Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
རབ་གནས་རྒྱས་པའི་ཟིན་བྲིས།
  expand section
   


 
previousརབ་གནས་རྒྱས་པའི་ཟིན་བྲིས།next

རབ་གནས་རྒྱས་པའི་ཟིན་བྲིས།


JLD008_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་རྒྱས་པའི་ཟིན་བྲིས་བཞུགས་སོ། །


JLD008_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རབ་གནས་ཀྱི་སྤྱིའི་སྡོམས་ནི། རབ་གནས་བྱས་པའི་ཕན་ཡོན་དང༌། །མ་བྱས་ཉེས་དམིགས་བྱེད་པ་པོ། ། བྱ་བའི་གནས་དང་དུས་དང་ཡུལ། །ཆོ་ག་རབ་གནས་སྤྱི་ཡི་སྡོམས། །རྒྱས་འབྲིང་བསྡུས་པའི་དབྱེ་བ་ཡིས། །རབ་གནས་ཆོ་ག་གསུམ་དུ་འདོད། །དཀྱིལ་འཁོར་དག་ཏུ་མ་ཞུགས་ལ། །དབང་བསྐུར་བ་ནི་བཀག་ཕྱིར་དང༌། །དབང་རྣམས་བསྐུར་བ་འབྲིང་བསྡུས་ལ། །མེད་ཕྱིར་མདུན་བསྐྱེད་དཀྱིལ་འཁོར་ནི། །རྒྱས་ལས་གཞན་ལ་མི་དགོས་སོ། །འོན་ཀྱང་རྒྱས་དང་འབྲིང་པོ་གཉིས། །ཁྲུས་ལ་སོགས་པ་འདྲ་བའི་ཕྱིར། །འབྲིང་ལ་བུམ་པ་ལྷག་གནས་བྱ། །ཞེས་པ་རྣམས་ཏེ། དེ་ལ་རབ་གནས་བྱས་པའི་ཕན་ཡོན་དང༌། མ་བྱས་པའི་ཉེས་


JLD008_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནི། སྦྱིན་བདག་ལ་སོགས་པའི་བསོད་ནམས་སྤེལ་བ་དང༌། གཞན་དག་དད་པ་ལ་སོགས་པའི་དོན་དུ་ཡིན། རབ་གནས་ཀྱི་རྒྱུད་ལས། སྐྱེ་བོ་རབ་ཏུ་དད་པ་ཡིས། །བྱེད་པའི་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་བྱ་བ་དང༌། བདེ་མཆོག་འབྱུང་བ་ལས་ཀྱང༌། ཇི་ལྟར་རབ་ཏུ་མི་གནས་ལྷ། །རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དད་པས་གསོལ་གདབ་པའི། །བསོད་ནམས་ཕྱིར་ནི་བྱ་བ་ཡིན། །ཞེས་སོ། །རབ་གནས་མ་བྱས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན་གྲུབ་པ་ཙམ་གྱིས་ཕྱག་མཆོད་ཀྱི་ཡུལ་དུ་འོས་ཏེ། དམ་ཆོས་པདྨ་དཀར་པོ་ལས། བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་ལ་ལྕགས་ཀྱི་སིལ་ཁྲོལ་བརྡུང་བཅུག་དང༌། །ཆུ་ལ་བརྡབས་


JLD008_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐལ་མོ་བརྡབས་པ་དང༌། །ཡིད་དུ་འོང་ཞིང་སྙན་པའི་གླུ་བླངས་དང༌། །རིང་བསྲེལ་དེ་དག་རྣམ་མང་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །འཁྲུགས་གཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང༌། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང༌། །ཞེས་བྱ་བ་དང༌། བཤེས་སྤྲིངས་ལས་ཀྱང༌། ཇི་ལྟར་བདེ་བཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། ཅེས་བྱ་བ་དང་། ཡུམ་གྱི་གླེགས་བམ་ལ་སོགས་པ་གྲུབ་ཙམ་ཉིད་ནས་མཆོད་པའི་གནས་སུ་བཤད་པའི་ཕྱིར་དང་། འདུལ་བ་ལུང་ལ་སོགས་པ་མཚན་ཉིད་ཀྱི་ཐེག་པ་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེང་པ་དང༌། །མཆོད་པ་སོགས་བྱས་པས་ཕན་ཡོན་མཐའ་ཡས་ཐོབ་པར་གསུངས་ཀྱང༌། རབ་གནས་མ་གསུངས་པའི་ཕྱིར་རོ། །དེས་ན་རབ་གནས་མ་བྱས་པ་ལ་ཉེས་དམིགས་གསུངས་པ་ནི། རབ་ཏུ་གནས་པའི་བསོད་ནམས་མི་ཐོབ་པ་ལ་དགོངས་པ་འདྲའོ། །གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་ནི། དེ་ཉིད་བཅུ་ཤེས་ཤིང་དམ་ཚིག་དང་སྡོམ་པ་དག་པ། མཐོང་བ་བརྒྱུད་པའི་སྒོ་ནས་རབ་གནས་ཆོ་ག་ལ་མཁས་ཤིང་བྱང་བས་བྱའོ། །དེ་ཉིད་བཅུ་ནི། དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟང་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་སྲེག་དེ་བཞིན་མཆོད། །ལས་ཀྱི་སྦྱོར་བ་ཉེར་བསྡུ་བ། །དེ་ལྟར་དེ་ཉིད་བཅུ་ཤེས་ཤིང༌། །ཞེས་སོ། །གང་རབ་ཏུ་གནས་བྱའི་རྟེན། སྐུ་གསུང་ཐུགས་ཀྱི་རྟེན་བརྡུངས་པ་དང་། བྲིས་པ་དང༌། འབུར་དུ་བྱས་པ་ལ་


JLD008_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མཚན་ཉིད་དང་ལྡན་པ་དང༌། གཙུག་ལག་ཁང་དང༌། བགྲང་ཕྲེང་དང༌། རྡོར་དྲིལ་དང༌། རྫིང་དང༌། སྐྱེད་མོས་ཚལ་ལ་སོགས་པ་སྟེ། ཇི་སྐད་དུ། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རོ་ཡི་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང༌། །དེ་འདྲ་རབ་ཏུ་གནས་པར་འགྱུར། ཞེས་སོ། །རྟེན་ལ་རིང་བསྲེལ་བཞུགས་པའི་ཚུལ་ནི། གཟུངས་རྣམས་ཆོས་སྐུའི་རིང་བསྲེལ་དུ་གསུངས་པས། རྟེན་གྱི་ནང་དུ་གཞུག་བྱའི་གཙོ་བོ་ཡིན་ལ། དེའང་རྒྱུད་སྡེ་བཞིའི་རིམ་པ་བཞིན་གཞུག་ཅེས་གསུངས་སོ། །གང་གི་ཚེ་བྱ་བའི་དུས་ནི། སྤྱིར་རབ་གནས་བྱར་རུང་བའི་དུས་ཟླ་བ་དྲུག །གཟའ་བཞི། སྐར་མ་བཅུ་བཞི། ཚེས་གྲངས་བདུན་རྣམས་ལ་རུང་སྟེ། ཇི་སྐད་དུ། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང་། །དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ། །དབྱར་ར་དེ་བཞིན་དབྱར་འབྲིང་པོ། །ཉི་མ་བྱང་དུ་གནས་པ་ཡི། །དཀར་པོའི་ཕྱོགས་ཀྱི་གཉིས་པ་འམ། །དེ་བཞིན་དེ་ལྟར་གསུམ་པའམ། །གང་ཚེ་བཟའ་དང་ཚེས་མཐུན་ན། ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། །གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་ཡུན་དུ་འཕེལ་བར་བྱེད། །བཅོ་ལྔ་དེ་བཞིན་བརྒྱད་པ་དང༌། །བཅུ་གསུམ་པ་ཡང་དེ་བཞིན་ནོ། །གནམ་སྟོང་དང་ནི་དེ་བཞིན་དུ། །བཅུ་བཞི་པ་ལའང་བྱ་བ་ཡིན། །ཐམས་ཅད་དུ་ནི་ཆུ་སྟོད་དང༌། །སྣར་མ་གྲོ་བཞིན་དེ་བཞིན་དབོ། །ལག་པ་སྣུབ་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དག་ཀྱང་དེ་བཞིན་དུ། །རྒྱུ་སྐར་འདི་


JLD008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་དུ། །སྐྱེད་དགུ་འཕེལ་ཞིང་དེ་ཡིས་ནི། །རབ་ཏུ་གནས་པ་མཆོག་ཏུ་བྱེད། །སྐར་མ་དབོ་ལ་རབ་གནས་བྱ། །དེས་ནི་ཤེས་རབ་ཆེན་པོར་འགྱུར། །ཡིད་ལ་འདོད་པ་ཅི་ཡང་རུང༌། །དངོས་གྲུབ་མེ་བཞིས་སྟེར་བར་འགྱུར། །ལུང་ལས་ཤེས་པའི་ཡང་དག་པ། །སྣྲུབས་སམ་ཡང་ན་གྲོ་བཞིན་གྱིས། །ལག་གིས་སྐལ་བཟང་སྣར་མས་ནི། །གཞན་དག་ལས་ནི་རྒྱལ་བར་བྱེད། །མགོ་ཡིས་ཞི་བ་ཉེ་བར་སྟོན། །ཆུ་སྟོད་ཆུ་སྨད་བུ་འཕེལ་གྱུར། །རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས། །རྒྱལ་གྱིས་རྟག་པ་ཚེ་རིང་འགྱུར། །སྣྲོན་གྱིས་མཆོག་ཏུ་བདེ་བ་བྱེད། །ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར། །ཕུར་བུ་ལག་དང་པ་བ་སངས། །ཟླ་བའི་གཟའ་སོགས་ཤེས་བྱས་ཏེ། །འདི་རྣམས་བཟང་ལྡན་ལ་བྱས་ན། །རབ་ཏུ་གནས་པ་མཆོག་ཏུ་དགེ། གསུམ་པ་དྲུག་པ་བདུན་པ་དང༌། །བཅུ་དང་བཅུ་གཅིག་ལ་ཟླ་བ། །གཉིས་པ་བཞི་པ་དེ་བཞིན་བརྒྱད། །བཅུ་དང་བཅུ་གཅིག་རྣམས་ལ་ལྷག །གཉིས་དང་བདུན་དང་དེ་བཞིན་དགུ། དེ་བཞིན་ཕུར་བུ་བཅུ་གཅིག་པ། །དུས་སྦྱོར་བཞི་པ་ལ་བརྟེན་ནས། །དེ་ལ་ལྷག་པར་གནས་པར་བྱ། །དྲུག་བདུན་བཅུ་པ་དོར་བ་ཡི། །པ་བ་སངས་ཉིད་དགེ་བ་ཡིན། །དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱི། །སྟོབས་ལྡན་མེ་ལྡན་དེར་ཤེས་བྱ། །གང་ཚེ་ཞི་བའི་གཟའ་རྣམས་དང༌། །ཞི་རྣམས་ཞི་བ་དགེ་བ་ཡིན། །དང་པོ་གསུམ་པ་བདུན་པ་ནི། །ནོར་རྣམས་འཇོམས་པས་སྤང་པར་བྱ། །རྗེས་སུ་མཐུན་པར་བྱེད་པ་པོས། །སྐད་ཅིག་དེ་ལ་ཡོངས་གྲུབ་ཅིང༌། །ཇི་ལྟར་གསུངས་བཞིན་ཀུན་


JLD008_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། །རབ་ཏུ་གནས་པ་མཆོག་འགྱུར་ཞིང༌། །འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་ལ་ཁྱད་པར་དགུན་འབྲིང་དང་དཔྱིད་འབྲེང་འཁོར་ལོས་སྒྱུར་རྒྱལ་དང༌། སངས་རྒྱས་ཀྱིས་དབང་བསྐུར་བའི་དུས་ཡིན་པས་མཆོག་ཏུ་ཤིས་ལ། གཞན་རྣམས་ལ་པ་བ་སངས་དང་ཕུར་བུ་ཉི་མ་ལ་མ་ཞུགས་པའི་འཆི་སྦྱོར་དང༌། སྲེག་ཚེས་དང་། པིཥྟི་སྤངས་པའི་གཟའ་སྐར་སྦྱོར་ཚེས་བཟང་པོ་རྫོགས་པའི་ཉི་མའི་དུས་སྦྱོར་བཟང་པོ་ལ་བྱའོ། །དེ་ལྟ་མིན་ན། སྤྱི་རྒྱུད་ལས། ཚེས་གྲངས་ངན་དང་དུས་མིན་དང༌། །གནས་མིན་ཆོ་ག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་འདྲིའོ། །བྲིས་ན་དོགས་པ་མེད་པར་འཆི། །ཞེས་གསུངས་པའི་ཕྱིར་ངན་པ་རྣམས་སྤང་ངོ་། །སློབ་དཔོན་མི་མཐུན་ཕྱོགས་ཟིལ་གྱིས་གནོན་ནུས་པའི་ཏིང་ངེ་འཛིན་དང་ལྡན་པ་ཡིན་ན། དུས་ཐམས་ཅད་དུའང་རབ་གནས་བྱ་བར་གསུངས་ཏེ། གུར་ལས། རྟག་ཏུ་སངས་རྒྱས་རབ་གནས་བྱ། །ཟིན་པའི་དེ་མ་ཐག་པ་རུ། །རབ་ཏུ་གནས་པ་མཆོག་ཏུ་འགྱུར། །ཞེས་དང༌། དེ་ལ་གཟའ་དང་རྒྱུ་སྐར་མེད། །བགེགས་དང་ལོག་པར་འདྲེན་པ་མེད། །ཅུང་ཟད་ཡིད་ལ་གང་འདོད་པ། །སྐྱེ་ནས་སྐྱེ་བར་འགྲུབ་པར་འགྱུར། །ཞེས་སོ། །ངེས་པའི་དོན་གྱི་དབང་དུ་བྱས་ནས་ཀྱང་རབ་གནས་དུས་ཐམས་ཅད་དུ་བྱ་ཞེས་ཁ་ཅིག་གསུང་ངོ་། །གང་དུ་རབ་ཏུ་གནས་པར་བྱ་བའི་གནས་ནི། སྤྱིར་བཀྲ་ཤིས་ཤིང་ཞི་རྒྱས་ཀྱི་ལས་ལ་བསྔགས་པའི་གནས་ཡིད་


JLD008_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེས་སུ་མཐུན་པར་བྱ་ཞིང༌། ཁྱད་པར་རྟེན་ཆེན་པོ་སྤྱན་དྲང་དུ་མི་བཏུབ་པ་ཡིན་ན། དེའི་དབང་ལྡན་གྱི་ཕྱོགས་སམ། གང་ཤིས་པ་བདེ་བའི་ཕྱོགས་སུ་བྱ་སྟེ། གནས་ནི་ཉམས་དགའ་འདུ་འཛི་མེད། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །ཞེས་སོ། །ཡང་ཐོག་ལ་སོགས་པའི་གནས་རྙིང་པ་ལ་ནི་སའི་ཆོ་ག་ནི་དགོས། དེ་ལས་གཞན་ལ་ནི་ས་ཆོག་ལ་སོགས་པ་གཞུང་གཞན་ནས་གསུངས་པ་ལྟར་ལེགས་པར་བྱའོ། །ཆོ་ག་ནི། རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་རྒྱུད་དང་བསྟན་བཅོས་ལས་གསུངས་པ་བཞིན་དུ་བསྒྲུབས་ན་ཕན་ཡོན་ཆེན་པོ་འབྱུང་གི་རང་དགའི་ཆོ་གས་མི་འགྲུབ་སྟེ། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེས་ན་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་སོ། ཆོ་ག་འབྲིང་པོ་དང་བསྡུས་པ་ལ་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བ་མི་དགོས་པས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མི་བྱ་ལ། རྒྱས་པ་ལ། པོ་ཏི་ལ་སྣང་བ་མཐའ་ཡས་གཙོ་བོར་བྱས་པའི་དཀྱིལ་འཁོར་དང༌། གཙུག་ལག་ཁང་དུ་མཆོད་རྟེན་ལ་སོགས་པ་ལ་རྣམ་སྣང་གཙོ་བོར་བྱས་པ་དང༌། མི་བསྐྱོད་པ་གཙོ་བོའམ་རྡོར་སེམས་གཙོ་བོ་ལ་ནི། སྐུ་གཟུགས་ཐམས་ཅད་དང༌། རིགས་མི་ཤེས་པ་རྣམས་རབ་ཏུ་གནས་པར་བྱའོ། །ཡང་ན་རབ་ཏུ་གནས་བྱའི་ལྷ་དེ་ཉིད་ཀྱི་དཀྱིལ་འཁོར་རམ་རབ་ཏུ་གནས་བྱའི་ལྷ་རྣམས་རིགས་ལྔར་འདུས་པས། དེའི་རིགས་གང་ཡིན་གྱི་དཀྱིལ་འཁོར་དང༌། སློབ་


