ཀྱིས་རླུང་དྷཱུ་ཏཱིར་བསྡུས་ནས་ཐིམ་པར་བྱས་པ་ལས་བྱུང་བའི་སྟོང་པ་བཞི་འདྲེན་ནུས་ཤིང༌། སད་པའི་དུས་དང་རྨི་ལམ་གྱི་དུས་སུ་སྒྱུ་ལུས་རྗེས་མཐུན་པ་སྒྲུབ་ནུས་པའི་མཚམས་ནས་ཀྱང་བསྒོམ་པར་བྱ་སྟེ། དེ་ཡང་སྤྱིར་སྟོང་པ་བཞི་ཀའི་དུས་


JLD008_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྟ་བ་དྲན་པར་བྱས་ནས་བདེ་སྟོང་སྦྱར་ཏེ་བསྒོམ་ལ། ཁྱད་པར་དུ་སྟོང་པ་བཞི་པ་འོད་གསལ་གྱི་དུས་སུ་ཡུན་ཅི་རིང་གི་ཐབས་བྱས་ལ། ལྟ་བ་ཕུ་ཐག་བཅད་པའི་དོན་དྲན་པར་བྱས་ནས་བདེ་སྟོང་སྦྱོར་བའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་དྲིལ་ཏེ་བསྒོམ་པར་བྱའོ། །དེའི་དུས་སུ་ཡང་སྔར་བཤད་པ་ལྟར་གྱི་རྟགས་བཞི་ཤར་ནས་སྟོང་པ་བཞིའི་རིམ་གྱིས་འོད་གསལ་དུ་འཇུག་པ་འོང་ངོ༌།། །།གསུམ་པ་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་ནི། སྔར་བཤད་པ་ལྟར་ཐོ་རངས་འོད་གསལ་བསྒོམ་པ་དང༌། དེ་ལས་ཟུང་འཇུག་སྒྲུབ་པའི་ཚུལ་གྱི་གདམས་ངག་ཕོག་ནས་བསྒོམས་པས་དོན་གྱི་འོད་གསལ་སྔོན་དུ་བྱས་པའི་མཇུག་ཐོགས་སུ་སློབ་པའི་ཟུང་འཇུག་འགྲུབ་བོ། །དེའི་འགྲུབ་ཚུལ་ནི་འོད་གསལ་ལས་ལུགས་ཟློག་གི་རིམ་པས་ཉེར་ཐོབ་དང༌། དེ་ལས་ཉི་འོད་ཚ་བ་ལྟ་བུའི་མཆེད་པ་དང༌། དེ་ལས་ཟླ་འོད་བསིལ་བ་ལྟ་བུའི་སྣང་བ་རྣམས་བྱུང་ངོ་། །སྔར་ལུགས་མཐུན་གྱི་དུས་སུ་སྟོང་པ་བཞི་སྔ་མ་ཕྱི་མ་ལ་ཐིམ་ནས་མཐར་འོད་གསལ་དུ་གཅིག་ཏུ་སོང་བའི་འོད་གསལ་གྱི་ཡེ་ཤེས་དང་དེའི་བཞོན་པའི་རླུང་ཁམས་ཕྲ་བ་དང་ལྷན་ཅིག་པ་ལས་སྒྲུབས་པ། གྲིབ་མ་དང་འདྲ་བར་བཅད་དུ་མེད་པ་དང༌། གཞིག་ཏུ་མེད་པའི་རྡོ་རྗེའི་སྐུ་འཕོ་བ་མེད་ཅིང་ཟག་པ་མེད་པ་ཉོན་མོངས་པའི་ས་བོན་ཐམས་ཅད་ལས་གྲོལ་བ་ཆུ་ལས་ཉ་ལྡང་བ་འམ། གཉིད་ལོག་པ་ལས་སད་པ་བཞིན་དུ་བཞེངས་པའི་སྐུ་ནི་ཟུང་འཇུག་གི་སྐུའོ། དེ་ནི་འོད་གསལ་གྱི་འཇུག་ཐོགས་ཉེར་ཐོབ་གྲུབ་པ་དང་མཉམ་དུ་འགྲུབ་སྟེ། ཤི་བའི་འོད་གསལ་ལས་ལུགས་ཟློག་ཏུ་ལངས་པའི་ཉེར་ཐོབ་གྲུབ་པ་ན་བར་དོ་འགྲུབ་པ་བཞིན་ནོ། །


