Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  collapse section
བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ།
   
   
   
   
   
   


 
previousབདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ།next

བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ།

ཤོག་ལྷེབ་ ༤༠༣ ནས་ ༥༠༠ བར།


JLD008_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ཞེས་བྱ་བ་བཞུགས་སོ།།


JLD008_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ཞེས་བྱ་བ། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཨིནྡྲ་ནཱི་ལའི་རི་བོ་ཆེན་པོ་ལ། །མཚམས་སྤྲིན་གཞོན་ནུས་འཁྱུད་པ་ལྟ་བུ་ཡི། །དཔལ་ཆེན་ཧེ་རུ་ཀ་དང་རྗེ་བཙུན་མའི། །ཞབས་ཀྱི་པདྨར་གུས་པས་ཕྱག་འཚལ་ལོ། །བརྩེ་བས་བསྐྱོད་པའི་རྫུ་འཕྲུལ་ཤུགས་ཀྱིས་ནི། །ལམ་འདིའི་སྒྲུབ་པ་པོ་ནི་གང་ན་གནས། །དེར་ནི་བྱོན་ནས་རྟག་ཏུ་གྲོགས་མཛད་པ། །སྙིང་པོའི་རྣལ་འབྱོར་མ་ལ་བདག་ཕྱག་འཚལ། །


JLD008_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པུལླི་ར་སོགས་གནས་མཆོག་ཉེར་བཞི་ན། །སྤྲུལ་པའི་སྐུ་ཡི་སྣང་བ་མ་བསྡུས་པར། །སྒྲུབ་པ་པོ་ལ་རྟག་ཏུ་བྱིན་རློབ་པའི། །དཔའ་བོ་རྣལ་འབྱོར་མ་ཡིས་བྱིན་གྱིས་རློབས། །བསམ་མི་ཁྱབ་ཀྱི་མཐུ་སྟོབས་ཆེན་པོ་ཡིས། །སྒྲུབ་པ་པོ་ལ་འཚེ་བའི་བགེགས་འཇོམས་པ། ། སྒོ་མཚམས་མ་ལ་གུས་པས་བདག་འདུད་ཀྱིས། །མངོན་པར་འདོད་པའི་དོན་རྣམས་འགྲུབ་པར་མཛོད། །གང་གི་ཐུགས་རྗེ་ཆེན་པོས་བསྐྱོད་པའི་སྤྱན་རས་གཡོ་བའི་ཆ་ཤས་སྙིང་ལ་ཞུགས་པས་ཀྱང༌། །ཐོག་མ་མེད་ནས་རྗེས་སུ་ཞུགས་པའི་རྨོངས་པའི་དྲ་བ་དམ་པོའི་འཆིང་བ་རབ་བཅད་ནས། །ཡིད་ནི་རྒྱལ་བའི་གསུང་རབ་རྣམས་ལ་ཆོས་ཀྱི་རྒྱལ་སྲིད་


JLD008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བའི་དགའ་བདེ་ལ་རོལ་པའི། །ངོ་མཚར་མཛད་པས་འགྲོ་བ་དབུགས་འབྱིན་མཛད་པའི་འཇམ་དབྱངས་བླ་མ་དེ་ཡིས་བྱིན་གྱིས་རློབས། །དཔལ་ལྡན་ཧེ་རུ་ཀ་ཡི་ཞབས་པད་ལ། །གང་གིས་རེག་པའི་གྲུབ་ཆེན་རྣམས་ཀྱི་ལུགས། །ཇི་བཞིན་འཛིན་མཛད་ནཱ་རོ་ཏ་པ་སོགས། །རྒྱ་བོད་མཁས་པའི་བླ་མ་རྣམས་ལ་འདུད། །དངོས་གྲུབ་རིན་ཆེན་ཀུན་གྱི་གཏེར། །མན་ངག་དུ་མའི་རླབས་ཕྲེང་འཁྲིགས། །བདེ་མཆོག་སྦས་ཆུའི་རྒྱ་མཚོ་ལ། །བདག་འདྲས་རྒལ་བར་ག་ལ་ནུས། །དེ་ལྟ་ན་ཡང་མཁས་ལས་རིམ་བརྒྱུད་པའི། །ལེགས་པར་བཤད་པས་རྩ་རྒྱུད་བཤད་པའི་རྒྱུད། །ཇི་བཞིན་སྦྱོར་ལ་བློ་གྲོས་སྣང་བ་ནི། །ཅུང་ཟད་རྙེད་པས་འདིར་ནི་སྤྲོ་བར་གྱུར། །ཚུལ་འདི་རྣམ་དཔྱོད་རབ་ཡངས་དོན་གཉེར་ཅན། །དེ་དག་རྣམས་ཀྱི་མིག་གི་བདུད་རྩི་དང༌། །རྣ་བར་གཏམ་སྙན་འཕྲིན་དང་ཡིད་ལ་ནི། །རྨད་བྱུང་དགའ་བ་རབ་ཏུ་རྒྱས་བྱེད་དེ། །སྦས་པའི་རྒྱུད་དོན་ལྟ་བའི་མེ་ལོང་ངོ༌། །འདིར་འཛམ་བུའི་གླིང་འདི་ཉིད་ཀྱི་ཡུལ་ཉི་ཤུ་རྩ་བཞི་སོགས་ན། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་སྤྲུལ་པའི་དཀྱིལ་འཁོར་སྤྲུལ་པ་ད་དུང་ཡང་བཞུགས་པས། ནུས་པ་དང་ཡོན་ཏན་ཐམས་ཅད་མྱུར་དུ་འཐོབ་ཅིང༌། དུས་ཀྱི་མཐར་ཡང་ནུས་པ་མི་ཉམས་པར་ཐོགས་པ་མེད་པར་འབྱུང་བའི་ཕྱིར། བྱིན་རླབས་ཅན་དུ་གྲགས་པའི་དཔལ་འཁོར་ལོ་སྡོམ་པར་བརྗོད་པ། བདེ་མཆོག་བསྡུས་པའི་རྒྱུད་གཏན་ལ་འབེབས་པ་ལ་གསུམ། སྔོན་དུ་གསུང་རབ་སྤྱིའི་རྣམ་པར་བཞག་པ་དང༌། བྱེ་


JLD008_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཏུ་བདེ་མཆོག་གི་རྒྱུད་རྣམས་ཀྱི་རྣམ་པར་བཞག་པ་དང༌། ཉུང་ངུའི་རྩ་རྒྱུད་བཤད་པ་ལ་ཇི་ལྟར་འཇུག་པའོ། །དང་པོ་ལ་རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ་དང༌། དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་བསྟན་པ་རྣམས་ནི་རྒྱས་པར་རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་བཤད་ཅིང༌། ཕ་རྒྱུད་དང་མ་རྒྱུད་གཉིས་ཀྱི་རྣམ་པར་བཞག་པ་ནི་གསང་བ་འདུས་པའི་མཐའ་དཔྱོད་ཀྱི་སྤྱི་དོན་སོགས་སུ་རྒྱས་པར་བསྟན་ཟིན་པས་འདིར་མ་སྤྲོས་སོ། །གཉིས་པ་ལ་གསུམ། རྩ་བཤད་དང་ཆ་མཐུན་གྱི་རྒྱུད་ངོས་གཟུང་བ་དང༌། བདེ་མཆོག་གི་རྒྱུད་གསུངས་པའི་གནས་དང་དུས་བསྟན་པ་དང༌། བཤད་རྒྱུད་ཀྱིས་རྩ་རྒྱུད་ཇི་ལྟར་བཤད་པའོ། །དང་པོ་ལ་གཉིས། རྩོད་མེད་ཀྱི་རྒྱུད་ངོས་གཟུང་བ་དང༌། བཤད་རྒྱུད་རྩོད་པ་ཅན་རྣམས་བསྟན་པའོ། །དང་པོ་ནི། འདིར་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་གྱི་རྒྱུད་རྩོད་མེད་རྣམས་ཀྱི་རྣམ་གཞག་རགས་པ་ཅིག་བརྗོད་ན། སློབ་དཔོན་རྡོ་རྗེས་རྩ་བའི་རྒྱུད་ལེའུ་འབུམ་པ། རྒྱུད་ཕྱི་མ་ནམ་མཁའ་དང་མཉམ་པ་ཤོ་ལོ་ཀ་འབུམ་པ། ཕྱི་མའི་ཕྱི་མ་ལེའུ་ལྔ་བཅུ་རྩ་གཅིག་ཤོ་ལོ་ཀ་བདུན་བརྒྱ་པའོ། །ཞེས་བཤད་ལ། བོད་ཀྱི་བླ་མ་ཁ་ཅིག་ཀྱང་དེ་ལྟར་བཞེད་མོད་ཀྱང་ཁུངས་ཐུབ་པའི་ཤེས་བྱེད་ནི་མི་སྣང་ངོ༌། །དེས་ན་མཁའ་འགྲོ་རྒྱ་མཚོ་ལས། དེ་ལྟར་དེས་བརྗོད་འབུམ་གསུམ་ལས། །ཕྱུང་བ་བདེ་མཆོག་ཉུང་ངུ་སྟེ། །ཨ་ཡིག་ལ་སོགས་ཀྵ་


JLD008_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་ཁོ་ན་ཉིད་ལྡན་པར་སྦྱར། །ཞེས་བདེ་མཆོག་ཉུང་ངུའི་བསྡུས་རྒྱུད་མངོན་བརྗོད་འབུམ་ཕྲག་གསུམ་ལས་ཕྱུང་བར་བཤད་དོ། །ཀུན་སྤྱོད་ལས། འབུམ་དུ་བརྗོད་པའི་རྒྱུད་ལས་ནི། །བདེ་མཆོག་བཏུས་པར་གྱུར་པ་དང༌། །ནམ་མཁའ་དང་ནི་མཉམ་པའི་རྒྱུད། །འབུམ་གཅིག་ན་ཡང་འདི་དག་བཤད། །ཅེས་ནམ་མཁའ་དང་མཉམ་པའི་རྒྱུད་འབུམ་ཕྲག་གཅིག་ཏུ་བཤད་པ་ནི་སྔ་མ་དང་མཐུན་ལ། འབུམ་ཕྲག་གཅིག་པའི་མངོན་བརྗོད་ལས་བདེ་མཆོག་ཉུང་ངུའི་རྒྱུད་བཏུས་པར་བཤད་དེ། ཉུང་ངུའི་རྒྱུད་གང་ལས་བཏུས་པའི་མངོན་བརྗོད་འབུམ་པ་དང༌། ནམ་མཁའ་དང་མཉམ་པའི་རྒྱུད་གཉིས་སོ་སོར་གསུངས་སོ། །དེ་ལྟར་གཉིས་བཤད་པ་ནི། ཧེ་རུ་ཀ་མངོན་འབྱུང་ལས། འབུམ་ཕྲག་འབུམ་ཕྲག་གསུམ་ལས་བཤད། །རྒྱུད་ཀྱི་སྙིང་པོ་བསྡུས་པ་ཡིན། །ཞེས་པའི་འགྲེལ་པ་ལས། མངོན་སྤྱོད་རྒྱས་པ་འབུམ་ཕྲག་གསུམ་པ་དང༌། བསྡུས་པ་འབུམ་ཕྲག་གཅིག་པར་བཤད་པས་མི་འགལ་ཞེས་གསུངས་པ་ལྟར་ཡིན་པས་རྩ་རྒྱུད་རྒྱས་པ་ལ་མི་འདྲ་བ་གཉིས་ཡོད་དོ། །རྩ་རྒྱུད་ལས། རིག་པ་རྒྱ་མཚོ་ལས་ཇི་བཞིན། །དཔའ་བོས་མདོར་བསྡུས་གསུངས་པ་ཡིན། །ཞེས་གསུངས་པའི་རིག་པ་རྒྱ་མཚོ་ནི། རྒྱལ་བ་བཟང་པོ་དང་དཔའ་བོ་རྡོ་རྗེས་རྒྱུད་ཆེན་པོར་བཤད་ལ། བོད་ཁ་ཅིག་རྩ་རྒྱུད་འབུམ་ཕྲག་གཅིག་པར་འཆད་དོ། །དེ་རྣམས་ལས་ད་ལྟ་ནི་ཕྱོགས་འདིར་ཉུང་ངུའི་རྩ་རྒྱུད་


JLD008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ང་གཅིག་པ་ཁོ་ནའོ། །བཤད་རྒྱུད་མང་པོ་ཡང་རང་རང་གི་རྒྱུད་རྒྱས་པ་ལས་བསྡུས་པའི་བསྡུས་རྒྱུད་ཡིན་པས་བསྡུས་རྒྱུད་གང་ཡིན་རྩ་རྒྱུད་མིན་ཡང་ང་གཅིག་པ་ལྟ་བུ་ནི་རྩ་རྒྱུད་དོ། །བཤད་པའི་རྒྱུད་ནི་དཀའ་རྒྱལ་ཟླ་བས། མཁའ་འགྲོ་འབྱུང་དང་ཀུན་སྤྱོད་དང༌། །དེ་བཞིན་མཚན་མཆོག་བླ་མའི་རྒྱུད། །ཁ་སྦྱོར་རྒྱུད་དང་བཞི་པོ་ནི། །བཤད་པའི་རྒྱུད་དུ་ཤེས་པར་བྱ། །ཞེས་གསུངས་པའི་མཁའ་འགྲོ་ནི་རྡོ་རྗེ་མཁའ་འགྲོ་དང༌། བླ་མ་ནི་མངོན་བརྗོད་བླ་མ་དང༌། ཁ་སྦྱོར་ནི་སམ་བྷུ་ཊ་དང༌། འབྱུང་བ་ལ་སྤྱིར་ཧེ་རུ་ཀ་མངོན་འབྱུང་དང༌། ཕག་མོ་མངོན་འབྱུང་དང༌། སྡོམ་པ་འབྱུང་བ་གསུམ་ཡོད་ཀྱང༌། བཤད་རྒྱུད་དུ་བྱས་པའི་འབྱུང་བ་ནི་འཆད་པར་འགྱུར་རོ། །དེ་ལྟར་བྱས་ན་བཤད་རྒྱུད་ལྔ་ཡོད་པས། རྒྱུད་དང་ཞེས་པའི་དང་ནི་སོ་སོར་འབྱེད་པའི་དང་དུ་བྱའོ། །ཇོ་བོའི་འགྲེལ་པར་བཤད་རྒྱུད་བཞིར་བཤད་པའི་གསུམ་ནི་འབྱུང་བ་དང༌། མངོན་བརྗོད་དང༌། རྡོ་རྗེ་མཁའ་འགྲོར་བཤད་ལ། བཞི་པ་ནི་ཀུན་སྤྱོད་ལ་བྱེད་པ་དགོངས་པའོ། །ནཱ་རོ་པའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ཞེས་པཎྜི་ཐང་ཆུ་བའི་བླ་མ་ནི། རྣལ་འབྱོར་མ་བཞི་ཞལ་སྦྱོར་བ་དང༌། མཁའ་འགྲོ་རྒྱ་མཚོ་གཉིས་ལྔའི་སྟེང་དུ་བསྣན་ནས་བཤད་རྒྱུད་བདུན་དུ་བྱེད་ཟེར། བོད་ཀྱི་མཁས་པ་དག །སྡོམ་འབྱུང་འགྲེལ་པར་བསྡུས་རྒྱུད་ཡིན་ལ་རྒྱུད་ཕྱི་མའང་ཡིན། བཤད་རྒྱུད་ཀྱང་ཡིན་པར་བཤད་པས་སྡོམ་


JLD008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དང༌། ཕག་མོ་མངོན་འབྱུང་ནི་རྒྱུད་ཉིད་ལས། བཤད་རྒྱུད་དུ་བཤད་པས་དེ་གཉིས་སྔ་མ་བདུན་ལ་བསྣན་པས་བཤད་རྒྱུད་དགུར་བྱའོ། །ཞེས་ཟེར་རོ། །དེ་ལ་བདེ་མཆོག་གི་རྒྱུད་ལ་ནི་རྩ་བ་དང་བཤད་པའི་རྒྱུད་གཉིས་སུ་མ་ངེས་ཏེ། ཨ་ལངྐ་ཀ་ལ་ཤས། བཤད་རྒྱུད་དང་ཡན་ལག་གི་རྒྱུད་གཉིས་སོ་སོར་བགྲངས་ཤིང༌། སངས་རྒྱས་གསང་བས་ཀྱང༌། བཤད་རྒྱུད་དང་ཆ་མཐུན་གྱི་རྒྱུད་གཉིས་སོ་སོར་མཛད་པ་ལྟར་འདིར་ཡང་མི་འགལ་བས་དེ་བཞིན་དུ་བྱའོ། །དེ་ལྟར་བྱས་ན་ཀུན་སྤྱོད་ཁ་སྦྱོར་རྡོ་རྗེ་མཁའ་འགྲོ་གསུམ་ནི་བཤད་པ་ལྟར་ཡིན་ལ། མངོན་བརྗོད་ལ་ནི་འགྲེལ་པར་རེས་བཤད་རྒྱུད་དང༌། རེས་རྩ་རྒྱུད་དུ་བྱས་ཀྱང་བཤད་རྒྱུད་དུ་བྱའོ། །ཕག་མོ་མངོན་འབྱུང་ནི་དེ་ཉིད་ལས། བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་འབྱུང་བ་ཞེས་བྱ་བ། ཞེས་གསུངས་ལ། བཤད་པའི་རྒྱུད་ཕྱི་མ་ནི་མངོན་བརྗོད་ལ་བྱ་སྟེ། འདི་མངོན་བརྗོད་ཀྱི་ལེའུ་བཅུ་གཉིས་པ་ལ་དེའི་ལེའུ་གསུམ་པ་ནས་འབྱུང་བ་སོགས་འགའ་ཞིག་བསྣན་པར་འདུག་པས། དེ་ལས་ཕྱུང་བའི་དོན་ནོ། །དེའི་ཕྱིར་མངོན་བརྗོད་ལས་ལོགས་པའི་བཤད་རྒྱུད་མིན་ནོ། །སྡོམ་པ་འབྱུང་བ་ནི་རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་ལས། ལྷན་སྐྱེས་ཀྱི་རྟོག་པ་བཤད་པ་འཆད་པའི་ཤིན་ཏུ་གལ་ཆེ་བ་ཅིག་ཡོད་པས་འགྲེལ་པས་བཤད་རྒྱུད་དུ་མཛད་པ་ལྟར་བྱའོ། །དཀའ་རྒྱལ་ཟླ་བ་དང་ཇོ་བོས་འབྱུང་བ་ཞེས་པ་མ་གཏོགས་པ་གསལ་ཁ་མེད་ལ། བོད་སྔ་མ་ཁ་


JLD008_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཧེ་རུ་ཀ་མངོན་འབྱུང་དུ་འདོད་ཅིང༌། དེ་ཡང་དབང་བསྐུར་བའི་བཤད་རྒྱུད་ཡིན་ཟེར་མོད་ཀྱང༌། རྩ་རྒྱུད་ལས་མི་འབྱུང་བའི་དབང་གི་རྣམ་གཞག་ཆེར་མེད་པ་དང༌། གཞན་ཡང་བཤད་རྒྱུད་དུ་འགྲོ་བའི་རྒྱུ་མཚན་གསལ་བར་མི་སྣང་བས་ཕྱོགས་མཐུན་གྱི་རྒྱུད་དུ་བྱའོ། །མཁའ་འགྲོ་རྒྱ་མཚོ་དང་རྣལ་འབྱོར་མ་བཞི་ཞལ་སྦྱོར་བ་ཡང་ཕྱོགས་མཐུན་གྱི་རྒྱུད་དུ་བྱས་ན་ལེགས་པར་སེམས་སོ། །ཇོ་བོས་བཤད་རྒྱུད་བཞིར་མཛད་པ་ནི་བདེ་མཆོག་སྒོས་ཀྱི་བཤད་རྒྱུད་ལ་དགོངས་སོ། །དེ་ལྟར་ན་མལ་གྱོའི་རྗེས་འབྲང་དག །ཕམ་ཐིང་པ་རྒྱལ་དཀའ་ཟླ་བའི་རྗེས་སུ་འབྲངས་ནས་བཤད་རྒྱུད་ལྔར་བྱེད། ཅེས་སྔར་དྲངས་པའི་མཁའ་འགྲོ་འབྱུང་བ་ཀུན་སྤྱོད་དང༌ཞེས་སོགས་ཀྱི་རྗེས་སུ་འབྲངས་ནས། བླ་མ་ཕམ་ཐིང་པ་བཤད་རྒྱུད་ལྔར་བཞེད་ཅེས་ཟེར་བ་ལེགས་ཏེ། ཕག་མོ་མངོན་འབྱུང་མངོན་བརྗོད་བླ་མ་ལས་ལོ་གསུམ་བགྲངས་པའི་ལུགས་སོ། །གཉིས་པ་ནི། བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་བཤད་རྒྱུད་ར་ལི་ཉེར་བཞི་འཕྲོས་པའི་རྒྱུད་བརྒྱད་དེ་སོ་གཉིས་ལ། བོད་ཀྱི་མཁས་པ་དག་འཕྲོས་པའི་རྒྱུད་ལ། ཁ་ཅིག་རྙོག་པ་མེད་པའི་རྒྱུད་བསྣན་ནས་བརྒྱད་དུ་འདོད་པ་དང༌། ཁ་ཅིག་སྟོབས་ཆེན་ཡེ་ཤེས་རྒྱལ་པོའི་རྒྱུད་གྲངས་སུ་མི་བགྲང་བར་རྙོག་མེད་དང༌། རི་གི་ཨ་ར་ལི་གཉིས་བསྣན་ནས་བརྒྱད་དུ་བྱེད་པ་ལ། རི་གི་ཨ་ར་ལི་ནི་བདེ་


JLD008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་བཤད་རྒྱུད་ཡིན་རྒྱུ་ཡང་མེད་ཅིང༌། དེ་རྣམས་ཀྱི་ཟླ་ལ་བསྲེ་བར་ཕངས། རྙོག་མེད་ནི་རྒྱུད་ཡང་དག་ཅིག་ཡིན་པ་འདྲ། འདི་རྣམས་སྔ་ནས་ཀྱང་རྒྱུད་རྩོད་པ་ཅན་དུ་གྲགས་ཤིང༌། རྒྱུད་ཡང་དག་མིན་པར་ངེས་པ་འགའ་ཞིག་སྣང་ལ། གཞན་རྣམས་ཐེ་ཚོམ་གྱི་གཞིར་སྣང་བས་དཔྱད་པར་བྱའོ། །ཞེས་དང༌། ནམ་མཁའ་དང་མཉམ་པའི་རྒྱུད་ཀྱང་ཐེ་ཚོམ་ཟ་བ་དང༌། མཁའ་འགྲོ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ། བསམ་གྱིས་མི་ཁྱབ་པའི་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྩ་རྒྱུད་ལ་ལེའུ་བཅུ། རྒྱུད་ཕྱི་མ་ལ་ལེའུ་གཉིས་བྱས་པ་དང༌། ཕག་མོ་མངོན་འབྱུང་གི་རྒྱུད་ལེའུ་ཉེར་གཉིས་བྱས་པ། ལོ་ཙྪཱ་བ་ཡེ་ཤེས་བཟང་པོས་བསྒྱུར་ཟེར་བ་གཉིས་རྒྱུད་རྫུན་མར་སྣང་གསུངས་ཞིང༌། འབུམ་ཕྲག་གསུམ་པ་ལས་ཕྱུང་བའི་སྒྱུ་འཕྲུལ་དྲ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད། སྒྱུ་མ་ཆེན་མོ་ཞེས་བྱ་བ་འདི་ནི་མེ་ཏྲི་མཁའ་སྤྱོད་ཀྱི་རྒྱུད་ཆུང་ངུ་གཅིག་ལོགས་སུ་བཀོལ་བར་སྣང་ཞེས་གསུང་སྟེ། མང་དུ་མཁྱེན་ཞིང་སྙིང་ཁམ་ཆུང་ལ་བློ་གྲོས་ཆེ་ལ་ཞིབ་པ་རྣམས་ཀྱིས་ལེགས་པར་དཔྱད་པར་བྱའོ། །གཉིས་པ་ནི། བདེ་མཆོག་གི་རྒྱུད་གསུངས་པའི་གནས་ལ་མངོན་བརྗོད་འགྲེལ་པ་ནས་རི་རབ་ཀྱི་རྩེར་གསུངས་པར་བཤད། གདུལ་བྱ་བཏུལ་བའི་གནས་ནི་འཛམ་བུའི་གླིང་ཡིན་ཟེར། རྩ་རྒྱུད་ཀྱི་འགྲེལ་པ་ཨིནྡྲ་བྷཱུ་ཏིས་མཛད་ཟེར་བར། དང་པོ་རི་རབ་ཀྱི་རྩེར་གསུངས་ནས་ཕྱིས་འབྲས་སྤུངས་སུ་གསུངས་པར་བཤད་དོ། །དུས་ནམ་གྱི་ཚེ་


JLD008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི། སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པར། གཉིས་ལྡན་གྱི་དུས་དབང་ཕྱུག་བཏུལ་བའི་ཚེ་གསུངས་པར་འདོད་ཀྱང༌། བོད་ཀྱི་བླ་མ་རྣམས་རྩོད་ལྡན་གྱི་དུས་སུ་གསུངས་པར་བཞེད་པ་ནི། མཁའ་འགྲོ་རྒྱ་མཚོ་ལས། རྩོད་ལྡན་དུས་ཀྱི་སའི་ནང་དུ། །བཅོམ་ལྡན་མཐའ་ཡས་པས་འདི་གསུངས། །ཤཱཀྱ་སེང་གེས་གསུངས་པའི་རྒྱུད། །ཅེས་གསུངས་ཤིང༌། འགྲེལ་པར་ཡང་མཁའ་འགྲོ་རྒྱ་མཚོའི་རྒྱུད་རྒྱས་པ་རྩོད་ལྡན་གྱི་དུས་སུ་ཤཱཀྱ་སེང་གེས་གསུངས་པར་བཤད་ལ། དེས་གཞན་ཡང་མཚོན་ནོ། །རྩ་རྒྱུད་ཀྱི་འགྲེལ་པ་ཁ་ཅིག་ནས། བསྐྱར་ནས་མ་གསུངས་པའང་བཤད་མོད་ཀྱང༌། སྔ་མ་ལྟར་རིགས་ཏེ། གུར་ལས། སྙིགས་མའི་དུས་སུ་ཚེ་ཐུང་ཞིང་ཉོན་མོངས་ཤས་ཆེ་བ་རྣམས་ཀྱི་དོན་དུ། རྩ་རྒྱུད་རྒྱས་པ་ལས་བསྡུས་ནས་གསུངས་པར་བཤད་པས་ཤེས་སོ། །སྟོན་པ་པོ་ནི་ཧེ་རུ་ཀས་གསུངས་པས་བདེ་མཆོག་སྟོད་འགྲེལ་དུ་གསུངས་པ་ལྟར་རྩ་རྒྱུད་ལས་ཀྱང༌། དཔའ་བོ་བསྡུས་ནས་གསུངས་པ་ཡིན། །ཞེས་གསུངས་སོ། །ཞུ་བ་པོ་ནི་ཕག་མོ་ཡིན་པར་དེ་ཉིད་ལས་བཤད་ལ། ཕྱག་ན་རྡོ་རྗེས་ཞུས་པར་སློབ་དཔོན་ལྭ་བ་པ་བཞེད་དེ། རྩ་རྒྱུད་ལས། གཟུགས་དང་ལས་ཀྱི་གསང་བ་གང༌། །ཇི་ལྟར་གནས་པ་དཔའ་བོ་ཉོན། །ཞེས་གསུངས་པ་དང་མཐུན་ནོ། །སྡུད་པ་པོ་ནི་མཁའ་འགྲོ་རྒྱ་མཚོ་ལས། བསྡུ་བ་མཛད་པ་སོགས་རྣམས་ཀྱིས། །


JLD008_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལས་བགྲོད་པ་དེ་ཐོབ་བོ། །མ་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །གཅིག་ལ་གཅིག་གིས་བཞེད་པ་ནི། །གསོལ་བ་འདེབས་ཤིང་གསོལ་འདེབས་མཛད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །ཚིག་འདི་ལ་ནི་མངོན་པར་དགའ། །ཞེས་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གནས་སུ་བསྡུས་པར་གསུངས་པའི་གནས་ནི་ཨོ་རྒྱན་དུ་འཆད་དོ། །གསུམ་པ་ལ་གསུམ། བཤད་རྒྱུད་ཀྱིས་རྩ་རྒྱུད་འཆད་པའི་དོན་གྱི་གཙོ་བོ་ངོས་གཟུང་བ་དང༌། ཐུན་མོང་མ་ཡིན་པའི་བཤད་རྒྱུད་ཀྱིས་ཇི་ལྟར་བཤད་པ་དང༌། ཐུན་མོང་བའི་བཤད་རྒྱུད་ཀྱིས་ཇི་ལྟར་བཤད་པའོ། །དང་པོ་ནི། བཤད་རྒྱུད་ཀྱིས་རྩ་རྒྱུད་འཆད་པའི་དོན་ལ་མང་དུ་ཡོད་ཀྱང༌། གཅོ་བོ་ནི་རྫོགས་རིམ་ཡིན་ལ་རྫོགས་རིམ་ལ་ནི། བདེ་མཆོག་གི་སྐོར་དུ་ཡང་སྦྱོར་བ་ཡན་ལག་དྲུག་དང༌། འདུས་པའི་རིམ་པ་ལྔའི་རྣམ་གཞག་གཉིས་གསུངས་ཏེ། མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ། ཞེས་གསུངས་ཤིང༌། རྒྱུད་དེ་ཉིད་ལས། སོ་སོར་སྡུད་པ་ཁྭ་གདོང་མ། །འུག་གདོང་མ་ནི་བསམ་གཏན་འདོད། །སྲོག་རྩོལ་དུ་ནི་གནས་པ་ཁྱི། །འཛིན་པ་ལ་ནི་ཕག་མོའོ། །རྗེས་དྲན་གནས་པ་ཕོ་ཉ་མོ། །ཏིང་ངེ་འཛིན་ནི་བརྟན་པར་འདོད། མཆེ་བ་མོ་ནི་རྒྱས་བསྟན་ཐོབ། །འཇོམས་མ་འབྲས་བུ་ཀུན་བདག་སྐྱེས། །འཁོར་བ་ལས་ནི་གྲོལ་


JLD008_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །ཞེས་ཕག་གདོང་མ་མ་གཏོགས་པའི་སྒོ་མ་གསུམ་ཕག་མོ་དང་བཞི། གཤིན་རྗེ་ཕོ་ཉ་མོ་དང་བརྟན་མ་སྟེ་མཚམས་མ་གཉིས་དང་དྲུག །སྦྱོར་བ་ཡན་ལག་དྲུག་ཏུ་རིམ་པ་བཞིན་བཤད་ལ། འགྲེལ་པ་ལས་དེ་རྣམས་རྟོགས་སླ་བ་དང༌། བླ་མའི་ཞལ་ལས་ཤེས་པར་བྱ་བར་བཤད་དོ། །ལཱུ་ཨི་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས། ལཱུ་ཨི་པའི་སྒྲུབ་ཐབས་ལས་གསུངས་པའི་རིམ་གཉིས་ལ་སྦྱོར་བ་ཡན་ལག་དྲུག་གི་རྣམ་གཞག་མཛད་དོ། །ཡང་མཁའ་འགྲོ་རྒྱ་མཚོ་ལས། རང་གི་སྐུ་ནི་སྒྱུ་མ་མཉམ། །བདག་བྱིན་བརླབ་འདི་ཕྲ་མོ་དང༌། །རྡོ་རྗེ་བཟླས་རང་མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ། ཞེས་སོ། །དེ་ལ་རང་གི་སྐུ་སྒྱུ་མ་དང་མཉམ་པ་སྟེ་མཚུངས་པའི་བདག་བྱིན་རླབས་ཤིན་ཏུ་རྟོགས་དཀའ་བས། ཕྲ་མོར་གྱུར་པ་ནི་རིམ་པ་གསུམ་པ་བདག་བྱིན་རླབས་ཀྱི་རིམ་པ་སྒྱུ་ལུས་སོ། །རྡོ་རྗེ་བཟླས་པའི་རང་གི་མཚན་ཉིད་ནི་རྡོ་རྗེ་བཟླས་པའི་རིམ་པ་སྟེ་རིམ་པ་དང་པོའོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ནི་རིམ་པ་བཞི་པ་སྟེ་མིང་གཞན་འོད་གསལ་གྱི་རིམ་པའོ། །སེམས་ཀྱི་གཏེར་ནི་སེམས་དབེན་ནམ་སེམས་དམིགས་ཀྱི་རིམ་པ་སྟེ་རིམ་པ་གཉིས་པའོ། །སྔར་བཤད་པ་བཞི་ལས་ལྷག་མ་ནི་ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔ་པའོ། །གཞན་ཡང་ལཱུ་ཨི་པའི་གཞུང་ནས་འབྱུང་བའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་དང༌།


JLD008_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་པས་མཛད་པའི་རིམ་པ་ལྔ་པ་དང༌། ནག་པོ་པས་མཛད་པའི་རིམ་པ་བཞི་པ་སོགས་ཡིན་ལ། མངོན་བརྗོད་ཀྱི་འགྲེལ་པ་ལས་ཀྱང༌། རྫོགས་པའི་རིམ་པ་ནི་རྒྱུད་འདི་ནས་རྩ་སྒོམ་པ་དང༌། རླུང་སྒོམ་པ་དང༌། ཐིག་ལེ་སྒོམ་པ་དང༌། དྲོད་སྒོམ་པ་དང༌། བྱང་ཆུབ་ཀྱི་སེམས་སྒོམ་པ་དང་མཚན་བཅས་སྒོམ་པ་ལྔ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་དོན་དམ་པའི་བདེན་པ་སྒོམ་པ་ནི་སྒྱུ་མ་ལྟ་བུ་དང༌། འོད་གསལ་སྟོང་པ་ཉིད་སྒོམ་པ་དང༌། ཟུང་འཇུག་སྒོམ་པ་དང་གསུམ་སྟེ། སྲོག་ཨ་ཝ་དྷཱུ་ཏཱིར་འཇུག་པའི་ཐབས་བསམ་གཏན་སྒོམ་པ་ནི་ལྔ་ཡིན། ཡེ་ཤེས་ཀྱི་ཚོགས་དོན་དམ་པའི་བདེན་པ་སྒོམ་པ་ནི་གསུམ་ཡིན། ཞེས་བདེ་མཆོག་གི་རྫོགས་རིམ་ལ་འདུས་པའི་རྫོགས་རིམ་གྱི་ཐ་སྙད་བྱས་པ་མང་དུ་བཤད་ཅིང༌། རྫོགས་རིམ་ལ་སྲོག་དྷཱུཾ་ཏཱིར་ཚུད་པའི་ཐབས་ཤིག་དང༌། ཚུད་པ་ལ་བརྟེན་ནས་སྒོམ་པའི་སྐབས་གཉིས་སོ་སོར་བྱས་ཏེ། བདེ་མཆོག་ཏུ་མ་ཟད་བླ་མེད་ཀྱི་རྫོགས་རིམ་གཞན་སྒོམ་པ་ལ་ཡང་དེ་གཉིས་ཤེས་དགོས་སོ། །གཉིས་པ་ལ་གཉིས། མངོན་བརྗོད་དང་རྡོ་རྗེ་མཁའ་འགྲོས་ཇི་ལྟར་བཤད་པ་དང༌། སྡོམ་འབྱུང་དང་རྣལ་འབྱོར་མ་ཀུན་སྤྱོད་ཀྱིས་ཇི་ལྟར་བཤད་པའོ། ། དང་པོ་ལ་གཉིས། མངོན་བརྗོད་བླ་མས་ཇི་ལྟར་བཤད་པ་དང༌། རྡོ་རྗེ་མཁའ་འགྲོས་ཇི་ལྟར་བཤད་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་ཇི་ལྟར་བཤད་པ་དང༌། རྫོགས་རིམ་ཇི་ལྟར་བཤད་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་རྩ་རྒྱུད་


JLD008_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་གསལ་བའི་ཚུལ་དང༌། དེ་བཤད་རྒྱུད་འདིས་གསལ་བར་བཤད་ཚུལ་ལོ། །དང་པོ་ནི། བདེ་མཆོག་རིམ་ལྔ་ལས། འཁོར་ལོ་སྡོམ་པར་སྦས་པ་ཡི། །བྱིན་རླབས་རིམ་པ་བཤད་པར་བྱ། །ཞེས་གསུངས་པ་ལྟར་རྩ་རྒྱུད་ལེའུ་ང་གཅིག་པར་རྫོགས་རིམ་རྣམས་སྦས་པར་མ་ཟད། ནག་པོ་སྤྱོད་པའི་སྒྲུབ་ཐབས་ལས། འཁོར་ལོ་སྡོམ་པའི་གསང་བའི་དོན། །གྲུབ་པ་གསང་སྔགས་ཀུན་བསྡུས་པ། །ཀླ་ཀློའི་སྐད་ཀྱིས་སྦས་པ་སྟེ། །དེ་ཡི་སྒྲུབ་ཐབས་བདག་གིས་བཤད། །ཅེས་གསུངས་པ་ལྟར་བསྐྱེད་རིམ་ཡང་སྦས་ཏེ། ཀུན་སྤྱོད་ལས་ཀྱང་བསྐྱེད་རིམ་གྱི་སྐོར་མང་པོ་སྦས་པར་གསུངས་སོ། །དེ་ཡང་རྩ་རྒྱུད་ལེའུ་གཉིས་པར། གཞལ་ཡས་ཁང་གི་དབུས་སུ་པདྨའི་ལྟེ་བར་ཧེ་རུ་ཀ་ཞལ་བཞི་པ་དང༌། ཕག་མོ་ཡབ་ཡུམ་གཉིས་དགོད་པ་དང༌། དཔའ་མོ་ཉེར་བཞི་ཕྱོགས་དང་མཚམས་སུ་དགོད་པ་དང༌། དེ་བཞིན་དུ་དཔའ་བོ་ཡང་དགོད་པ་དང༌། མ་མོ་ཐམས་ཅད་ཕྱོགས་དང་མཚམས་སུ་དགོད་པར་བཤད་དེ། ལྷ་རེ་གཉིས་ཀྱི་དཀྱིལ་འཁོར་རོ། །གཙོ་བོ་ཡབ་ཡུམ་གྱི་སྐུ་མདོག་ནི། །ཉེར་བདུན་པར་སྤྱོད་པའི་སྐབས་སུ། མཚན་མོ་རྟག་པར་གཅེར་བུ་སྟེ། །གནག་དང་དམར་བར་རྟག་ཏུ་བྱ། །ཞེས་པས་ཧེ་རུ་ཀའི་མདོག་གནག་པ་དང༌། ཕག་མོ་དམར་མོར་བསྟན་པར་བླ་མ་རྣམས་བཞེད་དེ། ལྭ་བ་པའི་འགྲེལ་པར་ཡང་དེ་བཞིན་དུ་བཤད་དོ། །སོ་བཞི་པར། དཔའ་བོའི་དབང་པོ་ཞལ་བཞི་པ་


JLD008_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་དང༌། ང་གཅིག་པར་ཧེ་རུ་ཀ་ཕྱག་བཅུ་གཉིས་པ་དཔའ་བོ་དང་དཔའ་མོའི་ཚོགས་དང་བཅས་པར་བསྒོམ་པར་གསུངས་ཏེ། ཧེ་རུ་ཀ་དེ་རྣམས་ནི་འབྲས་བུའི་ཧེ་རུ་ཀའི་དབང་དུ་བྱས་སོ། །ལེའུ་སོ་གཉིས་པར་ཧེ་རུ་ཀ་དཀར་པོ་ཞལ་བཞི་པ་ཕྱག་བཞི་ནས་འབུམ་གྱི་བར་དུ་ཡོད་པ་ལ། དེའི་སྐུ་མདོག་ཅན་གྱི་ཕག་མོ་ཡུམ་དུ་བྱས་པ་ཅིག་བཤད་དེ། འདི་ནག་པོ་པས་རྒྱུའི་ཧེ་རུ་ཀ་ལ་བཤད་ལ། འཆད་ཚུལ་གཞན་ཡང་ཡོད་དོ། །གཞན་ཡང་ལེའུ་བཞི་པར་དཔའ་མོ་ཉེར་བཞིའི་མིང་དང༌། ཞེ་བརྒྱད་པར་དཔའ་བོ་ཉེར་བཞིའི་མིང་ཙམ་བཤད་ཀྱང༌། འཁོར་གྱི་ལྷ་དྲུག་ཅུའི་ཞལ་ཕྱག་གི་གྲངས་དང་ཕྱག་མཚན་རྣམས་མི་གསལ་ལ། སྐུ་མདོག་ཀྱང་མི་གསལ་ལོ། །དེ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རློབ་པ་དང༌། ཚོགས་ཞིང་ལ་ཚོགས་གསོག་པ་དང༌། བསྲུང་འཁོར་གཉིས་སྒོམ་པ་དང༌། འབྱུང་བ་རིམ་བརྩེགས་དང༌། རི་རབ་དང་གཞལ་ཡས་ཁང་བསྐྱེད་པ་མི་གསལ་ལ། བརྟེན་པ་ལྷ་བསྐྱེད་པ་ལ་ཡང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་དབྱངས་གསལ་ལས། ཧེ་རུ་ཀ་བསྐྱེད་ཅེས་པ་མ་གཏོགས་པ་མངོན་བྱང་ལྷག་མ་ལས་བསྐྱེད་ཚུལ་དང༌། དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་དང་རྒྱས་གདབ་དང་གཏོར་མ་བསྐྱེད་ཚུལ་སོགས་མི་གསལ་ཞིང་ཁྲིགས་ཆགས་སུ་ཡང་མ་བཤད་དོ། །གཉིས་པ་ནི། དེ་ལྟར་རྩ་རྒྱུད་ན་མི་གསལ་བའི་བསྐྱེད་རིམ་དེ། མངོན་རྟོགས་ཁྲིགས་ཆགས་སུ་གསལ་བར་མངོན་བརྗོད་ནས་


JLD008_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ནི། དེའི་ལེའུ་བཞི་པ་ནས་ཡིན་ཏེ། ལེའུ་དེར་བསྐྱེད་རིམ་གང་དུ་སྒོམ་པའི་གནས་དང༌། དེར་སྒོམ་པ་ལ་ཚོགས་ཞིང་སྤྱན་དྲངས་ནས་ཚོགས་བསག་པ་དང༌། ལྷ་བཅུ་བདུན་གྱིས་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། བསྲུང་འཁོར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་དང༌། དེ་ནས་སྟོང་ཉིད་སྒོམ་པ་དང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་བསྐྱེད་ཆོག་དང༌། རི་རབ་ཀྱི་སྟེང་དུ་རྣམ་སྣང་ལས་གཞལ་ཡས་ཁང་བསྐྱེད་པར་བཤད་ཅིང༌། དེ་མན་ཆད་དུ་ཚོགས་གསོག་ནས་གཞལ་ཡས་ཁང་བསྐྱེད་ཆོག་གི་བར་མ་བཤད་དོ། ལེའུ་བཞི་པར་བཤད་པ་འདི་དེ་རྣམས་ཀྱི་ཐུན་མོང་བ་ཡིན་པ་ལ་དགོངས་སོ། །བརྟེན་པའི་དཀྱིལ་འཁོར་འཆད་ཚུལ་དཀྱིལ་འཁོར་འགའ་ཡར་ཞིག་གི་རྣམ་གཞག་བསྟན་ན། བསྐྱེད་རིམ་འཆད་ཚུལ་ལ་གོ་བ་ཆེ་བར་འགྱུར་བས་ཅུང་ཟད་བཤད་ན། སྐུའི་བདེ་མཆོག་ཡབ་ཡུམ་གྱིས་གཙོ་བོ་བྱས་པ་ལ་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། སྐུ་འཁོར་གྱི་དཔའ་བོ་དང་དཔའ་མོ་བཅུ་དྲུག །སྒོ་མཚམས་མ་བརྒྱད་དེ་ལྷ་སུམ་ཅུའི་དཀྱིལ་འཁོར་ཅིག་དང༌། དེ་བཞིན་དུ་གསུང་གི་བདེ་མཆོག་ཡབ་ཡུམ་ལ་གསུང་འཁོར་གྱི་དཔའ་བོ་དང་དཔའ་མོ་བཅུ་དྲུག གཞན་སྔར་བཞིན་ཏེ་ལྷ་སུམ་ཅུའི་དཀྱིལ་འཁོར་ཞིག་དང༌། ཐུགས་ཀྱི་བདེ་མཆོག་ཡབ་ཡུམ་ལ་ཡང་ཐུགས་འཁོར་གྱི་དཔའ་བོ་དང་དཔའ་མོ་བཅུ་དྲུག གཞན་སྔར་བཞིན་ཏེ་དེ་ཡང་ལྷ་སུམ་ཅུའི་དཀྱིལ་


JLD008_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རོ། །དམ་ཚིག་གི་བདེ་མཆོག་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། སྒོ་མཚམས་མ་བརྒྱད་ཀྱིས་བསྐོར་བའི་ལྷ་བཅུ་བཞིའི་དཀྱིལ་འཁོར་ཞིག་དང༌། དེ་ནས་བདེ་མཆོག་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བའི་ལྷ་ལྔའམ་དྲུག་པ་ཅིག་བཤད་དེ། ཡེ་ཤེས་སམ་བདེ་བ་ཆེན་པོའི་བདེ་མཆོག་གཙོ་བོར་བྱས་པའོ། །དཀྱིལ་འཁོར་དེ་ལྔ་ག་ལ་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་གཉིས་གཉིས་དང༌། ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་དང༌། སོ་སོའི་བཟླས་པ་དང༌། ལངས་པའི་དུས་སུ་གོ་ཆ་གཉིས་བྱེད་པ་སོགས་བཤད་དོ། །དེ་ནས་གཞལ་ཡས་ཁང་གི་ལྟེ་བར་དཔའ་བོ་གཅིག་པུའི་དཀྱིལ་འཁོར་ཞེས་པ་གཙོ་བོ་བདེ་མཆོག་མངོན་བྱང་ལས་བསྐྱེད་པའི་ལུས་ཀྱི་དཀྱིལ་འཁོར་ཞིག་བཤད་དེ། གཞལ་ཡས་ཁང་ལ་འགོད་པའི་ལྷ་ཡང་ཡབ་ཡུམ་ཟུང་གཅིག་ལས་མེད་ཅིང༌། དེ་གཉིས་ཀ་གདན་གཅིག་ལ་འགོད་པས་དཔའ་བོ་གཅིག་པ་ཟེར་བ་ཡིན་ནོ། །དེས་ན་ལུས་དཀྱིལ་ལ་བསྲུང་འཁོར་གསུམ་པོ་གང་ཡང་མི་སྒོམ་པ་དང༌། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་གཞལ་ཡས་ཁང་བསྐྱེད་པ་དང༌། གཞིའི་ཧེ་རུ་ཀ་མངོན་བྱང་ལས་བསྐྱེད་པ་ལུས་དཀྱིལ་སྒོམ་པ་དང་འགལ་བར་འདོད་པ་ནི་བཤད་རྒྱུད་ལེགས་པར་མ་རྟོགས་པའི་སྐྱོན་ནོ། །ལྷ་རེ་གཉིས་པའི་དཀྱིལ་འཁོར་ལ་ཡང་མི་འདྲ་བ་དུ་མ་དང༌། གཞན་ཡང་བདེ་མཆོག་གི་དཀྱིལ་འཁོར་དུ་མ་ཞིག་བཤད་དེ། དཀྱིལ་འཁོར་རྣམས་ཀྱི་བསྐྱེད་ཚུལ་ནི་རྟེན་


JLD008_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་སྔོན་དུ་བསྐྱེད་ནས། བརྟེན་པ་ལྷ་རྗེས་སུ་བསྐྱེད་པའི་ལུགས་སུ་གསུངས་སོ། །བཤད་རྒྱུད་འདི་ལས་བདེ་མཆོག་གི་རིམ་པ་དང་པོའི་དཀྱིལ་འཁོར་དུ་མ་ཞིག་གསུངས་པ་ཐམས་ཅད་ཀྱང༌། རྩ་རྒྱུད་ལས་གསུངས་པའི་བསྐྱེད་རིམ་ཉིད་འཆད་པ་ཡིན་པས། རྩ་རྒྱུད་ལ་བསྐྱེད་རིམ་བྱུང་བ་ཐམས་ཅད་ལོ་ནག་གཉིས་གང་རུང་གི་བསྐྱེད་རིམ་ལ་སྦྱོར་བ་ལ་ནི་ཤིན་ཏུ་རྒྱ་ཆུང་བའི་སྐྱོན་ཡོད་དོ། །གཉིས་པ་ནི། རྒྱུད་འདིའི་རྫོགས་རིམ་རྣམས་ནི་བསྐྱེད་རིམ་སྦས་པ་ལས་ཀྱང་ཆེས་ཤིན་ཏུ་མི་གསལ་ལ། བཤད་རྒྱུད་ཀྱིས་རྫོགས་རིམ་འདི་སྟོན་ཤེས་སུ་ཆུག་ཀྱང་རྩ་རྒྱུད་ཀྱི་སྐབས་འདི་དང་འདིར། སྦས་པ་འཆད་པའི་ཚུལ་རྟོགས་པ་ཤིན་ཏུ་ཡང་དཀའ་བར་བྱུང་འདུག་པ་ནི་འཆད་པར་འགྱུར་རོ། །བཤད་རྒྱུད་འདིར་རྫོགས་རིམ་གསལ་བར་བྱས་ཚུལ་ནི། ལེའུ་བཞི་པར། རྟག་ཏུ་སྙིང་ལ་གནས་པ་ཡི། །ཞེས་སོགས་ཀྱིས་བདག་བྱིན་རླབས་ཀྱི་རིམ་པ་གསུངས་པར་དྲིལ་བུ་པས་བཤད་ལ། བཅུ་བཞི་པར་རིམ་པ་བཞི་པ་ནས་གསུངས་པའི་གཏུམ་མོའི་རྫོགས་རིམ་སྟོན་ལ། ཉེར་ལྔ་པ་དང་ང་དྲུག་པ་གཉིས་ཀར་ལཱུ་ཨི་བའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་བཤད་ཅིང༌། གཞན་ཡང་ཅུད་ཟད་མི་གསལ་བའི་ཚུལ་གྱིས་རྫོགས་རིམ་ཉུང་ཤས་རེ་བསྟན་པ་མང་ངོ༌། །དེ་རྣམས་ལ་ཡང་སྲོག་དྷཱུ་ཏཱིར་འཛུད་པའི་ཐབས་དང༌། ཐབས་དེས་དྲངས་པའི་བདེ་བ་ཆེན་པོ་ལ་


JLD008_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གཉིས་ཤེས་དགོས་སྟེ། སྟོང་པ་ཉིད་ཀྱི་ལྟ་བ་དང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བསྔགས་པ་ཤིན་ཏུ་མང་ངོ༌། །གཉིས་པ་ནི། རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོ་དང་གཉིས་པའི་ཆ་ཤས་དང༌། བཅུ་གཉིས་པ་དང་བཅུ་བཞི་པ་ནས་བསྐྱེད་རིམ་མི་འདྲ་བ་མང་དུ་གསུངས་ཤིང༌། བཅུ་གཅིག་པར་གཏུམ་མོའི་རྣལ་འབྱོར་མདོར་བསྡུས་ནས་གསུངས་པ་དེ་ཉིད། བཅོ་ལྔ་པར་འཁོར་ལོ་བཞི་ལ་བརྟེན་པའི་ཚུལ་གྱིས་རྒྱས་པར་བཤད་དེ། འདི་ལ་ཡང་སྲོག་དྷཱུ་ཏཱིར་འཛུད་པའི་ཐབས་དང༌། བཙུད་པ་ལ་བརྟེན་ནས་སྐྱེས་པའི་རྫོགས་རིམ་གྱི་ཚུལ་གཉིས་ཤེས་པར་བྱའོ། །གཞན་ཡང་ལེའུ་དང་པོར་བདེ་སྟོང་གི་ཐབས་ཤེས་གཉིས་མང་དུ་གསུངས་ཤིང༌། ལེའུ་གཉིས་པར་ཡབ་ཀྱི་རྩ་སྔགས་ཀྱི་ངེས་དོན་རྒྱས་པར་བཤད། ཞེ་དགུ་པར་ཕྱག་རྒྱ་མ་བཞིའི་དབྱེ་བ་དང༌། དེ་རྣམས་ཀྱི་གསང་གནས་ཀྱི་ཁྱད་པར་མི་འདྲ་བའི་སྟོབས་ཀྱིས་བྱང་ཆུབ་སེམས་ཀྱི་བཅུད་འཆིང་ཚུལ་དང༌། རྫས་ལ་བརྟེན་ནས་བྱང་སེམས་རིང་དུ་འཛིན་ཚུལ་དང༌། འདོད་པའི་བསྟན་བཅོས་ལས་བཤད་པའི་ཀར་ནའི་བྱེད་པ་མང་དུ་གསུངས་སོ། །ཞེ་གཉིས་པར་ལེའུ་དང་པོའི་གཞུང་ཕལ་ཆེ་བ་ལ་བཤད་པ་ཞིབ་ཏུ་མཛད་ལ། ཞེ་དྲུག་པར་རྩ་རྒྱུད་ཀྱི་ལེའུ་གཉིས་པར་མི་གསལ་བའི་ཆོ་ག་མང་པོ་དང༌། ལེའུ་གཞན་ཕལ་ཆེ་བ་ནས་ལས་ཚོགས་མང་པོ་གསུངས་སོ། །གཉིས་པ་ལ་གཉིས། སྡོམ་འབྱུང་གིས་ཇི་ལྟར་བཤད་པ་དང༌། ཀུན་སྤྱོད་ཀྱིས་ཇི་ལྟར་བཤད་པའོ། །དང་པོ་ནི། སྡོམ་འབྱུང་


JLD008_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལེའུ་དང་པོར་བསྐྱེད་རིམ་ཞུས་པའི་ལན་ལེའུ་གཉིས་པས་བཤད་པ་ལ། སྤྱིར་སྐྱེ་གནས་བཞི་དང༌། མིའི་གླིང་བཞིའི་གསུམ་ལོངས་སྤྱོད་ཀྱིས་པ་དང༌། འཛམ་བུའི་གླིང་ལས་ཀྱིས་པ་དང༌། དེའི་གཙོ་བོ་ཡུལ་དབུས་པ་ཡིན་པ་དང༌། འཛམ་གླིང་གི་མིའི་རྟེན་ལ་ཆགས་བྲལ་གྱི་ཚུལ་གྱིས་འཚང་རྒྱ་བའི་ཚུལ་བཞི་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མ་ཤེས་པས་སྔོན་ལས་ཀྱིས་སྐྱེ་འཆི་བྱེད་པ་དང༌། ཤི་ནས་བར་དོར་གནས་པ་དང༌། དེ་ནས་ཕ་མའི་ཀུན་སྦྱོར་ལས་མངལ་དུ་སྐྱེ་ཚུལ་དང༌། མངལ་ནས་ཕྱི་རོལ་དུ་སྐྱེ་ཚུལ་གསུངས་ཏེ། འདིས་ནི་བསྐྱེད་རིམ་མི་སྟོན་གྱི། བསྐྱེད་རིམ་སྐྱེ་ཤི་བར་དོ་གསུམ་དང་མཐུན་པར་སྒོམ་པའི་མཐུན་ཡུལ་སྟོན་ནོ། །དེ་ཡང་རྒྱུད་འདི་དྲངས་ནས་བཤད་པའི་རྣམ་གཞག་རིམ་པའི་དགོངས་པའོ། །སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པར་བསྐྱེད་རིམ་སྒོམ་པ་འདི། བདེ་མཆོག་གི་རྒྱུད་རྣམས་ལས་འདི་ཉིད་གསལ་བས། བདེ་མཆོག་གི་དཀྱིལ་འཁོར་གྱི་འཁོར་ལོའི་བསྐྱེད་རིམ་སྒོམ་པ་ཐམས་ཅད་ལ་འཁྱེར་དགོས་ཤིང༌། དེའི་རྒྱུ་མཚན་གྱིས་བདེ་མཆོག་གི་རྫོགས་རིམ་གྱི་སྐབས་སུ་ཡང༌། འཆི་རིམ་དང་མཐུན་པར་འོད་གསལ་སྒོམ་པ་དང༌། བར་དོ་དང་མཐུན་པར་སྒྱུ་མའི་སྐུ་སྒོམ་པ་སོགས་ཤེས་དགོས་སོ། །མཐུན་ཡུལ་གསུམ་དང་མཐུན་པར་སྒོམ་པའི་བསྐྱེད་རིམ་ནི་ལེའུ་བཅུ་གསུམ་པ་ནས་སྟོན་ཏེ། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྐྱེད་པ་དང༌། རི་རབ་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང༌།


JLD008_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་པདྨ་དང༌། དེའི་དབུས་སུ་ཨཱ་ལི་ཀཱ་ལི་ལས་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་ཡུམ་བཅས་ལ་རྣལ་འབྱོར་མ་བཞི་དང༌། སྒོ་མཚམས་མ་བརྒྱད་ཀྱིས་བསྐོར་བ་ཡན་ལག་དང་བཅས་པ་ཅིག་གསུངས་ཏེ། ལཱུ་ཨི་པ་ལྟར་རྟེན་དང་བརྟེན་པ་གཉིས་དུས་གཅིག་ཏུ་བསྐྱེད་པའི་ལུགས་སོ། །གཞན་ཡང་ལེའུ་བཅུ་བདུན་པ་དང་བཅོ་བརྒྱད་པས་དབང་ཆོག་གི་སྐོར་རྣམས་གསུངས་སོ། །རྫོགས་པའི་རིམ་པ་ནི། ལེའུ་གསུམ་པར་རྫོགས་རིམ་པའི་ལྷ་སྐད་ཅིག་གིས་སྒོམ་ཚུལ་དང༌། སྣ་ཚོགས་ཐབས་དང་སྙིང་རྗེའི་སྟོབས། །ཟུང་འཇུག་གཉིས་མེད་ལྷུན་གྱིས་གྲུབ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །ཞེས་ཟུང་འཇུག་གི་རིམ་པ་དང༌། ཀུན་རྫོབ་སྐྱེ་བ་འབྱུང་བ་ལས། །དངོས་མེད་ཀྱང་མིན་ཆད་མེད་ཕྱིར། །ལྷན་སྐྱེས་ཆོས་རྣམས་ཐམས་ཅད་ཀྱི། །ལྷན་སྐྱེས་དགའ་བའི་རང་བཞིན་དང༌། །རང་བྱིན་བརླབ་དང་རང་བྱུང་སྟེ། །ཞེས་འོད་གསལ་ལས་ཀུན་རྫོབ་སྒྱུ་མའི་སྐུའི་སྐྱེ་བ་འབྱུང་བས་དངོས་མེད་དང༌། ཆད་པའི་མཐའ་སྤངས་པའི་རང་བྱིན་བརླབ་དང༌། བདེ་ཆེན་མངོན་པར་རྫོགས་བྱང་ཆུབ། །དེ་བཞིན་ཕྱག་རྒྱ་ཆེན་པོ་མཆོག །ཅེས་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་རིམ་པ་རྣམས་བསྟན་ཞིང༌། །ལེའུ་ལྔ་པ་དང་དྲུག་པར་པདྨ་མགོན་པོ་སོགས་ཀྱི་མཆོག་པོ་ལྔའི་རླུང་དང༌། རླུང་གི་དེ་ཉིད་དང་སྔགས་ཀྱི་དེ་ཉིད་གཉིས་རིམ་ལྔའི་རྡོ་རྗེ་བཟླས་པའི་རིམ་པ་ནས་འབྱུང་བ་བཞིན་དུ་གསུངས་པས་རྡོར་བཟླས་བསྟན་ཏེ། རྩ་རྒྱུད་ཀྱི་བཟླས་པའི་སྔགས་ཀྱི་ངེས་དོན་ནོ། །ལེའུ་ལྔ་པར་སྙིང་གར་


JLD008_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཐིག་ལེ་སྒོམ་པའི་རྫོགས་རིམ་དང༌། སྙིང་གའི་བུམ་པ་ཅན་བསྟན། སོ་གཅིག་པར་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོའི་གནད་ཆེ་བ་རྣམས་བསྟན་ཏེ། རྡོར་བཟླས་མན་ཆད་དེ་རྣམས་ཀྱིས་སྲོག་དྷཱུ་ཏཱིར་འཛུད་པའི་ཐབས་གསུངས་སོ། །ཐབས་དེ་ལ་བརྟེན་ནས་བདེ་སྟོང་སྦྱོར་བ་ནི་ཉེར་དགུ་པ་དང་སོ་གསུམ་པར་རྒྱས་པར་བསྟན་ནོ། །ཡང་སོ་གཅིག་པར་ཕྱག་རྒྱ་མ་བཞི་སོ་སོའི་མཚན་ཉིད་དང༌། བཞི་པོ་རེ་རེ་ལ་རོལ་ཚུལ་མི་འདྲ་བ་རེ་གསུངས་ཤིང༌། ཉེར་གཅིག་པས་དྲོད་ཐོབ་ནས་སྤྱོད་པ་བྱེད་ཚུལ་རྒྱས་པར་གསུངས་སོ། །གཉིས་པ་ནི། ཀུན་སྤྱོད་ཀྱི་ལེའུ་དང་པོ་ནས་བཅུ་པའི་བར་གྱིས་བསྐྱེད་རིམ་ཡན་ལག་དང་བཅས་པ་གསུངས་ཏེ། དེ་ཡང་དེའི་ལེའུ་ལྔ་པ་ལས། ཇི་ལྟར་ནང་གི་བདག་ཉིད་ཤེས། །ཕྱི་ཡི་དཀྱིལ་འཁོར་དམ་པ་ཡིན། །རྣམ་དགོད་ཇི་ལྟར་རབ་བསྟན་པ། །སྙིང་པོ་ཐམས་ཅད་བསྡུས་པ་སྟེ། ཞེས་གསུངས་པ་ལྟར་ཕྱི་དཀྱིལ་དང་ལུས་དཀྱིལ་གཉིས་ཀ་ལ་འགོད་པའི་དབང་དུ་བྱས་ནས་གསུངས་པ་ལ། ཕྱི་དཀྱིལ་ལ་ལྷ་དྲུག་ཅུ་རྩ་གཉིས་ཚང་བ་དང༌། ལུས་དཀྱིལ་ལ་མ་མོ་བཅུ་གཉིས་དང༌། གཙོ་བོ་ཡབ་ཡུམ་མ་གཏོགས་པའི་ལྷ་རྣམས་དགོད་པ་བསྟན། ལྷ་བཅུ་བཞི་ལུས་ལ་མ་བཀོད་པ་ནི། ཁ་སྦྱོར་ལ་སོགས་པ་ནས་དེ་རྣམས་ཀྱང་ལུས་ལ་དགོད་པར་གསུངས་པས། ལུས་དཀྱིལ་ལ་ཡང་ལྷ་ཚང་བ་ཡོད་དོ། །ཧེ་རུ་ཀའི་ཞལ་གྱི་གྲངས་དང་སྐུ་མདོག་མ་བསྟན་པ་ནི་རྩ་རྒྱུད་ན་ཡོད་པ་ལ་དགོངས་སོ། །ཕག་མོ་མན་ཆད་ཀྱི་ལྷ་རེ་གཅིག་པོ་ཐམས་


JLD008_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པར་བཤད་ལ། དཔའ་བོ་ཉེར་བཞིའི་སྐབས་སུ་མར་དོའི་འགྱུར་ལས། རང་གི་མཚན་མས་ལེགས་འཁྱུད་ཅིང༌། །ཞེས་པ་ལས་མི་གསལ་ཡང༌། ལོ་ཆེན་དང་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས། རྡོ་རྗེ་དྲིལ་བུས་ལེགས་འཁྱུད་ཅིང༌། །ཞེས་འབྱུང་བ་ལེགས་ཤིང༌། འགྲེལ་པར་ཡང་དེ་བཞིན་དུ་འབྱུང་ངོ༌། །དེ་རྣམས་ཀྱི་ཕྱག་མཚན་ཡང་དྲིལ་བུ་པ་དང་འདྲའོ། །ཡུམ་གྱི་སྐུ་མདོག་དམར་པོར་བཤད་ཅིང༌། རྣལ་འབྱོར་མ་བཞི་ལ་སྣ་ཚོགས་གཟུགས་ཅན། ཞེས་གསུངས་པ་ནི་རེ་རེའི་སྐུ་མདོག་ལ་མིན་གྱི་བཞི་གའི་དབང་དུ་མཛད་པའོ། །སྒོ་མཚམས་མ་བརྒྱད་ཀྱི་ནང་ནས་མཚམས་མ་བཞི་ལ་དམིགས་ཀྱིས་བཀར་ནས་ཕྱེད་གཟུགས་སུ་གསུངས་པས་སྒོ་མ་བཞིའི་ཁ་དོག་སྔོན་པོ་སོགས་རེ་རེ་བར་གོ་ནུས་སོ། །དེ་ལྟར་གོ་ན་སྒོ་མ་བཞི་རྣལ་འབྱོར་མ་བཞི་དང་འདྲ་བར་གསུངས་པའི་ཤུགས་ཀྱིས། རྣལ་འབྱོར་མ་བཞི་ཡང་སྒོ་མ་བཞི་དང་ཁ་དོག་མཚུངས་པར་གོ་ནུས་སོ། །འཁོར་ལོ་གསུམ་གྱི་ལྷའི་ཁ་དོག་ནི། དྲུག་པ་ལས། དེ་ལྟར་མ་ལུས་འཁོར་ལོར་གནས། །མདོག་དབྱེ་ཆོ་གའི་རིམ་བཞིན་ནོ། །ཞེས་འཁོར་ལོ་གསུམ་པོ་མ་ལུས་པར་གནས་པའི་སྐུ་མདོག་གི་དབྱེ་བ་ནི་ཆོ་ག་སྟེ། རིགས་ཀྱི་རིམ་པ་བཞིན་ཡིན་ནོ། ཞེས་པའི་དོན་ཡིན་ལ། དེའི་དོན་ཡང་མངོན་བརྗོད་ལས། ཡང་ན་སྐུ་གསུང་ཐུགས་ཀྱི་ནི། །ཅི་འདོད་མདོག་ནི་དབྱེ་བ་བྱ། །ཞེས་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཇི་ལྟར་འདོད་པའི་ཁ་དོག་ཏུ་བྱ་བར་བཤད་དོ། སྐུ་འཁོར་གྱི་ལྷ་དཀར། གསུང་འཁོར་གྱི་ལྷ་


JLD008_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དམར། ཐུགས་འཁོར་གྱི་ལྷ་སྔོན་པོར་བྱ་བའི་དོན་ནོ། །འདིའི་ལྷ་རེ་གཉིས་ནི་དྲིལ་བུ་པའི་ལུས་དཀྱིལ་གྱི་ལྷ་ཇི་བཞིན་ཡིན་ལ། སྐྱེད་ཚུལ་ནི་ཏ་ཐཱ་ག་ཏ་རཀྵི་ཏའི་འགྲེལ་པར་ལཱུ་ཨི་པའི་ལུགས་ཀྱི་མངོན་བྱང་ལྔ་ལས་བསྐྱེད་པ་ལྟར་བཤད་དེ། རྟེན་དང་བརྟེན་པ་གཉིས་ཀ་དུས་གཅིག་ཏུ་བསྐྱེད་པའི་ལུགས་སོ། །དེས་ན་དྲིལ་བུ་པའི་ལུས་དཀྱིལ་གྱི་སྐབས་སུ་ཡང་མངོན་བྱང་ལས་བསྐྱེད་ཚུལ་ལཱུ་ཨི་པ་ལྟར་བྱེད་པ་ལེགས་སོ། །ལེའུ་བཅུ་གཉིས་པ་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་བསྔགས་པ་དང༌། རྫོགས་རིམ་རྣལ་འབྱོར་ཆེན་པོ་བཤད་ལ། འདི་ལ་ཡང་སྲོག་དྷཱུ་ཏཱིར་འཛུད་པའི་རྫོགས་རིམ་དང༌། བཙུད་པ་ལ་བརྟེན་ནས་སྐྱེས་པའི་རྫོགས་རིམ་གཉིས་ཤེས་དགོས་ཏེ། གཞན་དུ་རྒྱས་པར་བཤད་ཟིན་ཏོ། །ལེའུ་བཅུ་བཞི་པ་ནས་ནུས་པ་རྙེད་ནས་སྤྱོད་པ་བྱ་ཚུལ་སྟོན་ཏེ། གཞན་ཡང་རྩ་རྒྱུད་ན་མི་གསལ་བ་མང་པོ་བཤད་དོ། །གསུམ་པ་ནི། ཡང་དག་པར་སྦྱོར་བ་དང་ཁ་སྦྱོར་དང་ཁ་སྦྱོར་ཐིག་ལེ་ཞེས་པ་ནི་རྒྱུད་འདིའི་མཚན་གྱི་རྣམ་གྲངས་ཡིན་ལ། རྒྱུད་ཕྱི་མ་དང་བཅས་པ་ལ་བརྟག་པ་བཅུ་གཅིག་གོ། འདི་ལ་བོད་ཀྱི་བླ་མ་ཁ་ཅིག་རྒྱུད་འདི་རྒྱལ་པོ་ཨི་བྷཱུ་ཏིས། རྒྱུད་སྡེ་འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་བཤད་རྒྱུད་དུ་འདོད་དོ། །ད་ལྟ་དངོས་སུ་ངོ་སྤྲད་དུ་ཡོད་པ་རྒྱུད་སྡེ་བཅུ་དྲུག་གི་བཤད་པའི་རྒྱུད་ཡིན་པར་བཤད་པ་བྱེད་དོ། །ཞེས་ཟེར་རོ། །དེ་ལ་འདོད་པ་དང་པོ་ནི་ཨིནྡྲ་བྷཱུ་ཏིས་མཛད་ཟེར་བའི་སཾ་བྷུ་ཊིའི་འགྲེལ་པ་ལས། འདིར་རེ་ཞིག་རྣལ་འབྱོར་དང་རྣལ་འབྱོར་མའི་


JLD008_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྒྱས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་ལས་བྱུང་བ། རྒྱུད་ཉུང་ངུ་བརྟག་པ་བཅུ་གཅིག་གི་བདག་ཉིད་ཅན་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་ནི་རྗོད་པར་བྱེད་པའོ། །ཞེས་ཁ་སྦྱོར། རྒྱུད་འབུམ་ཕྲག་སོ་དྲུག་པ་ལས་བྱུང་བ་ཞེས་པའི་དོན་མ་ངེས་པ་ཞིག་སྟེ། དེའི་དོན་ནི་རྒྱུད་འབུམ་ཕྲག་སོ་དྲུག་པ་ལས་བསྡུས་པའི་དོན་དུ་སྣང་ལ། དེ་ཙམ་གྱིས་དེ་རྣམས་གྱི་བཤད་རྒྱུད་དུ་མི་འགྲུབ་སྟེ། དཔེར་ན་མངོན་བརྗོད་འབུམ་པ་ལས་ཉུང་ངུའི་རྩ་རྒྱུད་བསྡུས་པ་བཞིན་ནོ། །འདོད་པ་གཉིས་པ་ལ་ཡང་ཤེས་བྱེད་ཁུངས་ཐུབ་མི་སྣང་ངོ༌། །བོད་ཀྱི་བླ་མ་གཞན་ཁ་ཅིག །སྤྱིར་རྒྱུད་འདི་རྒྱུད་ཐམས་ཅད་དང༌། ཁྱད་པར་དུ་རྒྱུད་སྡེ་བཞི་བཅུའི་བཤད་རྒྱུད་ཡིན་ཟེར་བ་ལ་ཡང་ཤེས་བྱེད་ཡང་དག་ཅི་ཡང་མི་སྣང་ཞིང༌། ཁྱད་པར་དུ་ཁ་སྦྱོར་འདིར་རྒྱུད་གཞན་གྱི་དོན་བཤད་པ་རྣམས་ལ། རྒྱུད་དེ་དང་དེའི་བཤད་རྒྱུད་དུ་བྱེད་པ་ནི་རྒྱུ་མཚན་མ་ངེས་པ་འབའ་ཞིག་ཏུ་སྣང་སྟེ། ཚིག་མངས་སུ་དོགས་ནས་མ་བྲིས་སོ། །རྒྱུད་འདིའི་འགྲེལ་པ་དཔའ་བོ་རྡོ་རྗེས་བྱས་ཟེར་བ་ལས། འདི་བཤད་རྒྱུད་ཡིན་པས་རྒྱུད་དགུའི་བཤད་རྒྱུད་ཡིན། ཡང་ན་རང་དགའ་བའི་རྒྱུད་ཡིན་ཞེས་ཟེར་ཏེ། རྒྱུད་དགུ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་བ་ཡང་དག་པར་སྦྱོར་བ་ཞེས་པའི་གླེང་གཞི་དང༌། བསང་བ་དང༌། ཁ་སྦྱོར་གསུམ་པོ་རེ་རེ་ལ་དགུ་དགུར་བྱས་པའི་དགུ་ཚན་ལ་བྱེད་པར་སྣང་སྟེ་ཡིད་བརྟན་མི་སྣང་ངོ༌། །དེས་ན་སྔར་གྱི་བོད་ཀྱི་བླ་མ་གཞན་རྣམས་གསུང་པ་ལྟར། བདེ་མཆོག་དང་ཀྱཻ་རྡོར་ཐུན་མོང་གི་བཤད་རྒྱུད་ཡིན་ལ། བདེ་མཆོག་གི་བསྐྱེད་རིམ་ནི་བརྟག་པ་གསུམ་


JLD008_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རབ་བྱེད་བཞི་པ་ལས། མངོན་བྱང་ལྔ་ལས་བདེ་མཆོག་རྡོར་སེམས་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་པ་ལ། འཁོར་གྱི་ལྷ་ཉེར་བརྒྱད་ཀྱིས་བསྐོར་བ་ཅིག་བཤད་དེ། མན་སྙེར་བཞད་མ་སོགས་ཀྱི་ལྷ་མོ་བརྒྱད་རྒྱུད་གཞན་དུ་གསུངས་པ་ཡང་རིག་པར་བྱའོ། ཞེས་མང་དུ་མཁྱེན་པ་རྣམས་གདམས་པར་བྱེད་དོ། ཞེས་གསུངས་པས་ལྷ་སོ་བདུན་གྱི་དཀྱིལ་འཁོར་ཡན་ལག་དང་བཅས་པ་ཅིག་གསུངས་སོ། །བརྟག་པ་དྲུག་པའི་རབ་བྱེད་བཞི་པ་ལ་ས་ར་ཧ་སྱ་ལ་སོགས་པའི་ཡི་གེ་བཅུ་དྲུག་ལ་སོགས་པའི་བཤད་པ་དང༌། ཡུལ་ཉེར་བཞི་ནང་ལུས་ལ་སྦྱར་བ་དང༌། དཔྱིད་དང་ཐིག་ལེ་དང༌། འཁོར་ལོ་བཞིའི་ཡི་གེའི་གཙོ་བོ་རྣམས་དང༌། ལུས་ཀྱི་རྩ་དང་ཁམས་དང༌། འབྱུང་བ་རིམ་བརྩེགས་སོགས་ནང་ལ་སྦྱར་བ་དང༌། སྦྱིན་སྲེག་ནང་དུ་སྦྱར་བ་སོགས་དུ་མ་ཞིག་གསུངས་པ་ལ། འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོའི་རྣལ་འབྱོར་གཙོ་བོར་སྟོན་ཞིང༌། དེ་ལས་དགའ་བ་བཞི་འབྱུང་བ་སོགས་སྟོན་ཏེ། འདི་ལ་ཡང་སྲོག་དྷཱུ་ཏཱིར་འཛུད་པའི་ཐབས་དང༌། བཙུད་པ་ལ་བརྟེན་ནས་སྐྱེས་པའི་རྫོགས་རིམ་གཉིས་ཤེས་པར་བྱའོ། །བརྟག་པ་ཕྱི་མ་ལས། དབང་བསྐུར་གྱི་སྐོར་ཡང་མང་དུ་གསུངས་ལ། བརྟག་པ་སྔ་མ་ལས་ཀྱང་དབང་གོང་མ་བསྐུར་བའི་ཚུལ་ཡང་གསུངས་སོ། །དེ་ལྟར་རྩ་རྒྱུད་ཤིན་ཏུ་མི་གསལ་བའི་བཤད་རྒྱུད་མང་པོ་ནི་རྩ་རྒྱུད་ཀྱི་རང་འགྲེལ་ཡིན་པས། རྩ་རྒྱུད་དང་བཤད་རྒྱུད་ལེགས་པར་འབྱོར་བ་ཤིན་ཏུ་གལ་ཆེའོ། །གསུམ་པ་ལ་གསུམ།


JLD008_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་གང་གི་མན་ངག་ལ་བརྟེན་ནས་འཆད་པ་དང༌། དེ་ལ་བརྟེན་ནས་འཆད་པའི་བཤད་ཚུལ་བསྟན་པ་དང༌། རྩ་བའི་རྒྱུད་བཤད་པའི་ཚུལ་དངོས་སོ། །དང་པོ་ནི། སྤྱི་རྒྱུད་རྒྱས་པ་ལས་བཏུས་པའི་རྩ་བའི་རྒྱུད་རྣམས་གང་ལ་བརྟེན་ནས་འཆད་པ་ལ་ཚུལ་གསུམ་གསུངས་ཏེ། བདེ་མཆོག་སྟོད་འགྲེལ་ལས། རྒྱུད་ཤིན་ཏུ་རྒྱས་པ་ཉན་པའི་སྐལ་པ་དང་མི་ལྡན་པའི་དོན་དུ། རྒྱུད་རྒྱས་པ་ལས་བསྡུས་ནས་བསྟན་པའི་རྒྱུད་རྣམས་ཀྱི་རྡོ་རྗེའི་ཚིག་ཟབ་མོ་རྣམས་བསྡུས་པའི་རྒྱུད་གཞན་ནམ། བྱང་ཆུབ་སེམས་དཔའི་འགྲེལ་པ་འདི་ལྟ་བུའམ་བླ་མ་དམ་པའི་མན་ངག་གི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བར་གསུངས་ཏེ། དང་པོ་ནི་དང་པོའི་རྒྱུད་རྒྱས་པ་ལས་བསྡུས་པའི་བཤད་རྒྱུད་གཞན་ལ་བརྟེན་ནས་འཆད་པ་དང༌། གཉིས་པ་ནི་བདེ་མཆོག་སྟོད་འགྲེལ་ལྟ་བུའི་བྱང་ཆུབ་སེམས་དཔའི་འགྲེལ་པ་ལ་བརྟེན་ནས་འཆད་པ་དང༌། གསུམ་པ་ནི་འཕགས་པ་ཡབ་སྲས་ལྟ་བུ་དང་ལོ་ནག་དྲིལ་གསུམ་ལྟ་བུ་ལ་སོགས་པའི་མན་ངག་ལ་བརྟེན་ནས་འཆད་པ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་པ་ལ་ཡང་དེའི་འགྲེལ་པ་ཁོ་ན་ལ་བརྟེན་ནས་བཤད་དགོས་ཞེས་པ་མིན་ནོ། །དེ་རྣམས་ཀྱི་སྐོར་དུ་ཡང་མངོན་ཤེས་ཐོབ་པ་ཁོ་ནས་འགྲེལ་པ་བྱ་བར་གསུངས་པའི་དོན་ཡང༌། མངོན་ཤེས་ཐོབ་ལུགས་གཞན་མང་པོ་གསུངས་པ་ལ་མིན་གྱི། བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་རྒྱུར་བའི་སྟོབས་ཀྱིས་དྲངས་པའི་མངོན་ཤེས་ལྔ་ཐོབ་པ། དྲིལ་བུ་ཞབས་དང་ཌོཾ་བི་ཧེ་རུ་ཀས་བཤད་པ་ལྟ་བུ་ཡིན་ལ། དེ་ཡང་དང་པོར་


JLD008_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་དགོངས་པ་འགྲེལ་པའི་སྲོལ་མ་ཕྱེ་བའི་སྔོན་དུ། རྒྱུད་དེ་དང་དེའི་ལམ་སྲོལ་དང་པོ་ལ་འབྱེད་པ་ལ་ཡིན་གྱི། སྔ་མས་སྲོལ་ཕྱེ་བའི་རྗེས་སུ་ཞུགས་ནས་རྒྱུད་དོན་འགྲེལ་པ་ལ་མངོན་ཤེས་ཐོབ་དགོས་པར་སྟོན་པ་མིན་ནོ། །ཁ་ཅིག་རྒྱུད་འགྲེལ་ཙམ་བྱེད་པ་ལ་མངོན་ཤེས་ཐོབ་དགོས། དེ་མེད་པར་བྱས་ན་དམྱལ་བར་འགྲོ་བར་འཆད་ཅིང༌། མངོན་ཤེས་ཐོབ་པའི་ཕྱོགས་ན་མེད་པར་རང་གིས་རྒྱུད་ཀྱི་བཤད་པ་རྩོམ་པ་ནི་རང་གིས་རང་ལ་ཅོ་འདྲི་བ་ཡིན་ནོ། །དེ་ལྟར་གསུམ་ལས་འདིར་ནི་དང་པོ་དང་གསུམ་པ་གཉིས་ལ་བརྟེན་པའི་འཆད་ལུགས་ཡིན་ལ། དེ་ཡང་ལོ་ནག་དྲིལ་གསུམ་གྱི་བསྐྱེད་རྫོགས་ཀྱི་གཞུང་ལ་བརྟེན་ཞིང་རྩ་བཤད་ལེགས་པར་སྦྱར་ཏེ། དཔལ་ནཱ་རོ་ཏ་པའི་མན་ངག་ལ་བརྟེན་ནས་འཆད་པ་ཡིན་པས། ཁྱད་པར་དུ་འཕགས་པའི་བཤད་པའོ། །ལོ་དྲིལ་གཉིས་ཀྱི་གཞུང་ན་རྩ་རྒྱུད་ཀྱི་ཚིག་འདིས་རིམ་གཉིས་འདི་སྟོན་མི་གསལ་ཡང༌། དེ་གཉིས་ཀྱི་མན་ངག་ལེགས་པར་ཤེས་ན། རྩ་བཤད་ལེགས་པར་སྦྱར་བའི་མན་ངག་ལ་བརྟེན་ནས་ཤེས་ནུས་ཏེ། ཚིག་དོན་གྱི་སྐབས་སུ་འཆད་པར་འགྱུར་རོ། །ནག་པོ་སྤྱོད་པའི་གཞུང་དཔྱིད་ཐིག་ལས་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་དཀྱིལ་འཁོར་དང༌། སྦྱིན་སྲེག་དང་མཆོད་སྦྱིན་དང་བཟླས་པ་དང༌། བསྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་ཕྱི་རོལ་དང་མཐུན་པར། ནང་གི་ངོ་བོས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། །ཞེས་སོ། །དེ་ལ་དེ་


JLD008_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་སྐུ་གང་ཡང་རུང་བ་ནི་སྒྲུབ་པ་པོ་གང་ཡང་རུང་བའི་ལུས་སོ། །དེའི་སྐུའི་དཀྱིལ་འཁོར་ནི་ལུས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ན་དཀྱིལ་འཁོར་ནས་སྒོམ་པའི་བར་ལ་ཕྱི་བསྐྱེད་རིམ་དང་ནང་རྫོགས་རིམ་གཉིས་གཉིས་ཡོད་ལ། སོགས་ཀྱིས་བསྡུས་པ་སྔགས་བཏུ་བ་ལ་ཡང་སྔགས་བཏུ་བའི་གཞི་དང༌། བཏུས་པའི་སྔགས་ཟློ་བ་གཉིས་ཡོད་དོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། བཅོས་མ་ཡི་ནི་བསྒོམ་པ་དང༌། །བཅོས་མ་ཡི་ནི་བཟླས་པ་བྱ། །ཞེས་གསུངས་པ་ལྟར་བསྒོམ་བཟླས་སོགས་ལ་རྣལ་མ་དང་བཅོས་མ་གཉིས་གཉིས་བྱ་སྟེ། སྔ་མ་དང་དོན་གཅིག་གོ། ཕྱི་ནང་དང་བཅོས་མ་བཅོས་ཀྱི་བཤད་པ་དང༌། དྲང་ངེས་ཀྱི་བཤད་པ་ནི་འདིར་དོན་གཅིག་ཏུ་གཟུང་ངོ༌། །དེ་དག་གིས་ནི་རྩ་རྒྱུད་ཀྱི་གཞུང་འདིས་ནང་མ་བཅོས་པའི་རྫོགས་རིམ་འདི་བསྟན་ཟེར་བ་མ་བྱུང་ཡང༌། རྩ་རྒྱུད་ཀྱིས་དཀྱིལ་འཁོར་སོགས་བསྟན་པའི་དོན་ལ་རིམ་པ་གཉིས་ཀའི་བཤད་པ་རེ་དགོས་པར་ཤེས་སོ། །གཉིས་པ་ལ་གསུམ། ལེའུ་ང་གཅིག་ཏུ་བསུངས་པའི་གྲངས་ཀྱི་དོན་དང༌། ལེའུ་ང་གཅིག་བཤད་པ་གསུམ་དུ་སྦྱར་བ་དང༌། ལེའུ་སོ་སོའི་བསྡུས་དོན་གྱི་འགྲེལ་བསྟན་པའོ། །དང་པོ་ནི། རྒྱུད་འདི་ལ་ང་གཅིག་ཏུ་བྱས་པ་ནི། མཁའ་འགྲོ་རྒྱ་མཚོ་ལས། དེ་ལྟར་ངེས་བརྗོད་འབུམ་གསུམ་ལས། །ཕྱུང་བ་བདེ་མཆོག་ཉུང་ངུ་སྟེ། །ཨ་ཡིག་ལ་སོགས་ཀྵ་ཡིག་མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་ཁོ་ན་ཉིད་ལྡན་པར་


JLD008_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །ཞེས་ལེའུ་རྣམས་རྩ་རྒྱུད་ལས་ཇི་ལྟར་འབྱུང་བའི་རིམ་པ་ཡིས། ཨ་ནས་ཀྵ་ཡིག་གི་བར་ལ་སྦྱར་ལ། དེ་ཡང་དེ་ཁོ་ན་ཉིད་ལྡན་པར་སྦྱར་ཞེས་གསུངས་སོ། །འོ་ན་དབྱངས་གསལ་གྱི་ཡི་གེ་ལྔ་བཅུ་ཡོད་ལ། ལེའུ་ང་གཅིག་ཡོད་པས་མ་མཐུན་ནོ་སྙམ་ན། སྐྱོན་མེད་དེ་ཡི་གེ་སོ་སོའི་དེ་ཉིད་སྦྱར་བ་ལྔ་བཅུ། ང་གཅིག་པ་ནི་སྤྱིའི་དེ་ཉིད་དང་སྦྱར་བར་བྱ་བ་ཡིན་པའི་ཕྱིར་རོ། །དབྱངས་གསལ་གྱི་དེ་ཁོ་ན་ཉིད་དང་སྦྱར་ཚུལ་ནི། དབྱངས་ནི་ཐབས་ཀྱི་ཕྱོགས་དང༌། གསལ་བྱེད་ནི་ཤེས་རབ་ཀྱི་ཕྱོགས་ཡིན་ཞིང༌། དེ་གཉིས་ཀའང་དབྱེར་མེད་པ་ཡིན་པས་རྒྱུད་ཀྱི་ལེའུ་ཐམས་ཅད་ཀྱང་ཐབས་ཤེས་གཉིས་མེད་ཀྱི་བརྗོད་བྱ་དང་ལྡན་པར་བསྟན་པའི་ཕྱིར་ཡི་གེ་རྣམས་དང་སྦྱར་རོ། །གཞན་ཡང་དབྱངས་གསལ་གྱི་དོན་ཁམས་དཀར་དམར་གྱི་འདུ་འཕྲོད་ལ་བརྟེན་ནས། སྐྱེས་པའི་ལྷ་སྐྱེས་ཀྱི་བདེ་བ་ཆེན་པོ་ཉིད་ཀྱི་དབང་དུ་བྱས་ནས་རྒྱུད་ཀྱི་དབུ་ཞབས་ཐམས་ཅད་འཇུག་པ་ཡིན་ནོ། །ཞེས་རྟོགས་པའི་ལུང་དུའང་ཡིན་ཏེ། དེ་ལ་དགོངས་ནས་ཀུན་སྤྱོད་ལས། ཨཱ་ལི་ཀཱ་ལི་མ་གཏོགས་པར། །གལ་ཏེ་ཆོས་འདི་འདོད་ན་ནི། །དེ་ཡི་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཤློ་ཀའི་གྲངས་ནི་བདེ་མཆོག་སྟོད་འགྲེལ་ལས་བདུན་བརྒྱ་པར་གསུངས་སོ། །གཉིས་པ་ནི། ནཱ་རོ་པའི་ལུགས་ཀྱིས་ལེའུ་ལ་བསྡུས་དོན་བྱེད་ཚུལ་འདི་ལ། མཁས་པ་སུ་མ་ཏི་ཀཱི་རྟིའི་ཉུང་ངུའི་རྒྱུད་ཀྱི་མཚམས་སྦྱོར་མཛད་པ་འདི་ཉིད་དཔང་པོར་བྱས་ན། ནཱ་རོ་པའི་བཤད་སྲོལ་ཤིན་


JLD008_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དག་པ་ཅིག་འོང་ངོ༌། །དེ་ཡང་ཉུང་ངུའི་མཚམས་སྦྱོར་ལས། དང་པོར་རེ་ཞིག་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ཀྱིས་བསྡུས་པའི་དོན་ཐམས་ཅད་ལེའུ་དང་པོས་མདོར་བསྟན་ནས། གཉིས་པ་ནས་ལེའུ་ལྔ་བཅུ་པའི་བར་གྱིས་རྒྱས་པར་བསྟན་ཏེ། ཀུན་གྱི་ཐ་མའི་ལེའུ་ནི་དེ་རྣམས་གཅིག་ཏུ་མཛད་དེ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཞེས་རྒྱུད་ཆུང་ངུ་འདི་གསུམ་དུ་སྦྱར་བའི་བཤད་པ་འདི་ནི་ནཱ་རོ་པའི་དགོངས་པའོ། །ཞེས་གསུངས་སོ། གསུམ་དུ་སྦྱར་ཞེས་པ་ནི་ལེའུ་དང་པོ་མདོར་བསྟན་དང་སྦྱར་བ་དང༌། གཉིས་པ་ནས་ལྔ་བཅུ་པའི་བར་རྒྱས་བཤད་དང་སྦྱར་བ་དང༌། ང་གཅིག་པས་མདོ་རྒྱས་ཀྱི་ལེའུ་དེ་རྣམས་ཀྱི་དོན་གཅིག་ཏུ་བསྡུས་ཏེ་སྦྱར་བའི་བཤད་པ་ཡིན། ཞེས་པའོ། །གསུམ་དུ་སྦྱར་ཞེས་པ་འདི་ལ་བོད་ཁ་ཅིག་ནཱ་རོ་པའི་ལུགས་ཀྱིས་ཁ་སྦྱོར་གསུམ་གྱི་བཤད་པ་བྱེད་པ་ཡིན་ཟེར་བ་ནི། མཚམས་སྦྱོར་གྱི་དོན་མ་ངེས་པར་དོན་མེད་པའི་ཐ་སྙད་སྦྱར་བའི་བཤད་པའོ། །ཡང་བོད་འགའ་ཞིག་གསུམ་དུ་སྦྱར་ཞེས་པ་གཞན་ནས་མདོར་བསྟན་རྒྱས་བཤད་དོན་བསྡུ་ཞེས་པ་འབྱུང་བ་ལྟར་དུ་བཟུང་ནས། གཉིས་པ་མན་ཆད་རྣམས་ལ་དང་པོར་མདོར་བསྟན་པ་དང༌། རང་རང་གི་སྐབས་སུ་རྒྱས་པར་བཤད་ཚུལ་དང༌། ཐ་མར་དེའི་དོན་བསྡུས་ཚུལ་རེ་འཆད་པར་སྣང་ངོ༌། །འདིར་དོན་བསྡུས་པ་ནི་ལེའུ་ལྔ་བཅུའི་དོན་རྣམས་ལམ་གྱི་རིམ་པ་གཅིག་ཏུ་བསྡུས་ཏེ་བསྟན་པས། སྔར་གྱི་རྒྱས་བཤད་ལས་གསལ་དུ་སོང་བ་ཡིན་པས་བཤད་པ་དེ་ཡང་ནཱ་རོ་པའི་འཆད་ཚུལ་མིན་ནོ། །གསུམ་པ་ལ་


JLD008_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། བསྡུས་དོན་སོ་སོར་བསྟན་པ་དང༌། ལམ་གྱི་རིམ་པ་གཅིག་ཏུ་བསྒྲིགས་པ། ནཱ་རོ་པ་ནས་བརྒྱུད་པའི་ཚུལ་ལོ། །དང་པོ་ལ་དྲུག །དབང་བསྐུར་བ་དང་དེ་ལ་དེ་ཉིད་བསྟན་པའི་བསྡུས་དོན་དང༌། སྔགས་བཏུ་བ་དང་དངོས་གྲུབ་སྒྲུབ་པའི་བསྡུས་དོན་དང༌། དངོས་གྲུབ་གཉིས་ཀ་ཕོ་ཉ་མོའི་དྲིན་ལས་འགྲུབ་པའི་བསྡུས་དོན་དང༌། ལམ་གྱི་གྲོགས་དམ་ཚིག་དང་བོགས་འབྱིན་པའི་སྤྱོད་པའི་བསྡུས་དོན་དང༌། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞིའི་བསྡུས་དོན་དང༌། དངོས་གྲུབ་མྱུར་དུ་འགྲུབ་པའི་མཚན་མ་རྟོགས་པའི་བསྡུས་དོན་ནོ། །དང་པོ་ནི། ཉུང་ངུའི་མཚམས་སྦྱོར་ལས། དེ་ལ་དབང་བསྐུར་ནས་ནི། དེ་ཉིད་བསྟན། །ཞེས་པའི་ཚིག་གིས་ཐེག་པ་གསང་སྔགས་ལ་དང་པོ་དབང་བསྐུར་བའོ། །དེ་ལ་དཀྱིལ་འཁོར་སྔོན་དུ་འགྲོ་བ་ལས་ལེའུ་གཉིས་པས་ནི་དཀྱིལ་འཁོར་རོ། །གསུམ་པས་ནི་དབང་བསྐུར་བའོ། །ཞེས་གསུངས་སོ། །ལེའུ་དང་པོ་ལས། གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་པ་གཉིས་པ་དང་གསུམ་པས་འཆད་པ་ཡིན་ནོ། །དེ་ལ་སྔོན་དུ་དབང་མ་བསྐུར་བ་ལ་རིམ་གཉིས་ཀྱི་དེ་ཉིད་བསྟན་ན། དངོས་གྲུབ་རིང་བས་དབང་བསྐུར་ནས་དེ་ཉིད་བསྟན་པར་གསུངས་པས་གསང་སྔགས་ལ་དང་པོར་དབང་བསྐུར་བ་དགོས་ཤིང༌། དྲིལ་བུ་པས། དབང་སྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། ཞེས་གསུངས་པ་ལྟར་སྔོན་དུ་དཀྱིལ་


JLD008_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དགོས་པ་ནི་ལེའུ་གཉིས་པས་སྟོན་ནོ། །དེ་ཡང་རྟེན་གྱི་དཀྱིལ་འཁོར་ཁོ་ན་མ་ཡིན་གྱི། བརྟེན་པའི་དཀྱིལ་འཁོར་ཡང་བཀོད་ནས་མཆོད་པ་དང༌། བུམ་པ་རྣམས་ཀྱི་མཚན་ཉིད་དང་དགོད་པ་སོགས་གསུངས་སོ། །གསུམ་པ་དཀྱིལ་འཁོར་དུ་གཞུག་པ་དང༌། མེ་ཏོག་དོར་བ་དང༌། མིང་དབང་སོགས་རང༌། གསང་དབང་དང༌། དབང་གསུམ་པར་བསྐུར་བ་བསྟན་ཏོ། །མལ་གྱི་ལུགས་འཛིན་པ་དང༌། མར་དོའི་བཤད་པ་གཉིས་ཀས་ལེའུ་བཞི་པར་དེ་ཉིད་བཞི་སྟོན་པས་དབང་བཞི་པ་བསྐུར་བ་བཤད་པར་འདོད་དེ། ཉུང་ངུའི་མཚམས་སྦྱོར་ལས། བཞི་པས་ནི་དབང་བསྐུར་བའི་དོན་གྱི་ངོ་བོ་ཉིད་དོ། །ཞེས་གསུངས་པའི་དོན་བཞི་པས་དབང་བསྐུར་བ་ལ་བཤད་པར་བྱ་བའི་དོན་གྱི་ངོ་བོ་ཉིད་དེ་ཉིད་བཞི་འཆད་པའི་དོན་ཡིན་པས། དེ་དང་ཡང་མཐུན་པར་བྱས་པས་ཆོག་པར་སྣང་ངོ༌། །ཡང་མཚམས་སྦྱོར་ལས། དེ་ལྟར་ལེའུ་གསུམ་པོས་ནི་དེ་ནས་གསང་བ་ཞེས་བྱ་བ་ནས། མཉན་པར་གྱིས་ཞེས་པའི་བར་དུ་བཤད་དོ། །ཞེས་གསུངས་སོ། །འདིའི་དཔེ་ཁ་ཅིག་ལས་ལེའུ་གསུམ་པས་ཞེས་འབྱུང་བ་དག་སྟེ། རྒྱས་བཤད་ཀྱི་ལེའུ་གསུམ་པའོ། །ལེའུ་དེས་དེ་ནས་གསང་བ་ཞེས་སོགས་ཀྱིས་བསྟན་པའི་རིམ་གཉིས་ཀྱི་དོན་རྣམས་བཤད་ཅེས་པའི་དོན་ནོ། །བཤད་དོ་ཞེས་པའི་འཕྲོ་ཉིད་ནས། འདིས་ནི་དེ་ལྟར་འཆད་པར་འགྱུར་གྱི། བ་ལང་གནས་ཀྱི་ལྕི་སྐམ་དང༌། །ཞེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོམ་པའི་དཀྱིལ་འཁོར་རྒྱས་པར་བཤད་པ་ཡང་འདི་ཉིད་ཡིན་པས། དེ་ལས་


JLD008_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་ཤིག་ཏུ་མ་བརྗོད་དོ། །ཞེས་འབྱུང་བའི་དོན་ནི་ལེའུ་སོ་གཉིས་པར་འཆད་པར་འགྱུར་བའི། བ་ལང་གནས་ཞེས་སོགས་ཀྱིས་འབྱུང་བ་རིམ་བརྩེགས་བསྐྱེད་པ་བསྟན་ནས། དེ་སྔོན་དུ་འགྲོ་བའི་དཀྱིལ་འཁོར་སྒོམ་པ་ཡང་ལེའུ་གཉིས་པར་བཤད་པ་འདི་ཉིད་ཡིན་པས་འོག་ཏུ་འབྱུང་བ་རིམ་བརྩེགས་སྒོམ་པ་བཤད་པའི་འཕྲོ་ནས། གཉིས་པ་ལས་ལོགས་སུ་དཀྱིལ་འཁོར་སྒོམ་པ་མ་བཤད་ཅེས་པའི་དོན་ནོ། །གཉིས་པ་ནི། དེ་ལྟར་དབང་ལེགས་པར་ཐོབ་པ་དེས་དེ་ནས་གསང་བ་ཞེས་པ་ནས་མཉན་པར་གྱིས་ཞེས་པའི་མདོར་བསྟན་པའི་དོན། །ལེའུ་བཞི་པས་བཤད་པའི་རིམ་གཉིས་སྒོམ་པའི་བསམ་གཏན་དང༌། བཟླས་བརྗོད་ཀྱི་དངོས་གྲུབ་འགྲུབ་པར་གསུངས་པའི་བཟླས་བརྗོད་ལ་ནི། །སྔགས་དག་དགོས་ལ་དེ་ལ་སྔགས་བཏུ་བ་དགོས་པའི་ཚུལ་ནི་མཚམས་སྦྱོར་ལས། དེ་ནས་གསང་སྔགས་ཟློས་པའི་བཟླས་བརྗོད་དང༌། །བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། ཞེས་བྱ་བ་རྣམ་པར་འགྲེལ་བ་ལ། ལྔ་པ་ནས་བརྒྱད་པའི་བར་གྱི་ལེའུ་བཞི་དང༌། ཉི་ཤུ་རྩ་ལྔ་པ་ནས་སུམ་ཅུ་པས་ནི་གོ་རིམ་འཆོལ་བའི་ལས་བཟླས་པའི་སྔགས་བཏུ་བ་བསྟན་ཏེ། རྒྱུད་ལ་སློབ་དཔོན་མེད་པར་སྔགས་ཀྱི་བཟླས་པ་དགག་པའི་དོན་ཡིན་པར་རྟོགས་པར་བྱའོ། །ཞེས་གསུངས་སོ། །ཉི་ཤུ་རྩ་ལྔ་པ་ནས་ཞེས་པ་ཡི་གེ་མ་དག་སྟེ། འོག་ནས་ཉེར་དྲུག་པ་ནས་ཉེར་དགུའི་བར་གྱི་ལེའུ་བཞིས་འདི་སྟོན་ལོགས་སུ་བཤད་པའི་ཕྱིར་རོ། །དེས་


JLD008_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉེར་ལྔ་པ་དང་ཞེས་འོང་རྒྱུ་ཡིན་ནོ། །དེ་ལ་ལེའུ་ལྔ་པ་ལས་ནི་ཡབ་ཀྱི་རྩ་སྔགས་ཀྱི་གསལ་བྱེད་བཏུ་བ་དང༌། བདུན་པས་རྩ་སྔགས་ཀྱི་དབྱངས་བཏུ་བ་དང༌། ཉེར་ལྔ་པ་ལས་མགོར་ཨོཾ་དང་མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བའི་རྩ་སྔགས་ཉིད་གསུངས་ལ། ལེའུ་དྲུག་པ་ལས་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་གི་ཡི་གེའི་གྲངས་ཙམ་དང༌། ཡབ་ཀྱི་གོ་ཆའི་སྔགས་བཏུ་བ་དང༌། བརྒྱད་པ་ལས་ཡབ་ཀྱི་སྙིང་པོ་དང་ཡུམ་གྱི་གོ་ཆའི་སྔགས་བཏུ་བ་བསྟན། སུམ་ཅུ་པ་ལས་ཞལ་བཞི་པའི་སྔགས་བཏུ་བ་དང་བཏུས་པའི་སྔགས་གཉིས་ཀ་བསྟན་ཏོ། །གོ་རིམ་འཆོལ་བ་ཞེས་པ་ནི་སྙིང་པོ་བཟློག་སྟེ་བསྟན་པ་སོགས་སོ། །འགྲུབ་འགྱུར་ཞེས་པའི་འབྲས་བུ་འགྲུབ་པ་ལེའུ་དུས་སྟོན་པ་ནི། མཚམས་སྦྱོར་ལས། འདི་ལྟར་བཟླས་པའི་དངོས་གྲུབ་མཆོག་དང་ཐ་མའི་མཚན་ཉིད་ལས། འཇིག་རྟེན་པའི་དངོས་གྲུབ་བསྟན་པ་ནི། དགུ་པ་ནས་བཅུ་བཞི་པའི་མཐར་ཐུག་པ་དང༌། བཞི་བཅུ་རྩ་གཅིག་པ་ནས་ལེའུ་ལྔ་བཅུ་པའི་བར་དུ་ཤེས་པར་བྱའོ། །གོང་དུ་སྐུ་གསུམ་སྦྱར་བས་འཇིག་རྟེན་ལས་འདས་པའི་མཆོག་གི་དངོས་གྲུབ་བསྟན་ཏོ། །ཞེས་གསུངས་ཏེ། བཟླས་པའི་དངོས་གྲུབ་ཅེས་པ་ནི་མཚོན་པ་སྟེ། བསམ་གཏན་དང་བཟླས་པ་གཉིས་ཀའི་སྒོ་ནས་ཀྱི་དངོས་གྲུབ་སྒྲུབ་པའོ། །དེ་ལ་ལེའུ་དགུ་པ་ནས་ཡབ་ཀྱི་རྩ་སྔགས་ཀྱིས་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང༌། བཅུ་པའི་ཕྱོགས་གཅིག་གིས་ཡབ་ཀྱི་སྙིང་པོའི་སྒོ་ནས་ལས་སྒྲུབ་པ་དང༌། བཅུ་གཅིག་པས་སྐྱེ་བདུན་བརྟག་པ་དང༌། དེའི་སྙིང་ག་ནས་རོ་ཙ་ན་བླངས་


JLD008_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཡབ་ཀྱི་སྙིང་པོས་ལས་སྒྲུབ་པ་བསྟན། བཅུ་གཉིས་པས་ཡབ་ཀྱི་ཉེ་སྙིང་གིས་ལས་སྒྲུབ་པ་བསྟན། བཅུ་གསུམ་པས་གོ་ཆའི་སྔགས་ཀྱིས་ལས་སྒྲུབ་པ་བསྟན། བཅུ་བཞི་པས་ཧེ་རུ་ཀ་བོང་ཞལ་ཅན་གྱི་སྒོ་ནས་སྐྱེ་བདུན་གྱི་སྒྲུབ་པ་བསྟན། ཞེ་གཅིག་པ་ནས་ཞེས་པ་ནི་ཡི་གེ་མ་དག་པར་གསལ་ཏེ། འོག་ནས་སོ་དགུ་པ་ནས་ཞེ་གཉིས་པའི་བར་བཞི་ལ་ལོགས་སུ་བཤད་པའི་ཕྱིར་རོ། །དེས་ན་ཞེ་གསུམ་པ་ནས་ཞེས་འོང་རྒྱུར་སྣང་ངོ༌། །ཞེ་གསུམ་པས་ཡབ་གྱི་ཉེ་སྙིང་གིས་ལས་སྒྲུབ་པ་དང༌། ཞེ་བཞི་པས་ཡབ་ཀྱི་ཉེ་སྙིང་དང་ཡུམ་གྱི་གོ་ཆས་ལས་སྒྲུབ་པ་དང༌། ཞེ་ལྔ་པས་དཔའ་མོའི་གོ་ཆས་ལས་སྒྲུབ་པ་དང༌། ཞེ་དྲུག་པས་ཧ་ལྔ་ལ་བརྟེན་ནས་ལས་སྒྲུབ་པ་དང༌། ཞེ་བདུན་པས་སརྦ་བུདྡྷཱ་ཌཱ་ཀི་ནི་ཡི་སྔགས་ཀྱི་ལས་སྒྲུབ་པ་དང༌། ཞེ་བརྒྱད་པས་སངས་རྒྱས་མཁའ་འགྲོ་མའི་སྔགས་དངོས་དང༌། རྣལ་འབྱོར་མ་བཞི་དང་དཔའ་བོ་ཉེར་བཞི་རྟག་ཏུ་སྒོམ་པ་བསྟན། ཞེ་དགུ་པས་སྐྱེ་བདུན་བརྟག་པ་རྒྱས་པར་དང༌། ལྔ་བཅུ་པས་བཛྲ་བེ་རོ་ཙ་ནའི་སྔགས་ཀྱིས་ལས་སྒྲུབ་པ་བསྟན་ཏོ།། །མཆོག་གི་དངོས་གྲུབ་ནི་བཅུ་པའི་ཕྱོགས་གཅིག་གིས་སྐུ་གསུམ་འགྲུབ་པར་བསྟན་པས་སྟོན་ཏེ། དང་པོ་ལས། དངོས་གྲུབ་རྟག་པ་ཐོབ་པར་འགྱུར། ཞེས་མདོར་བསྟན་པའི་བཤད་པའོ། །དེ་ཡང་རྫོགས་རིམ་གྱི་ལམ་གྱི་སྐུ་གསུམ་ཞིབ་ཏུ་བཤད་པ་ན། དེ་ཉིད་གོང་ནས་གོང་དུ་སོང་བའི་རིམ་པས་འཐོབ་པ་རྟོག་པར་ནུས་སོ། །དངོས་


JLD008_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གཉིས་བསྟན་པ་ནི་ཐུན་མོང་གི་དངོས་གྲུབ་ལ་བྲོད་པ་སྐྱེས་ནས། དེ་གྲུབ་པ་ན་མཆོག་ལ་འཇུག་པའི་ཕྱིར་ཡིན་ནོ། །ཞེས་སྔ་མ་རྣམས་གསུང་ཡང་བླ་མེད་ཀྱི་གདུལ་བྱའི་གཙོ་བོ་ནི། བསྐྱེད་རིམ་མཐར་ཕྱིན་ནས་འཇིག་རྟེན་པའི་དངོས་གྲུབ་དོན་དུ་མི་གཉེར་བར། རྫོགས་རིམ་ལ་འཇུག་པ་ཡིན་པར་གཞུང་དུ་མ་ལས་བཤད་པས་མི་ལེགས་སོ། །དེས་ནས་བསྐྱེད་རིམ་གྱི་མཐར་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ནི། བླ་མེད་ཀྱི་གདུལ་བྱ་དབང་པོ་དམན་པ་རྣམས་ཀྱི་ཚུལ་ལོ། །གསུམ་པ་ནི། ཡང་མཚམས་སྦྱོར་ལས། དེ་ལྟར་འདི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི། རྣལ་འབྱོར་མའི་བཀའ་དྲིན་ལས་འགྱུར་བ་དེ་འདིར་བསྟན་པའི་དོན་དུ། བཅོ་ལྔ་པ་ནས་ཉི་ཤུ་རྩ་བཞི་པའི་བར་གྱིས་ནི། ཕོ་ཉ་ལྷན་ཅིག་སྐྱེས་དངོས་གྲུབ། །ཅེས་པ་ལ་སོགས་པ་རྣམ་པར་འགྲེལ་ཏེ། འདིས་རྣལ་འབྱོར་མ་གསུམ་གྱི་དབྱེ་བ་ཤེས་པར་བྱ་བའི་ཕྱིར་ཡི་གེའི་བརྡ་དང༌། རིགས་དྲུག་གི་དབྱེ་བ་དང༌། མིང་གི་རྣམ་གྲངས་དང༌། མཁའ་འགྲོ་མའི་རིགས་ཀྱི་མཚན་ཉིད་དང༌། ལཱ་མའི་རིགས་ཀྱི་མཚན་ཉིད་དང༌། ལག་པའི་བརྡ་དང༌། ལྟ་བའི་ཕྱག་རྒྱ་དང༌། ཡན་ལག་གི་ཕྱག་རྒྱ་དང༌། མཚན་མའི་ཕྱག་རྒྱ་དང༌། ངག་གི་བརྡ་རབ་ཏུ་ཤེས་པར་འགྱུར་བ་འདི་ནི། བྱེ་བྲག་བཅུས་ཕོ་ཉའི་མཚན་ཉིད་ལེའུ་བཅུར་གོ་རིམ་ཇི་ལྟ་བ་བཞིན་བསྟན་ཏོ། །ཞེས་གསུངས་པའི་དོན་ནི། དངོས་གྲུབ་གཉིས་ནི་རྣལ་འབྱོར་མའི་བཀའ་དྲིན་ལས་འགྲུབ་པ་འདིར་བསྟན་པའི་དོན་དུ། ལེའུ་


JLD008_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར། ཕོ་ཉ་ལྷན་ཅིག་སྐྱེས་དངོས་གྲུབ། ཅེས་པ་ནས། འདོད་པ་ཡི་ནི་དངོས་གྲུབ་བྱ། །ཞེས་རིགས་ལྡན་མ་མཆོད་པ་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་པར་བྱའོ། །ཞེས་པའི་མདོར་བསྟན་རྒྱས་པར་འཆད་པ་ལ། ལེའུ་བཅོ་ལྔ་པ་ནས་ཉེར་བཞི་པའི་བར་ལེའུ་བཅུ་གསུངས་སོ། །འདིས་རྣལ་འབྱོར་མ་གསུམ་གྱི་དབྱེ་བ་ཤེས་པར་བྱ་བའི་ཕྱིར། ཞེས་པ་ནི་ལེའུ་དེ་རྣམས་ཀྱིས་སྔགས་སྐྱེས་མ་ལ་སོགས་པ་གསུམ་སོ་སོར་ཤེས་པར་བྱེད་པ་མ་གསུངས་ཀྱང༌། མཁའ་འགྲོ་མ་དེ་རྣམས་དང་ཕྲད་པ་ལ་བརྟེན་ནས། འདི་རྣལ་འབྱོར་མ་གསུམ་པོའི་འདི་ཡིན་ཞེས་དང༌། ཡུལ་འདི་ན་འདི་ཡོད་ཅེས་བསྟན་པ་ལ་བརྟེན་ནས་ཤེས་པའོ། །ལེའུ་བཅུ་པོ་སོ་སོས་བརྡ་ལ་སོགས་པ་འདི་སྟོན་ཤིན་ཏུ་བསྡུས་ནས་བསྟན་པ་འདི་ཅུང་ཟད་བཤད་ན། མཁའ་འགྲོ་མའི་རིགས་ལྡན་མ་མཆོད་པ་ལ་དེ་ངོ་ཤེས་དགོས། ངོ་ཤེས་པ་ལ་བརྟག་དགོས། བརྟགས་པ་ན་བཅོ་ལྔ་པ་དང་ཉི་ཤུ་པ་དང་ཉེར་གཉིས་པ་དང༌། ཉེར་བཞི་པར་དཔའ་བོ་དང་སྲིང་མོར་ཤེས་པར་འགྱུར་བར་གསུངས་པ་ལྟར་ཤེས་པར་བྱེད་པའི་བརྟག་པ་ལ། ཡི་གེ་རེ་རེ་བའི་བརྡ་ནི་བཅོ་ལྔ་པ་དང༌། ཡི་གེ་དུ་མ་ཚོགས་པའི་ངག་གི་བརྡ་ནི་ཉེར་བཞི་པས་བསྟན་ཏེ། ངག་ལ་བརྟེན་ནས་ཤེས་པར་བྱེད་པའོ། །ལུས་ཀྱི་བརྡས་ཤེས་པར་བྱེད་པ་ལ། ཉི་ཤུ་པས་ལག་པ་གཙོ་བོར་བྱས་པའི་ལུས་ཀྱི་བརྡ་དང༌། ཉེར་གཅིག་པས་བལྟ་བའི་ཕྱག་རྒྱའི་ལུས་ཀྱི་བརྡ་དང༌། ཉེར་གཉིས་པས་ཡན་


JLD008_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་ཁྱད་པར་གྱི་ཕྱག་རྒྱའི་ལུས་ཀྱི་བརྡ་སྟེ། དེ་ལྟར་ལེའུ་ལྔས་མཁའ་འགྲོ་མའི་ཕྱག་རྒྱ་རྟོག་པ་བསྟན་ཏོ། །དེ་ལྟར་སྤྱིར་རྣལ་འབྱོར་མར་ཤེས་པས་མི་ཆོག་གི། བྱེ་བྲག་གི་རིགས་རྟོགས་དགོས་པ་ལ་ལེའུ་བཞི་ལས། བཅུ་དྲུག་པས་རིགས་དྲུག་གི་མཚན་ཉིད་བསྟན་ཏེ། བདག་ཉིད་གང་འདོད་པའི་རིགས་དང་མཐུན་པར་ཤེས་པར་བྱས་ནས་མཆོད་པའི་ཕྱིར་དུའོ། །བཅུ་བདུན་པས་ནི་མཁའ་འགྲོ་མ་རྣམས་སྡུད་པར་བྱེད་པའི་མཁའ་འགྲོ་མ་བདུན་ཚན་གཉིས་མིང་གི་རྣམ་གྲངས་ཀྱིས་བསྟན། བཅོ་བརྒྱད་པས་མཁའ་འགྲོ་མའི་རིགས་ཀྱི་མཚན་ཉིད་ཀྱི་དབྱེ་བ་བསྟན། བཅུ་དགུ་པས་ལཱ་མའི་རིགས་ཀྱི་མཚན་ཉིད་ཀྱི་དབྱེ་བ་ལྔ་བསྟན་ཏོ། །བརྟགས་པས་མཁའ་འགྲོ་མར་ཤེས་ཀྱང་རང་ལ་རྗེས་སུ་ཆགས་པ་མེད་ན་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱར་མི་རུང་བས། རང་ལ་ཆགས་པའི་རྟགས་མཁའ་འགྲོ་མའི་ཁྱད་པར་གྱི་མཚན་མའི་ཕྱག་རྒྱ་ཉེར་གསུམ་པས་བསྟན་ཏོ། །སྤྱིར་གསང་སྔགས་བླ་མེད་པའི་སྒྲུབ་པ་པོ་ཐམས་ཅད་ལ་ཕོ་ཉ་མོ་མཚན་ཉིད་ཚང་བས་གྲོགས་བྱས་ན་ལམ་མྱུར་པ་ཡིན་པ་ལ། ཁྱད་པར་དུ་བདེ་མཆོག་ལམ་ལེགས་པར་ཤེས་ནས་སྒྲུབ་པ་བྱེད་པ་རྣམས་ལ། མཁའ་འགྲོ་མའི་ཕོ་ཉ་མོ་ཁྱད་པར་ཅན་རྣམས་ཀྱིས་བྱིན་གྱིས་རློབ་པ་དང༌། ལམ་གྱི་གྲོགས་མཛད་པ་ཆོས་མྱུར་བ་ཡིན་པས་ད་ལྟ་དངོས་སུ་ལག་ལེན་ལ་མ་ཐེབས་ཀྱང༌། ཚེ་རབས་གཞན་དུ་བརྡ་དང་བརྡའི་ལན་དངོས་སུ་བྱེད་པའི་རྟེན་འབྲེལ་སྒྲིག་པ་ཁྱད་པར་ཅན་དུ་འགྱུར་བས། འདི་དག་གི་ཚུལ་ལ་


JLD008_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དང་དོན་ཡང་ཡང་ཡིད་ལ་བྱེད་པ་ལ་གོམས་པར་བྱའོ། །བཞི་པ་ནི། ཡང་མཚམས་སྦྱོར་ལས། དེའི་རྗེས་ལ། དམ་ཚིག་རྟག་ཏུ་བསྐྱང་བར་བྱ། ཞེས་བྱ་བ་ལ་སོགས་པའི་དོན་རྫོགས་པར་བྱེད་པ་ལ། ཉི་ཤུ་རྩ་དྲུག་པས་ནི་ཡོངས་སུ་ཤེས་པའི་ཕོ་ཉ་མོ་མཉེས་པར་བྱེད་པ་བསྲུང་པའི་དམ་ཚིག་བསྟན་ཏོ། །ཉི་ཤུ་རྩ་བདུན་པས་ནི་ཐོབ་པའི་ཕྱག་རྒྱ་མཉེས་པ་དེའི་བཀས་སྤྱོད་པ་བྱ་བ་སྟེ། རྣལ་འབྱོར་པ་ཉིད་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་དོན་རྫོགས་པར་བྱེད་པ་སྤྲོས་བཅས་ཀྱི་སྤྱོད་པ་བསྟན་ཏོ། །ཉི་ཤུ་རྩ་བརྒྱད་པ་དང་ཉི་རྩ་དགུ་པས་ནི་སྤྲོས་བཅས་ཀྱི་སྤྱོད་པའི་བྱ་བ་བསྟན་ཏོ། །ཞེས་གསུངས་པའི་དོན་ནི་ལེའུ་དང་པོར། རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །ཞེས་པའི་མདོར་བསྟན་གྱི་དོན་རྒྱས་པར་འཆད་པ་ལ། ཉེར་དྲུག་པས་བརྡ་ལ་བརྟེན་ནས་ཤེས་པའི་ཕོ་ཉ་མོ་མཉེས་པར་བྱེད་པ་ལ་བསྲུང་བའི་དམ་ཚིག་བརྒྱད་བསྟན་ཏེ། དེ་ནི་མཚོན་པ་ཙམ་ཡིན་པས། རྩ་ལྟུང་གི་བསྲུང་བའི་དམ་ཚིག་སོགས་ཀྱང་བསྐྱང་དགོས་སོ། །ཕྱག་རྒྱ་མ་ཁྱད་པར་ཅན་མཉེས་པར་བྱས་པ་ན་དེའི་བཀས་སྤྲོས་བཅས་ཀྱི་སྤྱོད་པ་བྱ་བ་ནི། ཉེར་བདུན་པ་དང་ཉེར་བརྒྱད་པ་དང་ཉེར་དགུ་པས་བསྟན་ཏོ། །ཡང་མཚམས་སྦྱོར་ལས། དེ་ནས་སུམ་ཅུ་བརྒྱད་པས་ནི་ཡང་རྣལ་འབྱོར་པ་ཉིད་ཅེས་བྱ་བ་ལ་སོགས་པའི་དོན་རྫོགས་པར་བྱ་བའི་ཕྱིར། སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྒྱས་པར་བསྟན་ཏོ། །ཞེས་གསུངས་ཏེ། སྤྱོད་པའི་མདོར་བསྟན་ནི་ལེའུ་དང་པོར། རྣལ་འབྱོར་པ་


JLD008_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། །ཞེས་གསུངས་པའོ། །དེ་ནས་མཚམས་སྦྱོར་ལས། དེ་ནས། སྦྲང་རྩི་མཚལ་དང་ག་པུར་བཅས། །ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི། སུམ་ཅུ་རྩ་གཅིག་པ་ལ་སོགས་པ་ལེའུ་གསུམ་གྱིས་སྤྱོད་པ་ཐམས་ཅད་ལ་མཁོ་བ་བཟའ་བའི་དམ་ཚིག་བསྟན་ཏེ། དེ་ཡང་ལག་པའི་མཆོད་པ་དང༌། རྫས་ཀྱི་ཁྱད་པར་གྱི་མིང་དང༌། ཁ་ཟས་ཀྱི་ཆོ་གའི་དབྱེ་བ་གསུམ་དུ་ཤེས་པར་བྱའོ། །ཞེས་གསུངས་ཏེ། སོ་གཅིག་པས་ལག་མཆོད་དང༌། སོ་གཉིས་པས་རྫས་ཀྱི་ཁྱད་པར་གྱི་མིང་དང༌། སོ་གསུམ་པས་ཁ་ཟས་ཀྱི་ཆོ་གའི་དབྱེ་བ་བསྟན་ཏེ། བཟའ་བའི་དམ་ཚིག་བསྐྱང་བའོ། །དམ་ཚིག་གཉིས་ཀྱིས་བསྟེན་པའི་དམ་ཚིག་ཀྱང་མཚོན་ནོ། །ལྔ་པ་ནི། ཡང་མཚམས་སྦྱོར་ལས། དེའི་རྗེས་ལ། མཆོད་བཞི་དེ་བཞིན་དཔའ་བོ་ཆེ། །ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་བ་ནི་སུམ་ཅུ་རྩ་བཞི་པ་ལ་སོགས་པ་ལེའུ་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང་ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དབང་དུ་བྱ་བ་གོ་རིམ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་མཚན་ཉིད་བཞིན་དུ་བསྟན་པས་ན། འདིར་དེ་ལས་ལོགས་ཤིག་ཏུ་རྒྱས་པར་མ་བསྟན་ཏོ། །ཞེས་གསུངས་པའི་དོན་ནི་ལེའུ་དང་པོར། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཞེས་སོགས་ཀྱིས་ཕྱག་རྒྱ་བཞི་མདོར་བསྟན་རྒྱས་པར་འགྲེལ་པ་ནི། སོ་བཞི་པ་ནས་སོ་བདུན་པའི་བར་ལེའུ་བཞིའོ། །དེ་ཡང་སོ་བཞི་པས་ཕྱག་ཆེན་དང༌། སོ་ལྔ་པས་ཆོས་ཀྱི་ཕྱག་


JLD008_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དང༌། སོ་དྲུག་པས་ལས་རྒྱ་བསྟེན་ཚུལ་དང༌། སོ་བདུན་པས་ལས་རྒྱས་རང་གི་དབང་དུ་བྱེད་པའི་ཐབས་བསྟན་ལ། དམ་ཚིག་གི་ཕྱག་རྒྱ་ནི་སྔར་དཀྱིལ་འཁོར་གྱི་དབུས་སུ་ཧེ་རུ་ཀ་ཡབ་ཡུམ་དགོད་པའི་སྐབས་སུ་བཤད་པ་དེ་ལས་ལོགས་ཞིག་ཏུ་མ་བསྟན་པར་གསུངས་ཏེ། དམ་ཚིག་གི་ཕྱག་རྒྱ་ནི་གཞུང་གཞན་ནས་ཡེ་ཤེས་ཀྱི་ཕྱག་རྒྱར་བཤད་པའི་ཡིད་ཀྱིས་རྡོ་རྗེ་ཕག་མོ་སོགས་བསྒོམས་པའི་ལྷ་མོའོ། །འདི་ལ་བླ་མ་མར་དོ་དང་མལ་གྱི་ལུགས་འཛིན་པ་གཉིས་ཀའི་ལུགས་ཀྱིས་ལེའུ་སོ་དྲུག་པས་དམ་ཚིག་དང༌། ལས་རྒྱ་གཉིས་ཀ་བསྟན་པར་བཞེད་པ་དང་མི་འགལ་ཏེ། དམ་རྒྱ་སྤྱིར་མ་བསྟན་པ་མིན་གྱི་རྒྱས་པར་མ་བསྟན་ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ནི་ལས་རྒྱ་ལས་ལོགས་སུ་གསལ་བར་མ་བསྟན་ཞེས་པའི་དོན་ནོ། །དྲུག་པ་ནི། ཡང་མཚམས་སྦྱོར་ལས། དེ་ནས་རྣལ་འབྱོར་གསུམ་གྱི་ཐུན་མོང་དུ་གྱུར་པའི་དངོས་གྲུབ་ཀྱི་མཚན་མ་ནི། སུམ་ཅུ་རྩ་དགུ་པ་ནས་བཞི་བཅུ་རྩ་གཉིས་པའི་བར་གྱིས་བསྟན་ཏོ། །ཞེས་གསུངས་པའི་དོན་ནི་རྣལ་འབྱོར་ཏེ་སྤྱོད་པ་གསུམ་གྱི་ཐུན་མོང་གི་འབྲས་བུ་མཆོག་མྱུར་དུ་འགྲུབ་པའི་མཚན་མའམ་རྟགས་ནི། སོ་དགུ་པ་ནས་ཞེ་གཉིས་པའི་བར་ལེའུ་བཞིས་སྟོན་ནོ། །ང་གཅིག་པའི་དོན་དང་བསྡུས་དོན་དེ་ལྟར་བྱེད་པ་དེ་ཇི་ལྟར་ཡིན་པ་ནི། མཚམས་སྦྱོར་ལས། དེ་ལྟར་མདོ་དང་རྒྱས་པར་བསྟན་པའི་དོན་རྣམས་ཀྱི་མཚན་ཉིད་ལེའུ་ལྔ་བཅུ་རྩ་གཅིག་པས་


JLD008_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྡུས་ནས། བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་བླ་མའི་མན་ངག་གོ། ཞེས་གསུངས་ཏེ། ང་གཅིག་པས་མངོན་པར་རྟོགས་པའི་རིམ་པ་གཅིག་ཏུ་བསྡུས་ཚུལ་ནི། དེ་ཉིད་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །བསྡུས་དོན་དེ་ལྟར་བྱེད་པ་ནི་རྗེ་བཙུན་ཆེན་པོ་ནཱ་རོ་ཏ་པའི་མན་ངག་ཏུ་བསྟན་ཏོ། །གཉིས་པ་ནི། དེ་ལྟར་རྩ་རྒྱུད་ཀྱི་དབུ་ཞབས་ཀྱི་དོན་རྣམས་ཀྱང་ལམ་ཉམས་སུ་ལེན་པའི་རིམ་པ་ལ་སྐོར་ནས་ལམ་དུ་འཁྱེར་ཤེས་པ་ནི། མང་དུ་བཤད་པའི་སྙིང་པོ་དམ་པ་ཡིན་པས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བཤད་ན། དེ་ལྟར་ལེའུ་གཉིས་པ་དང་གསུམ་པ་ནས་འབྱུང་བའི་དབང་གི་སྐོར་རྣམས་བཤད་རྒྱུད་གཉིས་ཀྱིས་ཁ་བསྐངས་པའི་དབང་ལེགས་པར་ཐོབ་པར་བྱ་སྟེ། དེ་ནི་ལམ་རིམ་པ་གཉིས་ཡན་ལག་དང་བཅས་པ་ལ་ཉན་བསམ་སྒོམ་གསུམ་བྱེད་པའི་སྣོད་རུང་དུ་སྒྲུབ་པའི་ཐབས་དམ་པ་ཡིན་པའི་ཕྱིར་རོ། །སྣོད་རུང་དུ་སོང་ནས་ནི། དེ་ནས་གསང་བ་བཤད་བྱ་བ། །ཞེས་སོགས་ཀྱི་དོན་ལེའུ་བཞི་པ་དང༌། ཕྱག་རྒྱ་བཞི་སྟོན་པའི་ལེའུའི་དོན་རྩ་བཤད་ལེགས་པར་སྦྱར་ཏེ་རིམ་གཉིས་བསྒོམ་པར་བྱ་སྟེ། དེ་ནི་ལམ་གྱི་གཞུང་སྲོང་བའོ། །ལམ་དེ་ཡང་དམ་ཚིག་སྐྱོང་བའི་གྲོགས་དང་ལྡན་པར་བྱའོ། །དེ་ལྟར་བསྒོམས་ཤིང་བསྐྱངས་པས་ནུས་པ་རྙེད་པ་ན་ཕོ་ཉ་མོ་ཁྱད་པར་ཅན་དང་ཕྲད་པར་འགྱུར་ལ། དེའི་ཚེ་དེའི་བཀས་ཕོ་ཉ་མོ་ལ་བརྟེན་ནས་སྤྱོད་པ་བྱ་བ་ནི་ལམ་ལ་བོགས་འབྱིན་པའི་ཐབས་དམ་པའོ། །རིམ་པ་གཉིས་སོ་སོའི་སྐབས་སུ་སྤྱོད་པས་


JLD008_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བོགས་བཏོན་པ་ན། ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་མྱུར་དུ་འགྲུབ་པར་འགྱུར་རོ། །རྩ་རྒྱུད་ཤིན་ཏུ་མི་གསལ་ཞིང་འཁྲུགས་པར་གྱུར་པ་གྲུབ་ཐོབ་ཀྱི་མན་ངག་གིས་བཤད་པས། ལམ་ལ་ངེས་པ་བླ་ན་མེད་པ་སྟེར་བ་འདི་ནི་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་སྣང་བས། ཕྱིས་འབྱུང་གི་མཁས་པ་ནཱ་རོ་པའི་བཤད་སྲོལ་ལ་བརྟེན་པ་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་བཤད་པར་བྱའོ། །གསུམ་པ་ནི། དེ་འདྲ་བའི་བཤད་སྲོལ་མཆོག་ཏུ་གྱུར་པ་ནི་དཔལ་ནཱ་རོ་པ་ལ་མངའ་བ་ཡིན་ལ། དེ་ལ་སློབ་མ་མང་ཡང་བདེ་མཆོག་གི་སློབ་མ་གཙོ་བོ་བཞི་སྟེ། མཱ་ན་ཀ་ཤྲཱི་ཛྙཱ་ན་དང༌། པྲཛྙ་རཀྵི་ཏ་དང༌། ཕི་ཏོང་ཧཾ་དུ་དང༌། ཕཾ་ཐིང་པའོ་ཞེས་ཟེར་རོ། །དང་པོ་ནི། མར་དོས་བྱང་ཕྱོགས་ཀྱི་སྒོ་གླེགས་པར་གྲགས་པར་བཤད་དེ་ནཱ་རོ་པའི་རྗེས་སུ་སྒོ་གླེགས་པ་མཛད་པའོ། །གསུམ་པ་ནི་ཕམ་ཐིང་པའི་གཅེན་པོ་ཆོས་ཀྱི་བློ་གྲོས་ཞེས་པ་ནཱ་རོ་པའི་སྤྱན་སྔར་ལོ་བཅུ་གཉིས་བཞུགས་ནས་རྒྱ་ནག་གི་རི་བོ་རྩེ་ལྔར་འབྱོན་ཟེར་བ་དེར་མངོན་ནོ། །བཞི་པ་ནི་བལ་པོ་ཕམ་ཐིང་པ་ཞེས་ཀྱང་ཟེར། བལ་ཡུལ་ན་ཨ་དེས་བ་ཆེན་པོར་གྲགས། དགེ་སློང་འཇིགས་མེད་གྲགས་པ་ཞེས་ཀྱང་ཟེར་བ་དེ་ཡིན། དེས་ནཱ་རོ་པའི་སྤྱན་སྔར་ལོ་དགུ་བཞུགས། བདེ་མཆོག་གི་སྒོ་ནས་དམན་པ་དང་འབྲིང་གི་དངོས་གྲུབ་ཐོབ། དེའི་གཅུང་པོ་དུས་འཁོར་བས་ནཱ་རོ་པ་ལ་ལོ་ལྔ་བསྟེན། དེའི་གཅུང་པོ་ཐང་ཆུ་པས་ཀྱང་ནཱ་རོ་པ་ལ་བདེ་མཆོག་གསན། ཁ་ཆེ་


JLD008_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་བཟང་པོས་ཀྱང་ནཱ་རོ་པ་བསྟེན་ནས་བདེ་མཆོག་གསན་ནོ། །སྔར་བཤད་པ་བཞིའི་དང་པོ་གཉིས་དང༌། ཕམ་ཐིང་པ་ལ་ཀ་ན་ཀ་ཤྲཱིས་གསན། དེ་ལ་བལ་ཕོ་བ་ཏན་ཏ་ཞེས་ཀྱང་ཟེར། སུ་མ་ཏི་ཀཱིརྟི་ཞེས་ཀྱང་ཟེར་བ་ཐམས་ཅད་མཁྱེན་པ་ཆུང་ངུར་གྲགས་པ་དེས་གསན། མཱ་ན་ཀ་ཤྲཱི་དང་ཕམ་ཐིང་པ་གཉིས་ལ་ཡང་དངོས་སུ་གསན། བལ་པོ་ཐུགས་རྗེ་ཆེན་པོས་ཀྱང་ཀ་ན་ཀ་ཤྲཱི་ལ་གསན། དེ་རྣམས་ལས་བོད་དུ་བརྒྱུད་པ་ལ་ལུགས་མང་དུ་ཡོད་ཀྱང་བོད་དུ་ཕན་འདོགས་ཆེ་བ་ལ་མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་དང༌། མར་པ་དོ་པར་གྲགས་པའི་ལོ་ཙྪཱ་བ་མཚན་ངོ་བོ་ཆོས་ཀྱི་དབང་ཕྱུག །གསང་མཚན་མཉྫུ་ཤྲཱི་བཛྲ་བ་ཞེས་པ་གཉིས་སོ། །དེ་ལ་མལ་གྱོས་ཕམ་ཐིང་པ་སྐུ་མཆེད་གསུམ་དང༌། ཁ་ཆེ་བྱང་ཆུབ་བཟང་པོ་དང༌། སུམ་མ་ཏི་ཀཱིརྟི་དང༌། བལ་པོ་ཐུགས་རྗེ་ཆེན་པོ་ལ་གསན། མར་དོར་ཕམ་ཐིང་པ་དང་སུ་མ་ཏི་ཀཱིརྟི་གཉིས་ལ་གསན་ནོ། །རྗེ་བཙུན་ས་སྐྱ་པ་ཆེན་པོས་པུ་རངས་ལོ་ཆུང་དང༌། རྨ་ལོ་ཙྪ་བ་དང༌། མལ་ལོ་ཙྪ་བ་རྣམས་ལ་བདེ་མཆོག་གསན་ཀྱང་མལ་གྱི་ལུགས་ལ་ཚད་མར་མཛད། མལ་དང་ས་ཆེན་གྱིས་རྩ་རྒྱུད་ལ་ཡིག་ཆ་མ་མཛད། མལ་གྱི་གསུང་བགྲོས་ས་ཆེན་གྱི་བཤད་པ་རྣམས། དེའི་སློབ་མ་པུ་ཎྱེ་བཛྲ་ཞེས་པ་ཅིག་གིས་རྩ་རྒྱུད་རྒྱ་ཆེར་འགྲེལ་པ་མུ་ཏིག་འཕྲེང་བ་ཞེས་པ་ཅིག་ཏུ་ཞིབ་ཏུ་གཏན་ལ་ཕབ། མར་དོས་རྩ་རྒྱུད་ཀྱི་རྣམ་བཤད་ཅིག་མཛད། དེའི་སློབ་མ་གཟེ་བ་བདེ་མཆོག་རྡོ་རྗེ་དང༌། རྒྱ་ནམ་མཁའ་དབང་ཕྱུག་དང༌།


JLD008_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་རོ་ཆོས་ཀྱི་རྒྱལ་མཚན་རྣམས་ཀྱིས་བདེ་མཆོག་ཤིན་ཏུ་དར་བར་མཛད་དོ། །བླ་མ་འཕགས་པ་འོད་ཅེས་པ་ཇོ་བོ་ལུགས་དང༌། ལོ་ཆུང་དང་ས་སྐྱ་པའི་ལུགས་ཀྱི་དབང་དང་ཁྲིད་དང་བཤད་པ་མངའ་བ་ཅིག་གིས་བུ་སྟོན་ཐམས་ཅད་མཁྱེན་པ་ལ་གནང༌། ཡང་བླ་མ་དེས་མར་དོའི་ལུགས་ཀྱི་བཤད་ལུང་ཡང་རྩེ་བ་ལ་ཞུས་གསུང་པས་ཁོང་ལ་ལོ་ཙ་བ་མཁས་པ་གཉིས་ཀ་ལ་བརྒྱུད་པའི་ནཱ་རོ་པའི་བཤད་སྲོལ་མངའོ། །བུ་སྟོན་ཞབས་ཀྱི་མཛད་པའི་རྩ་རྒྱུད་ཀྱི་རྣམ་བཤད་ཆེན་མོའི་བཤད་ལུང་དེའི་སློབ་མ་བླ་མ་བདེ་ཆེན་པ་ཆེན་པོ་ལ་བདག་གིས་ཐོས་སོ།། ༈ །། གསུམ་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྒྱུར་བ་དང༌། མཚན་བཤད་པའོ། །དང་པོ་ནི། རྒྱ་གར་ན་སྐད་རིགས་བཞི་ཡོད་པ་ལས་ལེགས་པར་སྦྱར་བའི་སྐད་དུ་ནི། རྒྱུད་འདིའི་མཚན་ཤྲཱི་ནས་ནཱ་མའི་བར་རོ། །དེ་བོད་ཀྱི་སྐད་དུ་བསྒྱུར་ན། ཤྲཱི་ནི་དཔལ་ལོ། །ཧེ་རུ་ཀ་ནི་ཁྲག་འཐུང་ངོ༌། །ཁ་ཅིག་རུ་ཞེས་པའི་རུ་ཏི་ར་ཁྲག་ལ་འཇུག་པས། ཡི་གེའི་ཟུར་དེ་ཙམ་ལ་བརྟེན་ནས་ཁྲག་འཐུང་ཞེས་བསྒྱུར་བ་ནི་འགྱུར་ལེགས་པ་མིན་ནོ་ཞེས་ཟེར་མོད་ཀྱང༌། མར་དོའི་ལུགས་འཛིན་པ་དག་ཡི་གེ་གསུམ་ལ་ཡི་གེ་བསྣན་པའི་ངེས་ཚིག་གི་བཤད་པ་བྱས་པས་ཁྲག་འཐུང་དུ་སོང་བར་བཤད་པ་ལེགས་སོ། །དེ་ཡང་ཧེ་ལ་རོལ་པ་དང༌། རུ་ཏི་ར་ཁྲག་དང་ཀ་པཱ་ལ་ཐོད་པ་སྟེ། བསྡུ་ན་ཐོད་ཁྲག་ལ་


JLD008_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པར་འགྱུར་བས་ཁྲག་འཐུང་དུ་བསྒྱུར་རོ། །རཱ་ཛ་ནི་རྒྱལ་པོ་དང༌། ཙ་ཀྲ་ནི་འཁོར་ལོ་དང༌། སཾ་བར་ནི་སྡོམ་པ་དང༌། བྷི་དྷ་ན་ནི་བརྗོད་པ་དང༌། ཡོ་གི་ནི་ནི་རྣལ་འབྱོར་མ་དང༌། རུད་ཏ་ར་ནི་བླ་ན་མེད་པ་དང༌། སརྦ་ཏན་ཏྲ་ནི་རྒྱུད་ཐམས་ཅད་དང༌། ཏྲོད་ཅེས་པའི་ཏྲའི་ན་རོར་སོང་བའི་ཨུ་དང་སྦྱར་བས་ཨུད་ཏ་ར་ནིས་བླ་མ་དང༌། སཾ་བ་ར་ནི་བདེ་མཆོག་དང༌། སཾ་གྲ་ཧ་ནི་བསྡུས་པ་དང༌། ནཱ་མ་ནི་ཞེས་བྱ་བའོ། །མཚན་ལ་མི་འདྲ་བ་མང་དུ་འདུག་ནའང་འདི་མར་དོ་རྐྱང་པའི་འགྱུར་ལྟར་རོ། །གཉིས་པ་ནི། ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་པའི་གཉིས་སུ་མེད་པའི་ཡེ་ཤེས་ནི། འདོད་ཅིང་བསྟེན་པར་བྱ་བས་ན་དཔལ་ལོ། །ཧེ་རུ་ཀ་ནི་བཤད་ཟིན་ལ། དེའི་བཤད་པ་གཞན་ནི་འཆད་པར་འགྱུར་རོ། །རྒྱལ་པོ་ནི་ཐོད་ཁྲག་ལ་རོལ་པ་རྣམས་ཀྱི་གཙོ་བོའོ། །སྡོམ་པ་ནི་འདུས་པ་མཆོག་གོ། སྡོམ་རྒྱུ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་ལས་སོ། །དེ་ཉིད་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡང་ཡིན་ནོ། །སྡོམ་ཚུལ་ནི་སྡོམ་རྒྱུ་དེ་ཐམས་ཅད་དབྱེར་མི་ཕྱེད་པར་གཅིག་ཏུ་སྡོམ་པ་སྟེ། བདེ་སྟོང་གཅིག་ཏུ་སྡོམ་པ་དང་སྐུ་གསུང་ཐུགས་གསུམ་ལྷན་སྐྱེས་ཀྱི་ཧེ་རུ་ཀ་གཅིག་གི་ངོ་བོར་སྡོམ་པ་སྟེ། སྡོམ་འབྱུང་ལས། སྐུ་གསུང་ཐུགས་ཀྱི་ཡང་དག་ལས། །རྣམ་པ་ཐམས་ཅད་གཅིག་སྡོམ་པ། །སྡོམ་པ་བདེ་མཆོག་བྱང་ཆུབ་སྟེ། །བརྗོད་པར་བྱ་མིན་བསྟན་དུ་མེད། །འདུས་པ་སྡོམ་པ་དག་གི་མཆོག །ཅེས་གསུངས་སོ། །


JLD008_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ནི་འཁོར་ལོ་སྡོམ་པར་གྲགས་པའོ། །རྣལ་འབྱོར་མ་བླ་ན་མེད་པས་ནི་འདི་མ་རྒྱུད་དུ་སྟོན་ནོ། །རྒྱུད་དེ་ཐམས་ཅད་ཀྱི་བླ་མ་ནི་གོང་མ་སྟེ་མཆོག་གོ། །རྒྱུད་ནི་འདུས་པ་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བ། །རྣམ་པ་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཤེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་རྒྱུད་ཀྱི་སྒྲ་དོན་ནི་རྒྱུན་ཆགས་པ་དང༌། དེ་ལ་རང་བཞིན་ཞེས་པ་སྒྲུབ་པ་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་རང་བཞིན་རྒྱུ་རྒྱུད་དང༌། གཞི་ཞེས་པ་རིམ་གཉིས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ཐབས་རྒྱུད་དང༌། མི་གནས་པའི་མྱ་འདས་རྡོ་རྗེ་འཆང་ངམ་ཟུང་འཇུག་གི་སྐུ། གཞན་གྱིས་འཕྲོག་པར་མི་ནུས་པ་འབྲས་བུའི་རྒྱུད་དུ་ནཱ་རོ་པས་བཤད་དེ། དོན་གྱི་རྒྱུད་ལ་གསུམ་དུ་ཕྱེ་བའོ། །ཤཱནྟི་པ་དང་ཨ་བྱ་ཀ་རས་རྒྱུ་རྒྱུད་སེམས་ཀྱི་ཆོས་ཉིད་ལ་བཤད་དོ། །དེ་གསུམ་བརྗོད་བྱར་སྟོན་པའི་སྒྲ་ལ་ཡང་རྒྱུད་ཅེས་བྱ་སྟེ་འདིར་ཕྱི་མའོ། །སཾ་བ་ར་རྟིང་མ་བདེ་མཆོག་ཏུ་བསྒྱུར་བ་ནི་སཾ་སུ་ཁ་ན་བདེ་བ་དང༌། བ་ར་ནི་མཆོག་ཡིན་པ་ལ་བསམས་ཏེ། ཁ་སྦྱོར་གྱི་རྒྱུད་ཕྱི་མ་ལས། དེ་ནས་སྡོམ་པའི་སྒྲས་བརྗོད་པར་བྱ་སྟེ། སཾ་ཞེས་པ་ནི་བདེ་བའོ། །བ་ར་ཞེས་པ་ནི་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པ་བཞིན་ཏེ།


JLD008_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་བ་རའི་དོན་འདི་དང་སྔ་མ་གཉིས་ཀ་ཤེས་དགོས་སོ། །བསྡུས་པ་ནི་རྩ་རྒྱུད་རྒྱས་པ་ལས་ཚིག་བསྡུས་ནས་གསུངས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་དང་དཔལ་ནི་གོ་སླའོ། །མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བརྗོད། །སེམས་དཔའ་ཡེ་ཤེས་ཙམ་ཉིད་དེ། །དེ་དག་བདག་ཉིད་གྲུབ་པ་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར། རྡོ་རྗེ་སྟོང་པ་ཉིད་མཐར་ཐུག་པ་དང་སེམས་དཔའ་ཡེ་ཤེས་གཉིས་རོ་གཅིག་ཏུ་ཞུགས་པ་གྲུབ་པ་ལ་ཕྱག་འཚལ་ལོ་ཞེས་པ་ནི་ལོ་ཙྪ་བའི་ཕྱག་གོ། །གསུམ་པ་ལ་གཉིས། ཐོག་མར་འདི་སྐད་སོགས་དངོས་སུ་མ་སྨོས་པའི་རྒྱུ་མཚན། ཚིག་གི་དོན་བཤད་པ་དངོས་སོ། །དང་པོ་ནི། རྒྱུད་འདི་ལ་ཐོག་མར་འདི་སྐད་བདག་ཐོས་སོགས་མི་སྨོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྐལ་ལྡན་གྲགས་པས་འདི་རྒྱུད་རྒྱས་པ་འབུམ་སྡེ་ལས་བཏུས་ལ། དེར་འདི་སྐད་སོགས་སྨོས་པས་དེའི་རྒྱུད་ཕྱི་མ་འདིར་དེ་མ་སྨོས་ཞེས་འདོད་པ་དང༌། སྟོན་པ་མི་གནས་པའི་མྱ་ངན་ལས་བསྟན་པའི་ཕྱིར་མ་སྨོས་ཞེས་འདོད་པ་དང༌། བསྟན་དུ་མེད་པའི་ཆོས་ཉིད་ལ་བསྟན་བྱ་དང་སྟོན་པ་པོ་གཅིག་ཏུ་བསྟན་པའི་ཕྱིར་མ་སྨོས་པར་འདོད་པ་དང་འདི་སྐད་སོགས་མེད་པར་མཚན་བརྗོད་བཞིན་དུ་ཐེག་པ་ཆེན་པོ་སྟོན་པར་མཛད་དོ། །ཞེས་འདོད་པའི་གཞན་ལུགས་བཞི་བཀོད་ནས། རང་ལུགས་ནི་དང་པོའི་སངས་རྒྱས་རྣམས་ནི་རྒྱུན་ཆད་པ་མི་མངའ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་ནི་ཐོག་མ་མེད་པའི་རྒྱུན་ཅན་ཡིན་ཏེ། ཤཱཀ་ཐུབ་ལས་སྔ་བར་གནས་ཏེ། །སངས་


JLD008_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱེ་བ་དཔའ་བོ་ནི། །བྱེ་བ་ཉིད་ཀྱིས་ལེགས་པར་གསུངས། །ཞེས་བཤད་པ་ལྟ་བུའོ། །དེའི་དོན་ནི་དུས་ཀྱི་དབང་གིས་སྲེག་པའི་བསྐལ་པ་ལ་སོགས་པས། ཤེར་ཕྱིན་ལ་སོགས་པ་ནུབ་པ་ན་ཤཱཀྱ་ཐུབ་པས་ཡང་གསུངས་སོ། །བདེ་མཆོག་ནི་དེ་ལྟར་མ་ཡིན་ཏེ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྣམས་ནི་རྒྱུན་མི་འཆད་པ་ཉིད་ཀྱིས་ཉམས་སུ་བླངས་ནས་གནས་པའི་ཕྱིར་རོ་ཞེས་ཟེར་རོ། །འདོད་པ་དང་པོ་ལ་བོད་ཁ་ཅིག་གིས་ཀྱཻ་རྡོར་འབུམ་ལྔའི་རྒྱུད་རྒྱས་པ་ལས་བསྡུས་ཏེ་ལོགས་སུ་བསྟན་པ་བརྟག་གཉིས་ལ་འདི་སྐད་སོགས་གསུངས་པ་ལྟར། འབུམ་དུ་བརྗོད་པ་ལས་བསྡུས་ཏེ་ལོགས་སུ་བསྟན་པའི་རྒྱུད་འདི་ལ་ཡང་སྨོས་ན་འགལ་བ་ཅི་ཡོད་ཅེས་སུན་འབྱིན་ནོ། །དེ་ལ་རྒྱུད་རྒྱས་པ་ལས་བསྡུས་པའི་བསྡུས་རྒྱུད་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས། རྒྱས་པ་ལས་ལོགས་སུ་འདི་སྐད་སོགས་མ་བསྟན་པར་འདོད་ན་སྐྱོན་དེ་འཇུག་ཀྱང་དེ་ཙམ་རྒྱུ་མཚན་དུ་བྱེད་པ་མིན་ནོ། །འོ་ན་ཅི་ཞེ་ན། རྒྱུད་ཀྱི་ཐོག་མ་ནས། དེ་ནས་གསང་བ་བཤད་པར་བྱ། །ཞེས་དེ་ནས་ཀྱི་སྒྲ་ཐོག་མར་འབྱུང་བ་རྒྱུད་སྔ་མའི་འཕྲོ་འདི་འདྲ་བའི་རྒྱུད་བསྡུས་པ་ལས། འདི་སྐད་སོགས་མ་བསྟན་ཞེས་པའི་དོན་ཡིན་གྱི། རྒྱུད་རྒྱས་པ་ལས་བསྡུས་པའི་རྒྱུད་ཡིན་ན། འདི་སྐད་སོགས་མི་སྨོས་པ་ཡིན་ནོ་ཞེས་འདོད་པ་མིན་ནོ། །ལྭ་བ་པའི་འགྲེལ་བ་ལས་ཀྱང་དེ་ནས་ཀྱི་ཚིག་གིས་རྒྱུད་སྔ་མའི་མཐའ་ཅན་དུ་བསྟན་པར་གསུངས་སོ། །དེས་ན་ལུགས་འདི་ལ་ཡང་སྔར་བཞིན་དུ་འགོག་པ་ནི་ཕྱོགས་སྔ་མ་མ་


JLD008_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་པར་བཀག་པ་ཡིན་ནོ། །ཡང་བོད་ཁ་ཅིག་ལྭ་བ་པས་བདེ་མཆོག་རྩ་རྒྱུད་འབུམ་ཕྲག་གསུམ་པར་འདི་སྐད་བདག་ཐོས་སྨོས། འདི་དེ་ལས་བསྡུས་པའི་ཕྱི་མ་ཡིན་པས་མ་སྨོས། ཞེས་ཟེར་བ་མི་འཐད་དེ། དྲི་མེད་འོད་ལས་རྩ་རྒྱུད་རྒྱས་པ་ནི་འདི་སྐད་བདག་ཐོས་མེད་པར་བཤད་པའི་ཕྱིར་རོ། །ཞེས་འདི་སྐད་བདག་ཐོས་ཡོད་པའི་རྒྱུད་རྒྱས་པ་ལས་བསྡུས་པའི་ཕྱི་མ་ཡིན་པས། འདིར་འདི་སྐད་བདག་ཐོས་མ་སྨོས་པར་བཤད་པ་ནི། སྔར་བཤད་པ་ལྟར་ཕྱོགས་སྔ་མ་གཏན་ནས་མ་ལོངས་པ་ཡིན་ལ། དྲི་མེད་འོད་ལས་མངོན་བརྗོད་འབུམ་ཕྲག་གཅིག་པ་ལ་འདི་སྐད་བདག་ཐོས་སོགས་མེད་པར་བཤད་པ་དང༌། མངོན་བརྗོད་འབུམ་ཕྲག་གསུམ་པ་ལ་ཡོད་པར་བཤད་པ་གཉིས་ལ་འགལ་མེད་པའི་ཕྱིར་ཏེ། རྒྱུད་རྒྱས་པ་ལ་མི་འདྲ་བ་གཉིས་ཡོད་པའི་ཁུངས་རྣམས་བཤད་ཟིན་ཏོ། །དེས་ན་ལྭ་བའི་ན་བཟའ་ཅན་ལྟ་བུའི་རྒྱ་གར་གྱི་གྲུབ་ཆེན་ལ་སྐྱོན་འཛིན་པ་ནི་ཤིན་ཏུ་མི་རིགས་པ་ཆེན་པོའོ། །རྒྱུད་བསྡུས་པ་འདི་ལ་ཡང་འདི་སྐད་བདག་ཐོས་སོགས་ཀྱི་ཚིག་གསལ་པོ་མེད་པ་ཡིན་གྱི། མི་གསལ་བའི་ཚུལ་གྱིས་ཡོད་པར་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་ཏེ་འཆད་པར་འགྱུར་རོ། །འདོད་པ་གཉིས་པ་ཡང་མི་འཐད་དེ། མཚན་ཉིད་ཀྱི་མདོ་སྡེའི་ཕྱོགས་ལ་འདི་སྐད་བདག་ཐོས་སོགས་སྟོན་པ་མྱང་ངན་ལས་འདས་རྗེས་སུ་སྡུད་པ་པོས་སྡུད་པར་བཤད་ཀྱང༌། འདིར་བཤད་རྒྱུད་རྡོ་རྗེ་འཕྲེང་བ་དང་དགོངས་པ་ལུང་སྟོན་སོགས་ལས་གསུངས་པ་ལྟར། སྟོན་པ་ཉིད་


JLD008_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདི་སྐད་བདག་ཐོས་སོགས་ལ་བཤད་པ་མཛད་པས། མྱ་ངན་ལས་འདས་རྗེས་སུ་བསྡུས་པས་མ་ཁྱབ་པའི་ཕྱིར་དང༌། སྟོན་པ་མི་གནས་པའི་མྱང་ངན་ལས་འདས་པ་བརྙེས་པར་སྟོན་པ་གསང་འདུས་སོགས་ཀྱིའང་ལུགས་ཡིན་པས། དེ་རྣམས་ལ་ཡང་འདི་སྐད་སོགས་མི་སྟོན་པར་ཐལ་བའི་ཕྱིར་རོ། །འདོད་པ་གསུམ་པ་ཡང་མི་འཐད་དེ། ཀྱཻ་རྡོར་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །ཞེས་གསུངས་པས་དེར་ཡང་འདི་སྐད་སོགས་མི་སྟོན་པར་འགྱུར་རོ། །འདོད་པ་བཞི་པ་ཡང་མི་འཐད་དེ། འདི་སྐད་སོགས་མེད་པར་བཤད་པ་མཚན་བརྗོད་དང་འདྲའོ་ཞེས་བསྟན་པ་ན། དེར་ཡང་དོགས་པ་དེ་འཇུག་པས་བརྒལ་བ་ཉིད་ལན་དུ་སོང་བའི་ཕྱིར་རོ། །རང་ལུགས་བཞག་པ་ཡང་མི་འཐད་དེ། ཤཱཀ་ཐུབ་ལས་སྔ་བའི་གསུང་རབ་ལ་འདི་སྐད་སོགས་མེད་པར་སྒྲུབ་མི་ནུས་པའི་ཕྱིར་དང༌། སངས་རྒྱས་བྱེ་བ་སོགས་ཀྱིས་གསུངས་པ་འདི་སྐད་སོགས་ཡོད་པའི་རྒྱུད་དུ་མ་ལ་ཡང་ཡོད་པའི་ཕྱིར་དང༌། ཕྱོགས་བཅུའི་ཞིང་མཐའ་ཡས་པར་ཉམས་སུ་ལེན་པ་རྒྱུན་མ་ཆད་དུ་ཡོད་པ་མངོན་བརྗོད་དང༌། སྡོམ་འབྱུང་དང་ཤེར་ཕྱིན་གྱི་མདོ་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར། དེ་རྣམས་ལ་ཡང་འདི་སྐད་སོགས་མ་སྨོས་པར་འགྱུར་རོ། །གཉིས་པ་ལ་གསུམ། ལེའུ་དང་པོས་རྒྱུད་དོན་ཀུན་མདོར་བསྟན། ལྷག་མ་ཞེ་དགུས་དོན་དེ་རྒྱས་པར་བཤད། ལེའུ་ང་གཅིག་པས་སྔ་མ་རྣམས་ཀྱི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། གཞུང་དངོས་དང༌། ལེའུའི་