JLD008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་རྣམས་གང་རུང་བས་བྱ་སྟེ། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། ཁ་ཅིག་ཏུ་ནི། སྐུ་གང་རབ་ཏུ་གནས་བྱ་བ། །རྒྱུད་གང་ལ་ནི་རྣམ་གནས་པ། །དེ་ལ་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། །སློབ་དཔོན་རང་གི་གང་ཡིན་པ། །དེ་ཡི་དབྱེ་བ་མཐོང་བས་བྱ། །ཞེས་སོ། །བདག་བསྐྱེད་བསྒོམ་པའི་དབྱེ་བའང་དེ་བཞིན་དུ་ཤེས་པར་བྱའོ། །རྒྱས་པ་དང་འབྲིང་པོ་ལ་བུམ་པ་ལྷག་གནས་བྱ་བའི་ཚུལ་ནི། གསང་འདུས་མི་བསྐྱོད་པ་ལྟ་བུ། ཕྱོགས་བཞི་དང་མཚམས་བཞི་ཀུན་ཏུ་ལྷ་གནས་པ་ཡིན་ན། བུམ་པ་མཚན་ཉིད་དང་ལྡན་པ། ཁ་རྒྱན་དང༌། བཅུད་ལ་སོགས་པ་སྤྱི་དང་མཐུན་པར་བཤམ་པ་བཅུ་བཤམ་སྟེ། དབུས་ཀྱི་བུམ་པའི་ནང་དང༌། དེའི་མཚན་མའི་གནས་སུ་གཙོ་བོ་ཡབ་ཡུམ་དེ་བཞིན་དུ་ཤར་གྱིས་བུམ་པར་ཤར་གྱི་ལྷ་རྣམས་ཤར་ལྷོའི་བུམ་པར་ཤར་ལྷོའི་ལྷ་རྣམས་ཆོ་ག་གསུམ་གྱིས་བསྐྱེད་པ་ནས། བྱང་ཤར་གྱི་བུམ་པར་བྱང་ཤར་གྱི་ལྷ་རྣམས་ཆོ་ག་གསུམ་གྱིས་བསྐྱེད་ནས་ལས་བུམ་དུ་བདུད་རྩི་འཁྱིལ་པ་སོགས་ལས་ཐམས་ཅད་པ་བསྐྱེད་དེ། དབང་བསྐུར་རྒྱས་གདབ་བཟླས་པ་ལ་སོགས་རང་རང་གི་གཞུང་བཞིན་བྱའོ། །བཟླས་པའི་དམིགས་པ་ནི། ལྷ་རང་རང་གི་ཐུགས་ཀའི་ས་བོན་ལ་བསྐོར་བའི་སྔགས་འཕྲེང་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བུམ་པའི་ཆུ་ལ་ཐིམ་པར་བསམ་པའོ། །བསྡུ་ན་བུམ་


JLD008_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་སམ་གཅིག་ཏུའང་ལྷག་གནས་དེ་ལྟར་བྱའོ། །འདིར་ཁ་ཅིག་ལྷའི་བུམ་པར་ལྷ་རྣམས་བསྐྱེད་ནས་བཟླས་པ་སོགས་བྱ། ཁྲུས་བུམ་བརྒྱད་དུ་ལྷ་མི་བསྐྱེད་པར་དྲིའི་བུམ་པ་ལ། ཨོཾ་གེནྡྷ་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དང༌། དེ་བཞིན་དུ་གནྡྷེའི་གནས་སུ་མངར་གསུམ་གྱི་ལ་དྲི་མ་དྷུ་དང༌། ཞོ་ཡི་ལ་ད་དྷི་དང༌། འབྲས་བུའི་ལ་ཕ་ལ་དང༌། འབྲུའི་ལ་བྲུ་ཧི་དང༌། འབྲས་ཡོས་ཀྱིས་ལ་བྫ་དང༌། སྨན་གྱི་ལ་ཨོ་ཥ་དྷི་དང༌། རིན་པོ་ཆེའི་ལ་མ་ཎི་རྣམས་བཅུག་ལ་ཉི་ཤུ་རྩ་གཅིག་རེ་བཟླ། ཐུན་མོང་དུ་གཙུག་ཏོར་རྣམ་རྒྱལ་དང༌། གཙུག་ཏོར་གཞན་གྱིས་མི་ཐུབ་པ་དང་། བཀྲ་ཤིས་ཞི་བའི་སྔགས་རྣམས་བཟླས་སོ། །ཞེས་གསུངས་སོ། ། དྲི་མ་བཀྲུ་བའི་ཁྲུས་བུམ་བརྒྱད་བྱེད་ན། རང་རང་གི་བུམ་པའི་མིང་དང་མཐུན་པའི་དྲི་དང༌། མངར་གསུམ་ལ་སོགས་པའི་རྫས་རྣམས་བུམ་པའི་ནང་དུ་གཞུག་གོ། རབ་གནས་རྒྱས་པ་ལ་སྟ་གོན་དང༌། དངོས་གཞི་དང༌། མཇུག་གི་ཆོ་ག་གསུམ་ལས། དང་པོ་སྡོམས་ནི། རྟེན་བསྐྱེད་པ་དང་དཀྱིལ་འཁོར་གཞུག །ཁྲུས་སྟེགས་བརྒྱན་ཞིང་ཁྲུས་དཀྱིལ་འདྲི། །སྟན་ལ་རྟེན་བཞག་ཆུ་བཞི་དབུལ། །གཏོར་མ་ཡུངས་ཆུ་ཁམ་ཕོར་ལྕི། །ཟན་ཆང་རས་ཀྱིས་བྱབས་ནས་ནི། ཉེ་རེག་མཆོད་བདུག་སྦྱང་བའོ། །སྙན་མནན་བདུད་རྩི་བ་བྱུང་ཆུ། །ཤིང་ཤུན་འབྲུ་མར་སྐྱུ་རུ་ར། །ཡུང་བ་དྲི་ལྔའི་ཕྱེ་མ་རྣམས། །རུང་སྔོན་པིར་གྱིས་བྱུགས་ནས་སུ། །ལྷ་རྣམས་སྤྱན་དྲངས་བཀྲ་ཤིས་གླུ། །སྔོན་བྱས་ལྷ་ཡི་བུམ་པའི་ཆུས། །


JLD008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ་དབྱི་དྲི་དང་གོས་རྒྱན་ཁྲུས། །ལྷ་རྣམས་སྤྱན་དྲངས་མཆོད་གསོལ་གདབ། །མཆོད་ཕྱག་བསྟོད་གཤེགས་སྙན་གསན་ནོ། །གནས་ལྔར་དྲི་བྱུག་མཆོད་ནས་ནི། །ལག་པས་རེག་ཅིང་སྔགས་བཟླས་བསྲུང༌། །གཏོར་མ་བཏང་བ་སྟ་གོན་ནོ། །དེ་ལ་རྟེན་བསྐྱེད་པ་ནི། ལས་ཐམས་ཅད་པའི་སྔགས་དང་དེའི་བུམ་པའི་ཆུས་བསངས། ཤཱུ་ནྱ་ལ་སོགས་པས་སྟོང་པར་སྦྱངས་པའི་རྗེས་སུ་སྟོང་པའི་ངང་ལས་པོ་ཏི་རྣམས་པདྨ་དང་ཉི་མའི་སྟེང་དུ་ཧྲཱིཿ དམར་པོ་ལས་བྱུང་བའི་པདྨ་ཧྲཱིཿས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་སྣང་བ་མཐའ་ཡས་གོས་དཀར་མོས་འཁྱུད་པ་དེ་ཡོངས་སུ་གྱུར་པ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་གཟུགས་བརྙན་དུ་ཤར་བའི་ཡིག་འབྲུར་བསམ། མཆོད་རྟེན་དང་གཙུག་ལག་ཁང་ལ་སོགས་པ་རྣམས་པདྨ་དང་ཟླ་བའི་སྟེང་དུ་བྷཱུཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་པར་སྣང་མཛད་སྤྱན་མས་འཁྱུད་པ་དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་ཡབ་ཡུམ་གཟུགས་བརྙན་དུ་ཤར་བའི་མཆོད་རྟེན་དང་གཙུག་ལག་ཁང་ལ་སོགས་པར་བསམ། དེ་ལས་གཞན་པའི་རྟེན་ངོ་ཤེས་པ་རྣམས་རང་རང་གི་གདན་གྱི་སྟེང་དུ་རང་རང་གི་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་རང་རང་གི་སྐུར་བསྐྱེད། ངོ་མ་ཤེས་པ་དང༌། བསྐྱེད་ཆོག་མི་ཤེས་པ་རྣམས་ཆོ་ག་གསུམ་གྱིས་རྡོ་རྗེ་འཆང་གི་སྐུར་བསྐྱེད་པའམ། ཡང་ན་འདུས་པར་བསྐྱེད་ལ། གོས་སར་པ་དམར་པོ་ལ་སོགས་པས་གཡོག་ཅིང་མེ་ཏོག་དང་ལྡན་པར་རོ། །


JLD008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བརྟན་པ་ནི། ཨོཾ་ཏཥྛི་བཛྲ་ཧོཿ ཞེས་བརྗོད་ཅིང་རབ་ཏུ་གནས་བྱའི་ལྷ་རྣམས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ། ཨོཾ་སྥ་ར་ཎ་བཛྲ་ཧོཿ ཞེས་བརྗོད་ཅིང་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱིས་དཀྱིལ་འཁོར་པ་ལ་མེ་ཏོག་དོར་བར་བསམ་ཞིང་སྔར་གཡོགས་པའི་གོས་བསལ། དེའང་ཆོ་ག་རྣམས་དཀྱིལ་འཁོར་གྱི་གཙོ་བོས་མཛད་པར་བསམས་ལ་དངོས་སུ་སློབ་དཔོན་རང་གིས་བྱ་ཞིང༌། ཆས་སུ་ཞུགས་པ་ནས་ལྷ་ངོ་བསྟན་པའི་བར་ཇི་ལྟར་རིགས་པའམ། ཡང་ན་མེ་ཏོག་དོར་བ་ནས་ལྷ་ངོ་བསྟན་པའི་བར་རམ། ཡང་ན་མེ་ཏོག་དོར་བ་མེད་པར་སློབ་མ་དཀྱིལ་འཁོར་དུ་འཇུག་པ་བཞིན་དུ་དཀྱིལ་འཁོར་དུ་འཇུག་པའི་སྐོར་ཅི་རིགས་པ་རྣམས་བྱའོ། །མེ་ཏོག་དོར་བ་མེད་ན་ལྷ་ངོ་བསྟན་མི་དགོས་སོ། །ཁྲུས་སྟེགས་བརྒྱན་ཅིང་བྲི་བ་ནི། ཡོངས་སུ་བརྟགས་པ་དེ་སྦྱངས་པའི་གནས་སུ་ཙནྡན་ལ་སོགས་པའི་ཆུ་ལ་ལས་ཐམས་ཅད་པ་བཟླས་པས་བྱུག། ཨ་ཀ་རུ་ལ་སོགས་པའི་དྲི་བཟང་པོས་བྱུག་ཅིང༌། མེ་ཏོག་སིལ་མ་བཀྲམ་པི་ཝང་དང༌། གླིང་བུ་དང༌། རྫ་རྔ་ལ་སོགས་པའི་རོལ་མོའི་ཆ་བྱད་དང་། འོག་ཏུ་དགོས་པའི་ཚོགས་ཆས་རྣམས་ལེགས་པར་བསགས་སྔར་རབ་གནས་བྱས་པའི་རྟེན་བྱིན་རླབས་ཅན་བཞུགས་སུ་གསོལ། དེའི་ཕྱོགས་གཅིག་ཡིད་དུ་འོང་བའི་གནས་སུ་ས་སེལ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ས་ལས་བྱས་པའམ། སོ་ཕག་ལ་སོགས་པའི་ལས་བྱས་པའི་ཁྲུས་སྟེགས་གྲུ་བཞི་པ། རྒྱར་ཁྲུ་བཞི་པ། དཔངས་སུ་ཁྲུ་གཅིག་གམ་གཉིས་ཡོད་པ་བྱ། དེའི་དབུས་སུ་སྒོ་ནུབ་ཏུ་བསྟན་པའི་རེ་ཁཱ་གྲུ་བཞི་པ་ཞིག་གིས་


JLD008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའི་སྣ་ཚོགས་པདྨ་འདབ་བརྒྱད་རྡུལ་ཚོན་ལ་སོགས་པས་བྲིའོ། །ཡང་ན་རྟ་བབས་མེད་པའི་སྒོ་ནུབ་ཏུ་བསྟན་པའི་གྲུ་བཞི་པའི་དབུས་སུ་ཆུད་པའམ། ཡང་ན་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་གྲུ་བཞི་པ། སྒོ་བཞི་པ། རིམ་པ་གཉིས་པ། རྟ་བབས་མེད་པ་སྟེ། སྣམ་བུའི་ཤར་ལ་སོགས་པའི་ཕྱོགས་བཞིར། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི། མཚམས་བཞིར། ཡུམ་བཞིའི་མཚན་མ་དང༌། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་འབྲིའོ། །བུམ་པ་བསྒྲུབ་པའི་ཚེ་བུམ་པ་རྣམས་པདྨའི་ལྟེ་བ་དང་འདབ་མ་རྣམས་ལ་བཞག་ལ་ཕྱིས་ཁྲུས་གསོལ་བའི་ཚེ་པད་འདབ་ཀྱི་ཕྱི་རོལ་ཏུ་བཞག་གོ། དེ་རྣམས་ཀྱི་སྟེང་དུ་བླ་བྲེ་བྲེས་ཤིང་གོས་ཟུང་དང་དྲིལ་བུ་གཡེར་ཁ་དཔྱངས་པ་ལ་སོགས་པས་ཁྲུས་སྟེགས་བསྐོར། ཁྲུས་སྟེགས་རྩིག་པ་མ་གྲུབ་ན། རྡུལ་ཚོན་གྱིས་སྔར་ལྟར་འབྲིའོ། །མདོར་ན་ཁྲུས་དཀྱིལ་གསུམ་གང་བྲིའང་ནང་དུ་སྣ་ཚོགས་པདྨ་དེའི་ཕྱི་རོལ་ཏུ་ལྷ་སྣམ་དེ་གཉིས་ཀྱི་བར་དུ་རེ་ཁས་བཅད་པ་འབྲིའོ། །གང་ཡང་མ་གྲུབ་ན་ནི་བསྒོམས་པས་ཀྱང་ཆོག་གོ། སྟན་ལ་རྟེན་བཞག་ཆུ་བཞི་དབུལ་བ་ནི། དེ་ནས་ཟླ་བའི་དཀྱིལ་འཁོར་བྲིས་པའི་རས་ལ་སོགས་པ་ཁྲུས་དཀྱིལ་གྱི་པདྨའི་སྟེང་དུ་བཞག་པའམ། བཞག་པར་མོས་ལ། རྟེན་སྤྱན་དྲང་དུ་རུང་བ་རྣམས་དེའི་སྟེང་དུ་བཞུགས་སུ་གསོལ་ལ་ཆི་བཞི་དབུལ་ལོ། །རྒྱས་པ་ལ་མོས་ན། ཁྲོ་བོ་སྤྱན་དྲང་པ་ནས་བསྟོད་པའི་བར་རྣམས་བྱ་སྟེ། དེའི་ཚུལ་ཡང༌། ཧཱུཾ། ཡི་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །


JLD008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་ཚོགས་རྣམས་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿ ཧཱུཾ། ཞེས་མཆོད་ཡོན་དང་དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་རྣམས་ཀྱིས་མཆོད། །ཧཱུཾ། ཆོས་ཉིད་སྟོང་པ་གཉིད་མེད་དང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པའི། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །


JLD008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །འགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །དེ་ནས་གཏོར་མ་རང་རང་གི་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབས་ཏེ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་བཀུག་པར་གྱུར། ཨོཾ་སརྦ་བིགྷྣཱན་ན་ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང་། རྗེ་བཙུན་བླ་མ་རྣམས་ཀྱི་བདེན་པ་དང༌། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང་། སྙིང་པོ་དང༌། ཕྱག་རྒྱ་དང་། གསང་སྔགས་དང༌། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ཀྱི་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སུང་མ་རྣམས་ཀྱི་བདེན་པ་དང༌། བདེན་པའི་བྱིན་གྱི་རླབས་ཀྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་


JLD008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཡང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་ཞི་བའི་སེམས་དང་ལྡན་པས་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་རྣམ་པ་བརྒྱར་འགས་པར་འགྱུར་རོ། ཞེས་བརྗོད་དེ། ཧཱུཾ་བཞི་པ་བཟླས་ཤིང་ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་བཙོ་མས་པར་བསམ་གཏོར་མ་རྟེན་ལ་ཕྱིར་བསྐོར་ཏེ། ཕྱིར་དོར་ལ་གུ་གུལ་གྱི་དུད་པས་བདུག་ཡུངས་ཀར་གྱིས་བྲལ། ཚམ་རྔམ་དང་རོལ་མོའི་སྒྲ་དྲག་ཏུ་བྱའོ། །དེ་ནས་ཡུངས་ཀར་དང་ཆུ་དང་ཁམ་ཕོར་དཀར་པོ་དང་རྩྭ་དུ་རྦའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆང་བུ་དང་། ཟན་ཆང་དང་། སེང་རས་རྣམས་ལ་ཨོཾ་ཨཱཿ་བིགྷྣཱནྟ་ཀྲྀཏ་དྷཱུཾ་དང་ཧཱུཾ་ལན་བདུན་བཟླས་ལ། ཡུངས་ཀར་ལག་པ་གཡས་གཡོན་གྱི་ཁུ་ཚུར་གྱིས་བཟུང་ནས་སོ་སོར་ལན་གཉིས་གཡོན་དུ་བསྐོར་ཞིང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་ཡུངས་ཀར་མེར་དོར། དེ་བཞིན་དུ་གཡས་སུ་བསྐོར་ནས་ཀྱང་དོར་རོ། །དེ་ནས་ཆུ་ནས་སེང་རས་ཀྱི་བར་རྣམས་ཀྱིས་གཡོན་དང་གཡས་སུ་བསྐོར་ནས་བྱབས་ཏེ་དོར། འོན་ཀྱང་ཁམ་ཕོར་ལ་སོགས་པ་མེར་མི་དོར་རོ། །ཁམ་ཕོར་ནས་སེང་རས་ཀྱི་བར་དྲུག་པོ་རྣམས་རེ་རེའང་བཞི་བཞི་ཚང་བར་བྱའོ། །ཡང་ན་གཡས་དང་གཡོན་དུ་པད་ཀོར་བྱ་ཞིང༌། ཨོཾ་སརྦ་ཨཱ་བར་ཎ་ཤོ་དྷ་ཡ་ས་རྦ་པཱ་བི་ཤུདྡྷ་བཛྲ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་ཡུངས་ཀར་ནས་སེང་རས་ཀྱི་བར་གྱི་རྫས་རྣམས་ཀྱིས་རིམ་པ་ལྟར་གཡོན་དང་


JLD008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་བསྐོར་བའི་མཐའ་རེ་རེར་ཡང་འཁྱུད་པའི་ཚུལ་བྱས་ལ་སྔར་བཞིན་དོར་རོ། །དེ་ནས་ལག་པ་གཡོན་པར་ཆུ་གཙང་མ་བཟུང་ལག་པ་གཡས་པའི་གུང་མོ་དང་སྲིན་ལག་གིས་ཆུ་བླངས་ཏེ། རྟེན་རྣམས་ཀྱི་ཁ། རྣ་བ། མིག། སྣ། ལག། ལྟེ། མགོ་རྣམས་སུ་རེག་ཅིང་ཉེ་རེག་བྱའོ། །དེ་ནས་གཙོ་བོའི་སྔགས་བརྗོད་ཅིང་རྟེན་རྣམས་ཀྱི་ཐུགས་ཀར་དྲི་བྱུག །མེ་ཏོག་དབུ་ལ་དབུལ་མཆོད་ཡོན་མདུན་དུ་དབུལ། མར་མེ་བསྐོར་བཞིན་པ་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པས་འཁྱིལ་པ་དང༌། ཧཱུཾ་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་བསྲེགས་པས་བདུག་པར་བྱའོ། །དེ་རྣམས་སྦྱང་བའི་རིམ་པའོ། །དེ་ནས་སྔོན་ལོངས་མ་སྤྱད་པའི་རས་བཟང་པོ་ལ་དྲི་བཟང་པོས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཞེས་པའི་ས་བོན་ལྔ་བཀོད། །ཁ་ཅིག་འདིའི་སྐབས་སུ་ལྷ་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿ་ཧཱུཾ་གསུམ་འགོད་དོ། །ཁྲུས་བུམ་ལག་ཏུ་ཐོགས་ནས་ཐམས་ཅད་འགྲེངས་ཏེ་མགྲིན་ཅིག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་ལོ། །ནག་པོ་པས། རི་བོ་ལྟར་ན་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་གནས་རིན་ཆེན་འདི་དག་ལ། །


JLD008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཁྲུས་འདི་གསོལ་བར་བགྱི། །མ་རིག་འཇོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན། །མཆོག་གི་ཡོན་ཏན་གཟུགས་ཅན་གྱི། །མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །བསྐལ་པའི་མཐའ་ཡི་དངོས་འཇོམས་པ། །འཇིགས་བྱེད་མེ་ཡི་ཆ་བྱད་ཅན། །མགོན་པོ་སྙིང་རྗེའི་སྟོབས་ལྡན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །མཆོག་ཏུ་ཚིམ་ཞིང་སྐལ་བཟང་བ། །དམ་པའི་བདུད་རྩིས་མཛེས་ཆ་བྱད། །དཔལ་ལྡན་བླ་མའི་སྐུ་འདི་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་བྱད་ལྷ་ཡི་རྣམ་པ་ནི། །སྙིང་རྗེ་ཡིས་ནི་དེས་གང་བ། །རྟག་ཏུ་ཕན་དང་བདེ་མཛད་པ། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །སངས་རྒྱས་གཟུགས་བརྙན་གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁུས་འདི་གསོལ་བར་བགྱི། །ཞེས་སྙན་མནན་ལ། བདུད་རྩི་ལྔ་ནས་དྲི་ལྔའི་ཕྱེ་མའི་བར་གྱི་རྫས་བརྒྱད། དུར་སྔོན་གྱི་པིར་དང་བཅས་པ་ལ། འཁྱིལ་པའམ་ལས་ཐམས་ཅད་པ་དང་ཧཱུཾ་ལན་བདུན་བཟླས་ཏེ། ཞོ་འོ་མ་མར་སྦྲང་རྩི་ཀ་ར་སྟེ་བདུད་རྩི་ལྔ་ཟངས་སྣོད་ན་གནས་པ་བའི་འོ་མ་ཞོ་མར་བའི་ལྕི་བ་ཆུ་སྟེ་བའི་རྣམ་ལྔ་དང༌། དྲི་


JLD008_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་པོའི་ཆུ་དང༌། ནྱ་གྲོ་དྷ་དང༌། ཨུ་དུམ་ཝ་ར་དང༌། པ་ལཀྵ་དང༌། པིསྥ་ལ་དང༌། གྷནྜ་མུ་ཏྲ་སྟེ། འོ་མ་ཅན་གྱི་ཤིང་ལྔའི་ཕྱེ་མ་འཁར་བའི་སྣོད་ན་གནས་པ་དུ་རྦའི་པིར་གྱིས་བླངས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿཞེས་བརྗོད་ཅིང་སྐུ་གཟུགས་སོགས་དངོས་སམ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བྱུག དྲི་ཞིམ་པོའི་འབྲུ་མར་དང༌། སྐྱུ་རུ་རའི་ཕྱེ་མ་དང༌། ཡུང་བའི་ཕྱེ་མ་དང༌། ཙནྡན་དཀར་དམར། ཨ་ཀ་རུ། གུར་ཀུམ། གྲན་ཐི་ཀ་སྟེ་ལྔའམ། གུར་ཀུམ། ཨ་ཀ་རུ། གླ་རྩི། ག་པུར། ཙནྡན་ཏེ་དྲི་ལྔའི་ཕྱེ་མ་རྣམས་འཁར་བའི་སྣོད་ན་གནས་པ་པིར་གྱིས་བླངས་ཏེ། ཀཱ་ཡ་བི་ཤོ་དྷ་ནེ་དང༌། ཨོཾ་ཧཱུཾ་ཏྲཱི་ཧྲིཿ ཨཱཿ ཁཾ་ཞེས་བརྗོད་ཅིང་སྔར་ལྟར་བྱུག་གོ། དེ་ནས་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གཤེགས་པ་དང་གཤེགས་མ། སེམས་དཔའ་དང༌། སེམས་མ། ཁྲོ་བོ་དང༌། ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་དཀར་པོས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་བསམས་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་


JLD008_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་བྱེད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་ཡི་ནི། །བཀྲ་ཤིས་དེས་ནི xxx། བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང༌། །རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས xxx། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང༌། །ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས xx། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོར་མཛད་པ། །བཀྲ་ཤིས༌དེས xxx། བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོང་། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་བཀྲ་ཤིས་ཀྱི་གླུ་སྔོན་དུ་བརྗོད་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ས་མ་ཡ་ཤྲི་ཡེ་ཞེས་དང་། ཨོཾ་ཨཱཿ་བཛྲ་སཏྭ་ཧཱུཾ་ཧཱུཾ་སྭཱ་ཧཱ། གཙོ་བོའི་བུམ་པས་དངོས་སམ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུའོ། །སྔགས་གཉིས་པོ་འདི་ཚིགས་བཅད་འོག་མ་བརྒྱད་ཀྱི་མཐར་ཡང་བརྗོད་དོ། །དེ་ནས་ཤར་གྱི་བུམ་པས། ཁྱོད་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་


JLD008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་བཀྲུའོ། །ཁྱོད་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོམ་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་ཤར་ལྷོའི་བུམ་པས་བཀྲུ། ཁྱོད་ནི་བཟོད་པའི་རང་བཞིན་ཆུ། །ཞེ་སྡང་དྲི་མ་སྦྱོང་མཛད་ཅིང༌། །བྱམས་པ་དྲི་ཡིས་ལེགས་བསྒོམ་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་ལྷོའི་བུམ་པས་བཀྲུ། ཁྱོད་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོམ་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་ལྷོ་ནུབ་ཀྱི་བུམ་པས་བཀྲུ། ཁྱོད་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །ཏིང་འཛིན་དྲི་ཡིས་ལེགས་བསྒོམ་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་ནུབ་གྱི་བུམ་པས་བཀྲུ། ཁྱོད་ནི་ཤེས་རབ་རང་བཞིན་ཆུ། །ཤེར་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཡེ་ཤེས་དྲི་ཡིས་ལེགས་བསྒོམ་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་ནུབ་བྱང་གི་བུམ་པས་བཀྲུ། ཆུ་བོ་དྲུག་གི་ཁྲུས་མཛད་པས། །དྲི་མ་རྣམ་དྲུག་སྦྱོང་བྱེད་ཅིང༌། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཞེས་བྱང་གི་བུམ་པས་བཀྲུ། གང་ལ་ཉེས་པ་མི་མངའ་ཞིང༌། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱད་དེ་ལ་ཐར་དོན་དུ། །དད་པས་བདག་གིས་ཁྲུས་གསོལ་ལོ། །


JLD008_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱང་ཤར་གྱི་བུམ་པས་བཀྲུ། དེ་ནས་སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང༌། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ཅེས་བརྗོད། དེ་ནས༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོམ་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། སྔར་གྱི་རས་ཀྱིས་སྐུ་ཕྱིའོ། །དེ་ནས། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང༌། །འཇིག་རྟེན་སྲིད་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་དང་དུ་བདག་ཅག་འགྱུར་བར་ཤོག །ཅེས་བརྗོད། ཁྲུས་གསོལ་བའི་ཚེ། སྐབས་སྐབས་སུ་རོལ་མོའི་སྒྲ་ལ་སོགས་པ་མཆོད་པ་སྣ་ཚོགས་པ་བྱའོ། །བུམ་པ་ཐམས་ཅད་ནས་དུང་ཆོས་ལ་སོགས་པའི་སྣོད་དུ་བསྡུས་ཏེ། བཀྲུའང་རུང་ངོ་། སྟོང་གསུམ་ཀུན་རུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། གསེར་སྦྱངས་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི།


JLD008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། གུར་ཀུམ་སོགས་དྲི་བཟང་པོ་ཏིལ་མར་དང་བཅས་པས་བྱུག་གོ། སྣ་ཚོགས་དབང་བོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། ། བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝ་སྟྲ་ཡེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་པས་ན་བཟའ་དང༌། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང༌། །རིན་ཆེན་འོད་ཆགས་འབར་བས་སྐུ་བརྒྱན་ཞིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང༌། །འཇིག་རྟན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེ་མོ་དོ་ཤལ་དང༌། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་མཆོག་གི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐེག་པ་མཆོག་ལ་གནས་པར་ཤོག ། ཨོཾ་བཛྲ་ཨ་བྷ་ར་ཏྣ་ཝ་བུ་ཥ་ཎེ་སྭཱ་ཧཱ། ཞེས་པས་རྒྱན་གྱི་ཁྱད་པར་རྣམས་དབུལ་ལོ། །དེ་རྣམས་ནི་ཁྲུས་གསོལ་བའི་རིམ་པའོ། །ཁ་ཅིག་ཁྲུས་ཀྱི་སྙན་མནན་པའི་རྗེས་ལ་དྲིའི་ཏིལ་མར་རམ། མེད་ན་ཏིལ་མར་ལ་དྲི་བཟང་བཏང་པས་སྐུ་དངོས་སམ་མེ་ལོང་ལ་དུ་རྦས་དྲུད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་དེ། དེ་ཉིད་བརྗོད་ཅིང༌། ཤིང་ཤུན་ལྔའི་ཕྱེ་མས་དྲིལ་ཕྱིས་བྱས་ནས་དུ་རྦའི་པིར་གྱིས་དྲུད་ལ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང༌། ཨ་བྷི་ཥེ་ཀ་ཏའི་རྗེས་སུ། ཨོཾ་གནྡྷེ་ན་ནྣཱཔཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ན་ས་མ་ཡ་ཤྲི་ཡེ་ཧཱུཾ།


JLD008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ཅིང༌། དྲི་སྣ་ཚོགས་ཀྱི་བུམ་པས་བཀྲུས་པའི་རྗེས་སུ་སྔར་བཤད་པ་ལྟར་སྐུ་ཕྱིའོ། །དེ་བཞིན་དུ་ཇི་ལྟར་བལྟམས་པ་ཙམ་ཞེས་པ་ནས། ཡེ་ཤེས་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཅེས་པའི་བར་གྱིས་ཚིགས་བཅད་བདུན་པོ་རེ་རེའི་ཐོག་མར་ལས་ཐམས་ཅད་པ་དང༌། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿཞེས་བརྗོད་ཅིང་བདུད་རྩི་ལྔ་ནས་དྲི་ལྔའི་ཕྱེ་མའི་བར་གྱི་རྫས་བདུན་པོ་རེ་རེ་དུ་རྦས་བྱུག་ཅིང་དྲུད་ལ་ཚིགས་བཅད་རེ་རེ་བརྗོད་པའི་རྗེས་སུ་ཨ་བྷི་ཥེ་ཀ་ཏ་ལ་ཨོཾ་དྲི་མ་དྷུ་ནས་ཨོཾ་མ་ནི་སྣ་ནཱ་ཞེས་སོགས་ཀྱི་སྔགས་བདུན་པོའི་རེ་རེ་རིམ་པ་བཞིན་བརྗོད་ཅིང༌། མངར་གསུམ་གྱི་བུམ་པ་ནས་རིན་ཆེན་སྣ་ཚོགས་ཀྱི་བུམ་པའི་བར་གྱི་བུམ་པ་བདུན་པོ་རེ་རེས་བཀྲུ་ཞིང༌། བཀྲུ་བ་རེ་རེའི་མཐར་ཡང་སྐུ་ཕྱི་བ་རེ་རེ་བྱས་ནས་ཆུ་བོ་དྲུག་གི་ཞེས་སོགས་མན་གྱི་ཚིགས་བཅད་ཀྱི་མཐར་དྲི་སྣ་ཚོགས་ཀྱི་བུམ་པས་བཀྲུ་བར་མཛད་དོ། །ཡེ་ཤེས་པ་སྤྱན་དྲང་བ་ནི། དེ་ནས་འོག་ནས་འབྱུང་བ་ལྟར་རབ་ཏུ་གནས་བྱའི་རྟེན་རྣམས་ཀྱི་ཡེ་ཤེས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་མདུན་དུ་སྤྱན་དྲངས་ཏེ། བཞུགས་པར་བསམས་ལ། མཆོད་རྫས་རྣམས་རང་རང་གི་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཞབས་བསིལ་མཆོག་འདི་དག། །མཆོག་ཏུ་དད་པས་ཁྱེད་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཨཱཿ་ཧྲཱི་པྲ་ཝ་ར་སད་ཀ་རཾ་པཱ་དྱཾ་པྲ་ཏཱི་ཧཱུཾ་སྭཱ་ཧཱ། ཞབས་བསིལ་དང༌། དེ་བཞིན་དུ་ཞབས་བསིལ་གྱི་གནས་སུ་ཞལ་བསིལ་དང༌། ཡོན་ཆབ་