JLD008_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རིམ་ལྔ་ལས། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་པ་ནས། གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པོ་སྤངས་པས་ནི། །གང་ཞིག་ཞི་རྟོགས་རྣལ་འབྱོར་དབང༌། །དེ་ནི་ཟུང་འཇུག་ཐོབ་པའོ། །ཞེས་པའི་བར་གྱིས་ཟུང་འཇུག་ཉེར་གསུམ་གསུངས་སོ། །དེ་ལ་ཟུང་འཇུག་གི་སྐད་དོད་ཡུག་ན་དྭའི་ལུག་ནི་ཟུང༌། ན་དྭ་ནི་གཉིས་མ་ཡིན་པ་སྟེ་གཉིས་གཉིས་མ་ཡིན་པར་གྱུར་པ་ཡིན་ལ། དེའི་དོན་ལ་གཉིས་ལས། དང་པོ་ནི་འཁོར་འདས་ལ་སོགས་པའི་གཉིས་ཆོས་རྣམས་ལ་གཉིས་སུ་འབྱེད་པའི་བདེན་འཛིན་གྱི་ཀུན་རྟོག་སྔར་བཤད་པའི་སྔགས་ཀྱི་ལམ་ཐུན་མོང་མ་ཡིན་པ་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ལ་བརྟེན་ནས་སྤངས་པས། རྟོག་པ་དེས་མི་ཕྱེད་པའི་གཉིས་མེད་དུ་སོང་བའི་རྡོ་རྗེའི་སྐུ་ཐོབ་པའི་ཟུང་འཇུག་དང༌། གཉིས་པ་ནི་ལུས་སྒྱུ་མའི་སྐུར་སོང་བ་དང༌། སེམས་དོན་གྱི་འོད་གསལ་གྱིས་ཡེ་ཤེས་ཀྱི་ངོ་བོར་སོང་བ་གཉིས་རེས་འཇོག་ཏུ་མ་སོང་བར་དུས་གཅིག་ཏུ་ཐུགས་དང་སྐུར་ཚོགས་པའི་ཟུང་འཇུག་གོ། ཕྱི་མ་ནི་རིམ་ལྔ་ལས། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་བརླབས་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། །ཞེས་གསུངས་ཏེ་དེའི་དང་པོ་ནི་དོན་གྱིས་འོད་གསལ་གྱི་དེ་མ་ཐག་ཏུ་འགྲུབ་ལ། གཉིས་པ་ནི་ཟུང་འཇུག་ཐོག་མར་ཐོབ་པ་དེས།


JLD008_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ད་གཟོད་སླར་ཡང་དོན་གྱི་འོད་གསལ་དུ་ཞུགས་པ་ན་འཐོབ་བོ། །སློབ་པའི་ཟུང་འཇུག་ཐོབ་པའི་ཚེ་ཉོན་མོངས་པ་ཐམས་ཅད་སྤངས་པར་སྤྱོད་བསྡུས་ལས་བཤད་ལ། བདག་གཉིས་སུ་འཛིན་པའི་བདེན་འཛིན་ཐམས་ཅད་ཉོན་མོངས་སུ་འཇོག་པ་ནི་འཕགས་པ་ཡབ་སྲས་ཀྱི་ལུགས་ཏེ། གཞན་དུ་རྒྱས་པར་བཤད་ཟིན་ཏོ། །རིམ་ལྔ་ལས། ཟུང་འཇུག་གོ་འཕངས་ལ་གནས་པའི། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་བསྒོམས་གྱུར་པས། །སྤྱོད་པའང་དེ་དང་གཉིས་སུ་མེད། །ཅེས་སློབ་པའི་ཟུང་འཇུག་ཀྱང་གསུངས་ལ། དེ་ལ་གནས་བཞིན་པའི་ངང་ནས་སྤྱོད་པ་བྱེད་པར་ཡང་གསུངས་སོ། །སྔར་བཤད་པ་བཞིན་དུ་སྒྱུ་ལུས་རྗེས་མཐུན་པ་ཐོབ་པ་བསམ་གཏན་གཉིས་ཀྱི་དཔེའི་འོད་གསལ་དུ་བཅུག་པའི་མཐར་སྒྱུ་མའི་སྐུ་རྗེས་མཐུན་པར་ལངས་པ་ཡང་ཟུང་འཇུག་རྗེས་མཐུན་པར་ཤེས་པར་བྱའོ། །སྔར་བཤད་པའི་ཟུང་འཇུག་གི་རྣལ་འབྱོར་དེ་མ་ཐོབ་གོང་དུ་རྫོགས་རིམ་གྱིས་ལམ་མི་འདྲ་བ་ལ་གསར་དུ་བསླབ་དགོས་ཀྱང༌། དེ་ཐོབ་ནས་ནི་རྫོགས་རིམ་གྱི་ལམ་གྱི་གནད་མཐར་ཐུག་པ། སྤྱིར་གསུང་རབ་ཀུན་གྱི་མཐར་ཐུག་པའི་སྙིང་པོ། ཁྱད་པར་དུ་གཉིས་སུ་མེད་པའི་རྒྱུད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་པ་ཡིན་ཞིང༌། སྔར་ཐོབ་པ་རྣམས་གོམས་པར་བྱེད་པ་ཡིན་གྱི་གསར་དུ་བསླབ་ཏུ་མེད་པར་གསུངས་ཏེ། རིམ་ལྔ་ལས། ཟུང་འཇུག་ཏིང་འཛིན་ལ་གནས་ནས། སླར་ཞིང་གང་ལའང་མེ་སློབ་བོ། །ཞེས་གསུངས་སོ། །འདི་ཡང་རྒྱས་པར་རིམ་ལྔ་གསལ་སྒྲོན་ལས་ཤེས་པར་བྱའོ།།


JLD008_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལམ་ལ་བོགས་འབྱིན་པའི་ཐབས་སྤྱོད་པ་ནི། རྫོགས་རིམ་གྱི་སྐབས་སུ་ལམ་ལ་བོགས་འབྱིན་པའི་སྤྱོད་པ་བྱེད་པའི་དུས་གསུམ་སྟེ། འདི་ལྟར་སེམས་དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་དོན་དུ་བྱེད་པ་དང༌། སྒྱུ་ལུས་ཐོབ་ནས་འོད་གསལ་གྱི་དོན་དུ་བྱེད་པ་དང་། སློབ་པའི་ཟུང་འཇུག་ཐོབ་ནས་ཤེས་སྒྲིབ་ཟད་པའི་ཕྱིར་དུ་བྱེད་པའོ། །དེ་རེ་རེའི་སྐབས་སུ་ཡང་གང་ཟག་གི་བྱེ་བྲག་གིས་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་གང་རུང་ལ་སློབ་པ། དེ་ལ་སྤྱོད་པ་དང་པོ་གཉིས་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱེད་ལ། གསུམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ནས་བྱེད་དོ། །སྤྱོད་པའི་ངོ་བོ་ནི་འདོད་ཡོན་སྤྱི་དང་ཁྱད་པར་དུ་རིག་མའི་འདོད་ཡོན་ལྔ་ལ་རང་བཞིན་ཤེས་པའི་སྒོ་ནས་སྤྱད་དེ་བདེ་སྟོང་བསྒོམ་པའོ། །དེ་ལ་སྤྲོས་བཅས་ནི་དཀྱིལ་འཁོར་གྱི་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་པ་ཕོ་མོ་ལྷ་དེ་དང་དེའི་ཆས་སུ་ཞུགས་པའི་ཚོགས་ཀྱི་དཀྱིལ་འཁོར་ལ་གནས་ནས། དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱིས་སྒྲུབ་ཅིང༌། ལས་རྒྱལ་མཆོག་གི་དུས་སུ་ཕྱག་དང་ཕྱག་གི་ལན་དང༌། གླུ་གར་དང་གླུ་གར་གྱི་ལན་ལ་སོགས་པའི་བྱ་བའི་སྤྲོས་པ་རྒྱ་ཆེན་པོ་ཞག་གཅིག་ལ་དུས་བཞིར་སྦྱོད་པའོ། །སྤྲོས་མེད་ནི་ལས་རྒྱལ་མཆོག་གི་དུས་སུ་གར་དང་དེའི་ལན་ལ་སེགས་པའི་བྱ་བའི་སྤྲོས་པ་རྣམས་བཞག་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པའོ། །དེ་ལ་རྒྱས་པ་དཀྱིལ་འཁོར་པའི་ལྷ་གྲངས་དང་མཉམ་པ་དང༌། འབྲིང་ལས་ཀྱི་ཕྱག་རྒྱ་ལྔ་དང༌། བསྡུས་


JLD008_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཀྱི་ཕྱག་རྒྱ་གཅིག་དང་བཅས་པའི་ཚོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བྱེད་དོ། །ཤིན་ཏུ་སྤྲོས་མེད་པས་ནི་བཟའ་བཏུང་དང་བཤང་གཅིའི་དོར་བ་ལ་འགྲོ་བའི་སྐབས་མ་གཏོགས་པ་ཡེ་རྒྱ་ལ་བརྟེན་ནས། རྒྱུན་དུ་གཉིད་དང་འོད་གསལ་བསྲེས་ཏེ། སྒོམ་པར་བྱེད་པས་དུས་འདའ་བར་བྱེད་དོ། །སྤྱོད་པ་དེ་རྣམས་ཟླ་བ་དྲུག་ལ་སོགས་པར་སྤྱད་པས་མཆོག་འགྲུབ་པའི་མཚན་མ་དབང་ཕྱུག་གི་ཡོན་ཏན་ཐོབ་པར་འགྱུར་ཏེ། རྒྱས་པར་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ།། ༈ །།གསུམ་པ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི། དེ་ལྟར་ལམ་ཐུན་མོང་བ་ནས་བརྩམས་ཏེ་བསྐྱེད་རིམ་ཕྲ་རགས་ལ་མཐར་ཕྱིན་པར་བསླབ་པའི་བར་གྱི་ལམ་དང༌། ལུས་དབེན་གྱི་སྐབས་སུ་བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་བཙུད་པ་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་འདྲེན་ནུས་པ་ནས་བརྩམས་ཏེ སྒྱུ་ལུས་ཐོབ་པ་ནས་དོན་གྱི་འོད་གསལ་མ་ཐོབ་པའི་བར་གྱི་ལམ་རྣམས་ནི། ཐེག་པ་འདིའི་སོ་སོ་སྐྱེ་བོའི་ལམ་ཡིན་ལ། དོན་གྱི་འོད་གསལ་མངོན་དུ་བྱས་པ་ནས་བརྩམས་ཏེ། མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་གྱི་ལམ་ནི། ཐེག་པ་འདིའི་འཕགས་པའི་སློབ་པའི་ལམ་མོ། །དེ་འདྲའི་ལམ་རིམ་གྱིས་བགྲོད་ཅིང༌། ཁྱད་པར་དུ་སློབ་པའི་ཟུང་འཇུག་ཐོབ་ནས་སྤྱོད་པ་ལ་བསླབས་པའི་མཐར་མི་སློབ་པའི་ཟུང་འཇུག་འགྲུབ་ལུགས་ནི་སྔར་བཤད་པ་ལྟར་ཕྱི་ནང་གི་བྱང་ཆུབ་པ་གཉིས་ཀྱི་སྒོ་ནས་ཐོ་རངས་འོད་གསལ་བསྒོམས་ཏེ། གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་ལྷག་མ་མ་ལུས་པར་སྦྱངས་ནས། ཆོས་ཀྱི་སྐུ་མཐར་ཐུག་པ་མངོན་དུ་གྱུར་པའི་ཚེ་