JLD008_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བསྟན་པའོ། །དང་པོ་ལ་བཞི། གསང་བ་བཤད་པར་དམ་བཅའ་བ། གསང་བ་ཉན་པར་བསྐུལ་བ། ལམ་གྱི་གསང་བའི་བགྲོད་པ་རྫོགས་པར་བྱེད་པའི་ཐབས། གསང་བ་སྒྲུབ་པའི་གནས་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ལ་སྐད་དོད་ཨཱ་ཐ་ཞེས་པ་ཡོད་ལ། དེ་ལ་ནཱ་རོ་པས་ཚུལ་བཞིར་བཤད་དེ། རྩ་རྒྱུད་སྔ་མ་རྫོགས་ནས་དེའི་ཕྱི་མའི་རྒྱུད་འཆད་པའི་སྐབས་སྦྱོར་བ་སྟེ་ཡི་གེའི་དོན་ནོ། །ཨཱ་ལ་ཡི་གེ་བསྣན་པས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང༌། དེའི་ཟླ་སྟོབས་ཀྱིས་ཐ་ནི་བསོད་ནམས་ཀྱི་ཚོགས་ཏེ་སྤྱིའི་དོན་ནོ། །ཨཱ་ཤེས་རབ་ཀྱི་པདྨ་དང༌། ཐ་ཐབས་ཀྱི་རྡོ་རྗེ་ནི་སྦས་པ་སྟེ། སྦས་པའི་ནང་ནས་འདོད་ཆགས་ཆོས་སྦས་སོ། །ཨཱ་ནི་རྣམ་པར་དག་པའི་ཤེས་རབ་དང༌། ཐ་ནི་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་སྟེ་མཐར་ཐུག་པའོ། །གཞན་ཡང་ཨཱ་ཐ་ཞེས་པ་དོན་བཞི་ལ་འཇུག་སྟེ། བཀྲིས་པ་དང༌། ཚིག་ཕྲད་ཀྱི་དོན་དང༌། དེ་མ་ཐག་པའི་དོན་དང༌། དབང་དུ་བྱ་བའི་དོན་ཏེ། དང་པོ་ནི་འདི་ལ་འཇུག་པ་རྣམས་བཀྲ་ཤིས་པར་བྱེད་པའོ། །གཉིས་པ་ནི་དེ་ནས་བཅོམ་ལྡན་འདས་མྱ་ངན་འདས་པའི་དུས་དེ་ཉིད་ན་ཞེས་བྱ་བ་ལྟ་བུ་སྟེ། འདི་ནི་རྒྱུད་རྒྱས་པ་གསུངས་པ་དེ་ནས་བསྡུས་པ་གསུངས་པ་ན་འདི་ལྟར་བཤད་ཅེས་པའོ། །གསུམ་པ་ནི་དེ་ནས་དེ་མ་ཐག་ཏུ་སོམ་ཉི་ཐམས་ཅད་རྣམ་པར་བཅད་ནས་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདིར་ནི་རྩ་རྒྱུད་རྒྱས་པ་གསུངས་པའི་དེ་ནས་ཏེ། དེ་མ་ཐག་ཏུ་འདི་


JLD008_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཞེས་བར་མ་ཆད་པ་གསལ་བར་བྱེད་དོ། །བཞི་པ་རྒྱུད་དབུ་ཞབས་ཐམས་ཅད་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་དབང་དུ་བྱས་པར་སྟོན་ཏེ། འདིར་བཤད་པ་བཞི་ག་སྦྱར་རོ། །ཐེག་པ་འདིའི་རིགས་མེད་པ་རྣམས་ལ་གསལ་བར་མ་བྱས་པས་ན་གསང་ཆེན་ནོ། །གསལ་བར་མི་བྱེད་པའི་རྒྱུ་མཚན་ཡང་སྦ་བར་འོས་པ་ཡིན་ལ། དེ་ཡང་བདུན་ཏེ། གསང་བ་དེ་ཉིད་ཡུལ་དང་ནི། གསང་བ་རྒྱས་པའི་འཁོར་ལའོ། །གསང་བ་སྦས་པ་བདེན་པ་སྟེ། གསང་བ་གསང་བའི་པདྨའོ། །གསང་བ་ས་བོན་གྱིས་དགའ་བ། །གསང་བ་ཐམས་ཅད་འདུས་པ་སྟེ། གསང་བ་བར་ཆད་མེད་བདེའོ། །ཞེས་ལྭ་པ་བའི་འགྲེལ་བར་དྲངས་ཏེ། ཅུང་ཟད་ཙམ་མ་གཏོགས་པ་ཁ་སྦྱོར་ཕྱི་མ་ནས་ཀྱང་དེ་བཞིན་དུ་བཤད་དོ། །དེ་རྣམས་ཀྱི་དོན་ལ། དང་པོ་ནི་ཤེས་རབ་ཀྱི་ཡུལ་དེ་ཁོ་ན་ཉིད་དང༌། གཉིས་པ་ནི་ལྷའི་འཁོར་ལོ་དང༌། གསུམ་པ་ནི་ཁ་སྦྱོར་ཕྱི་མ་ལས། གསང་བ་ནི་དམ་པའི་དངོས་པོ་སྦས་པའོ་ཞེས་གསུངས་པས་སྦས་པ་མཆོག་རྣམས་སོ། །བཞི་པ་ནི་རྩ་བའི་འཁོར་ལོ་ལ་པདྨར་བཤད་པ་དང༌། ཕྱག་རྒྱའི་པདྨ་དང༌། ལྔ་པ་ནི་སྦྱི་བོའི་ས་བོན་ཧཾ་ལས་བྱང་སེམས་འཛགས་པ་ལས་སྐྱེས་པའི་དགའ་བ་དང༌། དྲུག་པ་ནི་རྡོ་རྗེ་དང་པདྨ་སོགས་ཀྱི་གསང་བ་རྣམས་འདུས་པ་དང༌། བདུན་པ་ནི་ཡུལ་དེ་ཁོ་ན་ཉིད་དང་ཡུལ་ཅན་གཉིས་བར་དུ་ཆད་པ་མེད་པ་རོ་གཅིག་ཏུ་ཞུགས་པའོ། །སློབ་དཔོན་ཀོང་ཀ་ན་པ་བསང་བ་ཁྱད་པར་གྱི་གཞིར་བྱས་ནས། ཤྲཱི་ཧེ་རུ་ཀ་ཞེས་པའི་


JLD008_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་བཞི་དེའི་ཁྱད་པར་གྱི་ཆོས་སུ་སྦྱར་རོ། །བཤད་པ་དེ་གཉིས་དང་བླ་མ་རྣམས་འདིའི་གསང་བ་ལ་ལམ་དང་འབྲས་བུའི་གསང་བ་གཉིས་ལ་སྦྱོར་བར་བཤད་པ་ལ་ནི་དོན་མི་མཐུན་པ་མེད་དོ། །དེ་འདྲ་བའི་གསང་བ་བཤད་པར་བྱའོ་ཞེས་དམ་བཅས་པ་ལ་འཆད་བྱེད་ཀྱི་གཞུང་ཇི་ལྟ་བུ་སྙམ་ན། རྩ་རྒྱུད་རྒྱས་པ་ལས་བཏུས་པའི་གཞུང་མདོར་བསྡུས་པ་སྟེ། དེ་ཡང་དོན་ནི་བསྡུས་པ་མིན་གྱི་རྒྱས་པའོ། །ཞེས་མིན་རྒྱས་པའི་དོན་དུ་བཤད་དོ། །རྩ་རྒྱུད་གང་ལས་ན་ལང་ཀ་རྒྱས་བཟང་དང་དཔའ་བོ་རྡོ་རྗེ་སོགས་ཀྱིས་ནམ་མཁའ་དང་མཉམ་པའི་རྒྱུད་འབུམ་པ་ལས་བཏུས་པར་འཆད་དོ། །ཀུན་སྤྱོད་ལས་ནི་རྒྱུད་འདི་གང་ལས་བཏུས་པའི་རྩ་རྒྱུད་འབུམ་པ་དང༌། ནམ་མཁའ་དང་མཉམ་པ་གཉིས་སོ་སོར་གསུངས་སོ། །ལྭ་བ་པས་རྩ་རྒྱུད་འབུམ་ཕྲག་གསུམ་པ་ལས་བཏུས་པར་བཤད་པ་མཁའ་འགྲོ་རྒྱ་མཚོ་དང་མཐུན་ནོ། །དཔེ་ཁ་ཅིག་ལས། དེ་ནས་དེ་ལས་གསང་བ་བཤད། ། ཅེས་པ་ལྟར་ན་རྒྱུད་རྒྱས་པ་དེ་ལས་བཏུས་ཏེ་འཆད་ཅེས་པའོ། །ཡང་ཁ་ཅིག་ལས། དེ་ནས་དེ་ཕྱིར་གསང་བ་བཤད། །ཅེས་པ་ལྟར་ན་ཞུ་བ་པོས་ཞུས་པ་དེའི་ཕྱིར་རམ་ཆེད་དུ་བཤད་ཅེས་པའོ། །གཉིས་པ་ལ་གཉིས། མཉན་བྱའི་གསང་བ་དང༌། དེ་ཉན་པར་བསྐུལ་བ་ལ་དངོས་སོ། །དང་པོ་ལ་གཉིས། གསང་བ་རྣམ་པར་བཞག་པ་བསྡུས་ཏེ་བསྟན་པ་དང༌། རྣམ་པར་བཞག་པ་དེ་ཅུང་ཟད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དྲང་བའི་དོན་དང༌། ངེས་པའི་དོན་དུ་བཤད་པའོ། །དང་པོ་ནི། སྒྲུབ་པ་པོ་བདག་


JLD008_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤྲཱི་སྟེ་དཔལ་ཧེ་རུ་ཀ་ཞལ་ཕྱག་གི་རྣམ་པ་ཅན་དུ་བྱས་པ་དང༌། རིག་མ་རྡོ་རྗེ་ཕག་མོར་བྱས་པ་གཉིས་ཡང་དག་པར་སྦྱོར་བའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་གཙོ་བོ་ཡབ་ཡུམ་དང༌། དེའི་འཁོར་ཕུན་སུམ་ཚོགས་པ་ལ་མཁའ་འགྲོ་མ་ནི་སྙིང་པོའི་རྣལ་འབྱོར་མ་བཞི་ལ་སོགས་པ་རྣལ་འབྱོར་མ་སོ་དྲུག་དང༌། དེས་མཚོན་ནས་དཔའ་བོ་ཉེར་བཞི་སྟེ་དྲ་བ་ནི་དེ་རྣམས་ཀྱི་ཚོགས་སོ། །སཾ་བ་རའི་སཾ་མམ་ཤཾ་ནི་བདེ་བ་དང༌། བ་ར་ནི་མཆོག་སྟེ་བདེ་བ་མཆོག་ལ་བཤད་པས་འཁོར་དེ་རྣམས་སྐད་ཅིག་རེ་རེ་ལ་བདེ་བས་མཉེས་པའི་ཕྱིར་རོ། །རྐང་པ་ཐ་མ་འཁོར་ལ་སྦྱོར་བ། ལྭ་བ་པའི་བཤད་པ་འདི་བླ་མ་སྔ་མའི་བཤད་སྲོལ་ལ་ཡང་སྦྱར་ན་ལེགས་ཏེ། འདི་ནི་གསང་བ་བསྐྱེད་རིམ་ལ་སྦྱར་བའོ། །གཉིས་པ་ནི། ཤྲཱི་ཧེ་རུ་ཀ་ཡང་དག་སྦྱོར་ཞེས་སོགས་ཀྱི་གཞུང་འདི་འདྲའི་རིགས་རྣམས་རྩ་རྒྱུད་ཀྱི་འགྲེལ་བ་གཞན་རྣམས་ནས། དང་པོར་སྲོག་དྷཱུ་ཏཱིར་འཛུད་པའི་ཐབས་རྣམས་ལ་སྦྱར་བའི་ངེས་དོན་གྱི་བཤད་པ་ཕལ་ཆེར་མི་འབྱུང་བ་ནི། དཔའ་བོ་རྡོ་རྗེའི་འགྲེལ་པ་ལས། རྫོགས་པའི་རིམ་པའོ། །འདིར་ཁྱད་པར་ཡོད་པ་རྣམས་ནི་མ་བྲིས་ཏེ། བླ་མ་ལ་མི་ལྟོས་པ་དང༌། གདམས་ངག་ཆེན་པོ་བསྲུང་བའི་ཕྱིར་རོ། །དེའི་ཕྱིར་རྟོག་པ་སྔོན་དུ་སོང་བས་བླ་མ་མཉེས་པར་བྱས་ལ། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྗེས་སུ་འབྲང་བ་རྟོགས་པར་བྱའོ། །ཞེས་འབྱུང་བ་ལྟར་དེ་རྣམས་ཀྱི་མན་ངག་ལོགས་སུ་ཤེས་པར་བྱ་བ་ལ་བསམས་སོ། །ནཱ་རོ་པའི་


JLD008_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྲོལ་འདི་ལ་གཞུང་རྣམས་ཀྱི་རྫོགས་རིམ་ཡང་རྒྱུད་ཀྱི་བཤད་པའི་སྐབས་སུ་རགས་རིམ་རེ་འབྱུང་བ་ལྟར་གཞན་དུ་ཡང་འབྱུང་སྟེ། འདིར་ནི་དེའི་ལུགས་ལྟར་འཆད་དོ། །བླ་མ་ཁ་ཅིག་ཤྲཱི་ལ་སོགས་པའི་ཡི་གེ་བཞི། རྩ་འཁོར་བཞི་དང༌། དགའ་བ་བཞི་དང༌། རྣལ་འབྱོར་བཞི་དང༌། དབང་བཞི་ལ་སོགས་པ་དུ་མ་ཞིག་ལ་སྦྱོར་མོད། མན་ངག་གི་བཤད་པ་ལ་ཡང་དེའི་བཤད་པ་ཐམས་ཅད་ལ་གཞུང་ཚད་ལྡན་གྱི་ཁུངས་མི་དགོས་ཀྱང༌། དོན་གྱི་གཙོ་བོ་རྣམས་ལ་གཞུང་གི་ཁུངས་མེད་པའི་འདོད་པས་ཀུན་བཏགས་པ་ལ་མན་ངག་གི་བཤད་པར་བྱས་ན། བཤད་པ་ལྟར་སྣང་ཐམས་ཅད་ལ་ཡང་རང་གི་བརྒྱུད་པ་སངས་རྒྱས་ནས་དེད་པ་མན་ངག་ཡིན་ཞེས་འཆད་པར་སྣང་བས། རྣམ་པར་དབྱེ་བ་འབྱེད་མི་ནུས་པས་ཆོས་ཡང་དག་ནུབ་པའི་རྐྱེན་དུ་འགྲོ་བའི་ཕྱིར་སྤང་པར་བྱའོ། །ཡང་རྒྱུད་དང་འགྲེལ་བའི་ཁུངས་ཡོད་དུ་ཆུག་ཀྱང༌། དེ་རྣམས་འདུག་ཚད་ནས་གཡབས་པའི་བཤད་པ་ལ་ཡང་ཧ་ཅང་བཤད་པའི་སྐྱོན་ཡོད་པས་འཚམ་པ་རེ་བཤད་པར་བྱའོ། །འདིར་བླ་མ་མ་དོས་ཧེ་རུ་ཀ་དཔྱིད་དང་ཕག་མོ་ཐིག་ལེར་བྱས་པའི་སྟེང་ནས་རིམ་པ་བཞི་པ་དང་སྦྱོར་བ་ལེགས་པས་དེ་ལྟར་བཤད་ན། བཤད་རྒྱུད་ཁ་སྦྱོར་ཐིག་ལེ་ལས་གསུངས་པ་ལྟར། དཔྱིད་ཐིག་ཏུ་ཡང་བཤད་པ་ན། ཤྲཱི་ཧེ་རུ་ཀ་ནི་སྙིང་གའི་རྩ་འཁོར་གྱི་དབུས་སུ། མགོ་ཐུར་བསྟན་གྱི་ཧཱུཾ་སྟེ་བསན་ཏ་ཞེས་པའི་དཔྱིད་དོ། །ཕག་མོ་ནི་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་གཏུམ་མོ་ཁྲག་གི་ཐིག་ལེ་ཨཾ་ཡིག་སྟེ། ཏི་ལ་ཀ་ཞེས་པའི་ཐིག་ལེའོ། །རྩ་འཁོར་དེ་གཉིས་སྟེང་


JLD008_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུར་བསྟན་དང་འོག་མ་གྱེན་བསྟན་དུ་ཁ་སྦྱོར་གྱི་རྣམ་པར་ཡོད་པ་ནི། དེ་གཉིས་ཡང་དག་པར་སྦྱོར་བའོ། །དེ་ལྟར་བཤད་པ་དེ་དང་བཤད་རྒྱུད་ལ་བརྟེན་ནས་མགྲིན་པའི་རྩ་འཁོར་གྱི་ཨོཾ་ཡིག་དང༌། སྤྱི་བོའི་རྩ་འཁོར་གྱི་ཧཾ་ཡིག་གཉིས་སྟེང་དང་འོག་ཏུ་སྦྱོར་བ་ཡང་གོ་བར་ནུས་པས། རྐང་པ་དང་པོས་རྒྱུད་ཀྱི་རིམ་པ་སྟོན་ནོ། །མཁའ་འགྲོ་མ་ནི་རྩ་སོ་དྲུག་དང་དྲ་བ་ནི་རྩའི་ཚོགས་སོ། །རྩ་དེ་དག་གི་ནང་ནས་རྒྱུ་བའི་རླུང་གིས་བསྐུལ་བའི་བྱང་སེམས་བབ་པ་ལས་སྐྱེས་པའི་ཡེ་ཤེས་ནི་སྡོམ་པ་ཞེས་པ་བདེ་བའི་མཆོག་གོ། དེ་ལྟར་ཡང་དེ་ཉིད་གསལ་བ་ལས། རྣལ་འབྱོར་མ་རྩ་སུམ་ཅུ་དྲུག །རྩ་ནི་མགོ་ལས་སྐྱེས་ཞེས་བརྗོད། །དེ་ཡིས་བསྐུལ་བའི་ཡེ་ཤེས་ནི། །མཆོག་ཏུ་དགའ་བའི་ངོ་བོ་སྟེ། །ཞེས་གསུངས་སོ། །གཞན་ཡང་དེ་ཁོ་ནར་ཆོས་རྣམས་རྒྱུས་སྟོང་པའི་ཧེ་དང༌། རང་གི་ངོ་བོ་ཉམས་པ་སྟེ་དེས་སྟོང་པའི་རུ་དང༌། གནས་གང་དུ་ཡང་མི་གནས་པའི་ཀ་སྟེ། དེ་འདྲ་བའི་སྟོང་པ་ཉིད་དང་ཤྲཱིའི་དོན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ཡང་དག་པར་སྦྱོར་བ་ནི། ཤྲཱི་ཧེ་རུ་ཀ་ཡང་དག་སྦྱོར་གྱི་དོན་ཡིན་ཏེ། དེ་ཉིད་གསལ་བ་ལས། ཧེ་ནི་རྒྱུ་དང་བྲལ་བ་སྟེ། །རུ་ནི་ངོ་བོ་ཉམས་པས་སོ། །ཀ་ནི་གང་ནའང་མི་གནས་པ། །ཤྲཱི་ནི་གཉིས་སུ་མེད་པར་གནས། །ཞེས་གསུངས་སོ། །ཤྲཱི་ཧེ་རུ་ཀ་ཡང་དག་སྦྱོར་གྱི་དོན་གཞན་ཡང་དེ་ཉིད་གསལ་བ་ལས། ཤྲཱི་ཞེས་བྱ་བ་བྷ་གར་བརྗོད། །ཧེ་རུ་ཀ་ནི་སེམས་ཞེས་བྱ། །མཁའ་དབྱིངས་གནས་པ་དེ་ཉིད་དེ། །


JLD008_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཧེ་རུ་ཀ་ཞེས་བྱར་བརྗོད། །རྒྱུད་བྱེད་པ་ནི་ཡེ་ཤེས་ཏེ། །དེ་ལས་སྐྱེས་པ་ཞེས་བྱ་སྟེ། །རྣལ་འབྱོར་མ་རྣམས་ལེགས་འདུས་པའི། །ཛཱ་ལ་དྷ་ར་དཔལ་གནས་སུའོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་བྷ་ག་སྟེ་དེ་ཡང་གང་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་འབབ་པའི་གནས་སོ། །ཤྲཱི་ནི་དཔལ་ཡིན་ལ་དཔལ་གྱི་གནས་ནི་བྷ་ག་སྟེ། རྣལ་འབྱོར་མ་སྟེ་རྩ་རྣམས་ལེགས་པ་འདུས་པའི་གནས་ནང་གི་ཡུལ་ཉེར་བཞིའི་ཡ་གྱལ་སྤྱི་གཙུག་ཛཱ་ལ་དྷ་ར་སྟེ། གནས་འདིའི་ཧཾ་ཡིག་ལས་བྱང་སེམས་འབབ་པའི་ཕྱིར་རོ། །དེ་ལྟར་ཡས་བབས་ཀྱི་དུས་སུ་ཐོག་མར་དེ་ནས་བྱང་སེམས་འབབ་པའི་ཕྱིར་དང༌། མས་བརྟན་གྱི་དུས་སུ་དེར་བྱང་སེམས་བརྟན་ན་བདེ་བ་བརྟན་པའི་ཕྱིར་ན་དཔལ་གྱི་གནས་ཞེས་བྱའོ། །ཧེ་རུ་ཀ་བྱང་ཆུབ་ཀྱི་སེམས་ལ་བཤད་པ་ཀུན་རྫོབ་པ་ལ་བྱས་ན་ཀུནྡ་ལྟ་བུ་ཡིན་ལ། དེ་དང་སྦྱོར་བ་ནི་དེ་རྩ་འཁོར་གྱི་ལྟེ་བར་སྦྱར་བ་ལས་དགའ་བ་རྣམས་སྐྱེ་བའོ། །དོན་དམ་པ་ལ་བྱས་ན་བདེ་བ་ཆེན་པོ་སྟེ་དེ་དང་ནམ་མཁའི་དབྱིངས་སྟོང་པ་ཉིད་གཉིས་སྦྱོར་བ་ནི་ཡང་དག་སྦྱོར་གྱི་དོན་ནོ། །རྒྱུད་བྱེད་པ་སྟེ་མཛད་པ་པོ་ལ་ཧེ་རུ་ཀ་ཞེས་ཟེར་བའི་ངེས་དོན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ནི་ཤྲཱིའི་དོན་བྷ་ག་ལས་སྐྱེས་པའོ། །རྐང་པ་གཉིས་རྫོགས་རིམ་ལ་སྦྱར་བའི་རྐང་པ་དང་པོ་ལ་བཤད་པ་གསུམ་ཡོད་པའི་དང་པོ་དང༌། གསུམ་པའི་ཧེ་རུ་ཀའི་ཕྱོགས་གཅིག་དང༌། ཤྲཱི་ན་རྫོགས་རིམ་པའི་བདེ་ཆེན་འདྲེན་པའི་ཐབས་དང༌། བཤད་པ་གཉིས་པ་དང་གསུམ་པའི་ཧེ་རུ་ཀའི་ཕྱོགས་གཅིག་དང༌། རྐང་པ་


JLD008_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་བཤད་པས་ནི་ཐབས་དེས་དྲངས་པའི་བདེ་བ་དང་སྟོང་པ་སྦྱར་བའི་བདེ་སྟོང་དབྱེར་མེད་བསྟན་ཏོ། །ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་སོགས་ཞལ་ཕྱག་གི་རྣམ་པ་ཅན་དུ་བྱུང་བ་ཐམས་ཅད། ཡང་ན་བསྐྱེད་རིམ་ལ་སྦྱོར་ཡང་ན་འབྲས་བུའི་སྐབས་ལ་སྦྱར་ནས། རྫོགས་རིམ་ལ་མི་སྦྱོར་བ་ནི་བསྐྱེད་རིམ་པས་ལྷ་སྐྱེད་པ་སྔགས་སྐུ་དང༌། རྫོགས་རིམ་པས་ལྷ་སྐྱེད་པ་ཡེ་ཤེས་ཀྱི་སྐུ་གཉིས་ཀྱི་ཁྱད་པར་དང༌། རྟོག་པས་བཏགས་ནས་ལྷའི་སྐུ་སྐྱེད་པ་དང༌། བཏགས་པ་མིན་པར་རླུང་སེམས་ཙམ་ལས་དོན་ལ་ལྷ་སྐུར་སྐྱེས་པའི་ཁྱད་པར་རྣམས་ལེགས་པར་མ་ཕྱེད་པསའི་སྐྱོན་དུ་སྣང་ངོ༌། །དེས་ན་བཤད་རྒྱུད་ལས། བསྐྱེད་པའི་རྣལ་འབྱོར་དཀྱིལ་འཁོར་བསྒོམ། །རྟུལ་འབྲིང་དག་གིས་བསམ་པར་བྱ། །རྣོན་པོ་སྐད་ཅིག་རྣམ་པ་ཡིས། །སེམས་ཙམ་ཉིད་ཀྱི་དཀྱིལ་འཁོར་ཏེ། སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཁམས་གསུམ་རང་བཞིན་གཞལ་ཡས་ཁང༌། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །དེ་དབུས་དཀྱིལ་འཁོར་བདག་པོའོ། །ཞེས་དང༌། དེ་བཞིན་ཉིད་རྒྱས་བཏབ་འཁོར་ལོ། །མཁའ་བཞིན་སྟོང་ཉིད་དེ་བཞིན་ནོ། །བདག་མེད་དང་ནི་དེ་བཞིན་ཉིད། །སྣ་ཚོགས་ཐབས་དང་སྙིང་རྗེའི་སྟོབས། །ཟུང་འཇུག་གཉིས་མེད་ལྷུན་གྱིས་གྲུབ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །ཞེས་བསྐྱེད་རིམ་པ་དང་རྫོགས་རིམ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་གཉིས་སོ་སོར་གསུངས་ཤིང༌།


JLD008_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་རྣམ་པ་ཡིས་སེམས་ཙམ་གྱི་དཀྱིལ་འཁོར་ཞེས་པ་ནི། ཆུ་ལས་ཉ་ལྡང་བ་བཞིན་དུ་འོད་གསལ་གྱི་རླུང་སེམས་ཙམ་ལས་དཀྱིལ་འཁོར་གྱི་འཁོར་ལོར་ཡུད་ཙམ་ལ་ལྡང་བའི་རིམ་པ་སྟོན་པ་ཡིན་གྱི། དཀྲོངས་སྐྱེད་བྱེད་པའི་དོན་མིན་ནོ། །དེས་ན་རྟུལ་འབྲིང་བསྐྱེད་རིམ་མཐར་ཕྱིན་གྱི་བར་དང་རྣོན་པོ་ནི་དེ་མཐར་ཕྱིན་པ་ལ་བརྟེན་ནས་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་སྒོམ་ནུས་པ་ནས་ཡིན་ཏེ། གང་ཟག་གཅིག་ཉིད་ལམ་གྱི་རིམ་པ་གཉིས་ལ་བལྟོས་ནས་དབང་པོའི་རིམ་པ་སོ་སོ་བར་བཞག་པར། མཁས་པ་ཨ་བྷྱ་ཀ་ར་དང༌། རཏྣ་རཀྵི་ཏ་རྣམས་བཞེད་དོ། །དེ་བཞིན་ཉིད་དང་བདག་མེད་པ་ཐམས་ཅད་སྟོང་པ་ནམ་མཁའ་ལྟ་བུའི་དོན་གྱི་འོད་གསལ་གྱི་ཤེས་རབ་དང༌། དེས་རྒྱས་བཏབ་པ་སྟེ་དེ་དང་དབྱེར་མེད་པའི་སྙིང་རྗེའི་སྟོབས་སྣ་ཚོགས་པའི་སྐུ་མདོག་ཅན་གྱི་འཁོར་ལོའི་ཐབས་གཉིས་སྦྱོར་བ་ནི་ཟུང་འཇུག་གི་ལྷའི་དཀྱིལ་འཁོར་དུ་གསུངས་སོ། །སྣང་ཕྱོགས་ཀྱི་རྫོགས་རིམ་སྒྱུ་མའི་སྐུ་འདི་ནི་རྒྱུད་འདིའི་ལུགས་ལ་ཡང་ཤིན་ཏུ་གལ་ཆེ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། ལྷ་ཡི་རྣམ་པའི་རྣལ་འབྱོར་བདག སྐད་ཅིག་མངོན་སུམ་བྱེད་པ་པོ། །ལུགས་མ་ལ་སོགས་རྣལ་འབྱོར་གྱིས། །རྣམ་པར་བྱས་པའི་དབྱིབས་སུ་འགྱུར། །སྟོང་ཉིད་རྣལ་འབྱོར་རང་བཞིན་གཟུགས། །བདག་བྱིན་བརླབ་པའི་མཚན་ཉིད་དོ། །བདག་བྱིན་བརླབ་བྲལ་རྣལ་འབྱོར་པ། །སྤུན་ཀོགས་དུམ་བུ་བཞིན་ཤེས་བྱ། །འདི་འདྲའི་མཚན་ཉིད་མཆོག་གྱུར་པ། །སྐྱེ་བོ་ཕྱུགས་རྣམས་ཀྱིས་མི་ཤེས། །དེ་ཕྱིར་སྒྱུ་འཕྲུལ་འདི་བསྒོམས་ན། །བླ་ན་མེད་པའི་བྱང་ཆུབ་འཐོབ། །ཅེས་གསུངས་ཏེ།


JLD008_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྣམ་པའི་རྣལ་འབྱོར་གྱི་བདག་ཉིད་རྣལ་འབྱོར་པས་སྐད་ཅིག་ཙམ་གྱིས་མངོན་སུམ་བྱེད་པ་པོ། སྟོང་པ་ཉིད་འོད་གསལ་གྱི་རྣལ་འབྱོར་ཏེ་དེ་དང་དབྱེར་མེད་པར་སྦྱོར་བའི་འོད་གསལ་གྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་ངོ་བོར་གྱུར་པའི་གཟུགས་ནི། བདག་བྱིན་གྱིས་བརླབ་པའི་མཚན་ཉིད་དོ། །ཞེས་སྒྱུ་མའི་སྐུ་ངོས་གཟུང་ངོ༌། །ལྷའི་རྣམ་པ་དང་གཟུགས་ཞེས་གསུངས་པའི་གཟུགས་ཀྱི་རྣམ་པ་ཇི་ལྟ་བུ་ཞིག་ཡིན་པ་ནི། ལུགས་མ་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་དང་རས་བྲིས་སོགས་ཀྱི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་ལ་དམིགས་ནས་སྒོམ་པའི་སྐུ་དང་འདྲ་བའི་གཟུགས་སོ། །སྒྱུ་མའི་སྐུ་དེ་དང་བྲལ་ན་སྦུན་ཀོགས་བཞིན་དུ་སྙིང་པོ་མེད་པ་དང༌། མཚན་ཉིད་མཆོག་དེ་ཡང་ཕྱུགས་དང་འདྲ་བ་རྣམས་ཀྱིས་མི་ཤེས་པ་དང༌། སྒྱུ་འཕྲུལ་ཏེ་སྒྱུ་མའི་སྐུ་དེ་བསྒོམས་ན་བྱང་ཆུབ་མྱུར་དུ་འཐོབ་པར་གསུངས་ཏེ། སྐུ་འདི་སྒྲུབ་མི་ཤེས་ན་རྫོགས་རིམ་གྱི་གཙོ་བོ་གཉིས་ཡོད་པའི་ཕྱེད་མི་ཤེས་པ་ཡིན་ནོ། །ཚུལ་འདི་ལཱུ་ཨི་པ་དང་དྲིལ་བུ་པའི་རྫོགས་རིམ་ལས་ཀྱང་འབྱུང་བར་དེ་དག་གི་རྣམ་བཤད་དུ་བཤད་ཟིན་ཏོ། །དེས་ན་རྫོགས་རིམ་ལ་སྟོང་ཕྱོགས་བདེ་སྟོང་དབྱེར་མེད་ཀྱི་ཧེ་རུ་ཀ་དང༌། སྣང་ཕྱོགས་བདེན་གཉིས་དབྱེར་མེད་ཀྱི་སྒྱུ་མའི་སྐུའི་ཧེ་རུ་ཀ་གཉིས་ཤེས་པར་བྱ་སྟེ། །འདི་སྐབས་འོག་མ་རྣམས་སུ་ཡང་ཡང་དང་ཡང་དུ་ཤེས་པར་བྱའོ། །དེ་དག་ནི་གསང་བ་རྫོགས་རིམ་ལ་སྦྱར་བའོ། །རྐང་པ་གཉིས་པ་དང་གསུམ་པས་གསང་བའི་ལམ་གྱི་ཁྱད་པར་སྟོན་པ་རིམ་གཉིས་ཐུན་མོང་དུ་


JLD008_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ན། བྱེད་ལས་ཀྱི་ཁྱད་པར་ནི་མངོན་པར་འདོད་པའི་ཐོབ་བྱའི་དོན་ཕྱོགས་རེ་བ་མིན་པར་ཀུན་ཏེ་མ་ལུས་སྒྲུབ་པར་བྱེད་པའོ། །ཟབ་པའི་ཁྱད་པར་ནི་ཕར་ཕྱིན་ཐེག་པའི་སྐོར་ལས་བླ་མ་སྟེ་གོང་མར་གྱུར་པ་རྒྱུད་སྡེ་འོག་མ་གསུམ་ལས་ཀྱང༌། བླ་མ་སྟེ་གོང་མར་འགྱུར་ཞིང་གོང་ན་མེད་པའི་གསུང་རབ་ཀྱི་ལམ་མོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་པའི་ཤུགས་ཀྱིས་དངོས་གྲུབ་གཉིས་བསྒྲུབ་བྱར་བསྟན་པས་ནི་འབྲས་བུའི་གསང་བ་བསྟན་ཏོ། །ཞེས་གོང་མ་རྣམས་གསུང་ངོ༌། །གཞུང་དེ་རྣམས་ཀྱིས་ནི་རྒྱུད་ཀྱི་དགོས་འབྲེལ་ཡང་སྟོན་ཏེ། གསང་བ་གསུམ་ཡན་ལག་དང་བཅས་པ་ནི་འདིའི་བརྗོད་བྱའོ། །དེ་འདི་ལ་བརྟེན་ནས་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་དངོས་ཀྱི་དགོས་པ་ཡིན་ལ། དེ་ལ་བརྟེན་ནས་རིམ་གཉིས་སོ་སོ་ལ་ནུས་པ་རྙེད་པ་ཡང་དགོས་པའོ། །དགོས་པའི་དགོས་པ་མཆོག་ནི་སངས་རྒྱས་དང༌། ཕལ་པ་ནི་འཇིག་རྟེན་པའི་དངོས་གྲུབ་བོ། །དངོས་ཀྱི་དགོས་པ་རྗོད་བྱེད་ལ་རག་ལས་པ་དང༌། ཉིང་དགོས་དགོས་པ་ལ་རག་ལས་པའི་ཆ་ནི་འབྲེལ་བའོ། །གཉིས་པ་ལ་གསུམ། དོན་དངོས་དང༌། རྙེད་དཀའ་བ་དང༌། བདེ་སྟོང་སྦྱོར་བའི་དཔེ་བསྟན་པའོ། །དང་པོ་ལ་གསུམ། གསང་བ་མཆོག་ཅེས་སོགས་ཀྱི་རྐང་པ་གཉིས་བཤད་པ་དང༌། མཁའ་འགྲོ་ཀུན་དངོས་ཞེས་སོགས་ཀྱི་རྐང་པ་བཞི་བཤད་པ་དང༌། འབྱུང་བ་ཞེས་སོགས་ཀྱི་རྐང་པ་གཉིས་བཤད་པའོ། །དང་པོ་ལ་གཉིས། དྲང་བའི་དོན་དུ་བཤད་པ་དང༌། ངེས་པའི་དོན་དུ་བཤད་པའོ། །དང་པོ་ལ་གཉིས། འདི་སྐད་སོགས་ཀྱི་གླེང་གཞི་


JLD008_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱར་ཏེ་བཤད་པ་དང༌། བསྐྱེད་པའི་རིམ་པ་ལ་སྦྱར་ཏེ་བཤད་པའོ། །དང་པོ་ལ་གཉིས། གླེང་གཞིའི་ཚིག་ཇི་ལྟར་གསུངས་པ་དང༌། དེ་རྣམས་ཀྱི་དོན་བཤད་པའོ། །དང་པོ་ནི། གསང་བ་ཞེས་པའི་རྐང་པ་གཉིས་གླེང་གཞི་ལ་སྦྱོར་བ་ལོ་ཙྪ་བ་གཉིས་ཀྱི་བཤད་སྲོལ་ལ་འབྱུང་ལ། བདེ་མཆོག་གི་འགྲེལ་བ་གཞན་ལས་མ་བྱུང་ཡང༌། ལྭ་བ་པ་དང་ལྷ་སྦས་ཀྱི་འགྲེལ་པར་འབྱུང་བ་ཤིན་ཏུ་ལེགས་ཏེ། རྡོ་རྗེ་མཁའ་འགྲོ་ལས། བདེ་མཆོག་བླ་མ་སྟེ་ཕྱི་མར་བཤད་པའི་གསང་བ་སོགས་སྒོས་སུ་དྲིས་པའི་ལན་དུ། གསང་བ་སོགས་གླེང་གཞི་ལ་སྦྱོར་བ་གསུངས་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། ཐོག་མ་དབུས་མཐར་ཡང་དག་གནས་པའོ། །དེ་ལ་ཐོག་མ་ནི་གསང་བ་སྟེ། འདི་སྐད་ཅེས་བྱ་བ་སྔར་འབྱུང་གནས་སུ་གྱུར་བའི་རིག་པའོ། །མཐའ་ཞེས་བྱ་བ་ནི་དགྱེས་པ་སྟེ། ཐོས་པ་ཞེས་བྱ་བ་བསྟན་པར་བྱའོ། །དབུས་ཞེས་བྱ་བ་ནི་མཆོག་སྟེ། བདག་གིས་ཞེས་བྱ་བ་ཤིན་ཏུ་དམ་པར་གྱུར་པའོ། །ཡང་དག་གནས་ནི་ཐམས་ཅད་བདག་ཉིད་དེ། དུས་གཅིག་ན་ཞེས་བྱ་བའོ། །ཞེས་གསུངས་སོ། །འདི་ལ་ལྷ་སྦས་ཀྱིས་ཐམས་ཅད་བདག་ཉིད་དུ་ཞེས་པའི་བདུན་པ་འདི་ནི་བདག་ཉིད་ཀྱིས་ཞེས་གསུམ་པར་སྦྱར་རོ། །དེས་ན་བརྒྱུད་པ་ལས་མ་ཡིན་ནོ་ཞེས་བཤད་ཅིང༌། དེ་ཉིད་ལྭ་བ་པའི་བཞེད་པར་ཡང་སྣང་བས། ད་ལྟ་འགྱུར་བའི་རྒྱུད་ལ་ཐམས་ཅད་བདག་ཉིད་ཀྱིས་དུས་གཅིག་ན་ཞེས་སྟོན་པ་འདྲ་བ་ཅིག་འདུག་ཀྱང༌། ལྭ་བ་པས་རྟག་ཏུ་བཞུགས་ཀྱིས་དུས་


JLD008_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་བཤད་པ་ལྟར། ཡང་དག་གནས་ནི་རྟག་ཏུ་བཞུགས་པའི་དོན་དུ་བྱ་ཞིང༌། ཐམས་ཅད་བདག་ཉིད་གྱི་དོན་སྔར་ལྟར་བྱ་སྟེ། རྒྱུད་འདི་ཐམས་ཅད་སྡུད་པ་པོས་སྟོན་པ་ལས་དངོས་སུ་ཐོས་པའི་དོན་ནོ། །གནས་གང་དུ་བཞུགས་པ་ནི་བདེ་བ་ཆེན་པོའི་གནས་སུ་དང༌། བཞུགས་པའི་སྟོན་པ་དེ་གང་ཞེ་ན། འདི་ནི་རང་བྱུང་བཅོམ་ལྡན་ཞེས་བྱ་བར་སྦྱར་རོ་ཞེས་ལྭ་བ་པས་གསུངས་སོ། །དེ་ལྟར་བྱས་ན་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཞེས་པའི་གླེང་གཞི་རྒྱུད་འདིར་ཡོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་མན་ཆད་བཤད་རྒྱུད་ལས་ཀྱང་མི་གསལ་ལ། འགྲེལ་པ་གཉིས་ལས་ཀྱང་མི་གསལ་ལོ། །འོ་ན་དེ་མན་ཆད་ཀྱང་འདིར་དགོས་ན། བཤད་རྒྱུད་ཁ་སྦྱོར་དང་སྡོམ་འབྱུང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཞེས་པ་ནས་བཙུན་མོའི་བྷ་ག་ལ་བཞུགས་སོ། ཞེས་གསུངས་པ་ལྟར་སྦྱར་རམ། མངོན་བརྗོད་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་མ་རྣམས་ཀྱི་དྲ་བ་གསང་བའི་སྙིང་པོ་ལ་བཞུགས་ཏེ། ཞེས་གསུངས་པ་ལྟར་སྦྱོར་ཞེ་ན། དེ་ཉིད་གསལ་བ་ལས་ཐབས་རྒྱུད་ཀྱི་འདི་སྐད་སོགས་ཀྱིས་བསྟན་པའི་རྫོགས་རིམ་མ་རྒྱུད་དུ། །གསང་བ་སོགས་ཀྱིས་སྟོན་པར་གསུངས་པ་ནི་གཙོ་བོ་བདེ་མཆོག་གི་དབང་དུ་བྱས་ལ། དེར་བཅོམ་ལྡན་འདས་བཤད་པའི་རྗེས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁའ་འགྲོ་དང་མཁའ་འགྲོ་མའི་དོན་བཤད་པ་འབྱུང་བས། དོན་ལ་ཁྱད་པར་ཆེར་མེད་ཀྱང་ཚིག་མངོན་བརྗོད་


JLD008_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱའོ། །འདི་རྣམས་ལ་ལོ་ཙཱ་བ་གཉིས་ཀྱི་བཤད་སྲོལ་ལ་དུས་གཅིག་ན་ཞེས་པ་ཡན་ཆད་འདྲ་ལ། ཐམས་ཅད་བདག་ཉིད་ཀྱིས་གནས་བསྟན། མཁའ་འགྲོ་ཀུན་དངོས་ཞེས་པའི་རྐང་པ་བཞིས་སྟོན་པ་དང༌། འབྱུང་བ་ཞེས་པའི་རྐང་པ་གཉིས་ཀྱིས་འཁོར་ཕུན་ཚོགས་བསྟན་པར་འཆད་དོ། །གཉིས་པ་ནི། གསང་བས་བསྟན་པའི་འདི་སྐད་ནི། དེ་ནས་གསང་བ་ཞེས་པ་ནས། དེ་དང་དེ་ལ་དགའ་བ་ཡིན། །ཞེས་པའི་བར་གྱི་རྒྱུད་ཀྱི་ཚོགས་མ་ལུས་པ་འདིར། འབྱུང་བ་འདི་ཁོ་ན་སྐད་དུ་སྣོད་འབྲིད་མེད་པར་ཐོས་པར་སྟོན་པའི་ཚིག་གི་ཕྲད་དེ། རྒྱ་སྐད་དུ་ཨེ་ཝཾ་ཞེས་པའོ། །དེ་ལ་གསང་བ་ཞེས་པ་ནི་འཇིག་རྟེན་དང་སྒྲའི་བསྟན་བཅོས་ལ་མེད་པའི་དེ་བཞིན་གཤེགས་པའི་བརྡ་དང༌། དཔའ་བོའི་བརྡ་དང༌། རྣལ་འབྱོར་མའི་བརྡ་དང༌། ཀླ་ཀློའི་སྐད་ཅེས་གསུངས་པ་ཡིན་ཏེ། ཕྱི་མ་ནི་བརྡའི་སྐད་ཅེས་པ་སྟེ། འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །སྔར་ཞེས་སོགས་ཀྱི་དོན་ནི་སྔར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡང་དག་པར་སྐྱེད་པར་བྱེད་པའི་ཁུ་བ་དང་ཁྲག་གོ། མཆོག་ཏུ་བདེ་བ་དེ་ལས་སྐྱེས་ཤིང་བྱུང་བས་ན་འབྱུང་གནས་ཏེ། ཞེས་ཁུ་ཁྲག་གི་འབྱུང་གནས་ལས་སྐྱེས་པའི་མཆོག་ཏུ་བདེ་བའི་རིག་པར་སྟོན་ཏེ། ཨེ་ཝཾ་དང་གསང་བའི་དོན་ནོ། །མཆོག་གིས་བསྟན་པའི་བདག་གིས་ཞེས་པ་དང༌། ཐམས་ཅད་བདག་ཉིད་ཀྱིས་ནི་སྡུད་པ་པོ་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱིས་རྒྱུད་པ་ལས་མིན་ཞེས་པ་སྟེ་མ་ཡ་ཞེས་པའོ། །ཤིན་ཏུ་དམ་པ་ནི་ཆེས་མཆོག་ཅེས་པའི་དོན་ནོ། །དགྱེས་པས་བསྟན་


JLD008_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐོས་པ་ནི་ཐོས་པའི་ཤེས་རབ་ཀྱིས་ཐོས་པ་ཡིན་གྱི་རྒྱུད་ཀྱི་དོན་ཐམས་ཅད་མངོན་སུམ་དུ་རྟོགས་པ་ནི་མིན་པར་སྟོན་ཏེ། དེ་ལྟ་མིན་ན་སྟོན་པ་དང་སྡུད་པ་པོ་ལ་མཆོག་དམན་གྱི་ཐ་དད་མེད་པར་འགྱུར་ལ། དེ་ཡང་གླེང་གཞི་སྒྲས་ཟིན་ལྟར་འཆད་པའི་སྐབས་འདིར་མི་འདོད་དོ། །བསྟན་པར་བྱ་བ་ཡང་ཐོས་བྱུང་གི་ཤེས་རབ་ཀྱིས་བསྟན་པ་སྟེ་ཐོས་པ་ནི་ཤྲུ་ཏ་ཞེས་པའོ། །ཐོག་མ་དབུས་མཐར་ཞེས་པ་ནི། གསང་བ་མཆོག་གིས་དགྱེས་པ་ན། །ཞེས་པའི་ཚིག་གི་ཐོག་མ་དང་དབུས་དང་ཐ་མ་གསུམ་དང་སྦྱར་བའོ། །རྟག་ཏུ་བཞུགས་དང་ཡང་དག་གནས་ཀྱིས་བསྟན་པའི་དུས་གཅིག་ན་ཞེས་པ་ནི། དུས་གཅིག་གི་ཚེ་ན་འདི་ཐོས་ལ་དུས་གཞན་དུ་ནི་རྒྱུད་གཞན་ཐོས་སོ་ཞེས་པས་སྡུད་པ་པོ་ཐོས་པ་མང་བར་བསྟན། ལན་ཅིག་གི་ཚེ་འདི་ཐོས་ཀྱི་གཞན་དུ་ནི་འདི་མ་ཐོས་ཞེས་པས་རྙེད་དཀའ་བ་དང༌། དུས་སྐད་ཅིག་མ་གཅིག་ལ་འདི་ཐོས་ཞེས་སྡུད་པ་པོ་ཤེས་རབ་ཕུལ་དུ་བྱུང་བར་སྟོན་ཏོ། །དེ་ལ་ནི་རྒྱ་སྐད་དུ་ཨེ་ཀ་སྨིན་ས་མ་ཡ་ཞེས་འབྱུང་ངོ༌། །བཅོམ་ལྡན་འདས་ཀྱི་སྐད་དོད་བྷ་ག་ཝན་གྱི་བྷ་ག་ནི་སྐལ་པ་དང༌། ཝན་ནི་ལྡན་པའི་དོན་ཏེ་སྐལ་ལྡན་ནོ། །སྐལ་བ་དྲུག་ནི། ཁ་སྦྱོར་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་ཕུན་སུམ་ཚོགས་པ་དྲུག་ལ་སྐལ་བར་གསུངས་ཤིང༌། ལྡན་པའི་དོན་དེ་དྲུག་མངའ་བ་ལ་བཤད་དོ། །ཡང་བྷ་ག་ལ་ངེས་ཚིག་གི་ཚུལ་གྱིས་བྷ་ག་ནི་བཅོམ་པ་སྟེ། ཉོན་མོངས་


JLD008_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའི་བདུད་བཅོམ་པའོ། །བཅོམ་པ་དེ་འདི་ལ་ལྡན་པས་བཅོམ་ལྡན་ནོ། །འདས་ཞེས་པ་ནི་བྷ་ག་ཝན་ཞེས་པ་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ལ་ཡང་འཇུག་པས། དེ་དག་ལས་འདས་པར་བསྟན་པའི་ཕྱིར་དུ་སྔོན་གྱི་ལོ་ཆེན་རྣམས་ཀྱིས་བསྣན་པའོ། །ཡུལ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡུལ་ཅན་གྱི་ཡེ་ཤེས་མཐར་ཐུག་པར་གཤེགས་པས་ན་དེ་བཞིན་གཤེགས་པ་ཡིན་ལ། རྒྱུད་སྟོན་པ་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ན་ཐམས་ཅད་ཀྱང་ཡིན་ནོ། །དེའི་རྡོ་རྗེ་མཁའ་འགྲོ་ནི་དཔའ་བོ་དང༌། མཁའ་འགྲོ་མ་ནི་དཔའ་མོ་དང༌། དྲ་བ་ནི་དེ་དག་གི་ཚོགས་སོ། །དེ་རྣམས་ཀྱི་གསང་བའི་སྙིང་པོ་ཞེས་པ་ནི་བཙུན་མོའི་བྷ་ག་དང་དོན་གཅིག་པས། ཆོས་འབྱུང་གྲུ་གསུམ་པའི་དབུས་ཀྱི་གཞལ་ཡས་ཁང་ན་བཞུགས་པའོ། །གཉིས་པ་ནི། ཁ་སྦྱོར་ལས་གསུངས་པ་ལྟར། དེ་ཉིད་གསལ་བར་བཤད་པ་ནི། །གསང་བ་ས་ཡི་ཁམས་ཡིན་ཏེ། །དེ་བཞིན་མཆོག་ནི་ཆུ་ཡིན་ནོ། །དགྱེས་པ་ཞེས་པ་མེ་ཡིན་ཏེ། །རླུང་ནི་ཐམས་ཅད་བདག་ཉིད་གནས། རྟག་ཏུ་བཞུགས་ནི་ནམ་མཁའ་སྟེ། །བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར་ཡིན་ལ། དེས་ནི་བསྐྱེད་རིམ་སྒོམ་པའི་སྐབས་ཀྱི་འབྱུང་བ་རིམ་བརྩེགས་སྒོམ་པ་ཡང་སྟོན་པར་མངོན་བརྗོད་དང༌། ཀུན་སྤྱོད་དང༌། སྡོམ་འབྱུང་གསུམ་གས་ཤེས་ལ། རྟག་ཏུ་བཞུགས་ཀྱི་ནི་ཀྱཻ་རྡོར་ལས། བདེ་བ་ནམ་མཁའི་ཁམས་ཞེས་བྱ། །ཞེས་གསུངས་པ་ལྟར་ནམ་མཁའི་ཁམས་བདེ་བ་ཆེན་པོ་


JLD008_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །བླ་མ་མར་དོ་སོགས་ཀྱིས། རྟག་ཏུ་བཞུགས་ནི་རི་རབ་བོ། །ཞེས་སཾ་བྷུ་ཊ་ནས་འདྲེན་པ་ནི་གཞུང་དེ་ན་མི་སྣང་ངོ༌། བདེ་བ་ཆེན་པོས་ནི་བདེ་བ་ཆེན་པོ་མཚོན་བྱེད་ཀྱི་མངོན་བྱང་ལྔའི་སྒོ་ནས་ལྷ་སྐྱེད་པ་བསྟན་ལ། དེ་བཞིན་དུ་འབྱུང་བ་རིམ་བརྩེགས་སོགས་ཀྱང་བདེ་ཆེན་གྱི་རང་བཞིན་དུ་མོས་པར་བྱ་བར་ཡང་བསྟན་ཏོ། །རྣལ་འབྱོར་རྒྱུད་ཀྱི་མངོན་བྱང་གི་སྐབས་སུ་ཟླ་བ་ལས་ལྷ་སྐྱེད་པ་བཤད་ཀྱང༌། ཁ་དོག་དཀར་པོ་འབའ་ཞིག་ཏུ་བཤད་ཀྱི། འདིར་ནི་ཟླ་ཉི་དཀར་དམར་དང༌། ཟླ་བ་དཀར་དམར་དང༌། ཟླ་བ་གཅིག་ལས་མེད་ནའང་དཀར་ལ་དམར་བའི་མདངས་ཆགས་པ་དང་ཨཱ་ལི་ཀཱ་ལི་དཀར་དམར་བསྟན་པའི་དགོས་པ་ནི། ཁམས་དཀར་དམར་གྱི་འདུ་འཕྲོ་ལས་བདེ་ཆེན་སྐྱེད་པ་མཚོན་པའི་དོན་དུ་ཡིན་ནོ། །འདིའི་སོ་གཉིས་པ་ལས་འབྱུང་བ་རིམ་བརྩེགས་བཤད་པའི་མཐར། དུང་ཆེན་པོ་ཡི་རང་བཞིན་བྱ། །ཞེས་པ་ཡང་བདེ་ཆེན་ལ་བྱ་སྟེ། དུང་གི་སྐད་དོད་ཤཾ་ཁའི་ཤཾ་ནི་མན་སྙེ་ལས། །ཤཾ་ནི་བདེ་བ་སྟེ་ཁམས་གསུམ་ལས་འདས་པའི་ཕྱིར་མཆོག་གོ། །ཞེས་གསུངས་པས། ཤཾ་སུ་ཁའམ་སཾ་སུ་ཁ་ནི་བདེ་བ་ཡིན་པས་བདེ་བ་ཆེན་པོའི་རང་བཞིན་དུ་བྱ་ཞེས་པའི་དོན་ཡིན་ལ། བྱེད་ལུགས་ནི་སྔར་བཤད་པ་བཞིན་ནོ། །བསྐྱེད་རིམ་པའི་འབྱུང་བ་རིམ་བརྩེགས་བཤད་པ་ན། དེའི་འཕྲོ་རི་རབ་དང་པདྨ་དང་དབྱངས་གསལ་ལས་བསྐྱེད་པ་ནི། ང་གཅིག་པ་ལས། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །ཞེས་པ་ལས་གསལ་ལ། གཞལ་ཡས་ཁང་ནི་ལེའུ་གཉིས་པར་གསལ་ལོ། །


JLD008_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལྷག་མ་རྣམས་ནི་མངོན་བརྗོད་སོགས་ཀྱི་བཤད་རྒྱུད་ལ་བརྟེན་ནས་ཤེས་པར་ནུས་སོ། །གཉིས་པ་ལ་གསུམ། གླེང་གཞི་ལ་སྦྱར་བའི་ངེས་དོན་དང༌། བསྐྱེད་རིམ་ལ་སྦྱར་བའི་ངེས་དོན་དང༌། ཡི་གེ་བཅུ་དྲུག་གི་དོན་བཅུད་ལེན་ལ་སྦྱར་བ་བཤད་པའོ། །དང་པོ་ནི། གསང་བ་མཆོག་ཅེས་སོགས་རྡོ་རྗེ་མཁའ་འགྲོ་ལས། ཨེ་ཝཾ་མ་ཡ་ལ་སྦྱར་བའི་ངེས་དོན་འཆད་པ་ནི། ཁ་སྦྱོར་ལས། ཨ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །ཅེས་དང༌། ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོ་རྣམ་པར་གནས། །ཞེས་པའི་ཡི་གེ་བཞི་རྩ་འཁོར་བཞི་དང༌། སྤྱན་སོགས་བཞི་ལ་སོགས་པ་བཞི་ཚན་མང་པོ་ལ་སྦྱར་ཏེ། འདིར་རི་ཞིག་རྩ་འཁོར་དང་སྤྱན་སོགས་ལ་སྦྱར་བ་བླང་ངོ༌། །དང་པོའི་དབང་དུ་བྱས་ནས་བཤད་རྒྱུད་གཉིས་ལས་འཁོར་ལོ་སོ་སོའི་ལྟེ་བ་དང་འདམ་མ་ལ་སོ་སོ་དགོད་པ་སོགས་བསྟན་ཏེ། རིམ་པ་བཞི་པའི་རྒྱུད་ཀྱི་རིམ་པ་སྟོན་ནོ། །དེ་ལ་རིམ་པ་ལྷག་མ་གསུམ་སྣོན་པ་ནི། རིམ་པ་བཞི་པ་ལས་ཤེས་པར་བྱ་སྟེ་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོས་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པའི་ཐབས་སོ། །སྤྱན་མ་སོགས་བཞི་དང་སྦྱར་བ་ནི་ཞལ་ལུང་ལས། བུད་མེད་སྒྱུ་མའི་ཕྱག་རྒྱ་ནི། །སྒྱུ་མ་ཀུན་ལས་ཁྱད་པར་འཕགས། །སྒྱུ་མ་དེ་ཡང་འཇིག་རྟེན་འདིར། །སྤྱན་ལ་སོགས་པར་རྣམ་དག་པར། །རིགས་ནི་རྣམ་པ་བཞིར་འགྱུར་ཏེ། །ཞེས་གསུངས་པ་ལྟར། པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་མ་བཞི། སྤྱན་སོགས་བཞིར་དག་པར་བཤད་དེ།


JLD008_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་དགའ་བ་འདྲེན་པའི་ཐབས་སོ། །དེས་ཡེ་ཤེས་ཀྱི་ཕྱག་རྒྱ་རིགས་བཞི་ཡང་བསྟན་པར་ཤེས་པར་བྱའོ། །ཐོས་པའི་སྐད་དོད་ཤྲུ་ཏ་ཡིན་ལ་དེའི་དོན་ཁ་སྦྱོར་ལས། ཤྲུ་ཞེས་བྱ་བ་ནི་འཛག་པར་གསུངས་སོ། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ། །ཞེས་གསུངས་ཏེ་གཏུམ་མོ་བསྒོམས་པའི་མེས་བསྐུལ་བ་ལ་བརྟེན་ནས། སྤྱི་བོ་ནས་བྱང་སེམས་འཁོར་ལོ་བཞི་དང་དེ་ནས་གསང་གནས་ཀྱི་རྩེའི་བར་དུ་འཛག་པ་དང༌། དེ་ལ་བརྟེན་ནས་བདེ་བ་ཆེན་པོའི་དགའ་བ་རྣམས་དང༌། དེ་དག་གི་མགོན་པོ་སྟེ་གཙོ་བོ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བའོ། །དུས་གཅིག་ན་ཞེས་པའི་ངེས་དོན་ཁ་སྦྱོར་ལས་གསུངས་པ། དེ་ཉིད་གསལ་བ་ལས། ས་མ་ཡ་ནི་དུས་གསུངས་ཏེ། ། དུས་ནི་རྣམ་པ་གསུམ་དུ་བརྗོད། །དུས་བཟང་དང་ནི་དུས་ངན་དང༌། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །སྣ་ཡི་བུ་གའི་སྒོ་ཉིད་ནས། །འོང་བ་དུས་བཟང་ཞེས་བྱ་སྟེ། །འགྲོ་བ་ཉིད་ནི་དུས་ངན་ནོ། །དེ་དག་གཅིག་ཏུ་བརྗོད་པ་སྟེ། །གཅིག་ཏུ་ཟླ་མེད་པར་གྱུར་པ། །དུས་ནི་བསམ་གྱིས་མི་ཁྱབ་གྱུར། །སྲོག་དང་རྩལ་བ་བྲལ་བ་སྟེ། །དབུགས་འབྱུང་རྔུབ་པ་རྣམས་སྤངས་པའོ། །འགྲོ་དང་འོང་བ་ལས་གྲོལ་བ། །དུས་གཅིག་ན་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །སྣ་ནི་མིའི་སྣ་ཞེས་གྲགས་པའི་དྷུ་ཏཱིའི་མར་རྩེའི་གནས་སོ། །མིའི་སྣ་ཡང་ཕོ་མོ་གཉིས་ཀའི་སྣ་སྟེ་སྐྱེས་པའི་ཡང་རྡོ་རྗེའི་རྩ་བ་ནས་བརྩམས་ཏེ་སྣ་རུ་བརྗོད་པའི་ཕྱིར་རོ། །སྣ་དེར་འོང་བ་ནི་འོ་མའི་རྒྱུན་ལྟ་བུའི་བྱང་སེམས་སོ། །དུས་བཟང་པོ་ནི་དགའ་བ་གསུམ་གྱི་དུས་སོ། །འགྲོ་


JLD008_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཐིག་ལེ་ཕྱི་རོལ་ཏུ་སོང་བ་སྟེ། དེའི་ཚེ་མེ་བཞིན་དུ་གདུང་བར་བྱེད་པས་དུས་ངན་ནོ། །དུས་དེ་དག་གཅིག་ཏུ་བརྗོད་པ་ནི་དུས་སྔ་མ་གཉིས་སོ་སོ་བ་སྤངས་པ་ལྷན་སྐྱེས་ཀྱི་སྐབས་བསམ་མི་ཁྱབ་ཀྱི་དུས་སོ། །དེ་དག་ནི་མན་སྙེ་ལ་བརྟེན་ནས་བཤད་པའོ། །དུས་གཅིག་ནའི་དོན་གཞན་ཡང་བཤད་པ་ནི། སྲོག་དང་ཞེས་པའི་རྐང་པ་བཞི་སྟེ། རྐང་པ་དང་པོའི་དོན་ནི་གཉིས་པས་བཤད་པ་རླུང་འགྲོ་འོང་དང་བྲལ་བའི་དུས་སོ། །དེས་ནི་གཏུམ་མོ་བསྒོམས་པ་ལ་བརྟེན་ནས་རོ་རྐྱང་ནས་རླུང་འགྲོ་འོང་བྱེད་པ་དང་བྲལ་ཏེ་དབུ་མར་འཇུག་ལ། དབུ་མ་ནས་ཀྱང་འགྲོ་འོང་བྱེད་པ་དང་བྲལ་བ་སྟོན་ནོ། །རིམ་པ་བཞི་པ་ལས་ཀྱང༌། དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་དང༌། དུས་ཚོད་གཅིག་གོ། འགོག་པའི་དུས་དང་དཔྱིད་ཀྱི་དུས་ཞེས་བྱ་བ་སྟེ། ཇི་སྲིད་དུ་གཡས་དང་གཡོན་པའི་སྣ་བུག་ཏུ་སོང་བའི་རླུང་འགགས་པར་གྱུར་པའོ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་ཏེ་འགོག་པའི་དུས་ནི་རླུང་ཕྱི་ནང་དུ་རྒྱུ་བ་འགོག་པའོ། །དཔྱིད་ཀྱི་དུས་ནི་དཔྱིད་བཞིན་དུ་དགའ་བ་རྒྱས་པར་བྱེད་པའི་དུས་སོ། །དེའི་གོང་ཉིད་དུ། དེ་དག་གི་བཙུན་མོ་ནི་མི་ལ་སོགས་པའི་གཟུགས་ཀྱིས་གནས་པ་སྟེ། དེའི་བྷ་ག་དེར་ཞེས་བྱ་བའི་དོན་ནོ། ཞེས་གསུངས་པ་ལ་ཡང་དུས་གཅིག་ན་ཞེས་པའི་དོན་དེ་སྦྱོར་དགོས་ཏེ། ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་ཀྱང་སྲོག་དབུ་མར་འཇུག་པའི་གནད་སྟོན་ནོ། །སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་རྫོགས་རིམ་པའི་ལྷན་སྐྱེས་ཀྱི་དགའ་བ་སྐྱེད་པ་འདི་ནི། ཐོག་མར་ལུས་ལ་གནད་དུ་བསྣུན་


JLD008_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདམས་ངག་ཐམས་ཅད་ལ་ཤེས་དགོས་པའི་གནད་ཤིན་ཏུ་ཆེ་བ་ཡིན་པས་ལེགས་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་དོན་ནི་དེ་ཉིད་གསལ་བ་ལས། མཆོག་ཏུ་དགའ་བའི་ངོ་བོ་སྟེ། །འདི་དེ་རང་འབྱུང་གཅིག་པུ་ཉིད། །འདི་ནི་བཅོམ་ལྡན་འདས་སུ་གསུངས། ཞེས་པས་བསྟན་ཏེ། མཆོག་ཏུ་དགའ་བ་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་སྐལ་བ་དང་ལྡན་པ་དང༌། རང་གི་མི་མཐུན་ཕྱོགས་འཇོམས་པའི་ནུས་པ་ཅི་རིགས་པ་དང་ལྡན་པ་ལ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་ཉིད་གསལ་བ་ལས། ཐམས་ཅད་ཅེས་བྱར་རྣམ་གྲངས་པ། །སངས་རྒྱས་ཕུང་པོ་དེ་བཞིན་ཏེ། །ཞེས་དང༌། སངས་རྒྱས་ཕུང་པོ་ལས་སོགས་ཏེ། །དེ་ཡི་འབྱུང་བ་ཁམས་ཞེས་བཏགས། །ཞེས་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། དེ་ནི་ཕུང་པོ་ལྔའོ། །སོགས་ཀྱིས་བསྡུས་པའི་ཁམས་རྣམས་ནི་ཕུང་པོའི་འབྱུང་བ་བཞི་ལ་ཁམས་སུ་བཏགས་སོ། །ཡང་སྔ་མའི་འཕྲོ་ཉིད་ནས། བུད་མེད་མི་སོགས་རྣམ་རྟོག་ཕྱིར། །རྣམ་རྟོག་རྣམ་པ་གཉིས་སུ་གསུངས། །ཞེས་ཏེ། འདི་བུད་མེད་དོ་འདི་མི་སྟེ་སྐྱེ་བའོ་ཞེས་རྣམ་པར་རྟོག་པའི་ཕྱིར་ན། རྟོག་པ་དེ་བརྟག་པར་བྱ་བ་ཡང་གཉིས་སུ་ཡོད་ལ། སྐྱེས་པ་ནི་དཔའ་བོ་རྡོ་རྗེ་མཁའ་འགྲོ་དང༌། བུད་མེད་ནི་མཁའ་འགྲོ་མ་ཞེས་བྱ་ལ། དེ་ཡང་ནང་ལ་བཤད་ན་རྡོ་རྗེ་མཁའ་འགྲོ་ནི་རྩ་ནང་གི་ཁམས་རྣམས་དང༌། མཁའ་འགྲོ་མ་ནི་དེ་ཉིད་གསལ་བ་ལས། སངས་རྒྱས་ཕུང་སོགས་དེ་བཞིན་ཏེ། །དེ་ཡི་མཁའ་འགྲོ་མ་དེ་དག །རྩ་ནི་སུམ་ཅུ་རྩ་དྲུག་ཉིད། །


JLD008_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་པ་ལྟར་རྩ་སོ་དྲུག་གོ། གསང་བ་ནི་ཆོས་འབྱུང་གི་དབྱིབས་ཅན་གྱི་ཕྱག་རྒྱའི་བྷ་ག་ཡིན་ཏེ། བདེ་བ་ཆེན་པོའི་གནས་སུ་བཞུགས་ཞེས་པའི་གནས་ཀྱང་དེའོ། །སྙིང་པོ་ནི་དེ་ལ་བརྟེན་ནས་སྐྱེས་པའི་བདེ་ཆེན་ཏེ། ལས་རྒྱ་ལ་བརྟེན་ནས་སྲོག་དྷཱུ་ཏཱིར་བཙུད་པ་ལས་སྐྱེས་པའི་རྫོགས་རིམ་ལ་སྦྱར་རོ། །གཉིས་པ་ནི། རྩ་རྒྱུད་དུ་རྫོགས་རིམ་སྦས་པའི་སྐབས་མང་དུ་ཡོང་ཀྱང་འགངས་ཆེ་བ་ནི་བསྐྱེད་རིམ་གྱི་སྐབས་སུ་གསང་བ་སོགས་ཀྱི་ཚིག་བཞི་དང༌། བ་ལང་གནས་ཞེས་སོགས་ཀྱི་ཚིག་བཞིས། འབྱུང་བ་རིམ་བརྩེགས་སྒོམ་པ་དང༌། །རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །ཞེས་པའི་སྟེང་དུ་རི་རབ་སྒོམ་པ་དང༌། དེའི་སྟེང་དུ་པདྨ་དང༌། དེའི་ལྟེ་བར་དབྱངས་གསལ་ལས་ཧེ་རུ་ཀ་སྐྱེས་པར་བཤད་པ་དེ་ཡིན་ནོ། ། དེར་སྦས་པ་བཤད་རྒྱུད་ཀྱིས་གསལ་བར་བསྟན་པ་ནི། ཁ་སྦྱོར་ལས། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། ། ཆུ་བོ་ལྟོ་བར་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དོ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱིག་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །ཞེས་དང༌། ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མ་དུས་ཐབས་རིམ་ཉིད་ཀྱིས། །དེ་ནི་རྫོགས་པའི་དཀྱིལ་འཁོར་གནས། །ཞེས་འབྱུང་བ་རིམ་བརྩེགས་དང༌། རི་རབ་ནང་ལ་བཤད་པ་ན། །ལུས་ཀྱི་རྐང་པ་ནས་མགོ་བོའི་བར་སྟོན་


JLD008_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། དེ་ཡང་རྫོགས་རིམ་པའི་ལུས་ཀྱི་དཀྱིལ་འཁོར་དུ་གསུངས་ཏེ། རྫོགས་རིམ་པས་གང་ལ་གནད་དུ་བསྣུན་སའི་རྡོ་རྗེའི་ལུས་སོ། །ནག་པོ་སྤྱོད་པས་ལུས་ཀྱི་དཀྱིལ་འཁོར་ལ་ཕྱི་ནང་གཉིས་བཤད་པའི་ཕྱི་ནི། དྲིལ་བུ་པས་བསྐྱེད་རིམ་གྱི་ལུས་དཀྱིལ་སྒོམ་པའི་ལུས་ལ་འབྱུང་བཞི་རི་རབ་སྦྱར་བ་ལྟ་བུ་ཡིན་ལ། ནང་ནི་དེ་མ་ཐག་ཏུ་བཤད་པའོ། །རྡོ་རྗེའི་ལུས་དེའི་གནད་དུ་བསྣུན་ས་བྱེ་བྲག་པ་ནི། །ཁ་སྦྱོར་ལས་གླེང་གཞིའི་ཨེ་ཝཾ་སོགས་ཀྱི་ཡི་གེ་བཞི་རྩའི་འཁོར་ལོ་བཞི་དང་སྦྱར་བས་ཤེས་སོ། །རི་སྟེང་ཞེས་པའི་རྐང་པ་གཉིས་སྒྲ་སོར་བཞག་ཏུ་བྱེད་ན། ལཱུ་ཨི་པ་ལྟ་བུ་རྟེན་དང་བརྟེན་པ་དུས་གཅིག་ཏུ་སྐྱེད་པ་ལ་སྦྱར་ལ། རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་སྔོན་ལ་བསྐྱེད་པའི་དབུས་སུ་པདྨའི་ལྟེ་བར་དབྱངས་གསལ་ལས་ཧེ་རུ་ཀ་ཕྱིས་སྐྱེད་པ་ལ་སྦྱོར་ན། ལུས་ཡན་མན་དང་ཕུན་ཚུན་དུ་མཉམ་པ། ངོས་རྣམས་མཉམ་པའི་གཞལ་ཡས་ཁང་སྒོ་བཞི་པར་བྱས་ཀྱང༌། རྫོགས་རིམ་གྱི་སྐབས་སུ་གང་ལ་གནད་དུ་བསྣུན་སའི་རྟེན་ལུས་བསྟན་པར་བྱའོ། །པདྨ་དང་དབྱངས་གསལ་གྱི་ངེས་དོན་ཡང་ཁ་སྦྱོར་ལས་གསུངས་པ་ནག་པོ་པས་བཤད་པ་ནི། དེ་ཉིད་གསལ་བ་ལས། དེ་ཡི་རྩེ་མོ་མགོར་གསུངས་ཏེ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །ཞེས་དང༌། དེ་ཡི་དབུས་སུ་ཧཾ་ཡིན་ཏེ། །ཨཱ་ལི་ཀཱ་ལི་ལས་སྤྲུལ་པ། །མི་ཤིགས་གོ་འཕང་ཉམས་དགའ་བ། །བདེ་བ་ཆེན་པོ་ཞེས་བྱར་བརྗོད། །བདེ་ཆེན་འཁོར་ལོ་ཆེན་པོ་ན། །སྡེ་ཚན་ཐ་མ་མིང་སྤངས་པ། །ཞེས་གསུངས་སོ། །དེའི་ངེས་དོན་ནི་པདྨའི་ལྟེ་བར་ཨཱ་ལི་ཀཱ་ལི་ལས་སྤྲུལ་བ་ལ་ཟླ་བ་ཡང་ཡོད་


JLD008_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱང༌། གཙོ་བོ་ནི་རྩ་རྒྱུད་ནས་ཟིན་པ་ལ་དེ་གཉིས་ལས་ཧེ་རུ་ཀ་སྐྱེད་པར་གསུངས་པ་ཉིད་འདིར་བཤད་དགོས་སོ། །རྐང་པ་ཐ་མ་གཉིས་ཀྱི་དོན་ནི་སྤྱི་གཙུགས་བདེ་ཆེན་གྱི་འཁོར་ལོ་ན་གནས་ཕ། གསལ་བྱེད་ཀྱི་སྡེ་ཚན་གྱི་ཐ་མའི་མིང་ཅན་ཀྵ་ཡིག་དོར་བའི་གོང་མ་ཧ་ལ་ཐིག་ལེ་སྦྱར་བའོ། །ཧཾ་ཡིག་དེ་ལས་བབ་པའི་ཀུནྟ་ལྟ་བུ་ལས་སྐྱེས་པའི་ལྷན་སྐྱེས་ནི་མི་ཤིགས་པ་ཞེས་པ་གཉིས་ཀྱི་དོན་ཏེ་དབྱངས་གསལ་ལས་ཧེ་རུ་ཀ་སྐྱེས་པའི་ངེས་དོན་ནོ། །ཁ་སྦྱོར་ལས་ཀྱང༌། བདུད་རྩིའི་གཟུགས་ཀྱི་འཛག་པ་ནི། །ཉིན་དང་མཚན་དུ་རྣམ་པར་གནས། །ཞེས་སྤྱི་བོའི་ཧཾ་ལས་བྱང་སེམས་འཛག་པར་གསུངས་སོ། །དེ་ལ་རྒྱུད་གཉིས་ཀའི་ལུགས་ཀྱིས་ལྷན་སྐྱེས་ཀྱི་བདེ་ཆེན་ལམ་གྱི་སྲོག་ཏུ་བྱེད་དེ། །དེ་ཉིད་གསལ་བ་ལས། རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། །འདི་སྐད་བདག་གིས་ཞེས་བྱར་གསུངས། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །བདེ་བའི་མཆོག་ཏུ་བརྗོད་པ་ཡིན། །འདི་ཉིད་རྣལ་འབྱོར་རྒྱུད་དང་ནི། །རྣལ་འབྱོར་མ་རྒྱུད་ཅེས་བྱར་ཡང༌། །བདེ་བ་ཆེན་པོའི་ཡེ་ཤེས་མཆོག ། མེ་ཞེས་བྱ་བར་མངོན་པར་རྗོད། །ཅེས་གསུངས་སོ། །བདེ་ཆེན་དེ་སྐྱེ་བ་ལ་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་པོ་གསང་གནས་ཀྱི་རྩེ་བར་དུ་འཛག་པ་དགོས། དེ་ལ་གཏུམ་མོའི་མེ་འབར་བས་བྱང་སེམས་བཞུ་བ་དགོས་ཏེ། མངོན་བརྗོད་ལས། ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །དེར་ན་རི་མོའི་སྦྱོར་བ་ཡིས། །སྟེང་དུ་འབར་བའི་རི་མོ་ནི། །འོག་ཏུ་འཛག་པར་བྱེད་པ་ཡིན། །འཛག་པ་ཁུ་བའི་ཚུལ་ཅན་ནི། །


JLD008_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཐིགས་པའི་གཟུགས་སུ་འགྱུར། །ཞེས་གསུངས་སོ། །གཞུང་འདི་མཧཱ་མ་ཡར་ཡང་འབྱུང་བ་ལ་ཤཱནྟི་པས་གཞན་དུ་བཤད་ཀྱང་འདིར་དེ་དང་མི་འདྲའོ། །ཨཱ་ལི་ནི་དེས་མཚོན་པའི་བྱང་སེམས་དཀར་པོ་འབབ་པའི་རྐྱང་མའོ། །ཀཱ་ལི་ནི་དེས་མཚོན་པའི་དམར་པོ་འབབ་པའི་རོ་མའོ། །མཉམ་པར་བྱས་པ་ནི་དེ་གཉིས་ཀྱི་རླུང་ལྟེ་བ་སོགས་ཀྱི་དབུས་ཀྱི་དབུ་མར་འདྲེས་པའོ། །དེར་རླུང་ཞུགས་པས་མེའི་རི་མོའམ་རེ་ཁ་དབུས་མ་ནས་སྟེང་སྤྱི་གཙུག་བར་དུ་འབར་རོ། །འབར་བ་དེས་ཧཾ་ལས་འོག་ཏུ་འཆི་མེད་དེ་བདུད་རྩི་ཁུ་བའི་གཟུགས་ཅན་འཛག་པར་གསུངས་སོ། །སྤྱི་བོའི་པདྨའི་ལྟེ་བར་ཧཾ་ལས་འཛག་པ་ལ་དེར་མེ་འབར་བས་སླེབ་དགོས་པས། དེར་ཨཱ་ལི་ཀཱ་ལི་གཉིས་ཀ་བཤད་དོ། །སྲོག་དབུ་མར་ཞུགས་ནས་གཏུམ་མོ་འབར་བ་ལ། རྩ་དབུ་མ་གནས་པའི་ལུས་ཀྱི་གནད་ཆེ་སར་གནད་དུ་བསྣུན་དགོས་པ་ལ། བྱང་སེམས་དཀར་པོ་ཤས་ཆེར་གནས་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང༌། དམར་ཆ་ཤས་ཆེར་གནས་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་དང༌། གསང་གནས་བདེ་སྐྱོང་གི་འཁོར་ལོ་དང༌། དཀར་དམར་ཆ་མཉམ་དུ་གནས་པ་སྙིང་ཁ་ཆོས་ཀྱི་འཁོར་ལོ་དང༌། རྩ་དབུ་མའི་ཡར་སྣ་དང་མར་སྣ་སོགས་གནད་དུ་བསྣུན་སའི་སྒོ་མང་ངོ༌། །འདི་ལ་ལཱུ་ཨི་པའི་ལུགས་ཀྱིས་ནི་ཐིག་ལེ་སྒོམ་པ་དང་རྡོར་བཟླས་བྱེད་པ་གཉིས་ཀ་ལྟེ་བ་ནས་བྱེད། དྲིལ་བུ་ཞབས་ཀྱིས་ནི་བདག་བྱིན་རླབས་གཉིས་སྙིང་གནས་དང༌། སྣ་ཚོགས་རྡོ་རྗེའི་རིམ་པ་གཉིས་དབུ་མའི་ཡར་མར་གྱི་སྣ་གཉིས་ནས་དང༌། ཛཱ་ལ་དྷ་རའི་རིམ་པ་གསང་གནས་དང༌། བསམ་མི་ཁྱབ་ཀྱི་རིམ་