JLD008_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་བཅུག། པཱ་དྱཾ་གྱི་གནས་སུ་ཨཱཉྩ་མ་ནཱཾ་དང་། ཨརྒྷ་ཞེས་པ་བཅུག་ལ་ཞལ་བསིལ་དང་མཆོད་ཡོན་དབུལ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ན་ས་མ་ཡ་ཤྲི་ཡེ་སྭཱ་ཧཱ། ཞེས་མེ་ཏོག་དང༌། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། པུཥྤེའི་གནས་སུ་དྷུ་པེ་ཞེས་པས་བདུག་སྤོས་དང་། མུན་པའི་ཚོགས་རྣམས་འཇོམས་བྱེད་ཅིང་། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། ཨཱ་ལོ་ཀེ་ཞེས་སྣང་གསལ་དང༌། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །རང་བྱུང་ཉིད་ལ་དབུལ་བར་བགྱི། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །གནྡྷེ་ཞེས་དྲི་དང༌། ཁ་དོག་དྲི་དང་རོར་ལྡན་པ། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་དབྱིངས་ཡེ་ཤེས་བརྙེས་ལ་འབུལ། ནེ་ཝིདྱེ་ཞེས་ཞལ་ཟས་དང་། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཞིང་། ཤེས་རབ་དབྱངས་ཀྱི་རྗེས་འགྲོ་རོལ་མོའི་སྒྲ། བདུད་ཀྱི་འཁོར་ལོ་འཇོམས་ཕྱིར་དབུལ་བར་བགྱི། དོན་གྱི་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག ཤཔྟ་ཞེས་རོལ་མི་དབུལ་ལོ། །གསོལ་གདབ་ནི། དེ་ནས་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས། པུས་མོ་གཡས་ས་ལ་བཙུགས་ལག་པ་གཡས་སྤོས་ཕོར་ཐོགས་


JLD008_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་དྲིལ་བུ་དཀྲོལ་ཞིང༌། ཐུགས་རྗེ་ཡི་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང༌། །ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །སང་ནི་རབ་གནས་བགྱིད་པར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་བདག་ཅི་ནུས་ཡོ་བྱད་ཀྱིས། །སང་ནི་ཡང་དག་བགྱིད་པར་འཚལ། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱིས་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས། ཞེས་ལན་གསུམ་གསོལ་བ་བཏབ་པས་ལྷ་རྣམས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམ། མཆོད་པ་ནི། དེ་ནས་ཞབས་བསིལ་ནས་མཆོད་ཡོན་གྱི་བར་ཆུ་གསུམ་སྔར་བཞིན་ཕུལ་ལ། ཨོཾ། ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ནི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབ་པར་གསོལ། །ཨོཾ། ཙནྡན་ག་པུར་དང་བཅས་པའི། །དྲི་ཞིམ་སྤོས་མེ་དགེ་བ་ཡིས། མཐུ་དང་ལྡན་པར་བྱ་བ་ནི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ། མར་མེ་འོད་ཟེར་འབར་བ་ནི། །ངན་འགྲོའི་འཇིགས་པ་འཇོམས་བྱེད་པ། །ལྷ་ཡི་མིག་འབྱེད་བཀྲ་ཤིས་པའི། །མར་མེ་ཁྱེད་ཀྱིས་བཞེས་སུ་གསོལ། ཨོཾ། སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་པུར་རྣམས་བརྒྱན་པས། །སྣ་ཚོགས་ཡི་གེ་ཧཱུཾ་ལས་བྱུང་། །དྲི་འདི་འབུལ་གྱི་བཞེས་སུ་གསོལ། །ཁ་དོག་དྲི་དང་རོར་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་


JLD008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་འདི་དག །འབུལ་གྱི་ཡང་དག་བཞེས་སུ་གསོལ། །པ་ཊ་ཧ་དང་ཏེ་འུ་སོགས། །རྔ་དང་དུང་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་གཟུགས་བརྙན་སྣ་ཚོགས་པ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། ཞེས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །སོ་སོའི་སྔགས་རྣམས་སྔ་མ་བཞིན་ནོ། །ཕྱག་ནི་དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ན་མ་ཀ་རོ་མི། ཞེས་ཕྱག་བྱ། དེ་ནས་བསྟོད་པ་ནི། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་བུམ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཅུག་ནས། །ཞི་བ་རིན་ཆེན་གླིང་དུ་སྐྱིལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །


JLD008_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་མི་འདུག་༽དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཤེགས་གསོལ་ནི། ཨོཾ་པཱུ་ན་རཱ་ག་མ་ན་ཡ་མུཿཞེས་པས་གཤེགས་སུ་གསོལ། དེ་རྣམས་ནི་སྙན་གསན་གྱི་རིམ་པའོ། །གནས་ལྔར་དྲིས་བྱུག་པ་ནི། །རྟེན་དམ་ཚིག་པར་གསལ་བ་རྣམས་ཀྱི་ཐུགས་ཀ་དང་དབུ་མགུལ་ཕྱག་གཉིས། སྤྱི་གཙུག་རྣམས་སུ་དྲིས་བྱུག་གོ། མཆོད་པ་ནི། དེ་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་ཞབས་བསིལ་འདི། མཆོག་ཏུ་དད་པས་ཁྱེད་ལ་འབུལ། ཅི་བདེ་བར་ནི་བཞེས་སུ་གསོལ། ཞེས་པ་སྔགས་དང་བཅས་པ་ཞབས་བསིལ་དང་། དེ་བཞིན་དུ་སྦྱར་ཏེ་ཞལ་བསིལ་དང་། མཆོད་ཡོན་ཉེར་སྤྱོད་ལྔ་རོལ་དང་བཅས་པ་དབུལ་ལོ། །ལག་པས་རེག་ཅིང་བསྲུང་བ་ནི། དེ་ནས་རང་གིས་ལས་ཐམས་ཅད་པའམ། འཁྱིལ་པའི་སྔགས་བཟླས་ཤིང་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རྟེན་རྣམས་ཀྱི་ཐུགས་ཀ་མགྲིན་པ་སྤྱི་བོ་རྣམས་སུ་རེག་པའི་རྗེས་སུ་ལྷ་དེ་ཉིད་དམ་རང་རང་གི་ལས་ཐམས་ཅད་པའམ་འཁྱིལ་པའི་སྔགས་དང་བཅས་པས་བསྲུང་བར་བྱའོ། །གཏོར་མ་ནི། དེ་ནས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་ལ། གཤིན་རྗེ་གཤེད་དམ་གསང་བ་འདུས་པའི་སྒྲུབ་ཐབས་སོགས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་གི་གཏོར་མ་དབུལ་བར་བྱའོ། །ཁ་ཅིག་སྟ་གོན་ཟིན་ནས་རྟེན་རྣམས་ལ་ན་བཟའ་སེར་པོས་བཀབ་ལ་བཞག་ཅེས་གསུང་ངོ་། །རབ་གནས་ཀྱི་སྟ་གོན་ནོ། །གཉིས་པ་རབ་གནས་དངོས་གཞིའི་སྡོམས་ནི། བདག་མདུན་དཀྱིལ་འཁོར་སྔོན་བྱས་ནས། །སླར་ཡང་སྔར་


JLD008_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྟེན་བསྐྱེད་དེ། །ཆུ་བཞི་ནས་ནི་རྒྱན་དབུལ་བར། །སླར་ཡང་སྔ་མ་བཞིན་དུ་བྱ། །གསོལ་བ་གདབ་ཅིང་སེམས་བསྐྱེད་དེ། །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །གསོལ་གདབ་དམ་ཚིག་པ་ལ་གཞུག །དབང་ལྷ་སྤྱན་དྲང་གསོལ་གདབ་ནས། །ནང་དབང་བྱས་ཏེ་ཆུ་དབང་བསྐུར། །དེ་བཞིན་ཅོད་པན་རྡོ་རྗེ་བདག །མིང་དབང་བསྐུར་བ་སློབ་མའི་དབང༌། །སློབ་དཔོན་དབང་མཐར་ཆུ་དབང་བསྐུར། །རྒྱས་གདབ་ལྷ་བསྟིམ་བུམ་དབང་ངོ་། །གསང་དབང་ཤེས་རབ་ཡེ་ཤེས་དབང་། །བཞི་པ་རྣམས་ཀྱང་སློབ་མ་བཞིན། །དབང་བསྐུར་དངོས་གཞིའི་ཆོ་གའོ། །གཉིས་པ་དངོས་གཞི་ལ་ཐོ་རངས་སྔ་བར་ལངས་ཏེ། རྒྱན་གྱིས་བརྒྱན་པའི་སློབ་དཔོན་གྱིས་གཏོར་མ་སྔོན་དུ་བཏང་སྟེ། བདག་བསྐྱེད་མདུན་བསྐྱེད་སྔར་སྟ་གོན་གྱི་སྐབས་བཞིན་རྫོགས་པར་བསྒོམས་ནས་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམ་མོ། །ཁ་ཅིག་འདིར་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་ཤིག་བྱ་གསུང་ངོ་། ། རྟེན་གྱི་དམ་ཚིག་པ་རྣམས་སྔར་བཞིན་བསྐྱེད་དེ། དེ་ནས་ཆུ་བཞི་སྣོད་གསུམ་དུ་བཤམས་པ་བྱིན་གྱིས་བརླབ། དེ་དག་གི་མདུན་དུ་བཟེད་ཞལ་གསུམ་བཞག་སྟེ། རྡོ་རྗེ་སྙིམ་པ་ཁ་ཕྱེ་བའི་ཕྱག་རྒྱ་དང༌། ཨོཾ་ཨཱཿ ཧྲཱིཿ པྲ་ཝ་ར་ས་ཀ་རཾ་ཨ་རྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་བཟེད་ཞལ་དང་པོར་མཆོད་ཡོན་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་བཅུག་ལ་ཁུ་ཚུར་བཅིངས་ནས་མེ་ཏོག་བླངས་ཏེ་ལན་གསུམ་བསྐོར་ནས་ཁུ་ཚུར་ཁ་གྱེན་དུ་བསྟན་པའི་མཛུབ་མོ་ནས་རིམ་གྱི་དཀྲོལ་བའི་ཕྱག་


JLD008_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཟེད་ཞལ་གཉིས་པར་ཞབས་བསིལ་དང༌། སྣོད་གསུམ་པ་ནས་མཛུབ་མོས་མེ་ཏོག་བླངས་ཏེ་ཁ་ཚུར་ཁ་འོག་ཏུ་བསྟན་ནས་མཐེའུ་ཆུང་ནས་རིམ་གྱིས་དཀྲོལ་བའི་ཕྱག་རྒྱ་དང༌། ཨཱཉྩ་མ་ནཱཾ་བཅུག་ལ་བཟེད་ཞལ་གསུམ་པར་ཞལ་བསིལ་དང༌། སྣོད་དེ་ཉིད་ནས་ཀུ་ཤའི་ཆུན་པོས་ཆུ་བླངས་ཏེ་པྲོཀྵནཱཾ་བཅུག་ལ་བཟེད་ཞལ་གསུམ་པར་བསང་གཏོར་ལན་གསུམ་དབུལ་ལོ། །གཏོར་མ་ནས་སྦྱང་བའི་རིམ་པ་རྣམས་དང་ཁྲུས་ཀྱིས་སྙན་མནན་པ་ནས་དྲིས་བྱུག་པའི་བར་རྣམས་སྟ་གོན་གྱི་སྐབས་བཞིན་བྱ་ཞིང༌། ན་བཟའ་དང་རྒྱན་དབུལ་བ་སྔར་བཞིན་ནམ། ཡང་ན། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་བའི། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ཨོཾ་ཨཱཿ་བཛྲ་ཝ་སྟ་སྱ་སྭཱ་ཧཱ། ཞེས་ན་བཟའ་དང༌། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨ་ལཾ་ཀ་ར་ཝ་པུ་ཥ་ནི་ཨཱཿཧཱུཾ་སྭཱ་ཧཱ། ཞེས་རྒྱན་དབུལ་ལོ། །དེ་ནས་རྟེན་སྤྱན་དྲང་དུ་རུང་བ་རྣམས་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་གྱི་ཤར་དུ་སློབ་དཔོན་དུ་དབང་བསྐུར་བའི་དབང་སྟེགས་ཀྱི་དབུས་སུ་ཞལ་དཀྱིལ་འཁོར་ལ་བསྟན་ལ་བཞུགས། སྤྱན་དྲང་དུ་མི་བཏུབ་པ་རྣམས་རང་གནས་སུ་བཞག་ནས་དེ་ལྟར་བསྒོམ་མོ། །གསོལ་བ་གདབ་པ་ནི། དེ་ནས་སོ་སོའི་ལག་ཏུ་མེ་ཏོག་ཐོགས་སོ་སོའི་ཡོན་ཏན་དྲན་


JLD008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་གང་འདི་མཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་རྒྱུ་དང་འབྲས་བུའི་དགོས་པ་ཕུན་ཚོགས་པ་དང་ལྡན་པ་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ། དེའི་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ། ཆོ་འཕྲུལ་གསུམ་དང་ཏིང་ངེ་འཛིན་གསུམ་དང་བསླབ་པ་གསུམ་དང་ཚངས་པའི་གནས་བཞི་དང་བསམ་གཏན་བཞི་དང་འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པ། དེའི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ཤེས་བྱའི་ཡུལ་ཐམས་ཅད་བརྙེས་པས་ཉོན་མོངས་


JLD008_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་རྣམས་མ་ལུས་པར་སྤངས་པ་དང་བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དང༌། སྐྱེས་བུ་ཆེན་པོའི་སྐུ་བལྟ་བས་ཆོག་མི་ཤེས་པ་དང༌། མཐོང་ན་མི་མཐུན་པ་མེད་པ་སྟེ་དེའི་གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པ་འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ཅིང༌། རབ་ཏུ་གནས་པར་བགྱིའོ་ཞེས་པའི་སྐབས་སུ་ཐམས་ཅད་ཀྱིས་ཚིག་མཐུན་པར་བརྗོད་ལ། རབ་ཏུ་གནས་བྱའི་རྟེན་ལ་མེ་ཏོག་གི་ཆར་དབབ། སྤོས་ཀྱིས་བདུགས་རོལ་མོ་དབུལ་ཞིང་། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱ་ཀྶཾ་བུ་དྡྷཱ་ཡ། ཏ་དྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པ་དང་རབ་ཏུ་གནས་བྱའི་ལྷ་གང་ཡིན་གྱི་སྔགས་དང༌། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པའི་སྔགས་བཟླ་བ་ནི་སྡེ་ཚན་རེ་རེའི་མཐར་བྱའོ། །སེམས་བསྐྱེད་པ་ནི། དེ་ནས་མཉམ་པར་བཞག་ནས། ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་བསྐྱེད་ནས། འགྲོ་བ་མཐའ་དག་དང་གང་གི་དོན་དུ་བྱ་བ་དེ་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམས་ལ་འདི་སྐད་བརྗོད་དོ། །ངོ་མཚར་ཆེན་པོ་གྲངས་མེད་ཅིང་


JLD008_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་ལ་རབ་ཏུ་གནས་པར་བགྱི་བས། དེའི་མཐུས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་ངོ་། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་དང་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་བསལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་སྐྱེ་བའི་ལྗོང་ཤིང་རྩད་ནས་གཅོད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ། མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་ཕྱི་རོལ་པ་དག་དང་ལྟ་བ་ཕྱིན་ཅི་ལོག་པ་ཐམས་ཅད་ཡང་དག་པའི་ལྟ་བ་ལ་འཛུད་ཅིང་དད་པར་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་དེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ལ་ཆེར་རྩོལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོན་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་ཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་


JLD008_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩལ་ཞིང་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ་ཅིང་མཛད་དུ་གསོལ་ཞེས་པའི་དུས་སུ་ཚོགས་པ་ཐམས་ཅད་ཀྱིས་ཀྱང་དེ་སྐད་བརྗོད་ཅིང་མེ་ཏོག་དོར་བར་བྱའོ། །ཁ་ཅིག་ནི་སྐབས་འདིར་རྟེན་དམ་ཚིག་པར་བསྐྱེད་པའང་ཡོད་དོ། །བྱིན་གྱིས་བརླབ་པ་ནི། དེ་ནས་ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་དཀར་པོ་མགྲིན་པར་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿ དམར་པོ་ཐུགས་ཀར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་སྔོན་པོས་མཚན་པར་བསམ། རྒྱས་པར་སྤྲོ་ན། མིག་སོགས་སྐྱེ་མཆེད་བྱིན་གྱིས་བརླབ་པའང་རང་རང་གི་གཞུང་ལྟར་བྱའོ། །དེ་ནས་ཡེ་ཤེས་པ་སྤྱན་དྲང་པ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་བའི། །བཅོམ་ལྡན་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར། །