JLD008_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ་མི་སློབ་པའི་ཟུང་འཇུག་གི་སྐུར་འགྱུར་ཞིང་། འཁོར་བ་ཇི་སྲིད་པར་སྐུ་དེ་གཉིས་ལས་མི་གཡོ་བར་བཞུགས་སོ། །དེ་འདྲ་བའི་དག་པ་གཉིས་ལྡན་གྱི་ཡུལ་གྱི་འོད་གསལ་ནི་འདུས་མ་བྱས་པའི་ཆོས་ཀྱི་སྐུ་དང་། ཡུལ་ཅན་གྱི་འོད་གསལ་ནི་ཡེ་ཤེས་ཆོས་ཀྱི་སྐུ་དང་། བདེ་བ་ཆེན་པོའི་སྐུ་ཞེས་ཀྱང་བྱའོ། །དེའི་རྟེན་གཟུགས་ཀྱི་སྐུ་རླུང་སེམས་ཙམ་ལས་འགྲུབ་པ་ནི་ལོངས་སྐུ་ཡིན་ལ། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པས་གཟུགས་སྐུ་དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་ལན་དུ་མར་གསུངས་སོ། །དེ་འདྲ་བའི་ཟུང་འཇུག་གི་སྐུ་དེས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་སྤྲུལ་པ་དུ་མ་ཞིག་མཛད་ལ། སྤྲུལ་སྐུའི་ཟུང་འཇུག་གཅིག་ཀྱང་བྱས་ནས་ཟུང་འཇུག་གི་སྐུ་ལ་སྐུ་གཉིས་ཀྱི་རྣམ་བཞག་བྱས་ན་ལེགས་སོ། །ཚེ་འདིར་སྤྱོད་པ་བྱེད་པ་མ་བྱུང་བས་བར་དོར་མཆོག་འགྲུབ་ཚུལ་དང་། ལམ་གཞན་གྱི་མཐར་ལམ་འདིའི་འོད་གསལ་དང་ཟུང་འཇུག་གི་རིམ་པ་བསྐྱེད་ནས་འཚང་རྒྱ་ཚུལ་སོགས། ས་དང་ལམ་དང་འབྲས་བའི་རྣམ་བཞག་རྒྱས་པར་ནི་གསལ་སྒྲོན་ལས་ཤེས་པར་བྱའོ། །མདོར་ན་དཔའ་བོ་དང་རྣལ་འབྱོར་མའི་དབང་ཕྱུག་བགྲང་ལས་འདས་པ་རྣམས་གང་ནས་གཤེགས་པའི་མཐར་ཐུག་པའི་ལམ་གྱི་རིམ་པ་འདིའི་དོན་ཁོང་དུ་ཆུད་པར་བྱས་ནས། ཁ་ཕྱི་ལྟར་མ་སོང་བར་ལམ་ཐུན་མོང་བ་ནས་བཟུང་སྟེ། འབྲས་བུའི་བར་རྣམས་རང་གི་རྒྱུད་ལ་བསྐོར་ཏེ། མངོན་རྟོགས་ཡིད་ལ་བྱ་བའི་རིམ་པ་ཙམ་གྱིས་ཀྱང་རྒྱུན་ལྡན་དུ་གོམས་པར་