JLD008_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙིང་ཁ་ནས་བྱེད་དོ། །ནག་པོའི་ལུགས་ཀྱིས་ནི་རིམ་པ་བཞི་པ་ལས་གསུངས་པ་ལྟར། སྤྱིར་འཁོར་ལོ་བཞི་དང༌། ཁྱད་པར་དུ་ལྟེ་བར་གནད་དུ་བསྣུན་ནོ། །དེས་ན་བཤད་རྒྱུད་ལས་དབྱངས་གསལ་འགོད་པའི་གཞིའི་པདྨ་སྤྱི་བོའི་རྩ་འཁོར་ལ་གསུངས་པ་ནི། དང་པོར་བྱང་སེམས་གང་ནས་འཛག་པའི་གནས་ལ་དགོངས་ལ། གནས་དེ་ནས་བྱང་སེམས་འདྲེན་པའི་ཐབས་སུ་ལུས་ལ་གནད་དུ་བསྣུན་པ་ལ་ནི། འཁོར་ལོ་གཞན་གྱིས་པདྨ་དགོས་པས་དེ་རྣམས་ཀྱང་དབྱངས་གསལ་འགོད་པའི་གཞིའི་པདྨར་བྱའོ། །དབྱངས་གསལ་ལས་ཧེ་རུ་ཀ་སྐྱེད་པའི་ངེས་དོན་ནི། བྱང་སེམས་དཀར་དམར་གྱི་འདུ་འཕྲོད་ལས་ངེས་དོན་གྱི་ཧེ་རུ་ཀ་སྐྱེད་པའི་དོན་ཡིན་ལ། དེ་ཡང་སྤྱི་བོ་ཁོ་ནར་མིན་གྱི་ལུས་ཀྱི་ཆ་གཞན་དུ་ཡང་གནད་དུ་བསྣུན་པས་ཧེ་རུ་ཀ་སྐྱེད་པ་དང༌། ངེས་དོན་གྱི་ཧེ་རུ་ཀ་ལ་ཡང་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཧེ་རུ་ཀ་གཉིས་ཡོད་པ་ཤེས་པར་བྱའོ། །རྩ་རྒྱུད་ཀྱི་དོན་ལ་རྫོགས་རིམ་གཞན་ཡོད་ཚུལ་ནི་སྐབས་སུ་འཆད་པར་འགྱུར་རོ། ། སྔར་བཤད་པའི་ཚུལ་གྱི་འཆད་ཤེས་ན། བཤད་རྒྱུད་ལ་བརྟེན་ནས་རྩ་རྒྱུད་ཀྱི་ཤིན་ཏུ་གསང་བའི་གནས་བཤད་པའི་གྲུབ་ཆེན་གསུམ་གྱི་མན་ངག་གི་གནད་རྣམས་ལེགས་པར་ཤེས་པར་འགྱུར་ལ། དེ་ལྟར་འཆད་མི་ཤེས་ན་ནི་ནག་པོ་པའི་རིམ་པ་བཞི་པ་ལ་ཅུང་ཟད་རེའི་བཤད་པ་སྣང་ན་ཡང༌། ལཱུ་ཨི་པ་དང་དྲིལ་བུ་པའི་རྫོགས་རིམ་ནི། རྩ་རྒྱུད་ཀྱི་སྐབས་གང་དུ་སྦས་པ་འཆད་ཤེས་པར་མི་


JLD008_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ༌། །གསུམ་པ་ནི། རྡོ་རྗེ་མཁའ་འགྲོ་ལས། བདེ་མཆོག་ཕྱི་མར་གསུངས་པའི་ཡི་གེ་བཅུ་དྲུག་ཞུས་པའི་ལན་དུ། ཡི་གེ་བཅུ་དྲུག་གིས་བཅུད་ལེན་གྱི་རྫས་བསྟན་ཏེ། ཡི་གེ་བཅུ་དྲུག་ནི། ར་ཧ་སྱེ་པ་ར་མ་ར་མྱེ། སརྦ་ཏྨ་ནི། ས་དཱ་སྠི་ཏཿ ཞེས་པ་སྟེ། གསང་བ་མཆོག་ཅེས་པའི་རྐང་པ་གཉིས་ཀྱི་སྐད་དོད་དོ། །དེ་རྣམས་ཕྲལ་ནས་ཡི་གེ་རེ་རེའི་དོན་རྡོ་རྗེའི་མཁའ་འགྲོར་གསུངས་པ། ལྭ་བ་པའི་འགྲེལ་པར་འབྱུང་བ་ནི། ར་ནི་མཚལ་ཆེན་པོ་ཡི་ཁམས། །ཧ་ནི་རི་ལས་སྐྱེས་པ་སྟེ། །རི་སྐྱེས་ཞེས་བྱ་མགོ་སྐྱེས་སོ། །སྱེ་ནི་དྲི་ཡི་སྣོད་ཡིན་ཏེ། །ལུས་ལ་དྲི་ནི་ཇི་ལྟར་བའོ། །པ་ནི་རླུང་དུ་གསུངས་པ་སྟེ། །ར་ན་དྲི་ཉིད་ཡིན་པར་གསུངས། །ཡི་གེ་མ་ནི་མེ་ཏོག་སྟེ། །ར་ནི་དེ་བཞིན་ལན་ཚྭའོ། །མྱེ་ནི་ཤ་ཆེན་པོར་འདོད་དེ། །ས་ནི་རབ་ཏུ་སྦྱོར་བ་ཉིད། །རྦ་ནི་མགོ་བོར་རབ་ཏུ་གསུངས། །ཏ་མ་མེ་ཡི་རྐང་ཡིན་ཏེ། །ནི་ནི་དྲི་ཡི་མར་ཁུའོ། །ས་ནི་སོ་དང་སེན་མོ་སྟེ། །དཱ་ནི་རྒྱ་མཚོ་ལས་སྐྱེས་པའོ། །སྠི་ནི་ཁ་ཡི་སྙིང་པོ་སྟེ། །ཏཿནི་ག་བུར་བསྟན་པའོ། ཞེས་གསུངས་སོ། །དེ་ལ་ར་ནི་དུས་སུ་འབབ་པའི་ཟླ་མཚན་ནོ། །ཧ་ནི་མིའི་ཀླད་པ་མ་རུལ་པ་དང༌། སྱེ་ནི་ལུས་ཀྱི་དྲི་མ་དང༌། །བཞི་པ་ལ་འགྱུར་གཞན་ལས། པ་ནི་པགས་པ་ཉིད་དུ་གསུངས། །ཞེས་འབྱུང་སྟེ་བུ་ཆུང་གི་པཌ་བ་ཞིབ་པར་སྦྱངས་པ་ཡིན་ཟེར། ར་ནི་ཁ་ཟས་སྣུམ་བག་ཅན་མ་ཟོས་པའི་དྲི་ཆེན་དང༌། མ་ནི་ལོ་བརྒྱད་མ་དང་རོལ་པ་ལས་བྱུང་བའི་ཁྲག་དང་བཅས་པ་ཞེས་གསུངས་པ་དེར་མངོན་ནོ། །ར་ནི་ཐོ་རངས་ཀྱི་དྲི་ཆུ་དང༌། མྱེ་ནི་


JLD008_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སེར་ལན་ཅིག་བཏོན་པའི་ཤ་ཆེན་དང༌། ས་ནི་མིའི་ཚིལ་གྱི་ཞུན་དང༌། རྦ་ནི་སྐྲའི་མར་ཁུ་དང་ལན་ཚྭའོ། །ཏྨ་ནི་དྲི་ཆེན་གྱི་མར་ཁུ་དང༌། ནི་ནི་རྐང་མར་དང༌། ས་ནི་གསལ་ལ། དཱ་ནི་དྲི་ཆུ་བར་པ་དང༌། སྠི་ནི་ཁ་ཆུ་དང༌། ཏཿནི་སྐྱེས་པ་དར་མའི་ཁུ་བ་ལ་འཆད་དོ། །དེ་ལྟར་བཅོ་བརྒྱད་ཡོད་ཀྱང་རྦའི་རྫས་གཉིས་གཅིག་ཏུ་དང༌། སོ་དང་སེན་མོ་གཉིས་གཅིག་ཏུ་བགྲངས་པས་བཅུ་དྲུག་གོ། །དེ་རྣམས་བསྡུས་པའི་སྙིང་པོ་ནི་བདུད་རྩི་ལྔ་སྟེ། རྡོ་རྗེ་མཁའ་འགྲོ་ལས། གསང་སོགས་རྣལ་འབྱོར་བ་ཡི་རྫས། བཤང་དང་གཅི་སོགས་ལྔ་ལ་བྱ། །ཁམས་རྣམས་སྡུད་པའི་སྡེ་ཚན་ནི། །དེ་ལྟར་བཅུད་ལེན་བསྟན་པ་ཡིན། །ཞེས་གསང་བ་ནས་རྟག་བཞུགས་པའི་བར་གྱི་ཚིག་ལྔ་བདུད་རྩི་ལྔ་ལ་སྦྱར་ཏེ། ཁ་སྦྱོར་ལས་ཀྱང་དེ་བཞིན་དུ་འབྱུང་ངོ༌། །སྐྲའི་མར་ཁུ་དང༌། དྲི་ཆེན་གྱི་མར་ཁུ་དང༌། དྲི་ཆུ་བར་བ་སྒྲུབ་ལུགས་དང༌། རྫས་རྣམས་བསྟེན་ཚུལ་ཤེས་པར་འདོད་ན་བདེ་མཆོག་གི་རྣམ་བཤད་ཆེན་མོ་ལས་ཤེས་པར་བྱའོ། །ལམ་འདིར་བདེ་བ་ཆེན་པོ་གཙོ་བོ་ཡིན་ལ། དེ་ནི་ལུས་ཀྱི་ཀུན་ཏ་ལྟ་བུ་རྒྱས་པ་ལ་རག་ལས་ཤིང༌། ལུས་གྱི་སྟོབས་རྒྱས་པར་བྱེད་པ་ལ་སྔར་གྱི་བཅུད་ལེན་ལ། ཕྱི་རོལ་གྱི་རྫས་ཀྱི་བཅུད་ལེན་གྱིས་བཅུ་དྲུག་གི་ཆར་ཡང་མི་ཕོད་པ་དང༌། རྫས་བཅུ་དྲུག་དང་བདུད་རྩི་ལྔའི་བཅུད་ལེན་བསྟེན་པ་ལས་བྱུང་བའི་བདེ་བར་སྟེན་ན། བདེ་བ་འཕེལ་བ་དང་བདེ་བ་དེ་ཡང་ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོར་བ་བསྟན་པ་ལས་ཐེར་ཟུག་ཏུ་བདེ་བ་སྟེར་བར་གསུངས་སོ། །གཉིས་


JLD008_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཉིས། འབྲས་བུ་ལ་སྦྱར་ཏེ་བཤད་པ་དང༌། ལམ་གྱི་རྫོགས་རིམ་ལ་སྦྱར་ཏེ་བཤད་པའོ། །དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལས། མཁའ་འགྲོ་ཀུན་དངོས་སོགས་ལ་བཤད་པ་གཉིས་མཛད་པའི་ཕྱི་མ་ནི། འབྲས་བུ་ལ་སྦྱར་བ་ལྟར་བཤད་ན། མཁའ་འགྲོ་མ་ཀུན་ནི་རབ་གཏུམ་མ་ལ་སོགས་པའོ། །དངོས་པོ་ནི་ཧེ་རུ་ཀ་མཁའ་འགྲོ་མ་དེ་རྣམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་རང་བཞིན་ནམ་ངོ་བོར་སྟོན་ནོ། །དེ་ཉིད་སེམས་ཅན་གྱི་དོན་ལ་ནུས་པ་དང་ལྡན་པའི་ཕྱིར་སེམས་དཔའོ། །མི་ཤེས་པའི་རི་བོ་འཇོམས་པས་ན་ཧེ་རུ་ཀའི་ཡེ་ཤེས་ནི་རྡོ་རྗེའོ། །སེམས་དཔའ་འོག་མའི་དོན་མ་བཤད་པ་ནི་སེམས་དཔའ་སྔ་མའི་དོན་བཤད་པ་དང་འདྲ་བ་ལ་དགོངས་སོ། །འདིར་རྡོ་རྗེ་མཁའ་འགྲོ་ལས། སེམས་དཔའ་རྣམ་པ་གཉིས་གསུངས་ཏེ། །སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ། །བཅུད་ནི་རྒྱུད་བ་ཞེས་བཤད་ལ། །དེ་བཞིན་སྣོད་ནི་བསྟན་པའོ། །རེ་རེ་ཞིང་ཡང་གཉིས་གཉིས་ཏེ། །སྐལ་བ་བཟང་དང་སྐལ་ངན་ནོ། །ས་དང་ཆུ་དང་མེ་རླུང་གི། གཟུགས་ནི་རྣམ་པ་བཞི་རུ་གནས། །ཞེས་གསུངས་པ་ནི། སེམས་དཔའི་དོན་ནུས་པ་དང་ལྡན་པ་ལ་བཤད་པའི་གང་ལ་ནུས་པ་དང་ལྡན་པའི་སེམས་ཅན་ལ་ཡང་ནུས་པ་དང་ལྡན་པའི་སྒྲ་ཉེ་བར་བཏགས་ནས་གསུངས་ལ། དེའི་སྒོ་ནས་སེམས་ཅན་དེའི་གནས་སྣོད་ལ་ཡང་དེའི་སྒྲ་བཏགས་པའོ། །གང་ཞིག་ནུས་པ་དང་ལྡན་པའི་འདུལ་བྱེད་ལ་ནི་སྒྲ་དེ་དངོས་སུ་འཇུག་གོ ། དེ་ལྟར་ན་འདུལ་བྱེད་ཀྱི་དག་པའི་སྣོད་བཅུད་གཉིས་ནི་སྐལ་བཟང་དང༌། གདུལ་བྱའི་མ་དག་པའི་སྣོད་བཅུད་གཉིས་ནི་སྐལ་ངན་


JLD008_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཟུགས་ནི་འབྱུང་བཞིའི་ཚུལ་ལམ་རྣམ་པ་ཅན་ནོ། །བདེ་བའི་མཆོག་ནི་ཕུལ་དུ་བྱུང་བའོ། །འདི་ནི་ཞེས་པའི་ནིའི་སྒྲ་ནི་ངེས་གཟུང་སྟེ། བཅོམ་ལྡན་འདས་འདི་ཁོ་ན་རང་ཉིད་དག་པའི་བརྟན་གཡོ་མ་ལུས་པའི་ངོ་བོར་འབྱུང་བས་ན་རང་འབྱུང་ངོ༌། །བཅོམ་ལྡན་འདས་ནི་བཤད་ཟིན་ཏོ། །དཔའ་བོ་ནི་མི་མཐུན་ཕྱོགས་ཐམས་ཅད་ལས་རྒྱལ་བའོ། །མཁའ་འགྲོ་ནི་དཔའ་བོ་དང་དཔའ་མོ་རྣམས་སོ། །དྲ་བ་ནི་དེ་དག་གི་ཚོགས་སོ། །སྡོམ་པ་ཡིན་ཞེས་པ་ནི་དེ་རྣམས་ཐམས་ཅད་ཧེ་རུ་ཀ་གཅིག་གི་ངོ་བོར་སྡོམ་པ་སྟེ། དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ཀྱིས་རྒྱུད་བཤད་དོ། །ཞེས་སྦྱར་རོ། །རྐང་པ་དེ་བཞིས་རྒྱུད་ཀྱི་སྟོན་པ་ཕུན་ཚོགས་བསྟན་པར་བླ་མ་རྣམས་བཞེད་པ་ནི། ལྭ་བ་པ་དང་ཡང་མཐུན་པར་སྣང་ངོ༌། །གཉིས་པ་ནི། རེ་ཞིག་སྔར་གྱི་རྐང་པ་གཉིས་དང༌། མཁའ་འགྲོ་ཀུན་དངོས་སོགས་ཀྱི་འབྲེལ་བཤད་པར་བྱ་སྟེ། སྔོན་དུ་རྐང་པ་གཉིས་ཀྱིས་བསྟན་པའི་བཅུད་ལེན་བསྟན་པས་ལུས་རྒྱས་པར་བྱས། དེ་ནས་འབྱུང་བ་རིམ་བརྩེགས་སོགས་ཀྱིས་བསྟན་པའི་རྡོ་རྗེའི་ལུས་སྤྱི་དང༌། གསང་བ་མཆོག་ཨེ་ཝཾ་མ་ཡ་ལ་སྦྱོར་བའི་ཡི་གེ་བཞིས་བསྟན་པའི་རྩ་འཁོར་བཞི་ཚོགས་པ་དང༌། སོ་སོ་བ་ལ་བརྟེན་པའི་རྫོགས་རིམ་སྒོམ་པའི་ནང་གི་ཐབས་དང༌། ཡང་ཡི་གེ་བཞིས་བསྟན་པའི་སྤྱན་མ་སོགས་ཀྱི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཞིའི་ཕྱིའི་ཐབས་ལ་བརྟེན་ནས། དུས་གཅིག་ན་ཞེས་པའི་དེས་དོན་སྲོག་དབུ་མར་ཞུགས་ཏེ་འབྱུང་འཇུག་མི་བྱེད་པ་དང༌། མངོན་བརྗོད་སྔར་དྲངས་པ་ལྟར་རླུང་དེས་གཏུམ་མོ་


JLD008_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྦར་བ་ལ་བརྟེན་ནས། ཐོས་པའི་སྐད་དོད་ཤྲུ་ཏའི་ངེས་དོན་བཤད་པ་ལྟར། སྤྱི་བོ་ནས་བྱང་སེམས་གསང་གནས་ཀྱི་རྩེའི་བར་ཏུ་འཛགས་པ་ལས་བྱུང་བའི་བདེ་ཆེན་ལ་པདྨ་གར་དབང་ནས་ཧེ་རུ་ཀའི་བར་གྱི་ཐ་སྙད་ཀྱིས་གསུངས་པ་ནི། རྡོ་རྗེ་སེམས་དཔའ་ཧེ་རུ་ཀ །མཁའ་འགྲོ་མ་ཀུན་སྒྲ་རུ་བཤད། ཅེས་པ་ལྟར་ནང་གི་དཔའ་བོ་དང་དཔའ་མོའི་མཁའ་འགྲོ་ཀུན་གྱི་དངོས་པོ་སྟེ་ངོ་བའོ། །དེ་ཉིད་གསལ་བ་ལས་ཀྱང༌། མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །རང་བཞིན་ཉིད་ཕྱིར་དེ་ཡི་དངོས། །ཞེས་གསུངས་སོ། །སེམས་དཔའ་ནི། སེམས་དཔའ་ཞེས་པའང་འཁོར་བ་ན། །མཆོག་ཏུ་དགའ་བའི་ངོ་བོ་ཡིན། །ཞེས་གསུངས་ཏེ། འཁོར་བ་ནི་འདིར་ཐབས་བདེ་བ་ཆེན་པོ་ལ་བྱའོ། །རྡོ་རྗེ་སེམས་དཔའི་སེམས་དཔའི་དོན་ཡང་དེའོ། །རྡོ་རྗེ་ནི་བདེ་བ་དེ་ཉིད་སྟོང་པ་ཉིད་དང་དབྱེར་མེད་པར་ཞུགས་པའོ། །རྒྱུ་མཚན་དེས་ན་རྩ་རྒྱུད་ལས། རྡོར་སེམས་ཞེས་པའི་འོག་ཏུ་བདེ་བའི་མཆོག །ཅེས་གསུངས་ཏེ། བདེ་བ་ཆེན་པོ་ནམ་མཁའི་ཁམས་སྟོང་པ་ཉིད་ཀྱི་ཡུལ་ཅན་དུ་གནས་པ་ནི། །བདེ་བ་གཞན་ལས་མཆོག་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་ནི་མི་ཕྱེད་ཕྱིར། །འདི་ལ་རྡོ་རྗེ་སེམས་དཔར་བརྗོད། །དེ་ཡི་ཕྱིར་ན་དེ་འོག་ཏུ། །བདེ་བའི་མཆོག་ཏུ་རྒྱུད་ལས་གསུངས། །ནམ་མཁའི་མཁས་སུ་གནས་པས་ཀྱང༌། །དེ་ནི་བདེ་བའི་མཆོག་ཏུ་བརྗོད། །ཅེས་གསུངས་སོ། །མཆོག་ཏུ་དགའ་བ་འདི་ནི་གདུལ་བྱ་རང་རང་གི་ངོར་རྣམ་སྣང་ལ་སོགས་པའི་སྐུར་འབྱུང་བས་རང་འབྱུང་ངམ། དེ་ཁོ་ན་ཉིད་ཇི་བཞིན་དུ་རྗེས་སུ་


JLD008_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པས་རང་འབྱུང་དང༌། །སྐལ་པ་ཕུན་ཚོགས་དང་ལྡན་པས་བཅོམ་ལྡན་འདས་དང༌། མི་མཐུན་ཕྱོགས་རྩད་ནས་འབྱིན་པར་འགྱུར་བའི་ནུས་པ་དང་ལྡན་པས་དཔའ་བོའོ། །མཁའ་འགྲོ་ནི་རྩ་སོ་དྲུག་དང༌། དེ་དག་གི་ནང་གི་ཁམས་རྣམས་སོ། །དྲ་བ་ནི་ཚོགས་སོ། །དེའི་ནང་ནས་རྒྱུ་བའི་རླུང་གིས་བྱང་སེམས་བསྐྱོད་པ་ལས་བྱུང་བའི་ཡེ་ཤེས་ནི་སྡོམ་པ་སྟེ་སཾ་བ་ར་ཞེས་པ་བདེ་བ་མཆོག་གོ། །དེ་ལྟར་མཁའ་འགྲོ་ཀུན་ཞེས་སོགས་ཀྱི་རྐང་པ་བཞིའི་དོན་གྱི་བདེ་བ་ལ་ནི། ཡས་བབས་དང་མས་བརྟན་གྱི་སྐབས་ཀྱི་དགའ་བ་བཞི་ཚན་གཉིས་ཡོད་ལ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བ་བཞི་ནི། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་དེ་འོད་གསལ་བའོ། །ཞེས་དགའ་བཞི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་གསུངས་སོ། །དེ་ཡང་མངོན་བརྗོད་ལས། དགའ་བ་དང་པོ་ཡེ་ཤེས་ཏེ། །མཆོག་ཏུ་དགའ་བ་མཉམ་པར་སྦྱོར། །བདེ་བར་དགའ་བ་གྲུབ་པ་ཆེ། །ལྷན་ཅིག་སྐྱེས་དགའ་བླ་མེད་ཡིན། །སྦྱོར་བ་དང་ནི་ཤིན་ཏུ་སྦྱོར། །སྦྱོར་བ་ཆེ་དང་ཡེ་ཤེས་སྦྱོར། །དེ་དག་ཆོ་གའི་རིམ་པའོ། །ཐིག་ལེ་གཞུང་གི་སྦྱོར་ཤེས་ན། །ཕྲ་བའི་སྦྱོར་བས་བལྟ་བར་བྱ། །ཞེས་གསུངས་པའི་དགའ་བཞིའི་རིམ་པ་ནི་ཡས་བབས་ཀྱི་རིམ་པ་ཡིན་ལ། རྐང་པ་ཐ་མ་གཉིས་ཀྱི་དོན་ནི་ཐིག་ལེའི་རྣལ་འབྱོར་སྒོམ་པའི་གཞུང་གི་


JLD008_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཤེས་ནས་ཡི་གེ་དང་ཐིག་ལེ་ཕྲ་མོའི་སྦྱོར་བ་སྟེ་རྣལ་འབྱོར་བསྒོམས་ནས། དགའ་བཞི་ཇི་ལྟར་སྐྱེ་བ་བལྟ་བར་བྱའོ། །ཞེས་པའོ། །འགྲེལ་བར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཀྱི་ཆོ་གའི་རིམ་པའོ། །ཞེས་འཆད་དེ། དགའ་བ་བཞི་དང་རིམ་པ་བཞིན་དུ་སྦྱར་རོ། །ཡང་མངོན་བརྗོད་ལས། ལྟེ་བ་སྙིང་པད་ནུ་མའི་དབུས། །ལྕེ་ཡི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །དང་པོ་འདབ་མ་དྲུག་ཅུ་བཞི། །གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། །གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་རྩ་གཉིས་འདབ། །ཕག་མོ་ལྟེ་བའི་རྩར་གནས་པ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག ། ཅེས་ལྟེ་བར་དགའ་བ་དང༌། སྙིང་ཁར་མཆོག་དགའ་དང༌། ལྕེའི་རྩ་བ་སྟེ་མགྲིན་པར་དམ་པ་སྟེ་ཁྱད་པར་གྱི་དགའ་བ་དང༌། མགོ་ཡི་སྟེང་སྟེ་སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བར་བཤད་པ་ནི་མས་བརྟན་གྱི་དགའ་བཞིའི་རིམ་པའོ། །སྙིང་པད་ནི་སྙིང་ཁའི་རྩ་འཁོར་ཏེ་གཞན་གསུམ་ལ་ཡང་སྦྱར་རོ། །ལྟེ་བའི་རྩ་བར་ཕག་མོ་ནི་གཏུམ་མོ་ཨ་ཐུང་དང༌། ལྷན་སྐྱེས་ཁྲག་འཐུང་དུ་བཤད་པ་ནི་མས་བརྟན་གྱི་ལྷན་སྐྱེས་བྱང་སེམས་གྱེན་དུ་ལོག་པ་སྤྱི་གཙུག་ཏུ་ཕྱིན་པ་ན་སྐྱེ་བས། སྤྱི་གཙུག་གི་ཧཾ་ཡིག་ཧེ་རུ་ཀར་བསྟན་པའོ། །གསུམ་པ་ལ་གཉིས། དྲང་དོན་དུ་བཤད་པ་དང༌། ངེས་པའི་དོན་དུ་བཤད་པའོ། །དང་པོ་ནི། འབྱུང་བ་ནི་འབྱུང་གནས་ཏེ་སྒྲའི་ཚུལ་ལོ། །དེ་ལ་སྒྲ་ནི་དབྱངས་དང་ཚུལ་ནི་དེའི་རྣམ་པ་ཅན་ཏེ། དབྱངས་གསལ་དང་སྔགས་


JLD008_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །དེ་ཡང་ཡི་གེ་ངག་ཏུ་བརྗོད་པ་མིན་གྱི། ཡིད་ལ་བྲིས་པའི་རྣམ་པ་ཅན་དུ་སྣང་བ་ཡིན་པས་སྒྲར་བཏགས་པའོ། །དེ་དག་ལས་བྱུང་བ་རྣམས་ནི་ལྷ་རྣམས་ཏེ། དེས་ན་ལྷའི་འབྱུང་གནས་སོ། །དམ་ཚིག་ནི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་སྤྱོད་པ་ནི་སྤྱོད་པའོ། །སྤྱོད་པ་དེའི་སྤྱོད་ཡུལ་ནི་དཔའ་བོ་རྣམས་ཡིན་ནོ། །སྒྲ་ཚུལ་ལས་བྱུང་བ་ལ་ནམ་མཁའི་ནཱ་ད་དང༌། དབང་པོ་གཉིས་མཉམས་པར་སྦྱོར་བ་ལས་བྱུང་བར་འཆད་པར་ཡོད་ཀྱང་ཕྱོགས་རེ་བར་སྣང་ལ། སྔར་བཤད་པ་རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལས་འབྱུང་བ་ལྟར་ན། ལྷའི་སྐྱེད་ཆོག་ཕལ་མོ་ཆེ་ལ་འགྲོ་བར་སྣང་ངོ༌། །བླ་མ་རྣམས་རྐང་པ་གཉིས་པོ་འདི་སྔོན་བྱུང་གི་འཁོར་ལ་ཡང་སྦྱོར་ཏེ་དེ་ཡང་རུང་བར་སྣང་ངོ༌། །གཉིས་པ་ནི། །ཕུང་སོགས་སྐྱེས་པར་བཤད་པའི་ཁུ་ཁྲག་ལས་མཆོག་ཏུ་བདེ་བ་སྐྱེས་ཤིང་བྱུང་བས་ན་འབྱུང་གནས་སྒྲ་ཚུལ་ལོ། །དེ་ལས་ངེས་པར་འབྱུང་བ་རྣམས་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་སྐྱེད་པར་རྒྱུད་འདིར་བསྟན་པ་ཉིད་རྒྱུད་གཞན་དུ་ཡང་བཞེད་པ་སྟེ་འབྱུང་བར་ངེས་པའི་དོན་ནོ། །བསྡུ་ན་རྫོགས་རིམ་བསྒོམས་པས་བྱང་སེམས་དཀར་དམར་གྱི་འབར་འཛག་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བའོ། །དེ་ཉིད་རྣལ་འབྱོར་པས་བསྟེན་ཞིང་བསྙེན་པར་བྱ་བས་དམ་ཚིག་གོ། དེ་ལ་སྤྱོད་པའི་སྤྱོད་ཡུལ་ནི་དབང་པོ་དྲུག་གིས་ཡུལ་དྲུག་ལ་ལོངས་སྤྱོད་པའོ། །དབང་པོ་རྣམས་ལ་ཡང་སྤྱོད་ཡུལ་ཞེས་པ་ནི། དོན་དམ་པར་ཡུལ་དབང་དབྱེར་མེད་པས་ཉེ་བར་བཏགས་པའོ། །ཡུལ་རྣམས་བདེ་


JLD008_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་རྣམ་རོལ་དུ་ཤར་བའི་ཚུལ་གྱིས་ལོངས་སྤྱོད་པས་བདེ་ཆེན་འབར་ཏེ། ཡུལ་ཡུལ་ཅན་གཉིས་སོ་སོར་མི་སྣང་བར་ལྷན་ཅིག་སྐྱེས་པར་རོ་གཅིག་པའི་གནས་སྐབས་འཐོབ་པར་འགྱུར་རོ། །འདི་ནི་རྡོ་རྗེ་མཁའ་འགྲོ་རྩ་འགྲེལ་ལ་བརྟེན་ནས་བཤད་པའོ། །ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་སྒོམ་པ་ཐམས་ཅད་ལ་སྔར་བཤད་པ་ལྟར་འབྱུང་བས། རིམ་པ་བཞི་པ་ལྟ་བུ་ཕྱོགས་རེ་བ་ལ་བཤད་མི་དགོས་སོ། །གཉིས་པ་ནི། འཇིག་རྟེན་ཞེས་པའི་རྐང་པ་གཉིས་ལ་ལོ་ཙཱ་བ་གཉིས་ཀྱི་བཤད་སྲོལ་ཡང་མི་མཐུན་པར་སྣང་ཞིང༌། འགྲེལ་པ་གསུམ་ལས། ཐོག་མ་ཐུགས་དང་དབུས་གསུང་དང་མཐའ་སྐུའི་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་རྣམས་མཐོ་རིས་དང་མི་ཡུལ་དང་ས་འོག་གི་འཇིག་རྟེན་གསུམ་དུ་རྙེད་པར་དཀའ་ཞེས་འཆད་དོ། །འདི་ལ་བཤད་ཚུལ་གཉིས་ལས་བཤད་པ་དང་པོ་ནི་ཐོག་མ་གསང་བ་དང་དབུས་མཆོག་དང་མཐར་དགྱེས་པ་དང༌། ཡང་དག་གནས་ཀྱི་དོན་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་སོགས་ཀྱི་ངེས་པའི་དོན་སྔར་བཤད་པ་ནི། ས་གསུམ་གྱི་འཇིག་རྟེན་གསུམ་ན་ཤིན་ཏུ་རྙེད་དཀའ་བ་སྟེ་རྟོགས་པར་དཀའོ་ཞེས་པའི་དོན་ནོ་ཞེས་ཏེ་རྡོ་རྗེ་མཁའ་འགྲོའི་དགོངས་པའོ། །ཡང་རྡོ་རྗེ་མཁའ་འགྲོ་ལས། འཇིག་རྟེན་གསུམ་དུ་རྙེད་དཀའ་བའི་དོན་ཟག་བཅས་ཀྱི་དངོས་པོ་གསུམ་ལས་རྙེད་པར་མི་འགྱུར་བ་ལ་བཤད་པ་ལྟར་ན། འཇིག་རྟེན་གསུམ་ནི་དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་གསུམ་ལ་བྱའོ། །དེ་དག་གིས་ནི་གང་ལས་རྙེད་དཀའ་བ་བསྟན་ཏོ། །གང་རྙེད་པར་དཀའ་ན་ལྷན་ཅིག་སྐྱེས་པའི་


JLD008_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སོ། །རྙེད་དཀའ་བའི་རྒྱུ་མཚན་ནི་དགའ་བ་གསུམ་ཟག་པ་དང་བཅས་པ་ཞེས་པས་སྟོན་ནོ། །དེའི་དོན་ནི་འཇིག་རྟེན་གྱི་སྒྲས་དམིགས་པ་དང་བཅས་པའི་རྟོག་པ་སྟོན་ལ། དེ་ཡང་ཐོག་མ་དང་དབུས་ཏེ་བར་དང་མཐར་ཏེ་ཐ་མ་རྣམས་ཀྱི་ཆ་ཤས་སུ་ཕྱེ་ནས་ཡང་དག་པར་རྟོགས་པའོ། །དེ་རྣམས་ནི་བྷ་བ་བྷ་དྲའི་ལུགས་སོ། །དེ་དག་གི་དོན་བསྡུ་ན་གཉིས་སུ་སྣང་བ་དང་དེར་ཞེན་པའི་རྟོག་པ་མ་ནུབ་བར་དུ། དོན་གྱི་ལྷན་སྐྱེས་ཉམས་སུ་མྱོང་བ་མེད་པར་སྟོན་པས། རྙེད་དཀའ་བའི་ལྷན་སྐྱེས་ནི་ལྷན་སྐྱེས་ཙམ་མིན་ནོ། །གསུམ་པ་ནི། བསྲུབ་བྱ་སྟེ་གཙུབ་སྟན་དང༌། སྲབ་བྱེད་དེ་གཙུབ་ཤིང་དང་ལག་པའི་རྩོལ་བ་རྣམས་སྦྱར་བ་ལས་དུ་བ་སྐྱེ་ཞིང་མེ་མཆེད་མོད་ཀྱི། བརྟགས་ན་དེ་གསུམ་པོ་གང་ལ་ཡང་མི་གནས་ཏེ་མེ་འབྱུང་བ་མེད་དོ། ། དེ་ཇི་ལྟ་བ་བཞིན་དུ་བསྲུབ་བྱ་ཕྱག་རྒྱའི་ཆོས་འབྱུང་དང༌། སྲུབ་བྱེད་ཐབས་ཀྱི་རྡོ་རྗེ་གཉིས་ཡང་དག་པར་སྦྱོར་བ་ལས་བདུད་རྩི་ལྟ་བུའི་ལྷན་སྐྱེས་ཀྱི་ཡེ་ཤེས་སངས་རྒྱས་སྟེར་བ་པོ་འབྱུང་སྟེ། བརྟགས་ན་རྒྱུ་རྐྱེན་གང་ལས་ཀྱང་མི་འབྱུང་བ་ཤེས་པར་བྱའོ། །ནག་པོ་སྤྱོད་པས་ཀྱང༌། དཔེར་ན་གཙུབ་ཤིང་གཙུབ་སྟན་ལག་པ་ཡི། །རྩོལ་བ་ལ་བརྟེན་མེ་ཡི་རྩེ་དམིགས་པ། །བརྟགས་ནས་གཙུབ་ཤིང་ལ་སོགས་ལ་ཡོད་མིན། །དེ་བཞིན་འགྲོ་བ་གཡོ་བ་ལ་སོགས་པའོ། །འགྲོ་བ་མཐའ་དག་སོ་སོར་སྣང་བ་ཙམ། །བདེ་སོགས་ངོ་བོ་མ་བརྟགས་ཉམས་དགའ་བ། །འདི་སྐད་བདག་གི་ཞེས་བྱ་ལ་སོགས་དག །བསམ་མི་ཁྱབ་སྟེ་ཇི་ལྟ་དེ་ལྟའོ། །


JLD008_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས། །ཆོས་སྐུ་ཇི་ལྟ་དེ་བཞིན་ནོ། །ཞེས་སྣོད་བཅུད་ཀུན་བརྟགས་ན་མི་རྙེད་པ་དང༌། ཁྱད་པར་དུ་གླེང་གཞིའི་ཚིག་གིས་བཤད་པའི་བདེ་ཆེན་ལ་སོགས་པ་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཡོད་པ། གཙུབ་པའི་མེ་ཇི་ལྟ་བ་དེ་ལྟར་དུ་ཤེས་པར་བྱ་བར་གསུངས་ཏེ། །ཕྱག་རྒྱ་དང་སྦྱར་བ་ལས་དང་ལུས་ལ་གནད་དུ་བསྣུན་པའི་ཐབས་ལས་བདེ་བ་བསྐྱེད་པ་ན། རང་བཞིན་གྱིས་གྲུབ་པས་སྟོང་པར་རྟོགས་པའི་ལྟ་བ་དང་སྦྱོར་བ་དང༌། རྗེས་ལ་སྒྱུ་མ་ལྟར་མ་བརྟགས་ཉམས་དགའ་བ་ཙམ་ཡིན་པར་ཤེས་པར་བྱ་བར་བསྟན་ཏེ། །འདི་ལ་འཆད་ཚུལ་དུ་མ་ཞིག་འདུག་ཀྱང་ནག་པོ་སྤྱོད་པ་དང༌། ལྭ་བ་པའི་ལུགས་ལྟར་བཤད་པའོ། །གཉིས་པ་ནི། སྔགས་ཀྱི་བཟླས་པ་ལ་སྙིང་པོ་སོགས་ཟློ་བ་དང༌། རྡོ་རྗེ་བཟླས་པ་སོགས་དང༌། དེ་བཞིན་དུ་བསྐྱེད་རིམ་དང་རྫོགས་རིམ་གྱི་བསམ་གཏན་གཉིས་དང༌། སོགས་ཀྱིས་བསྡུས་པར་དཀྱིལ་འཁོར་བྲི་བ་དང༌། སྦྱིན་སྲེག་དང་དམ་ཚིག་དང་སྡོམ་པ་ལ་སོགས་པ་དང༌། བཟླས་པ་དང་བསམ་གཏན་དང་ལྡན་པ་དེ་ལྟར་སྦྱོར་ཉིད་དེ་ལས་ལ་སྦྱོར་བ་ཞི་རྒྱས་སོགས་སྒྲུབ་པ་དང༌། སྦྱོར་བ་དེ་གཅིག་བུར་མ་ཟད་ཀྱི་ཆོ་གའི་ཡེ་ཤེས་ཏེ་སྒྲུབ་ཐབས་ཀྱི་དང་ལས་སྦྱོར་གྱི་ཆོ་ག་ཤེས་པའོ། །རྣལ་འབྱོར་མ་བླ་ན་མེད་པ་ཡི་བདེ་མཆོག་གི་རྩ་བའི་རྒྱུད་རྒྱས་པ་ལས་གསུངས་པ་མདོར་བསྡུས་པའི་རྒྱུད་ནི་བཤད་ཀྱིས་མཉན་པར་གྱིས་ཤིག །ཅེས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལ་གསུངས་པའོ། །ཞེས་ལྭ་བའི་ན་བཟའ་ཅན་ལ་སོགས་པ་མང་པོས་བཤད། རྡོ་རྗེ་ཕག་


JLD008_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞུ་བ་པོ་ཡིན་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་བཤད་དེ། ཆོས་གསུང་ཐེབས་རེ་རེ་ལ་ཡང་འཁོར་རྣམས་ཀྱིས་སྟོན་པའི་སྐུའི་བཀོད་པ་མི་འདྲ་བ་དུ་མ་དང༌། ཆོས་མི་འདྲ་བ་དུ་མ་གསུངས་པར་མཐོང་བར་གསུངས་པས། ཕྱོགས་གཅིག་ལ་ཞེན་མི་དགོས་སམ་སྙམ་མོ། །རྣལ་འབྱོར་མ་བླ་ཞེས་པའི་རྐང་པ་གཅིག་དང༌། རྒྱུད་ནི་བཤད་ཀྱིས་ཞེས་པ་ལོ་ཆེན་གྱི་འགྱུར་མ་བཅོས་པ་དང༌། མལ་གྱི་འགྱུར་དང༌། ལོ་ཙཱ་བ་ཤེས་རབ་གྲགས་དང་མར་དོ་གཉིས་ཀ་འདུས་ནས་བསྒྱུར་བ་ལ་མེད་ཅིང་འགྲེལ་བ་རྣམས་ལ་མི་སྣང་ཡང༌། དོན་ལ་ནི་སྐྱོན་མི་སྣང་ངོ༌། །གསུམ་པ་ལམ་གྱི་གསང་བའི་བགྲོད་པ་རྫོགས་པའི་ཐབས་ལ་གསུམ། རིགས་ལྡན་མ་མཆོད་པ་དང༌། དམ་ཚིག་རྣམས་བསྲུང་བ་དང༌། ཕྱག་རྒྱ་བཞི་བསྒོམ་པའོ། །དང་པོ་ལ་གསུམ། རིགས་ལྡན་མ་སྤྱིར་མཆོད་པ་དང༌། རིགས་ལྡན་མ་གསུམ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པ་མཆོད་པ་དང་བཅས་པ་དང༌། རིགས་ལྡན་མ་མཆོད་པའི་ཕན་ཡོན་ནོ། །དང་པོ་ནི། མཆོད་པར་བྱ་ཞེས་སྦྱར་རོ། །གང་གིས་ན་བདག་པོའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་སོ། །དུས་ནམ་གྱི་ཚེ་ཞེ་ན། དུས་ཀྱི་ཁྱད་པར་གྱིས་ཞེས་པ་སྟེ་ཟླ་བ་རེ་རེའི་ཡར་ངོ་དང་མར་ངོའི་བཅུ་ལའམ། ལོ་རེ་རེའི་དགུན་ཟླ་འབྲིང་པོའི་མར་ངོའི་བཅུ་ལའོ། །ཅི་ལན་ཅིག་གམ་ཞེ་ན། མ་ཡིན་ཏེ་རྟག་ཏུ་ཞེས་རྒྱུན་མ་ཆད་དུའོ། །མཆོད་རྫས་གང་གིས་ཤེ་ན། དབུགས་ཀྱིས་དྲངས་ཏེ་འབྱུང་བར་དབུགས་འབྱིན་ཏེ་མཆིལ་མའམ། དབུགས་འབྱིན་


JLD008_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོབས་སྐྱེད་པས་ཤ་ཆེན་ནོ། །དང་པོ་བྱིས་པ་དང་ཐམ་མ་རྒན་པོ་ལ་མི་འབྱུང་བར། བར་དུ་འབྱུང་བས་བར་མ་སྟེ་ཁྲག་གོ། །ཁམས་རྣམས་ཀྱི་ནང་ན་མཆོག་སྟེ་བྱང་ཆུབ་ཀྱི་སེམས་སོ། །དྲི་ནི་དྲི་ཆེན་ནོ། །ཆུ་ནི་རྡོ་རྗེའི་ཆུའོ། །བཅས་པ་ནི་ལྔ་ཆར་ལྷན་ཅིག་པའམ། གཉིས་པ་ལ་སོགས་པ་དང་བཅས་པས་སོ། །ཀྱང་གི་སྒྲས་ནི་ཉེར་བར་སྤྱོད་པ་ལྔ་དང་ཡང་བཅས་པ་ཞེས་སྟོན་ནོ། །གང་ལ་ན། རྒྱལ་རིགས་སོགས་འཇིག་རྟེན་ལ་གྲགས་པའི་རིགས་ལྡན་དང༌། དབང་བསྐུར་བའི་དུས་སུ་མཚོན་པའི་མི་བསྐྱོད་པ་སོགས་ཀྱི་རིགས་ལྡན་ཏེ་བསྟན་བཅོས་ལ་གྲགས་པའི་རིགས་ལྡན་མའོ། །དེ་ནི་ལོ་ཙཱ་བ་གཉིས་ཀྱི་བཤད་སྲོལ་ལ་འབྱུང་བའོ། །དབུགས་འབྱུང་བ་ནི་རང་གི་ལྷག་པའི་ལྷ་སྒོམ་པ་སོགས་ཀྱིས་ལེགས་པར་སྦྱངས་བའི་བཙུན་མོའོ། །བར་མ་ནི་གཞོན་ནུ་དང་རྒན་མོ་དག་གི་བར་མ་རྡུལ་དང་ལྡན་པའོ། །མཆོག་གམ་དམ་པ་ནི་བར་མ་ཡོན་ཏན་ཅན་ནོ། །དེ་ལ་དབྱེ་ན་ཡེ་ཤེས་ལྔ་རྣམ་པར་དག་པའི་ཕྱག་རྒྱ་མ་ལྔ་སྟེ། དང་པོ་ནི་ལོ་བཅུ་གཅིག་མ་སྟེ་དེའི་པདྨར་རོལ་བས་བཅུད་ལེན་བསྒྲུབ་པར་བྱའོ། །གཉིས་པར་ནི་བཅུ་གཉིས་མ་དང་རོལ་བས་དམ་ཚིག་དོན་དུ་གཉེར་བར་བྱ་སྟེ་འདིར་དམ་ཚིག་ནི་བདེ་ཆེན་ནོ། །གསུམ་པར་ནི་བཅུ་དྲུག་མ་དང་རོལ་བས་སྔགས་ལ་གོམས་པར་གསུངས་པའི་དོན་ནི་དངོས་གྲུབ་ཀྱི་དོན་དུ་ཡིན་ནོ། །བཞི་པར་ལོ་ཉི་ཤུ་མ་དང་རོལ་བས་ནི་མཁའ་སྤྱོད་བསྒྲུབ་བོ། །ལྔ་པར་ཉེར་ལྔ་མ་དང་རོལ་བས་དབང་བསྐུར་བའི་དོན་དུ་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་དོན་བཤད་པར་སྣང་ངོ༌། །དེ་འདྲ་བའི་


JLD008_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྡན་མ་ལ་དྲིའི་རྫས་བཟང་པོས་བྱུགས་པ་དང༌། དེས་མཚོན་ནས་མེ་ཏོག་སྣ་ཚོགས་ལ་སོགས་པ་དང༌། གོས་དང་རྒྱན་ལ་སོགས་པ་རྣམས་ཀྱིས་བརྒྱན་པར་བྱའོ། །དེ་ཡང་ཆུ་དང་བཅས་ཞེས་པའི་ཆུ་ནི་རླུང་མཁྲིས་བད་ཀན་གྱི་ནད་སེལ་བའི་ཆང་གི་བཏུང་བ་སྣ་ཚོགས་པ་སྦྱིན་པ་དང༌། བདག་ཉིད་ཀྱིས་ལོངས་སྤྱད་པས་རིགས་ལྡན་མ་རྣམས་མཆོད་པར་བྱའོ། །རྟག་ཏུ་ནི་བར་མ་ཆད་པར་དེ་ཁོ་ན་ཉིད་སྒོམ་པའི་མཆོད་པ་བྱ་བའི་དོན་ནོ། །གང་གིས་ན་རིམ་པ་གཉིས་སྒོམ་པའི་རྣལ་འབྱོར་པས་སོ། །དུས་ནམ་གྱི་ཚེ་མཆོད་སྙམ་ན། །དུས་ཀྱི་ཁྱད་པར་ཞེས་པ་རྡོ་རྗེ་མཁའ་འགྲོ་ལས་སྔ་དྲོའི་དུས་ལ་གསུངས་ཏེ། འགྲེལ་པ་གཉིས་ལས་དེ་མཚོན་བྱེད་དུ་བྱས་པའི་དུས་དྲུག་བཤད་དོ། །འགྲེལ་བ་གཞན་གྱིས་ནི་དབང་པོ་གཉིས་འདུས་པའི་དུས་ཁྱད་པར་བ་ལ་བཤད་དོ། །བཤད་པ་གཞན་སྔར་དང་འདྲ་བ་ལ། རིགས་ལྡན་མ་ལ་སྙོམས་པར་ཞུགས་པ་ལས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ་བར་བཤད་པའི་ངེས་དོན་སྟོན་པ་ནི། དབུགས་འབྱིན་ནི་སྣ་བུག་གཡས་གཡོན་གྱི་རླུང་གཉིས་སོ། །བར་མ་ནི་དེ་གཉིས་རོ་རྐྱང་གཉིས་ཀྱི་བར་མ་སྟེ་དབུས་མར་སྙོམས་པར་འཇུག་པའོ། །མཆོག་ནི་རླུང་དེ་གཉིས་ལྟེ་བའི་རྩ་བར་དབུ་མར་ཞུགས་པའི་དུས་སུ་ཕྱག་རྒྱ་མི་འགྱུར་བའི་མཆོག་གོ། ཞེས་བཤད་དེ་ཚིག་ཐ་མའི་དོན་ནི་ཕྱག་རྒྱ་ལ་བརྟེན་ནས་རླུང་གཉིས་དབུ་མར་ཞུགས་པའི་དུས་སུ་ནི། ཕྱག་རྒྱ་མ་ཉིད་མི་འགྱུར་བའི་བདེ་བ་འདྲེན་པའི་ཐབས་མཆོག་ཅེས་པའོ། །དྲིའི་ཆུ་ནི་སི་ཧ་ལ་ཀཾ་སྟེ་ཁྲག་གོ། བཅས་པ་ནི་ག་པུར་ཏེ་ཁུ་བས་རིགས་ལྡན་མ་རྣམས་ལ་


JLD008_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་བྱའོ། །དེ་རྣམས་ནི་ལྭ་བ་པ་དང་ལྷ་སྦས་ཀྱི་འགྲེལ་པ་ལ་བརྟེན་ནས་བཤད་དོ། །གཉིས་པ་ནི། བྷ་བ་བྷ་དྲས་སེམས་ཅན་སྡུག་བསྔལ་བ་ལ་གདུང་བས་ན་ཕོ་ཉའོ། །ཞེས་པ་ནི་སྐད་དོད་ཀྱི་སྟེང་ནས་ཡིན་ལ། །བླ་མ་རྣམས་རང་གི་འདོད་པ་མྱུར་དུ་སྒྲུབ་པའི་ཕོ་ཉ་དང་འདྲ་བས་ན་ཕྱག་རྒྱ་ལ་ཕོ་ཉ་ཞེས་གསུངས་ཏེ། ལྭ་བ་པ་དང་མཐུན་ནོ། །འདི་ལ་སྐལ་ལྡན་གྱིས། ཕོ་ཉ་གསུམ་ཡོད་པ་ལས། ལྷན་ཅིག་སྐྱེས་དངོས་གྲུབ་ཅེས་པ་ནི་མཚོན་པ་ཙམ་མོ། །དེ་ལ་མཆོག་ནི་ལྷན་ཅིག་སྐྱེས་མའོ། །འབྲིང་ནི་གནས་ལས་སྐྱེས་མ་སྟེ་ཞིང་སྐྱེས་དང་གཅིག་གོ། ཐ་མ་ནི་གསང་སྔགས་ལས་སྐྱེས་མའོ། །ཡང་ན་མཁའ་ལ་དང༌། ས་ལ་དང༌། ས་འོག་ན་རྒྱུ་བ་གསུམ་རིམ་པ་བཞིན་མཆོག་ལ་སོགས་པའོ། །འདི་དག་གྲུབ་པས་དགོས་པ་ཅི་ཡོད་ཅེ་ན། ཡིད་ནི་ནང་དུ་ཆུད་པ་ཡིས་མངོན་པར་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་འཆད་དོ། །བླ་མ་རྣམས་ལྷན་ཅིག་སྐྱེས་དངོས་ཀྱིས་ལྷན་སྐྱེས་མ་བསྟན་ལ། གྲུབ་ཅེས་པས་ཞིང་གི་བདག་ཉིད་ཆེན་པོ་ལས་རྣལ་འབྱོར་མར་གྲུབ་པ་དང༌། བསམ་གཏན་དང་བཟླས་པ་སོགས་ལས་རྣལ་འབྱོར་མར་གྲུབ་པ་བསྟན་ཏོ། །དང་པོ་ནི་མཆོག་སྟེ་དངོས་གྲུབ་གཉིས་ཀ་སྟེར་བས་སོ། །གཉིས་པ་ནི་འབྲིང་སྟེ་འཇིག་རྟེན་པའི་དངོས་གྲུབ་སྟེར་བས་སོ། །གསུམ་པ་ནི་ཐ་མ་སྟེ་དངོས་གྲུབ་གཉིས་སྟེར་མི་ནུས་ཀྱང་དེ་གཉིས་སྒྲུབ་པའི་གྲོགས་བྱེད་པས་སོ། །ཞེས་གསུང་ངོ་། །ཕོ་ཉ་མོ་གསུམ་གྱི་ངོས་འཛིན་ལ་མི་འདྲ་བ་མང་དུ་འདུག་ནའང༌། དང་པོ་ནི་དོན་གྱི་ལྷན་སྐྱེས་རྒྱུད་ལ་ཐོབ་པ་ཡན་ཆད་དེ། འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མའོ། །གཉིས་པ་ནི་


JLD008_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོ་གཉིས་ལ་སོགས་པར་སྐྱེས་པ་རྣལ་འབྱོར་མས་རྗེས་སུ་བཟུངས་བས་རྣལ་འབྱོར་མར་གྱུར་པའོ། །གསུམ་པ་ནི་དབང་ལ་སོགས་པས་རྒྱུད་ལེགས་པར་སྦྱངས་པ་རིམ་པ་དང་པོའི་རྣལ་འབྱོར་ལ་བྱུང་བ་སྟེ། དེ་གཉིས་ནི་འཇིག་རྟེན་པའི་རྣལ་འབྱོར་མའོ། །ཡིད་ནི་ནང་དུ་ཆུད་པ་ཡིས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་མ་མོའི་ཤེས་རབ་མ་དང་སྦྱོར་ཚུལ་ཇི་ལྟར་གསུངས་པ་བཞིན་དུ་མཉམ་པར་སྦྱོར་བ་ལྡན་པས་ཡིད་གཞན་དུ་མི་གཡེང་བར་ཚིམ་པར་བྱས་པ་ལ། མངོན་པར་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་ལྟར་ཕོ་ཉ་མོ་མཆོད་པས་ཚིམ་པར་བྱེད་པའི། ཐ་མ་དང་བར་མ་དང་མཆོག་གསུམ་རྡོ་རྗེ་མཁའ་འགྲོ་ལས་གསུངས་ཏེ། སྔར་གྱི་མཆོག་དང་ཞེས་སོགས་དང་མི་གཅིག་གོ། ཕོ་ཉ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་རང་གི་རྫས་ཀྱི་ཐིག་ལེ་ཁུ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པར་གསུངས་པ་ལ་སྒྲས་ཟིན་ལྟར་བཤད་ན། ཆོས་འབྱུང་དུ་སྤྲོས་ལ་ལྕེས་བླངས་ཏེ་བདུད་རྩི་དེས། ཕྱི་རོལ་དུ་དཀྱིལ་འཁོར་བ་དང་ཚོགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཚིམ་པར་བྱའོ། །ཞེས་བླ་མ་རྣམས་གསུང་བ་ལྟར་རོ། །སྒྲས་ཟིན་ལས་གཞན་དུ་བཤད་ན། སངས་རྒྱས་ཏེ་ཕུང་པོ་ལྔ་དང་བྱང་ཆུབ་སེམས་དཔའ་སྟེ་མིག་ལ་སོགས་པ་རྣམས་ཚིམ་པར་བྱ་བའི་དོན་ནོ། །དབུགས་འབྱིན་མཆོག་ཅེས་པ་ནས་འདི་ཡན་ཆད་ལ་ནང་གི་རིགས་ལྡན་མ་མཆོད་པ་བླ་མ་རྣམས་ཀྱི་མན་ངག་གིས་རྒྱས་པར་བཤད་


JLD008_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། འདིར་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །གསུམ་པ་ནི། རིག་ལྡན་མ་མཆོད་པའི་ཕན་ཡོན་ནི། ཕོ་ཉ་མོ་ལ་བརྟེན་ནས་སྤྱོད་པ་བྱེད་པའི་རྣལ་འབྱོར་པ་དེ། གང་ཟག་གཞན་གྱི་མིག་གིས་མཐོང་བ་དང༌། ལུས་ཀྱིས་རེག་པ་དང་རྣལ་འབྱོར་པ་དེའི་གཏམ་རྣ་བས་ཐོས་པའམ་ཡིད་ལ་དྲན་པ་ཡིས་ཀྱང༌། ལས་ཀྱི་སྒྲིབ་པའི་སྡིག་པ་ཀུན་ལས་གྲོལ་བ་སྟེ་འདག་པར་འགྱུར་བ་དེ་ལྟ་བུ་ཉིད་དུ་ཐེ་ཚོམ་མེད་ན། དེ་འདྲ་བའི་རྣལ་འབྱོར་པ་བདག་ཉིད་ཀྱིས་དག་བྱེད་ཀྱི་བསོད་ནམས་ཀྱི་ཚོགས་མཆོག་རྣམས་གསོག་པ་དང༌། སྡིག་པ་རྣམས་འཇིག་པ་སྟེ་འཇོམས་པར་བྱེད་པ་སྨོས་ཀྱང་ཅི་ཞིག་དགོས། དེ་ལྟར་ཕོ་ཉ་མོ་ལ་བརྟེན་པ་དེས་གསང་སྔགས་ཟློས་པའི་བཟླས་བརྗོད་དྲང་ངེས་གཉིས་དང༌། དྲང་ངེས་ཀྱི་བསམ་གཏན་གཉིས་ཀྱིས་དངོས་གྲུབ་གཉིས་མྱུར་དུ་འགྲུབ་པར་འགྱུར་རོ། །ཀྱང་གི་སྒྲས་བསམ་གཏན་རྐྱང་པས་ཀྱང་འགྲུབ་པར་སྟོན་ཏེ། ནང་ལ་གཞོལ་བའི་དབང་དུ་བྱས་པའོ། །ལོ་ཆེན་དང་མར་དོ་རྐྱང་པས་བསྒྱུར་བ་དང༌། རྒྱ་འགྲེལ་མང་པོ་ལས། བདེ་བ་ཡིས་ཀྱང་འགྲུབ་པར་འགྱུར། །ཞེས་པ་མ་བྱུང་ཡང༌། མར་དོ་དང་ཤེས་རབ་གྲགས་གཉིས་ཀས་བསྒྱུར་བ་དང་མལ་གྱི་འགྱུར་ལ་འབྱུང་བ་དག་སྟེ། བདེ་བ་མཆོག་སྟོད་འགྲེལ་ལས་ཀྱང་སྔགས་བཟླས་ཀྱི་འཛིན་པ་བསྟན་པའི་ཤུགས་ཀྱིས་དེའི་སྔོན་མ་སྲོག་རྩོལ་བསྟན། བསམ་གཏན་དངོས་སུ་བསྟན་པས་དེའི་སྔོན་མ་སོར་སྡུད་བསྟན། བདེ་བས་ཏིང་ངེ་འཛིན་དངོས་སུ་བསྟན་པས་དེའི་སྔོན་མ་རྗེས་དྲན་བསྟན་པར་


JLD008_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེ་ལ་དོན་མི་འདྲ་བ་དུ་མ་ཚད་ལྡན་རྣམས་ཀྱིས་བཤད་པ་ལ་འགལ་བ་མེད་ལ། མལ་གྱི་བཤད་སྲོལ་འཛིན་པ་དག་བདེ་བ་ཡིས་ཀྱང་ཞེས་པ་སྤྱོད་པ་ལ་འཆད་དོ། །གཉིས་པ་ལ་གཉིས། བསྲུང་བའི་དམ་ཚིག་བསྐྱང་བ་དང༌། བཟའ་བའི་དམ་ཚིག་བསྐྱང་བའོ། །དང་པོ་ནི། ལམ་འདིའི་སྒྲུབ་པ་པོས་ཤིན་ཏུ་མཉམ་པར་གཞག་པ་སྟེ་སྒོ་གསུམ་མ་ཡེངས་པར་བྱས་ནས། བསྲུང་བའི་དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་རྒྱུད་གཞན་ནས་གསུངས་པ་དང༌། རྒྱུད་འདིར་གསུངས་པའི་བསྲུང་བའི་དམ་ཚིག་རྣམས་རྟག་ཏུ་སྟེ་རྒྱུན་དུ་མ་ཉམས་པར་བསྐྱང་བར་བྱའོ། །དམ་ཚིག་མ་བསྲུངས་པའི་ཉེས་དམིགས་ནི། རྩ་བའི་དམ་ཚིག་ལ་སོགས་པ་ཉམས་པས་ནི་སྔར་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པར་མ་འགྱུར་བ་སྟེ་ནུས་པ་ཉམས་པར་འགྱུར་ལ། སྔགས་བཟླས་པ་སོགས་ཀྱིས་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་བ་དང༌། དེར་མ་ཟད་ཕྱི་མར་ངན་འགྲོར་འགྲོ་བ་སོགས་ཀྱི་ཉེས་དམིགས་ཤིན་ཏུ་ཆེའོ། །དེའི་ཕྱིར་དང་པོ་ནས་ཉེས་པས་མ་གོས་པ་ལ་འབད་ཅིང༌། གལ་ཏེ་རྩ་ལྟུང་བྱུང་ན་དཀྱིལ་འཁོར་བཞེངས་ནས་བླ་མ་ལས་སམ། བདག་འཇུག་གིས་སྡོམ་པ་སླར་གསོ་བར་བྱ་ལ། ལྷག་མའི་ལྟུང་བ་བྱུང་ན་བཤགས་པ་སོགས་ཀྱི་ཕྱིར་འཆོས་པའི་ཆོ་གས་དག་པར་བྱའོ། །ཕྱིས་བཅོས་སུ་རུང་ངོ་སྙམ་པས་ཀྱང་མི་བྱ་སྟེ། དེ་ནི་བཅོས་ཀྱང་སླར་ཉེས་པ་ལས་ལྡང་བར་མི་འགྱུར་ཞིང༌། ཕྱིས་བཅོས་པར་མི་འོས་པ་ཉིད་དུ་ཡང་བཤད་དོ། །ཞེས་མར་དོ་གསུང་པ་ནི་ལེགས་པ་ཡིན་ནོ། །གཉིས་པ་ནི། སྦྲང་རྩི་


JLD008_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྦྲང་རྩི་ཆེན་པོའོ་ཞེས་པ་ནི་ལྷ་སྦས་ཀྱིས་མར་ཆེན་པོའོ།། ཞེས་བཤད་པ་དང་དོན་གཅིག་སྟེ་ཚིལ་ཆེན་ནམ་དེའི་ཞག་གོ། །མཚལ་ཏེ་ཁྲག་ནི་དུས་སུ་འབབ་པའི་ཟླ་མཚན་ནོ། །ག་པུར་བཅས་ནི་ག་པུར་དང་ལྷན་ཅིག་ཡོད་པའི་མེ་ཏོག་ལ་བཤད་དེ། འདི་ཁུ་བ་དང་ལྷན་ཅིག་པའི་མེ་ཏོག་ཡིན་ལ། སྔ་མ་ནི་རཀྟ་རྐྱང་པའོ། ། ཙན་དན་དམར་པོ་ནི་ཤ་ཆེན་ནོ། །སྦྱར་བ་ནི་བཤང་བ་ལ་སོགས་པ་དང་བཅས་པས་མཉམ་མེད་དེ་རོ་མཆོག་དྲུག་པོའི་བཅུད་ལེན་ནོ། །ཞེས་གསུངས་ཏེ། བདུད་རྩི་ལྔ་དང་མར་ཁུ་ཆེན་པོ་དང་དྲུག་གོ། ཐམས་ཅད་རྡོ་རྗེའི་རྡོ་རྗེ་ཀུན་ནི་ལྷ་ཀུན་གྱི་བདག་ཉིད་ཧེ་རུ་ཀའོ། །དེའི་མཚན་མ་ནི་ཐོད་པའོ། །མཚན་མ་འཛིན་ནི་ཐོད་པ་དེ་ལས་རང་གི་མཐེབ་སྲིན་གྱི་རྩེ་སྦྱར་བས་བླངས་ཏེ་མྱང་བའོ། །དེ་ཡང་རྒྱ་མཚོ་བསྲུབས་པའི་བདུད་རྩི་བཞིན་ཏུ་སྦོམ་པོ་སྟེ་མཐེ་བོང་ནི་རི་རབ་དང༌། མཐའ་ནི་མཐེའུ་ཆུང་ཡིན་ལ་དེའི་ལྟག་མ་སྲིན་ལགས་ལ་གནས་པའི་རྒྱ་མཚོར་བྱས་ཏེ་དཀྲུགས་ལ། ཨོཾ་ཧ་ཧོ་ཧྲིཿཞེས་པའི་ཧས་ཁ་དོག་དང༌། ཧོས་དྲིའི་སྐྱོན་བཅོམ། ཧྲིཿ ས་མང་པོར་སྤེལ་ཏེ། ལྷའི་རྣལ་འབྱོར་སྒོམ་པ་དང་སྔགས་ཟློ་བའི་རྣལ་འབྱོར་པ་བདུད་རྩིའི་བསྟེན་ཚུལ་རིག་པས་རྟག་ཏུ་སྤྱད་པ་སྟེ་བཟའ་བར་བྱའོ། །ལོངས་སྤྱོད་ཚུལ་ནི་འདི་སྐད་དུ། །མཁས་པས་གྲུབ་པའི་བདུད་རྩི་མྱང༌། །དང་པོར་བླ་མར་དབུལ་བྱས་ཏེ། །དེ་ཡི་རྗེས་སུ་ཧེ་རུ་ཀ །རྡོ་རྗེ་ཅན་གྱི་ཕྱིར་དབུལ་ལོ། །ཕྱག་རྒྱ་ལ་ནི་ཕུལ་ནས་ནི། །བདག་ཉིད་ཀྱིས་ནི་ཡང་དག་མྱང༌། །སྦྱོར་བ་ཀུན་གྱི་སྙིང་པོ་ཡི། །བདུད་རྩི་རྣམ་པ་ལྔར་འགྱུར་རོ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


JLD008_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་བཞིན་ནོ། །ཚོགས་ཀྱི་ནང་དག་དུ་ཞེས་པ་ནི་འཁོར་ལོ་གསུམ་གྱི་དབུས་སུའམ་ཡང་ན་བདེ་མཆོག་གི་རྣལ་འབྱོར་འཛིན་པར་གཅིག་པའི་རྣལ་འབྱོར་ཕོ་མོའི་དབུས་སུའོ། །བཞག་པ་ནི་ཉམས་སུ་ལེན་པའོ་ཞེས་འགྲེལ་པ་གཞན་ལས་བཤད་དོ། །ཡང་སྒྲས་ཟིན་གྱི་བཤད་པ་ལས་གཞན་དུ་བཤད་ན་ག་པུར་བཅས་ནི་བྱང་ཆུབ་ཀྱི་སེམས་དང་བཅས་པའོ། །ཞེས་བཤད་དེ་དེའི་བྱང་ཆུབ་ཀྱི་སེམས་ནི་བདེ་ཆེན་དང༌། བཅས་པ་ནི་སྟོང་པ་ཉིད་དང་སྦྱར་བ་སྟེ། ཁམས་དཀར་དམར་གྱི་ངེས་དོན་ནོ། །ཚོགས་ཀྱི་ནང་དུ་བཞག་པ་ནི་མིག་སོགས་ཀྱི་དབང་པོ་དྲུག་གི་ཚོགས་དང༌། ཁྱད་པར་དུ་ཕོ་མོའི་དབང་པོ་གཉིས་ཀྱི་ཚོགས་ཏེ་དེ་རྣམས་འདུས་པའོ། །དེ་ལྟར་ན་ཚོགས་ནི་འདུས་པའི་དོན་ཏེ། སྤྱིར་ཐབས་ཤེས་ཀྱི་དབང་པོ་དྲུག་འདུས་པ་དང༌། ཁྱད་པར་དུ་ཕོ་མོའི་དབང་པོ་གཉིས་འདུས་པའོ། །དེ་གཉིས་གང་ཞེ་ན། སྦོམ་པོ་སྟེ་ཐབས་ཀྱི་རྡོ་རྗེ་དང༌། མཐའ་ལྟག་སྟེ་ཕྱག་རྒྱའི་པདྨའོ། ། དེ་ཡང་པདྨ་མན་ཆད་ཀྱི་ལུས་ནི་མཐའ་དང༌། པདྨ་ནི་དེའི་ལྟག་སྟེ་གོང་མའོ། །དེ་གཉིས་ཀྱི་རྩེ་གཉིས་སྦྱར་བའི་ངེས་དོན་ནི། ཡབ་ཀྱི་གསང་གནས་ཀྱི་རྩེའི་དྷཱུ་ཏཱིའི་མར་སྣ་དང༌། ཡུམ་གྱི་གསང་གནས་ཀྱི་རྩེའི་བྱ་རོག་གདོང་ཞེས་གྲགས་པའི་རྩ་གཉིས་ཁ་སྦྱོར་བ་ཡིན་ཏེ། རྡོ་རྗེའི་གུར་ལས། རྡོ་རྗེ་སོར་མོའི་རབ་སྦྱོར་གྱིས། །རྡོ་རྗེའི་ས་གཞི་རབ་བསྐུལ་ཏེ། །ཞེས་དང༌། ཕྱི་ནས་དེ་ཡི་བདེ་ལྡན་དུ། །རྡོ་རྗེ་སེམས་དཔའ་རབ་བཅུག་སྟེ། །རྡོ་རྗེ་བཅིང་བའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་རབ་ཏུ་བརྩམ། །ཞེས་སོར་མོས་རྡོ་རྗེའི་ས་གཞི་སྟེ་རྟེན་


JLD008_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རྩ་བསྐུལ་བ་དང༌། རྩ་སད་པའི་ཕྱི་ནས་རྡོ་རྗེ་བཅིང་བ་སྟེ་རྩ་གཉིས་མི་ཕྱེད་པར་འཆིང་བའི་སྦྱོར་བ་ཡིས་སྙོམས་འཇུག་བྱེད་པར་གསུངས་པ་ལྟར་བྱེད་པའོ། །དེ་ལྟར་བྱས་པས་སྔར་བཤད་པ་ལྟར་ཕྱག་རྒྱ་ལ་བརྟེན་ནས་རླུང་གཉིས་དབུ་མར་ཚུད་པར་འགྱུར་རོ། །འདི་ནི་རིགས་ལྡན་མ་མཆོད་པའི་གནད་དམ་པར་སྣང་ངོ༌། །རྡོ་རྗེ་མཁའ་འགྲོ་ལས། ཚོགས་ཀྱི་ནང་དུ་ཞུགས་པ་ནི། །དབང་པོ་ཐམས་ཅད་ལས་བྱུང་སྟེ། དེ་དག་ཐམས་ཅད་ཀྱི་བཅུད་ཀྱི་ར་ས་ཡ་ནའོ། །ཞེས་གསུངས་པའི་དོན་ནི་ཐབས་ཤེས་ཀྱི་དབང་པོ་རྣམས་འདུས་པ་ལས་བྱུང་བའི་བྱང་སེམས་ནི་དེ་ཐམས་ཅད་ཀྱི་བཅུད་བླངས་པའི་བཅུད་ལེན་དུ་སྟོན་པའོ། །དེ་འདྲ་བ་དེ་རྣལ་འབྱོར་པ་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་རིག་པས་རྟག་ཏུ་དེ་ལ་སྤྱད་པར་བྱའོ། །དེ་ལྟར་སྤྱད་པའི་ཕན་ཡོན་ནི། སྔར་བཤད་པ་དེ་ཞི་བའི་བཏུང་བ་ལྷའི་བདུད་རྩི་བཞིན་དུ་མྱངས་པ་སྟེ་བསྟེན་ནོ། དངོས་གྲུབ་རྟག་པ་སྟེ་སླར་མི་ལྡོག་པ་ཐོབ་པར་འགྱུར་རོ། །དེ་ལྟར་ན་མི་འཆི་བ་སྟེ་བདུད་རྩི་བཅུའི་ཕྱེད་དེ་ལྔ་པོའི་བཅུད་ལེན་གྱིས། བདེ་བའི་རྟེན་ཀུན་ད་ལྟ་བུ་རྒྱས་པར་བྱས་ནས་མཚན་ཉིད་ཚང་བའི་ཕྱག་རྒྱ་མ་བསྟེན་པ་འདི་ནི། དངོས་གྲུབ་གཉིས་པོ་ཐམས་ཅད་འཇུག་པ་སྟེ་ཐོབ་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། མཆོད་བཞི་ཞེས་སོགས་ལ་གཞུང་ཡང་མི་འདྲ་བ་དང༌། འཆད་ཚུལ་མི་འདྲ་བ་མང་ཡང༌། སྔར་ལེའུའི་བསྡུས་དོན་གྱི་སྐབས་སུ་བཤད་པ་ལྟར། ནཱ་རོ་པའི་ལུགས་ཀྱི་ཕྱག་རྒྱ་བཞི་སྒོམ་པ་ལ་འཆད་དོ། །དེ་ཡང་གསང་བ་མཆོག་ཅེས་པ་ཨེ་ལྦ་མ་ཡ་ལ་བཤད་པའི་ཡི་གེ་བཞིས་རིམ་པ་བཞིན་དུ། ལས་རྒྱ་དང༌། ཆོས་རྒྱ་དང༌། ཕྱག་ཆེན་དང༌། དམ་རྒྱ་སྟོན་པར་


JLD008_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་ལས་གསུངས་པའི་ཕྱག་རྒྱ་བཞི་ནི་འདིར་མཆོད་པ་བཞིའོ། །མཆོད་པའི་སྐད་དོད་པཱུ་ཛ་ལ་ངེས་ཚིག་གིས་བཤད་པས་ཡིད་གང་བར་བྱེད་པ་ཞེས་པར་འགྱུར་ལ། ཕྱག་རྒྱ་བཞི་ཐུན་བཞིར་བསྒོམས་པས་ཀྱང་ཡིད་བདེ་བས་གང་བར་བྱེད་དོ། །དཔའ་བོ་ཆེན་པོ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་རང་གི་ཡིད་ལ་གང་འདོད་པའི་ཕྱག་རྒྱ་སྒོམ་པར་བྱེད་དོ། །དེའི་ཚེ་དབང་པོ་གཉིས་སྙོམས་པར་འཇུག་པ་ལ་བཞི་ལས། ལས་རྒྱའི་སྐབས་སུ་ནི་དབང་པོ་གཉིས་དངོས་སུ་སྙོམས་པར་འཇུག་གོ། །དམ་རྒྱའི་སྐབས་སུ་ནི་ཡིད་ཀྱིས་བསྒོམས་པའི་དབང་པོ་གཉིས་སྙོམས་པར་འཇུག་གོ། །ཆོས་རྒྱའི་སྐབས་སུ་ནི་དཔྱིད་དང་ཐིག་ལེ་གཉིས་སྙོམས་པར་འཇུག་པ་ལ་དབང་པོ་གཉིས་སྙོམས་པར་འཇུག་པའི་ཐ་སྙད་བཏགས་པ་ཙམ་མོ། །ཕྱག་ཆེན་གྱིས་སྐབས་སུ་ནི་བདེ་བ་ཆེན་པོ་དང་སྟོང་པ་ཉིད་གཉིས་སྙོམས་པར་འཇུག་པ་ལ། དབང་པོ་གཉིས་སྙོམས་པར་འཇུག་པ་ཞེས་བྱའོ། །དེ་ལྟར་སྙོམས་པར་འཇུག་པའང་སྟེ་ལས་ཀྱང་ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་འཛིན་ནོ། །འདི་ཕྱག་ཆེན་གཅིག་པུ་ལ་སྦྱོར་མོད་ཀྱང་བཞི་ཀ་ལ་སྦྱར་ཏེ་བཞི་ཀ་བསྒོམས་པས་ལྷན་སྐྱེས་ཀྱི་བདེ་བ་འདྲེན་ལ། དེ་དྲངས་པ་ན་བཞི་ཀའི་སྐབས་སུ་ཡང་སྟོང་ཉིད་དང་སྦྱར་དགོས་སོ། །འདིའི་འོག་ཏུ་གསལ་བར་སྟོན་ནོ། །རྡོ་རྗེ་ནི་བཅོམ་ལྡན་འདས་ཧེ་རུ་ཀ་ཡིན་ལ་དེ་འཛིན་པ་ནི་འདིའི་རྣལ་འབྱོར་པའོ། །དེ་ཡིས་ཕྱག་རྒྱ་བཞི་ལ་བརྟེན་ནས་སྔར་བཤད་པའི་བདེ་སྟོང་སྦྱོར་བ་དེ་ལྟ་བུར་ནི་བྱེད་པ་ཡི་བདེ་བ་ལ། ལྷ་དང་མི་རང་དགའ་བའི་བདེ་བ་ནི་ཕྱོགས་གཅིག་ཏུ་


JLD008_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པར་བྱས་པས་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཏེ། རྫོགས་རིམ་ལ་ནུས་པ་ཁྱད་པར་ཅན་རྙེད་པའི་སྐབས་ལ་དགོངས་སོ། །བཤད་པ་དེ་རྣམས་ཕལ་ཆེ་བ་ནི། མཁས་པ་མར་དོའི་བཤད་པ་ཡིན་ཏེ། ནཱ་རོ་པའི་བཤད་སྲོལ་ལ་ཤིན་ཏུ་ལེགས་པར་སྣང་ངོ༌། །རྒྱ་འགྲེལ་མང་པོས་ཀྱང་མཆོད་བཞི་ཕྱག་རྒྱ་བཞི་ལ་བཤད་ལ། རྡོ་རྗེ་མཁའ་འགྲོ་ལས་མཆོད་བཞི་བསྐྱེད་རིམ་ལ་སྦྱར་བ་ནི། ལྭ་བ་པས་རྡོ་རྗེ་བཞིས་སྐྱེད་ལ་སྦྱར་བ་ལྟར་རོ། །གཞུང་ལྷག་མ་ནི་རྫོགས་རིམ་ལ་སྦྱར་རོ། །བཞི་པ་གསང་བ་སྒྲུབ་པའི་གནས་ལ་སྒྲ་ཇི་བཞིན་པ་ནི། ཚང་ཚིང་ནི་ནགས་ཚལ་འཁྲིགས་པའོ། །སྨན་ལྗོངས་ཞེས་པ་ལོ་ཆེན་དང་མལ་གྱི་འགྱུར་ལ་མེད་ལ། དེའི་དོད་ལ་ཕུག་དང་རི་སུལ་ཞེས་འབྱུང་ངོ༌། །ངོགས་ནི་འགྲམ་མོ། །གདོད་ནས་གྲུབ་པ་ནི་སྔོན་ཆགས་པའི་དུར་ཁྲོད་དོ། །བརྡས་བཤད་ན། བུད་མེད་ཀྱི་ཕྱག་རྒྱ་ནི་བདེ་བ་ཆེན་པོའི་བདག་ཉིད་ཀྱིས་མུ་སྟེགས་བྱེད་ཀྱི་བདག་ཏུ་ལྟ་བས་མི་གཡོ་བས་ན་རི་བོའོ། །སེམས་ཅན་དམན་པས་གཏིང་དཔག་པར་མི་ནུས་པས་ན་ཚང་ཚིང་ངོ༌། །བདུད་རྩིས་བཀང་བའི་ཁུང་བུ་ཡིན་པས་ན་ཕུག་གོ། ཐབས་ཤེས་སྦྱོར་བས་ཟབ་པ་དང་རྒྱ་ཆེ་བའི་ཆུའི་འགྲམ་མོ། །གདོད་ནས་གྲུབ་པ་ནི་སྐྱེ་འགག་སྤངས་པའི་དེ་ཁོ་ན་ཉིད་ལ། བདེ་ཆེན་གྱིས་དམིགས་པས་དེའི་རང་བཞིན་དུ་བྱས་པའོ། །འདོད་ཆགས་ཆེན་པོའི་མེས་ཉན་རང་གི་བྱང་ཆུབ་བསྲེག་པས་ན་དུར་ཁྲོད་དོ། །སྒྲས་ཟིན་དང་བརྡས་བཤད་པའི་གནས་དེར་ནི་སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཏེ། མཎྜ་ནི་སྙིང་པོ་དང༌། ལཱ་ཏི་ནི་ལེན་པའོ། །སྙིང་པོ་ལེན་པའི་ཕྱི་ནང་གི་དཀྱིལ་འཁོར་ནི་ཐིག་