JLD008_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་ཕྱིར་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ་ཞེས་བརྗོད་ཅིང༌། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རབ་ཏུ་གནས་བྱའི་རྟེན་རྣམས་ཀྱི་ཡེ་ཤེས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་བཞུགས་པར་བསམས་ལ། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་རྗེས་དགོངས་ཤིང་གནང་བར་མཛོད། །ཨོཾ་བཛྲ་ག་ག་ན་ས་མ་ཡེ་ཧཱུཾ། ཞེས་བརྗོད་ཅིང་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི་ཞེས་སོགས་ཀྱིས་ཁྲུས་གསོལ་ཞིང༌། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །


JLD008_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཙནྡྲ་ཨཱ་ས་ན་ཏི་ཥྛནྟུ། ཞེས་པས་གདན་དབུལ། དེ་ནས་ཐལ་མོ་སྦྱར་ནས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ནི། །བདག་ཀྱང་བློ་དང་ལྡན་པར་མཛོད། །ཅེས་གསོལ་བ་བཏབ་ལ། མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ་ཞེས་མཆོད་ཡོན་དང༌། དེ་བཞིན་དུ་ཞབས་བསིལ་དང༌། མེ་ཏོག་ནས་རོལ་མོའི་བར་རྣམས་ཀྱང་སོ་སོའི་སྔགས་ཀྱིས་དབུལ་ལོ། །གསོལ་བ་གདབ་པ་ནི། དེ་ནས། སྟ་གོན་གྱི་སྐབས་སུ་བསྟན་པ་བཞིན་དུ་ཐུགས་རྗེ་ཡིས་ནི་བདག་ཅན་བདག །ཅེས་པ་ནས་བྱིན་གྱིས་བརླབ་པར་མཛད་པར་འོས། ཞེས་པའི་བར་གྱི་དོན་དྲན་བཞིན་པས་ལན་གསུམ་གསོལ་བ་གདབ། ཁྱད་པར་སང་ནི་ཞེས་པ་གཉིས་ནི། །ད་ནི་ཞེས་པའམ་ད་ལྟ་ཞེས་པར་བསྒྱུར་རོ། །དམ་ཚིག་པ་ལ་གཞུག་པ་ནི། ཛཿཧཱུཾ་བཾ་ཧོཿ་ཞེས་བརྗོད་ཅིང་ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་ལ་དབྱེར་མེད་པར་གཞུག་གོ། དབང་ལྷ་སྤྱན་དྲང་བ་སོགས་ནི། དེ་ནས་དབང་བསྐུར་བའི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོས་མཛད་དེ་དབང་བསྐུར་བར་བསམ་ཞིང་དངོས་སུ་རང་གིས་བྱས་ལ་དབང་རྣམས་ཀྱི་མཐའ་རྟེན་སྤངས་ལ་ནང་དབང་དང་བཅས་པའི་སློབ་མའི་དབང་རྣམས་དང༌། སློབ་དཔོན་གྱི་དབང་དང༌། དབང་གོང་མ་གསུམ་དང་བཅས་པའི་དངོས་གཞིའི་དབང་རྣམས་སློབ་མ་ལ་བསྐུར་བ་བཞིན་རང་རང་གི་དཀྱིལ་ཆོག་བཞིན་བསྐུར་བར་བྱའོ། །གསུམ་པ་མཇུག་གི་སྡོམས་ནི། མཆོད་བསྟོད་


JLD008_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གོས་རྒྱན་མེ་ལོང་བསྟན། །སྦྱིན་སྲེག་དབུལ་ཞིང་སྤྱན་དབྱེ་སོགས། ཞལ་བསིལ་མཆོད་ཡོན་སོར་ཙི་དབུལ། །དམ་བསྒྲག་གཟུགས་བསྒྱུར་མངའ་དབུལ་བྱ། །ཤིས་བརྗོད་བརྟན་བཞུགས་བསྟོད་དང་སྦྱང༌། །བཟོད་གསོལ་ཆོས་སྐྱོང་ཡོན་བདག་བསྒོ། །ཡོན་དབུལ་མཇུག་གི་ཆོ་གའོ། །མཆོད་པ་ནི། དེ་ནས་མཆོད་པ་བསང་སྦྱང་སོགས་སྔོན་དུ་བཏང་ནས། ལྷ་ཡི་མཆོད་ཡོན་དམ་པ་ཡིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོས་མཆོད་པ་འདི་བཞེས་ཤིག །ཅེས་པ་རང་གི་སྔགས་དང་བཅས་པས་མཆོད་ཡོན་དང༌། དེ་བཞིན་དུ་ཞབས་བསིལ། ཞལ་བསིལ་བསང་གཏོར་དང་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་རྣམས་ཀྱང་སོ་སོའི་སྔགས་དང་བཅས་པས་དབུལ་བར་བྱའོ། །བསྟོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། ། རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗི་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་


JLD008_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གོས་ནི། དེ་ནས། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་དབུལ་བར་བགྱི། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝ་སྟྲ་ཡེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་ན་བཟའ་དང༌། རྒྱན་ནི། རྒྱལ་བ་མཚན་དཔེའི་ཞེས་སོགས་ཀྱིས་རྒྱན་དབུལ་ལོ། །མེ་ལོང་ནི། དེ་ནས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། ། རྒྱུ་དང་ལས་ལས་ཡང་དག་འབྱུང༌། །ཨོཾ་བཛྲ་ས་ཏྭ་ཨཱཿཞེས་ཨ་ལས་སྐྱེས་པའི་མེ་ལོང་བསྟན་ཏོ། །སྦྱིན་སྲེག་དབུལ་བ་ནི། དེ་ནས་རྒྱས་པའི་སྦྱིན་སྲེག་གི་ཆོ་གས། རབ་ཏུ་གནས་བྱའི་ལྷ་རྣམས་ཐབ་ཏུ་སྤྱན་དྲངས་ལ། མངར་གསུམ་གྱིས་བསྐུས་འབྲུ་ཡིས་གཙོ་བྱས་པའི་སྲེག་བླུགས་བརྒྱ་རྩ་བརྒྱད་དབུལ་བ་སོགས་བྱ། རྗེས་སུ་བདག་དང་སློབ་མའི་ཞི་རྒྱས་འཕེལ་བའི་ཕྱིར་དུ་དུ་རྦ་དང་འབྲས་ཀྱི་སྦྱིན་སྲེག་པ། རྫོགས་པའི་མཐར་ཡོན་བདག་སྲེག་བླུགས་དབུལ་དུ་གཞུག་གོ། སྤྱན་དབྱེ་སོགས་ནི། དེ་ནས་གསེར་གྱི་ཐུར་མ་དྲུག་གམ་གཅིག་ལས་མི་ཆུང་བ་དངུལ་གྱི་ཀོང་བུར་བཞག་པའི་མར་དང་སྦྲང་རྩི་ཐུར་མའི་རྩེ་མོས་བླངས་ཏེ། ལུགས་མ་ལ་སོགས་པའི་སྤྱན་དང༌། གཞན་རྣམས་མེ་ལོང་ལ་ལྷའི་གཟུགས་བརྙན་བསྒོམས་པའི་སྤྱན་ལ་བྱུག་ཅིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོདྷ་ནེ་སྭཱ་ཧཱ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །


JLD008_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཅེས་བརྗོད་ཅིང༌། སྤྱན་དབྱེ་བའི་ཚུལ་བྱས་པས་ཞི་བ་ལ་སོགས་པའི་འཕྲིན་ལས་གྲུབ་པའི་དོན་དུ་ཡོན་བདག་ལ་སོགས་པ་ལ་གཟིགས་པ་ལྷུར་མཛད་པར་བསམ་མོ། །དེ་ནས་སྦྱིན་སྲེག་གི་མེ་ལ་མཉྫིའི་སྟེང་དུ་གནས་པའི་སྣོད་དཀར་པོའམ། སེར་པོས་བྱུགས་པ་ལ་མེ་ཏོག་གིས་བརྒྱན་པའི་ནང་དུ་དགང་བླུགས་སམ་ཤིང་པི་སྤ་ལའི་འདབ་མས་འབྲས་མ་བགྲུས་པ་དང་སྦྲང་རྩི་དང་ཀ་ར་དང་བསྲེས་པའི་འོ་མ་བླུག་ལ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་འགྱིང་བ་དང་བཅས་པས་བཟླས་ཤིང་འོ་ཐུག་བསྒྲུབ་བོ། །གལ་ཏེ་སྦྱིན་སྲེག་གི་མེ་མེད་ན་གཞན་ལ་དེ་ལྟར་བསྒྲུབས་ནས་དབུལ། དེ་མ་གྲུབ་ན་སྣོད་བཟང་པོར་ལྷ་བཤོས་ཆེན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་མཐའ་བཟའ་བཏུང་བཟང་པོ་རུང་བ་མང་པོས་བསྐོར་བ་བྱིན་གྱིས་བརླབས་ཏེ། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ཟས་མཆོག་འདི། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་དི་བྱ་ཨགྣེ་ས་མཱ་དྷི་དྷྱ་ན་པྲ་ན་ཡེ་སྭཱ་ཧཱ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། ། འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །རྒྱལ་བས་བདུད་བཅོམས་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་བཀྲེས་སྐོམས་མི་མངའ་ཡང༌། །བདག་


JLD008_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་གསུམ་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་ལོངས་སྤྱོད་ཤོག །ཅེས་སྨོན་ལམ་དང་བཅས་པས་དབུལ་ལོ། །ཞལ་བསིལ་སོགས་དབུལ་བ་ནི། དེ་ནས་ཞལ་བསིལ་དང༌། མཆོད་ཡོན་སྔར་བཤད་པའི་སྔགས་ཀྱིས་ཕུལ་ལ། ཨོཾ་བཛྲ་ཏཾ་བུ་ལ་སྭཱ་ཧཱ། ཞེས་སོ་རྩི་དབུལ་ལོ། །དམ་བསྒྲག་ནི། དེ་ནས་ཨོཾ་ཧཱུཾ་ཏྲཾ་ཧྲིཿ ཨཱཿཞེས་པས་དམ་ཚིག་བསྒྲག་པར་བྱའོ། །གཟུགས་བསྒྱུར་ནི། དེ་ནས་ལྷ་རང་རང་གི་སྔགས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་གནས་གསུམ་དུ་རེག་པས། ལྷའི་གཟུགས་དེ་ཡོངས་སུ་གྱུར་པ་ལས་ལུགས་མ་དང་བྲིས་སྐུ་ལ་སོགས་པ་གང་ཡིན་དེའི་རྣམ་པར་གྱུར་པར་བསམ་མོ། །གཙུག་ལག་ཁང་ལ་སོགས་པར་ནི་རྣམ་སྣང་རིག་མ་དང་བཅས་པ་ཞུ་ནས་ཐིམ་པ་གཙུག་ལག་ཁང་ལ་སོགས་པ་དང༌། མཆོད་རྟེན་ནི་རྣམ་སྣང་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པ་མཆོད་རྟེན་གྱི་གཟུགས་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་པར་བསམ། པོ་ཏི་ནི་སྣང་བ་མཐའ་ཡས་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པ་ཡི་གེའི་གཟུགས་སུ་གྱུར་པས་བསམ་མོ། །ཁ་ཅིག་པོ་ཏི་ནི་འོད་དཔག་མེད་ཞུ་བ་ལས་བྱུང་བ་པོ་ཏིའི་རྣམ་པར་གྱུར། དེའི་མཚན་དང་དཔེ་བྱད་རྣམས་དབྱངས་དང་གསལ་བྱེད་ཀྱི་ཡེ་གེར་གྱུར་དེ་ཤོག་བུ་རེ་རེ་ལ་གནས་པར་བསམ་ཞེས་གསུང་ངོ་། །མངའ་དབུལ་ལ་སྤྱི་དང་བྱེ་བྲག་གི་མངའ་དབུལ་


JLD008_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། དང་པོའི་སྡོམས་ནི། ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱད་ཁྲུས་གོས་རྒྱན། །འདོད་ཡོན་རིན་ཆེན་བདུན་དང་བཅུད། །གདུགས་སོགས་འབྲུ་དང་རིན་ཆེན་ལྔ། །སྨན་དང་བཀྲ་ཤིས་སྤྱི་ཡི་འོ། །དང་པོ་མཆོད་བསྟོད་རྒྱས་པའི་མངའ་དབུལ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཞེས་པ་དང་མཆོད་ཡོན་གྱི་སྔགས་ཀྱིས་མཆོད་ཡོན་དབུལ་ལོ། །དེ་བཞིན་དུ་ཞབས་བསིལ་དང༌། ཞལ་བསིལ་དང་བསང་གཏོར་དང་ཉེར་སྤྱོད་རོལ་མོ་དང་བཅས་པ་རྣམས་ཀྱང་སོ་སོའི་སྔགས་དང་བཅས་པས་དབུལ་ལོ། །འདོད་ཡོན་ནི། དེ་ནས། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ་གིས་གཟུགས་དང་དེ་བཞིན་དུ་སྦྱར་ཏེ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་ཉན་ཡིད་འོང་ལྡན། །མོས་བློས xxx ། བཞེས་ཤིང xxx། ཤཔྟ ཞེས་སྒྲ་དང༌། ཕྱོགས་


JLD008_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང༌། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས xxx། བཞེས་ཞིང xxx། གནྡྷེ xxxཞེས་དྲི་དང་། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས xxx། བཞེས་ཤིང xxx། ར་ས་ཞེས་རོ་དང༌། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་པ། །མོས་བློས xxx། བཞེས་ཤིང xxx། སྤརྴ་ཞེས་རེག་བྱ་དབུལ་ལོ། །དེ་ནས་ནང་མཆོད་བྱིན་གྱིས་བརླབས་ཏེ། བླ་མེད་ཀྱི་ལྷ་རྣམས་ལ་རང་རང་གི་སྔགས་སམ། སྙིང་པོའི་མཐར་ཨོཾ་ཨཱཿ་ཧཱུཾ་བཏགས་ལ་དབུལ་ལོ། །བསྟོད་པ་ནི། བླ་མའི་སྐུ་འདྲ་ཡིན་ན་བླ་མའི་བསྟོད་པ་བྱ། ལྷ་ངོ་ཤེས་པ་རྣམས་ལ་རང་རང་གི་སྒོས་བསྟོད་དང༌། ཆོས་ལ་ཤེར་ཕྱིན་གྱི་མཚན་བརྒྱ་རྩས་བསྟོད་པའམ་ཤེར་ཕྱིན་སྦྱོར་བཞིའི་ལྷ་ལ་བཏོད་པ་བྱ། མཆོད་རྟེན་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཆོད་རྟེན་བརྒྱད་ཀྱི་བསྟོད་པའམ། མཁན་པོ་བོ་དྷི་སཏྭས་མཛད་པའི་རང་འབྱུང་དཔའ་བོ་སོགས་ཀྱི་བསྟོད་པ་བྱའོ། །དེ་ཙམ་མི་ཤེས་པའམ་མི་ཁོམ་ན། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ནི་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་


JLD008_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ཏུ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མ་རྐྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང༌། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས་བསྟོད་དོ། །དཀྱིལ་འཁོར་ནི། དེ་ནས་གླིང་བཞི་རི་རབ་དང་བཅས་པ་དབུལ་བ་ལ་དེ་ཐིག་ལ་སོགས་པས་བྲི་ཚུལ་ནི། གྲུ་བཞི་ཆ་མཉམ་པར་བྱས་ལ། དེའི་ཕྱོགས་རེ་རེ་ལ་ཆ་ལྔ་ལྔ་སྟེ་བཅུ་པར་བྱ། དབུས་ཀྱི་ཆ་གཉིས་ལ་པདྨ་བྱ། ཕྱི་རོལ་གྱི་ཟུར་ལ་ཀུན་ནས་བསྐོར་བ་ལ་ལྕགས་རི་བྱ། ཕྱོགས་བཞི་ལ་བྱང་ཆུབ་