JLD008_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། དལ་བ་ཐོབ་པའི་རྟེན་ལ་སྙིང་པོ་དམ་པ་ལོན་པ་ཡིན་ནོ། །འདི་དག་གི་ཤེས་བྱེད་མཐའ་གཅོད་རྣམས་རྒྱས་པར་ནི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་དང༌། དེའི་བཤད་པའི་རྒྱུད་ལྔ་དང༌། ཡབ་སྲས་ཀྱི་བསྐྱེད་རྫོགས་ཀྱི་གཞུང་ཕྲན་ལྔ་དང༌། རྒྱུད་ཀྱི་རྒྱ་ཆེར་བཤད་པ་འགྲེལ་པ་སྒྲོན་མ་གསལ་བ་དང༌། དེའི་འགྲེལ་བཤད་ལྔ་དང༌། མདོར་བྱས་དང་རིམ་ལྔའི་འགྲེལ་པ་དགུ་དང༌། རྒྱུད་ཕྱི་མ་དང་རྡོ་རྗེ་འཕྲེང་བའི་འགྲེལ་པ་གཉིས་དང་བཅས་པ་ལ་ཡུན་རིང་དུ་ལེགས་པར་སྦྱངས་ཤིང༌། མར་འགོས་ཀྱི་གདམས་ངག་ཀུན་ལ་འདྲིས་པར་བྱས་ནས་སྦྱར་བ་ངོ་སྤྲོད་རིམ་ལྔའི་གནད་ཐམས་ཅད་གསལ་བའི་སྒྲོན་མེ་ལས་ཤེས་པར་བྱའོ།། ༑ །།གསུང་རབ་མཐར་ཐུག་དཔལ་ལྡན་འདུས་པའི་དོན། །དགོངས་འགྲེལ་མཐར་ཐུག་ཀླུ་སྒྲུབ་ཀྱིས་བཀྲལ་བའི། །ལམ་གྱི་མཐར་ཐུག་རིམ་པ་ལྔ་ཡི་ཁྲིད། །འཆད་ཚུལ་མཐར་ཐུག་འདི་འདྲས་བཤད་པ་འདི། །ཡབ་སྲས་གཞུང་ལ་ལེགས་པར་སྦྱངས་པ་ཡིས། །རྩ་རྒྱུད་བཤད་རྒྱུད་ལེགས་པར་མ་འབྱོར་ཞིང༌། །ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་དམན་པ་ཡིས། །ཡང་དག་ལམ་དང་ལྟར་སྣང་མི་ཕྱེད་པས། །རིང་དུ་འབད་ཀྱང་ཇི་བཞིན་མི་ཤེས་པར། །མཐོང་ནས་གསོལ་བ་རིང་དུ་བཏབ་པའི་ཚེ། །འདོད་པའི་མཚན་མ་བརྟན་པོ་རྙེད་པ་ན། །རང་དང་གཞན་གྱི་དོན་དུ་བདག་གིས་སྦྱར། །ཚུལ་དེར་འབད་ལས་ཐོབ་པའི་བསོད་ནམས་དེས། །ལམ་བཟང་འདི་དང་ནམ་ཡང་མི་འབྲལ་ཞིང༌། །བསྟན་པའི་སྙིང་པོ་ཡུན་རིང་གནས་པ་དང༌། །དེར་བརྩོན་འདོད་པ་ཡིད་བཞིན་འགྲུབ་པར་ཤོག །


JLD008_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ཅེས་བྱ་བ་འདི། སྔོན་གྱི་བླ་མ་རྣམས་ཀྱིས་ཁྲིད་ཡིག་ཁ་འཐོར་བ་མང་དུ་མཛད་པ་རྣམས་ཕྱོགས་གཅིག་ཏུ་སྒྲིགས་ཏེ། རྒྱུད་དང་ཡབ་སྲས་ཀྱི་གཞུང་གིས་གསལ་དུ་བཏང་དགོས་པ་རྣམས་ཁ་བསྐངས་ནས་གནད་ཀྱི་དོན་རྣམས་རྫོགས་པར་དཔལ་གསང་བ་འདུས་བའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི། གསང་བ་འདུས་པའི་ཚུལ་ལ་སྦྱངས་པ་དཀའ་བཞི་པ་རིན་ཆེན་དཔལ་ལོ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། །།མངྒ་ལཾ།། །།


previousརྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད།next