JLD008_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་བྲི་བ་དང༌། ཡིད་ཀྱིས་བྲིས་བ་སྟེ་བསྒོམ་པར་བྱའོ། །དེའི་དང་པོ་ལྟར་ན་ལེའུ་གཉིས་པ་དང་འབྲེལ་ལ། གཉིས་པ་ལྟར་ན་རིམ་པ་གཉིས་ཀྱི་དཀྱིལ་འཁོར་སྒོམ་པའི་སྐབས་རྣམས་སུ་འབྲེལ་ལོ། །གཉིས་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། སྔར་འབྱུང་བཞི་སོགས་ལུས་ལ་སྦྱར་བའི་ལུས་ཀྱི་དཀྱིལ་འཁོར་དང༌། གླེང་གཞིའི་བྷ་ག་ལ་བཞུགས་སོ་ཞེས་པས་བྷ་གའི་དཀྱིལ་འཁོར་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡང་བསྟན་པའི་དཀྱིལ་འཁོར་ལ་ལེའུ་འདིས་འཇུག་པར་བྱེད་པས་དཀྱིལ་འཁོར་ལ་འཇུག་པའོ། །དེའི་ལེའུ་ནི་པ་རི་ཚེད་ཞེས་པ་ཡོངས་སུ་བཅད་པ་སྟེ་བརྗོད་བྱའི་དོན་གྱི་ཡོངས་སུ་བཅད་པ་དང༌། བརྗོད་བྱེད་གཞུང་གི་ཡོངས་སུ་བཅད་པ་གཉིས་སོ། །དང་པོ་ནི་ང་གཅིག་ཡོད་པའི་གྲངས་ཀྱི་དང་པོའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་དང་པོའི་བཤད་པའོ།། ༈ །།གཉིས་པ་ལྷག་མ་ཞེ་དགུས་དོན་དེ་རྒྱས་པར་བཤད་པ་ལ་གཉིས། རིམ་གཉིས་སྒོམ་པ་སོགས་ཀྱི་སྣོད་རུང་དུ་བྱ་བ་དང༌། སྣོད་དུ་རུང་བ་ལ་གསང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བྲིས་ཏེ་བསྒྲུབས་པ་ལ་མཆོད་པ་དང༌། བསྒྲུབས་པའི་དཀྱིལ་འཁོར་དེར་དབང་བསྐུར་བའོ། །དང་པོ་ལ་གསུམ། སློབ་དཔོན་གྱི་མཚན་ཉིད། དེས་ཆོ་ག་ཇི་ལྟར་བྱ་བ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། བླ་མ་ལ་མ་བལྟོས་པར་རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར་རྩ་རྒྱུད་


JLD008_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཞུང་དཀྲུགས་ཏེ་གསུངས་པ། བཤད་རྒྱུད་ལས་འཁྲུགས་བསྡེབས་ཏེ་བཤད་པ་ལྟར་བཤད་དོ། །འདིར་སློབ་དཔོན་མཚན་ཉིད་ཇི་ལྟ་བུ་དང་ལྡན་པས་དཀྱིལ་འཁོར་གྱི་ཆོ་ག་བྱ་ཞེ་ན། དཀྱིལ་འཁོར་གྱི་སློབ་དཔོན་ནི་རྒྱུད་ལས་གསུངས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའོ། ཞེས་སྤྱིར་བསྟན་ནས། ཁྱད་པར་དུ་སྟོན་པ་ནི། ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་བདེ་བ་ཆེན་པོས་ཤེས་པ་དང༌། བདེ་བ་མཆོག་ལ་སོགས་པའི་རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམས་ཤེས་པ་དང༌། དཔལ་ལྡན་ཁྲག་འཐུང་ཧེ་རུ་ཀའི་གསང་སྔགས་རྣམས་ལེགས་པར་ཤེས་ནས་ཟློ་བའི་བསྙེན་པ་སྔོན་དུ་སོང་བ་སྟེ། སྡོམ་འབྱུང་ལས། འདི་ལྟར་ཁ་ཅིག་གསོལ་འདེབས་པའམ། །རང་ཉིད་བསོད་ནམས་འདོད་པ་ཡིས། །དང་པོར་རང་ལྷའི་བདག་ཉིད་ཀྱིས། །འཁོར་ལོ་ལ་གནས་སྔོན་བསྙེན་བྱ། །ཞེས་གསུངས་པ་ལྟར་རོ། །བཟླས་པའི་གྲངས་ནི། གཙོ་བོའམ་རང་གི་ལྷའི་སྔགས་འབུམ་ཕྲག་དང༌། གཞན་རྣམས་ཀྱི་ཁྲི་བཟླ་བར་མངོན་བརྗོད་ལས་བཤད་དོ། །ཁྲོ་བ་མེད་པ་ནི་འཕྲལ་དུ་གནོད་པ་བྱས་པ་ལ་སེམས་མི་འཁྲུག་པའོ། །གཙང་བ་ནི་རྩ་ལྟུང་སོགས་ཀྱིས་མ་གོས་ཤིང་སེམས་འཁྱོག་པའི་སྐྱོན་དང་བྲལ་བའོ། །མཁས་པ་ནི་སྡོམ་འབྱུང་ལས། རབ་གནས་གཏོར་མིའི་ཕ་རོལ་སོན། །སྦྱིན་སྲེག་དཀྱིལ་འཁོར་དེ་ཉིད་ཤེས། །རིག་པའི་གནས་ནི་ཐམས་ཅད་རིག །ཅེས་གསུངས་པ་ལྟར་རོ། །སྦྱོར་ཤེས་ནི་ཞི་སོགས་ཀྱི་ལས་སྦྱོར་ཤེས་པའོ། །ཡེ་ཤེས་ཕ་རོལ་འགྲོ་ནི་དེ་ལྟར་ཤེས་པའི་ཕ་རོལ་ཏུ་སོན་པའོ། །དེ་འདྲ་བའི་མཚན་ཉིད་དང་ལྡན་པ་དེས་དཀྱིལ་འཁོར་


JLD008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོ་ག་བྱའོ། །གཉིས་པ་ལ་བཞི། སའི་ཆོ་ག་དང༌། དཀྱིལ་འཁོར་བྲི་སྒྲུབ་ཀྱི་ཆོ་ག་དང༌། བུམ་པ་སྒྲུབ་ཅིང་དགོད་པ་དང༌། དཀྱིལ་འཁོར་མཆོད་པའི་ཆོ་གའོ། །དང་པོ་ལ་གཉིས། ས་སྦྱང་བ་དང༌། ས་གཟུང་བའོ། །དང་པོ་ནི། ས་བརྟག་པ་དང་བརྐོས་ནས་སྦྱོང་བ་ནི་རྡོ་རྗེ་མཁའ་འགྲོར་བཤད་ལ། ས་རྐོ་བ་སོགས་ཀྱི་སྦྱང་བ་མི་དགོས་པ་ལ་དེ་དང་སྡོམ་འབྱུང་ནས་གསུངས་པ་ལྟར་གྱི་སྦྱང་བ་བྱའོ། །དཀྱིལ་འཁོར་དྲི་བ་དེ་ལ་བའི་ལྕི་བ་ལྡིང་བ་སྟེ་ས་ལ་མ་ལྷུང་བ་ཡིས། དཀྱིལ་འཁོར་གང་དུ་བྱེད་པའི་ས་ནི་ཉེ་བར་བྱུག་གོ། དེས་ནི་བ་བྱུང་ལྷག་མ་ཡང་མཚོན་པས་བ་བྱུང་ལྔས་བྱུག དེ་ཙམ་གྱིས་ཆོག་གམ་སྙམ་ན། དུར་ཁྲོད་དུ་རོ་བསྲེགས་པའི་ཐལ་བ་དང་ཡང་ལྡན་པར་བྱ་ལ། དེར་ཡང་མ་ཟད་མི་འཆི་བཅུ་ཕྱེད་ཏེ་བདུད་རྩི་ལྔ་དང་ཡང་བཅས་པ་ཡིས། དཀྱིལ་འཁོར་ས་ནི་ཉེ་བར་བྱུགས་ཏེ། དེ་རྣམས་ཀྱིས་ནི་ས་སྦྱང་བ་སྟོན་ནོ། །བྱུགས་པའི་ས་དེར་ནི་དཀྱིལ་འཁོར་བྲི་བ་ཡང་དག་པར་བརྩམ་པར་བྱའོ། །རྩམ་པའི་གཞི་དེ་ཡང་དུར་ཁྲོད་དུ་ནི་ཀུན་ཏུ་སྦྱོད་པའམ། དུར་ཁྲོད་མིན་ན་ཡང་ས་དེ་དུར་ཁྲོད་ཀྱི་གནས་དེ་རུ་ནི་བསམས་པར་བྱས་ནས་དཀྱིལ་འཁོར་བརྩམ་མོ་ཞེས་སྦྱར་རོ། །ཚིག་གཉིས་པ་མལ་གྱི་འགྱུར་ལ་མ་བྱུང་ཞིང༌། ལོ་ཆེན་དང་མར་དོའི་འགྱུར་གཉིས་ཀ་ལས་འབྱུང་བས། རྒྱ་དཔེ་ལ་མི་འདྲ་བ་ཡོད་པར་གསལ་བས་རྒྱ་དཔེ་གཅིག་ལ་མ་བྱུང་བས་རྒྱ་དཔེ་ལ་མེད་ཅེས་མི་བྱའོ། །གཉིས་པ་ནི། བླ་མ་མལ་གྱི་ལུགས་ཀྱིས། ཐོད་པས་སྤྱི་བོར་


JLD008_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས་གོ་ཆར་འགྱུར་ཞེས་པའི་བར་འདི་རྣམས་ས་གཟུང་བར་བཞེད་པ་ནི། བཤད་རྒྱུད་གཉིས་དང་མཐུན་པས་ལེགས་པ་ཡིན་ཏེ། སྡོམ་འབྱུང་ལས། སློབ་དཔོན་ལྷའི་བདག་ཉིད་ཅན་ལ་གསོལ་བ་གདབ་ཅིང༌། དེས་རྡོར་དྲིལ་བཟུང་ནས་བགེགས་སྐྲོད་པས་གཟུང་བར་གསུངས་པ་དང༌། རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། ས་ཆོག་གི་སྐབས་སུ་རང་ཁྲོ་བོ་ཆེན་པོར་བསྒོམས་ནས་ཕུར་བདབ་བྱས་པའི་རྗེས་སུ་མདའི་དྲ་བ་དང༌། རྡོ་རྗེའི་ར་བ་དང་རྡོ་རྗེའི་ས་གཞི་བྱ་བར་གསུངས་པ་ཉིད་རྩ་རྒྱུད་ཀྱི་གཞུང་འདི་དག་གི་དོན་དུ་སྣང་བའི་ཕྱིར་རོ། །དེ་ལ་སྔོན་དུ་སློབ་དཔོན་ཆས་སུ་འཇུག་པ་ནི། སངས་རྒྱས་རིགས་ལྔའི་གཟུགས་བྲིས་པའི་ཐོད་པའི་འཕྲེང་བས་སྤྱི་བོ་སྟེ་མགོ་ལ་སྐྱེས་པའི་རལ་པའི་ཅོད་པན་ལ་བརྒྱན་པར་བྱས་ཤིང་ཡན་ལག་ཐམས་ཅད་རོ་བསྲེགས་པའི་ཐལ་བ་དང་བདུད་རྩི་ལྔས་བྱུགས་པ་དང་རྣ་རྒྱན་དང་མགུལ་རྒྱན་སོགས་ཀྱི་ཕྱག་རྒྱ་དག་གིས་རང་གི་ལུས་བརྒྱན་པར་བྱའོ། །གུག་སྐྱེད་དག་གིས་ལུས་བརྒྱན་ཅིང༌། །ཞེས་འགྱུར་ཁ་ཅིག་ལས་འབྱུང་ཡང༌། ཕྱག་རྒྱར་བསྒྱུར་བ་ལེགས་སོ། །རུས་འཕྲེང་ཞེས་པ་ལ་ལོ་ཆེན་གྱིས། རུས་འཕྲེང་རུས་པར་ཡང་དག་གནས། །ཞེས་བསྒྱུར་ལ། དེའི་དོན་ནི་རུས་པའི་རྒྱན་གྱིས་བརྒྱན་པ་ལ་བཤད་དེ། རུས་པའི་མཆོད་ཕྱིར་ཐོགས་སུ་མངོན་ནོ། །དུམ་བུ་གཅིག་པའི་ཐོད་པ་ལས་བྱས་པའི་འཁོར་ལོས་སྤྱི་བོར་བརྒྱན་པ་དང༌། རུས་པའི་འཕྲེང་བ་རྣམ་པར་འཕྱང་བ་ནི་མགོ་འཕྲེང་ལྔ་བཅུའི་དོ་ཤལ་ལོ། །ཁ་ཊྭཱཾ་ག་ནི་ལག་པ་གཡོན་པའི་གྲུ་མོ་ན་གནས་པ་ནི། སློབ་དཔོན་བདག་ཉིད་


JLD008_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་དབུས་སུ་དཔལ་ཁྲག་འཐུང་ཧེ་རུ་ཀའི་ཆས་སུ་བྱས་པའོ། །དེ་ལྟར་བྱས་པ་དེ་ནས་དཔལ་ཁྲག་འཐུང་དྲན་པར་བྱ་བ་ནི་དེའི་སྒྲུབ་ཐབས་སྒོམ་པའོ། །སྐལ་ལྡན་གྱི་ཧེ་རུ་ཀར་བྱས་པ་དམ་ཚིག་པར་བསྐྱེད་པ་དང༌། དེ་དྲན་པར་བྱས་པ་ནི་ཡེ་ཤེས་པ་དྲན་པ་ལ་འཆད་དོ། །ཧེ་རུ་ཀར་བསྒོམས་པ་འདིའི་སྙིང་གས་མཚོན་པའི་ལུས་དཀྱིལ་གྱི་གནས་རྣམས་སུ་ལྷ་སོ་བདུན་གྱི་འཁོར་ལོ་དགོད་ཅེས་པས་ལུས་དཀྱིལ་སྒོམ་པ་བསྟན་ཏོ། །བདག་ཉིད་དེ་ལྟར་ཕྱིན་ནང་གི་དཀྱིལ་འཁོར་སྒོམ་པའི་གོ་བགོས་ནས་ཏེ་བསྒོམས་པའི་མཐར། བགེགས་གཞོམ་པ་སོགས་བྱའོ། །དེ་ལྟར་སྔར་ཡོད་ཀྱི་བགེགས་བཅོམ་ནས། ཕྱིས་མི་འཇུག་པར་བྱ་བའི་ཕྱིར་ཕྱོགས་དང་མཚམས་སུ་རྡོ་རྗེའི་ར་བ་རྣམས་ནི་དགོད་པ་དང༌། ཕྱོགས་སུ་བཀོད་པར་མ་ཟད་སའི་འོག་ཏུ་ཡང་ནི་གསེར་གྱི་ས་གཞི་ལ་ཐུག་པར་མཚོན་ཆ་དགོད་པ་སྟེ་སྣ་ཚོགས་རྡོ་རྗེའི་ས་གཞིར་བྱའོ། །མར་དོ་རྐྱང་པའི་འགྱུར་ལས། འཁོར་ལོའི་བདག་ཉིད་མཚོན་ཆ་མཉམ། །ཞེས་འབྱུང༌། ལོ་ཙྪཱ་བ་གཉིས་འཇུས་ཀྱི་འགྱུར་ལས། འཁོར་ལོ་མཚོན་ཆའི་འཕྲེང་བ་དག །ཅེས་འབྱུང་ཡང༌། ལོ་ཆེན་གྱི་འགྱུར་ལས། འཁོར་ལོའི་བདག་ཉིད་བཀོད་ནས་ནི། །སྟེང་དུ་སོགས་འབྱུང་བ་ལྟར་བྱ་སྟེ། ཕྱོགས་དང་འོག་ཏུ་བསྲུང་བའི་འཁོར་ལོའི་བདག་ཉིད་བཀོད་ནས་སྟེང་དུ་མདའ་ཡི་དྲ་བ་བྱ་ཞེས་པའི་དོན་དུ་བྱའོ། །སྟེང་དུ་མདའི་དྲ་བ་བྱས་པ་ལས། སླར་ཡང་མཁའ་སྤྱོད་དེ་སྟེང་དུ་རྡོ་རྗེའི་གུར་བྱས་པ་འདི་ནི་བདག་ཉིད་ལ་བགེགས་ཀྱིས་མི་ཚུགས་པའི་གོ་ཆར་འགྱུར་


JLD008_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འགྲེལ་པ་ཁ་ཅིག་གིས་སྟེང་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་བསྟིམས་པའི་རྗེས་སུ་སླར་ཡང་སྟེང་དུ་གུར་བྱ་ཞེས་འཆད་དེ། འདིའི་སྔོན་དུ་གུར་བྱེད་པ་མ་བྱུང་བས་མི་འགྲིག་གོ། སྔར་བཤད་པ་དེ་ལྟར་གོ་ཆ་དེ་རྣམས་བགོས་ན། སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོས་ཀྱང་མི་ཕྱེད་པ་སྟེ་བཞིག་པར་མི་ནུས་ན། བགེགས་གཞན་གྱིས་ལྟ་ཅི་སྨོས་ཞེས་ལྷའི་རྣལ་འབྱོར་དང་བསྲུང་འཁོར་གྱི་ཆེ་བ་བསྟན་ཏོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་བྲི་བ་དང༌། དཀྱིལ་འཁོར་བསྒྲུབ་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་བདག་ཉིད་རབ་ཏུ་བསྲུངས་ཤིང་རྩ་བའི་སྔགས་ལ་སོགས་པ་དང༌། རྡོ་རྗེ་ཕག་མོའི་ཕྱག་རྒྱས་རྣམ་པར་བརྒྱན་ནས་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བའི་འཇིགས་པ་སྟེ་ཁྲོ་བོའི་དཀྱིལ་འཁོར་བྲི་བར་བྱའོ། །ཞེས་མདོར་བསྟན་ཏོ། །རྩ་རྒྱུད་དུ་སྔོན་ལ་ཚོན་གྱིས་དང༌། དེ་ནས་ཐིག་གིས་བྲི་བར་གསུངས་པ་འཁྲུགས་པ་ལ། བཤད་རྒྱུད་ལས་འཁྲུགས་བསྡེབས་ཏེ་བྲི་བར་བཤད་པ་ལྟར་བཤད་དོ། །འདི་ལ་གཉིས། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བའོ། །དང་པོ་ནི། སའི་ཆོ་ག་བྱས་པའི་རྗེས་དེ་ནས་ཐིག་འདེབས་པ་ལ། ཐིག་སྐུད་ནི་སེམས་མེད་པ་སྟེ་རོའི་སྲད་བུའོ། །དེ་ནི་མི་རོ་དང་ལྷན་ཅིག་དུར་ཁྲོད་དུ་བསྐྱལ་བའི་སྐུད་པ་ས་ལ་མ་ལྷུང་བའམ། མི་རོའི་རྒྱུས་པ་ལ་བྱས་པའི་ཐིག་སྐུད་ལ་འཆད་དོ། །འམ་ཞེས་པས་དེ་མེད་ན་བདུད་རྩི་ལྔ་དང་བཅས་པའི་ཁྲག་ཆེན་པོ་སྟེ་མི་ཡི་ཁྲག་གིས་བསྒོས་པའི་ཐིག་སྐུད་ཀྱིས་ཀྱང་དཔལ་ཧེ་རུ་ཀའི་ཕོ་བྲང་


JLD008_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དཀྱིལ་འཁོར་འཇིགས་པའི་ཐིག་བདབ་པར་བྱའོ། །འམ་མེད་པར་བཤད་པ་ཡང་ཡོད་དོ། །འདི་ནི་ལས་ཀྱི་ཐིག་སྐུད་གཤེར་ཐིག་ཡིན་ལ། ཡེ་ཐིག་ནི་བཤད་རྒྱུད་གཉིས་ལས་ཉེར་ལྔ་པའི་ཐིག་སྐུད་ཁ་དོག་སྣ་ལྔ་པར་བཤད་པའོ། །དཀྱིལ་འཁོར་ཆེ་ཆུང་གི་ཚད་ནི་རྩ་བའི་ཐིག་ཁྲུ་གང་པའམ་ཁྲུ་བཞི་པའམ་ཁྲུ་བརྒྱད་པའོ། །སྡོམ་འབྱུང་ལས། ཁྲུ་ཕྱེད་སོགས་ནས་ཡང་དག་བརྩམ། ཁྲུ་བརྒྱ་ཡི་ནི་བར་ཇི་སྲིད། །ཅེས་ཀྱང་གསུངས་ཏེ། སློབ་མའི་འབྱོར་པ་ཆེ་ཆུང་ལ་སོགས་པའི་དབང་གིས་མཐའ་གཅིག་ཏུ་མ་ངེས་སོ། །རྩ་ཐིག་གི་ཚད་དེ་ལ་དཀྱིལ་འཁོར་སྒོ་བཞི་པ་དང༌། ཟུར་ཏེ་གྲུ་བཞི་པ་རྟ་བབས་བཞི་ཡིས་རྣམ་པར་བརྒྱན་པར་བྱའོ། །ཀུན་ནས་ཞེས་པ་ནི་རྩ་ཐིག་གི་ཕྱོགས་ཀུན་ནས་མཉམ་པའོ། །དཀྱིལ་འཁོར་འདྲི་བའི་སྔགས་པས་ཐིག་སྐུད་ཀྱི་སྲིད་ཚད་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་རྣམ་པར་དཔྱད་པའམ་བརྟག་སྟེ། སྡོམ་འབྱུང་ལས། རིང་བ་འཁོར་ལོའི་ཉིས་འགྱུར་ཏེ། །སྒོ་ཡི་ཉི་ཤུ་ཆ་དག་གོ། ཞེས་ཕྲ་སྦོམ་གྱི་ཚད་སྒོ་ཡི་ཉི་ཤུ་ཆར་གསུངས་སོ། །རྡོ་རྗེ་ཕྲེང་བ་ལས་ཐིག་སྐུད་ཆེ་ཆུང་རེ་བཞི་པའི་ཕྱོགས་ལ་རྩ་ཐིག་ནས་རྩ་ཐིག་གི་བར་གྱི་ཉིས་འགྱུར་དང༌། ཆ་ཆུང་གོ་དྲུག་པའི་ཕྱོགས་ལ་མདའ་ཡབ་ནས་མདའ་ཡབ་ཀྱི་བར་གྱི་གཉིས་འགྱུར་དུ་བཤད་དེ། འདི་དག་གི་རྣམ་གཞག་རྒྱས་པར་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་དུ་བཤད་ཟིན་ཏོ། །ལྭ་བ་པའི་འགྲེལ་པར། ཆ་འཕེལ་བ་ཡི་རིམ་གྱིས་ནི། །བློ་བཟང་དཀྱིལ་འཁོར་ཐིག་གདབ་བྱ། །ཞེས་པའི་གཞུང་འབྱུང་བ་གཞན་ལ་འཆད་དོ། །མཁའ་འགྲོ་ནི་དཔའ་བོ་དང་དཔའ་


JLD008_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མོའོ། །དྲ་བ་ནི་དེ་དག་གི་ཚོགས་སོ། །བདེ་མཆོག་ནི་གཙོ་བོའོ། །དེ་རྣམས་མཆོད་པར་གསུངས་པ་ནི་འོག་ཏུ་འགྲེལ་པར་འཆད་ཀྱང༌། ལས་ཐིག་ཐེབས་པའི་འོག་ཏུ་ལྷ་སྟ་གོན་གྱི་དཀྱིལ་འཁོར་མཆོད་པའི་དོན་ཡིན་པས། གཞུང་གི་འཁྲུགས་བསྡེབ་མི་དགོས་སོ། །འདི་དག་གི་ཤེས་བྱེད་གཞན་དུ་གསལ་བར་བཤད་ཟིན་པས་འདིར་མ་སྤྲོས་སོ། །དེ་ལྟར་ན་རྩ་རྒྱུད་དུ་ལྷ་དང་བུམ་པ་སྟ་གོན་གཉིས་གསུངས་ལ། སྟ་གོན་ལྷག་མ་ནི་བཤད་རྒྱུད་ལས་གསུངས་པས་ཁ་བསྐང་ངོ༌། །གཉིས་པ་ནི། འདིར་རྡུལ་ཚོན་ཇི་ལྟ་བུས་དཀྱིལ་འཁོར་བྲི་སྙམ་ན། དུར་ཁྲོད་ལས་བྱུང་བའི་ཚོན་སྣ་ལྔས་བྱ་སྟེ། ཚོན་སྔོན་པོ་ནི་རོ་བསྲེགས་པའི་སོལ་བའི་ཕྱེ་མས་བྱའོ། །ཚོན་དམར་པོ་ནི་དུར་ཁྲོད་ཀྱི་སོ་ཕག་གིས་སོ། །ཚོན་དཀར་པོ་ནི་མི་རུས་ཀྱི་ཕྱེ་མས་སོ། །ཚོན་སེར་པོ་ནི་ཡུང་བ་དང་མི་རུས་ཀྱི་ཕྱེ་མ་ལྷན་ཅིག་སྦྱར་བས་སོ། །ཚོན་ལྗང་ཁུ་ནི་མི་རུས་ཀྱི་ཕྱེ་མ་དང་ལོ་མ་ལྗང་ཁུའི་ཕྱེ་མ་དང་ལྡན་པ་ཡིས་དཀྱིལ་འཁོར་བཟང་པོ་བྲི་བར་བྱའོ། །སྡོམ་འབྱུང་ལས། ཕྱེ་མ་རིན་ཆེན་ལྔ་རང་བཞིན། །ཡང་ན་འབྲས་ལ་སོགས་རྣམས་ཀྱིས། ཞེས་ཀྱང་གསུངས་པས། དུར་ཁྲོད་ཀྱི་རྫས་ལས་བྱུང་བའི་ཚོན་ནི་དཀྱིལ་འཁོར་བྱེ་བྲག་པ་འགའ་ཞིག་ལ་དགོངས་སོ། །ཚོན་རྩི་རྣམས་བྱིན་གྱིས་བརླབས་ལ། དེ་ནས་ཚོན་དེས་དཀྱིལ་འཁོར་དེའི་དབུས་སུ་སྣ་ཚོགས་པདྨ་ནི་ལྟེ་བར་འདབ་མ་བརྒྱད་དང་བཅས་པ། འབར་བ་དང་བཅས་པ་སྟེ་འོད་ཟེར་འབར་བའི་རྣམ་པ་ཅན་གཞག་པ་སྟེ་བྲི་བར་བྱའོ། །གེ་སར་ཡང་དག་ལྡན་པ་ནི་ཟེའུ་འབྲུ་དང་གེ་སར་གཉིས་ཡོད་པའི་དང་པོ་ནི་ལྟེ་བ་ཡིན་ལ། གཉིས་པ་ནི་ལྟེ་བ་


JLD008_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདབ་མའི་མཚམས་སུ་ཁ་དོག་དམར་སེར་གྱི་རྣམ་པ་ཅན་གྱི་རི་མོས་འཁོར་བ་སྟེ་དེ་ཡོད་པར་བྱའོ། །དེས་མཚོན་ནས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྣམས་ཀྱང་བྲི་སྟེ། གཞན་དུ་རྒྱས་པར་བཤད་ཟིན་ཏོ། །དེ་ལྟར་རྟེན་གྱི་དཀྱིལ་འཁོར་བྲིས་པ་ལ་བརྟེན་པའི་དཀྱིལ་འཁོར་བྲི་ཚུལ་ནི། མངོན་བརྗོད་ལས་ལྷ་རང་རང་གི་ཡི་གེ་སྟེ་ས་བོན་དང༌། ཕྱག་མཚན་དང་། ལྷ་སོ་སོའི་ཕྱག་གིས་རང་གི་ཕྱག་རྒྱ་འཆིང་བའི་རྣམ་པ་དང༌། ལྷ་སོ་སོའི་གཟུགས་བརྙན་དང༌། མེ་ཏོག་གི་ཚོམ་བུ་དགོད་པར་གསུངས་ལ། ལྟེ་བར་དགོད་བྱ་དཔའ་བོ་སོགས་ཀྱིས་ཀྱང་དཀྱིལ་འཁོར་ལ་ལྷའི་སྐུ་བྲིས་པ་བསྟན་པར་འཆད་པ་ཡང་ཡོད་དོ། །ཧ་ཧ་ཞེས་པའི་སྒྲ་ཆེར་བཞད། །ཅེས་པ་དང་བསྟུན་ན་ལྷ་དམ་ཚིག་པ་དཀྱིལ་འཁོར་དུ་ཡིད་ཀྱིས་དགོད་པ་ལ་ཡང་གསལ་བས། སྤྱིར་གཉིས་ཀ་ལ་བཤད་དུ་རུང་ཡང་གཙོ་བོར་དཀྱིལ་འཁོར་སྒྲུབ་པ་ལ་བྱའོ། །གཉིས་པ་ནི། དེ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་མཚན་མ་གང་རུང་བྲིས་ཟིན་པ་དང༌། དཀྱིལ་འཁོར་སྒྲུབ་པ་ལ་ཀུན་སྤྱོད་དང་སྡོམ་འབྱུང་གི་དགོངས་པ་ལཱུ་ཨི་པའི་ལུགས་ལྟར་རྟེན་དང་བརྟེན་པ་གཉིས་ཀ་དུས་གཅིག་ཏུ་སྐྱེད་པ་ཡིན་ན། རླུང་ནས་རི་རབ་དང་པདྨའི་བར་དུ་བསྐྱེད་པའི་མཐར། ལེའུ་ང་གཅིག་ལས་གསུངས་པ་ལྟར། དབྱངས་གསལ་སོགས་ཀྱི་མངོན་བྱང་ལས་རྟེན་དང་བརྟེན་པ་བསྐྱེད་པའི་འོག་ཏུ་གཞལ་ཡས་ཁང་གསལ་གདབ། དེ་ནས་འདིར་བཤད་པ་བཞིན་དུ་ལྷ་རྣམས་གསལ་གདབ་བོ། །མངོན་བརྗོད་ལྟར་རྟེན་སྔོན་དུ་བསྐྱེད་ནས་བརྟེན་པ་རྗེས་སུ་


JLD008_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པ་ཡིན་ན། སྔོན་དུ་རི་རབ་ཀྱི་བར་རང་རང་གི་ས་བོན་ལས་བསྐྱེད། རྣམ་སྣང་ལས་གཞལ་ཡས་ཁང་བསྐྱེད་པའི་འོག་ཏུ་དབུས་ཀྱི་པདྨའི་ལྟེ་བར་མངོན་བྱང་ལས་ལྷ་རྣམས་བསྐྱེད་པར་བྱའོ། །དེ་ཡང་པདྨའི་ལྟེ་བར་དགོད་པར་བྱ་བའི་དཔའ་བོ་ཧེ་རུ་ཀ་ནི་འཇིག་རྟེན་ན་མཐུ་ཆེ་བར་གྲགས་པའི་འཇིག་བྱེད་དེ་དབང་ཕྱུག་ཀྱང་ནི། འཇིགས་པར་མཛད་པ་གཟི་བརྗིད་ཆེན་པོ་ཤིན་ཏུ་འབར་བ། ཧ་ཧ་ཞེས་པའི་སྒྲ་ཆེན་པོས་ནམ་མཁའ་ཁྱབ་པར་བཞད་པ་དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔའི་འཕྲེང་བའི་རྒྱན་དང་ལྡན་པ། བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པས་ན་བཟང་པོ། ཞལ་བཞི་མངའ་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གླང་པོ་ཆེ་དཀར་པོའི་པགས་པ་རློན་པ་རྣམ་པར་བགོས་པ་སྟེ་མགོ་གཡས་དང་སྤུ་ཕྱིར་བསྟན་ནས་རྒྱབ་ཏུ་བཀབ་པ། དཔྲལ་བའི་རྡོ་རྗེ་ཕྲེང་བའི་མཐར་ཐུག་པའི་བར་དུ་སྨིན་མ་བཟང་པོ་འབྱེས་པ་སྟེ་གྱེས་པ། ཕྱག་གཡོན་ན་ཁ་ཊྭཱཾ་ག་དང་མིའི་ཐོད་པ་བསྣམས་པ། བརྒྱ་ཕྱེད་དེ་མི་མགོ་རློན་པ་ལྔ་བཅུ་རྒྱུ་མ་རློན་པ་ལ་བརྒྱུས་པའི་ཕྲེང་བས་མགུལ་བ་ལ་རྣམ་པར་བརྒྱན་པའོ། །ཧེ་རུ་ཀ་དེའི་མདུན་ན་འཁྱུད་པའི་ཚུལ་གྱིས་གནས་པའི་ལྷ་མོ་ནི། རྡོ་རྗེ་ཕག་མོ་གདུག་པ་ཅན་ལ་བསྡིགས་པར་མཛད་པས་ན་རབ་འཇིགས་མ། དཔལ་ཧེ་རུ་ཀ་ལ་མདུན་ཕྱོགས་པར་བྱས་ནས་བཞུགས་པ། སྤྱན་གསུམ་པ་དྲག་མོའི་གཟུགས་ཅན་མ། ཀ་པཱ་ལའི་ནང་ནི་བདུད་རྣམས་ཀྱི་ཨནྟྲ་སྟེ་རྒྱུ་མ་དང་ཁྲག་གིས་བཀང་བ་ཕྱག་གཡོན་པས་འཛིན་པ། ཁ་ནས་རུ་དྷི་ར་སྟེ་ཁྲག་འཛག་ཅིང༌། ཕྱག་


JLD008_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པས་ལྷ་དང་ལྷ་མིན་དང་མིར་བཅས་པ་ལ་ཕྱོགས་ཀུན་ཏུ་ནི་སྡིགས་མཛུབ་བྱེད་པའོ། །གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་གསལ་བར་མ་བཤད་པ་ནི། རྩ་རྒྱུད་ཀྱི་དོན་བཤད་རྒྱུད་ཀྱིས་མི་འདྲ་བ་དུ་མར་འཆད་པ་ལ་དགོངས་པ་ཡིན་པས། རྩ་རྒྱུད་ཀྱི་དོན་ཚང་བ་ནི་ཕྱོགས་རེ་བ་ལ་མི་གཟུང་ངོ༌། །འོན་ཀྱང་ལོ་ནག་དྲིལ་གསུམ་ལ་སོགས་པའི་ཆོ་ག་ལག་ཏུ་ལེན་པ་ལ་ནི། སྐབས་སུ་གང་བབ་ཀྱི་ལུགས་དང་བསྟུན་ལ་འདི་དག་གི་དོན་བཤད་པར་བྱ་སྟེ། དཔེར་ན་ལཱུ་ཨི་པས་ཡུམ་གྱི་ཕྱག་གཡས་ན་རྡོ་རྗེ་བསྣམས་པ་དང༌། དྲིལ་བུ་པས་གྲི་གུག་བསྣམས་པར་བཤད་པ་གཉིས་ཀའང་རྩ་རྒྱུད་ཀྱི་དོན་དུ་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་ཡབ་ཀྱི་ཕྱག་མཚན་ལྷག་མ་ཡང་བཤད་རྒྱུད་ལས་མི་འདྲ་བ་མང་དུ་བཤད་པས། སྐབས་སུ་གང་བབ་ཀྱི་བཤད་པ་དང་སྦྱར་རོ། །དེ་དག་ཀྱང་སོ་སོའི་ལུགས་ཀྱི་སྒྲུབ་ཐབས་ལས་ཤེས་དགོས་པས་འདིར་མ་བཤད་དོ། །ལྷག་མ་རྣམས་ལའང་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་ཕག་མོའི་ནི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ནི་རབ་གཏུམ་མ་ལ་སོགས་པ་ཉི་ཤུ་རྩ་བཞི་རྣམས། ཤར་ལ་སོགས་པའི་ཕྱོགས་བཞིར་འགོད་པ་ན་ཤར་ནས་གཡོན་སྐོར་དང༌། མེ་ནས་མཚམས་གཡས་སྐོར་དུ་བསྒོམས་ལ་མཆོད་པར་བྱའོ། །འཁོར་ལོའི་དབུས་སུ་ཞེས་པ་ནི་གཞལ་ཡས་ཁང་གི་ནང་དུ་ཞེས་པའམ། ཡང་ན་འཁོར་ལོའི་རྩིབས་ཀྱི་དབུས་ཞེས་པའོ། །དཔའ་མོ་ཉེར་བཞི་ཁོ་ནའམ་ཞེ་ན། དཔའ་མོ་ཉེར་བཞི་བསྒོམས་ནས་མཆོད་པ་དེ་བཞིན་དུ། གཞལ་ཡས་ཁང་འདིར་ནི་དཔའ་བོ་


JLD008_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བཞི་ཡང་བསྒོམས་ལ་མཆོད་པར་བྱའོ། །འཁོར་ལོར་ཡང་དག་གནས་པ་ནི་འཁོར་ལོའི་རྩིབས་ཀྱི་དབུས་སུ་གནས་པའོ། །གལ་ཏེ་སྒྲུབ་པ་པོ་དངོས་གྲུབ་འདོད་ན་དཔའ་མོ་དང་གཉིས་སུ་མེད་པ་སྟེ་ཡུམ་དང་བཅས་པའི་དཔའ་བོ་མཆོད་པར་བྱའི་གང་རུང་རེ་རེ་ནི་མིན་ནོ། །འོག་གི་མ་མོ་ཞེས་པ་གཉིས་ཀྱིས་མ་མོ་བཅུ་གཉིས་པོ་དགོད་པ་བསྟན་པར་བླ་མ་སྔ་མ་རྣམས་བཞེད་པ་ལེགས་པས། མ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱི་ནང་ནས་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་པདྨའི་ལྟེ་བའི་ཕྱོགས་བཞི་དང༌། ཁྭ་གདོང་མ་ལ་སོགས་པ་བཞི་ནི་སྒོའི་ཕྱོགས་བཞིར་དགོད་ལ། གཤིན་རྗེ་བརྟན་མ་སོགས་བཞི་ནི་སྒོའི་མཚམས་བཞིར་དགོད་པ་སྟེ་བསྒོམ་པར་བྱའོ། །དེ་བཞིན་དུ་ཐོད་པ་དང་བཅས་པའི་བུམ་པ་བཞིའམ་ཐོད་པ་བཞི་ནི་པད་འདབ་ཀྱི་མཚམས་བཞིར་དགོད་དོ། །དེ་དག་ནི་དམ་ཚིག་པ་བསྐྱེད་པའོ། །འཁོར་གྱི་ལྷ་རྣམས་ལའང་རྩ་རྒྱུད་ལས་ཕྱོགས་གཅིག་ལ་གསལ་ཁ་མ་བརྗོད་པ་ནི། བཤད་རྒྱུད་རྣམས་ལས་ལྷའི་སྐུ་མདོག་དང་གྲངས་དང་ཕྱག་མཚན་སོགས་མི་འདྲ་བ་དུ་མ་འཆད་པ་ལ་དགོངས་ལ། ལོ་དྲིལ་སོགས་ད་ལྟ་ལག་ལེན་བྱེད་པ་ལ་ནི། རང་རང་གི་སྒྲུབ་ཐབས་ཀྱི་སྟེང་ནས་འདི་དང་སྦྱར་དགོས་པས་འདིར་མ་བཀོད་ལ། ཕྱོགས་གཅིག་ལ་གསལ་ཁ་མ་བཏོད་པ་ཉིད་བཤད་རྒྱུད་དང་སྦྱར་ན་འཆད་བདེ་བས། འདིར་ཡང་ཕྱོགས་རེ་བའི་བཤད་པ་མ་བྱས་ཏེ། སྐབས་གཞན་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཡེ་ཤེས་པ་གཞུག་པ་ནི། ནམ་མཁའི་མཁའ་འགྲོ་མ་སྟེ་ཐུགས་འཁོར་གྱི་དཔའ་མོ་ཡེ་ཤེས་པ་རྣམས་ནི། རང་གི་


JLD008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་ཐམས་ཅད་སྟེང་དུ་སྟེ་ནམ་མཁའ་ལ་སྤྱོད་པའི་ཐུགས་འཁོར་དམ་ཚིག་པ་ལ་དགོད་པ་སྟེ་དེ་ལ་གཞུག་གོ། ས་སྟེང་སྟེ་བསྲུང་འཁོར་གྱི་མཁའ་འགྲོ་མ་ཡེ་ཤེས་པ་གང་ཡིན་པ་ནི། དཀྱིལ་འཁོར་གྱི་གསུང་གི་མཁའ་འགྲོ་མ་དམ་ཚིག་པ་ལ་དགོད་པ་སྟེ་གཞུག་གོ། གང་ཡང་ས་འོག་གི་མཁའ་འགྲོ་མ་སྟེ་སྐུ་འཁོར་གྱི་མཁའ་འགྲོ་མ་ཡེ་ཤེས་པ་དེ་རྣམས་ནི་ས་འོག་རྣམས་སུ་སྟེ་སྐུ་འཁོར་གྱི་དམ་ཚིག་པ་རྣམས་ལ་དགོད་དོ། །དཀྱིལ་འཁོར་དུ་ཞེས་པ་ནི་སྔ་མ་དང་ཕྱི་མ་གཉིས་ལ་ཡང་སྦྱར་ལ། སྟེང་དུ་དང་འོག་ཏུ་ཞེས་པའི་ཤུགས་ཀྱིས་བར་དུ་དགོད་ཅེས་པ་ཡང་གོ་བར་བྱའོ། །བླ་མ་རྣམས་འདི་ལྟར་འཆད་པ་ལྭ་བ་པ་དང་ལྷ་སྦས་ཀྱི་ཡང་དགོངས་པར་སྣང་ངོ༌། །དེས་ནི་དམ་ཚིག་པ་ལྷག་མ་ལ་ཡང་ཡེ་ཤེས་པ་གཞུག་པ་མཚོན་པར་བྱའོ། །ཆོ་ག་ལྷག་མ་ནི་དཀྱིལ་ཆོག་ལས་ཤེས་དགོས་སོ། །དེ་ལྟར་ན་འདིར་དབང་གི་དཀྱིལ་འཁོར་དུ་ལྷ་རེ་གཉིས་དགོད་པར་གསུངས་ལ། དེ་ཁོ་ནར་མ་ངེས་ཏེ་བཤད་རྒྱུད་ལས་ལྷ་ལྔ་དང༌། བཅུ་གསུམ་དང༌། སུམ་ཅུ་དང༌། དཔའ་བོ་གཅིག་པ་སོགས་ཀྱི་དཀྱིལ་འཁོར་ཡང་བཤད་པས། དེ་དག་གི་དཀྱིལ་འཁོར་དུ་དབང་བསྐུར་པ་སོགས་ཀྱང་ཤེས་དགོས་སོ། །གསུམ་པ་ནི། དཀྱིལ་འཁོར་སྒྲུབ་པ་བཤད་ཟིན་པ་དེ་ནས་བུམ་པ་བྱ་བ་སྟེ་བྱེད་ཚུལ་ནི་བཤད་པར་བྱའོ་ཞེས་སྦྱར་རོ། །བུམ་པ་ལ་རྩ་བ་སྟེ་ཞབས་སྟེགས་བྱེད་པ་དང༌། ཁ་དོག་ནག་པོ་དང༌། སོགས་ཀྱིས་བསྡུས་པ་མི་སྡུག་པ་དང༌། སེར་ཀ་ལ་སོགས་པའི་སྐྱོན་


JLD008_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱའོ། །བུམ་པའི་ནང་རྫས་ནི། མུ་ཏིག་དང་གསེར་དང་རིན་ཆེན་ཏེ་མུ་མེན་དང༌། བྱུ་རུ་དང་དངུལ་དང༌། ཕྲེང་བར་ཟངས་མ་ཡང་རིན་པོ་ཆེ་ལྔ་ལ་བགྲངས་པས་རིན་པོ་ཆེ་ལྔ་དང༌། བཟའ་བ་ནི་བདུད་རྩི་ལྔའོ། །ཀུན་གྱིས་ནི་འབྲུ་ལྔ་དང་སྨན་ལྔ་ལ་སོགས་པ་ཡང་གཟུང་ངོ༌། །དེ་རྣམས་དང་བཅས་པའི་ཆུ་ཡིས་ལེགས་པར་དགང་ངོ༌། །བདུད་རྩི་ལྔ་ལ་སོགས་པ་དང་དྲི་བཟང་པོའི་ཆུས་བཀང་བའི་སྣོད་ཐོད་པ་ནི་བུམ་པའི་སྟེང་དུ་གཞག་པར་བྱའོ། །བུམ་པའི་མགྲིན་པ་སྲད་བུས་དཀྲིས་བ་དང༌། ཁ་ནི་འདབ་མ་སྟེ་ཤིང་ལོ་གསར་པས་བརྒྱན་པ་དང༌། རས་ཀྱི་གོས་གསར་པ་ཟུང་གིས་ནི་མགྲིན་པ་ལེགས་པར་དཀྲིས་པར་བྱ་ལ། བསང་སྦྱངས་ཏེ་བུམ་པ་སྐྱེད་པ་དང༌། དེའི་ནང་དུ་ལྷ་སྐྱེད་པ་དང་སྔགས་ཟློ་བ་སོགས་བྱེད་པ་ནི་བུམ་པ་སྒྲུབ་པའོ། །དེ་ནས་དགོད་པ་ནི། བུམ་པ་བརྒྱད་ནི་ཤར་ལ་སོགས་པའི་སྒོ་བཞི་རུ་གཉིས་གཉིས་དང་བུམ་པ་དགུ་པ་ནི་མདུན་དུ་དགོད་པར་ལྭ་བ་པས་བཤད་པ་ནི་ཤར་དུ་དགོད་པ་ལ་བཤད་དོ། །དགུ་པ་དབུས་སུ་འགོད་པ་ལྟར་ན་གོང་དུ་སྟ་གོན་གྱི་དུས་ལ་དགོངས་པ་འདྲའོ། །བཞི་པ་ལ་གཉིས། དཀྱིལ་འཁོར་བརྒྱན་པ་དང༌། དཀྱིལ་འཁོར་མཆོད་པའོ། །དང་པོ་ནི། གསེར་དང་དངུལ་དང་མུ་ཏིག་དང་དེ་དག་ལས་གཞན་པའི་རིན་ཆེན་རྣམས་ཀྱིས་མཛེས་པར་བྱའོ། །ལོ་ཆེན་གྱི་འགྱུར་ལ་རམ་ཞེས་པ་མེད་དོ། །མཛེས་པར་བྱེད་ལུགས་ནི་སྔར་བཤད་པའི་རིན་ཆེན་དང་གསེར་ལ་སོགས་པ་རྣམས་ཀྱིས། དཀྱིལ་འཁོར་གྱི་ས་གཞིའི་ཕྱིའི་ཕྱོགས་ཀུན་ཏུ་མཛེས་པར་སྤྲས་པར་བྱའོ། །


JLD008_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། གྲོང་མཆོག་སྟེ་དཀྱིལ་འཁོར་ཡིད་དུ་འོང་བ་མཆོད་ན་ནི། དངོས་གྲུབ་འགྲུབ་པ་ཉིད་དུ་ཐེ་ཚོམ་མེད་པས་མཆོད་པར་བྱའོ། །སློབ་དཔོན་བདག་ཉིད་ལ་དྲི་ཞིམ་པོའི་ཆུ་ཡིས་ལེགས་པར་གདབ་པར་བྱའོ། །སྒོ་ནི་ཞལ་ལོ། །ཀུན་ནས་ནི་ཞལ་བཞི་ཕྱོགས་ཀུན་ཏུ་ཡོད་པ་སྟེ་རང་ཉིད་ཧེ་རུ་ཀ་ཞལ་བཞི་པར་བྱས་པ་ལ་གདབ་ཅེས་པའོ། །འདི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་ཟིན་ནས་སྒྲུབ་པར་རྩོམ་པའི་སྐབས་ལ་འཆད་དོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན་མར་མེ་བརྒྱ་ནི་དབུལ་བར་བྱའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན་མར་མེ་བརྒྱ་དབུལ་བ་དེ་བཞིན་དུ་དྲི་བརྒྱ་དང་མེ་ཏོག་བརྒྱ་དང་སྤོས་བརྒྱ་དང་མར་མེ་བརྒྱ་ཡང་དབུལ་བར་བྱའོ། །ཆོ་ག་ཞེས་པའི་རྐང་པ་གཅིག་ལོ་ཆེན་དང་མལ་གྱི་འགྱུར་ལ་མེད་དོ། །མར་མེ་བརྒྱ་ལན་གཉིས་སྨོས་པའི་དང་པོ་ནི་ཏིལ་མར་གྱི་མར་མེ་དང༌། གཉིས་པ་ནི་ངེས་པར་གཞག་དགོས་པའི་ཕྱིར་དུ་ཡིན་ཏེ། མར་མེ་བརྒྱ་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་སྐལ་ལྡན་ནོ། །ཡང་ཁ་ཅིག་ཕྱི་མ་སྒྲ་ཇི་བཞིན་པ་དང༌། སྔ་མ་ཤ་ལྔ་ལ་འཆད་ཀྱང༌། བྷ་བ་བྷ་དྲས་སྔ་མ་ཐུན་མོང་གི་མར་མེ་དང༌། ཕྱི་མ་མར་ཁུ་ཆེན་པོའི་མར་མེ་ལ་འཆད་པ་ལྟར་བྱའོ། །གང་ལ་མཆོད་ན། ཧེ་རུ་ཀ་ཞེས་པའི་རྐང་པ་གཉིས་ཀྱིས་སྟོན་ནོ། །རྒྱལ་མཚན་ལྔས་མཆོད་པ་ཡང་དཀྱིལ་འཁོར་ལ་ཡིན་ནོ། །དེ་བཞིན་དུ་ཁ་དོག་སྣ་ཚོགས་པའི་གོས་ཟུང་ལྷ་རེ་རེ་ལ་རེ་རེ་དང༌། མ་འབྱོར་ན་ཐུན་མོང་དུ་གཅིག་གོ། སྟེང་ནས་འཕྱང་བའི་མེ་ཏོག་གི་ཕྲེང་བ་མི་འདྲ་


JLD008_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བ་དུ་མ་དང༌། སྟེང་དུ་བླ་རེ་དང་ལོགས་སུ་ཡོལ་བ་དག་ཇི་ལྟར་མཛེས་པ་དེ་བཞིན་བྱའོ། །དེ་བཞིན་དུ་བཟའ་བ་དང༌། བཅའ་བ་དང༌། བཏུང་བ་ཞིམ་པོ་ཡིས་རབ་མཉམ་གཞག་པ་སྟེ་ཡིད་རྩེ་གཅིག་ཏུ་བྱས་ཏེ་དཀྱིལ་འཁོར་མཆོད་པར་བྱའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ་དང༌། དེ་ལ་མཆོད་པའི་ཆོ་གའི་ལེའུ་སྟེ་གཉིས་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་གཉིས་པའི་བཤད་པའོ།། ༈ གཉིས་པ་བསྒྲུབས་པའི་དཀྱིལ་འཁོར་དེར་དབང་བསྐུར་བ་ལ་དྲུག །དང་པོ་བླ་མ་དང་ལྷ་མཉེས་པར་བྱ་བ། དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བ། ཡོན་དབུལ་བ་ཕན་ཡོན་དང་བཅས་པ། དབང་བསྐུར་བ་ངེས་པར་དགོས་པར་བསྟན་པ། དབང་བསྐུར་བའི་ཆེ་བ་བསྟན་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་གཉིས་པ་བཤད་ཟིན་པ་དེ་ནས་གསུམ་པ་འཆད་དོ་ཞེས་སྦྱར་རོ། །སྒྲུབ་པ་པོ་སྟེ་དབང་བསྐུར་བར་བྱ་བའི་སློབ་མས་དང་པོར་ཏེ་དབང་གི་སྔོན་དུ་སློབ་དཔོན་ལེགས་པར་མཉེས་པར་བྱའོ། །གང་གིས་ན་ལུས་ངག་ཡིད་ཀྱི་དངོས་པོ་ཀུན་གྱིས་སོ། །དེ་ཡང་དངོས་གྲུབ་འདོད་པས་ཤིན་ཏུ་མཉམ་པར་བཞག་པ་སྟེ་རྩེ་གཅིག་ཏུ་གུས་པས། ནུས་པ་ཇི་ལྟར་ཡོད་པས་བླ་མ་མཆོད་པར་བྱས་ཏེ། དབང་གི་དོན་དུ་གསོལ་བ་གདབ་པར་བྱའོ། །དྲིལ་བུ་སྒྲ་སྒྲོགས་པ་ཅན་སྟེང་ནས་དཔྱངས་པ་དང༌། མེ་ཏོག་དང་སྤོས་རྣམས་ཀྱིས་ཀྱང་སྟེང་ནས་བརྒྱན་ཞིང་ངོ༌། །ཤིན་ཏུ་སྒྲ་སྙན་པའི་དྲིལ་བུ་


JLD008_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲོལ་བ་དང༌། སྒྲུབ་པ་པོ་ཡིས་རྔ་སྟེ་ཅང་ཏེའུ་བརྡུང་ཞིང༌། ཧ་ཧ་ཞེས་ནི་བརྗོད་པར་བྱའོ། །འདི་ལ་བརྡས་བཤད་ན་ལྭ་བ་པས་དྲིལ་བུ་ནི་ལོ་གྲངས་བཅུ་དྲུག་མའི་བུ་མོར་གསུངས་ལ། རྔ་ནི་ལོ་གྲངས་བཅུ་གཉིས་མའོ། །ཞེས་གསུངས་པས། སྒྲུབ་པ་པོ་ཡིས་ཞེས་པ་ནི། སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །ཞེས་དང༌། སྒྲུབ་པོ་དེ་ཡིས་ཐམས་ཅད་ནི། །ཞེས་སློབ་མ་ལ་སྒྲུབ་པ་པོར་གསུངས་པས་རྔ་རྡུང་མཁན་ནི་སློབ་མ་ཡིན་ལ། དེའི་ཕྱིར་དྲིལ་བུ་དཀྲོལ་མཁན་ཡང་སློབ་མ་ལ་བྱའོ། །ཤིན་ཏུ་སྒྲ་སྙན་པ་ནི་ངག་སྙན་ཞིང་གཟུགས་མཛེས་ལ་རེག་བྱ་ཁྱད་པར་ཅན་མ་དང༌། བརྡུང་པ་ནི་རྗེས་སུ་ཆགས་པར་བྱ་བ་ལ་བཤད་དོ། །དཀྲོལ་བ་ཡང་དེ་དང་འདྲ་བས་སློབ་མས་རིག་མ་དེ་དག་ལ་སྙོམས་འཇུག་བྱེད་པའོ། །དེ་སྐབས་གང་དུ་ཡིན་ཞེ་ན། སློབ་མ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་སྐབས་ལ་བྱ་དགོས་པས། འདིས་དབང་གསུམ་པ་བསྐུར་བ་སྟོན་ཏེ། དབང་གི་གོ་རིམ་ལས་བཟློག་སྟེ་བསྟན་པའོ། །བྷ་བ་བྷ་དྲས་དྲིལ་བུ་འཁྲོལ་བས་དྲིལ་བུའི་དབང་བསྟན་པར་ཡང་བཤད་དོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་དུ་གཞུག་པ་དང༌། ཞུགས་པ་ལ་དབང་བསྐུར་བའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའི་རིམ་པ་བཞིན་དུ་མཆོད་ནས། རྡུལ་ཚོན་ནམ་རས་རིས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཞེས་སྦྱར་རོ། །ཡང་དྲིལ་བུ་དཀྲོལ་བ་སོགས་བརྡས་ཤར་པ་དེ་ལྟར་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སྙོམས་པར་འཇུག་པའི་ཆོ་ག་


JLD008_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཤེས་རབ་མའི་ལུས་ཀྱི་དཀྱིལ་འཁོར་གཟུགས་སྡུག་སྒྲ་སྙན་དྲི་ཞིམ་རོ་མཆོག་རེག་བྱ་འཇམ་པ་སྟེ་འདོད་པའི་ཡོན་ཏན་ཀུན་དང་ལྡན་པ་ལ་སྙོམས་འཇུག་གི་སྒོ་ནས་མཆོད་ནས་བྷ་གའི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཞེས་ཀྱང་སྦྱར་རོ། །དེ་གཉིས་ཀྱི་དང་པོ་ལྟར་ན་སྟ་གོན་གྱི་སྐབས་སུ་བུར་བྱས་པས་ན་བུ་སྟེ། མཛེས་པ་ཡིན་དུ་འོང་བ་ཡོལ་བའི་ཕྱི་རོལ་ཏུ་འཁོད་པ་དེ་རྣམས་ཀྱི་གདོང་ལ་ནི་དར་རམ་རས་ཀྱིས་ལེགས་པར་དགབ་པར་བྱའོ། །དེ་ལ་དར་ནི་མི་གསལ་བ་མཚོན་ལ། བཀབ་པ་ནི་གསང་བ་མཚོན་པ་ཡིན་ཏེ། ཇི་སྐད་དུ་དར་ནི་མི་གསལ་མཚོན་པ་སྟེ། །བཀབ་པ་གསང་བ་མཚོན་པའོ། ཞེས་སོ། །དེ་ལྟར་མིག་བཀབ་ནས་སུ་ཐལ་མོ་མེ་ཏོག་གིས་བཀང་བ་སྟེ་མེ་ཏོག་ཕྲེང་བ་ཐལ་མོའི་བར་དུ་འཛིན་དུ་གཞུག་ལ། ཡོལ་བའི་ནང་དུ་ཡང་དག་པར་ནི་ཞུགས་པ་སྟེ་གཞུག་པར་བྱའོ། །དེ་ནས་སྒྲུབ་པོ་སྟེ་སློབ་མ་ཤིན་ཏུ་མཉམ་པར་བཞག་པ་སྟེ་མ་ཡེངས་པས་དཀྱིལ་འཁོར་ལ་བསྐོར་བ་བྱས་ནས་ནི། ཧེ་རུ་ཀའི་ཕོ་བྲང་ཉམས་དགའ་བར་གཞུག་པར་བྱ་སྟེ། དཀྱིལ་འཁོར་གྱི་ནང་དུ་ཡིད་ཀྱིས་ཞུགས་པར་སྒོམ་པའོ། །བློ་བཟང་ཞེས་པའི་རྐང་པ་གཅིག་ལོ་ཆེན་དང་མལ་གྱི་འགྱུར་ལ་མེད་དེ་མི་དགོས་པ་འདྲའོ། །ལྷོ་ཡི་ཕྱོགས་སུ་ལུས་བརྟེན་པ་ནི་ཁ་ཅིག །བདེ་མཆོག་ཞལ་ལྷོར་བལྟས་པས་དེ་ངོས་ནས་ཞུགས་པ་ལ་འཆད་དོ། །ལྭ་བ་པས་ལྷོ་ཡི་ཕྱོགས་སུ་བརྟེན་ནས་མེ་ཏོག་དོར་བ་མཚོན་བྱེད་དུ་མཛད་ནས། སྒོ་གཞན་གསུམ་དུ་ཡང་མེ་ཏོག་འདོར་བ་དང༌། དེ་ལྟར་དོར་བས་དངོས་གྲུབ་མི་འདྲ་བ་


JLD008_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པར་བཤད་དོ། །དེ་ནས་སྔར་ཐལ་མོའི་བར་དུ་བཟུང་བའི་མེ་ཏོག་དཀྱིལ་འཁོར་གྱི་སྟེང་དུ་དོར་བར་བྱའོ། །དེ་ནས་མིག་དར་ཕྱེ་ལ་དཀྱིལ་འཁོར་གྱི་སྟེང་དུ་གཏོར་བའི་མེ་ཏོག་དེ་གང་དུ་ལྷུང་བའི་ལྷ་དེ་ནི། སློབ་མ་དེའི་རིགས་ཀྱི་ལྷ་ཡིན་ནོ་ཞེས་རྣམ་པར་ཏེ་ཁྱད་པར་དུ་བསྟན་ཞིང༌། ཤྲཱི་ཧེ་རུ་ཀ་དང་སོགས་ཀྱིས་ལྷ་གཞན་དང༌། དེའི་གནས་གཞལ་ཡས་ཁང་རྣམས་བསྟན་པར་བྱའོ། །འདིར་ལྭ་བ་པས་དཀྱིལ་འཁོར་ཙམ་ཞིག་དེ་ལ་བསྟན་པར་བྱའི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་མི་བྱ་བར་གསུངས་སོ། །འོ་ན་འཕགས་པ་ལྷ་དང་ཀླུ་བྱང་སོགས་ཀྱིས་སྐབས་འདིར་དཀྱིལ་འཁོར་གྱི་དེ་ཉིད་སྟོན་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། འདི་ལ་ཁ་ཅིག་་དེ་ཉིད་མི་སྟོན་པ་ནི། སློབ་མ་རིགས་ལྔའི་སྡོམ་པ་མ་བཟུང་ཞིང་རྡོ་རྗེ་སློབ་དཔོན་གྱི་དབང་མི་ཞུ་བ་རྣམས་ལ་ཡིན་ལ། སྐབས་འདིར་དེ་ཉིད་བསྟན་པར་བཤད་པ་ནི། སྔར་སྡོམ་པ་བཟུང་ཞིང་སློབ་དཔོན་དང་སློབ་མའི་དབང་ཚིག་ཆོད་དུ་ཞུ་བ་ལ་ཡིན་ཞེས་འཆད་མོད་ཀྱང༌། ལྭ་བ་པས་ནི་གསང་དབང་བསྐུར་བའི་རྗེས་སུ་དཀྱིལ་འཁོར་བསྟན་ཞེས་བྱ་བ་ནི། ཐམས་ཅད་ཟིན་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཐམས་ཅད་རྫོགས་པར་བསྟན་པར་བྱའོ་ཞེས་གསུངས་ཤིང༌། དབང་གསུམ་པ་དྲིལ་བུ་འཁྲོལ་བ་སོགས་ཀྱིས་བསྟན་པ་དགོངས་པར་སྣང་བས། དབང་གོང་མ་རྣམས་ཀྱང་ཟིན་ནས་དེ་ཁོ་ན་ཉིད་རྫོགས་པར་སྟོན་པ་ཡིན་པས། སློབ་དཔོན་གྱི་དབང་གི་རྗེས་སུ་དཀྱིལ་འཁོར་གྱི་དེ་ཉིད་སྟོན་པ་ཙམ་ལ་མི་བྱའི། རིམ་པ་གཉིས་ཀའི་དབང་


JLD008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པའི་དེ་ཉིད་སྟོན་པ་ལ་བྱའོ། །དེ་ལྟར་ན་ལྷ་ངོ་སྟོན་པའི་སྐབས་སུ་བསྐྱེད་རིམ་གྱི་དབང་དུ་བྱས་པའི་དཀྱིལ་འཁོར་གྱི་དེ་ཉིད་སྟོན་པ་དང༌། དེ་ཉིད་རྫོགས་པར་སྟོན་པ་དབང་རྫོགས་ནས་བྱེད་པ་གཉིས་མི་འགལ་ལོ། །གཉིས་པ་ལ་གཉིས། དབང་བསྐུར་བ་དངོས་དང༌། དེའི་མཐར་ཕྱག་བྱའོ། །དང་པོ་གཉིས། བུམ་དབང་བསྐུར་བ་དང༌། དབང་གོང་མ་བསྐུར་བའོ། །དང་པོ་ནི། མེ་ཏོག་དོར་བའི་སློབ་མ་དེ་ནི་མེ་ཏོག་གང་ལ་ཕོག་པའི་ལྷ་དེའི་རིགས་ཀྱི་མིང་ཅན་དུ་འགྱུར་བར། སློབ་དཔོན་གྱིས་ནི་མིང་དབང་བསྐུར་བའི་ཚེ་དེའི་མིང་སྟེ་གསང་མཚན་བསྟན་པའི་སྒོ་ནས་མིང་དབང་བསྐུར་རོ། །འདིར་སྡོམ་འབྱུང་ལས། ཆུ་དང་ཅོད་པན་རྡོ་རྗེ་དང༌། །དྲིལ་བུ་མིང་གི་དབང་བསྐུར་ཏེ། །དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །བརྟུལ་ཞུགས་ལུང་བསྟན་ཉིད་དང་ནི། །རྗེས་གནང་དབུགས་དབྱུང་ཕྱིར་མི་ལྡོག །སྦྱིན་བྱ་བུམ་པར་ཡང་དག་འགྱུར། ཞེས་བུམ་དབང་ལ་བཅུ་གསུངས་པ་ལ་མིང་དབང་ནི་སྐབས་འདིར་གསུངས་ལ། དྲིལ་བུ་སྒྲ་སྙན་འཁྲོལ་བ་སྒྲ་ཇི་བཞིན་པར་བཤད་པ་ན། སློབ་མས་དྲིལ་བུ་འཁྲོལ་བ་ཡིན་པས་དྲིལ་བུའི་དབང་བསྟན། ལེའུ་གཉིས་པར་བུམ་པ་ལྷག་གནས་གསུངས་པ་ནི། ཆུ་དབང་བསྐུར་བའི་ཆེད་ཡིན་པས་ཆུ་དབང་སྟེ་དབང་གསུམ་བསྟན་ཏོ། ཅོད་པན་དང་རྡོ་རྗེའི་དབང་དང་ཕྱིར་མི་ལྡོག་པའི་དབང་ལ་སོགས་པ་བདུན་ནི་བཤད་རྒྱུད་ནས་ཁ་བསྐང་སྟེ་འདིར་མ་བཤད་པ་རྣམས་དཀྱིལ་ཆོག་ལས་ཤེས་དགོས་སོ། །གཉིས་པ་ནི། བུམ་དབང་བསྐུར་བ་དེ་ནས་སློབ་མ་ལ་གསང་དབང་སྦྱིན་པའི་དོན་དུ་སློབ་དཔོན་ཧེ་རུ་ཀའི་ཏིང་ངེ་


JLD008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་ལེགས་པར་ནི་མཉམ་པར་བཞག་སྟེ་སློབ་མས་ཕུལ་བའི་རིག་མ་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་རྡོ་རྗེ་ཕག་མོར་བྱས་པ་ལ་སྙོམས་པར་འཇུག་པའི་མཆོད་པ་བྱའོ། །སྙོམས་པར་ཞུགས་པའི་རྗེས་དེ་ནས་སློབ་དཔོན་གྱིས་གསང་དབང་བསྐུར་བའི་ལས་འདི་ཡང་དག་པར་སྤྱད་པར་བྱའོ། །དུས་ནམ་གྱི་ཚེ་སྙམ་ན། ཕྱི་དེ་ཉིན་ཞེས་པ་ནམ་ཕྱེད་ན་དབང་བསྐུར་བ་ལ་བཤད་པ་ནི། འགྲེལ་པ་མང་པོས་ཉི་མ་གཉིས་པ་ལ་བཤད་པས། སྟ་གོན་ལ་ལྟོས་པའི་ཉི་མ་གཉིས་པའི་ནམ་ཕྱེད་ན་བྱ་ཞེས་པའོ། །དེ་ནས་ཞེས་པའི་རྐང་པ་བཞིས་གསང་དབང་བསྟན་པར་གོང་མ་རྣམས་བཞེད་པ་ནི་འགྲེལ་པ་མང་པོ་དང་མཐུན་ནོ། །མཚལ་ཆེན་ནི་ཁྲག་ཆེན་པོ་ཡིན་ལ། ཁྲག་གི་སྐད་དོད་རཀྟ་ནི་ཆགས་པ་ལ་ཡང་འགྲོ་བས་ཡབ་ཡུམ་གྱི་ལུས་ངག་ཡིད་གསུམ་ཆགས་པ་ལས་བྱུང་བ་ཞེས་བཤད་དེ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཐིག་ལེའོ། །དེ་ལ་འབྲུ་གསུམ་ལན་གསུམ་དུ་བཟླས་པ་ཡིས་སྔགས་པས་སློབ་མ་དེའི་སྙིང་ག་དང་མཛོད་སྤུ་དང་མགྲིན་པ་དང་སྤྱི་གཙུག་རྣམས་སུ་ཐིག་ལེ་བྱའོ་ཞེས་འཆད་དོ། །འགྲེལ་པ་གཞན་གྱིས་ནི་བླ་མ་ཡབ་ཡུམ་སྦྱོར་ཐབས་ཀྱི་སྐབས་སུ་སློབ་མའི་གདོང་བཅིངས་པ་ལ། སྙིང་པོ་དང་ཉེ་སྙིང་དང་ཕྲེང་བའི་སྔགས་བཟླས་པའི་ཐིག་ལེས། སྔར་བཤད་པའི་གནས་བཞི་དང་མིག་གཉིས་དང་ཁ་སྟེ་གནས་བདུན་དུ་གསང་བའི་རྫས་སྟེར་བ་དང༌། སློབ་མས་ཀྱང་ཁར་བྱིན་པ་བདུད་རྩི་བཞིན་དུ་མྱང་བར་བྱའོ། །ཞེས་གསང་དབང་བསྐུར་བའི་དུས་ཉིད་དུ་བྱ་བར་འཆད་དེ། འདི་ནི་


JLD008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་སྔ་མ་ལ་ཡང་སྦྱར་ན་ལེགས་སོ། །སློབ་མ་ཡི་ནི་གདོང་ཕྱེ་ལ་ཞེས་པ་འདི་སྔར་དཀྱིལ་འཁོར་བསྟན་པའི་སྐབས་དང༌། གསང་དབང་བསྐུར་བའི་རྗེས་གཉིས་ཀར་འབྲེལ་ལོ། །དེ་ལྟར་གདོང་གཡོགས་ཕྱེ་བའི་འོག་ཏུ་དབང་གསུམ་པ་བསྐུར་བ་ནི་སྔར་བསྟན་ཟིན་ཏོ། །དེ་ཉིད་ཇི་ལྟ་བུ་ཞིག་བསྟན་པས་དབང་བཞི་པ་བསྐུར་བ་ནི་འཆད་པར་འགྱུར་རོ། །དབང་ཐམས་ཅད་རྫོགས་པ་དེ་ནས་བརྟེན་པ་ལྷ་དང་ལྷ་གང་གི་ནི་གནས་རྟེན་གང་ཡིན་པའི་དཀྱིལ་འཁོར་གཉིས་ཀྱི་དེ་ཉིད་རིམ་པ་གཉིས་ཀྱི་དབང་དུ་བྱས་པ་སྟེ། དབང་རྫོགས་པ་དེར་ནི་སྟེ་དེའི་འོག་ཏུ་རྫོགས་པར་བསྟན་ཏོ། །བླ་མ་སྔ་མ་རྣམས་ཀྱིས་ནི་དེ་ནས་དཀྱིལ་འཁོར་ཞེས་པ་རྐང་པ་གསུམ་གྱིས་དབང་གསུམ་པ་བསྐུར་བ་སྟོན་པར་བཞེད་དེ། ཤེས་རབ་མ་སློབ་མའི་ལག་ཏུ་གཏད་ནས་ཕྱག་རྒྱའི་ལུས་ཀྱི་རྩ་རྣམས་རབ་གཏུམ་ལ་སོགས་པར་སྟོན་པའི་ལུས་ཀྱི་དཀྱིལ་འཁོར་དང༌། དེའི་བྷ་གར་གནས་པའི་རྩ་འཚོལ་བ་སྟོན་པ་བྷ་གའི་དཀྱིལ་འཁོར་དང༌། གནས་སྐབས་འདིར་དགའ་བ་བཞི་འདི་སྐྱེ་ཞེས་སྟོན་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྔོན་དུ་གོ་བར་བྱས་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་གཞི་བསྐུར་བ་ལ་བཤད་དེ། མན་ངག་གིས་འཆད་པའོ། །གཉིས་པ་ནི། དབང་ཟིན་པ་དེ་ནས་སློབ་དཔོན་དང་བཅས་པའི་ཕོ་བྲང་སྟེ་དཀྱིལ་འཁོར་ལ་རབ་ཏུ་སྟེ་གུས་པ་ཆེན་པོས་བཏུད་ནས། སྔར་དཀྱིལ་འཁོར་ལ་བསྐོར་བ་བྱས་པ་ལས། སླར་བླ་མ་དང་དཀྱིལ་འཁོར་གྱི་གཡོན་ནས་བརྩམས་པ་ཡིས་བསྐོར་བ་བྱའོ། །དེ་བྱས་པ་དེ་ནས་ནི་དཀྱིལ་འཁོར་དང་བླ་མ་ལ་ཕྱག་འཚལ་བའི་ཆོ་ག་སྟེ་བྱ་ཐབས་ཇི་ལྟར་གསུངས་པ་


JLD008_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཕྱག་བྱའོ། །གསུམ་པ་ལ་གཉིས། ཡོན་དབུལ་བ་དང༌། ཕུལ་བའི་ཕན་ཡོན་ནོ། །དང་པོ་ནི། དེ་བཞིན་གཤེགས་པས་གསུངས་པ་ནི་རྒྱུད་རྣམས་ལས་གསུངས་པ་ཡིན་ནོ། །གསེར་ནི་བརྒྱ་སྟོང་ནི་གསེར་སྲང་འབུམ་མོ། །ཇི་སྐད་གསུངས་པ་ནི་རྒྱུད་གཞན་ལས་བདག་འབུལ་བར་གསུངས་པ་བཞིན་ནོ། །དངོས་པོ་ཀུན་ནི་སྒོ་གསུམ་གྱི་དངོས་པོ་ཀུན་ནོ། །དེ་བཞིན་ནི་གསེར་སོགས་ཕུལ་བ་དེ་བཞིན་དུ་དབུལ་བའོ། །བདག་འབུལ་ཚུལ་ནི་དེང་ནས་ཞེས་པ་གཉིས་ཀྱིས་བསྟན་ཏེ་ལྷག་མ་ནི་གོ་སླའོ། །གཉིས་པ་ནི། དེ་ལྟར་ཞེས་པ་གཉིས་ལ་ལོ་ཆེན་གྱི་འགྱུར་ལས། དེ་ལྟར་ངེས་པར་བྱ་བ་ནི། སྒྲུབ་པ་པོ་ཡིས་རབ་ངེས་བྱ། །ཞེས་འབྱུང་བ་གསལ་ལོ། །ངེས་པར་བྱ་དགོས་པའི་ཡོན་དབུལ་བ་ནི། སྔར་བཤད་པ་དེ་ལྟར་སྒྲུབ་པ་པོ་ཡིས་ངེས་པར་བྱ་དགོས་པར་རབ་ཏུ་ངེས་པར་བྱའོ། །དེ་ལྟར་བྱས་པ་དེ་ནས་ཏེ་དེའི་རྒྱུ་ལས་སློབ་མ་དེ་ལ་མཁའ་འགྲོ་མ་བཅུ་གཉིས་དང༌། རྣལ་འབྱོར་མ་ཉེར་བཞི་རྣམས་མཉེས་པར་འགྱུར་རོ། །མཉེས་ནས་མཁའ་འགྲོ་མ་དང༌། ལཱ་མ་དང༌། དུར་སྐྱེས་མ་དང༌། གཟུགས་ཅན་མའི་རིགས་ཀྱི་མཁའ་འགྲོ་མ་དེ་རྣམས་དང་སྒྲུབ་པ་པོ་གཉིས་ལྷན་ཅིག་ཏུ་རྣམ་པར་སྤྱོད་ཅིང་ཀུན་ཏུ་འགྲོ་བར་འགྱུར་རོ། །དེ་ལྟར་འགྲོ་བས་སྒྲུབ་པ་པོ་དེའི་ཅི་བགྱི་སྟེ་བཀའ་བསྒོ་བ་ཐམས་ཅད་མཁའ་འགྲོ་མ་དེ་དག་གིས་བྱེད་པར་ཐེ་ཚོམ་མེད་དོ། །དེ་འདྲ་བའི་རྣལ་འབྱོར་འདི་ནི་གྲུབ་པར་གྱུར་ན་འཇིག་རྟེན་གསུམ་དུ་གང་གིས་ཀྱང་མི་བཟློགས་པའི་སྟོབས་དང༌། གཞན་


JLD008_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་མཐོང་བའི་མི་སྣང་བ་དང༌། ཕུག་སྟེ་ས་འོག་གི་བུ་གར་རྒྱུ་བའི་ས་འོག་གི་དངོས་གྲུབ་དང༌། ནམ་མཁར་རྒྱུ་བ་སྟེ་མཁའ་སྤྱོད་དང༌། གྲུབ་པའི་སྨན་རྐང་པ་ལ་བྱུགས་པས་གང་འདོད་པའི་གནས་སུ་སླེབ་པའི་རྐང་མགྱོགས་དང༌། དེ་བཞིན་དུ་དངུལ་ཆུ་སོགས་ཀྱི་གྲུབ་པའི་རྫས་འགའ་ཞིག་ཟོས་པས། ཚེ་བསྐལ་པར་ཐུབ་པའི་བཅུད་ཀྱིས་ལེན་རྣམས་སྒྲུབ་པ་པོ་ནི་འདོད་པ་ཙམ་གྱིས་རྟག་པར་རྒྱུན་དུ་སྐྱེད་པར་འགྱུར་རོ། །གཟུགས་ནི་མི་འདྲ་བ་དུ་མའི་སྤྲུལ་པ་བྱེད་པ་དང༌། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང༌། ཁྱད་པར་དུ་གདུག་པའི་མཁའ་འགྲོ་མ་རྣམས་ཀྱང་ངེས་པར་ཟིལ་གྱིས་གནོན་པར་བྱེད་དོ། །ལོ་ཆེན་གྱི་འགྱུར་ལས། མཁའ་འགྲོ་རྣམས་ཀྱང་ཁྱད་པར་དུ། །ངེས་གནོན་འགྲོ་བ་ཐམས་ཀྱང༌། ཞེས་འབྱུང་ངོ༌། །མཁའ་འགྲོ་མ་རྣམས་སུ་མ་ཟད་འགྲོ་བ་གཞན་རྣམས་ལན་ཅིག་བལྟས་པ་ཙམ་གྱིས་གནོན་པར་བྱེད་དོ། །དེ་འདྲ་བའི་རྣལ་འབྱོར་པས་སྐད་ཅིག་གིས་ནི་ཐབས་ཤེས་རབ་དབྱེར་མེད་པར་སྦྱོར་བ་ཉིད་སྐྱེད་པར་བྱེད་དོ། །བཞི་པ་ནི། གལ་ཏེ་དཀྱིལ་འཁོར་དུ་དབང་བསྐུར་བ་མ་ཐོབ་ཀྱང་ལམ་བསྒོམ་པས་འབྲས་བུ་འགྲུབ་པར་འགྱུར་རམ་སྙམ་ན། སྔགས་པས་དཀྱིལ་འཁོར་མ་མཐོང་བ་སྟེ། དཀྱིལ་འཁོར་དུ་མ་ཞུགས་པ་དང་དེར་དབང་མ་བསྐུར་བར་གང་ཞིག་རྣལ་འབྱོར་པ་ཉིད་དང་དངོས་གྲུབ་འགྲུབ་པར་འདོད་པ་ནི། ནམ་མཁའ་ལ་ཁུ་ཚུར་གྱིས་བརྡེབས་ཀྱང་མི་ཕོག་པ་དང༌། སྨིག་རྒྱུའི་ཆུ་ནི་འཐུང་བར་འདོད་ཀྱང་འཐུང་མི་ནུས་པ་དང་མཚུངས་ཏེ་འབད་པ་དོན་མེད་ཅིང༌། དབང་མ་ཐོབ་པར་ཞུགས་པས་དམྱལ་བར་འགྲོ་བ་