JLD008_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་མཆོད་རྟེན་གྱི་བང་རིམ་ལྟར་ནང་དུ་ཇེ་ཆུང་ཇ་ཆུང་བྱས་པ་ཟུར་ཐིག་གིས་བཅད་པའི་གྲུ་བཞི་པ་བཞིར་བྱས་པའི་ཐིག་དབྱི། རྡུལ་ཚོན་གྱིས་དབུས་སུ་པདྨ་འདབ་བརྒྱད་འདྲི། ཕྱོགས་བཞིར་རི་རབ་བང་རིམ་བཞི་པ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་པོ། ཟུར་བཞི་ནི་མར་ལ་སྔོན་པོ་གྲུ་བཞིའི་ཕྲེང་བ་བྱའོ། །དེའི་ཕྱི་རོལ་ཏུ་གླིང་ཕྲན་བརྒྱད། ཤར་ཟླ་གམ། ལྷོ་སོག་ཁ། ནུབ་ཟླུམ་པོ། བྱང་གྲུ་བཞི། དེའི་གཡས་གཡོན་དུ། ཤར་དུ་དཔལ་བེའུ་དང་འཁོར་ལོ། །ལྷོར་པདྨ་དང་རྒྱལ་མཚན། ནུབ་ཏུ་གདུགས་དང་བུམ་པ། བྱང་དུ་དུང་དང་ཉ་འདྲིའོ། །དེའི་ཕྱི་རོལ་ཏུ་ལྕགས་རིས་ཀུན་ནས་བསྐོར་བར་བྱའོ། །དེ་ནས། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ་སྭཱ་ཧཱ། གླིང་བཞི་རི་རབ་དང་བཅས་པའི་རི་མོ་དབུལ་ལོ། རྟགས་བརྒྱད་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ལ། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །དགེ་བའི་དོན་དུ་མངའ་བ་ལྟར། །བདག་གིས་དཔལ་བེའུ་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དུ། །ཚངས་པས་འཁོར་ལོ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། ཉོན་མོངས་བདུད་ལས་རྒྱལ་བ་ཡི། །ཆོས་ཀྱི་རྒྱལ་མཚན་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །


JLD008_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གདུགས་དཀར་གསེར་གྱི་ཡུ་བ་ཅན། །ཕུལ་བ་དེ་བཞིན་བདག་དབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །འཁོར་བའི་སྐྱོན་གྱིས་མ་གོས་པའི། །དྲི་མེད་པདྨ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །རེ་བ་ཐམས་ཅད་རྫོགས་མཛད་པའི། །བུམ་པ་བཟང་པོ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །འབུད་དུང་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ན་བཟའ་གསེར་གྱི་ཉ་རིས་ཅན། །ཕུལ་བ་དེ་བཞིན་བདག་དབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་བཀྲ་ཤིས་རྟགས་བརྒྱད་དབུལ། ཁྲུས་ནི་དེ་ནས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་གང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་ཁྲུས་གསོལ། གོས་ནི། སྲབ་འཇམ་ཡང་བ་ལྷ་ཡི་གོས། ཞེས་སོགས་ཀྱིས་མཆོད་རྟེན་དང་གླེགས་བམ་ལ་སྣ་ཚོགས་པའི་གོས་དང༌། སངས་རྒྱས་ལོངས་སྐུ་དང་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ་ན་བཟའ་མཛེས་པ་དབུལ། དེ་ནས། དྲི་མེད་མཚན་ལ་བསྒྲིབ་བསལ་མི་མངའ་


JLD008_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དག་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝསྟ་ཡེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་པས་སངས་རྒྱས་སྤྲུལ་སྐུ་དང༌། བྱང་སེམས་དང་ཉན་ཐོས་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ་ཆོས་གོས་ངུར་སྨྲིག་དབུལ། རྒྱན་ནི་དེ་ནས། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །ཞེས་སོགས་ཀྱིས་རྒྱན་དབུལ། འདོད་ཡོན་ནི། །དེ་ནས། རྒྱལ་བ་ཟག་མེད་འབྱོར་ལ་མངའ་སྒྱུར་ཡང༌། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡི། །མཆོད་པ་ཕུལ་བས་མཁའ་མཉམ་སེམས་ཅན་གྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་འདོད་ཡོན་ལྔ་དབུལ། རིན་ཆེན་ནི། དེ་ནས། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་རིན་ཆེན་སྣ་བདུན་དབུལ་ལོ། །བཅུད་དབུལ་བ་ནི། རྒྱལ་བ་མགོན་པོ་དཔལ་གྱི་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་མངའ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་སྨན་ལྔ་འབྲུ་ལྔ་རིན་པོ་ཆེ་ལྔ། དྲི་ལྔ་སྙིང་པོ་ལྔ་ལ་སོགས་པ་སྣོད་མཛེས་པ་གཅིག་གམ་ལྔའི་ནང་དུ་བླུག་


JLD008_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབུལ། གདུགས་སོགས་ནི། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་ཅན། །ཏིང་འཛིན་བླ་བྲེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་གདུགས་དང་བ་དན་བླ་བྲེ་རོལ་མོ་དང་བཅས་པ་འབུལ། འབྲུ་དབུལ་བ་ནི། དེ་ནས། བདེ་གཤེགས་རྣམས་ལ་འབྲུ་ཕུལ་བས། །བདག་དང་འགྲོ་བ་ཐམས་ཅད་ཀྱི། །ཟས་ཀྱི་འབྱོར་པ་ལྡན་པ་དང༌། །དགེ་བའི་ལོ་ཏོག་རྒྱས་གྱུར་ཅིག །ཅེས་འབྲུ་སྣ་ཚོགས་པ་དབུལ། རིན་ཆེན་དབུལ་བ་ནི། རིན་ཆེན་སྣ་ལྔ་ཕུལ་བ་ཡིས། །བདག་དང་འགྲོ་བ་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་ཞི་བ་དང༌། །ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཅིག། ། ཅེས་རིན་པོ་ཆེ་སྣ་ཚོགས་པ་དབུལ། སྨན་དབུལ་བ་ནི། བདེ་གཤེགས་རྣམས་ལ་སྨན་ཕུལ་པས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི། ནད་ཀྱི་སྡུག་བསྔལ་བྱང་གྱུར་ནས། །ཐུགས་རྗེའི་སྨན་གྱིས་གདུལ་གྱུར་ཅིག །ཅེས་གི་ཝང་ལ་སོགས་པའི་སྨན་སྣ་ཚོགས་པ་སྣོད་གཅིག་ཏུ་བླུག་སྟེ་དབུལ། བཀྲ་ཤིས་དབུལ་བ་ནི། དེ་ནས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་རིང་ཁྱོད་ལ་བདེ་ལེགས་ཤོག །ཅེས་བུམ་ཆུས་བྲན་པའི་མེ་ཏོག་ཕུལ་ཏེ། བཀྲ་ཤིས་ཀྱི་མངའ་དབུལ་བྱའོ། །བྱེ་བྲག་གི་མངའ་


JLD008_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལ། སྐུ་གཟུགས་དང་། གླེགས་བམ་དང་། མཆོད་རྟེན་ལ་མངའ་དབུལ་བ་གསུམ་ལས། དང་པོའི་སྡོམས་ནི། སྤུ་གྲི་འདྲེག་སྤྱད་སོ་མངས་དང་། །ཤངས་དབྱེ་ཚེམས་ཤིང་སྙན་ཞལ་དབྱེ། སྤུ་གྲི་དབུལ་བ་ནི། ཇི་ལྟར་རང་བྱུང་མཆོད་རྟེན་དུ། །རྒྱལ་བས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བྱ། །རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང༌། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འདྲེག་སྤྱད་ཕུལ་བ་ཡིས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་འགྲོལ་བར་ཤོག །ཨོཾ་བཛྲ་ཀ་ཙ་མུ་ལ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་ཅིང་རབ་ཏུ་བྱུང་བའི་ཆ་ལུགས་ཅན་རྣམས་ལ་གསེར་གྱི་སྤུ་གྲིས་དབུ་སྐྲ་དང་ཞལ་སྤུ་འདྲེག་པའི་ཚུལ་བྱའོ། །འདྲེག་སྤྱད་ནི། བདེ་བར་གཤེགས་པའི་དཔེ་བྱས་ལ། །སྐྱོན་གྱི་ཉེས་པ་མི་མངའ་ཡང༌། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རིན་ཆེན་འདྲེག་སྤྱད་དབུལ་བར་བགྱི། །ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང༌། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱི། །སེན་མོའི་འདྲེག་སྤྱད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་མཚན་དཔེ་བཟང་པོ་ཐོབ་པར་ཤོག །ཨོཾ་བཛྲ་ན་ག་ཚེ་ད་ཛ་ན་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་ཡང་འདྲེག་སྤྱད་ཀྱིས་ཐུན་མོང་དུ་སེན་མོ་འདྲེག་པའི་ཚུལ་བྱའོ། །སོ་མངས་ནི། རྒྱལ་བའི་དབུ་སྐྲ་ལྕང་ལོ་ལ། །དུས་གསུམ་དྲི་མས་མ་གོས་ཏེ། །བཀུར་སྟི་དུང་གི་སོ་མངས་ཀྱིས། །རྒྱལ་བའི་དབུ་སྐྲ་ཤད་པར་བྱ། །དབུ་


JLD008_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་རིན་ཆེན་ལྕང་ལ་མ་འཁྲུགས་ཤིང་། །མཛེས་ཤིང་བལྟ་བས་མི་ངོམས་སྐྱོན་བྲལ་ཡང༌། །བདག་བློ་སྦྱང་ཕྱིར་རྐྱེན་དང་འཚམ་པ་འདི། །ཕུལ་བས་འགྲོ་ཀུན་དུག་གསུམ་བྲལ་བར་ཤོག །ཨོཾ་བཛྲ་པཱ་ལ་ཤོ་དྷ་ཡ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་སངས་རྒྱས་ལོངས་སྐུ་དང་བྱང་སེམས་ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ་གསེར་གྱི་སོ་མངས་ཀྱིས་དབུ་སྐྲ་ཤད་པའི་ཚུལ་བྱའོ། །ཤངས་དབྱེ་ནི། ཟག་བཅས་ཕུང་པོ་དྲི་སྤངས་པ། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྣམ་པར་དག་པའི་དྲི་བསྐྱེད་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བྱ། །དྲི་འཛིན་རྣམ་དམ་ཚུལ་ཁྲིམས་ལེགས་འཁྲུངས་པ། །དགེ་བ་བསྒྲུབ་ཕྱིར་སྐྱོན་ལས་ངེས་གྲོལ་ཡང༌། །མོས་པས་འཛིན་དཔྱད་དམ་པ་ཕུལ་བ་ཡིས། །འགྲོ་བས་ཡེ་ཤེས་བླ་མེད་ཐོབ་པར་ཤོག །ཨོཾ་བཛྲ་རོ་མ་དྷ་ར་ཨཱཿ་ཧཱུ་སྭཱ་ཧཱ། ཞེས་གསེར་གྱི་རྨང་འཚེར་གྱིས་ཤངས་དབྱེ་བའི་ཚུལ་བྱས་ནས་རྡོ་རྗེའི་ཤངས་སུ་བསམས་ནས་ཤངས་ཀྱི་སྤུ་འཐོག་པའི་ཚུལ་བྱའོ། །ཚེམས་ཤིང་ནི། རྒྱལ་བའི་ཚེམས་དཀར་བཞི་བཅུ་ལ། །མི་གཙང་རྡུལ་གྱིས་མ་གོས་ཏེ། །བཀུར་སྟི་རིན་ཆེན་ལྗོན་ཤིང་གིས། །རྒྱལ་བའི་ཚེམས་ནི་དབྱེ་བར་བྱ། །དཀར་ལ་ཐགས་བཟང་བཞི་བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་སྒྱུར་ཡང༌། །བདག་ཅག་དད་པས་ཚེམས་ཤིང་འབུལ་ལགས་ཀྱིས། །འགྲོ་བས་སངས་རྒྱས་གསུང་དབྱངས་ཐོབ་པར་ཤོག །ཨོཾ་བཛྲ་དནྡྷ་ཤོ་ནྡྷ་ཡ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་གསེར་དངུལ་ལས་བྱས་པའི་


JLD008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཚེམས་ཤིང་གིས་ཚེམས་ཕྱི་ཞིང་འདྲུ་བའི་ཚུལ་བྱའོ། །སྙན་དབྱེ་ནི། འགྲོ་རྣམས་ཆོས་ཀྱིས་ཕོངས་པ་ལ། །རྒྱལ་བས་ཆོས་ཀྱི་དུང་འབུད་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བྱ། །སྙན་སྲིད་མི་མངའ་ཀུན་ཏུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོས་དག་ན་ཡང༌། །དག་བྱེད་འདི་ནི་བདག་གིས་འབུལ་ལགས་ཀྱི། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོས་པར་ཤོག །ཨོཾ་བཛྲ་ཀ་རྞ་ཤོ་དྷ་ཡ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་གསེར་དངུལ་ལས་བྱས་པའི་རྣ་འབྲུས་སྙན་དབྱེ་བའི་ཚུལ་བྱ་ཞིང་རྡོ་རྗེའི་སྙན་དུ་བསམས་ལ་སྤབས་བཞར་དབུལ་ལོ། །ཞལ་དབྱེ་ནི། ཆོས་ཀྱི་རོ་ཡི་དགའ་བ་ཡིས། །འགྲོ་བ་ཐམས་ཅད་ཚིམ་མཛད་པ། །རོ་མཆོག་བརྒྱ་ལྡན་ཞལ་ཟས་རྣམས། །དབུལ་ཕྱིར་རྒྱལ་བའི་ཞལ་དབྱེའོ། །འོད་སྟོང་ཟེར་གྱིས་ཕྱེ་བའི་པདྨ་དང༌། །བིམྤ་པ་ལྟར་དམར་ཡིད་འོང་ཞལ་གྱི་སྒྲོས། །ལེགས་པར་ཕྱེ་བས་མཁའ་མཉམ་སེམས་ཅན་གྱིས། །ཐར་པའི་གྲོང་ཁྱེར་སྒོ་མཆོག་ཕྱེད་པར་ཤོག །ཨོཾ་བཛྲ་གྷ་ཊ་ས་མ་ཡ་པྲ་བེ་ཤཱ་ཡ་ཧཱུཾ། ཞེས་གསེར་དངུལ་ལས་བྱས་པའི་ཞལ་ཐུར་གྱིས་ཞལ་དབྱེ་བའི་ཚུལ་བྱས་ནས་རྡོ་རྗེའི་ཞལ་དུ་བསམས་ལ། ཞལ་ཐུར་ཡང་དབུལ་ལོ། །གཉིས་པ་གླེགས་བམ་མངའ་དབུལ་གྱི་སྡོམས་ནི། ཁྲི་གོས་གླེགས་བམ་གླེགས་ཐག་གོ ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀང་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་རྣམས་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲ་ཨཱ་ས་ན་ཨཱཿ་


JLD008_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྭཱ་ཧཱ། ཞེས་བཞུགས་ཁྲི་དང༌། གོས་ནི། སྣ་ཚོགས་དབང་པོའི་གཞུ་ཞེས་སོགས་ཀྱིས་ན་བཟའ་དང༌། གླེགས་ཤིང་ནི། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང༌། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་བའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག །ཨོཾ་བཛྲ་པྲཛྙཱ་ཨུ་བ་ཡ་ཨཱ་དྷ་ཡ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་གླེགས་ཤིང་དང་། གླེགས་ཐག་ནི། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང༌། །ཡེ་ཤེས་ཆེན་པོར་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུ་སྟ་ཀ་བནྡྷ་ཨཱཿ་ཧཱུཾ་ཞེས་པས་གླེགས་ཐག་དབུལ་བར་བྱའོ། །གསུམ་པ་མཆོད་རྟེན་ལ་མངའ་དབུལ་གྱི་སྡོམས་ནི། སྲོག་ཤིང་འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །སྲོག་ཤིང་ཕུལ་བར་བསམ་ཞིང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་པར་ཤོག །སེམས་ཅན་ལྷག་བསམ་དག་པ་ཡིས། །ཀུན་བཟང་སྨོན་ལམ་འཇུག་པར་ཤོག །དེ་ནས་འཁོར་ལོ་ཕུལ་བར་


JLD008_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཞིང༌། ཨོཾ་པྲ་མརྡ་ན་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་གྱུར་ཅིག །རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག། །ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག །ཁམས་གསུམ་སེམས་ཅན་མ་ལུས་པ། །སྟོབས་དང་མ་འདྲེས་ཆོས་དང་ནི། །དྲན་པ་ཉེར་གཞག་རྣམ་ཐར་བརྒྱད། །ཡེ་ཤེས་ལྔ་སོགས་ལྡན་འགྱུར་ཤོག །དེ་ནས་ཅོད་ཕན་དབུལ་བ་ནི། །ཨོཾ་པ་ཊཾ་ཀ་ལཾ་བ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་དར་གྱི་ཅོད་པན་དང༌། ལྷབ་ལྷུབ་ལ་སོགས་པ་མཆོད་པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང༌། དེ་དག་གི་མཆོད་རྟེན་དང་སྐུ་གཟུགས་དང༌། གསུང་རབ་ལ་སོགས་པ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག །སེམས་ཅན་རྣམས་ནི་མ་ལུས་པས། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །དར་དང་ལྷབ་ལྷུབ་ལ་སོགས་པས། །བྱང་ཆུབ་བར་དུ་མཆོད་པར་ཤོག །དེ་ནས་འཕན་དབུལ་བ་ནི། ཨོཾ་པཱ་ཏཾ་ཀེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པ་དང་སྙམ་པ་བསལ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག །སེམས་ཅན་རྣམས་ནི་མ་ལུས་པ། །ཕྱོགས་བཅུར་སྙན་པའི་བ་དན་གྱི། །འཚེ་བ་མེད་ཅིང་ཆོས་ལྡན་པའི། །གྲགས་པས་རྒྱས་པར་འགེངས་པར་ཤོག །དེ་ནས་ཆུ་སྲིན་གྱི་རྒྱལ་མཚན་དབུལ་བ་ནི། ཨོཾ་ཀུ་མྦྷི་ར་དྷྭ་ཛ་ཡ་སྭཱཧཱ། སེམས་ཅན་ཐམས་ཅད་འཁོར་བ་མི་


JLD008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྟོངས་མི་འཛིན་པས་བདུད་བཞི་ལས་རྒྱས་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཁོར་བ་མ་སྟོང་བར་དུ་ནི། །བདུད་བཞི་དག་ལས་རབ་རྒྱལ་ནས། །སྟོན་པའི་བསྟན་པ་ཟབ་མོ་དག །མི་ནུབ་རྒྱལ་མཚན་ཐོབ་པར་ཤོག །དེ་ནས་གཟུགས་དབུལ་བ་ནི། ཨོཾ་པྲཧྨ་ན་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག །ཁམས་གསུམ་སེམས་ཅན་མ་ལུས་པ། །ཉོན་མོངས་ཚད་པས་གདུངས་པ་ལ། །ཐུགས་རྗེའི་བྱང་ཆུབ་སེམས་ཀྱི་གདུགས། །ཕུལ་བས་བདེ་བས་ཚིམས་འགྱུར་ཤོག །དེ་ནས་མེ་ཏོག་གི་ཕྲེང་བ་དབུལ་བ་ནི། །ཨོཾ་རཏྣ་མ་ལེ་ཏྲཾ་ཞེས་པ་དང༌། ན་མ་སྟཻ་ཡ་དྷྭི་ཨ་ནུ་ག་ཏ། པྲ་ཏིཥྛ་ཏེ། པུཥྞ་ག་ཏ་བེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲ་པུཥྤེ་ཨཱཿ་ཧཱུཾ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱས་དང་ལྡན་ཏེ། སྐུ་བལྟ་བས་ཆོག་མི་ཤེས་པ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །འཁོར་བའི་སེམས་ཅན་མ་ལུས་ཀུན། །མཚན་དང་དཔེ་བྱད་རྗོགས་ཐོབ་ནས། །བལྟ་བས་མི་ངོམས་གཟུགས་ཀྱིས་ནི། །སེམས་ཅན་དོན་རྣམས་རྫོགས་བྱེད་ཤོག །དེ་ནས་རིན་པོ་ཆེ་ལ་སོགས་པའི་གདན་དབུལ་བ་ནི། ཨོཾ་པུ་ན་དྷ་རི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང༌། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་


JLD008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་གདན་དང༌། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང༌། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང༌། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བ་རིན་པོ་ཆེའི་གདན་དང༌། ཆགས་པའི་སྐྱོན་ཐམས་ཅད་སྤངས་པ་པདྨའི་གདན་དང༌། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་གདན་རྣམས་ཐོབ་པར་གྱུར་ཅིག །སེམས་ཅན་མ་ལུས་སངས་རྒྱས་ཏེ། །སྟོབས་བཅུ་ལྡན་པ་གླང་པོའི་གདན། །མི་འཇིགས་སེང་གེའི་གདན་དང་ལྡན། །རྫུ་འཕྲུལ་རྐང་པ་རྟ་ཡི་གདན། །དབང་བཅུ་ཐོབ་པ་རྨ་བྱའི་གདན། ། ཐོགས་མེད་ཤུགས་ལྡན་མཁའ་ལྡིང་གདན། །འདོད་དགུ་འབྱུང་བ་རིན་ཆེན་གདན། །སྐྱོན་གྱིས་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཉི་ཟླའི་གདན། །གདན་རྣམས་མྱུར་དུ་ཐོབ་པར་ཤོག །ཅེས་པ་རྣམས་མཆོད་རྟེན་གྱི་མངའ་དབུལ་ལོ། །ཤིས་བརྗོད་ནི། དེ་ནས་རྟེན་ལ་མེ་ཏོག་གི་ཕྲེང་བ་བཏགས་པའི་སྣ་ནས། སློབ་དཔོན་གྱི་ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་བཟུང༌། དེའི་སྣ་ནས་གཞན་གྱིས་ཀྱང་བཟུང༌། ཐམས་ཅད་ཀྱིས་ལག་ཏུ་མེ་ཏོག་བཟུང་ལ་སྐུ་གཟུགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་དང༌། གཙུག་ལག་ཁང་དང་མཆོད་རྟེན་ལ། ཨོཾ་ཧཱུཾ་ཧྲིཿ་བྷྲུཾ་ཁཾ། བཛྲཱི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷུཾ་ཁཾ། ཞེས་པ་དང༌། པོ་ཏི་ལ་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ་ཞེས་དང་། ཨོཾ་ཧཱུཾ་ཧྲིཿ་ཏྲཱཾ། ཞེས་པ་དང༌། ཐམས་ཅད་ལ་ཐུན་མོང་དུ་གསེར་དངུལ་ལམ། གྲོ་ག་ལ་ཙནྡན་དཀར་པོ་དང་། གུར་ཀུམ་གི་ཝང་ལ་སོགས་


JLD008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡེ་དྷར་ཚར་བདུན་བྲིས་ལ། ཚར་རེ་རེ་ཞིང་ལན་བདུན་ཡན་ཆད་ཅི་སྒྲུབ་པ་བཟླས་ལ། བུམ་པའི་ཆུས་བཀྲུས་ནས་བུམ་པར་བླུག །བུམ་པའི་སྟེང་དུ་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་འོད་དང་བཅས་པ་བསམ། དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་ཐམས་ཅད་བཀུག་ནས། བུམ་པའི་ཆུ་དེ་སྔགས་ཀྱི་ཕྲེང་བ་ཞུ་བ་དང་ལྷན་ཅིག་རོ་གཅིག་ཏུ་གྱུར་པར་བསམས་ལ། ལག་པས་རེག་ནས་ཡེ་དྷར་བརྒྱ་རྩ་ལ་སོགས་པ་བཟླ། རབ་ཏུ་གནས་བྱའི་རྟེན་དེའི་ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་བསྒོམ། དེའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་གནས་བྱའི་རྟེན་དེ་དང་མཐུན་པའི་གཟུགས་སུ་བྱོན་ནས་རྟེན་ལ་ཐིམ་པར་བསམ། བུམ་པའི་ཆུ་དེས་སྔར་ཁྲུས་བྱས་པའི་སྐབས་ལྟར་ཁྲུས་བྱ། གསོལ་གདབ་ཀྱི་སྐབས་ཀྱི་མེ་ཏོག་ལའང་བྲན་ནོ། །དེ་ནས་བུམ་པའི་ཆུ་དེ་མེ་ཏོག་ལ་བྲན་ལ། མེ་ཏོག་གི་ཆར་ཀུན་གྱིས་དབབ་ཅིང༌། འཇིག་རྟེན་འདི་དང་གཞན་ཡང་མཐོ་རིས་ན། །རིན་ཆེན་རྨད་བྱུང་རྒྱ་ཆེན་མཆོག་ཡོད་པ། །དེས་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ། །ཅིས་ཀྱང་གྲངས་དང་བགྲང་དང་ཆར་མི་ཕོད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེས། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཞི་འགོག་བདུད་རྩི་ཤིན་ཏུ་གྱ་ནོམ་གང་། །ཤཱཀྱ་ཐུབ་པས་མཉམ་གཞག་ཐུགས་ཆུད་པ། །ཆོས་དེ་དང་ནི་མཚུངས་པ་


JLD008_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་མིན་ཏེ། །དེ་མངོན་བྱས་ནས་ཕྱིན་ཆད་མྱ་ངན་མེད། །ངོ་མཚར xxx། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། །ཇི་ལྟར xxx། བདེན་པ xxx། རྒྱལ་བས་གང་དང་གང་ཟག་བརྒྱད་གསུངས་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ། །སྦྱིན་གནས་འདི་དག་ས་སྟེང་ཤིན་ཏུ་དཀོན། །དེ་དག་རྣམས་ལ་སྦྱིན་ན་དཔག་མེད་འགྱུར། །ངོ་མཚར xxx། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར xxx། བདེན་པ xxx། །དམ་པའི་གཙོ་བོ་མཆོག་སྦྱིན་གྱ་ནོམ་པ། །འོད་མཆོག་དཔའ་བོ་དམ་པ་མཆོག་གི་གནས། །ཤེས་རབ་དམ་པ་མཆོག་གི་དམ་པ་མཆོག །མཆོག་མིན་མཆོག་མཁྱེན་འདི་ནི་བཅོམ་ལྡན་གཅིག །ངོ་མཚར xxx། རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར xxx། བདེན་པ xxx། ཏིང་འཛིན་དམ་པ་བར་ཆད་མེད་པ་གང༌། །མཐའ་ཡས་བླ་མེད་བདེ་བར་གཤེགས་གསུང་བ། །ཏིང་འཛིན་དེ་བརྟན་རྡོ་རྗེ་དཔེར་བྱས་པ། །ཏིང་འཛིན་དེ་དང་མཚུངས་པའི་ཏིང་འཛིན་མེད། །ངོ་མཚར xxx། ཏིང་ངེ་འཛིན་གྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར xxx། བདེན་པ xxx། །ཇི་ལྟར་སྒོ་གཏན་དམ་ཞིང་རབ་དམ་སྟེ། །སྟོབས་ཆེན་རླུང་བཞི་དག་གིས་མི་བསྐྱོད་པ། །དེ་ལྟར་མཁས་པ་བདེན་བཞི་མཐོང་གནས་པ། །འཇིག་རྟེན་སྨྲ་བ་རྣམས་ཀྱིས་འདིར་མི་གཡོ།། x། དགེ་འདུན་རིན་ཆེན xxx ཐམས་ཅད་ཟིལ་གནོན་ཀུན་མཁྱེན་ཐམས་ཅད་གཟིགས། །ཐམས་ཅད་མཁྱེན་པ་སྟོབས་རྣམས་ཀུན་དང་ལྡན། །ཀུན་གྱི་དམ་པ་འཛིན་པ་ཀུན་དང་བྲལ། །བསམ་པ་


JLD008_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་འདི་ནི་བཅོམ་ལྡན་གཅིག x། །རྫོགས་པའི་x x xསྲིད་པ་འགོག་ཅིང་མི་གཡོ་འགྱུར་བ་མེད། །སྐྱོ་མེད་འཇིགས་པ་ཀུན་ལས་རྣམ་པར་གྲོལ། །ཤིན་ཏུ་འགོག་ཅིང་གྱ་ནོམ་ངེས་པར་འབྱུང༌། །ཤིན་ཏུ་དྲི་མེད་ཞི་བའི་བློས་མི་འཕྲོག x །དམ་པའི་ཆོས xx x ། ཤིན་ཏུ་སྡུག་བསྔལ་སྟོན་ཅིང་བདེ་སྦྱིན་པ། །བདེན་རྣམས་མཐོང་ཞིང་གང་རྣམས་བག་ཡོད་པ། །བདེན་པ་རིན་ཆེན་རྣམས་ལ་དོགས་བྲལ་བ། །དེ་དག་སྐྱེ་བ་བརྒྱད་པ་ཕྱིས་མི་ལེན། x །དགེ་འདུན་རིན་ཆེན་ xxx དམ་པ་རྣམས་ཀྱིས་དམ་པ་དོན་དམ་མཁྱེན། ། མཆོག་དང་མཆོག་མིན་མཁྱེན་ཅིང་དོན་དམ་བརྩོན། །གཞན་གྱིས་མི་འཕྲོག་དམ་པ་ཐུགས་ཆུད་རྟོགས། །ཤིན་ཏུ་སྡུག་བསྔལ་རྣམས་ཀྱི་དཔུང་གཉེན་མཆོག། x །རྫོགས་པའི་xxx འདུན་པ་བསྐྱེད་ནས་རྣལ་འབྱོར་ལྡན་གྱུར་ཅིག །གོ་ཏམ་བསྟན་ལ་རྟག་བརྩོན་རབ་གྲོལ་ཞིང༌། །གཞན་གྱིས་མི་བརྫི་བ་དག་ཞི་དེར་རེག །འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། x །དམ་ཆོས་ xxx བདེན་པ་མཐོང་བས་བརྗེད་པས་བརྒྱ་ལམ་ན། །གལ་ཏེ་སྡིག་པ་འགའ་ཞིག་བྱས་གྱུར་ཀྱང༌། །དེ་ནི་དེ་འཆབ་པ་ཡི་འོས་མིན་ཏེ། ། ཆོས་ཉིད་འདི་ནི་མི་གཡོ་གནས་ཕྱིར་རོ། x །དགེ་འདུན་ xxx ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་དང་ནི་ལྷག་པའམ་མཚུངས་པ་མེད། །ལྷ་དང་མི་ཡི་སྟོན་པ་བླ་ན་མེད། །སྟོན་པ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག x །


JLD008_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་8-9-27ax x x ས་ག་ཟླ་བའི་དང་པོར་ཐུབ་པ་ཡིས། །ནགས་ཁྲོད་ཆོས་ཀྱི་དམ་པར་རབ་བརྙེས་པ། །ཆོས་དེ་དང་ནི་མཚུངས་པའམ་ལྷག་པ་མེད། །འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། x །དམ་པའི་ཆོས་ x x x སྡིག་པ་སྙིང་ཟད་གསར་དུ་བྱས་མེད་ལ། །རིམས་ནད་མེད་པས་འཇིགས་མེད་མྱ་ངན་བྲལ། །རྩ་བ་འགགས་པས་སྲིད་པ་མི་བསྐྱེད་པ། །བསྟན་པ་མར་མེ་བཞིན་དུ་འབར་བར་འགྱུར། x །དགེ་འདུན x x x ཞེས་དང་གཞན་ཡང་བཀྲ་ཤིས་མང་དུ་བརྗོད་ཅིང་གླུ་དང་རོལ་མོ་ལ་སོགས་པ་དཔག་ཏུ་མེད་པ་བྱའོ། །དེ་ནས་བརྟན་བཞུགས་བྱ་བ་ནི། སྐུ་གཟུགས་ལ་སོགས་པ་རྣམས་སྐུ་གཟུགས་ཀྱི་སུམ་འགྱུར་གྱི་ཆའི་ཚད་ཀྱི་ཁྲི་རྒྱབ་ཀྱི་སྟེང་དུ་མ་བུབ་ཅིང༌། ཡ་ཡོ་མེད་པར་སྤྱན་དྲང་པོར་གཟིགས་པའི་ཚུལ་གྱིས་མཛེས་པར་དགོད། དེས་མཚོན་ནས་བྲིས་སྐུ་གླེགས་བམ་སོགས་ཀྱང་རང་གནས་སུ་སྤྱན་དྲངས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ། ཞེས་བརྗོད་མེ་ཏོག་ལ་སོགས་པས་མཆོད་ནས། ཐལ་མོ་སྦྱར་ལ། རབ་གནས་མདོར་བསྡུས་པའི་ཆོ་གའི་རྒྱུད་ལས། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། ། དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུག་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གིས་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་དང༌། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་


JLD008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྣམས་ལ། །རྗེས་སུ་བརྩེ་བར་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་རློབ་ཅིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་དང༌། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དེ་སྲིད་དུ། མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ས་དང་ཆུ་དང་མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཞེས་ལན་གསུམ་བརྗོད། དེ་ནས། བདེ་གཤེགས་ཀུན་བཟང་མཐོང་བའི་བཀྲ་ཤིས་ལྟར། །རྒྱལ་བ་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམས་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང༌། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང༌། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཅེས་བརྗོད་དེ་ཡིག་


JLD008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལན་བདུན་བཟླས་ལ། གསང་འདུས་ཀྱི་རབ་གནས་ལས། མགོན་པོ་བསྐལ་པ་ཇི་སྲིད་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང༌། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེས་ནི་འགྲོ་དོན་ཀུན་ནས་མཛོད། །ཅེས་གསོལ་བ་བཏབ་ལ། ལས་ཐམས་ཅད་པ་ཟློས་ཤིང༌། སྐུ་གཟུགས་ལ་སོགས་པའི་སྟོད་དང་དབུས་དང་སྨད་ཀྱི་ཆ་རྣམས་ལ་ལག་པ་གཡས་པས་རྡོ་རྗེ་སྟེང་དུ་གསོར་བས་ལན་གསུམ་བསྐོར་ནས་བརྟན་པར་བྱའོ། །བསྟོད་པ་ནི། དེ་ནས་སྔར་བཤད་པའི་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་པའམ། ཡང་ན། ཧཱུཾ། སྣང་སྟོང་རྡོ་རྗེ་ན་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉེད་ཡེ་ཤེས་རྡོ་རྗེའི་སྐུ། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་བསྐྱོད་པའི་རླུང༌། །བྱ་སྒྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལ། །ཞེས་བསྟོད། སྦྱང་བ་ནི་ད་ནས་ལྷག་ཆད་ཀྱི་ཉེས་པ་སྦྱང་བའི་ཕྱིར།