JLD008_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་སོ། །འདིས་ནི་དབང་ལེགས་པར་མ་ཐོབ་པར་སྔགས་ཀྱི་ལམ་ལ་འཇུག་པ་དང༌། དབང་ཡང་དཀྱིལ་འཁོར་དུ་ཞུགས་ཏེ་མཐོང་ནས་དབང་རྣམས་རིམ་གྱིས་བསྐུར་བ་མ་བྱས་པར། དབང་གི་ཁྱད་པར་འགའ་ཞིག་བསྐུར་ནས་ལམ་ལ་འཇུག་པ་རྣམས་ངལ་བ་དོན་མེད་པར་བསྟན་ཏོ། །ལྔ་པ་ལ་གཉིས། འདིའི་དབང་བསྐུར་བ་མཆོག་ཏུ་བསྟན་པ་དང༌། དབང་བསྐུར་འདི་རྙེད་དཀའ་བ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བའི་རྣལ་འབྱོར་པ་དང༌། རྒྱུད་འདིའི་རྣལ་འབྱོར་འདི་ནི་རིམ་པ་བཞིན་དུ་གཞན་ལས་མཆོག་ཏུ་གྱུར་པས་རབ་ཡིན་ལ། སྦྱོར་བ་སྟེ་རྣལ་འབྱོར་གཞན་གྱི་དམ་པ་སྟེ་མཆོག་གོ། གང་ཅུང་ཟད་ཅིག་ཡིད་ལ་འདོད་པ་དེ་དང་དེར། ལྷ་དང་ལྷ་མིན་དང་མི་རྣམས་ཏེ་འདི་དག་ཟིལ་གྱི་མནན་ནས་འགྲོ་ཞིང༌། ཇི་ལྟར་འདོད་པ་བཞིན་དུ་སྤྱོད་དོ། །ལོ་ཆེན་གྱི་འགྱུར་ལས། གང་ཞིག་ཅུང་ཟད་འདོད་གྱུར་པ། ཞེས་འབྱུང་ངོ༌། །བདེ་མཆོག་གི་རྒྱུད་འདི་རུ་ནི་དབང་བསྐུར་བའི་གང་ཟག་དེ་བྱ་བ་ལ་སོགས་པའི་རྒྱུད་བཞི་པོ་ཐམས་ཅད་ཀྱི་ནི་སྒྲུབ་པ་པོར་གསུངས་ལ། འདིར་དབང་བསྐུར་ན་བལྟས་པ་སྟེ་བྱ་བའི་རྒྱུད་དང༌། རྒོད་པ་སྟེ་སྤྱོད་པའི་རྒྱུད་དང༌། ལག་པ་འཛིན་པའམ་ལག་བཅངས་ཏེ་རྣལ་འབྱོར་གྱི་རྒྱུད་དང༌། གཉིས་གཉིས་འཁྱུད་པ་སྟེ་བླ་མེད་ཀྱི་རྒྱུད་དུ་དབང་བསྐུར་བར་ནི་གྱུར་པ་ཡིན་པས། རྒྱུད་འདི་ནི་རྒྱུད་རྣམས་ཀུན་གྱི་དམ་པ་སྟེ་མཆོག་ཡིན་པས་འདིའི་རྣལ་འབྱོར་པ་ནི་ལྷ་མི་ཐམས་ཅད་


JLD008_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་མནན་ནས་འགྲོ་བ་ཡིན་ནོ། །མལ་གྱི་འགྱུར་ལས། རྒོད་དང་བལྟས་དང་ལག་བཅངས་དང༌། གཉིས་གཉིས་འཁྱུད་པ་ལ་སོགས་པ། ཞེས་འབྱུང་བ་ལྟར་ལེགས་སོ། །ཁ་ཅིག་སོགས་ཀྱི་སྒྲས་ནི་མ་ཡི་ཡང་མ་བླ་ན་མེད་པ་བདེ་མཆོག་གི་རྒྱུད་བསྟན། ཞེས་འདོད་མོད་ཀྱང༌། བདེ་མཆོག་གི་རྒྱུད་ཀྱང་གཉིས་སྤྲོད་ཀྱི་རྒྱུད་ཡིན་པས་དེ་ལས་ལོགས་ན་མེད་དོ། །དེའི་ཕྱིར་སོགས་ཀྱི་སྐད་དོད་མཆོག་ལ་ཡང་འགྲོ་བར་བཤད་པས། གཉིས་སྤྲོད་ཀྱི་རྒྱུད་མཆོག་ཡིན་པའི་དོན་ནོ། །འདིར་དབང་བསྐུར་བ་ཐོབ་ན་རྒྱུད་ཐམས་ཅད་ཀྱི་སྒྲུབ་པ་པོར་གསུངས་པའི་དོན་ནི། །རྒྱུད་ཐམས་ཅད་ཀྱི་མེད་མི་རུང་གི་གཙོ་བོའི་དོན་རྣམས་འདིའི་ལམ་དུ་འདུས་པ་ལ་དགོངས་ལ། འདིར་དབང་བསྐུར་ན་རྒྱུད་བཞི་པོར་དབང་བསྐུར་བར་གསུངས་པ་ནི། གཞན་རྣམས་ཀྱི་དབང་བསྐུར་རྣམས་འདི་ཐོབ་ན་ལོགས་སུ་ཞུ་མི་དགོས་པར་སྟོན་པའི་དོན་མིན་གྱི། ཨ་བྷི་ཥེ་ཀའི་སྒྲ་ལ་ངེས་ཚིག་གིས་བཤད་པ་བྱས་པས། སྡིག་པའི་དྲི་མ་འཁྲུད་པ་དང༌། ནུས་པ་འཇོག་པར་བཤད་པ་རྣམས་འདིའི་དབང་བསྐུར་གྱི་ནང་དུ་འདུས་པར་སྟོན་པ་ཡིན་ནོ། །གཉིས་པ་ནི། རྩ་བའི་རྒྱུད་དེ་ཉིད་བསྡུད་པའམ། བདེ་མཆོག་གམ་ཞེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་འཆད་ཅིང༌། དེ་ཉིད་འདིའི་རྩ་རྒྱུད་རྒྱས་པར་འདོད་པ་ནང་འགལ་ཡིན་ལ། ཀུན་སྤྱོད་ལས། ནམ་མཁའ་དང་ནི་མཉམ་པའི་རྒྱུད། །འབུམ་གཅིག་ན་ཡང་འདི་དག་བཤད། ཅེས་གསུངས་པས་རྒྱུད་དེར་རྒྱུད་འདིའི་དཀྱིལ་འཁོར་མ་བསྟན་པ་མིན་ནོ། །དེས་ན་མར་དོས། སངས་རྒྱས་མཉམ་སྦྱོར་དུ་གྲགས་པ་སྒྱུ་མ་


JLD008_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལ་བཞེད་པ་ལེགས་པ་ཡིན་ནོ། །གསང་བ་ནི་གསང་བ་འདུས་སོ། །རྡོ་རྗེ་འཇིགས་བྱེད་ནི་དེའི་རྒྱུད་ཆེན་པོར་མངོན་པས་དེ་དག་ལས། དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི་ནི་སྔར་མ་བྱུང་ཞིང་ཕྱིས་འབྱུང་བར་མི་འགྱུར་རོ། །དེ་ལྟར་གསུངས་པས། གཞན་དེ་རྣམས་ཀྱི་དཀྱིལ་འཁོར་ལས་འདིའི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་པ་མིན་གྱི། རྒྱུད་ཟབ་ལ་རྒྱས་པ་དེ་དག་ཏུ་ཡང་མ་བྱུང་བས་ཤིན་ཏུ་རྙེད་དཀའོ་ཞེས་པ་དོན་ནོ། །དེ་ལྟ་མ་ཡིན་ན་རྒྱུད་དེ་རྣམས་ཀྱི་དཀྱིལ་འཁོར་ཡང་འདིར་མ་བྱུང་བས་འདི་ལས་མཆོག་ཏུ་འགྱུར་རོ། །རྒྱུད་འདིར་བཤད་པ་དང་འདིར་མ་བཤད་པར་རྒྱུད་གཞན་དུ་བཤད་པའི་དངོས་གྲུབ་གང་ཅི་ཡང་རུང་བ་དེ་ཀུན་ཏེ་ཐམས་ཅད་ནི། དཔལ་ལྡན་ཁྲག་འཐུང་སྟེ་ཧེ་རུ་ཀའི་རིམ་གཉིས་ཀྱི་རྣལ་འབྱོར་འདི་ལ་གནས་སྟེ། འདི་ལ་བརྟེན་ནས་འགྲུབ་པའོ། །སྔ་མ་རྣམས་ཀྱིས་དབང་གི་ཆེ་བ་དང༌། འདིས་དབང་དེ་ཐོབ་ནས་སྒོམ་པའི་ལམ་གྱི་ཆེ་བ་བསྟན་ཏོ། །དྲུག་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། བླ་མ་ལ་ཡོན་དབུལ་བ་དང་བཅས་པའི་དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་གསུམ་པའོ། །འགྱུར་ཁ་ཅིག་ལས་ཕན་ཡོན་དང་བཅས་པ་ཞེས་དང༌། གཞན་ལས་ཡོན་ཏན་དང་བཅས་པ་ཞེས་ཀྱང་འབྱུང་ངོ༌། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་གསུམ་པའི་བཤད་པའོ།། ༈ །།གཉིས་པ་སྣོད་དུ་


JLD008_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ལ་གསང་བ་རྒྱས་པར་བཤད་པ་ལ་བཅུ་གཅིག །ལམ་གྱི་གསང་བ་རྒྱས་པར་བཤད་པ་དང༌། སྔགས་དང་བསམ་གཏན་གྱིས་འགྲུབ་པ་རྒྱས་པར་བཤད་པ། རིགས་ལྡན་མ་མཆོད་པ་རྒྱས་པར་བཤད་པ། རྩ་སྔགས་བསྟན་ཅིང་བསྲུང་བའི་དམ་ཚིག་རྒྱས་པར་བཤད་པ། སྤྲོས་བཅས་ཀྱི་སྤྱོད་པ་རྒྱས་པར་བཤད་པ། བར་ཆད་སེལ་བའི་བསྲུང་བའི་སྔགས་བཏུ་བ། བཟའ་བའི་དམ་ཚིག་རྒྱས་པར་བཤད་པ། མཆོག་པ་བཞིའི་གསང་བ་རྒྱས་པར་བཤད་པ། སྤྱོད་པ་ལྷག་མ་གཉིས་རྒྱས་པར་བཤད་པ། དངོས་གྲུབ་འགྲུབ་པའི་མཚན་མ་བརྟག་པ། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་གཞན་བསྟན་པའོ། །དང་པོ་ནི། བཤད་རྒྱུད་ལས། ཇི་ལྟར་ཉེ་བར་བསྟན་པ་བཞིན། ཕྱི་ནས་དམ་ཚིག་སྤྱོད་པར་བརྩོན། སྣོད་དུ་བྱས་པའི་རྒྱུན་ལས་ནི། །འཁོར་ལོ་ལ་སོགས་སྒོམ་རིམ་གྱིས། །ཡང་དག་མན་ངག་ཕུན་ཚོགས་རྣམས། །འགྲུབ་པར་འགྱུར་རོ་གཞན་དུ་མིན། ཞེས་དབང་གི་དུས་སུ་ཁས་བླངས་པ་བཞིན་དུ། ཕྱི་ནས་དམ་ཚིག་བསྲུང་བ་ལ་བརྩོན་པ། སྣོད་རུང་དུ་བྱས་པ་དེས་དཀྱིལ་འཁོར་གྱི་འཁོར་ལོ་སོགས་སྒོམ་པའི་རིམ་པས། ཡང་དག་མན་ངག་རྣམས་འགྲུབ་པར་འགྱུར་རོ། །དེ་ལྟར་མ་བྱས་ན་མི་འགྲུབ་པར་གསུངས་པས། དབང་ཐོབ་པ་དེས་ཐོག་མར་དམ་ཚིག་རྣམས་ཤེས་པར་བྱས་ལ་ལེགས་པར་བསྲུང་ངོ༌། །དེ་ནས་རིམ་གཉིས་ཀྱི་ལམ་བསྒོམ་དགོས་ལ། དེ་ཡང་ལེའུ་འདིར་རིམ་གཉིས་ཀྱི་དེ་ཉིད་བཞི་ཚན་གཉིས་ཀྱིས་སྟོན་ནོ། །འདི་ལ་གསུམ། བསྐྱེད་རིམ་


JLD008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་ཉིད་བཞི་དང༌། རྫོགས་རིམ་པའི་དེ་ཉིད་བཞི་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། ལེའུ་གསུམ་པ་བཤད་པའི་རྗེས་དེ་ནས་བཞི་པ་བཤད་པར་བྱའོ། །ཞེས་སྦྱར་རོ། །མཁའ་འགྲོ་མ་རྣམས་ནི་རང་གི་གནས་སྤྱིར་གཞལ་ཡས་ཁང་དང༌། ཁྱད་པར་དུ་འཁོར་ལོ་གསུམ་ན་རྣམ་པར་འགྱིང་བ་སྟེ་རོལ་ལོ་ཞེས་པས་རྟེན་དཀྱིལ་འཁོར་གྱི་དེ་ཉིད་སྟོན་ཏེ། ཕྱི་དཀྱིལ་དང་ལུས་དཀྱིལ་གཉིས་ཀ་གཟུང་ངོ༌། །ལེའུ་གཉིས་པར་དཀྱིལ་འཁོར་གྱི་མཚན་ཉིད་གསལ་བར་བསྟན་པས་འདིར་གནས་ན་ཞེས་བསྡུས་ཏེ་གསུངས་སོ། །བརྩོན་ཆེན་ཞེས་སོགས་ནི། ཀུན་སྤྱོད་ལས། ལྷ་རྣམས་བཟློག་སྟེ་བཀོད་པ་དང༌། སྔགས་ཀྱི་དབྱེ་བ་བཟློག་པ་དང༌། སྒོམ་པ་གསང་བ་བཟློས་པ་ནི། །སྙིང་པོ་ཐམས་ཅད་རབ་སྒྲུབ་བྱེད། ཅེས་གསུངས་པ་ལྟར་ལྷ་རྣམས་གོ་རིམ་བཟློག་པར་མ་ཟད་སྔགས་རྣམས་བཟློག་པ་དང༌། སྒོམ་པ་གསང་བའི་གོ་རིམ་ཀྱང་བཟློག་ནས་གསུངས་ལ། དེའི་དགོས་པ་ནི་བླ་མའི་མན་ངག་ལ་རག་ལས་པར་བསྟན་པའི་ཆེད་དུ་ཡིན་ནོ། །འཁྲུགས་བསྡེབས་ཏེ་བཤད་ན། རབ་གཏུམ་མ་སྔོན་ལ་དང༌། བརྩོན་ཆེན་མ་རྗེས་སུ་འོང་ངོ༌། །དེ་ལྟར་ན་རབ་གཏུམ་མ་དང༌། གཏུམ་མིག་མ་དང༌། འོད་ལྡན་མ་དང༌། སྣ་ཆེན་མ་བཞི་ནི་ཐུགས་འཁོར་གྱི་ཤར་ནས་བརྩམས་ཏེ་གཡོན་སྐོར་གྱིས་ཕྱོགས་བཞིར་དགོད་དོ། །དེ་བཞིན་དུ་དཔའ་བོའི་བློ་གྲོས་མ་དང༌། མིའུ་ཐུང་མ་དང༌། ལང་ཀའི་དབང་ཕྱུག་མ་དང༌། ཤིང་གྲིབ་མ་བཞི་ནི་ཐུགས་འཁོར་གྱི་མེ་ནས་


JLD008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་གཡས་སྐོར་གྱིས་མཚམས་བཞིར་དགོད་དོ། །ས་སྲུང་མ་དང༌། འཇིགས་བྱེད་ཆེན་མོ་དང༌། རླུང་ཤུགས་མ་དང༌། ཆང་འཐུང་མ་བཞི་ནི་གསུང་འཁོར་གྱི་ཤར་ནས་བརྩམས་ཏེ་གཡོན་སྐོར་གྱིས་ཕྱོགས་བཞི་དང༌། ཤྱེ་མ་ཞེས་པ་སྔོ་བསངས་དང༌། ལྗང་གུ་གཉིས་ཀར་ལ་འཇུག་པས་སྔོ་བསངས་ལྷ་མོའམ་ལྗང་ལྷ་མོ་དང༌། རབ་ཏུ་སྟེ་ཤིན་ཏུ་བཟང་མོ་དང༌། རྟ་རྣ་མ་དང༌། མཁའ་འགྲོ་གདོང་མའམ་བྱ་གདོང་མ་བཞི་ནི་གསུང་འཁོར་གྱི་མེ་ནས་བརྩམས་ཏེ་གཡས་སྐོར་གྱི་མཚམས་བཞིར་དགོད་དོ། །འཁོར་ལོའི་ཤུགས་མ་དང༌། དུམ་སྐྱེས་མ་དང༌། སྣ་ཆེན་མ་སྟེ་གླང་སྣ་མའམ་ཆང་འཚོང་མ་དང༌། འཁོར་ལོའི་གོ་ཆ་མ་བཞི་ནི་སྐུ་འཁོར་གྱི་ཤར་ནས་བརྩམས་ཏེ་གཡོན་སྐོར་གྱིས་ཕྱོགས་བཞི་དང༌། རབ་སྟེ་ཤིན་ཏུ་དཔའ་མོ་དང༌། སྟོབས་ཆེན་མ་དང༌། འཁོར་ལོ་སྒྱུར་མ་དང༌། བརྩོན་འགྲུས་ཆེན་མོ་བཞི་ནི་མེ་ནས་བརྩམས་ཏེ་གཡས་སྐོར་གྱིས་སྐུ་འཁོར་གྱི་མཚམས་བཞིར་དགོད་དོ། །སྒྲུབ་བྱེད་ཡིན་ཞེས་པ་རྒྱ་དཔེ་ལ་མེད་ཟེར་བ་ནི་རྒྱ་དཔེ་གཅིག་ལ་མ་མཐོང་བས་རྒྱ་དཔེ་ལ་མེད་པ་མིན་ལ། ལོ་ཙཱ་བ་གསུམ་གྱི་འགྱུར་ལ་ཡང་དེ་ལྟར་འབྱུང་ངོ༌། །དེས་ན་མཁའ་འགྲོ་མ་དེ་རྣམས་ནི་སྒྲུབ་པ་པོའི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ཞེས་པའོ། །སྐབས་འདིར་མལ་གྱི་འགྱུར་ལས། སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟར་ཕྱི་རོལ་ནང་དེ་བཞིན། ཞེས་པ་ཅིག་འབྱུང་ལ། མར་དོའི་འགྱུར་གྱི་དཔེ་ཁ་ཅིག་ལ་ཡང་འབྱུང་ཞིང༌། ལྭ་བ་པ་སོགས་ཀྱི་འགྲེལ་པ་ལས་ཀྱང་འབྱུང་བས་དེ་ཡོད་པ་ལེགས་སོ། །དེ་ལྟར་ན་རབ་གཏུམ་མ་ལ་སོགས་པ་རྣམས་


JLD008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་རྩིབས་ཀྱི་དབུས་སུ་འགོད་པ་དེ་བཞིན་དུ། ནང་ལུས་དཀྱིལ་ལ་ཡང་སྤྱི་བོ་ནས་པུས་མོའི་བར་ཉེར་བཞིར་དགོད་པར་བྱའོ། །ཞེས་ལུས་དཀྱིལ་བསྟན་ཏོ། །ལེའུ་འདིའི་མཚན་ལ་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པ་ཞེས་གསུངས་ཤིང༌། ལྭ་བ་པས་ཀྱང་ལུས་དཀྱིལ་ལ་དཔའ་བོ་དང་དཔའ་མོ་གཉིས་ཀ་དགོད་པར་གསུངས་ལ། དེ་ནི་ཕྱི་དཀྱིལ་ལ་ཡང་འདྲ་བས། དེ་དག་གིས་མཚོན་ནས་ལྷ་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །མཁའ་འགྲོ་མ་ཉི་ཤུ་རྩ་བཞི་པོ་འདི་དག་ནི་སྔོན་ཉིད་གྲུབ་པ་ཡིན་ཞེས་པ་ནི་ཉེར་བཞི་གཙོ་བར་བྱས་པས་ནི། རི་རབ་ཀྱི་རྡུལ་གྱི་གྲངས་སྙེད་རྣམས་གཟུང་སྟེ། ཉེར་བཞིས་དེ་རྣམས་བསྡུས་སོ་ཞེས་ལྭ་བ་པས་བཤད་དེ། སྔོན་ཉིད་དེ་ཐོག་མར་གྲུབ་པའི་གཙོ་མོ་རྣམས་བཤད་ཅེས་པའི་དོན་ནོ། །ལྷའི་དེ་ཉིད་བསྟན་ནས་སྔགས་ཀྱི་དེ་ཉིད་ནི། ལྷ་དྲུག་ཅུ་པོ་རང་རང་གི་མིང་དབུས་སུ་བརྗོད་པའི་སྔགས་ལ་ནི། སྔགས་ཐམས་ཅད་གསལ་བ་སྟེ་མཛེས་པར་བྱེད་པའི་ཨོཾ་ནི་ཐོག་མ་དང༌། མཐར་ནི་ཧུཾ་ཧཱུྃ་ཕཊ་དང་སྦྱར་བར་བྱ། སྟེ། དཔེར་ན་ཨོཾ་ཌཱ་ཀི་ནི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་སོགས་དང༌། ཨོཾ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལ་པྲ་ཙཎྜི་ཧཱུཾ་ཧཱུཾ་ཕཊ། ཅེས་སོགས་དང༌། ཨོཾ་ཀ་ཀ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་སོགས་སོ། །ཧེ་རུ་ཀའི་དཀྱིལ་འཁོར་སྒོམ་པ་དང༌། དེའི་ཐུགས་རྒྱུད་བསྐུལ་བའི་སྔགས་བཟླས་པ་རབ་སྟེ་ཤིན་ཏུ་མཆོག་ཏུ་གྱུར་པ་འདི་མཐོང་ན། འདི་ནི་མེ་དང་འདྲ་ལ་གཞན་དག་སྟེ་རྒྱུད་སྡེ་གཞན་གསུམ་གྱི་ལྷ་


JLD008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་དང༌། སྔགས་ཟློ་བ་ནི་འབུས་སྙིང་པོ་ཟོས་པའི་རྩྭ་དང་མཚུངས་པ་སྟེ་སྟོབས་ཆུང་བའི་དོན་ནོ། །ལོ་ཆེན་གྱི་འགྱུར་ལས་གཞན་དག་སྙིང་པོ་མེད་རྩྭ་མཚུངས། ཞེས་འབྱུང་ངོ༌། །དེའི་རྒྱུ་མཚན་ནི། འདིའི་རྣལ་འབྱོར་གྱིས་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི། སྔར་དཔའ་མོ་ཉེར་བཞི་བཤད་པ་དེ་ཁོ་ནའམ་སྙམ་ན། དཔའ་བོ་ཉིད་དུ་འགྱུར་བ་གྲུབ་པ་སྟེ་རྫོགས་པར་བྱའོ། །འདི་ལྷའི་དེ་ཉིད་ཀྱི་སྐབས་སུ་འབྲེལ་ལོ། །ཁྱིམ་དུ་ནི་ཕྱག་རྒྱའི་པདྨའི་ནང་ཡིན་ལ། དཀྱིལ་འཁོར་མཐོང་བ་ནི་སྙོམས་འཇུག་གི་དུས་སུ་དེའི་བདེ་བས་དཀྱིལ་འཁོར་མཆོད་པ་ལ་འཆད་དེ། དེའི་དུས་སུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ལ་བྱས་ན་ལེགས་སོ། །ཚུལ་དེ་ཤེས་ནས་རྟག་ཏུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ན་དངོས་གྲུབ་རྣམས་དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་འཐོབ་བོ། །དེ་ལྟར་བསྐྱེད་རིམ་པའི་དེ་ཉིད་བཞི་ལ་སྦྱར་ཏེ་བཤད་པས་ནི། འབྱུང་བཞི་རི་རབ་གཞལ་ཡས་ཁང་དང་བཅས་པ་བསྒོམས་པའི་ནང་དུ་ཕྱི་དཀྱིལ་གྱི་ལྷ་རྣམས་དང༌། ནང་ལུས་དཀྱིལ་གྱི་ལྷ་རྣམས་སྒོམ་པ་དང༌། དེ་ལྟར་བསྒོམས་པའི་ཕྱི་ནང་གི་ལྷའི་ཐུགས་རྒྱུད་བསྐུལ་བའི་བཟླས་པ་བྱེད་པ་དང༌། ཡབ་ཡུམ་སྙོམས་པར་ཞུགས་ཏེ་བསྐྱེད་རིམ་པའི་བདེ་ཆེན་བསྐྱེད་ནས་སྒོམ་པ་བསྟན་ཏེ། བསྐྱེད་རིམ་གྱི་གནད་ཚང་བ་སྟོན་ནོ། །གཉིས་པ་ནི། ཡང་གཞུང་དེ་རྣམས་རྫོགས་རིམ་གྱི་དེ་ཉིད་བཞི་ལ་སྦྱར་ཏེ་བཤད་པ་ལ། རྟེན་གྱི་དཀྱིལ་འཁོར་གྱི་དེ་ཉིད་ནི། འབྱུང་བཞི་རི་རབ་གཞལ་


JLD008_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་དང་བཅས་པ་ནང་ལུས་ལ་སྦྱར་ལ། བསྐྱེད་རིམ་གྱི་ལུས་དཀྱིལ་སྒོམ་པའི་དབང་དུ་བྱས་པ་འདིར་མིན་ཞིང༌། ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་གང་ལ་གནད་དུ་བསྣུན་པའི་རྡོ་རྗེའི་ལུས་འཆད་པ་རྫོགས་རིམ་གྱི་དབང་དུ་བྱས་པ་ལེའུ་དང་པོར་བཤད་པ་བཞིན་ནོ། །བརྟེན་པ་ལྷའི་དེ་ཉིད་ནི། ནང་གི་རབ་གཏུམ་མ་སྤྱི་བོའི་རྩ་ལ་སྦྱོར་བ་སོགས་ལུས་ཀྱི་རྩ་རྣམས་ལ་སྦྱོར་བ་ནི་མི་འཐད་དེ། བསྐྱེད་རིམ་པའི་ལུས་དཀྱིལ་གྱི་སྐབས་སུ་ཡང༌། རྩ་དེ་རྣམས་ལས་ལྷ་བསྐྱེད་དགོས་པས་རྩ་ལ་སྦྱོར་བ་བསྐྱེད་རིམ་ལ་ཡང་ཡོད་པའི་ཕྱིར་རོ། །དེས་ན་ལྷ་སོ་བདུན་ཞལ་ཕྱག་གི་རྣམ་པ་ཅན་འདི་ལ་བསྐྱེད་རིམ་པའི་སྔགས་ཀྱི་སྐུ་དང༌། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་གཉིས་ཡོད་པའི་གཉིས་པ་ནི། སྒྱུ་མའི་སྐུ་ཞེས་བཤད་པ་དེ་ཡིན་ཏེ། དེ་དང་བྲལ་ན་རྣལ་འབྱོར་པ་སྤུན་ཀོགས་བཞིན་དུ་སྙིང་པོ་མེད་པར་མཁའ་འགྲོ་རྒྱ་མཚོ་ལས་གསུངས་པ་སྔར་བཤད་ཟིན་ཏོ། །ཇོ་བོ་ཆེན་པོའི་ལཱུ་ཨི་པའི་འགྲེལ་པ་ལས་ཀྱང༌། འོན་ཀྱང་ཀུན་རྫོབ་ཏུ་རླུང་དང་སེམས་ཙམ་ལས་ལྷ་སུམ་ཅུ་རྩ་བདུན་མེ་ལོང་གི་གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་དང་བཅས་པ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་ལྟོས་ཤིག །དེ་ནི་རྒྱུ་དང་རྐྱེན་ལས་སྐྱེ་བས་ཀུན་རྫོབ་བོ། ཞེས་བདེ་མཆོག་གི་ལུགས་ལ་ཡང་སྒྱུ་མའི་སྐུའི་དཀྱིལ་འཁོར་ཤིན་ཏུ་གསལ་བར་བསྟན་ནོ། །སྔགས་ཀྱི་དེ་ཉིད་ནི། སྔགས་བཟླས་པའི་ངེས་དོན་རྡོར་བཟླས་སོགས་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་


JLD008_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ཡེ་ཤེས་ཀྱི་དེ་ཉིད་ནི། རྡོར་བཟླས་སོགས་ནང་གི་ཐབས་དང༌། ཁྱིམ་དུ་ཞེས་པའི་ཕྱིའི་ཐབས་ལ་བརྟེན་ནས་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་ཆེན། དེ་ཁོ་ན་ཉིད་ཀྱི་དོན་ལ་དབྱེར་མེད་པར་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་སོ། །དེ་ལྟར་དེ་ཉིད་བཞི་རྫོགས་རིམ་ལ་སྦྱར་ཏེ་བཤད་པའི་དང་པོས་ནི། གནད་དུ་བསྣུན་སའི་རྡོ་རྗེའི་ལུས་དང༌། གསུམ་པས་ནི་དེར་གནད་དུ་བསྣུན་པའི་ཐབས་དང༌། བཞི་པས་ནི་ཐབས་གཉིས་ཀྱིས་དྲངས་པའི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་དང༌། གཉིས་པས་ནི་ལྷན་ཅིག་སྐྱེས་དགའ་འོད་གསལ་གྱི་རླུང་སེམས་ཙམ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་ལུས་བསྟན་པས་རྫོགས་རིམ་གྱི་གནད་ཀུན་སྟོན་ནོ། །དེ་ལྟར་ཡེ་ཤེས་ཀྱི་དེ་ཉིད་དང་ལྷའི་དེ་ཉིད་གཉིས་དབྱེར་མི་ཕྱེད་པའི་དོན་འདི་དབང་བཞི་པ་བསྐུར་བའི་དུས་སུ། ཚིག་གིས་ལེགས་པར་བརྡ་སྤྲད་པ་ལ་བརྟེན་ནས་ཚིག་དབང་རིན་པོ་ཆེ་འཐོབ་བོ། །ལྭ་བའི་ན་བཟའ་ཅན་གྱིས། དབང་བསྐུར་བ་བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བ་ནི། འདི་སྐད་དུ། དེ་ཉིད་མ་ལུས་པའི་དོན་ཕུན་སུམ་ཚོགས་པར་བྱེད་པ་རྟོག་པའི་རྙོག་པ་དང་བྲལ་བ་ཉིད་ཀྱིས། བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ། ཐུབ་པའི་ཚོགས་དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བའི་དཀྱིལ་འཁོར་གྱི་བདག་ཉིད། ཡིད་བཞིན་གྱི་ནོར་བུ་ལྟ་བུ་བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་གི་སྦྱིན་པར་བྱའོ། ཞེས་གསུངས་པ་གང་ཡིན་པ་སྟེ། ཞེས་ངོས་གཟུང་བ་ཡང་སྔར་བཤད་པ་དང་འདྲ་སྟེ། རྟོག་པའི་རྙོག་པ་དང་བྲལ་བས་ཡང་དག་


JLD008_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པ་དང་ཐ་མི་དད་པ་ནི་འོད་གསལ་གྱི་ཡེ་ཤེས་ཡིན་ལ། འོད་ཟེར་འཕྲོ་བའི་དཀྱིལ་འཁོར་གྱི་བདག་ཉིད་ནི་སྔར་བཤད་པའི་སྒྱུ་མའི་སྐུའི་དཀྱིལ་འཁོར་རོ། །ཇོ་བོ་ཆེན་པོའི་ལཱུ་ཨི་པའི་འགྲེལ་པ་ལས་ཀྱང༌། དེ་ལྟར་བདེན་པ་གཉིས་མི་ཕྱེད་པ་ཟུང་དུ་འཇུག་པ་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་བཞི་པའོ། ཞེས་དོན་གྱི་དབང་བཞི་པ་ཟུང་འཇུག་ལ་གསལ་བར་གསུངས་སོ། །དེ་ལྟར་ན་དོན་གྱི་དབང་བཞི་པ་ཟུང་འཇུག་ལ་ངོ་སྤྲོད་པ་ན་ལུགས་འདི་ལ་ཡང་གནད་ཤིན་ཏུ་ཆེའོ། ། དེ་ཉིད་བཞི་ཚན་གཉིས་ལ་སྦྱར་ཏེ་འཆད་པ་འདི་ནི་ལོ་ཙཱ་བ་གཉིས་ཀྱི་བཤད་སྲོལ་ལ་བརྟེན་ནས་བཤད་པའོ། །རྩ་རྒྱུད་ཀྱི་ལེའུ་དང་པོའི་དོན་བཤད་རྒྱུད་ཀྱིས་བཤད་པ་ལས། འདི་རྒྱས་པ་མིན་ཡང་རྩ་རྒྱུད་ཉིད་ལ་ལྟོས་ན། ལེའུ་འདིས་དེ་ནས་གསང་བ་ཞེས་པ་ནས། མཉན་པར་གྱིས་ཞེས་པའི་བར་གྱི་དོན་རྒྱས་པར་བཤད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཕྱི་དང་ལུས་ཀྱི་དཀྱིལ་འཁོར་ལ་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པའི་ལེའུ་སྟེ་བཞི་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཞི་པའི་བཤད་པའོ།། ༈ །།གཉིས་པ་སྔགས་དང་བསམ་གཏན་གྱིས་འགྲུབ་པ་རྒྱས་པར་བཤད་པ་ལ་གཉིས། བཟླས་པའི་སྔགས་བཏུ་བ་དང༌། སྔགས་བཟླས་པས་དངོས་གྲུབ་སྒྲུབ་ཚུལ་ལོ། །དང་པོ་ལ་བཞི།


JLD008_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བ་དང༌། དཔའ་བོའི་གོ་ཆའི་སྔགས་བཏུ་བ། རྩ་བའི་སྔགས་ཀྱི་དབྱངས་ཡིག་བཏུ་བ། གོ་བཟློག་པའི་སྙིང་པོ་དང་དཔའ་མོའི་གོ་ཆའི་སྔགས་བཏུ་བའོ། །དང་པོ་ལ་གཉིས། གཞུང་དངོས་དང༌། ལེའུའི་མཚན་ནོ། །དང་པོ་ལ་གསུམ། སྔགས་བཏུ་བའི་གཞི་དགོད་པ། དེ་ལས་སྔགས་བཏུ་བ། བཏུས་པའི་སྔགས་ཀྱི་ཆེ་བ་བསྟན་པའོ། །དང་པོ་ལ་གཉིས། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །དང་པོ་ནི། ལེའུ་བཞི་པའི་རྗེས་དེ་ནས་ཞེས་སྦྱར་རོ། །སྟོབས་བཅུ་ལ་སོགས་པའི་ཆོས་ཀུན་འབྱུང་བ་ཡི་ཆོས་འབྱུང་རྣམ་ཐར་སྒོ་གསུམ་མོ་མཚོན་པའི་གྲུ་གསུམ་པ་བྱའོ། །དེ་ནི་སྣ་ཚོགས་པའི་སྣོད་བཅུད་ཀྱི་བདག་ཉིད་དོ། རྣམ་ཐར་གསུམ་གྱི་སྟོང་པ་དེ་ཐམས་ཅད་ཀྱི་ངོ་བོར་གནས་པའོ། །ལྟེ་བར་ནི་ཆོས་འབྱུང་གི་དབུས་སོ། །མི་ཤིགས་པ་ནི་མི་ཕྱེད་པའི་རྡོ་རྗེ་དང༌། དགེ་བ་འཛིན་པས་དགེ་བ་སྟེ་རྡོ་རྗེ་འཛིན་པའོ། །སྔགས་པས་ཆོ་ག་བཞིན་དུ་བྲི་བ་ནི་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱི་ཡི་གེ་རྣམས་སོ། །དེའི་ཕྱིར་ངག་ཏུ་བརྗོད་པའི་ཆོས་ཀུན་གཅིག་ཏུ་བསྡུ་བར་བྱས་པ་བྲི་བར་བྱ་ཞེས་སྦྱར་རོ། །ཆོས་འབྱུང་འདིར་བྲི་བར་བྱ་བའི་སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། ཨཱ་ལི་དང་ཀཱ་ལི་མཉམ་པར་བྱས་པ་སྟེ་རྫོགས་པར་བྱས་པའི་སྡེ་ཚན་དག་ནི་བསྡུ་བ་སྟེ་ཚོགས་པར་བྱའོ། །མཉམ་པའི་དོན་ཚང་བ་དང་རྫོགས་པ་ལ་བཤད་པ་ནི། དེའི་སྐད་དོད་ཀྱི་སྟེང་ནས་ཡིན་ནོ། །སྡེ་ཚན་དུར་བྱེད་པ་ནི། བཞི་དང་བཞི་རུ་ཤེས་པར་བྱ་ཞེས་ཨཱ་ལིའི་སྡེ་ཚན་གཅིག་དང༌། ཀཱ་ལི་ལ་སྡེ་ཚན་ཀ། ཙ། ཊ། ཏ། པ་ལྔ་དང༌།


JLD008_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གནས་དང་དྲོ་བའི་སྡེ་ཚན་བདུན་ཏེ་བརྒྱད་དོ། །འགྲེལ་པ་འགའ་ཞིག་ལས། བཞི་གཉིས་བརྒྱད་ནི་རྐང་བརྒྱད་ལ་འཆད་དོ། །ཐུབ་པ་མཆོག་གི་ཐུབ་པ་ནི་གྲངས་བདུན་གྱི་མིང་ཡིན་པས་གསལ་བྱེད་ཀྱི་སྡེ་ཚན་བདུན་དགོད་ཅིང༌། དེ་ལས་རྩ་སྔགས་ཀྱི་ལུས་བཏུས་ལ་ཕྱིས་ནི་དབྱངས་ཡིག་དེའི་ཁྱད་པར་དུ་སྦྱར་ཏེ། འདི་ནི་སྔོན་དུ་གསལ་བྱེད་ལས་ཐུ་བའི་ལུགས་སོ། །ཆོས་འབྱུང་གི་དབུས་སུ་པདྨ་བྱེད་པ་འདིར་མི་གསལ་ཡང༌། ཁ་སྦྱོར་ལས། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། གསང་བའི་པད་མ་མཱ་མ་ཀཱི། །པདྨ་འདབ་མ་བརྒྱད་བྱས་ནས། །ལྟེ་བ་སྦས་པའི་སྤྱོད་ཡུལ་དུ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །དེར་གནས་དཔའ་བོ་ཀུན་ལས་བཏུ། ཞེས་ཆོས་འབྱུང་གི་ནང་དུ་པདྨ་འདབ་མ་བརྒྱད་པ་བྱེད་པར་བཤད་པ་ལྟར་འདིར་ཡང་བྱའོ། །དེ་ལ་ཡི་གེ་དགོད་ལུགས་ལ་མལ་གྱི་ལུགས་འཛིན་པ་དག །ཤར་གྱི་འདབ་མ་ནས་ཨ་ཀ་ཙ་ཊ་ཏ་པ་ལ་ཤའི་སྡེ་ཚན་བརྒྱད་གཡས་སྐོར་དང༌། དབུས་སུ་ཨ་འགོད་པར་འདོད་པ་ཁ་སྦྱོར་དང་མཐུན་ནོ། །མར་དོས་པདྨ་མི་བྱེད་པར་ཆོས་འབྱུང་གི་ནང་དུ་རེའུ་མིག་ཞེ་དགུ་བྱས་པ་ལ། ཀྵ་ཡིག་མ་གཏོགས་པ་དབྱངས་གསལ་གྱི་ཡི་གེ་ཞེ་དགུ་དགོད་པར་བཞེད་དོ། །ལེའུ་སུམ་ཅུ་པ་ནས་དེ་བཞིན་དུ་བཤད་ཀྱང༌། སྐབས་འདིར་ནི་མལ་གྱི་ལུགས་ལྟར་བྱས་ན་ལེགས་པར་སེམས་སོ། །བྷ་བ་བྷ་དྲས་ཆོས་འབྱུང་གི་ནང་དུ་སྣ་ཚོགས་པདྨ་ལ་རེའུ་མིག་ཞེ་དགུ་བྱས་ཏེ། ཀྵ་སྤངས་པའི་ཡི་གེ་ཞེ་དགུ་འགོད་དེ། དེའི་ལྟར་ན་པདྨའི་ལྟེ་བ་ལ་རེའུ་


JLD008_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཞེ་དགུ་བྱ་དགོས་སོ། །ཆོས་འབྱུང་གི་དབུས་དེར་གནས་པའི་དབྱངས་གསལ་ལས། འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་དཔའ་བོ་སྟེ་རྩ་སྔགས་བཏུ་བར་བྱའོ། །སྔགས་ལ་དཔའ་བོ་ཞེས་པ་ནི་ལྷ་དང་སྔགས་གཉིས་ངོ་བོ་དབྱེར་མེད་པའོ། །བཟླས་པས་དངོས་གྲུབ་འགྲུབ་པ་ལ་སྔགས་དག་དགོས་ལ། དག་པ་ནི་སྔགས་བཏུ་བ་ལ་རག་ལས་པས་སྔགས་བཏུ་བ་བསྟན་ཏོ། །དེ་དག་གི་ལག་ལེན་གྱི་རིམ་པ་ནི། རྣལ་འབྱོར་པ་ཕྱག་རྒྱ་དྲུག་གིས་བརྒྱན་པ་ཕྱག་རྒྱ་དང་བཅས་པ་ཕྱོགས་ཀྱི་གོས་ཅན་གྱིས། དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ས་ཕྱོགས་བདུད་རྩི་ལྔས་བྱུགས་པ་མེ་ཏོག་ལ་སོགས་པས་ཡིད་འཕྲོག་པ། ཤ་ཆེན་གྱི་དུད་པས་བདུག་པར། མར་ཁུ་ཆེན་པོའི་མར་མེ་སྦར། ཕྱི་རོལ་ཏུ་གླུ་གར་ལ་སོགས་པ་སྔོན་དུ་འགྲོ་བས། ཅང་ཏེའུ་དང་དྲིལ་བུ་དཀྲོལ་ཞིང་གཏོར་མ་བྱིན་ཏེ། དུར་ཁྲོད་ཀྱི་སོ་ཕག་ལ་སོགས་པའི་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་ལ། ལྟེ་བར་གཞོམ་དུ་མེད་པ་དང༌། འདབ་མ་རྣམས་ལ་སྡེ་ཚན་བརྒྱད་སྔར་བཞིན་དུ་བྲི་བར་མན་སྙེ་ལས་བཤད་དེ། བླ་མ་རྣམས་ཀྱིས་ཀྱང་མངོན་རྟོགས་རྫོགས་པར་བསྒོམས། ཚོགས་ཀྱི་མཆོད་པ་བྱས་ཏེ། གཏོར་མ་བཏང་བའི་འོག་ཏུ་བྲི་བར་གསུངས་སོ། །གཉིས་པ་ནི། ཁ་སྦྱོར་ལས། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། ཞེས་པ་ནས། སྔགས་ནི་ཡིག་འབྲུའི་དབང་ཕྱུག་མཆོག །ཅེས་པའི་བར་དུ་གསུངས་པ་རྣམས་དཔྱིད་ཐིག་ཏུ་སྔགས་བཏུ་བར་མཛད་པ་ནི། སྔགས་ཐུ་བའི་གཞིའི་ངེས་དོན་གྱི་བཤད་པ་ཡིན་ལ། སྔགས་དྲངས་པའི་བཏུ་གཞི་སྟོན་པའི་ཁ་སྦྱོར་གྱི་


JLD008_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལ་ཡང་མན་སྙེ་ལས་ངེས་དོན་གྱི་བཤད་པ་མཛད་པས། འདིར་ཡང་དེ་རྣམས་ཀྱི་ངེས་དོན་བཤད་ན། གྲུ་གསུམ་དཀྱིལ་འཁོར་ཞེས་པའི་དཀྱིལ་འཁོར་ནི་ཕྱག་རྒྱའི་བྷ་གའོ། །ཉམས་དགའ་བ་ནི་ཕུལ་དུ་བྱུང་བའི་བདེ་བའི་རྒྱུར་གྱུར་པའོ། །མཱ་མ་ཀཱི་ཞེས་པ་རྡོ་རྗེ་བསྙེམས་མ་ལ་བོད་པའོ། །ཕྱག་རྒྱའི་གསང་གནས་ཀྱི་པདྨ་འདབ་མ་བརྒྱད་པ་ནི་བྷ་གའི་ནང་གི་རྩ་བརྒྱད་དོ། །ལྟེ་བ་ནི་དབུས་ཀྱི་རྩ་ཀ་ཀ་མུ་ཁ་ཞེས་པ་བྱ་རོག་གདོང་མའི་རྩའོ། །སྦས་པ་ནི་རྩ་བརྒྱད་ཀྱི་དབུས་ན་བསྡམས་ཏེ་གནས་པའོ། །སྤྱོད་ཡུལ་ནི་གཞི་སྟེ་དེར་དབུས་ཀྱི་བུག་པའོ། །དཔའ་བོ་ནི་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཁོ་ན་འདོད་པའི་དོན་ཀུན་དུ་སྒྲུབ་པར་བྱེད་པ་བཏུ་བར་བྱ་སྟེ་བསྒྲུབ་པར་བྱའོ། །དེ་དག་གིས་ནི་བཏུ་གཞིའི་གྲུ་གསུམ་པའི་དཀྱིལ་འཁོར་གྱིས་ཕྱག་རྒྱའི་བྷ་ག་དང༌། པདྨ་འདབ་བརྒྱད་ཀྱིས་རྩ་བརྒྱད་དང༌། པདྨའི་ལྟེ་བས་དྷཱུ་ཏཱིའི་མར་སྣའི་རྩ་བསྟན་ལ། དཔའ་བོ་བཏུ་བ་ནི་ལེའུ་དང་པོར་བཤད་པ་བཞིན་དུ། ཡབ་ཡུམ་གྱི་རྩའི་རྩེ་གཉིས་སྦྱར་བས་ལྷན་སྐྱེས་ཀྱི་ཡེ་ཤེས་འདྲེན་པ་བསྟན་ཏེ། ཁ་སྦྱོར་གྱི་བརྟག་པ་བདུན་པར་གསུངས་པའི་ནང་བཤད་དོ། །ཡང་བརྟགས་པ་དང་པོ་ལས། གྲུ་གསུམ་དག་པ་མེ་ཡི་དབྱིབས། །དབུས་སུ་དགྱེས་པའི་ཨེ་ཝཾ་ཡིན། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་ར་ལི་རྣམ་པར་འབྱུང༌། །བཙུན་མོའི་བྷ་ག་ཞེས་ཀྱང་བྱ། །ཆོས་ཀྱི་འབྱུང་གནས་ཞེས་བྱར་བཤད། །དེ་ཡི་ནང་སོང་པདྨ་ནི། །འདབ་མ་


JLD008_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་སྙིང་པོར་བཅས། །དེ་ལ་ཨཱ་ལི་ཀཱ་ལི་འདྲེས། །སྡེ་ཚན་བརྒྱད་ནི་རྣམ་པར་གནས། །ཞེས་དང༌། དེ་རྣམས་དབུས་སུ་ཟེའུ་འབྲུ་ལ། །པདྨའི་དབང་ཕྱུག་མ་ཡོད་དེ། །སྡེ་ཆེན་བརྒྱད་པོ་རྣམས་ཀྱིས་ནི། །ཡི་གེ་དམ་པ་ཡོངས་སུ་བསྐོར། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་པ་ཡང་བཏུ་གཞིའི་ནང་བཤད་དོ། །མན་སྙེ་ལས། འདིས་ནི་ལྟེ་བའི་པདྨ་ལ་སོགས་པ་ཡང་གསུངས་སོ། །ཞེས་ཨེའི་དབྱིབས་ཞེས་པས་ལྟེ་བའི་རྩ་འཁོར་སོགས་གསུངས་པར་བཤད་དེ། སོགས་ཀྱིས་ནི་འཁོར་ལོ་གཞན་གསུམ་ཡང་བསྟན་པས་འཁོར་ལོ་བཞི་ཀ་བཟུང་ངོ༌། །དེ་ཡང་ལྟེ་བ་དང་མགྲིན་པའི་རྩ་འཁོར་གྱི་ཕྱི་དབྱིབས་ཨེའི་རྣམ་པར་གྲུ་གསུམ་དུ་ཡོད་པ་དང༌། སྙིང་ག་དང་སྤྱི་བོའི་རྩ་འཁོར་གྱི་ཕྱི་དབྱིབས་ཝཾ་གྱི་རྣམ་པར་ཟླུམ་པོར་ཡོད་པར་བཤད་རྒྱུད་ལས་གསུངས་པ་ལྟར་ཡིན་ཏེ། དེ་ལྟར་ན་ཆོས་འབྱུང་གྲུ་གསུམ་པའི་ནང་དུ་བཤད་ཀྱིས་རྩ་འཁོར་གཉིས་དང༌། དེའི་ནང་དུ་པདྨའི་ཕྱི་དབྱིབས་ཟླུམ་པོར་ཡོད་པས་འཁོར་ལོ་གཞན་གཉིས་བསྟན་པར་བྱའོ། །གྲུ་གསུམ་དཀྱིལ་འཁོར་ནས་བཤད་ཅེས་པས་ནི་ཕྱག་རྒྱའི་བྷ་ག་དང་ལྟེ་བ་དང་མགྲིན་པའི་རྩ་འཁོར་གཉིས་ཀ་གཟུང་ངོ༌། །རྡོ་རྗེ་ནི་གསང་གནས་ཀྱི་རྡོ་རྗེ་དང་བྱང་སེམས་ཀུན་ཏ་ལྟ་བུ་ཡིན་ལ། ར་ལི་ནི་ཨ་ར་ལླི་ཞེས་པ་རོལ་པའི་དོན་ཏེ། བདེ་ཆེན་གྱི་བདག་ཉིད་ཀྱི་རྡོར་སེམས་རོལ་པས་བདེ་བའི་དགའ་སྟོན་འབྱུང་བའོ། །དེ་ཡི་ནང་སོང་ཞེས་པ་གཉིས་དང༌། སྡེ་ཚན་ཞེས་པ་གཅིག་སྟེ་གསུམ་གྱི་དོན་ནི། ལྟེ་བའི་རྩ་འཁོར་ཨེ་གྲུ་གསུམ་པའི་ནང་དུ་སྡེ་ཚན་བརྒྱད། རྩ་


JLD008_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ལ་སྒོམ་པར་རིམ་པ་བཞི་པ་ལས་བཤད་པ་ལྟར་ཏེ། དེས་མཚོན་ནས་རྩ་འཁོར་གཞན་ལ་ཡང་ཡི་གེ་སྒོམ་པ་ཤེས་པར་བྱ་སྟེ། དེ་དག་གིས་ནི་སྔགས་བཏུ་བའི་གཞི་ནང་ལ་སྦྱར་བས། འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་སྒོམ་པ་བསྟན་ཏོ། །དེ་ལ་ཨཱ་ལི་ཀཱ་ལི་འདྲེས་ཞེས་པས་བཏུ་གཞི་ཨཱ་ལི་ཀཱ་ལིའི་ནང་བཤད་གཞན་ཡང་སྟོན་ནོ། །འདྲེས་ཞེས་པ་ལ་གནས་ཞེས་ཀྱང་འབྱུང་བས། དེའི་དོན་ནི་མི་གསལ་བའི་ངོ་བོར་གནས་པ་ཡིན་ལ། དེ་ཡང་དབྱངས་གསལ་བརྗོད་པའི་དུས་སུ་ནི། སྔོན་ལ་བྷ་གའི་པདྨའི་ནང་གི་ནམ་མཁའ་ནས་རྒྱུ་བའི་རླུང་གི་སྐྱེ་གནས་ཅན་རྣམས་མི་གསལ་བའི་རང་བཞིན་དུ་སྐྱེས་ནས་ཁ་རུ་ཕྱིན་པ་ན། རྐན་ལ་སོགས་པའི་བྱེད་པ་རྣམས་ལས་གསལ་བར་སྐྱེ་སྟེ། ཇི་སྐད་དུ། ནམ་མཁའི་རླུང་ལས་རབ་བྱུང་ལུས་ལས་ནི། །བྱུང་ཞིང་ཁ་རུ་ཉེ་བར་ཕྱིན་པའི་སྒྲ། །གནས་གཞན་དག་ཏུ་རབ་ཏུ་ཕྱེ་བ་ན། །ཡི་གེ་ཉིད་འགྱུར་གང་ཡིན་དེ་སྒྲའོ། །ཞེས་བཤད་པ་ལྟར་རོ། །དབུས་ཀྱི་ཨ་ཡིག་གིས་ནི། རང་བཞིན་གྱིས་ནི་མ་སྐྱེས་ཕྱིར། །སྔགས་ནི་ཡིག་འབྲུའི་དབང་ཕྱུག་མཆོག །ཅེས་རང་བཞིན་གྱིས་སྐྱེ་བ་མེད་པའི་སྟོང་ཉིད་མཚོན་པར་གསུངས་སོ། །དེ་ལྟར་བྱས་ན་ཆོས་འབྱུང་དང་པདྨ་དང་འདབ་མའི་ཡི་གེ་རྣམས་ཀྱི་ནང་བཤད་ཀྱིས་བདེ་ཆེན་འདྲེན་པའི་ཐབས་བསྟན་ལ། ཐབས་གཉིས་ཀྱིས་དྲངས་པའི་བདེ་ཆེན་སྟོང་ཉིད་དང་སྦྱོར་བ་ནི་དབུས་ཀྱི་ཨ་ཡིག་གིས་བསྟན་ཏོ། །དྲང་དོན་གྱི་ཨ་ཡིག་ལས་སྤྱིར་ངག་གི་ཡི་གེ་ཐམས་ཅད་དང༌། ཁྱད་པར་དུ་སྔགས་ཐམས་


JLD008_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འབྱུང་བ་བཞིན་དུ། ཨ་ཡིག་ངེས་དོན་ལས་ཀྱང་དངོས་གྲུབ་ཐམས་ཅད་འགྲུབ་པར་བཤད་རྒྱུད་ལས་གསུངས་སོ། །ཨ་ཡིག་གིས་སྟོང་ཉིད་མཚོན་པ་ནི་སྟོང་ཉིད་རྟོགས་པའི་ལྟ་བ་དང་བྲལ་ན། ངལ་བ་འབྲས་བུ་མེད་པས་དེ་ངེས་པར་དགོས་པ་ཤེས་པའི་དོན་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་བྱང་ཆུབ་སེམས་དཔས་ཨ་ཡིག་ལ་གནས་པས་བྱ་བ་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་དང༌། མི་གཡོ་བའི་རྟོག་པ་ལས་ཀྱང༌། བྱང་ཆུབ་སེམས་ནི་བརྟན་བྱས་ནས། །སྔགས་ཀྱི་དངོས་གྲུབ་གསུངས་པ་སྟེ། །གཞན་དུ་སྔགས་གྲུབ་ཆོ་ག་ཡི། །བྱས་པ་ཐམས་ཅད་འབྲས་བུ་མེད། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །རང་བཞིན་མེད་ཉིད་བསམས་པ་ལས། །བྱང་ཆུབ་སེམས་ནི་ངེས་པར་འཐོབ། །གཞན་དུ་འབབ་ཞིག་འགྱུར་བ་མིན། །ཞེས་གསུངས་པའི་ཕྱིར་རོ། །འདི་རྣམས་སྐབས་འདིར་མན་སྙེར་དྲངས་ཏེ། ཨ་ཡིག་གིས་མཚོན་པའི་སྟོང་ཉིད་ཀྱི་ལྟ་བ་ཤིན་ཏུ་གལ་ཆེ་བ་ལ་ངེས་པ་དྲང་བར་བྱའོ། གཉིས་པ་ལ་གཉིས། རྐང་བརྒྱད་ཀྱི་རྩ་སྔགས་བཏུ་བ་དང༌། ཀ་ར་ཀ་རའི་རྩ་སྔགས་བཏུ་བའོ། །དང་པོ་ལ་གཉིས། རྐང་པ་སྔོན་མ་བཞི་བཏུ་བ་དང༌། ཕྱི་མ་བཞི་བཏུ་བའོ། །དང་པོ་ནི། སྤང་ལེབ་གཙང་མ་ལ་ཐོག་མར་ཨོཾ་གྱི་ཤུལ་སྟོང་པར་བཞག །དེ་ནས་ཡི་གེ་རིམ་པ་བཞིན་དུ་བྲི་ཞེས་གསུང་ངོ༌། །འདིར་དབྱངས་ལས་ཐུ་བ་མེད་པས་ཀཱ་ལི་ལས་ཐུ་བ་ལ། དེའི་སྡེ་ཚན་བཞི་པ་ཏ་སྡེའི་ལྔ་པ་ན་གང་ཡིན་པ་དང༌། དེར་མ་ཟད་སྡེ་ཚན་


JLD008_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་པ་སྡེ་ཡི་ཡང་ལྔ་པ་མ་དང་སྡེ་ཚན་ལྔ་པའི་བཞི་པ་བྷ་དང༌། སྡེ་ཚན་དང་པོ་ཀ་སྡེའི་གསུམ་པ་ག་གང་ཡིན་པ་དང༌། དེ་བཞིན་དུ་ཀ་ནས་བགྲངས་པའི་ཉི་ཤུ་རྩ་དགུ་པ་ཝ་དང༌། བཞི་པ་ཏ་སྡེའི་དང་པོ་ཏ་གང་ཡིན་པ་དང༌། མཐར་གནས་པ་ཡི་སྡེ་ཚན་ཀྱི་བཞི་པ་ཝ་དང༌། མཐར་གནས་དེ་ཉིད་ཀྱི་ནི་གཉིས་པ་ར་དང༌། ཀ་ནས་བགྲངས་པའི་སུམ་ཅུ་པ་ཤ་ནི་ཡང་དག་པར་བླང་ངོ༌། །དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་ཉིད་དང༌། གོང་གི་ཡི་གེ་དེ་དག་ཐམས་ཅད་ལེགས་པར་བསྡུས་པ་ནི་རྐང་པ་དང་པོའི་ལུས་སོ། །རྐང་པ་དང་པོ་བཏུས་པ་དེ་བཞིན་དུ་རྐང་པ་གཉིས་པ་བཏུ་བ་ནི། བརྒྱ་ཡི་ཕྱེད་ནི་ལྔ་བཅུ་ཡིན་ལ། དེའི་ཕྱིར་ནི་ཉེར་ལྔ་པ་མ་དང༌། མའི་རྗེས་དེ་ནས་སུམ་ཅུ་རྩ་གསུམ་པ་ཧ་གཟུང་བར་བྱའོ། །སྡེ་ཚན་དང་པོའི་དང་པོ་ཀ་ཉིད་དག་དང༌། མཐར་གནས་ཀྱི་གསུམ་པ་ལའོ། ། འདིར་ལ་ལ་འདོགས་རྒྱུའི་བ་མ་བྱུང་བ་ནི་འདོགས་ཀྱི་ཡི་གེ་མ་བརྩེས་པའི་དབང་དུ་མཛད་ནས་བཏུས་པའོ། །སྡེ་ཚན་དང་པོ་ཡི་ནི་གསུམ་པ་ག་ཉིད་དང༌། ཀ་ནས་བགྲངས་པའི་སུམ་ཅུ་རྩ་གཉིས་པ་ས་ཉིད་དག་དང༌། སྡེ་ཚན་བཞི་པ་ཡི་ནི་ལྔ་པ་ན་དང༌། ལྔ་པ་པ་སྡེ་ཡི་ཡང་བཞི་པ་བྷ་དང༌། མཐར་གནས་ཀྱི་དང་པོ་ཡ་གང་ཡིན་པ་སྟེ་རྐང་པ་གཉིས་པའི་ལུས་སོ། །གཉིས་པ་རྩ་སྡེ་ཡི་ནི་གསུམ་པ་ཛ་དང༌། གསུམ་པ་ཊ་སྡེའི་དང་པོ་ཊ་གང་ཡིན་པ་དང༌། ལྔ་པ་པ་སྡེ་ཡི་ཡང་ལྔ་པ་མ་དང༌། དང་པོ་ཀ་སྡེ་ཡི་ཡང་དང་པོ་ཀ་དང༌། དེ་བཞིན་དུ་ཀ་ནས་བགྲངས་པའི་བཅུ་གཅིག་པ་ཊ་ཉིད་དང༌།


JLD008_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་སྔགས་བཏུ་བ་ལ་མཁས་པས་ཀ་ནས་བགྲངས་པའི་བཅུ་དྲུག་པ་ཏ་གཟུང་ངོ༌། །དེའི་འོག་ཏུ་ཀ་མ་བྱུང་བ་ནི་ཏ་ལ་འདོགས་པའི་དབང་དུ་མཛད་པའོ། །གསུམ་པ་ཊ་སྡེ་ཡི་ཡང་དང་པོ་ཊ་གང་ཡིན་པ་དང༌། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་རྣམས་ནི་རྐང་པ་གསུམ་པའི་ལུས་སོ། །བཞི་པ་ཏ་སྡེའི་གསུམ་པ་ད་གང་ཡིན་པ་དང༌། ཨུཥྨ་སྟེ་དྲོ་བ་ཡི་ནི་གཉིས་པ་ཥ་ཉིད་དེ། འདིར་ཡང་ཊ་མ་བྱུང་བ་ནི་སྔར་དང་འདྲའོ། །དང་པོ་ཀ་སྡེའི་དང་པོ་ཀ་གང་ཡིན་པ་དང༌། དེ་བཞིན་དུ་ཉི་ཤུ་རྩ་བདུན་པ་ར་དང༌། ཉི་ཤུ་རྩ་བརྒྱད་པ་ལ་ཡང་གཟུང་སྟེ། དེ་དག་ནི་ཀ་ནས་བགྲངས་པ་སྟེ་གཞན་ལ་ཡང་ཤེས་པར་བྱའོ། །དང་པོ་ཀ་སྡེ་ཡི་ནི་གསུམ་པ་ག་དང༌། ལྔ་པ་པ་སྡེ་ཡི་ཡང་བཞི་པ་བྷ་དང༌། དེ་བཞིན་དུ་སུམ་ཅུ་རྩ་གཅིག་པ་ཥ་བླང་ངོ༌། །བཅོ་ལྔ་པ་ཎ་ཉིད་དག་དང༌། དེ་བཞིན་དུ་ཉི་ཤུ་རྩ་ལྔ་པ་མ་དང༌། དང་པོ་ཀ་སྡེའི་གཉིས་པ་ཁ་གང་ཡིན་པ་དང༌། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་རྣམས་ནི་རྐང་པ་བཞི་པའི་ལུས་སོ། །གཉིས་པ་ནི། ཀ་ནས་ཀྱི་ཡི་གེ་སུམ་ཅུ་རྩ་གཉིས་པ་ས་དང༌། ཨུཥྨ་ཡི་ནི་ཐ་མ་ཧ་ཉིད་དང༌། སུམ་ཅུ་རྩ་གཉིས་པ་ས་ཉིད་དང༌། ལྔ་པ་པ་སྡེ་ཡི་ནི་བཞི་པ་བྷ་དང༌། གཉིས་པ་རྩ་སྡེ་ཡི་ནི་གསུམ་པ་ཛ་དང༌། ལྔ་པ་པ་སྡེ་ཡི་ནི་བཞི་པ་བྷ་དང༌། ཨུཥྨ་ཡི་ནི་གསུམ་པ་ས་དང༌། དེ་དག་ལས་གཞན་ཡང་ཉི་ཤུ་རྩ་བདུན་པ་ར་དང༌། ཨན་ཏསྠ་སྟེ་མཐར་གནས་ཀྱི་དང་པོ་ཡ་རྣམས་ནི་རྐང་པ་ལྔ་པའི་ལུས་སོ། །རྐང་པ་ལྔ་པ་བཏུས་པ་དེ་བཞིན་དུ་དྲུག་པ་ཡང་ཐུ་བ་ནི། ཀ་ནས་ཀྱི་ཉི་ཤུ་རྩ་གཅིག་པ་པ་དང༌། ཨན་ཏ་སྠའི་


JLD008_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པར་དང༌། སྔར་ཤ་བཏུས་པ་ལ་ལྟོས་ནས་དེ་བཞིན་དུ་སླར་ཡང་ནི་སུམ་ཅུ་པ་ཤ་དང༌། ལྔ་པ་པ་སྡེ་ཡི་ནི་དང་པོ་པ་དང༌། ཨུཥྨ་ཡི་ནི་དང་པོ་ཤ་ཉིད་དང༌། དེ་བཞིན་དུ་ཡི་གེ་དྱཱ་ཉིད་དང༌། བཞི་པ་ཏ་སྡེའི་དང་པོ་ཏ་གང་ཡིན་པ་དང༌། ཨུཥྨ་དང་པོ་ཤ་གང་ཡིན་པ་དང༌། དེ་བཞིན་དུ་ཉི་ཤུ་རྩ་བརྒྱད་པ་ལ་དང༌། དང་པོ་ཀ་སྡེའི་གཉིས་པ་ཁ་གང་ཡིན་པ་དང༌། གསུམ་པ་ཊ་སྡེའི་དང་པོ་ཊ་ཉིད་དག་དང༌། དང་པོ་ཀ་སྡེའི་གསུམ་པ་ག་གང་ཡིན་པ་དང༌། བཞི་པ་ཏ་སྡེའི་བཞི་པ་དྷ་གང་ཡིན་པ་དང༌། ཨན་ཏསྠའི་གཉིས་པར་དང༌། གསུམ་པ་ཊ་སྡེ་ཡི་ཡང་ལྔ་པ་ཎ་རྣམས་ནི་རྐང་པ་དྲུག་པའི་ལུས་སོ། །རྐང་པ་དྲུག་པ་བཏུས་པ་དེ་ནས་ཡི་གེ་བྱཱ་ནི་བླང་ངོ༌། །ཡི་གེ་དྱཱ་དང་འདི་གཉིས་རིམ་པ་བཞིན་དུ་པདྨ་དང་རྡོ་རྗེ་བྱིན་གྱིས་རློབ་པ་ཡིན་པས་ཡན་ལག་དང་བཅས་པར་བཏུས་པ་ཡིན་ཞེས་ཟེར་མོད་ཀྱང༌། ཡི་གེ་གཉིས་པོ་དེ་རྐང་བརྒྱད་ཀྱི་གྲལ་ན་ཡོད་ཅིང༌། ཡ་སྟ་བཏུས་ཀྱང་དབྱངས་ཀྱི་ཡན་ལག་བཏུས་པ་མིན་ལ། གསལ་བྱེད་ཡིན་ཀྱང་གྲལ་གྱི་གསལ་བྱེད་གཞན་ལ་གསལ་བྱེད་ཟུར་དུ་གསལ་བྱེད་བཏགས་ཏེ་བརྩེགས་པའི་འོག་མ་རྣམས་འདིར་མ་བཏུས་སོ། །བ་དང་ད་ལ་ཧ་བཏགས་པ་ལྟ་བུ་ནི་གསལ་བྱེད་ཀྱི་ཡི་གེ་རེ་རེ་ཡིན་པས། ལ་ལ་པ་དང༌། ག་ལ་ན་བཏགས་པ་སོགས་དང་མི་འདྲའོ། །དང་པོ་ཀ་སྡེ་ཡི་ནི་བཞི་པ་གྷ་དང༌། དེའི་རྗེས་ནས་ཀ་ནས་ཀྱི་བརྒྱད་པ་ཛ་ཉིད་དག་དང༌། བཞི་པ་ཏ་སྡེའི་ལྔ་པ་ན་གང་ཡིན་པ་དང༌། ལྔ་པ་པ་སྡེ་ཡི་ཡང་ལྔ་པ་མའོ། །དེའི་འོག་ཏུ་


JLD008_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་བྱུང་བ་ནི་མ་དང་རྩེགས་པ་འོག་ཏུ་སྟོན་པ་ལ་དགོངས་སོ། །དེ་བཞིན་དུ་ཡི་གེ་ཉི་ཤུ་རྩ་བདུན་པ་ར་དང༌། བཞི་པ་ཡི་ནི་བཞི་པ་དྷ་དང༌། སླར་ཡང་ཉི་ཤུ་རྩ་བདུན་པ་ར་དང༌། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་རྣམས་ནི་རྐང་པ་བདུན་པའི་ལུས་སོ། །ཉི་ཤུ་རྩ་ལྔ་པ་མ་ཡང་དག་པར་བླང་བ་དང༌། སུམ་ཅུ་རྩ་གསུམ་པ་ཧ་ཉིད་དག་དང༌། བཞི་པ་ཡི་ནི་བཞི་པ་དྷ་དང༌། ལྔ་པ་ཡི་ནི་ལྔ་པ་མ་དང༌། བཞི་པ་ཏ་སྡེའི་ལྔ་པ་ནའོ། །དང་པོའི་དང་པོ་ཀ་ཉིད་དག་དང༌། དེ་བཞིན་དུ་ཉི་ཤུ་རྩ་བདུན་པ་ར་དང༌། ཨ་ན་ཏའི་བཞི་པ་ཝ་དང༌། དེ་བཞིན་དུ་ཉི་ཤུ་རྩ་གཅིག་པ་པ་དང༌། ཨུཥྨ་ཡི་ནི་གཉིས་པ་ཥ་ཉིད་དང༌། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་རྣམས་ནི་རྐང་པ་བརྒྱད་པའི་ལུས་ཐུ་བའོ། །ལོ་ཆེན་དང་མལ་གྱི་འགྱུར་ལ་རྐང་བརྒྱད་བཏུས་པའི་རྗེས་སུ་ཀ་ར་ཀ་རའི་རྩ་སྔགས་བཀོད་པ་མ་གཏོགས་པ་སྔགས་དེ་བཏུ་བ་མེད། མུ་ཏིག་ཕྲེང་བར་ཀ་ར་ཀ་ར་ལ་སོགས་པ་བཏུ་བ་ལོ་ཆུང་གི་དཔེ་ལ་ཁོང་ཉིད་ཀྱིས་བཅུག་ནས་ཡོད་དེ། དེ་ནི་རྒྱ་གར་གྱི་རྒྱ་དཔེ་ཐམས་ཅད་ལ་རྩ་རྒྱུད་ན་འདི་ན་མེད་གསུང༌། ཞེས་འབྱུང་བས་རང་བཟོ་མཁན་གཅིག་གིས་མལ་གྱི་འགྱུར་ལ་ཀ་ར་ཀ་ར་སོགས་བཏུ་བ་དཀྱུས་ལ་བཙུད་བདུག་ཅིང༌། མར་དོ་རྐྱང་པའི་འགྱུར་ལ་ཡང་བཙུད་འདུག་པས། དེ་འདྲའི་རང་བཟོ་བྲི་བར་མི་བྱའོ། །ལོ་ཆེན་གྱི་འགྱུར་འགོས་ཀྱིས་བཅོས་པ་ལ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། མར་དོས་ཞུ་ཏིག་བྱས་པ་ལ་རྐང་པ་བརྒྱད་ཀྱི་སྔགས་བཏུ་བ་མ་གཏོགས་པ། ཀ་ར་ཀ་རའི་སྔགས་བཏུ་བ་མེད་ཅིང༌། སྐབས་འདིར་ཀ་ར་ཀ་རའི་སྔགས་


JLD008_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ཡང་མེད་དོ། །ལོ་ཆེན་གྱི་འགྱུར་ལོ་ཙཱ་བ་ཤེས་རབ་གྲགས་དང༌། མར་དོས་གཉིས་ཀས་བཅོས་པ་ལ་ཀ་ར་ཀ་རའི་རྩ་སྔགས་ཀྱི་སྔགས་བཏུ་ཡོད་ལ། དེ་ཡང་གྲགས་པའི་ཞལ་སྔར་ཡུལ་དབུས་ཀྱི་དཔེ་ལ་གཏུགས་ནས་བསྒྱུར་ཟེར་བ་འདུག་པའི་གྲགས་པ་ནི་སུ་མ་ཏི་ཀཱི་རྟིར་མངོན་པས་ཁོང་ལ་རྒྱ་དཔེ་མི་འདྲ་བ་འགའ་ཞིག་བྱུང་བར་མངོན་ནོ། །མལ་གྱི་འགྱུར་བྱེད་པའི་པཎྜི་ཏ་ཡང་སུ་མ་ཏི་ཀཱི་རྟིར་འདུག་གོ། དེ་ལྟར་ན་བོད་ཀྱི་མཁས་པ་དག་བལ་པོ་བྷ་ཏན་ཏས་ནཱ་རོ་ཏ་པའི་དངོས་སློབ་པྲཛྙཱ་རཀྵི་ཏའི་ཕྱག་དཔེ་ལ་གཏུགས་པས། རྩ་སྔགས་རྫོགས་པའི་སྔགས་བཏུ་ཡོད་ཟེར་བ་ལྟར་ཡིན་པ་འདྲའོ། །བོད་ཀྱི་མཁས་པ་དག་འགྲེལ་པ་རྣམས་ལས་ཀྱང་རྐང་བརྒྱད་ཀྱི་སྔགས་བཏུ་བ་ལས་མེད་གསུང་ཡང༌། ལྭ་བ་པའི་འགྲེལ་པ་ལས། བཞི་པ་ཡི་ནི་ལྔ་པ་དང༌། ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྔགས་ཚིག་བརྒྱད་པ་དང༌། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་དང་བཅས་པའི་རྩ་བའི་སྔགས་བཏུ་བའོ། ཞེས་རྩ་རྒྱུད་ལ་རྩ་སྔགས་ཚང་བའི་སྔགས་བཏུ་ཡོད་པར་གསུངས་པས། རྒྱ་གར་གྱི་དཔེ་ལ་མི་འདྲ་བ་མང་དུ་ཡོད་པར་འདུག་ན་ཡང༌། རྩ་སྔགས་ཚང་བའི་སྔགས་བཏུ་ཡོད་པ་ལྟར་བྱའོ། །གཉིས་པ་ལ་གསུམ། བརྒྱད་ཚན་དང་པོའི་སྔགས་བཏུ་བ་དང༌། བརྒྱད་ཚན་བར་པའི་སྔགས་བཏུ་བ་དང༌། བརྒྱད་ཚན་ཐ་མའི་སྔགས་བཏུ་བའོ། །དང་པོ་ནི། ཀཱ་ལིའི་སྡེ་ཚན་གྱི་དང་པོ་ཀ་སྡེའི་དང་པོ་ཀ་དང༌། མཐར་གནས་ཀྱི་གཉིས་པ་ར་དང༌། ཨཱ་ལི་ལ་སྡེ་ཚན་དང་པོར་བྱས་པའི་གཉིས་པ་ནི་ཀ་སྡེ་ཡིན་ལ་


JLD008_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་དང་པོ་ཀ་དང༌། གསལ་བྱེད་ཀྱི་སྡེ་ཚན་དྲུག་པ་མཐར་གནས་ཀྱི་ཡང་གཉིས་པ་ར་དང༌། དང་པོ་ཀ་སྡེ་ཡི་ནི་དང་པོ་ཀ་དང༌། མཐར་གནས་ཀྱི་གཉིས་པ་སྔར་བཤད་པ་དེ་བཞིན་ཏེ་ར་དང༌། གཉིས་པ་ཡི་ནི་དང་པོ་ཀ་ནི་སྔར་བཞིན་ནོ། །ཨཱ་ལི་སྡེ་ཚན་དང་པོར་བྱས་པའི་སྡེ་ཚན་བདུན་པ་ཡི་གཉིས་པ་ར་དང༌། དབྱངས་སྡེ་ནས་བགྲངས་པའི་སྡེ་ཚན་དྲུག་པ་ཡི་ཡང་བཞི་པ་བྷའོ། །འདིར་དྲུག་པ་ཡི་གསུམ་པ་ཞེས་པ་མ་དག་སྟེ་བྷ་ཐུ་དགོས་པས་སོ། །བཤད་རྒྱུད་ལས་ཀྱང་བཞི་པ་ཞེས་གསུངས་སོ། །ཀ་སྡེ་ནས་བགྲངས་པའི་བཞི་པ་ཏ་སྡེ་ཡི་ཡང་ལྔ་པ་ན་ལ། དེའི་བཞི་པ་དྷ་ཡིས་ནི་སྦྱར་བར་བྱ་བ་ནི་འོག་ཏུ་གདགས་པའོ། །མཐར་གནས་པ་ཡི་བཞི་པ་ཝ་ལ་འཆད་མོད་ཀྱང༌། འདིར་བྷ་ཐུ་དགོས་པས་ཀ་ཙ་ཊ་ཏའི་སྡེ་པ་བཞིའི་མཐར་གནས་པའི་བཞི་པ་བྷ་ལ་ཟེར་དགོས་པ་འདྲའོ། །ལྔ་པ་ཏ་སྟེ་ཡི་ཡང་ལྔ་པ་ན་ལ། དེའི་བཞི་པ་དྷ་ཡིས་ནི་གདན་དུ་བྱས་པ་སྟེ་འོག་ཏུ་གདགས་སོ། །ལྔ་པ་ཏ་སྡེ་ཡི་ནི་དང་པོ་ཏ་ལ་འོག་ཏུ་མེ་ཡི་གདན་དང་ལྡན་པ་སྟེ་ར་ཡིག་ར་སྟར་གདགས་སོ། །དེ་བཞིན་དུ་ཨུཥྨ་ཎ་ཡི་གསུམ་པ་ས་དང༌། མཐར་གནས་ཀྱི་དང་པོ་ཡ་དང༌། དབྱངས་སྡེ་ནས་བགྲངས་པའི་བཞི་པ་ཏ་སྡེ་ཡི་ན་དང་པོ་ཏ་ལ་མེ་སྟེ་ར་ཡིས་གདན་དུ་བྱའོ། །ཀ་སྡེ་ནས་བགྲངས་པའི་སྡེ་ཚན་བདུན་པ་དྲོ་བའི་སྡེ་པ་ཡི་གསུམ་པ་ས་དང༌། ཀ་སྡེ་ནས་བགྲངས་པའི་དྲུག་པ་མཐར་གནས་ཀྱི་དང་པོ་ཡ་དང༌། དང་པོར་ཀ་དང་དེའི་འོག་ཏུ་ཥ་བཏགས་ཏེ་བརྩེགས་པས་ཀྵར་གྲགས་པ་གཟུང་ངོ༌། །ལྔ་པ་པ་སྡེ་ཡི་ནི་བཞི་པ་བྷ་དང༌། མཐར་གནས་ཀྱི་དང་པོ་ཡ་དང༌། སྔར་ཀྵ་གཟུང་བ་དེ་བཞིན་དུ་སླར་ཡང་ཀ་དང་ཥ་གཉིས་རིལ་པོར་བསྡུས་པ་ཉིད་གཟུང་ངོ༌། །ལྔ་པ་པ་སྡེའི་བཞི་པ་བྷ་དང༌། བདུན་པ་


JLD008_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གནས་ཀྱི་དང་པོ་ཡ་བཏུའོ། །ཨུཥྨ་ཎའི་བཞི་པ་ཧ་གཟུང་ཞིང༌། བདུན་པ་དྲོ་བ་ཡི་ནི་བཞི་པ་ཧ་ལ། རྡོ་རྗེ་སེམས་དཔས་ཕྱེ་བ། ཞེས་པ་ཁ་ཅིག་ཧའི་སྟེང་གི་ཐིག་ལེ་ལ་འཆད་པ་དོན་མིན་ཏེ། ལེའུ་བདུན་པར་འདི་རྣམས་ཀྱི་དབྱངས་ཐུ་བའི་སྐབས་སུ་ཐིག་ལེ་བཤད་པའི་ཕྱིར་དང༌། རྡོ་རྗེ་སེམས་དཔས་ཕྱེ་བར་ཡིག་གིས་ཕྱེ་བ་ལ་བཤད་པའི་ཕྱིར་རོ། །དེས་ན་འདིར་ཡང་རྡོ་རྗེ་སེམས་དཔས་ཕྱེ་བའི་དོན་ཧ་གཉིས་ལ་ར་བཏགས་པ་ལ་བྱའོ། །ཨུཥྨ་ཎ་ཡི་བཞི་པ་ནི་ཧའོ། །འོད་བྱེད་གདན་དུ་བྱས་པ་ནི་ཧ་ལ་ར་བཏགས་པས་ཧྲ་རུ་སོང་བའོ། །ཀ་སྡེ་ནས་བགྲངས་པའི་བདུན་པ་དྲོ་བའི་བཞི་པ་ཧ་ལ། དེའི་འོག་ཏུ་ཡང་ནི་མའི་གདན་ཏེ་ར་ཡིག་ར་སྟར་བྱས་པའོ། །ཧྲ་གཉིས་པོ་དེ་ཡང་མཐར་ཚེག་དྲག་དང་ནི་ཡང་དག་པར་ལྡན་པའོ། །ཀ་སྡེ་ནས་བགྲངས་པའི་ལྔ་པ་པ་སྡེ་ཡི་ནི་གཉིས་པ་ཕ་དང༌། དེ་བཞིན་དུ་ཀ་ནས་བགྲངས་པའི་ཉི་ཤུ་རྩ་གཉིས་པ་ཕ་སྟེ། དེ་གཉིས་ནི་ཕེཾ་ཕེཾ་དུ་འགྲོ་རྒྱུའི་ཕའོ། །གཉིས་པ་ནི། དབྱངས་སྡེ་དང་པོར་བྱས་པའི་དྲུག་པ་པ་སྡེ་ཡི་གཉིས་པ་ཕའི་མཐར། དེ་བཞིན་དུ་ཀ་ནས་བགྲངས་པའི་ཡི་གེ་བཅུ་གཅིག་པ་ཊ་ནི་ངེས་པར་སྦྱར་རོ། །སླར་ཡང་ཉི་ཤུ་རྩ་གཉིས་པ་ཕ་གཟུང་སྟེ། ཀ་སྟེ་ནས་བགྲངས་པའི་གསུམ་པ་ཊ་སྡེའི་དང་པོ་ཊ་དང་སྦྱར་རོ། །བཞི་པ་ཏ་སྡེ་ཡི་ནི་གསུམ་པ་ད་དང༌། ཨུཥྨ་ཎ་ཡི་བཞི་པ་ཧ་དང༌། ལྔ་པ་ཏ་སྡེའི་གསུམ་པ་ད་དང༌། བདུན་པ་དྲོ་བ་ཡི་ནི་བཞི་པ་ཧ་དང༌། དེ་ནས་ཉི་ཤུ་རྩ་གཅིག་པ་པ་བཏུའོ། །གཉིས་པ་ཙ་སྡེ་ཡི་ནི་


JLD008_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཙ་དང༌། ལྔ་པ་པ་སྡེ་ཡི་ནི་དང་པོ་པ་དང༌། དབྱངས་སྡེ་དང་པོར་བྱས་པའི་གཉིས་པ་ཀ་སྡེ་ལས་ཀ་ནས་བགྲངས་པའི་ཡི་གེ་དྲུག་པ་ཙ་བཏུའོ། །ལྔ་པ་པ་སྡེ་ཡི་བཞི་པ་བྷ་དང༌། དེ་བཞིན་དུ་ཀ་ཥར་གྲགས་པའི་ཀྵ་དང༌། དེ་ནས་ཀ་ནས་བགྲངས་པའི་ཉི་ཤུ་བཞི་པ་བྷ་བཏུའོ། །སླར་ཡང་རིལ་པོ་སྔ་མ་བཞིན་དུ་བཏུས་པའི་ཀྵ་དང༌། ལྔ་པ་པ་སྡེ་ཡི་གསུམ་པ་བ་དང༌། ཨུཥྨ་ཎ་ཡི་གསུམ་པ་ས་དང༌། མཐར་གནས་ཀྱི་གཉིས་པ་ར་དང༌། ལྔ་པ་ཏ་སྡེ་ཡི་བཞི་པ་དྷ་དང༌། སླར་ཡང་འོད་བྱེད་ར་ཡིག་སྦྱིན་ནོ། །ཀ་ནས་བགྲངས་པའི་ཡི་གེ་ཉི་ཤུ་པ་ན་ཡི་འོག་ཏུ་ནི་བཅུ་དྲུག་པ་ཏ་ནི་དེའི་གདན་དུ་སྟེ་དེའི་འོག་ཏུ་གདགས་སོ། །ཏ་དེའི་འོག་ཏུ་མེ་སྟེ་ར་ཡིག་གིས་གསལ་བར་བྱས་པ་སྟེ་ར་སྟར་བྱའོ། །ལྔ་པ་པ་སྡེ་ཡི་ནི་ལྔ་པ་མ་དང༌། མཐར་གནས་ཀྱི་གསུམ་པ་ལ་དང༌། ལྔ་པ་པ་སྡེ་ཡི་གསུམ་པ་བ་དང༌། དྲུག་པ་མཐར་གནས་ཀྱི་གསུམ་པ་ལ་དང༌། མཐར་གནས་ཀྱི་བཞི་པ་ཝ་སྟེ། ཁ་ཅིག་རྒྱ་གར་གྱི་དཔེ་ལ་བ་དང་ཝ་འདྲ་བ་ཡོད་ཟེར་རོ། །ཉི་ཤུ་རྩ་ལྔ་པ་མས་ཁྱད་པར་ཏེ་རྣམ་པར་དབྱེ་བ་སྟེ་མ་ལ་གདགས་སོ། །བཞི་པ་ཏ་སྡེ་ཡི་ལྔ་པ་ན་དང༌། དབྱངས་སྡེ་ནས་བགྲངས་པའི་གཉིས་པ་ཀ་སྡེ་ཡི་གསུམ་པ་ག་ལ། ཉི་མའི་བུ་ར་ཡིས་ཁྱད་པར་ཏེ་རྣམ་པར་དབྱེ་བ་སྟེ་ར་སྟར་བྱའོ། །ཨུཥྨ་ཎའི་བཞི་པ་ཧ་དང༌། ཧའི་འོག་ཏུ་བཅོ་ལྔ་པ་ཎའི་གདན་དུ་བྱའོ། །དང་པོ་ཀ་སྡེ་ཡི་ཡང་གསུམ་པ་ག་དང༌། དེ་ནས་ག་དེ་ལ་མེ་སྟེ་ར་ཡིས་གདན་ར་ལྟར་བྱའོ། །བདུན་པ་དྲོ་བ་ཡི་ནི་བཞི་པ་ཧ་དང༌། དེའི་འོག་ཏུ་བཅོ་ལྔ་པ་ཎའི་གདན་ནོ། །ཨུ་ཥྨ་ཎ་ཡི་གསུམ་པ་


JLD008_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང༌། ལྔ་པ་པ་སྡེའི་དང་པོ་པ་དང༌། དེ་ལ་བཅུ་དྲུག་པ་ཏ་ཡིས་གདན་དུ་བྱའོ། །དེ་ནས་ཡི་གེ་ཉི་ཤུ་གཅིག་པ་བླང་ངོ༌། །བཞི་པ་ཏ་སྡེ་ཡི་ནི་དང་པོ་ཏ་དང༌། མཐར་གནས་ཀྱི་གསུམ་པ་ལ་དང༌། དབྱངས་སྡེ་དང་པོར་བྱས་པའི་གཉིས་པ་ཀ་སྡེ་ཡི་ནི་གསུམ་པ་ག་དང༌། བཞི་པ་ཏ་སྡེ་ཡི་ནི་དང་པོ་ཏ་དང༌། ལྔ་པ་པ་སྡེ་ཡི་ནི་བཞི་པ་བྷ་དང༌། དབྱངས་སྡེ་དང་པོར་བྱས་པའི་གསུམ་པ་ཙ་སྡེའི་གསུམ་པ་ཛ་དང༌། དང་པོ་ཀ་སྡེ་ཡི་ནི་གསུམ་པ་ག་དང༌། ཨུཥྨ་ཎའི་གསུམ་པ་ས་དང༌། དེ་བཞིན་ཉི་ཤུ་རྩ་གཅིག་པ་པ་དང༌། འོད་བྱེད་དེ་ར་ཡིག་གཉིས་མཉམ་པར་ཏེ་བརྩེགས་པ་རས་མནན་པའོ། །ལྔ་པ་པ་སྡེ་ཡི་ནི་གསུམ་པ་བ་དང༌། བཞི་པ་ཏ་སྟེ་ཡི་ནི་དང་པོ་ཏ་དང༌། དབྱངས་སྡེ་དང་པོར་བྱས་པའི་སྡེ་ཚན་གསུམ་པ་ཡི་ནི་གསུམ་པ་ཛ་ལ། སྟེང་ནས་མེ་ཡི་ཡི་གེ་རས་གསལ་བར་བྱས་པ་སྟེ་བརྒྱན་པའོ། །དེ་ནས་མཐར་གནས་པའི་དང་པོར་གསུངས་པའི་ཡའོ། །དེ་ནས་ཡང་དེའི་འོག་ཏུ་ཡི་གེ་བཅུ་དྲུག་པ་ཏ་དང༌། གསུམ་པ་ཙ་སྡེའི་གསུམ་པ་ཛ་དང༌། དེའི་སྤྱི་བོར་མི་ཡི་ཡི་གེ་རས་མཚན་པ་དང༌། དེ་བཞིན་དུ་ཀ་ནས་བགྲངས་པའི་ཉི་ཤུ་རྩ་དྲུག་པ་ཡའོ། ། དང་པོ་དབྱངས་སྡེའི་དང་པོ་ཨའོ། །འདིར་ཡན་ལག་གི་དབྱངས་མི་ཐུ་ཡང་ལུས་ཀྱི་ཨ་ཐུ་བ་མི་འགལ་ལོ། །དབྱངས་སྡེ་དང་པོར་བྱས་པའི་གཉིས་པ་ཀ་སྡེའི་དང་པོ་ཀ་དང༌། ཀ་སྡེ་ནས་བགྲངས་པའི་གསུམ་པ་ཊ་སྡེའི་བཞི་པ་ཌྷ་ལ། ཀ་ནས་བགྲངས་པའི་བཅུ་གསུམ་པ་བ་ཡིས་མནན་པའོ། །དེ་བཞིན་དུ་དབྱངས་སྡེའི་


JLD008_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཨ་དང༌། གཉིས་པ་ཀ་སྡེའི་དང་པོ་ཀ་དང༌། གསུམ་པ་ཊ་སྡེའི་བཞི་པ་ཌྷ་ལ་སྟེང་དུ་བཅུ་གསུམ་པ་ཌ་ཡིས་མནན་པའོ། །ཨུཥྨ་ཎའི་བཞི་པ་ཧ་ལ་ཡི་གེ་ཉི་ཤུ་རྩ་བདུན་པ་རས་གདན་དུ་བྱས་པ་ཧྲའོ། །ཡ་སོགས་ཞེས་འབྱུང་བས་ཡ་ཡིག་ནས་བགྲངས་པའི་བརྒྱད་པའི་ས་བོན་ཧ་ལ། འོད་བྱེད་རས་གསལ་བ་སྟེ་ར་སྟར་བྱས་པའོ། །གཉིས་པ་ཙ་སྡེའི་གསུམ་པ་ཛ་ལ་བཅོ་ལྔ་པ་ཎ་ཡིས་སྟན་དུ་བྱས་པ་སྟེ་ཛ་ལ་བཏགས་པའོ། །ཡང་གཉིས་པ་ཙ་སྡེའི་གསུམ་པ་ཛ་སྡེ་ཚན་གསུམ་པའི་ལྔ་པ་ཎའི་སྟེང་དུ་བསྐྱོན་ནོ། །འདིར་བོད་ཀྱི་མཁས་པ་དག་རྒྱ་དཔེ་ཕལ་ཆེར་ལ་ཛ་ལ་ཎའི་གཟུགས་བསྡུས་ནས་བྲིས་པས་ཉ་དང་ཁྱད་མ་ཕྱེད་པ་དང༌། རྒྱ་དཔེ་ཁ་ཅིག་ན་ཉའི་གཟུགས་རྫོགས་པ་བཏགས་སྣང་བ་ལ། བོད་དཔེ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྣང་སྟེ། སྔགས་བཏུ་བ་ལས་དེ་བཞིན་དུ་མི་འབྱུང་གསུང་ངོ༌། །གསུམ་པ་ནི། ཀ་དང་ཥའི་ས་བོན་བཏུས་ནས་ཀྵར་བྱས་པ་ལ་ཉེར་ལྔ་པ་མ་ཡིས་གདན་དུ་བྱའོ། །ཀ་དང་ཥ་གཉིས་རིལ་བོར་བྱས་པའི་མཛེས་པ་བཏུས་ནས་ནི། ཡི་གེ་མ་ཡིས་ཀྵ་དེའི་གདན་དུ་བྱའོ། །ཨུཥྨ་ཎའི་བཞི་པ་ཧ་དང༌། ཡང་བདུན་པ་དྲོ་བའི་བཞི་པ་ཧ་དང༌། ཡ་སོགས་ཏེ་ཡ་ཡིག་ནས་བགྲངས་པའི་བརྒྱད་པའི་ས་བོན་ཧ་དང༌། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པར་ངེས་པ་ཧའོ། །ཡེ་ཤེས་ལྔ་པའི་བདག་ཉིད་ཧཱུཾ་ཡོངས་སུ་བཏུས་ལ། ཡང་ནི་ཧཱུཾ་དེ་ལ་གཉིས་པ་ཅིག་ངེས་པར་བྱའོ། །གཉིས་པ་ཀ་སྡེ་ཡི་ནི་དང་པོ་ཀ་དང༌། མཐར་གནས་ཀྱི་གསུམ་པ་ལ་དང༌། དེ་བཞིན་དུ་ཡི་གེ་སུམ་ཅུ་རྩ་གཉིས་པ་ས་དང༌།


JLD008_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་མཐར་གནས་ཀྱི་གསུམ་པ་ལ་དང༌། བདུན་པ་དྲོ་བའི་བཞི་པ་ཧ་དང༌། དེ་བཞིན་དུ་དྲུག་པ་མཐར་གནས་ཀྱི་གསུམ་པ་ལ་དང༌། ལྔ་པ་ཏ་སྡེའི་བཞི་བ་དྷ་དང༌། དྲུག་པ་མཐར་གནས་ཀྱི་གསུམ་པ་ལ་སྟེ། ཚིག་རྐང་པ་བཞི་པོ་དེ་ལ་ལན་གཉིས་གཉིས་སུ་བཟླས་པ་ཡིན་ནོ། །དེ་ལྟར། དང་པོའི་དང་པོ་ཉིད་དང་ནི། །མཐར་གནས་པ་ཡི་གཉིས་པ་ཉིད། ཅེས་སོགས་ཤློ་ཀ་སོ་གསུམ་དང་རྐང་པ་གསུམ་ནི་ལོ་ཙྪ་བ་གཉིས་འདུས་པའི་རྩ་རྒྱུད་ཀྱི་འགྱུར་ལ་འབྱུང་བ། འདིར་བཤད་པའི་དོན་དུ་བྲིས་གྱི་མར་དོ་རྐྱང་པའི་འགྱུར་ལ་མེད་པས། འདིར་དཀྱུས་ལ་གཞུག་པར་མི་བྱའོ། །འདི་དང་མངོན་བརྗོད་གཉིས་རེ་རེ་ཙམ་མ་གཏོགས་པ་འདྲའོ། །གསུམ་པ་ནི། རིག་པ་ནི་འཁོར་ལོ་གསུམ་གྱི་མཁའ་འགྲོ་མའོ། །དེའི་རྒྱལ་པོ་ནི་ཧེ་རུ་ཀའོ། །དེའི་གསང་སྔགས་ནི་སྔགས་བཏུས་པའི་རྩ་སྔགས་ཏེ། བསྒྲུབ་པར་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པའོ། །རྩ་སྔགས་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་པའི་སྔགས་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ན་ཡོད་པ་མིན་ཏེ། དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ཤེས་ནས་ཟློ་བ་ནི་མེ་དང་འདྲ་ལ། སྔགས་གཞན་དག་ནི་སོག་མ་དང་མཚུངས་ཏེ། སྟོབས་ཆེ་ཆུང་གི་ཁྱད་པར་ཆེའོ། །དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་ལ་སྔགས་ཀྱང་ཡིན་པས་རྩ་སྔགས་སུ་རབ་ཏུ་གྲགས་སོ། །བྱ་བ་ཐམས་ཅད་ཅེས་པ་ལ། སྒྲུབ་པ་ཐམས་ཅད་རྣམ་སྤངས་པ། ཞེས་ཀྱང་འབྱུང་ལ། དེའི་དོན་ནི་ཀླགས་པ་ཙམ་གྱིས་འགྲུབ་པ་ཡིན་ནོ། །ཞེས་ཀོང་


JLD008_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ན་པ་བཞེད་ལ། བྷ་བ་བྷ་དྲ་དང་དཔའ་བོ་རྡོ་རྗེས་ཀྱང་དེ་བཞིན་དུ་བཤད་དེ། སྦྱིན་སྲེག་ལ་སོགས་པའི་སྒྲུབ་པ་གཞན་ལ་མི་ལྟོས་པར་བཟླས་པ་ཙམ་གྱིས་འགྲུབ་པའི་དོན་ནོ། །དེས་ན་འདིའི་བཟླས་པ་བྱེད་པར་འདོད་པས་རྩ་སྔགས་ཉིད་ལ་གཙོ་བོར་བྱའོ། །གཉིས་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྩ་བའི་སྔགས་ཀྱི་ལུས་ཀྱི་ཡི་གེ་བཏུ་བའི་ཆོ་གའི་ལེའུ་སྟེ་ལྔ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་ལྔ་པའི་བཤད་པའོ།། ༈ །།གཉིས་པ་དཔའ་བོའི་གོ་ཆའི་སྔགས་བཏུ་བ་ལ་གཉིས། གཞུང་དངོས་དང༌། ལེའུའི་མཚན་ནོ། །དང་པོ་ལ་གཉིས། སྔགས་གཉིས་ཀྱི་ཡི་གེའི་གྲངས་གོ་ཆའི་སྔགས་བཏུ་བ་དང་བཅས་པ་དང༌། གོ་ཆ་འགོད་པའི་གནས་བསྟན་པའོ། །དང་པོ་ནི། རྩ་སྔགས་ལས་གཞན་ཡང་འོག་ནས་འཆད་པའི་སྙིང་པོའི་སྔགས་ལ་ནི་ཡི་གེ་ཉི་ཤུ་རྩ་གཉིས་ཡོད་ལ། སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ལ་ནི་ཡི་གེ་བདུན་ཡོད་དོ། །འདིར་ཡ་ཚོགས་དང་ཡ་སོགས་དང་ཡ་སྡེ་ཞེས་པ་གསུམ་བྱུང་བ་ལ་དང་པོ་འགྱུར་མི་ལེགས་ཤིང༌། ཕྱི་མ་ལ་བཤད་རུང་ཙམ་སྣང་ཡང་བར་པ་ལེགས་སོ། །ཡ་ལ་སོགས་པའི་ཡི་གེ་བརྒྱད་པའི་ས་བོན་ནི་ཧའོ། །གུག་སྐྱེད་ནི་དབྱངས་སམ་ཕྱི་མོའོ། །བཅུ་གཉིས་ནི་རྀ་ལྀ་བཞི་དོར་བའི་ལྷག་མ། ཨ་ཨཱ་ནས་ཨཾ་ཨཿའི་བར་རོ། །དེ་བཞིན་ནི་བཅུ་གཉིས་པོ་ཧ་ལ་ཞུགས་པས། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ སོ། །ཐུང་


JLD008_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ངུ་གཉིས་ཀྱི་ཡི་གེ་བར་མ་རིང་པོ་ལྔ་དང་ཐ་མ་དོར་བར་བྱའོ། །འགྱུར་གཞན་ལས། ཡི་གེ་ཐ་མ་དོར་བྱས་པ། ཞེས་པ་ལྟར་ན་གཉིས་གཉིས་ཀྱི་ཐ་མ་རིང་པོ་རྣམས་དོར་བའི་དོན་ནོ། །དེ་རྣམས་དོར་བའི་ཧ་ལ་སོགས་པ་ཐུང་ངུ་དྲུག་ནི། དཔལ་ཧེ་རུ་ཀའི་སྙིང་ག་ལ་སོགས་པའི་ཡན་ལག་དྲུག་ཏུ་བརྗོད་དོ། །དེ་ཡང་སྙིང་ཁ་ལ་སོགས་པའི་རྟེན་དང༌། བརྟེན་པ་ཧ་ལ་སོགས་པ་ངོ་བོར་དབྱེར་མེད་པས་སམ་དོན་དམ་པར་དབྱེར་མེད་པས་ཡན་ལག་དྲུག་ཅེས་བྱའོ། །རྡོར་སེམས་ལ་སོགས་པའི་དཔའ་བོ་དྲུག་གི་ཨོཾ་ལ་སོགས་པ་དང་མཉམ་པར་སྦྱོར་བ་སྟེ་སྦྱར་བར་བྱའོ། །ཡི་གེ་གང་དང་ཡིན་ན། ཧ་ལ་སོགས་པའི་ཡི་གེ་གཅིག་ཏུ་སྟེ་རེ་རེ་ཡང་དག་པར་གནས་པ་དང་སྦྱར་ཏེ། དེ་ཡང་ཧའི་གོང་དུ་ཨོཾ་དང་ཡང་དག་པར་ལྡན་པ་དེ་བཞིན་དུ། ན་མ་ཧི། སྭ་ཧ་ཧུ། པཽ་ཥད་ཧེ། ཧུཾ་ཧཱུཾ་ཧོ། ཕཊ་ཧཾ་ཞེས་སྦྱར་རོ། །དེ་ནི་སྒྲུབ་པ་པོས་དཔའ་བོ་དྲུག་གི་སྙིང་པོར་ཤེས་པར་བྱའོ། །གཉིས་པ་ནི། གོ་ཆའི་སྔགས་དང་པོ་ཨོཾ་ཧ་ནི་སྙིང་ག་ཉིད་དུ་དགོད་པ་སྟེ། སྔགས་གཉིས་པ་སྤྱི་བོར་དགོད་པར་ཤེས་པར་བྱའོ། །སྔགས་གསུམ་པ་སྤྱི་གཙུག་དག་ཏུ་སྦྱར་རོ། །སྔགས་བཞི་པ་གོ་ཆ་ཉིད་དུ་ཡིན། ཞེས་པ་ནི་ཀུན་སྤྱོད་ལས་ཕྲག་པར་དགོད་པར་གསུངས་པ་བཞིན་ནོ། །སྔགས་ལྔ་པ་ནི་མིག་ཏུ་གྱུར་པ་སྟེ་མིག་གཉིས་སུ་དགོད་དོ། །སྔགས་དྲུག་པ་མཚོན་ཆ་ཞེས་བྱར་འདོད། ཅེས་པའི་དོན་ནི། སྡོམ་འབྱུང་ལས། ཕཊ་ཧཾ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། ཞེས་གསུངས་པ་ཡིན་ནོ། །ཡན་ལག་ཐམས་ཅད་ནི་ལྭ་བ་པས། པགས་


JLD008_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་ན་གནས་པའི་རྡུལ་ཕྲ་རབ་རྣམས་དེའི་རང་བཞིན་དང་ཁ་དོག་ཅན་དུ་བྱའོ། །ཞེས་གསུངས་པ་ལྟར། པྲཛྙཱ་རཀྵི་ཏས་ཀྱང་བཤད་པས། ལུས་དབང་གི་རྡུལ་ཕྲ་རབ་ཐམས་ཅད་རྟ་མཆོག་གི་ངོ་བོའི་ཕཊ་ཧཾ་ལྗང་གུར་མོས་པར་བྱའོ། །སྔགས་འགོད་པའི་གནས་ནི། ལྭ་བ་པས་དཔྲལ་བར་དགོད་པར་གསུངས་པ་ལྟར་བྱ་སྟེ། ལྷ་འགོད་ན་ཡང་ལུས་དབང་གི་རྡུལ་ཕྲ་རབ་ཐམས་ཅད་དེའི་ངོ་བོར་མོས་པར་བྱའོ། །ཁ་ཅིག་ཡན་ལག་ཐམས་ཅད་ལ་ཞེས་བཤད་པས་དཔྲལ་བར་འགོད་པ་འགོག་པ་མི་འཐད་དེ། དེ་ལྟ་ཡིན་ན་གཟུགས་ཕུང་ལ་རྣམ་སྣང་ཞེས་དང༌། ལུས་ལ་ཕྲག་དོག་རྡོ་རྗེའོ། །ཞེས་སོགས་བཤད་པ་ལ་ལྷ་དེ་གཉིས་སྤྱི་བོ་དང་དཔྲལ་བར་སྒོམ་པ་ཡང་མི་འཐད་པར་འགྱུར་བ་སོགས་མང་ངོ༌། །པགས་པའི་ནང་དུ་ཞེས་གསུངས་པས་གོ་ཆ་ལྷག་མ་རྣམས་ཀྱང་ལུས་ཀྱི་ནང་དུ་བཀོད་དོ། །འོ་ན་གོ་ཆ་འདི་རྣམས་ལྷ་ཇི་ཙམ་ཞིག་ལ་འགོད་སྙམ་ན། ལཱུ་ཨི་པ་དང་དྲིལ་བུ་པའི་ལུས་དཀྱིལ་ལས། གོ་ཆ་བཅུ་གཉིས་འགོད་པར་གསུངས་ཀྱང་ལྷ་གང་ལ་འགོད་མི་གསལ་ལ། དྲིལ་བུ་པའི་ལྷ་ལྔར་ནི་གཙོ་བོ་ཡབ་ཡུམ་བསྐྱེད་ཅིང་འཁོར་མ་བསྐྱེད་པའི་བར་དུ་གོ་ཆ་བཀོད་པས་གཙོ་བོ་ཡབ་ཡུམ་ཉིད་ལ་བཀོད་དོ། །ནག་པོ་སྤྱོད་པའི་སྒྲུབ་ཐབས་ལས་ནི། གཙོ་བོ་ཡབ་ཡུམ་གཉིས་ཙམ་ལ་བཀོད་ཀྱི་གཞན་ལ་མ་བཀོད་དོ། །དེ་ཡང་ཀུན་སྤྱོད་ལས། དཔའ་མོའི་གོ་ཆ་དྲུག་བཤད་པའི་མཐར། གོ་ཆ་དྲུག་ཉིད་ཕག་མོ་སྟེ། ཞེས་པ་ཨོཾ་བཾ་སོགས་ཀྱི་གོ་ཆ་དྲུག་ཕག་མོ་ལ་འགོད་པར་བཤད་པས། ཨོཾ་ཧ་སོགས་དྲུག་ཀྱང་གཙོ་བོ་ལ་འགོད་པར་


JLD008_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཏེ། དེ་དང་མཐུན་ནོ། སྤྱིར་ནི་པཎྜི་ཏ་མང་པོས་གཙོ་བོ་ཡབ་ཡུམ་ཉིད་ལ་འགོད་པ་དང༌། གཞན་འགའ་ཞིག་གིས་ལྷ་ཐམས་ཅད་ལ་གོ་ཆ་བྱེད་པར་བཤད་པ་ཡང་ཡོད་ཀྱང༌། ལོ་ནག་དྲིལ་གསུམ་གྱི་སྒྲུབ་ཐབས་ཀྱི་སྐབས་སུ་ནི་གཙོ་བོ་ཡབ་ཡུམ་ཙམ་ཞིག་གོ་ཆ་འགོད་པའི་གཞིར་གཟུང་ངོ༌། །དགག་གཞག་རྒྱས་པར་ནི་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་དུ་བཤད་ཟིན་ཏོ། །འོ་ན་དེ་ལ་འགོད་པའི་གོ་ཆ་ཡང་ཇི་ལྟ་བུ་སྙམ་ན། ལྭ་བ་པས་སྔགས་དང་ལྷ་རྣམས་ཐ་དད་མེད་པར་སྔགས་ཉིད་འགོད་པ་དང༌། ཡང་ན་སྔགས་རྣམས་ལས་བསྐྱེད་པའི་ལྷ་འགོད་པའི་ཚུལ་གཉིས་བཤད་དེ། པྲཛྙཱ་རཀྵི་ཏས་ཀྱང་དེ་བཞིན་དུ་བཤད་དོ། །གོ་ཆའི་ལྷའི་སྐུ་མདོག་ཕྱག་མཚན་རྣམས་ནི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །རྩ་རྒྱུད་ཀྱི་གོ་ཆའི་སྔགས་ཇི་བཞིན་དུ་ཀུན་སྤྱོད་དང་སྡོམ་འབྱུང་ལས་ཀྱང་གསུངས་ལ། ལོ་དྲིལ་གཉིས་ཀྱི་གཞུང་དུ་ཡང་དེ་བཞིན་དུ་འབྱུང་ངོ༌། །ནག་པོ་པས་བཅུ་གཉིས་པོ་རེ་རེའི་ཐོག་མར་ཨོཾ་ཡིག་སྦྱར་བ་ནི་རྡོ་རྗེ་མཁའ་འགྲོ་ལ་བརྟེན་པའོ། །མངོན་བརྗོད་ལས། སྐུ་གསུང་ཐུགས་དམ་ཚིག་སོགས་ཀྱི་བདེ་མཆོག་རིགས་སོ་སོ་ལ་གོ་ཆ་གཉིས་ཀྱི་སྔགས་རྣམས་རྩ་རྒྱུད་དང་འདྲ་བ་དང་མི་འདྲ་བ་དུ་མ་ཞིག་བཤད་དོ། །གཉིས་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་དཔའ་བོ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ལེའུ་སྟེ་དྲུག་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་


JLD008_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དྲུག་པའི་བཤད་པའོ།། ༈ །།གསུམ་པ་རྩ་བའི་སྔགས་ཀྱི་དབྱངས་བཏུ་བ་ལ་བཞི། ཡན་ལག་གི་དབྱངས་བཏུ་བ་དངོས། བཏུས་པའི་རྩ་སྔགས་ཀྱི་ཆེ་བ། རྩ་སྔགས་ཀྱི་ཐོག་མཐའི་ཡི་གེ་བཏུ་བ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ལ་གཉིས། རྐང་བརྒྱད་ཀྱི་དབྱངས་བཏུ་བ་དང༌། ཀ་ར་སོགས་ཀྱི་དབྱངས་བཏུ་བའོ། །དང་པོ་ལ་གཉིས། རྐང་པ་སྔོན་མ་བཞིའི་དབྱངས་བཏུ་བ། ཕྱི་མ་བཞིའི་དབྱངས་བཏུ་བའོ། །དང་པོ་ནི། རྩ་སྔགས་ཀྱི་ལུས་བཏུས་པ་དེ་ནས་དབྱངས་ཡིག་བཅུ་གསུམ་པ་ཨོ། ལུས་བཏུས་པའི་ཡི་གེ་གཉིས་པ་མ་དང་སྦྱར་བས་མོའོ། །དབྱངས་ཡིག་བཅུ་གཅིག་པ་ཨེ་ཡང་དག་ལྡན་པ་སྟེ་སྦྱར་བ་ཡིས། བཏུས་པའི་ཡི་གེ་དྲུག་པ་ཏ་ལ་བརྒྱན་པར་བྱའོ། །དབྱངས་ཀྱི་བཞི་པ་ཨཱི་རིང་པོ་ཉིད་ཀྱང་ནི་ཡི་གེ་བདུན་པ་ཝ་དང་སྦྱར་རོ། །དབྱངས་ཡིག་བཅུ་གཅིག་པ་ཨེ་ནི་སྔགས་བཏུ་བ་ལ་མཁས་པས་ཡི་གེ་བརྒྱད་པ་ར་དང་སྦྱར་བར་བྱའོ། །དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་ལྡན་པར། ཡི་གེ་དགུ་པ་ཤ་ལ་བརྒྱན་པར་བྱའོ། །དབྱངས་ཡིག་གཉིས་པ་ཨཱ་ནི་ཡི་གེ་བཅུ་གཉིས་པ་ཧ་དང་སྦྱར་རོ། །དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་ལྡན་པར། ཀ་ནས་བགྲངས་པའི་ཡི་གེ་ཉི་ཤུ་རྩ་གཅིག་པ་བ་གཟུང་ལ། མཁས་པས་ཡི་གེ་བཅུ་བཞི་པ་ལ་ལ་གདགས་སོ། །ཡི་གེ་ཉི་ཤུ་པ་ན་དང་དབྱངས་ཀྱི་གསུམ་པ་ཨི་ཐུང་ངུ་ཉིད་སྦྱར་ལ། ནི་དེ་ཡི་གེ་བཅོ་ལྔ་པ་ག་དང་སྦྱར་བ་སྟེ་དེ་ལ་གདགས་སོ། །དབྱངས་ཡིག་བཅོ་ལྔ་པ་ཨཾ་དང་ཡང་དག་ལྡན་པ་སྟེ་སྦྱར་བས། ཡི་གེ་བཅུ་དྲུག་པས་


JLD008_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པར་བྱའོ། །དེ་ཡང་ཨ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས་ལ་ཐིག་ལེ་དེ་ས་ལ་སྦྱིན་ནོ། །དབྱངས་ཡིག་གསུམ་པ་ཨི་ཐུང་ངུ་དང་ལྡན་པའི་ཡི་གེ་བཅུ་བདུན་པ་ན་རུ་འདོད་དོ། །དབྱངས་ཀྱི་གཉིས་པ་ཨཱ་རིང་པོ་ནི་ཡི་གེ་བཅོ་བརྒྱད་པ་བྷ་རུ་སྦྱར་རོ། །དབྱངས་ཡིག་གཉིས་པ་ཨཱ་རིང་པོ་ནི་ཡི་གེ་ཉི་ཤུ་རྩ་གཅིག་པ་ཊར་སྦྱར་རོ། །དབྱངས་ཡིག་ལྔ་པ་ཨུ་ཐུང་ངུ་ནི་ཡི་གེ་ཉི་ཤུ་རྩ་གསུམ་པ་ཀར་སྦྱར་རོ། །དབྱངས་ཡིག་བཅུ་གསུམ་པ་ཨོ་ནི་ཡི་གེ་ཉི་ཤུ་བཞི་པ་ཊར་སྦྱར་རོ། །སྡེ་ཚན་དང་པོ་ཀ་སྡེའི་དང་པོ་ཀ་བླངས་ནས་ནི་ཡི་གེ་ཉི་ཤུ་ལྔ་པ་ཏ་ལ་སྦྱར་བ་སྟེ་གདགས་སོ། །དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་ལྡན་པར་ཡི་གེ་ཉི་ཤུ་རྩ་དྲུག་པ་ཊར་འགྱུར་རོ། །ཡི་གེ་ཉི་ཤུ་རྩ་བརྒྱད་པ་ད་ཉིད་ནི་དབྱངས་ཡིག་བཅོ་ལྔ་པ་ཨཾ་དང་སྦྱར་ཏེ་ཨ་ཕྱིས་ལ་ཐིག་ལེ་ད་ལ་སྦྱིན་ནོ། །གསུམ་པ་ཊ་སྡེའི་དང་པོར་ཡང་དག་ལྡན་པའི་ཊ་ཡི་འོག་མའི་ཆ་སྟེ་འོག་ཏུ་ནི་མེ་སྟེ་ར་ཡིག་དང་བཅས་པའོ། །ཊ་ལ་ར་འདོགས་པ་དེ་བཞིན་དུ་དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱར་བའི་ཉི་ཤུ་རྩ་དགུ་པ་ཥའོ། །ཡི་གེ་སུམ་ཅུ་རྩ་གཅིག་པ་ར་ནི་དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱར་རོ། །ཡི་གེ་སུམ་ཅུ་རྩ་གཉིས་པ་ལ་ནི་དབྱངས་ཡིག་བཅུ་གསུམ་ཨོ་དང་སྦྱར་རོ། །ཡི་གེ་སུམ་ཅུ་རྩ་གསུམ་པ་ག་ཉི་མའི་ས་བོན་ར་དང་ལྡན་པར་བྱ་སྟེ་ར་སྟའོ། །དབྱངས་ཡིག་བཞི་པ་ཨཱི་རིང་པོ་ནི་ཡི་གེ་སུམ་ཅུ་རྩ་བཞི་པ་བྷར་ལྡན་པར་བྱ་བ་ནི། འདོད་པའི་དོན་ཀུན་སྒྲུབ་པར་བྱེད་


JLD008_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དབྱངས་ཀྱི་ལྔ་པ་ཨུ་ཐུང་ངུ་ནི་ཡི་གེ་སུམ་ཅུ་རྩ་བདུན་པ་མ་དང་ལྡན་པས་ནི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་དངོས་གྲུབ་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །སུམ་ཅུ་རྩ་བརྒྱད་པ་ཁ་འདི་དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱར་རོ། །དཔའ་བོ་དང་དཔའ་མོའི་ལྷ་རྣམས་སྒྲུབ་པའི་རྒྱུ་ནི། སྔགས་ཀྱི་ཡི་གེ་འདི་ཉིད་ཡིན་པར་ཐེ་ཚོམ་མེད་དོ། །གཉིས་པ་ནི། སྔར་བཏུས་པའི་ཡི་གེ་བཞི་བཅུ་རྩ་གཉིས་པ་སའི་འོག་གི་ཆར་ནི་སྒྲུབ་པ་པོས་མེ་སྟེ་ར་དང་སྦྱར་ལ་ར་སྟར་བྱའོ། །བཞི་བཅུ་གསུམ་པ་བྷ་ནི་དབྱངས་ཡིག་ལྔ་པ་ཨུ་ཐུང་ངུ་དང་སྦྱར་རོ། །ཡི་གེ་བཞི་བཅུ་ལྔ་པ་བྷ་ནི་དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱར་རོ། །དབྱངས་ཡིག་ལྔ་པ་ཨུ་ཐུང་ངུ་ནི་བཞི་བཅུ་རྩ་དྲུག་པ་ས་དང་ལྡན་པར་བྱ་སྟེ། དཔའ་བོ་ཐམས་ཅད་རབ་ཏུ་མཆོད་པ་ཡིན་ནོ། །བཞི་བཅུ་རྩ་བདུན་པ་ར་ནི་དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱར་རོ། །སྔགས་འདི་དག་ནི་རྡོ་རྗེ་སེམས་དཔའ་མཆོག་གི་ངོ་བོ་ཡིན་ཏེ། སྔགས་དང་ལྷ་ཐ་མི་དད་པའི་ཕྱིར་རོ། །ཡི་གེ་ལྔ་བཅུ་རྩ་གཅིག་པ་ཤ་དབྱངས་ཡིག་ལྔ་པ་ཨུ་ཐུང་ངུས་མཛེས་པ་མཆོག་ནི་ཡིན་པར་འདོད་དོ། །ལྔ་བཅུ་རྩ་གཉིས་པ་པ་དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱར་བ་ནི་ལྷ་རྣམས་ཞེས་སོགས་སྔར་བཞིན་བཤད་དོ། །ང་གསུམ་པ་ཤའང་དབྱངས་བཅུ་གསུམ་པ་ཨོ་དང་སྦྱར་རོ། །ཡི་གེ་བཅུ་དྲུག་པ་ཤ་དབྱངས་ཡིག་དྲུག་པ་ཨཱུ་རིང་པོ་དང་སྦྱར་བ་ནི་དགྲ་རྣམས་ངེས་པར་གཅོད་པར་བྱེད་པ་ཡིན་ནོ། །ཨན་ཏསྠ་ཡི་བཞི་པ་ཝ་དང་དབྱངས་ཡིག་གཉིས་པ་སྦྱར་བ་ནི་ཝཱ་རིང་


JLD008_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །དེ་བཞིན་དུ་དབྱངས་ཡིག་བཅོ་ལྔ་པ་ཨཾ་དང་སྦྱར་བ་ནི་སྔར་ལྟར་ཏེ། དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །ཡི་གེ་ལྔ་བཅུ་རྩ་དགུ་པ་ཊར་འགྱུར་བ་ནི་ཊའི་འོག་ཏུ་ཝ་སྟ་རིང་པོ་བྱ། ཐིག་ལེ་ཊའི་མགོར་བྱིན་པས་ཊཱཾ་ཞེས་པའོ། །ཡི་གེ་དྲུག་ཅུ་རྩ་གཅིག་པ་དྷ། དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱར་རོ། །སྔགས་འདི་ཉིད་ནི་མཆོག་ཡིན་པར་བཤད་དོ། །ཡི་གེ་རེ་གཉིས་པར་དབྱངས་ཡིག་གསུམ་པ་ཨི་ཐུང་བ་དང་སྦྱར་བ་ནི་མཁའ་འགྲོ་མ་ཡི་རིག་པའི་མཆོག་ཏུ་འདོད་དོ། །ཡི་གེ་རེ་གསུམ་པ་ཎ། དབྱངས་ཡིག་བཅུ་གཅིག་པ་ཨེ་དང་ལྡན་པའི་མཛེས་པའི་ཡི་གེ་ནི་ཀུན་གྱི་མཆོག་གོ། དེ་བཞིན་དུ་ཡི་གེ་རེ་ལྔ་པ་གྷ། རྡོ་རྗེ་སེམས་དཔའ་རས་ཕྱེ་བ་སྟེ་ར་སྟར་བྱས་པའི་ས་བོན་འདི་ནི་ལྷ་རྫས་ཏེ་བདུད་རྩིའི་མཆོག་དང༌། འཇིག་རྟེན་པའི་དངོས་གྲུབ་སྦྱིན་པ་དང༌། ཐར་པ་ཆེན་པོ་སྦྱིན་པའོ། །འདིར་ལོ་ཆེན་གྱི་རྩ་རྒྱུད་ཀྱི་འགྱུར་ལ་རེ་བཞི་པ་རྡོར་སེམས་ཀྱིས་ཕྱེ་བ་དང༌། དབྱངས་ཡིག་གཉིས་པར་ལྡན་པར་འབྱུང་ལ། མལ་གྱི་འགྱུར་ལ་རེ་བཞི་པ་དབྱངས་ཡིག་གཉིས་པ་དང་སྦྱར་བ་ཡོད་ཅིང༌། རྡོར་སེམས་ཀྱིས་ཕྱེ་བ་མེད། མར་དོའི་འགྱུར་གཉིས་ཀ་ལ་རེ་བཞི་པ་ལ་བཤད་པ་མེད་དོ། །དེ་ལྟར་མི་མཐུན་ཀྱང་མལ་གྱི་ལྟར་ལེགས་པ་འདྲའོ། །མངོན་བརྗོད་རྣམས་དང༌། ལོ་ཆེན་གྱི་འགྱུར་ལས་རེ་བཞི་པ་རྡོར་སེམས་ཀྱིས་ཕྱེ་བ་དང༌། རེ་ལྔ་པ་དབྱངས་གསུམ་པ་དང་སྦྱོར་བ་མ་དག་ལ། རེ་བཞི་པ་དབྱངས་གཉིས་པ་དང་སྦྱོར་བ་


JLD008_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་འདྲའོ། །རེ་དྲུག་པ་ཛ་དབྱངས་གསུམ་པ་ཨི་དང་སྦྱར་རོ། །སྔར་དེ་དག་ནི་བྱ་བ་ཀུན་ལ་གྲུབ་པ་སྦྱིན་པ་དེ་ལྟར་དེ་བཞིན་གཤེགས་པས་གསུངས་སོ། །ཡི་གེ་རེ་བདུན་པ་ན་དབྱངས་ཀྱི་གཉིས་པ་ཨཱ་རིང་པོ་དང་ལྡན་པ་སྟེ་སྦྱར་བ་ནི་རྣལ་འབྱོར་མ་ཡི་དགོངས་པ་ཀུན་སྐོང་བ་འདི་ཉིད་ཡིན་པར་ཐེ་ཚོམ་མེད་དོ། །རེ་བརྒྱད་པ་མ་དེར་ནི་བ་སྦྱར་ཏེ། ས་བོན་གྱི་ཡི་གེ་མ་འདི་ཡི་འོག་གི་ཆར་ནི་བཏགས་པ་སྟེ་གདགས་པར་བྱའོ། །ཡི་གེ་དོན་གཅིག་པ་ར་ལ་དབྱངས་ཡིག་གཉིས་པ་ཨཱ་སྦྱར་རོ། །ཡི་གེ་ཀུན་ལ་མཛེས་པ་ནི་དེ་མ་ཐག་པ་འདི་ཉིད་ཡིན་པར་ཐེ་ཚོམ་མེད་དོ། །དོན་བཞི་པ་ཧ་ནི་དབྱངས་ཡིག་གཉིས་པར་སྦྱར་བ་དག་གདོད་ནས་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་པར་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་སོ། །དོན་ལྔ་པ་དྷ་མ་མོ་སྟེ་དབྱངས་ཀྱི་དྲུག་པ་ཨཱུ་དང་ལྡན་པ་འདི་ནི་བྱ་བ་སྒྲུབ་པ་ཀུན་ལ་རྣལ་འབྱོར་རབ་མཆོག་དམ་པ་ཡིན་ནོ། །དོན་དྲུག་པ་ནི་མའོ། །ཡི་གེ་བ་མ་དེའི་འོག་ཏུ་སྦྱར་ལ། ཉི་མ་སྟེ་ར་ཡིས་ནི་དབྱེ་བ་སྟེ་པ་དེ་ལ་གདགས་སོ། །དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་ལྡན་པའི་མེའི་ས་བོན་དེ་ལས་གཞན་པའི་མཆོག་ཏུ་མཛེས་པ་ཡོད་པ་མིན་ནོ། །མར་དོའི་འགྱུར་གཞན་ལས། ཡི་གེ་བ་ནི་དེ་སྦྱར་བྱ། ཞེས་འབྱུང་ངོ༌། །ཡི་གེ་དོན་བདུན་པ་ནའོ། །ན་དེར་ནི་འོག་ཏུ་དྷ་དང་སྦྱར་བར་བྱའོ། །ས་བོན་གྱི་སྔགས་འདི་ནི་ལྷ་རྫས་ཀྱི་མཆོག་མཁའ་འགྲོ་མ་ཡི་མཛེས་པར་འདོད་དོ། །ཡི་གེ་དོན་བརྒྱད་པ་ཀ་ནི་དབྱངས་ཡིག་གཉིས་པ་དང་སྦྱར་བའི་ས་བོན་འདི་ནི་མཆོག་ཏུ་བཟང་པོ་དངོས་གྲུབ་ཀྱི་རྒྱུའི་མཆོག་ནི་ཡིན་


JLD008_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་དོ། །ཡི་གེ་གྱ་གཅིག་པ་པ་ནི་དབྱངས་ཀྱི་བཞི་པ་ཨཱི། དེའི་མཐའ་ཨུ་ཡིས་ཁྱད་པར་དུ་བྱེད་པས་པུའོ། །འདི་ནི་གདོད་མ་ནས་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ཏེ། དངོས་གྲུབ་ཀུན་ལ་འཇུག་པར་བྱེད་པའོ། །ཡི་གེ་གྱ་གཉིས་པ་ཥ། དབྱངས་ཀྱི་གཉིས་པ་ཨཱ་རིང་པོར་དང་སྦྱར་བས་ཥཱའོ། །འགྱུར་གཞན་ལ་དེ་ཡན་ཆད་ལས་དབྱངས་ཐུ་བ་མེད་ཀྱང༌། ལོ་ཙཱ་བ་གཉིས་འདུས་ཀྱི་འགྱུར་དང་མངོན་བརྗོད་ལས་ཀ་ར་སོགས་ཀྱི་དབྱངས་ཐུ་བ་ཡང་བཤད་པས། འདིར་དེ་ལྟར་བཤད་པར་བྱའོ།། །གཉིས་པ་ལ་གསུམ། བརྒྱད་ཚན་དང་པོའི་དབྱངས་ཐུ་བ། བརྒྱད་ཚན་བར་པའི་དབྱངས་ཐུ་བ། བརྒྱད་ཚན་ཐ་མའི་དབྱངས་བཏུ་བའོ། །དང་པོ་ནི། རྐང་བརྒྱད་ཀྱི་ལུས་བཏུས་པ་དབྱངས་དང་སྦྱར་བ་དེ་བཞིན་དུ་ཀ་ར་སོགས་ཀྱི་ལུས་བཏུས་པ་ཡང་དབྱངས་དང་སྦྱར་རོ། །མ་མོ་སྟེ་དབྱངས་རྣམས་ལས་ལྔ་པ་ཨུ་ཐུང་ངུ་བཏུས་པའི་ཡི་གེ་བརྒྱད་ཅུ་རྩ་བརྒྱད་པ་ཀ་ལ་སྦྱར་བས་ཀུའོ། །འདིར་མ་མོ་ཞེས་པ་རྣམས་དབྱངས་ལ་བྱའོ། །རྐང་བརྒྱད་ཀྱི་ལུས་བཏུས་པའི་ཡི་གེའི་སྟེང་དུ་ཀ་ར་ཀ་ར་བསྣན་པའི་དབང་དུ་མཛད་ནས་འདིར་གྱ་བརྒྱད་པ་ཞེས་གསུངས་སོ། །མ་མོ་རྣམས་ལས་ལྔ་པ་ཨུ་ཉིད་ཡི་གེ་གྱ་དགུ་པར་ལ་སྦྱར་རོ། །དེ་བཞིན་དུ་མ་མོ་རྣམས་ལས་ལྔ་པ་ཨུ་ཉིད་ཡི་གེ་དགུ་བཅུ་པ་ཀ་ལ་སྦྱར་རོ། །མ་མོའི་ལྔ་པ་ཨུ་ཡི་གེ་གོ་གཅིག་པ་ར་དང་སྦྱར་རོ། །མ་མོ་རྣམས་ཀྱི་གཉིས་པ་ཨཱ་ནི་ཡི་གེ་གོ་དྲུག་པ་ཏྲ་དང་སྦྱར། ཡང་དབྱངས་ཀྱི་གཉིས་པ་དང་ཡི་


JLD008_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གེ་གོ་དགུ་པ་ཏྲ་གཉིས་སྦྱར་བའི་ཏཱ་ས་ཡ་ནི་གདུག་པ་རྣམས་སྐྲག་པར་བྱེད་ཅིང༌། སྔགས་པ་རྣམས་ལ་བདེ་བ་འབྱུང་བར་བྱེད་པའོ། །མངོན་བརྗོད་རྣམས་ལས། མ་མོ་ཀུན་གྱི་བདེ་བའི་གནས། ཞེས་འབྱུང་ངོ༌། །དེ་ལྟར་ན་ཏྲཱ་ས་ཕྱི་མའི་ས་ནི་ཡི་གེ་བརྒྱ་པའོ། །ཡི་གེ་བརྒྱ་རྫོགས་ནས་སླར་ཡང་གཅིག་ནས་འདྲེན་པ་ལ་ཡ་ཡིག་གཅིག་ཏུ་བྱའོ། །དབྱངས་རྣམས་ཀྱི་བཅུ་གསུམ་པ་ཨོ་ནི་ཡ་ནས་བགྲངས་པའི་ཡི་གེ་གཉིས་པ་ཀྵ་དང་ལྡན་པར་བྱའོ། །དབྱངས་ལས་བཅུ་གསུམ་པ་ཨོ་ནི་ཡ་ནས་བགྲངས་པའི་ལྔ་པ་ཀྵ་ཕྱི་མ་དང་ལྡན་པ་ནི། ཀྵ་ཡང་ཀ་ར་ཞེས་གདུག་པ་རྣམས་ནི་ཟད་པར་བྱེད་ཅིང༌། མཁའ་འགྲོ་མ་རྣམས་ཀྱི་བདེ་བ་འབབ་པའི་གནས་སོ། །མ་མོ་རྣམས་ཀྱི་བདེ་བ་ཡང་དེ་བཞིན་ནོ། །དབྱངས་རྣམས་ལས་བཅུ་བཞི་པ་ཨཽ། ཡི་གེ་བརྒྱད་པ་ཧྲ་དང་ལྡན་པར་བྱ་ལ། དེ་ཉིད་དབྱངས་ཀྱི་བཅོ་ལྔ་པ་ཨཾ་གི་ཨ་ཕྱིས་ནས་ཐིག་ལེའི་གདན་དུ་བྱས་པའོ། །དབྱངས་ལས་བཅུ་བཞི་པ་ཨཽ་ནི། ཡི་གེ་དགུ་པ་ཧྲར་ལྡན་པའི་སྤྱི་བོར་ཐིག་ལེས་མཚན་པ་ནི་སྒྲུབ་པ་པོ་ལ་མཁའ་འགྲོ་མ་རྣམས་ཁྱད་པར་དུ་དགའ་བར་བྱེད་པའོ། །དབྱངས་ལས་བཅུ་གཅིག་པ་ཨེ། ཡི་གེ་བཅུ་གཉིས་པ་དང་ལྡན་ཞིང་སྤྱི་བོར་ཐིག་ལེས་མཚན་པས་ཕཻཾ་སྟེ་ཕཻཾ་གཉིས་པ་ཡང་དེ་བཞིན་ནོ། །གཉིས་པ་ནི། །དབྱངས་རྣམས་ལས་ལྔ་པ་ཨུ། ཡི་གེ་སོ་གཉིས་པ་རར་ལྡན་ནོ། །ར་སོགས་གཉིས་པར་འཇོག་པ་ནི་ཕཊ་གཉིས་ཀྱི་ཕ་དང་ཊ་སོ་སོར་བགྲངས་པ་ཡིན་གསུང་ངོ༌། །དབྱངས་གསུམ་པ་ཨི། ཡི་གེ་སོ་གསུམ་པ་དྷར་ལྡན་པས་དྷིའོ། །དབྱངས་ཀྱི་གཉིས་


JLD008_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨཱ། ཡི་གེ་སོ་བཞི་པ་རར་ལྡན་པ་དང༌། དབྱངས་ཀྱི་གཉིས་པ་སོ་དྲུག་པ་མར་ལྡན་པ་དང༌། ཐོག་མ་དབྱངས་སྡེའི་གཉིས་པར་ལྡན་པའི་ཡི་གེ་སོ་བདུན་པ་ལ་དང༌། དབྱངས་ལས་གསུམ་པ་ཨི་དང་ལྡན་པའི་ཡི་གེ་བཞི་བཅུ་པ་བ་དང༌། མ་མོ་བཅུ་གཅིག་པ་ཨེ་དང་ལྡན་པའི་ཡི་གེ་ཞེ་གཅིག་པ་ན་དང༌། དབྱངས་ལས་གསུམ་པ་ཨི། ཡི་གེ་ཞེ་གཉིས་པ་གྲར་ལྡན་ཞེས་པ་དང༌། དབྱངས་གསུམ་པ་ཞེ་བཞི་པར་ལྡན་ཞེས་པ་གཉིས་རྒྱ་གར་གྱི་དཔེ་མ་དག་པ་ལས་བསྒྱུར་བ་སྟེ། མངོན་བརྗོད་ལས། དབྱངས་ཀྱི་ཡི་གེ་བདུན་པ་ནི། །ཡི་གེ་བཞི་བཅུ་གཉིས་པར་སྦྱར། །དབྱངས་ཀྱི་བདུན་པ་ཉིད་དང་ནི། །ཡི་གེ་བཞི་བཅུ་བཞི་པར་སྦྱར། ཞེས་པ་དག་སྟེ། དབྱངས་ཀྱི་བདུན་པ་རྀ། ཡི་གེ་བཞི་བཅུ་པ་ག་ལ་སྦྱར་ལ་ར་ཕྱི། གྲྀ་ཞེས་པ་དག་སྟེ། སྡོམ་འབྱུང་སོགས་ནས་ཀྱང་དེ་བཞིན་དུ་བཏུས་པའི་ཕྱིར་རོ། ཞེས་གསུང་པ་ནི་རང་གིས་སྔར་ལུས་ཐུ་བའི་སྐབས་སུ་ག་ཡིག་ར་དང་སྦྱར་བ་དང་འགལ་ཞིང༌། འབྲོག་མི་དང་ཁྱུང་པོ་སོགས་ཀྱི་བསྒྱུར་བའི་མངོན་བརྗོད་མང་པོ་ལས་ཀྱང༌། ལུས་ཐུ་བའི་སྐབས་སུ་ག་ཡིག་གཉིས་ར་དང་སྦྱར་སྣང་ལ། རྩ་རྒྱུད་ཀྱི་ལེའུ་སུམ་ཅུ་པ་ལས་ཀྱང་ག་ར་དང་སྦྱར་ནས་ཨི་ཡིག་བྱིན་འདུག་ཅིང༌། འགྲེལ་པ་རྣམས་ལས་ཀྱང་དེ་དང་མཐུན་པར་འཆད་པར་འདུག་པས། རྩ་རྒྱུད་དུ་གྲ་གཉིས་ལ་ཨི་སྟེར་བ་དག་པ་ཡིན་གྱི། རྀ་སྟེར་བ་དག་པ་མིན་ནོ། །དེས་ན། དབྱངས་ཀྱི་ཡི་གེ་བདུན་པ་ནི། ཞེས་སོགས་མངོན་བརྗོད་ལ་ཡོད་ན། རྒྱུད་


JLD008_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ལུས་ཐུ་བའི་སྐབས་སུ་ཇི་ལྟར་ཡོད་བརྟག་དགོས་སོ། །མངོན་བརྗོད་མང་པོ་ལས་དབྱངས་ཀྱི་གཉིས་པ་ཡི་གེ་ཞེ་གཉིས་པ་དང་སྦྱར། ཞེས་པ་ནི་ལོ་ཙཱ་བ་གཉིས་འདུས་ཀྱི་འགྱུར་ལས། དབྱངས་ཀྱི་གསུམ་པར་འབྱུང་བ་དག་གོ། སྤྱིར་ན་སྡོམ་འབྱུང་ནས་ག་རྀ་དང་སྦྱར་བ་ཡང་བཏུས་འདུག་པས་ཚུལ་གཉིས་ཡོད་པ་ཤེས་པར་བྱའོ། །མ་མོ་ལས་ནི་གཉིས་པ་ཉིད་ཡི་གེ་ཞེ་བརྒྱད་པ་པར་ལྡན་པ་དང༌། དབྱངས་གཉིས་པ་ཡི་གེ་ཞེ་དགུ་པ་ཏར་ལྡན་པ་དང༌། མ་མོའི་ལྔ་པ་ཨུ། ཡི་གེ་ང་གསུམ་པ་བྷར་ལྡན་པ་དང༌། ཡི་གེ་ང་བཞི་པ་ཛ། ཐིག་ལེ་ཀྱང་ནི་རྣམ་པར་བརྒྱན་པའོ། །ཡི་གེ་ང་ལྔ་པ་ག་ལ་སྤྱི་བོར་ཐིག་ལེས་མཚན་པ་ལ། དབྱངས་ཀྱི་གཉིས་པ་ཨ་སྦྱར་བ་དང༌། ཡི་གེ་ང་བདུན་པ་རྦ་སྤྱི་བོར་ཐིག་ལེས་མནན་པ་དབྱངས་ཀྱི་གཉིས་པ་དང་སྦྱར་བ་དང༌། ཡི་གེ་ང་བརྒྱད་པ་བ་ནི་མ་མོའི་གཉིས་པ་དང་སྦྱར་བ་དང༌། མ་མོ་གཉིས་པ་ཨཱ་ཉིད་ནི་ཡི་གེ་དྲུག་ཅུ་རྩ་ལྔ་པ་ཨ་ལ་སྦྱར་རོ། །མ་མོའི་གཉིས་པ་རེ་བརྒྱད་པ་ཨར་ལྡན་པ་ནི། དངོས་གྲུབ་ཐམས་ཅད་འགུགས་པར་བྱེད་ཅིང༌། སྒྲུབ་པ་པོ་རྣམས་ལ་དཔལ་ཏེ་ཕུན་ཚོགས་སྦྱིན་པའོ། །མ་མོའི་བཞི་པ་ཨཱི་ཉིད་ཡི་གེ་དོན་གཅིག་པ་ཧྲ་ལ་ལྡན་ཞིང༌། ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན་ནོ། །མ་མོའི་བཞི་པ་ཨཱི་ཡི་གེ་དོན་གཉིས་པ་ཧྲ་ལ་ལྡན་པའི་མགོར་ཐིག་ལེ་ཡིས་ནི་མཉམ་པར་མནན་པ་ནི། སེམས་ཅན་ཐམས་ཅད་དབང་དུ་བྱེད་པའོ། །དབྱངས་ཀྱི་བཅུ་བཞི་པ་ཨཽ་དང་ངེས་པར་ལྡན་པའི་ཡི་གེ་དོན་གསུམ་པ་ཛྞཽའོ། །མ་མོའི་བཅུ་བཞི་པ་ཨཽ་ཡི་གེ་དོན་བཞི་པ་ཛྞར་ལྡན་པ་སྟེ་


JLD008_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བས་ཛྞཽའོ། །ཧྲི་ཧྲིལ་ཐིག་ལེས་བརྒྱན་པ་དེ་བཞིན་དུ། ཛྞཽ་གཉིས་ལ་ཡང་ཐིག་ལེས་བརྒྱན་ནོ། །གསུམ་པ་ནི། དབྱངས་ཀྱི་གཉིས་པ་ཨཱ། ཡི་གེ་དོན་ལྔ་པ་ཀྵྨར་ལྡན་པ་སཀྵྨཱའོ། །འདིར་ལོ་ཙཱ་བ་གཉིས་འདུས་ཀྱི་འགྱུར་ལཀྵྨཱིའི་ཐིག་ལེ་དང༌། དོན་དྲུག་པ་དང་དོན་བདུན་པ་ཆད་ཅིང༌། མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་བདུན་ཅུ་བརྒྱད་པར་ལྡན། །སྟེང་དུ་ཐིག་ལེས་མཚན་པའོ། ཞེས་པ་ལ་མངོན་བརྗོད་འབྲོག་འགྱུར་ལས། ཡི་གེ་བདུན་ཅུ་ལྔ་དང་སྦྱར། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། ཕྱི་མོ་ཡི་ནི་གཉིས་པ་ཡང༌། །ཡི་གེ་བདུན་ཅུ་དྲུག་དང་སྦྱར། །ཐིག་ལེ་གཉིས་ཀྱིས་ཡང་དག་བརྒྱན། །ཕྱི་མོ་ཡི་ནི་གཉིས་པ་ཡང༌། །ཡི་གེ་བདུན་ཅུ་བདུན་དང་སྦྱར། །མ་མོའི་བཞི་པ་ཉིད་དང་ནི། །ཡི་གེ་བདུན་ཅུ་བརྒྱད་དང་སྦྱར། །ཐིག་ལེས་མགོ་ལ་མནན་པར་བྱ། །དབྱངས་ཡིག་བཞི་པ་དག་ཀྱང་ནི། །ཡི་གེ་བདུན་ཅུ་དགུ་དང་སྦྱར། །ཐིག་ལེ་སྒྲ་ཡིས་བསྐྱེད་པ་སྟེ། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། ཞེས་འབྱུང་ངོ༌། །དེའི་རྐང་པ་གཉིས་པས་ཀྵ་སྔ་མའི་ཐིག་ལེ་བསྟན། ཕྱི་མོ་གཉིས་པ་དོན་དྲུག་པ་དང་སྦྱར་ཞེས་པས་ཀྵ་གཉིས་པ་བསྟན་ཏེ། ཀྱང་གྱི་སྒྲས་ཕྱི་མ་ལ་ཡང་ཐིག་ལེས་བརྒྱན་པར་སྟོན་ནོ། །དབྱངས་ཀྱི་གཉིས་པ་དོན་བདུན་པ་དང་སྦྱར་ཞེས་པས་ཧཱ་བསྟན་ཏེ། དེ་ལ་ཐིག་ལེ་གཉིས་ཀྱིས་བརྒྱན་པར་བསྟན་པས་ཧཱཾ་གཉིས་སུ་འགྱུར་རོ། །མ་མོ་བཞི་པ་དང་སྦྱར་བའི་དོན་བརྒྱད་པ་དང༌། དོན་དགུ་པ་གཉིས་ཀྱི་སྔ་མ་ལ་ཐིག་ལེས་མནན་པས་ཧཱིཾ་སྔ་མ་དང༌།


JLD008_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ལ་ཐིག་ལེས་བརྒྱན་པས་ཧཱིཾ་ཕྱི་མའོ། །ཐིག་ལེ་སྒྲ་ཡིས་བསྐྱེད་པ་ནི། །ཐིག་ལེ་ཡིས་སྒྲ་ནཱ་ད་བསྐྱེད་པའི་དོན་ཏེ། ཐིག་ལེ་ནཱ་ད་དང་ལྡན་པར་བྱའོ། །དབྱངས་རྣམས་ལས་དྲུག་པ་ཨཱུ་ཉིད། རྟའི་རྒྱལ་པོ་དོན་གྲུབ་པ་ལ་བཤད་པ་མང་ཞིང༌། སྐྱེད་པ་ནི་དེའི་ས་བོན་ཧ་ལ་བཤད་པ་མང་བས་ཧ་དེ་ལ་སྦྱར་ལ། སྟེང་དུ་ཐིག་ལེ་དང་ནཱ་དས་བརྒྱན་པས་ཧཱུཾ་སྟེ་འདི་ལ་གཉིས་སུ་བྱས་པས་བརྒྱད་ཅུ་པ་དང༌། གྱ་གཅིག་པའོ། །སྔར་འདིའི་ལུས་ཐུ་བའི་སྐབས་སུ། ལྔ་པའི་བདག་ཉིད་ཡོངས་བཏུས་ལ། ཞེས་ཐུ་ཚུལ་མི་གསལ་བ་འདིར་གསལ་བར་མཛད་ཅིང༌། ཡང་ནི་དེ་ལ་གཉིས་པར་ངེས། ཞེས་གསུངས་པས་འདིར་ཧཱུཾ་གཉིས་བྱ་དགོས་སོ། །འདིར་ཧཱུཾ་ཐུ་བ་མངོན་བརྗོད་རྣམས་ལ་ཆད་ཀྱང༌། གཉིས་འདུས་ཀྱི་འགྱུར་ལ་འབྱུང་བ་ལེགས་སོ། །དབྱངས་ཀྱི་གསུམ་པ་ཨི། ཀ་ལ་ནས་དྷ་ལའི་བར་གྱི་ཡི་གེ་བཅུ་དྲུག་ལ་ལྡན་པ་སྟེ་སྦྱར་བས་ཀི་ལི་སོགས་སུ་འགྱུར་རོ། །དེ་ལྟར་ན་ལུས་ཀྱི་ཡི་གེའི་གྲངས་ནི་བརྒྱའི་སྟེང་དུ། དགུ་བཅུ་རྩ་བརྒྱད་དུ་གཉིས་འདུས་ཀྱི་འགྱུར་ལས་འབྱུང་ངོ༌། །མངོན་བརྗོད་རྣམས་ལས་གོ་བདུན་དུ་འབྱུང་བ་ལྟར་ན། ཧཱཾ་གཅིག་ཆད་པར་འགྱུར་བས་གོ་བརྒྱད་དུ་བྱ་ལ། དོན་བདུན་པའི་སྔོན་དང་རྗེས་གཉིས་ཀར་ཧཱཾ་གཉིས་པ་འོང་ས་མི་འདུག་པས། དོན་བདུན་པའི་སྐབས་སུ་ཧཱཾ་གཉིས་ཀ་ཡོད་པ་སྔར་བཤད་པ་ལྟར་བྱ་དགོས་པར་མངོན་ནོ། །མ་མོ་རྣམས་ལས་ལྔ་པ་ཉིད། ཅེས་པ་ནས། དགུ་བཅུ་དང་ནི་རྩ་བརྒྱད་པའོ། ཞེས་པའི་བར་ལོ་ཙཱ་བ་གཉིས་འདུས་


JLD008_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྱུར་ལ་འབྱུང་བ་ནི། སྐབས་འདིར་བཤད་པའི་ཆེད་དུ་བྲིས་ཀྱི་མར་དོ་རྐྱང་པའི་འགྱུར་ལ་དཀྱུས་ལ་གཞུག་པར་མི་བྱའོ། །དེ་ལྟར་དབྱངས་གསལ་གྱི་སྒོ་ནས་བཏུས་པ་འདི་ནི། རེའུ་མིག་དག་ལས་བཏུས་པ་དཔལ་ཧེ་རུ་ཀ་མགོན་པོའི་རྩ་བའི་སྔགས་མཆོག་ཏུ་ཤེས་པར་བྱའོ། །རེའུ་མིག་གི་སྐད་དོད་བཀོད་པ་ལ་ཡང་འཇུག་ཅེས་གསུང་པས། བཏུ་གཞི་ལ་དབྱངས་གསལ་བཀོད་པ་ལས་བཏུས་པའི་དོན་ནོ། །གཉིས་པ་ནི། རྩ་བའི་སྔགས་རྒྱས་པ་འདི་ནི་འདས་མ་འདས་ཀྱི་དངོས་གྲུབ་ཀུན་འགྲུབ་པའི་གནས་སམ་གཞི་ཡིན་ཞིང༌། བརྗོད་པ་ཙམ་གྱིས་འཇིགས་པ་རྣམས་ཀྱང་འཇིགས་པར་བྱེད་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་འཇོམས་པ་སྟེ་སྐྲག་པར་བྱེད་པ་ཡིན་ནོ། །སྐལ་ལྡན་ནི་སྙིང་འཇོམས་པ་སྟེ་སྙིང་འདྲེན་ཞིང༌རང་གི་དབང་དུ་བྱེད་པར་སྒྲུབ་པ་ཡིན་ནོ། །ཞེས་བཞེད་དོ། །དཔལ་ལྡན་ཁྲག་འཐུང་གི་ལྟ་རིག་པའི་རྒྱལ་པོའི་སྔགས་འདི་ནི་ཀླགས་པ་ཙམ་གྱིས་འགྲུབ་པ་འདོད་པའི་དོན་ཡོད་པར་བྱེད་པའོ། །གསུམ་པ་ནི། ཡི་གེ་ཨོཾ་ནི་རྩ་སྔགས་ཀྱི་དང་པོར་སྦྱར་ཏེ། ཧཱུཾ་ཧཱུཾ་ཕཊ་ནི་དེའི་མཐའ་མར་སྦྱར་བ་ནི་རྩ་སྔགས་ཏེ། སྔགས་འདི་ནི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །ཧཱུཾ་གཉིས་ནི་རིང་པོ་ཡིན་པར་བཤད་དོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྩ་པའི་སྔགས་ཀྱི་དབྱངས་བཏུ་བའི་ཆོ་ག་སྟེ་བྱ་ཐབས་ཀྱི་ལེའུ་སྟེ་བདུན་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་


JLD008_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལེའུ་བདུན་པའི་བཤད་པའོ།། ༈ །།བཞི་པ་གོ་བཟློག་པའི་སྙིང་པོ་དང་དཔའ་མོའི་གོ་ཆའི་སྔགས་བཏུ་བ་ལ་བཞི། སྙིང་པོའི་སྔགས་དང༌། གོ་ཆའི་སྔགས་རིན་ཆེན་བཞི་དང་བཅས་པ་དང༌། སྔགས་ཀྱི་རྗེས་གནང་བྱ་ཚུལ། ལེའུ་ཡི་མཚན་ནོ། །དང་པོ་ནི། རྩ་སྔགས་ཀྱི་དབྱངས་བཏུས་པ་དེ་ནས་སྙིང་པོ་དང་གོ་ཆའི་སྔགས་བཏུ་བ་སྟོན་ནོ། །ཧེ་རུ་ཀ་རང་གི་བདག་ཉིད་ཀྱི་སྔགས་རྣམས་དཔའ་བོ་ཉེར་བཞི་པོ་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་ཉེར་བཞི་ཡི་དྲ་བ་སྟེ་ཚོགས་ཀྱི་རང་བཞིན་ནོ། །དེ་ཐམས་ཅད་སྡོམ་པར་བྱེད་པ་ནི་འཁོར་ལོ་བདེ་མཆོག་ཡིན་པར་འདོད་དོ། །ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་དང་ཧེ་རུ་ཀཾ་གི་དོན་ནོ། །དེ་འདྲ་བའི་སྔགས་ནི་ཧཱ་སྭཱ་ཞེས་སོགས་ཏེ་གོ་རིམ་བཞིན་བཤད་པ་ནི། འདིའི་སྔགས་བཏུ་བར་ཡང་བཤད་དོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ་ཞེས་པའོ། །འདི་ལ་ཡི་གེ་ཉེར་གཉིས་སུ་བྱེད་ལུགས་ལ་ཁ་ཅིག་བ་དང་ཛྲ་གཉིས་སུ་བྱེད། ཁ་ཅིག་ཕ་དང་ཊ་གཉིས་སུ་བྱེད་དོ། །རིག་པའི་རྒྱལ་པོ་ཧེ་རུ་ཀའི་སྙིང་པ་འདི་ནི། རྒྱུད་གཞན་དུ་སྔར་མ་བྱུང་ཞིང་ཕྱིས་འབྱུང་བར་མི་འགྱུར་བ་བདག་གིས་ད་ལྟ་བཤད། ཅེས་སྔགས་དཀོན་པའི་ཆེ་བ་བསྟན་ཏོ། །གཉིས་པ་ནི། རྣལ་འབྱོར་མ་དྲུག་གི་ས་བོན་ནི། ཊ་ཕ་ནས་ཨོཾ་གྱི་བར་དུ་དྲུག་ཡིན་ལ། སྔགས་ཐུ་བ་ན་གོ་རིམ་མ་འཆོལ་བར་ཨོཾ་ཧཾ་ཧྲིཾ་ཧྲི་ཧཱུཾ་ཕཊ་ཅེས་པའོ། །དེ་རྣམས་ཡི་གེ་བཾ་དང་ཡོཾ་དང༌། ཡི་གེ་མོཾ་དང་ཧྲིཾ་དང་ཧཱུཾ་དང་ཕཊ་ཅེས་པ་དང་སྦྱར་ཏེ། ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་སྦྱར་བའོ། །སྔགས་དེ་དྲུག་ནི་གོ་ཆའི་རྣལ་འབྱོར་


JLD008_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི་དྲུག་ཏུ་བཤད་དེ། སྔགས་དང་ལྷ་ཐ་མི་དད་པའི་ཕྱིར་རོ། །སྡོམ་འབྱུང་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །སྔགས་ཀྱི་གཟུགས་ཅན་རྣལ་འབྱོར་མ། །གལ་ཏེ་གོ་འཕང་མཆོག་འདོད་ན། །དེ་དག་དབྱེ་བ་བརྟག་མི་བྱ། ཞེས་གསུངས་པ་ལྟར་རོ། །སྐབས་འདིར་ལོ་ཆེན་དང་མལ་གྱི་འགྱུར་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧུཾ་ཕཊ་སྭཱ་ཧཱ། ཞེས་འབྱུང་ལ། ལོ་ཙཱ་བ་གཉིས་འདུས་ཀྱི་འགྱུར་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཞེས་འབྱུང་བ་ལ། སྐལ་ལྡན་དང་དཔའ་བོ་རྡོ་རྗེའི་འགྲེལ་པར་འགྱུར་སྔ་མ་བཞིན་འབྱུང་ལ། ལངྐ་དང་བྷ་བ་བྷ་དྲའི་འགྲེལ་པར་ཕྱི་མ་བཞིན་དུ་ཡོད་དོ། །སྐལ་ལྡན་དང་ལངྐ་དང༌། དཔའ་བོ་དང༌། བྷ་བ་བྷ་དྲས་ཡུམ་གྱི་ཉེ་སྙིང་དུ་བཤད་ལ། དཀའ་རྒྱལ་ཟླ་བས་སྙིང་པོར་བཤད་དོ། །སྔགས་དེ་རྣམས་མཁའ་འགྲོ་མ་ཡི་རིག་པ་ཆེན་མོ་ཡིན་ལ། མ་བྱུང་སོགས་ནི་སྔར་བཞིན་ནོ། །གོ་ཆ་དེ་དྲུག་འགོད་པའི་གནས་དང༌། ལྷ་མོ་གང་ཡིན་པ་ནི་ཀུན་སྤྱོད་ལས། །ལྟེ་བ་སྙིང་ཁ་དེ་བཞིན་ཁ། །མགོ་དང་སྤྱི་གཙུག་གོ་ཆ་ཉིད། །དང་པོ་རྡོ་རྗེ་ཕག་མོ་ཉིད། །གཉིས་པ་གཤིན་རྗེ་མ་རུ་བཤད། །གསུམ་པ་རྨོངས་བྱེད་མ་ཉིད་དེ། །བཞི་པ་སྐྱོད་བྱེད་མ་རུ་བཤད། །ལྔ་པ་སྐྲག་བྱེད་མ་རུ་གྲགས། །དྲུག་པ་གཏུམ་མོ་ཡིན་པར་བཤད། །ཅེས་གསུངས་པ་ལྟར། །ཨོཾ་བཾ་སོགས་དང་རིམ་པ་བཞིན་དུ་སྦྱར་རོ། །གོ་ཆ་ཉིད་ཅེས་པ་ནི་ཡན་ལག་ཐམས་ཅད་ལ་མཚོན་ཆར་བཤད་དེ། དེའི་དོན་དང་དེ་འགོད་པའི་གནས་ནི་སྔར་ལེའུ་དྲུག་པར་བཤད་