JLD008_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བརྒྱ་པ་ལན་བདུན་བརྗོད་ལ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་སོགས་རང་རང་གི་དཀྱིལ་ཆོག་བཞིན་བྱའོ། །བཟོད་གསོལ་ནི། དེ་ནས་གང་ཡང་བདག་བློ་སོགས་དང༌། མ་རྙེད་ཡོངས་སུ་ནས། དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་བརྗོད་པས་བཟོད་པར་གསོལ། །ཆོས་སྐྱོང་བསྒོ་བ་ནི་དེ་ནས་རང་གི་ཆོས་སྐྱོང་དང་གཙུག་ལག་ཁང་རྙིང་པ་ཡིན་ན། དེའི་སྒོས་ཀྱི་ཆོས་སྐྱོང་རྣམས་ལ་གཏོར་མ་ཕུལ་ནས་མཉེས་པར་བྱ། ཕྱོགས་སྐྱོང་གི་གཏོར་མ་དང་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་ལ། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། མེ་དང་ས་ཆུ་རླུང་རྣམས་ལས། །སྐུ་གཟུགས་ཡུན་རིང་བསྲུང་དུ་གསོལ། །ཡོན་བདག་འདི་ནི་དེ་སྲས་སོགས། །སློབ་མ་རྣམས་དང་བདག་ལ་ཡང༌། །ཀུན་ནས་ཞི་དང་རྒྱས་པ་དང༌། །རྟག་ཏུ་བཀྲ་ཤིས་མཛད་དུ་གསོལ། །རབ་ཏུ་གནས་པར་བྱ་བའི་རྟེན་འདི་རྣམས་ལ་ཁྱེད་ཀྱིས་བསྲུང་བ་དང༌། སྐྱོབ་པ་དང༌། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་ཆད་པར་གྱིས་ཤིག །བདག་དང་ཡོན་བདག་འཁོར་དང་བཅས་པ་ལའང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བ་དང༌། ཆོས་དང་མཐུན་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཅེས་བསྒོའོ། །དེ་ནས་ཡོན་བདག་བསྒོ་བ་ནི། སྦྱིན་བདག་གི་མདུན་དུ་མཆོད་པ་ཚར་གཅིག་བཤམས་ལ། རབ་གནས་ཀྱི་ཆོ་ག་མདོར་བསྡུས་པའི་རྒྱུད་ལས། ཁྱེད་ཀྱིས་ངེད་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་


JLD008_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ། །ཇི་ལྟར་གསུངས་པ་རབ་གནས་པ། །དེ་དག་དོན་ནི་ངས་བྱས་པས། ། དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཞེས་པ་དང་ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པ་བཞིན་དུ་རབ་ཏུ་གནས་པ་ལེགས་པར་ཚར་བར་བྱས་ཀྱི་ཁྱོད་ཀྱིས་རྟེན་འདི་ལ་མཆོད་པ་ཆེན་པོ་རྒྱུན་མ་ཆད་པར་ཞག་བདུན་གྱི་བར་དུ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མ་ཆད་པར་གྱིས་ཤིག །ཅེས་བགོའོ། །དེ་ནས་མཆོད་རྫས་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ལ། ཡོན་བདག་འབུལ་དུ་གཞུག། །ཡོན་བདག་བུམ་ཆུས་བསངས་ལ། ཡི་དམ་གྱི་ལྷར་བསྒོམ་སྟེ་བསྐོར་བ་དང༌། མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་ལ་ཕྱག་བྱེད་དུ་གཞུག །སློབ་དཔོན་གྱིས་བཀྲ་ཤིས་ཀྱི་རྫས་རྣམས་སྣོད་གཙང་མར་བསགས་ལ། བསང་སྦྱང་སྔོན་དུ་འགྲོ་བས། རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་ཀྱི་རྫས་སུ་གྱུར་པར་བསམས་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་ཏེ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་བཞིན་དུ། དེང་འདིར་ཡང་སྦྱིན་བདག་འཁོར་དང་བཅས་པ་རྣམས་ཀྱང་མེ་ལོང་གི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་གྱུར་ཅིག། རཏྣ་ཤཱནྟི་པས་མཛད་པའི་རྣམ་འཇོམས་ཀྱི་ཆོ་ག་ལས། མེ་ལོང་ཡེ་ཤེས་ཆེན་པོས་རྒྱ་མཚོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །


JLD008_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ཅེས་དང༌། ཚིག་ལྷུག་གི་ཐོག་མཐའ་གཉིས་སྔར་བཞིན་སྦྱར་ལ། གླང་པོ་ཆེ་ནོར་སྐྱོང་གིས་གི་ཝང་ཕྱག་ཏུ་ཞེས་དང༌། གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་ཏེ་ཞེས་དང༌། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག། །རྩྭ་ཚོང་གི་ཁྱེའུ་བཀྲ་ཤིས་ཀྱིས་རྩ་དུར་བ་ཕྱག་ཏུ་ཕུལ་ཏེ་ཞེས་དང༌། དུ་རྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག །ལྷ་ཚངས་པས་ཤིང་ཏོག་བི་ལྦ་ཕྱག་ཏུ་ཕུལ་ཏེ་ཞེས་དང༌། བི་ལྦ་རྒྱུན་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་ཏེ་ཞེས་དང༌། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡི། །


JLD008_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག། །བྲམ་ཟེ་སྐར་རྒྱལ་གྱིས་སྨན་ལི་ཁྲི་ཕྱག་ཏུ་ཕུལ་ཏེ། ཞེས་དང༌། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །གསང་སྔགས་དང་རིག་སྔགས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་ཀར་ཕྱག་ཏུ་ཕུལ་ཏེ་ཞེས་དང༌། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །ཅེས་བརྗོད་ཅིང་། བཀྲ་ཤིས་ཀྱི་རྫས་རྣམས་རབ་གནས་ཀྱི་ལྷ་ལ་འབུལ་བའི་ཚུལ་དུ་བྱ་ཞིང་བླ་མ་དང་ཡོན་བདག་གྲལ་ལ་གནས་པ་རྣམས་ཀྱིས་ཀྱང་བཀྲ་ཤིས་ཀྱི་རྫས་ལ་རེག་པས་བཀྲ་ཤིས་ཀྱི་རྫས་དེ་དག་གིས་བཀྲ་ཤིས་པར་འགྱུར་རོ། །དེ་ནས་དགེ་རྩ་བྱང་ཆུབ་ཏུ་བསྔོས་ལ་རང་རང་གི་དཀྱིལ་ཆོག་བཞིན་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱས་ལ། རྡུལ་ཚོན་ཡིན་ན་གཤེགས་གསོལ་དང༌། རས་བྲིས་ཡིན་ན་བརྟན་བཞུགས་བྱའོ། །དེ་ནས་དགེ་འདུན་ལ་བསྙེན་བཀུར། སྐྱེ་བོ་ལ་སྟོན་མོ་སོགས་བྱ་ཞིང༌། སློབ་དཔོན་སོགས་ལ་བསྙེན་བཀུར་བྱས་ལ་སྔར་གྱི་ཙཱ་རུའི་བཟའ་བ་ལྷ་ལ་ཕུལ་བའི་ལྷག་མ་དག་ཐམས་ཅད་ལ་ཁྱབ་པར་བྲིམ་ཞིང༌། བདེ་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་སྡིག་པ་བྱང་བར་འགྱུར་ཞེས་བརྗོད་དོ། །


JLD008_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀྱིལ་འཁོར་མཆོད་པའི་ཡོ་བྱད་ཐམས་ཅད་བླ་མ་ལ་དབུལ་ཞིང་ཅི་འབྱོར་བའི་ཡོན་གྱིས་མཉེས་པར་བྱ་བ་སྟེ་མཇུག་གི་ཆོ་གའོ། །རབ་གནས་རྒྱས་པ་བྱ་བའི་ཚུལ་བསྟན་ཟིན་ཏོ། །རབ་གནས་འབྲིང་པོ་ཇི་ལྟར་བྱ་བའི་སྡོམས་ནི། བདག་བསྐྱེད་བུམ་པ་ལྷག་གནས་བྱ། །ཁྲུས་སྟེགས་རྒྱན་འདྲི་མངའ་དབུལ་འདྲི། །གསོལ་གདབ་སེམས་བསྐྱེད་རྟེན་བསྐྱེད་དེ། །སྟན་ལ་རྟེན་བཞག་ཆུ་བཞི་དབུལ། །གཏོར་མ་ཡུངས་ཆུ་ཁམ་ཕོར་ལྕི། །ཟན་ཆངས་རས་ཀྱིས་བྱབས་ནས་ནི། །ཉེ་རེག་མཆོད་བདུག་སྦྱང་བའོ། །སྙན་གསན་བདུད་རྩི་བ་བྱུང་ཆུ། །ཤིང་ཤུན་འབྲུ་མར་སྐྱུ་རུ་ར། །ཡུངས་དྲི་ལྔ་ཡི་ཕྱེ་མ་རྣམས། །དུར་སྔོན་པིར་གྱིས་བྱུགས་ནས་སུ། །ལྷ་རྣམས་སྤྱན་དྲངས་བཀྲ་ཤིས་གླུ། །སྔོན་བྱས་ལྷ་ཡི་བུམ་པའི་ཆུས། །བཀྲུ་དབྱི་དྲི་དང་གོས་རྒྱན་ཁྲུས། །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །གསོལ་གདབ་དམ་ཚིག་པ་ལ་གཞུག། །དབང་ལྷ་སྤྱན་དྲངས་མཆོད་ནས་ནི། །དབང་བསྐུར་རིགས་བདག་གིས་རྒྱས་གདབ། །མཆོད་བསྟོད་གོས་རྒྱན་མེ་ལོང་བསྟན། །སྦྱིན་སྲེག་དབུལ་ཞིང་སྤྱན་དབྱེ་སོགས། །ཞལ་བསིལ་མཆོད་ཡོན་སོ་རྩི་དབུལ། །དམ་བསྒྲགས་གཟུགས་བསྒྱུར་མངའ་དབུལ་བྱ། །མངའ་དབུལ་བྱེད་པའི་གོ་རིམ་ནི། །ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱད་ཁྲུས་གོས་རྒྱན། །འདོད་ཡོན་རིན་ཆེན་བདུན་དང་བཅུད། །གདུགས་


JLD008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འབྲུ་དང་རིན་ཆེན་ལྔ། །སྨན་དང་བཀྲ་ཤིས་སྤྱི་ཡི་འོ། །སྤུ་གྲི་འདྲེག་སྤྱད་སོ་མངས་དང༌། །ཤངས་དབྱེ་ཚེམས་ཤིང་སྙན་ཞལ་དབྱེ། །ཁྲི་གོས་གླེགས་ཤིང་གླེགས་ཐག་གོ། སྲོག་ཤིང་འཁོར་ལོ་ཅོན་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཤིས་བརྗོད་བརྟན་བཞུགས་བསྟོད་དང་སྦྱོང་། །བཟོད་གསོལ་ཆོས་སྐྱོང་ཡོན་བདག་བསྒོ། །ཡོན་དབུལ་འབྲིང་གི་ཆོ་གའོ། །དེ་ལྟར་ཆོ་ག་མཐུན་པ་རྣམས། །ལན་ཅིག་བྱས་ནས་ཉིན་གཅིག་ཀུན། །སྦྱིན་བདག་འབྱོར་བ་དམན་ན་བྱ། །འབྱོར་ལྡན་ལ་ནི་སྔར་བཤད་བཞིན། །ཀུན་བྱེད་ཆོ་ག་རྒྱས་པའོ། །རབ་གནས་འབྲིང་པོའི་སྐབས་ཀྱི་བཀྲ་ཤིས་གླུ་ཞེས་པ་ནི། བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་པ་རྣམས་བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་བདེ་ལེགས་ཤོག། ། ཅེས་པར་བསྒྱུར་རོ། །དབང་ལྷ་སྤྱན་དྲངས་མཆོད་ནས་ནི། །ཞེས་པའི་དབང་ལྷ་སྤྱན་དྲང་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་དཀར་པོས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་བསམ་མོ། །མཆོད་ནས་ནི། ཞེས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་


JLD008_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཨཱཿ་ཧཱུཾ་གིས་མཆོད་ཡོན་དང༌། དེ་བཞིན་དུ་ཞལ་བསིལ་དང༌། ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། དབང་བསྐུར་རིགས་བདག་གིས་རྒྱས་གདབ་ཅེས་པ་ནི། ཇི་ལྟར་བལྟམས་པ་སོགས་ཀྱི་ཚིགས་བཅད་དང༌། ཨོཾ་སརྦ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་དབང་བསྐུར་དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་རྡོ་རྗེ་འཆང་མི་བསྐྱོད་པ་རྣམ་སྣང་རིན་འབྱུང་འོད་དཔག་མེད་དོན་གྲུབ་སྟེ་རིགས་དྲུག་པ་མི་བསྐྱོད་པའམ་རྡོ་རྗེ་འཆང་དང་། སྤྱན་མ་ལ་སོགས་རྣམ་སྣང་གི་རིགས་ལ་རྣམ་སྣང༌། མཱ་མ་ཀཱི་སོགས་རིན་འབྱུང་གི་རིགས་ལ་རིན་འབྱུང༌། གོས་དཀར་མོ་སོགས་པདྨའི་རིགས་ལ་འོད་དཔག་མེད། སྒྲོལ་མ་སོགས་ལས་ཀྱི་རིགས་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་བསམ་མོ། །སྡོམས་ཀྱི་དོན་གཞན་རྣམས་ནི་སྔར་རབ་གནས་རྒྱས་པའི་སྐབས་སུ་བཤད་པ་བཞིན་བྱའོ། །རབ་གནས་བསྡུས་པའི་སྡོམས་ནི། སྔོན་འགྲོ་གཏོར་མ་མཆོད་རྫས་རྣམས། །བསང་སྦྱངས་བསྐྱེད་ནས་བྱིན་གྱིས་བརླབས། །བདག་བསྐྱེད་རྟེན་བསྐྱེད་སྦྱང་བ་བྱ། །སྐུ་སོགས་བྱིན་བརླབ་ཡེ་ཤེས་དྲང༌། །བསྐྲད་གཞུག་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་རིགས་བདག་གིས་རྒྱས་གདབ། །སྤྱན་དབྱེ་མཆོད་བསྟོད་གཟུགས་བསྒྱུར་བྱ། །མདའ་དབུལ་ཤིས་བརྗོད་བརྟན་བཞུགས་བྱ། །སླར་ཡང་


JLD008_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པ་བརྗོད་པའོ། །གྲུབ་ན་བདག་བསྐྱེད་བསྒོམས་ནས་བུམ་པ་བསྒྲུབ། སྦྱང་བའི་སྐབས་སུ་སྦྱང་བ་རྒྱས་པའམ། མ་གྲུབ་ན་སྔར་ལྟར་གཏོར་མ་བཏང་ལ། ཏིང་ལེ་དང་ཆངས་བུ་སྦྲགས་ལ་རྟེན་ལ་བསྐོར་ནས་རྡོ་རྗེ་གསོར་ཞིང་སུམྦྷ་ནི་བརྗོད། དེའི་རྗེས་སུ་དྲག་པོའི་སྔགས་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ་པ་སོགས་བྱེད་དེ་ཙམ་ཡང་མ་གྲུབ་ན་ལས་ཐམས་ཅད་པ་བརྗོད་པས་བགེགས་བསྐྲད་པར་བསམ་མོ། །སྦྱང་བའི་རྗེས་སུ་བཀྲུ་བ་དང་ཕྱི་བ་རྒྱས་བསྡུས་གང་རུང་བྱས་ལ། སྐུ་སོགས་བྱིན་གྱིས་བརླབ་བོ། །རིགས་བདག་གིས་རྒྱས་གདབ་པ་ནི། ལྷ་གང་དུ་བསྐྱེད་ཀྱང་མི་བསྐྱོད་པར་རྒྱས་བཏབ་པས་ཆོག་གོ། ཞེས་པ་འདི་རྒྱལ་བའི་གསུང་རབ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་སྣ་ཚོགས་ནས་ཕྱོགས་ཐམས་ཅད་དུ་རྒྱས་པར་མཛད་པ། ཆོས་ཀྱི་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱི་གསུང་བགྲོས་ལྟར། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་ཡི་གེར་བཀོད་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། མངྒ་ལཾ།།


previousརབ་གནས་རྒྱས་པའི་ཟིན་བྲིས།next