JLD008_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ། །རྣལ་འབྱོར་མ་དྲུག་གི་སྐུ་མདོག་དང་ཕྱག་མཚན་སོགས་ནི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །ས་ཡི་སྟེང་ན་རིན་ཆེན་བཞི་ཞེས་པ་ལ། བཤད་པ་མི་འདྲ་བ་འགའ་ཞིག་ཡོད་ཀྱང༌། ཕྲེང་སྔགས་དང་སྙིང་པོ་དང་ཉེ་སྙིང་དང་གོ་ཆའི་སྔགས་བཞི་ལ་འཆད་པ་ལེགས་སོ། །དེ་རེ་རེ་ལ་ཡང་ཡབ་ཡུམ་གྱི་སྒོ་ནས་ཕྱེ་ན་གཉིས་གཉིས་སོ། །དེ་རྣམས་ཀྱི་ནང་ནས་ཀྱང་ཡབ་ཡུམ་གྱི་ཕྲེང་བའི་སྔགས་ནི་དམ་པ་སྟེ་མཆོག་གོ ། དེ་དག་ནི་དཀོན་ཞིང་དགའ་བ་རྒྱས་པར་བྱེད་པ་དང༌། ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འདོད་དོན་ཐམས་ཅད་སྟེར་བས་རིན་པོ་ཆེའོ། །མཁའ་འགྲོ་མ་ཡི་རིག་པ་ཆེ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་སྔགས་སོ། །རིག་པའི་རྒྱལ་པོ་ཧེ་རུ་ཀ་ནི་ཡབ་ཀྱི་རྩ་སྔགས་སོ། ། འདི་ནི་ཕྲེང་སྔགས་དམ་པར་བཤད་པའི་ཕྲེང་སྔགས་བཤད་པའོ། །གསུམ་པ་ནི། དང་པོར་ལེའུ་ལྔ་པ་ལྟར་རྩ་སྔགས་ཀྱི་ལུས་བཏུས་པ་བྲི། དེ་ནས་ལེའུ་བདུན་པ་ལྟར་རྩ་སྔགས་ཀྱི་དབྱངས་བཏུས་པ་ལུས་དང་སྦྱར། དེ་ནས་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་དང༌། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གཉིས་དང༌། དེ་ནས་གོ་ཆ་གཉིས་ཀྱི་སྔགས་བྲིས་པ་ཁྲི་ལ་སོགས་པའི་སྟེང་དུ་གཞག །སྔགས་རྣམས་ལྷའི་རང་བཞིན་དུ་མོས་ཏེ་མཆོད་བསྟོད་བྱ། ཚོགས་ལ་ལོངས་སྤྱད་པའི་རྗེས་སུ། སློབ་དཔོན་དང་སློབ་མ་རྣམས་ཕྱག་བཅུ་གཉིས་པ་ཡབ་ཡུམ་གྱི་ང་རྒྱལ་གསལ་བར་བྱ། སློབ་དཔོན་གྱི་དཔྲལ་བར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་ལ་རྩ་སྔགས་ཀྱིས་བསྐོར་བ་དང༌། མགྲིན་པར་ཟླ་བའི་སྟེང་དུ་ཨཱཿདམར་པོ་ལ་སྙིང་པོ་གཉིས་ཀྱིས་


JLD008_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་དང༌། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ནག་པོ་ལ་ཉེ་སྙིང་གཉིས་བསྐོར་བར་གཉིས་ཀས་བསམ་ཞིང༌། སློབ་མའི་གནས་གསུམ་དུ་ཡང་དེ་བཞིན་དུ་གཉིས་ཀས་བསམ་མོ། །དེ་ནས་རྩ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ་སྟེ། ལེན་རེ་རེ་ལ་སློབ་དཔོན་གྱི་དཔྲལ་བའི་སྔགས་ཕྲེང་ཨོཾ་དང་བཅས་པ་ལས་དེ་དང་འདྲ་བ་རེ་འཆད་ནས། སློབ་མའི་དཔྲལ་བའི་སྔགས་ཕྲེང་ལ་བསྟིམས་ལ་སུམ་བསྲེས་བྱས་པའི་མཐར། སློབ་མ་རྣམས་ཀྱིས་རང་རང་གི་དཔྲལ་བའི་སྔགས་ཕྲེང་དཀར་པོ་ལ་དམིགས་ལ་རྩ་སྔགས་ལན་གསུམ་མམ་བདུན་བཟླའོ། །དེ་བཞིན་དུ་སྙིང་པོ་གཉིས་ཀྱི་རྗེས་ཟློས་ལན་གསུམ་བྱས་པའི་ལན་རེ་རེ་ལ། སློབ་དཔོན་གྱི་མགྲིན་པའི་སྔགས་ཕྲེང་ཨཱཿདང་བཅས་པ་ལས་རང་འདྲ་ཆད་ནས་སློབ་མའི་མགྲིན་པའི་སྔགས་ཕྲེང་ཨཱཿདང་བཅས་པ་ལ་བསྟིམས་ལ་སྙིང་པོ་སུམ་བསྲེས་བྱ། དེ་ནས་སློབ་མ་རྣམས་ཀྱིས་རང་རང་གི་མགྲིན་པའི་སྔགས་ཕྲེང་དམར་པོ་ལ་དམིགས་ལ་སྙིང་པོ་གཉིས་ལན་གསུམ་མམ་ཉེར་གཅིག་བཟླའོ། ། ཡང་ཉེ་སྙིང་གཉིས་ཀྱི་རྗེས་ཟློས་ལན་གསུམ་བྱས་པའི་ལན་རེ་རེ་ལ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ཧཱུཾ་དང་བཅས་པ་ལས་རང་འདྲ་ཆད་ནས། སློབ་མའི་སྙིང་གའི་སྔགས་ཕྲེང་ཧཱུཾ་དང་བཅས་པ་ལ་བསྟིམས་ལ། ཉེ་སྙིང་སུམ་བསྲེས་བྱས་པའི་མཐར། སློབ་མ་རྣམས་ཀྱིས་རང་གི་སྙིང་གའི་སྔགས་ཕྲེང་སྔོན་པོ་ལ་དམིགས་ལ། ཉེ་སྙིང་གཉིས་ཉེར་གཅིག་རེའམ་བརྒྱ་རྩ་


JLD008_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཟླའོ། །གོ་ཆའི་རྗེས་གནང་ལ་རང་རང་གི་གནས་སུ་དགོད་མི་དགོས། རྗེས་ཟློས་ལན་གསུམ་བྱ་ཞིང༌། རང་གི་ལུས་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས་སྔགས་དེ་རྣམས་ཚུར་ལ་ཞུགས་པར་བསམ་མོ། །དེ་ནས་ཐོག་མར་བཏུ་གཞི་ཨཱ་ལི་ཀཱ་ལི་བཀོད་པ་ལ་བླ་མའི་ཕྱག་གིས་བྱུག་ཅིང༌། སློབ་མའི་སྤྱི་བོར་བཞག་ལ། དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་སྤྱི་བོ་ནས་ཨཱ་ལི་ཀཱ་ལིའི་རྣམ་པས་ལུས་ལ་ཞུགས་པར་བསྒོམ། དེ་བཞིན་དུ་རྩ་སྔགས་ལ་བྱུག་ཅིང་དེའི་རྡུལ་གྱིས་སྤྱི་བོར་རེག་པ་དང༌། སྙིང་པོ་གཉིས་ལ་བྱུག་ཅིག་མགྲིན་པར་རེག་པ་དང༌། ཉེ་སྙིང་གཉིས་ལ་བྱུག་ཅིང་སྙིང་གར་རེག་པས། གནས་དེ་དག་ཏུ་དེ་བཞིན་གཤེགས་པའི་ཚོགས་ལུས་ལ་ཞུགས་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། གོ་ཆའི་སྔགས་ལ་བྱུག་ཅིང་སྤྱི་བོར་རེག་པས་གོ་ཆ་བརྟན་ཅིང་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། ཞེས་ལན་གསུམ་བརྗོད་ལ་མེ་ཏོག་བླ་མ་ལ་དབུལ། བླ་མས་དེ་བླངས་ཏེ་སློབ་མའི་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། ཞེས་པ་དང༌། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་ཆང་ལ་བདུད་རྩི་སྦྱར་བས་ཡི་གེ་རྣམས་བཀྲུས་ལ། བླ་མ་རང་གིས་ཀྱང་བཏུང་ཞིང་ལུས་ལ་བྱུག །སློབ་མའི་ཡང་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་བྱུག་ཅིང༌། ཁྱོར་བར་བྱིན་པ་འཐུངས་ཤིང་ལུས་ལ་བྱུགས་པས་ལུས་ཀྱི་ཆ་


JLD008_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་རྣམས་སུ་དེ་བཞིན་གཤེགས་པའི་ཚོགས་རྣམས་ཐིམ་པར་བསམ་མོ། །མཇུག་ཏུ་ཚམ་རྔམས་སྔགས་ཀྱི་བསྲུང་བ་དང༌། གོ་ཆ་གསུམ་གྱི་བསྲུང་བ་བྱ་སྟེ། འདི་ནི་བླ་མ་སྔ་མ་རྣམས་ཀྱི་ཕྱག་བཞེས་ལ་འབྱུང་བ་ལྟར་བྲིས་པའོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། གོ་བཟློག་པའི་སྙིང་པོ་དང༌། རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བརྒྱད་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བརྒྱད་པའི་བཤད་པའོ།། །། ༈ གཉིས་པ་སྔགས་བཟླས་པས་དངོས་གྲུབ་སྒྲུབ་ཚུལ་ལ་ལྔ། རྩ་སྔགས་ཀྱིས་ལས་བསྒྲུབ་པ། སྙིང་པོས་ལས་བསྒྲུབ་པ། ཉེ་སྙིང་གིས་ལས་བསྒྲུབ་པ། གོ་ཆའི་སྔགས་ཀྱིས་ལས་བསྒྲུབ་པ། སྙིང་པོས་ལས་བསྒྲུབ་པ་གཞན་བསྟན་པའོ། །དང་པོ་ལ་བཞི། བཤད་པར་དམ་བཅའ་བ་ཆེ་བ་དང་བཅས་པ། ལས་ཚོགས་དངོས་རྒྱས་པར་བཤད་པ། དེ་ལ་སྔགས་ཀྱི་དེ་ཉིད་ཤེས་དགོས་པར་བསྟན་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། ལེའུ་བརྒྱད་པའི་རྗེས་དེ་ནས་རྩ་བའི་གསང་སྔགས་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པའི་ལས་མཆོག་ཏུ་གྱུར་པ་འོག་ནས་འཆད་པ་བཞིན་དུ་གོ་རིམ་ཇི་བཞིན་དུ་སྟེ་རིམ་གྱིས་རྣམ་པར་ཏེ་སོ་སོར་བཤད་པར་བྱའོ། །སྔགས་དེ་ནི་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ན་ཞི་སོགས་ཀྱི་དངོས་གྲུབ་གང་ཅི་ཡོད་པ་རྣམས་ཐམས་ཅད་ཅིག་གིས་ཏེ་རིང་པོ་མི་ཐོགས་པར་ལས་རྣམས་ཐམས་ཅད་


JLD008_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་བྱེད་པའོ། །གཉིས་པ་ལ་གཉིས། ལས་སྒྲུབ་པའི་ཆོ་གའི་ཐུན་མོང་གི་རྣམ་གཞག་དང༌། ལས་སྒྲུབ་པའི་ཆོ་ག་སོ་སོར་བསྟན་པའོ། །དང་པོ་ནི། ལས་དམན་པ་མང་པོ་དང༌། དུས་རིང་པོར་འགྲུབ་པ་ལ་སྤྱོད་པ་མེད་པར་འགྲུབ་པ་ཡང་ཡོད་མོད་ཀྱང༌། ཇི་སྐད་བཤད་པ་བཞིན་དུ་ལས་ཐམས་ཅད་མྱུར་དུ་འགྲུབ་པ་དང༌། འཇིག་རྟེན་པའི་དངོས་གྲུབ་རྒྱུད་སྡེ་འོག་མར་མི་འབྱུང་བའི་དངོས་གྲུབ་ཆེན་པོ་རྣམས་མྱུར་དུ་འགྲུབ་པ་ལ་སྤྱོད་པ་བྱ་དགོས་སོ། །དེས་ན་འདུས་པའི་རྩ་རྒྱུད་དང༌། རྒྱུད་ཕྱི་མར་བསྐྱེད་རིམ་པས་ཀྱང་སྤྱོད་པ་བྱེད་པར་གསུངས་སོ། །དེ་ལ་སྔོན་དུ་བསྐྱེད་རིམ་ཤིན་ཏུ་བརྟན་པ་དང༌། བཟླས་པ་རྫོགས་པ་དང༌། དེའི་བཅུ་ཆའི་སྦྱིན་སྲེག་སོང་བས་སྤྱོད་པ་གསུམ་གང་རུང་བྱས་ཏེ། དེ་ནས་བཟླས་པ་སོགས་ཀྱིས་ལས་རྣམས་སྒྲུབ་པ་ཡིན་ནོ། །བསྐྱེད་རིམ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་བརྟེན་དགོས་ལ། ལྷ་འདི་ཙམ་ཞིག་གི་ངེས་པ་མེད་དོ། །སྔགས་ལ་ཡང་རྩ་སྔགས་སྟོབས་ཆེ་མོད་ཀྱང༌། དེ་ཁོ་ན་ངེས་གཟུང་དུ་མི་དགོས་སོ། །བཟླས་པའི་གྲངས་ནི་སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླས་བྱ་གཅིག །ཉིས་འགྱུར་གསུམ་ལྡན་ལ་བཟླས་བྱ། །སུམ་འགྱུར་གཉིས་ལྡན་ལ་རབ་བརྗོད། །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་གསུངས་པ་ལྟར་བྱ་དགོས་སོ། །དངོས་གྲུབ་འགྲུབ་ཚུལ་ནི་ལྭ་བ་པས། བསམ་གཏན་ཙམ་དང༌། དེ་དང་བཟླས་པ་གཉིས་དང༌། དེའི་སྟེང་དུ་འཁྲུལ་འཁོར་དང་གསུམ་གྱིས་འགྲུབ་པར་བཤད་དེ། གང་ཟག་མཆོག་དམན་འབྲིང་གསུམ་ལ་དགོངས་སོ། །དེ་ཡང་དང་པོ་ནས་མིན་གྱི་ལས་སྦྱོར་གྱི་དུས་སུ་


JLD008_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ལས་སྦྱོར་གྱི་དུས་སུ་སྔགས་དང་སྦྱིན་སྲེག་གིས་སྒྲུབ་པ་ཡང་སྡོམ་འབྱུང་ལས་མང་དུ་གསུངས་སོ། །ཁ་ལྟ་ཕྱོགས་ནི་སྡོམ་འབྱུང་ལས། ཞི་བ་ལ་ཤར་དང༌། རྒྱས་པ་ལ་བྱང་དང༌། དབང་དང་དགུག་པ་ལ་ནུབ་དང༌། རེངས་པ་དང་བསད་པ་ལ་ལྷོར་ལྟ་བར་བཤད། རྨོངས་པ་ཡང་རེངས་པ་དང་འདྲའོ། །རྡོ་རྗེ་མཁའ་འགྲོ་ལས་བསྐྲད་པ་ལ་རླུང་དུ་ལྟ་བར་བཤད། བསྐྲད་དབྱེ་གཉིས་ཀ་ལ་ལྷོར་ལྟ་བ་ཡང་བཤད་དོ། །ཞི་བ་ལ་ལྷའི་ཁ་དོག་དཀར་པོ་དང་མེ་ཏོག་དཀར་པོ། རྒྱས་པ་ལ་ཁ་དོག་སེར་པོ་དང་མེ་ཏོག་སེར་པོ། །དབང་ལ་ཁ་དོག་དམར་པོ་མེ་ཏོག་དམར་པོ་དང༌། རིངས་པ་ལ་ཁ་དོག་སེར་པོ་མེ་ཏོག་སེར་པོ་བཤད་དེ། རྨོངས་པ་ཡང་དེ་དང་འདྲའོ། །བསད་པ་དང་བསྐྲད་དབྱེ་ལ་ཁ་དོག་ནག་པོ་བསྒོམ་མོ། ། དེ་དག་གིས་ནི་མཆོད་རྫས་གཞན་དང་སྔགས་ཀྱི་ཁ་དོག་ཀྱང་ཤེས་པར་བྱའོ། །སྡོམ་འབྱུང་ལས་ཀྱང༌། གང་གི་ལས་ཀྱི་བྱེ་བྲག་གིས། །དེ་ཡི་ཁ་དོག་སོགས་མཚོན་བྱ། གནས་དང་ལྷ་ཡི་རྣམ་པ་དང༌། སྔགས་དང་མེ་ཏོག་ཆོ་ག་བཞིན། ཞེས་གསུངས་ཤིང༌། ལས་སྒྲུབ་པའི་དུས་སུ་སྔགས་བཟླས་པའི་བཅུ་ཆའི་སྦྱིན་སྲེག་བྱེད་པ་ཡང་མང་དུ་བཤད་དོ། །ཁྱད་པར་ལྷག་མ་རྣམས་ནི་མངས་སུ་དོགས་ནས་མ་བྲིས་སོ། །གཉིས་པ་ལ་ལྔ། ཕར་ཆེར་ཚར་བཅད་ཅིང་ཞར་ལ་རྗེས་སུ་གཟུང་བའི་ལས་དང༌། ཚར་བཅད་པ་ཉིད་ཀྱི་ལས་ཚོགས་དང༌། རྗེས་སུ་གཟུང་བའི་ཞར་ལ་ལས་སྒྲུབ་ཚུལ་བསྟན་པ་དང༌། བསད་གསོ་གཉིས་དང་བཅས་པའི་ཚར་བཅད་ཀྱི་ལས་དང༌། རྗེས་


JLD008_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཟུང་བའི་ལས་གཞན་བསྟན་པའོ། །དང་པོ་ནི། སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པའི་ལྷ་ཐམས་ཅད་དང་མཐོང་བའི་དུག་ཅན་ལ་སོགས་པའི་ཀླུ་ཐམས་ཅད་དང༌། ཟས་སུ་མདངས་ཟ་བ་ལ་སོགས་པའི་གནོད་སྦྱིན་ཐམས་ཅད་དང༌། དྲི་ཟ་ཐམས་ཅད་ཀྱི་སྐྱེ་གནས་ཐམས་ཅད་ལན་ཅིག་དྲན་པ་ཙམ་གྱིས་གསོད་པར་བྱེད་དོ། །ལྷ་ལ་སོགས་པ་ཐམས་ཅད་ཅེས་སྨོན་ནས། ཡང་དེ་དག་གི་སྐྱེ་གནས་ཐམས་ཅད་ཅེས་སྨྲ་བ་ཅི་ཡིན་ཞེ་ན། ཀོང་ཀ་ན་པ་སོགས་ནི་གསལ་བར་བྱ་བའི་ཕྱིར་ཡིན་པས་ཟློས་སྐྱོན་མེད་ཅེས་གསུང༌། སྐལ་ལྡན་ནི་ལྷ་ཀླུ་གནོད་སྦྱིན་སོགས་ནི་སེམས་ཅན་གཞན་ལ་ལྟོས་ན་ཤིན་ཏུ་མ་རུངས་པ་ཡིན་ན། དེ་རྣམས་ཀྱང་སྐད་ཅིག་གིས་འགྲུབ་པར་བྱེད་དོ། །ཞེས་བདག་ཉིད་ཆེ་བར་བསྟན་པའི་དོན་དུ་ལན་གཉིས་སྨོས་གསུང་ངོ༌། །ལྷ་ལ་སོགས་པའི་ནང་ན་གནས་པའི་མ་རུངས་པ་ལ་མཐུ་འདི་གསུངས་ལ། དེ་ཡང་སླར་གསོ་བའི་ནུས་པ་དང་ལྡན་པས་བྱ་བར་བཤད་དོ། ། དྲན་པ་ཙམ་གྱིས་ཞེས་པ་འདི་འདྲ་རྣམས་ནི་སྔགས་བཟླས་པ་སོགས་ལ་མི་ལྟོས་པར་བསམ་གཏན་གྱིས་ལས་འགྲུབ་པའི་བསྐྱེད་རིམ་པ་ནང་ལ་གཞོལ་བ་རྣམས་ལ་ཡིན་ལ། སྔགས་ལ་གཞོལ་བས་ནི་རྩ་སྔགས་ཀྱི་མཐར་དེ་རྣམས་ཀྱི་མིང་སྦྱར་ནས། མཱ་ར་ཡ་ཕཊ་ཅེས་སྤེལ་ཏེ་བཟླས་པས་སྲོག་དང་འབྲལ་བར་བྱེད་དོ། །རྡོ་རྗེ་འཛིན་པའི་སྤྱི་བོར་ཕུལ་བའི་མེ་ཏོག་བླངས་ལ་རྩ་སྔགས་ལན་བདུན་བཏབ་སྟེ་སྤྲིན་ལ་བདུགས་ན་ནམ་མཁའ་ལས་ཆར་འབབ་པ་ཟློག་པར་བྱེད་དོ་ཞེས་ལྭ་བ་པས་བཤད་དོ། །བླ་མ་སྔ་མའི་མན་ངག་


JLD008_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྲིན་གྱི་ཚོགས་ལ་བལྟས་ནས་ཁྲོ་བ་དང་བཅས་པས་རྩ་སྔགས་ཀྱི་མཐར། སརྦ་མེ་གྷ་ན་བི་ཀིར་ཎ་བ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང༌། རང་གི་ཁ་ནས་རླུང་དམར་བྱུང་བར་བསམས་ན་སྤྲིན་འཐོར་བར་བྱེད་དོ་ཞེས་འཆད་དོ། །ཆར་འབེབས་པར་བྱེད་དོ་ཞེས་པ་ལ། ལྭ་བ་པའི་འགྲེལ་པ་ལས་མངོན་བརྗོད་ནས་འབྱུང་བ་བཞིན་དུ་རྡོ་རྗེ་ནམ་མཁའ་ལྡིང་གི་བྲིས་སྐུ་ལ་བརྟེན་ནས་ཆར་འབེབས་པ་དང༌། སྐུ་གཟུགས་ལ་ཁྲུས་གསོལ་ལ་ཆུ་འགྲམ་གཉིས་ཀྱིས་གཅིག་ཏུ་བསྲེས་པ་ལ་ཀླུའི་གཟུགས་བརྙན་མགོ་དགུ་པ་བྱས་ཏེ། ཁྲུས་བྱས་ལ་མཆོད་ནས་ཆུ་ཀླུང་དོར་བས་ཆར་འབེབས་པ་གཉིས་བཤད་ཅིང༌། རྡོ་རྗེ་མཁའ་འགྲོ་ལས་གསུངས་པ་བཞིན་དུ་གདེངས་ཀའི་དབང་ཕྱུག་གི་འཁྲུལ་འཁོར་བྲིས་པ་ལ་བརྟེན་ནས་ཆར་འབེབས་པ་སོགས་བཞི་བཤད་པ་ལ། འདིར་བཞི་པ་བཤད་ན། ཁམ་ཕོར་སོ་མ་བཏང་བར་དུག་དང་ལན་ཚྭ་དང་སྐེ་ཚེས་འཁོར་ལོ་གསུམ་གྱི་དབུས་སུ་ཆུད་པའི་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུཾ་བཾ་ཧཱུཾ། འདབ་མ་བརྒྱད་ལ་ཀླུ་རྣམས་ཀྱི་སྙིང་པོ་ས་བོན་ཧཱུཾ་གཉིས་ཀྱིས་གཟིར་བ་བྲི། རྩིབས་མཚན་དང་པདྨའི་མཐའ་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ཧ་ན་པ་ཙ་པ་ཙ་བི་དྷ་ནྶ་ཡ་ཨུཙྪ་ཏ་ཡ་སརྦ་ནཱ་གཱ་ནཱན་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་བྲིས། དགུག་པ་སོགས་བྱས་ལ་ཡང་དག་པར་མཆོད་དོ། །ཁ་སྦྱར་དུ་བྱས་ནས་ཀླུ་གནས་པའི་སར་བཅུག་ལ། གུ་གུལ་དང༌། སརྫ་ར་ས་སྟེ་སྤོས་དཀར་དང༌། སྒོག་སྐྱ་བསྲེགས་པའི་བདུག་པ་བྱིན་ལ། སྔགས་ཀྱི་བཟླས་པ་བྱས་ན་ཆར་འབེབས་སོ། །ཆར་ཆེས་པའི་ཚེ་


JLD008_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་པར་བྱེད་པ་ནི་སྔར་བཤད་པའི་རྫས་གསུམ་གྱི་བདུག་པས་ཀླུའི་རས་རིས་ལ་བདུག་ཅིང༌། བརྴ་ནི་བརྴ་ཡ་ཞེས་པའི་ཚིག་བཅུག་སྟེ་རྩ་སྔགས་བཟླ་བའམ། སྤྲིན་འཐོར་བའི་ཆོ་ག་བྱས་པས་ཟློག་པར་བྱེད་དོ། །སྤྲིན་འཐོར་བ་སོགས་གསུམ་ལ་ཀོང་ཀ་ན་པ་དྲང་ངེས་ཀྱི་བཤད་པ་གཉིས་བྱེད་པ་ལ། སྐལ་ལྡན་ནི་དེ་གསུམ་བཟླས་བརྗོད་འབུམ་མ་བྱས་པར་ཡང་བྱེད་ནུས་པས་སྒྲ་ཇི་བཞིན་པ་ཁོ་ནར་གཟུང་ངོ་ཞེས་ཟེར་རོ། །རྒྱ་མཚོའི་ནང་དུ་ཕྱིན་ཏེ་ཁྲོས་པས་རྩ་སྔགས་འབུམ་བཟླས་ན་རྒྱ་མཚོ་སྐེམས་པར་བྱེད་དོ། །ཆུ་བོ་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་སྟན་པ་ནི། ཁབ་ལེན་རིགས་བདུན་གང་ཡང་རུང་བ་ལ་ཁ་ཊཾ་ག་བྱས་ནས་རྩ་སྔགས་ལན་བདུན་བཟླས་ཏེ། ལག་པ་གཡོན་པས་ཆུ་བོ་ལ་བསྣུན་ན་བཤད་པ་བཞིན་དུ་འགྱུར་རོ། །དེ་ལྟར་བྱས་པས་ཅི་ཞིག་བྱ་ཞེ་ན། སེམས་བཅས་དང་སེམས་མེད་ཀྱི་བདག་པོ་བྱེད་པས་ན་དབང་པོ། བྱ་བ་མ་ཡིན་པ་བྱེད་པ་རྣམས་དེ་ལས་བཟློག་པར་བྱེད་པའི་དོན་དུ་ཡིན་ནོ། །འགྱུར་ཁ་ཅིག་ལས་ཐོག་ཟློག་པར་བྱེད་པར་འབྱུང་བ་ལྟར་བླ་མ་སྔ་མ་རྣམས་ཀྱང་མཛད་དེ། ཁྲོས་པས་སྡིགས་མཛུབ་བསྒྲེང་སྟེ་རྩ་སྔགས་བཟླས་པའི་ཐབས་ཀྱིས་སོ། །རྩ་བའི་གསང་སྔགས་འདི་བཟླས་བརྗོད་འབུམ་བྱས་ཏེ་གཡས་བརྐྱང་གི་སྦྱོར་བས་གར་བྱེད་བཞིན་པའི་དགའ་སྤྲོ་དང་བཅས་པས། མཁའ་འགྲོ་མའི་འཁོར་རབ་ཏུ་མགུ་བར་བྱེད་པས་ས་གཡོ་བར་བྱེད་ཅིང་རོལ་པར་བྱེད་པ་དང༌། ཤིང་ལ་འཛེགས་ཏེ་གནས་དང་ཉེ་བའི་གནས་ལ་སོགས་པ་གང་དུ་འགྲོ་འདོད་པ་དེར་འགྲོ་བར་བྱེད་ཅིང་སླར་འོངས་ནས་འདུ་བར་འགྱུར་རོ། །ཕ་རོལ་གྱི་སྔགས་


JLD008_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནུས་པ་ཐམས་ཅད་ཕྲོགས་ཤིག །དངོས་གྲུབ་ཐམས་ཅད་ཕྲོགས་ཤིག་ཅེས་པའི་སྤེལ་ཚིག་དང་ལྡན་པས་རྩ་སྔགས་བཟླས་ན། སྔགས་ཀྱི་ནུས་པ་ཐམས་ཅད་འཕྲོག་པར་བྱེད་པ་དང༌། ཞི་བ་ལ་སོགས་པའི་དངོས་སྒྲུབ་དང༌། བཅུད་ལེན་ལ་སོགས་པའི་དངོས་གྲུབ་སྟེ་གྲུབ་པའི་རྫས་ཐམས་ཅད་འཕྲོག་པར་བྱེད་དོ། །བསྟན་པ་ལ་གནོད་པ་བྱེད་པ་སླར་མི་བྱེད་པའི་དོན་དུ། ཁྲོས་པས་རྩ་སྔགས་ཀྱི་མཇུག་ཏུ་ཛ་ཆེ་གེ་མོའི་རཀྟ་ཨཱ་ཀརྵ་ཡ་ཛཿཞེས་བཏགས་པ་བཟླས་ན། གཞན་གྱི་ཁྲག་འདྲེན་པར་བྱེད་དོ། །བསྒྲུབ་བྱ་དེ་གུས་པས་འདུད་པར་བྱེད་ན་སླར་ཁྲག་གཏོང་བའི་སྤེལ་ཚིག་དང་བཅས་པས་སྔགས་བཟླས་ན། ཁྲག་བཀུག་པ་སླར་གཏོང་བར་བྱེད་པ་སྟེ་སྔར་གྱི་གནས་སུ་འཇོག་པར་བྱེད་པའོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་པ་ནི་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་གནས་པས། སྙིང་རྗེ་དང་སྨོན་ལམ་གྱི་མཐུས་གདུལ་བྱ་གང་ལ་གང་འདུལ་གྱི་བསམ་པ་དང་མཐུན་པར་དེ་དང་དེའི་གཟུགས་འཛིན་པར་བྱེད་པའོ། །དེ་ལྟ་བུ་མིན་པའི་བརྩོན་འགྲུས་དམན་པས་སྔགས་དང་སྨན་གྱིས་གཟུགས་སྣ་ཚོགས་པ་ས་བོན་གྱིས་སྒྲུབ་པ་ལ། ལྭ་བ་པའི་འགྲེལ་པར་བཞི་གསུངས་པའི་ཕྱོགས་གཅིག་ནི། ཤིང་ཨེ་རནྜ་དང་སྨྱོ་བྱེད་ཀྱི་ས་བོན་ཉི་ཤུ་དགུ་ལ་རིགས་ངན་མའི་མེ་ཏོག་གིས་བསྒོ་ཞིང༌། བདུད་རྩི་ལྔས་ཀྱང་མཉེས་ལ་ཉི་མཚན་དེ་ལ་བསྐམས་ཏེ། ཁྱི་ནག་པོའི་ཐོད་པ་དུར་ཁྲོད་ཀྱི་སས་བཀང་ལ། མར་ངོའི་ཚེ་བརྒྱད་དམ་བཅུ་བཞི་ལ་མ་མོའི་གནས་སུ་བསྐྱེད་ནས། གྲུབ་པའི་ས་བོན་བླངས་ཏེ་སྔགས་པས་


JLD008_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ་དང་བླ་མ་མགོན་པོ་ཁྱད་པར་དུ་མཆོད་ལ། དུར་ཁྲོད་དུ་གཏོར་མས་མཆོད་ཅིང་མངོན་པར་བསྔགས་ཏེ་གང་འདོད་པའི་གཟུགས་བསམས་ནས་མགྲིན་པར་བཅིངས་ན་དེའི་གཟུགས་སུ་འགྱུར་ཏེ། བཀྲོལ་ན་སླར་ཡང་རང་གི་གཟུགས་སུ་འགྱུར་རོ། །ཡང་སྨན་བཟང་པོ་ལས་ཆོ་ག་བཞིན་དུ་བསྒྲུབས་པའི་དམ་ཚིག་གིས་གྲུབ་པའི་ས་བོན་ཏེ། གཟུགས་སྣ་ཚོགས་པར་སྣང་བར་འདོད་ན་ཁ་ནས་ཕྱུང་ན་ཇི་ལྟར་འདོད་པ་བཞིན་དུ་སྣང་བར་བྱེད་ཅིང༌། མི་སྣང་བར་འདོད་ན་ནི་རང་གི་ཁང་བཅུག་ན་མི་སྣང་བར་ཡང་བྱེད་དེ་རྒྱས་པར་མ་བྲིས་སོ། །ཁང་བཟང་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ། །ཞེས་པ་ནི་སྔགས་ཀྱི་རྒྱལ་པོ་མེ་འབར་བས་སྟ་རེ་བཞིན་གཏུབ་པར་བྱའོ། །ཞེས་བཤད་དེ། རྩ་སྔགས་ལས་མེ་འབར་བར་བསམས་ཏེ་དེས་གཏུབས་པར་བསམ་པའོ། །ལག་པ་གཡོན་པར་ཟླ་བའི་འོད་ལྟར་དྲི་མ་མེད་པའི་འཁོར་ལོ་བཀོད་ནས། གནས་པ་དང་རྒྱུ་བ་དང་ཡན་ལག་ལས་སྐྱེས་པ་དང༌། སྦྱར་བ་ལས་བྱུང་བའི་དུག་རྣམས་ལ་ལག་པའི་མཐིལ་བསྟན་པ་ཙམ་གྱིས་བདུད་རྩིར་བྱེད་ཅིང༌། བདུད་རྩི་དུག་ཏུ་བྱེད་པ་ནི་ལག་པའི་སྔགས་ནག་པོར་བྱས་ནས་བསྟན་པ་ཉིད་ཀྱིས་སོ། །ཟླ་བ་སྟེ་ཆང་ཟླ་བའི་འོད་ཟེར་ལྟར་དྲི་མ་མེད་པར་བསམས་པ་ཙམ་གྱིས་ཆུ་སྟེ་འོ་མར་བྱེད་དོ། །འདི་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་ཟེར། ཀུ་སུམྦྷའི་མེ་ཏོག་བསྐམས་པའི་ཕྱེ་མ་ཤིང་ཛམྦུའི་ཁུ་བས་ལན་མང་དུ་སྦྲུས་པ་བའི་ཆུས་སྦངས་ནས། པདྨའི་སྣོད་དུ་བླུགས་པས་ཆུ་སྟེ་འོ་མ་ཡང་ཟླ་བ་སྟེ་ཆང་དང་འདྲ་བར་བྱེད་དོ། །ཚེར་མ་དང་བཅས་པའི་ཀ་རཎྜའི་


JLD008_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་ཕྱི་མ་ཤིང་ནཱ་ག་རའི་ཤུན་ལྤགས་དང་བཅས་པས་ལག་པ་སོགས་ལ་བྱུག་ན་དྲི་འཕྲོག་ཅིང༌། དེ་བཞིན་དུ་མི་ཏོག་དང་འབྲས་བུ་ལ་སོགས་པའི་དྲི་ཐམས་ཅད་འཕྲོག་པར་བྱེད་དོ། །དེ་བཞིན་དུ་མེ་ཏོག་དང་སྤོས་ལ་སོགས་པས་བདུག་པ་དེ་བདུགས་ན་ཕན་ཚུན་དུ་དྲི་འཕོའོ། །ནམ་མཁའ་ལྡིང་ཞེས་སོགས་ཀྱི་དོན་ལ། འགྲེལ་པ་གཞན་མང་པོས་ཇི་ལྟར་ནམ་མཁའ་ལྡིང་ནམ་མཁའ་ལ་འགྲོ་བ་ན་གཤོག་པ་གཉིས་བསྐྱོད་དེ་འགྲོ་བ་བཞིན་དུ། ཕྱག་རྒྱ་དང་འདུས་པ་ན་ལག་པ་གཉིས་བརྐྱང་སྟེ་སྙོམས་པར་ཞུགས་ནས་མཐར་བྱང་སེམས་རང་གི་ལྕེས་བླངས་ཏེ་ཕྱག་རྒྱའི་ཁར་སྦྱིན་ལ་ལྷག་མ་རང་གིས་བཏུང་ངོ་ཞེས་འཆད་དོ། །ལྭ་བ་པའི་འགྲེལ་པར་ནམ་མཁའ་ལྡིང་གི་གདོང་གིས་འགྲོ་བ་འབྱིན་པར་བྱེད་ཅིང༌། བུད་མེད་དང་འདུས་པ་ཞེས་འབྱུང་ལ། དེའི་དོན་ནི་གདེངས་ཀའི་དབང་ཕྱུག་གི་འཁོར་ལོ་ཡི་ཀླུ་རྣམས་སྤངས་ཤིང་ཟླ་བས་ཉེ་བར་བརྒྱན་པ་ལ། བུད་མེད་དང་སྐྱེས་བུ་བཟང་པོ་རྣམས་ཀྱི་མིང་བར་དུ་བཅུག་ནས། སྐར་མ་རྒྱལ་ལ་གི་ཧཾ་གིས་གྲོ་ག་ལ་བྲིས་ལ་མཆོད་དེ། །རང་ཧེ་རུ་ཀ་དང་རིག་མ་ཕག་མོར་བསྒོམས་ནས། གཉིས་སུ་མེད་པའི་སྦྱོར་བས་མཉམ་པར་བཞག་ལ་མཚན་ཐོག་ཐག་རྩ་སྔགས་བཟླས་ནས་འཁོར་ལོ་བུད་མེད་ཀྱི་ལུས་ལ་བཅངས་ན། དེ་ལ་རིག་པའི་རྒྱལ་པོ་རང་ཉིད་འོངས་ཏེ་འདུ་བ་ནི་བུད་མེད་དང་འདུས་པ་སྟེ་ཞི་བ་འདུས་པ་ཞེས་པའི་དོན་ཡང་དེའོ། །ལྷ་མོ་ནི་སྐད་དོད་ལ་བུད་མེད་དུ་ཡོད་གསུང༌། གོ་བཟློག་པའི་འདུག་སྟངས་ཏེ་རྐང་པའི་


JLD008_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པུས་མོ་གཉིས་གོང་དུ་བླངས་ཏེ་པདྨ་རྒྱས་པར་བྱས་པའི་ནང་དུ་ཆུད་པའི་ཁྲག་དང་བཅས་པའི་རྩ་ཁ་བྱེ་བ་ནི་ནམ་མཁའ་ལྡིང་གི་གདོང་ངོ༌། །དེར་འགྲོ་བ་ནི་དེར་འགྲོ་པས་འདུ་བར་བྱེད་དོ། །ཞེས་སྦྱར་རོ། །ལྷ་སྦས་ཀྱི་འགྲེལ་པར་གདོང་དུ་འགྲོ་ཞེས་འབྱུང་བ་ལྟར་བྱའོ། །སྒྲུབ་པ་པོ་གང་ཞིག་སྔར་གྱི་ཐབས་དེ་ཀུན་ཏུ་སྤྱོད་པའི་སྒོ་ནས་རྩ་ཁ་བྱེ་བ་དེར་བྱང་སེམས་ཀྱི་ཐིག་ལེ་འབྱིན་པ་ལས་སྐྱེས་པའི་སྲས་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་གྱུར་པས་མི་ཡི་མཆོག་གོ། དཔལ་དང་ལྡན་ཞིང་མཚན་དྲི་མ་མེད་པར་འགྱུར་ཏེ། དེའི་ལག་མཐིལ་ན་ཡོད་པའི་དཔལ་གང་གིས་ཀྱང་མི་འཕྲོགས་ཏེ། འབྱུང་པོ་ཐམས་ཅད་ཀྱི་མཆོད་གནས་སུ་འགྱུར་བས་འཁོར་ལོ་སྒྱུར་བ་དང་འདྲ་བར་དཔལ་དང་ལྡན་ཞིང་ཚེ་དང་ནད་མེད་པ་ཕུན་སུམ་ཚོགས་པས་མཚན་པའོ། །ཞེས་ལྭ་བ་པ་དང་ལྷ་སྦས་ཀྱི་འགྲེལ་པར་རིགས་ཀྱི་སྲས་བསྐྲུན་པ་ལ་བཤད་དོ། །གོང་དུ་བཤད་པའི་རྣམ་པ་དེ་ལྟ་བུའི་ཆོ་ག་དང་ལྡན་པའི་དངོས་གྲུབ་སྒྲུབ་པ་ཐམས་ཅད་འབྲས་བུ་དང་བཅས་པར་འགྱུར་རོ། །བླ་མ་སྔ་མ་ནི། སྨན་ནམ་མཁའ་ལྡིང་ཞེས་བྱ་བ་དེའི་མིང་ནམ་མཁའ་ལྡིང་དང་འགྲོ་བ་ཞེས་བྱ་སྟེ། སྨན་དེ་བཏགས་ཞིང་མཉེས་པའི་ཁུ་བ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་འཐུངས་ནས། འདོད་པ་སྤྱད་པའི་ཤུ་ཀྲ་འཐུངས་ན་ལག་མཐིལ་ན་ཡོད་པ་ལྟ་བུར་མདངས་དང་ལྡན་པ་དང་དཔལ་དང་ལྡན་པར་འགྱུར་རོ། །ཞེས་གསུང་ངོ༌། །གཉིས་པ་ནི། དྲན་པ་ཙམ་གྱིས་བསོད་པར་བྱེད་དོ་ཞེས་པ་ལ་འཁོར་ལོ་ཉི་མའི་དཀྱིལ་འཁོར་གྱི་ནང་དུ་ཆུད་པར། དུག་དང་ལན་ཚྭ་


JLD008_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐེ་ཚེས་བྲིས་ལ་དུར་ཁྲོད་ཀྱི་ཐལ་བ་དང་སོལ་བས་གཟུགས་བརྙན་བྱས་ཏེ། འཁོར་ལོ་སྙིང་གར་བཅུག་ནས་བསྒྲུབ་བྱའི་རྣམ་ཤེས་དགུག་གཞུག་བྱས་པ། དུར་ཁྲོད་དུ་སྦས་ནས་མི་རུས་ལས་བྱས་པའི་ཕུར་བུས་སྙིང་གར་བཏབ་སྟེ། ཆུ་ཚན་བླུགས་ནས་ཁྲོས་པས་སྔགས་བཟླས་ན་ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །གཏུམ་མོ་སྦར་བ་འབར་བའི་ཕྲེང་བའི་ཏིང་ངེ་འཛིན་ལ་གནས་ནས། ལྷོ་ཕྱོགས་ཀྱི་རླུང་གིས་བདས་ཤིང་མེ་འབར་བར་བསམས་ན་གང་འདོད་པ་དེར་མེ་སྐྱེད་པར་བྱེད་དོ། །རྡོ་རྗེ་རྩེ་གཅིག་པ་གསོར་ཞིང་སྔགས་བཟླས་ཏེ་ས་ལ་བསྣུན་ན་ས་འོག་རྣམ་པར་གཤེག་པ་སྟེ་འདྲལ་བར་བྱེད་དོ། །ལག་མཐིལ་དུ་བསྔགས་ནས་རླུང་གི་རྗེས་སུ་བསྣུན་ན་གང་འདོད་པ་དེར་སེར་བ་འབེབས་པ་བྱེད་དོ། །ལྭ་བ་པའི་འགྲེལ་པར་ཐོག་འབེབས་པར་བྱེད་ཅེས་འབྱུང་ངོ༌། །སེར་བ་ཟློག་པར་ཡང་བྱེད་པ་ནི་གདུགས་དང་རྒྱལ་མཚན་དང་བ་དན་གྱི་རྩེ་མོར་འཁྲུལ་འཁོར་བྲིས་པ་བཏགས་ནས་གཙུགས་ན། ཡུལ་འཁོར་གང་དུ་འཁྲུལ་འཁོར་དེ་སྣང་བའི་ས་ཕྱོགས་ཐམས་ཅད་དུ་སེར་བ་ཟློག་པར་བྱེད་དོ། །ཞེས་འཆད་དོ། །དྲན་པ་ཙམ་གྱིས་གློག་སྐྱེད་པར་བྱེད་དོ་ཞེས་པ་ནི་ཀ་ར་བཱི་ར་དམར་པོ་ལ། དྲག་ཤུལ་སྤྱོད་པའི་སྣག་ཚས། ཡ་བྷ་བུད་དྷ་ཡ་ཡ་ཏ་ཧཱུཾ་ཞེས་པ་བྲིས་ནས་བཟླས་པ་བྱ་སྟེ་ནམ་མཁའི་ཕྱོགས་སུ་གཡུགས་ནས་བསྐྱུར་ན་གློག་འབྱུང་བར་བྱེད་དོ་ཞེས་ཟེར་རོ། །ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་གཞུག་གོ་ཞེས་པ་ནི་དུར་ཁྲོད་ཀྱི་རས་ལ་འཁྲུལ་འཁོར་བྲིས་པ་བཏགས་ནས་ཤ་ཆེན་དང་


JLD008_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གུལ་དང་ལྷན་ཅིག་ཐོད་པའི་ནང་དུ་དུར་ཁྲོད་ཀྱི་སོལ་མེའམ་མེ་གཞན་ལ་བསྲེགས་པས་གུ་ལང་ལ་སོགས་པའི་གཟུགས་བརྙན་ལ་བདུགས་ན་དེ་དག་གི་གཟུགས་བརྙན་གར་བྱེད་པར་འགྱུར་རོ་ཞེས་ཟེར་རོ། །སྒྲུབ་པ་པོ་གང་གིས་བསད་ལས་གྲུབ་པར་བྱ་བའི་ཕྱིར་བསྒྲུབ་བྱ་དེའི་མིང་ནས་བཟུང་སྟེ་རྩ་སྔགས་ལན་ཅིག་བཟླས་ན་བསྒྲུབ་བྱ་དེ་དེའི་མོད་ལ་འཆི་བར་འགྱུར་རོ། །གསུམ་པ་ནི། བ་ལང་གི་ཤ་དང་བཅས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་རྩ་བའི་སྔགས་ཀྱིས་ཕུལ་ནས་མ་ལུས་པ་ལ་ལོངས་སྤྱོད་པའི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །འདོད་པའི་ལོངས་སྤྱོད་ཀྱིས་སྐྱོ་ནས་མེད་པར་འདོད་ན་ཞི་བའི་སྦྱིན་སྲེག་གིས་རྒྱལ་སྲིད་ཀྱི་གཡེང་བ་སྡུད་པར་འགྱུར་རོ། །ལྷ་དང་སྔགས་ཐ་མི་དད་པའི་ཕྱིར་བཅོམ་ལྡན་འདས་སམ་བདེ་མཆོག་གི་ཕྲེང་སྔགས་འདི་ལ། དངོས་གྲུབ་སྒྲུབ་པ་ལ་ཆ་ལུགས་ཀྱི་ཁྱད་པར་གྱི་བརྟུལ་ཞུགས་མི་དགོས། ཁྲུས་དང་ཉེ་རེག་སོགས་ཀྱི་ཉེར་བར་སྤྱོད་པ་མི་དགོས། ཟས་བཅོད་པའི་སྨྱུང་བར་གནས་པ་མི་དགོས་ཏེ། ཕྲེང་བའི་སྔགས་ཀྱིས་ལས་སྒྲུབ་པའི་རྟོག་པའི་བྱ་བའི་ཆོ་ག་འདིས་ཅི་འདོད་པའི་དངོས་གྲུབ་སྒྲུབ་པའི་ལས་རྣམས་བྱའོ། །བཞི་པ་ནི། བཟླས་པ་སོང་བའི་རྣལ་འབྱོར་པས་གལ་ཏེ་ཁྲོས་པའི་བསམ་པས་སྣ་བུག་གཡས་པ་ནས་སྔགས་ཁ་དོག་སྔོན་པོ་འབར་བ་བསྒྲུབ་བྱའི་སྣ་བུག་གཡོན་པ་ནས་ཞུགས་ཏེ། བསྒྲུབ་བྱའི་ལུས་ཁྱབ་པར་འོད་འབར་བ་དེས་དཀྲུགས་ཤིང༌། སླར་དེའི་སྣ་བུག་གཡས་པ་ནས་བྱུང་སྟེ། རང་གི་སྣ་བུག་གཡོན་པར་ཞུགས་པར་བསྒོམ་མོ། །དེ་ལྟར་བཟླས་པ་བྱས་པ་ཙམ་གྱིས་བྱེ་བ་གསོད་པར་འགྱུར་རོ། །ཞི་


JLD008_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསམ་པས་སྔགས་འོད་ཟེར་དཀར་པོ་སྔ་མ་བཞིན་དུ་བསྒྲུབ་བྱའི་ལུས་བསིལ་ཞིང་ཕན་འདོགས་པར་སེམས་པས་བཟླས་ན་འཚོ་བར་བྱེད་ཟེར་རོ། །སྔགས་ལན་ཅིག་ནི་རྩ་སྔགས་ལན་ཅིག་གོ། བ་རུ་རའི་ཤིང་གི་ལྷོ་ཕྱོགས་སུ་གཏོགས་པའི་ཡལ་ག་སྨེ་ཤ་ཅན་གྱི་སྟ་རེས་བཅད་ལ། ཉི་ཤུ་དགུའི་ནུབ་མོ་དུར་ཁྲོད་དུ་མེ་ལ་བསྲེགས་ཏེ། བོང་བུའི་ཆུས་མེ་བསད་པའི་ཐལ་བ་བླངས་ལ་རྩ་སྔགས་ལན་ཅིག་བཟླས་པས་བསྒྲུབ་བྱ་གང་ལ་བསྣུན་ན་དེའི་མོད་ལ་ལྟུང་བར་བྱེད་དོ། །ཤ་ཟའི་སྙིང་གར་འཁོར་ལོ་བྲིས་ལ་སྔར་བཤད་པའི་དུར་ཁྲོད་ཀྱི་ཐལ་བ་ལ་སྔགས་མིང་སྤེལ་དང་བཅས་པ་ཡོངས་སུ་བཟླས་ནས་བསྒྲུབ་བྱ་གང་ལ་བསྣུན་ན་དེ་དེའི་མོད་ལ་ཤ་ཟས་གཟུང་བར་འགྱུར་རོ། །གོང་དུ་བསྟན་པའི་དུར་ཁྲོད་ཀྱི་སོལ་བ་ལ་རྩ་སྔགས་ལན་ཅིག་བཟླས་ནས་ཉི་ཤུ་དགུའི་མཚན་མོ་སྤང་ལེབ་བམ་རྩིག་པ་ལ་དབེན་པའི་གནས་སུ། གཟའ་གང་ཡིན་པ་དེའི་མཚན་མའི་དབུས་སུ་སྔར་གྱི་འཁོར་ལོ་བྲིས་ལ། དེའི་ལྟེ་བར་བསྒྲུབ་བྱའི་སྔགས་མིང་སྤེལ་དང་བཅས་པ་བྲིས་ནས་གུ་གུལ་ཆེན་པོས་བདུགས་ན་གཟས་བཟུང་བར་འགྱུར་རོ། །སྔར་གྱི་དེ་ཐམས་ཅད་ལ་འཁོར་ལོ་འོ་མས་བཀྲུས་ནས་ཞི་བའི་བསམ་པས་བཟླས་ན་སླར་འཚོ་བར་འགྱུར་རོ། །ཨ་ཏི་མུཀྟའི་ལྕུག་མའི་ཁྲི་ལ་འདུག་སྟེ། བུ་མོས་བཀལ་བའི་སྐུ་པ་སུམ་བསྒྲིལ་བྱས་ནས་ཡུང་བས་ཁ་བསྒྱུར་ཏེ། ནུབ་ཕྱོགས་ཀྱི་ཡལ་ག་ལ་བཏགས་ལ། རང་གཅེར་བུ་སྐྲ་ཀྲོལ་བར་བྱས་ཏེ། ལག་པ་གཡོན་པས་སྣེ་མོ་ནས་བཟུང་སྟེ་ཟླ་བ་གཟས་བཟུང་བ་མ་གྲོལ་


JLD008_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་དུ་རྩ་སྔགས་བཟླས་ལ། དེ་ནས་དེ་བླངས་ཏེ་དེའི་རྩེ་མོས་གང་ལ་བསྣུན་པ་དེ་དེའི་མོད་ལ་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་ཞིང༌། སླར་བཟློག་པའི་བསམ་པས་བསྣུན་ན་རང་གནས་སུ་ཕྱིར་འགྲོའོ། །མིའི་ཐོད་ཚལ་ལ་ལྡོང་རོས་དང་ཡུང་བས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་མིང་སྤེལ་དང་བཅས་པ་བྲིས་ནས། དུར་ཁྲོད་དམ་ལམ་བཞི་མདོར་ས་འོག་ཏུ་ཁ་ཕུབ་ཏུ་བཞག་ལ། བསེག་མ་ལ་ལན་ཅིག་བཟླས་ནས་གང་ལ་རེག་པ་དེ་ཇི་སྲིད་འཚོའི་བར་དུ་རེངས་པར་འགྱུར་རོ། །ཕྱུངས་ནས་འོ་མས་བཀྲུས་ན་གྲོལ་བར་འགྱུར་རོ། །འཚུབ་མས་ཁྱེར་བའི་ཤིང་ལོ་ལ་མཆིལ་མ་དང་བྱ་རོག་གི་ཁྲག་གིས། བྱ་རོག་གི་སྒྲོ་རྩེའི་སྨྱུ་གུས་མིང་སྤེལ་དང་བཅས་པ་བྲིས་ཏེ། རླུང་གྱེན་དུ་ལངས་པ་ལ་བསྐུར་ན་གང་དུ་འདོད་པ་དེར་འགྲོ་བ་སྟེ་སྐྲོད་པར་འགྱུར་རོ། །ར་ནག་པོའི་ཡན་ལག་ལྔ་དང་ཚིལ་ཆེན་དང་གུ་གུལ་ཆེན་པོ་རྣམས་ཆ་བསྙམས་ལ། ཆང་གིས་སྦྲུས་ཏེ་མཆོད་པའི་དུས་སུ་སྦྱར་ལ་རྩ་སྔགས་ལན་ཅིག་བཟླས་ཏེ་སྤོས་ཀྱི་དུད་པ་སྦྱར་ན་དུད་པ་དེ་སྣར་སོང་བ་ཙམ་གྱི་མོད་ལ་སེམས་ཅན་ཐམས་ཅད་ལ་འབེབས་པར་འགྱུར་རོ། །ལྔ་པ་ནི། ལག་པ་གཡོན་པའི་འཁོར་ལོ་ལ་བསྒྲུབ་བྱའི་མིང་བྲི། དེ་ལ་རྣམ་ཤེས་བཀུག་ནས་ལག་པ་གཡས་པ་ལ་རྩ་སྔགས་ལན་ཅིག་བཟླས་ཏེ་བཀབ་ན་སྦྲུལ་ནག་པོས་ཟིན་པའི་དུག་གསོས་པར་བྱེད་དོ། །མཁའ་འགྲོ་རྒྱས་བཏབ་པ་སྟེ་ཟིན་པ་ལ་རྩ་སྔགས་ལན་ཅིག་བཟླས་པའི་ཆུས་གཏོར་ན་དེ་གཏོང་བར་བྱེད་དོ། །ཀ་ར་བཱི་རའི་ལྕུག་མའི་སྨྱུ་གུས་སྐྱུ་རུ་རའི་འདབ་མ་ལ་འཁོར་ལོ་མིང་སྤེལ་དང་བཅས་པ་བྲིས་ཏེ་རྩ་སྔགས་


JLD008_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་བཟླས་པ་སྦྲུམ་མའི་མངལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀའི་ངེས་དོན་གྱི་ཡེ་ཤེས་ནི་མི་ཤེས་པར། དེའི་སྔགས་ལ་བརྟེན་པའི་དངོས་གྲུབ་ཀུན་མངོན་པར་འདོད་པ་ནི་རྨོངས་པས་འབྲས་འདོད་ནས་དེའི་ཕུབ་མ་བརྡུང་བ་དང་མཚུངས་སོ། །གཉིས་འདུས་ཀྱི་འགྱུར་ལས། ཧེ་རུ་ཀ་དཔལ་ཡེ་ཤེས་ནི། །མི་ཤེས་ཞེས་འབྱུང་ངོ༌། །གསང་སྔགས་ཀྱི་དེ་ཉིད་ཤེས་པ་འདི་ནི་མེད་པ་རུ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་བདེ་བ་དག །མི་སྟེ་སྒྲུབ་པ་པོ་ཡིས་ཐོབ་པར་མི་འགྱུར་རོ། །བྷ་བ་བྷ་དྲས། བདག་མེད་པའི་སྔགས་མེད་པས་དངོས་གྲུབ་མི་འགྲུབ་བོ་ཞེས་བཤད་པ་བཞིན་དུ། བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བརྟན་པོ་མེད་པར་སྔགས་བཟླས་པའི་དངོས་གྲུབ་ཁྱད་པར་ཅན་རྣམས་མི་འཐོབ་པ་ནི་རྒྱུད་སྡེ་བཞི་ག་ལ་ཡིན་ལ། བླ་མེད་ལ་ནི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཁྱད་པར་བ་བདེ་སྟོང་སྦྱར་བའི་ཏིང་ངེ་འཛིན་མི་བརྟན་ན། འཇིག་རྟེན་པའི་དངོས་གྲུབ་ཡིན་ཀྱང་ཁྱད་པར་ཅན་རྣམས་བདེ་བླག་ཏུ་མི་འགྲུབ་པས་སྤྱོད་པ་བྱ་དགོས་སོ། །གསང་སྔགས་ཀྱི་ངེས་དོན་འདི་ནི་མི་ཤེས་པར། ཐེག་པ་མཆོག་འདིའི་རྣལ་འབྱོར་པ་ཉིད་མངོན་པར་འདོད་པ་དེ་ཡི་ངལ་བ་དོན་མེད་དེ། དགོས་པ་གང་གི་ཕྱིར་དུ་ངལ་བའི་འབྲས་བུ་འཐོབ་པར་མི་འགྱུར་རོ། །གོང་མས་སྔགས་ཀྱི་ངེས་དོན་མི་ཤེས་པར་བཟླས་པས་དངོས་གྲུབ་ཁྱད་པར་ཅན་འདོད་པ་འབྲས་མེད་དུ་བསྟན། འོག་མས་སྔགས་ཀྱི་ངེས་དོན་མི་ཤེས་པར་རྣལ་འབྱོར་པ་


JLD008_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་དུ་འདོད་པ་འབྲས་མེད་དུ་བསྟན་པས་མི་ཟློས་སོ། །སྔགས་ལ་སོགས་པའི་གསང་སྔགས་ཀྱིས་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་པ་འདི་ནི་འདོད་པའི་ཡུལ་ལ་རང་བཞིན་ཤེས་པའི་སྒོ་ནས་སྤྱོད་པའི་ཐབས་ལ་བརྟེན་ནས་ཡིན་ནོ། །སྒྲུབ་པ་པོས་སྔགས་ཀྱི་ངེས་དོན་དང༌། འདོད་སྤྱོད་ཀྱི་གཙོ་བོ་ཕྱག་རྒྱ་ལ་བརྟེན་པ་དག་སྟེ་གཉིས་སོ། །བདེ་བར་གཤེགས་པས་གསུངས་པ་འདི། ལེགས་པར་ཤེས་ནས་ཤ་ལ་སོགས་པའི་བཟའ་བ་དང༌། ཆང་ལ་སོགས་པའི་བཏུང་བའི་བཟའ་བཏུང་གི་རོ་དང་སོགས་ཀྱིས་གཟུགས་དང་སྒྲ་དང་དྲི་དང་རེག་བྱ་བསྟེན་པས། བདག་ཉིད་ལ་རབ་ཏུ་མཆོད་པར་བྱེད་པ་ནི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། ། ཙཱ་རུ་ནི་ལྷག་མ་ཡ་ཡང་འཇུག་མོད་ཀྱང་འདིར་དེ་མི་འགྲིག་པས། མཛེས་པ་ལ་འཆད་པ་ལྟར་འདོད་ཡོན་རྣམས་ཀྱང་ཤིན་ཏུ་ཡིད་དུ་འོང་བ་བསྟན་ཞེས་པའོ། དེ་ཡང་བདེ་ཆེན་དང་སྟོང་པ་སྦྱོར་བ་ལ་བདེ་བ་འཕེལ་དགོས་ལ། དེ་ཡང་བདེ་བའི་རྟེན་ཀུནྡ་ལྟ་བུ་རྒྱས་པ་ལ་རག་ལས་ཤིང༌། དེ་རྒྱས་པ་ལ་འདོད་ཡོན་ཁྱད་པར་ཅན་རྣམས་བསྟེན་པས་དབང་པོ་རྟེན་བཅས་རྒྱས་དགོས་པ་ཡིན་ཏེ། བརྟག་གཉིས་ལས། དེ་ལ་ག་པུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྩ་བའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ་དགུ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་


JLD008_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་དགུ་པའི་བཤད་པའོ།། ༈ །།གཉིས་པ་སྙིང་པོའི་སྔགས་ཀྱིས་ལས་བསྒྲུབ་པ་ལ་གཉིས། ལེའུ་བཅུ་པ་དང༌། ལེའུ་བཅུ་གཅིག་པའོ། །དང་པོ་ལ་གསུམ། སྐུ་གསུམ་སྒྲུབ་པ་དང༌། སྙིང་པོའི་ལས་ཚོགས། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ། སྒྲུབ་པ་པོས་སྐུ་གསུམ་འགྲུབ་པར་བསྟན་པའོ། །དང་པོ་ནི། ལེའུ་དགུ་པའི་རྗེས་དེ་ནས་རང་དང་དཔལ་ཧེ་རུ་ཀ་གཉིས་སུ་མེད་པར་སྦྱོར་བ་སྒྲུབ་པ་པོ་གང་གིས་ཤེས་པ་ཙམ་གྱིས་ནི། འགྲུབ་པར་ཐེ་ཚོམ་མེད་པ་ཡི་སྐུ་གསུམ་སྒྲུབ་པ་ནི་བཤད་པར་བྱའོ། །མལ་གྱི་འགྱུར་ལས། དེ་ནས་ཧེ་རུ་ཀ་གཉིས་མེད། སྦྱོར་བ་གང་གིས་ཤེས་ཙམ་གྱིས། །འགྲུབ་པར་ཐེ་ཚོམ་མེད་པ་ཡིས། །སྐུ་གསུམ་པོ་ནི་བཤད་པར་བྱ། ཞེས་འབྱུང་བ་བདེའོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། རང་དང་ཧེ་རུ་ཀ་གཉིས་སུ་མེད་པར་སྦྱོར་བའི་ཐབས་ཀྱིས། སྐུ་གསུམ་འགྲུབ་པར་བཤད་པའི་ཐབས་དེ་གང་ཡིན་ཞེ་ན། འདི་ལ་ལྭ་བ་པས། མངོན་བརྗོད་ཀྱི་ལེའུ་བཞི་པ་དང༌། ལྔ་པ་དང༌། དྲུག་པ་ནས་བཤད་པའི་སྐུ་གསུང་ཐུགས་ཀྱི་བདེ་མཆོག་གི་དཀྱིལ་འཁོར་ལྷ་སུམ་ཅུ་པ་གསུམ་སྔར་བཤད་པས། རིམ་པ་བཞིན་དུ་སྐུ་སྤྲུལ་སྐུ་དང༌། གསུང་ལོངས་སྐུ་དང༌། ཐུགས་ཆོས་སྐུ་སྒྲུབ་པར་བཤད་དེ། རང་དང་སྐུ་གསུང་ཐུགས་ཀྱི་ཧེ་རུ་ཀ་གཉིས་གཉིས་སུ་མེད་པར་སྦྱོར་བའོ། །དེ་ནི་དཀྱིལ་འཁོར་སོ་སོའི་


JLD008_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་སྐུ་གསུང་ཐུགས་ཀྱི་སྐུ་གསུམ་སྒྲུབ་པའོ།། །།དཀྱིལ་འཁོར་གཅིག་ལ་སྐུ་གསུམ་སྒོམ་ཚུལ་ལ། ཀོང་ཀ་ན་པ་ནི་ཧཱུཾ་གཅིག་པུ་ལས་བྱུང་བའི་འཁོར་ལོ་གསུམ་གྱི་གནས་སྐབས་ནི་སྤྲུལ་པའི་སྐུའོ། །བཟླས་པའི་གནས་སྐབས་སུ་འཁོར་ལོ་གསུམ་ཆར་རང་གི་ལུས་ལ་བསྡུས་ལ་ཆོ་གས་གོ་བསྐོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་རྗེས་ཐོགས་ལ་ཨཱ་ལི་ཀཱ་ལི་སྤྲོ་ཞིང་བསྡུ་བའི་གནས་སྐབས་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་བཞེད་དེ། ལང་ཀ་དང་དཔའ་བོ་ཡང་དེ་བཞིན་དུ་བཞེད་དོ། །ཧཱུཾ་གཅིག་པུ་ལས། འཁོར་ལོ་གསུམ་རྫོགས་པ་ནི་ལཱུ་ཨི་པ་ལྟར་དཀྱིལ་འཁོར་རྫོགས་པར་སྐྱེད་པ་ཡིན་ལ། དཔའ་བོས་འཁོར་ལོ་གསུམ་ལ་སོགས་པར་ཞེས་བཤད་པས་འཁོར་ལོ་གསུམ་ཙམ་མིན་ནོ། །ལང་ཀ་དང་དཔའ་བོ་གཉིས་ཀས་སྙིང་གའི་པདྨའི་ཟླ་བ་ལ། ཨཱ་ལི་དང་ཀཱ་ལིའི་སྤྲོ་བ་དང་བསྡུ་བ་ཞེས་བཤད་པས། ལུ་ཨི་པ་ལྟར་ལྟེ་བར་མི་བྱེད་པར་སྙིང་གར་བྱེད་པའི་ལུགས་སོ། །དེ་རྣམས་ཀྱི་ལུགས་ཀྱིས་ནི་གཟུགས་སྐུ་གཉིས་དང་རྗེས་སུ་མཐུན་པར་སྒོམ་པ་རིམ་པ་དང་པོ་དང༌། ཆོས་སྐུ་དང་རྗེས་སུ་མཐུན་པར་སྒོམ་པ་རྫོགས་རིམ་རྣལ་འབྱོར་ཆེན་པོ་སྒོམ་པ་ལ་མཛད་དེ། མན་ངག་ཡིན་གསུང་ངོ༌། །དཔལ་དཱ་རི་ཀ་པས། ཕྱི་དཀྱིལ་གྱི་ལྷ་སྒོམ་པ་དང༌། བྱང་ཕྱོགས་སོ་བདུན་སྒོམ་པ་དང༌། ལུས་དཀྱིལ་སྒོམ་པ་ནི་རིམ་པ་བཞིན་དུ་སྤྲུལ་སྐུ་དང༌། ཆོས་སྐུ་དང༌། ལོངས་སྐུའི་སྒྲུབ་ཐབས་སུ་གསུངས་སོ། །དང་པོ་ནི་གདུལ་བྱ་ཐུན་མོང་པའི་དོན་དུ་གསུངས་པ་ཤིན་ཏུ་རགས་པའི་སྐུའི་རྣམ་པ་ཅན་ཡིན་པས་སྤྲུལ་སྐུ་དང༌།


JLD008_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཞུགས་པའི་རྣམ་པ་ཅན་ཡིན་པས་ཆོས་སྐུ་དང༌། གསུམ་པ་ནི་གདུལ་བྱ་མཆོག་གི་དོན་དུ་གསུངས་པ་ཤིན་ཏུ་ཕྲ་བའི་རྩ་དང་ཁམས་ཀྱི་སྒོ་ནས་གཟུགས་སྐུ་འཛིན་པའི་རྣམ་པ་ཅན་ཡིན་པས། རྩ་དང་ཁམས་བྱིན་གྱིས་བརླབས་པའི་སྒོ་ནས་བདེ་བ་ལ་རྫོགས་པར་ལོངས་སྤྱོད་པ་ལ་ལོངས་སྐུར་བཞག་སྟེ་ལེགས་པ་ཡིན་ནོ། །ཀུན་སྤྱོད་ལས་ཀྱང༌། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་དག་ནི་རྣམ་སྒོམ་པ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །དེར་ནི་ངེས་པར་འབྱུང་བར་འགྱུར། ཞེས་བྱང་ཕྱོགས་སོ་བདུན་སྒོམ་པ་དེར་སྐུ་གསུམ་སྒོམ་པ་ངེས་པར་འབྱུང་ཞེས་གསུངས་སོ། །དེ་ལ་བདེ་སྟོང་སྦྱོར་བའི་སྒོ་ནས་བྱང་ཕྱོགས་སོ་བདུན་སྒོམ་པ་ཆོས་སྐུ་དང༌། སོ་བདུན་ཕྲ་བ་ལུས་དཀྱིལ་དང་སྦྱར་བ་སྒོམ་པ་ལོངས་སྐུ་དང༌། སོ་བདུན་རགས་པ་ཕྱི་དཀྱིལ་དང་སྦྱར་བསྒོམ་པ་སྤྲུལ་སྐུ་ཡིན་པས་དེ་དང་ཡང་མཐུན་ནོ། །འོད་གསལ་དུ་ཞུགས་པ་ནི་ཆོས་སྐུ་དང༌། དེར་འཇུག་པའི་རྟེན་ནི་སྒྱུ་མའི་སྐུ་དང༌། འོད་གསལ་ལས་བཞེངས་པའི་ཕྲ་བའི་ཟུང་འཇུག་གི་སྐུ་ནི་ལོངས་སྐུ་དང༌། སྐུ་དེས་རགས་པའི་དཀྱིལ་འཁོར་སྤྲུལ་ཏེ་སྒོམ་པ་ནི་སྤྲུལ་སྐུ་ཡིན་ཏེ། ལོ་དྲིལ་གཉིས་ཀྱི་རྫོགས་རིམ་གྱི་བཤད་པར་གསལ་བར་བཤད་ཟིན་ཏོ། །དེ་ལྟར་རིམ་པ་གཉིས་ལ་སྐུ་གསུམ་སྦྱར་དགོས་པ་ཡང༌། འབྲས་བུའི་སྐུ་གསུམ་དང་རྗེས་སུ་མཐུན་པར་ལམ་རིམ་པ་གཉིས་སུ་སྒོམ་དགོས་པའི་གནད་ཀྱིས་ཡིན་


JLD008_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདིར་སྡོམ་འབྱུང་གི་ལེའུ་གཉིས་པར་གསུངས་པའི་སྐྱེ་ཤི་བར་དོ་གསུམ་དང་མཐུན་པར་སྒོམ་པའི་མཐུན་ཡུལ་གྱི་གཞིའི་སྐུ་གསུམ་སྦྱར་ནས་དེ་དང་མཐུན་པར་སྒོམ་པའི་རིམ་གཉིས་ཀྱི་སྐུ་གསུམ་ལ་སྦྱར་ན་ཆེས་ལེགས་སོ། །གཉིས་པ་ནི། སྔར་ཧེ་རུ་ཀ་དང་གཉིས་སུ་མེད་པར་སྦྱོར་བས་སྐུ་གསུམ་འགྲུབ་པར་བཤད་པ་འདིར་འཆད་ལ། དེ་ཡང་བསྐྱེད་རིམ་པའི་སྐུ་གསུམ་སྒོམ་པ་ཐམས་ཅད་ཧེ་རུ་ཀའི་བདག་ཉིད་དུ་སྒོམ་དགོས་པས། ཧེ་རུ་ཀ་དང་གཉིས་སུ་མེད་པར་སྦྱོར་བ་ཞེས་བྱའོ། །འདི་ནི་རྫོགས་རིམ་གྱི་ལམ་གྱི་སྐུ་གསུམ་སྐྱེ་བའི་རྒྱུད་སྨིན་བྱེད་ཡིན་ནོ། །དེ་ལྟར་བསྒོམས་པ་ལ་བརྟེན་ནས་རྫོགས་རིམ་གྱི་སྣང་ཕྱོགས་ཀྱི་ཧེ་རུ་ཀ་དང༌། སྟོང་ཕྱོགས་ཀྱི་ཧེ་རུ་ཀ་སྒོམ་པ་ནི་ལམ་གྱི་སྐུ་གསུམ་སྒོམ་པའི་མཆོག་གོ། དེ་ལྟར་ན་སྒྲུབ་པ་པོ་གང་གི་ཚེ་རྫོགས་རིམ་གྱི་ཆོས་ཀྱི་སྐུའི་ལུས་ཅན་དུ་གྱུར་པ་སྟེ། བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་འོད་གསལ་དུ་ཞུགས་པ་ལ། དེ་ལྟར་སེམས་ལེགས་པར་གནས་པར་གྱུར་པ་དེའི་ཚེ་ལམ་གྱི་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་ང་སྨྲའོ་ཞེས་གསུངས་ཏེ། སྒྲུབ་པ་པོ་སྟོང་ཕྱོགས་ཀྱི་ཧེ་རུ་ཀ་དང་གཉིས་སུ་མེད་པར་བྱས་པའོ། །སྒྲུབ་པ་པོ་གང་གི་ཚེ་རྫོགས་རིམ་གྱི་ལོངས་སྤྱོད་རྫོགས་སྐུའི་ལུས་ཅན་དུ་གྱུར་པ་སྟེ། ལྷན་སྐྱེས་ཀྱི་འོད་གསལ་གྱི་རླུང་སེམས་ཙམ་ལས་གྲུབ་པའི་ཧེ་རུ་ཀའི་སྐུ་གྱུར་ཅིང༌། དེ་ནས་སྒྱུ་མའི་སྐུ་དེ་ལ་མཉམ་པར་བཞག་པ་ལ་གནས་པ་དེའི་ཚེ། རྫོགས་རིམ་གྱི་ལོངས་སྤྱོད་རྫོགས་པའི་སྐུར་ང་རབ་ཏུ་སྨྲ་སྟེ། སྒྲུབ་པ་པོ་སྣང་ཕྱོགས་སྒྱུ་མའི་ལོངས་སྤྱོད་


JLD008_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུའི་ཧེ་རུ་ཀ་དང་གཉིས་སུ་མེད་པར་བྱས་པའོ། །སྒྲུབ་པ་པོ་གང་གི་ཚེ་སྤྲུལ་པའི་སྐུའི་ལུས་ཅན་དུ་གྱུར་པ་སྟེ། ཟུང་འཇུག་པའི་རགས་པའི་དཀྱིལ་འཁོར་དུ་གྱུར་ཅིང༌། དེ་ལ་སེམས་རྩེ་གཅིག་ཏུ་གནས་པར་གྱུར་པ་དེའི་ཚེ་སྤྲུལ་པའི་སྐུར་ཡང་ང་སྨྲ་སྟེ། སྒྲུབ་པ་པོ་སྣང་ཕྱོགས་ཀྱི་རགས་པའི་སྐུའི་ཧེ་རུ་ཀ་དང་གཉིས་སུ་མེད་པར་བྱས་པའོ། །ལོ་ཆེན་དང་མལ་གྱི་འགྱུར་ལ། ལེགས་སེམས་དང༌། མཉམ་གཞག་དང༌། སེམས་རྩེ་གཅིག་པ་ཞེས་པའི་རྐང་པ་གསུམ་མེད་ཀྱང༌། གཉིས་འདུས་དང་མར་ངོ་རྐྱང་པའི་འགྱུར་ལ་ཡོད་པ་ལེགས་སོ། །ཆོས་ཀྱི་སྐུར་གྱུར་པ་སོགས་གསུམ་པོ་འབྲས་བུའི་སྐབས་སུ་གནས་གྱུར་པ་ལ་འཆད་པ་ནི་མ་བརྟགས་པ་སྟེ། དེ་དག་འབྲས་བུ་ལ་འཆད་ན་སྔར་ཧེ་རུ་ཀ་དང་གཉིས་སུ་མེད་པར་སྦྱོར་བས་སྐུ་གསུམ་སྒྲུབ་པ་བཤད་པར་བྱ། ཞེས་དམ་བཅས་པ་དོན་མེད་པར་འགྱུར་ཏེ། དེ་དག་ལས་གཞན་པའི་ཐབས་འདིར་མ་གསུངས་པའི་ཕྱིར་དང༌། དེ་རྣམས་ཀྱང་སྐུ་གསུམ་བསྒྲུབ་པའི་ཐབས་ལ་མ་བཤད་པའི་ཕྱིར་དང༌། ཡེ་ཤེས་ཞེས་པའི་རྐང་པ་གཉིས་དང་ཟློས་པར་འགྱུར་བའི་ཕྱིར་རོ། །གཞུང་དེ་རྣམས་བསྐྱེད་རིམ་ལ་སྦྱོར་བའི་བཤད་པ་ཡང་རུང་ཙམ་སྣང་ཡང༌། གཙོ་བོ་ནི་རྫོགས་རིམ་ལ་སྦྱོར་རྒྱུ་ཡིན་ནོ། །དེ་འདྲ་བའི་ལམ་གྱི་སྐུ་གསུམ་སྒོམ་པ་གོམས་པར་བྱས་ན་འབྲས་བུའི་སྐབས་ཀྱི་ཡེ་ཤེས་ཆོས་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་


JLD008_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་ཡང་དག་པར་ཐོབ་པར་གདོན་མི་ཟ་ཞིང༌། རྣལ་འབྱོར་པ་བདག་ཉིད་འབྲས་བུའི་ཤྲཱི་ཧེ་རུ་ཀར་ནི་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །ཕྱི་མ་གཉིས་ཀྱིས་སྐུ་གསུམ་ཡང་རྒྱུད་ཐ་དད་མིན་པར་ཧེ་རུ་ཀ་གཅིག་གི་བདག་ཉིད་དུ་གྱུར་པར་སྟོན་ནོ། །དགུ་པར། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། ཞེས་གསུངས་པའི་མཆོག་གི་དངོས་གྲུབ་སྐུ་གསུམ་འགྲུབ་པ་ཡང་འདིར་བསྟན་པ་ཡིན་ནོ། །གཉིས་པ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། ལས་ཚོགས་དངོས་སོ། །དང་པོ་ནི། སྙིང་པོ་ཡི་གེ་ཉེར་གཉིས་པའི་གསང་སྔགས་འདི་ཡི་ནི་གསང་བ་སྟེ་སྒྲུབ་པ་བཤད་ཀྱིས་སྒྲུབ་པ་པོ་ཉོན་ཅིག་ཅེས་ཞུ་བ་པོ་ལ་ཉན་པར་བསྐུལ་ལོ། །གཉིས་པ་ནི། འགེགས་ནས་ཤི་བའི་རོ་ལ་རོ་ལངས་བསྒྲུབས་པ་གྲུབ་པ་ན། བདག་ལ་མཁའ་སྤྱོད་ཀྱི་དངོས་གྲུབ་བྱིན་ཅིག་ཅེས་སྨྲས་པ་ན། དེའི་ལུས་ལས་འཛགས་པའི་མར་ཁུ་བླངས་པ་སྣོད་དུ་བླུགས་ཏེ། སྙིང་པོའི་སྔགས་བཟླས་པས་རྐང་མཐིལ་ལ་བྱུགས་ན་དཔག་ཚད་བྱེ་བར་འཕགས་ནས་མཁའ་ལ་ཕར་འགྲོ་བ་དང་ཚུར་འོང་བར་འགྱུར་རོ། །སྐྱེ་བདུན་ཀྱི་རོ་ཙ་ན་དང་གང་འདོད་པའི་སྲོག་ཆགས་དེའི་ཤ་འདྲེས་པའི་ཐིག་ལེ་བྱས་པའམ་ཟོས་ན་གཟུགས་སྟོང་ཕྲག་དུ་མར་བྱེད་དོ། །ཤ་དེ་ཟོས་པའི་མཐུས་ཁང་བཟང་དང་ཤིང་དང་ཁྱིམ་ལ་འཛེགས་ཏེ་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་དཔག་ཚད་བྱེ་བའི་བར་དུ་འགྲོ་བར་འགྱུར་རོ། །རྟ་རྒའི་མར་དང་ཚིལ་ཆེན་ལ་སྔགས་ཁྲི་བཟླས་ནས་རྐང་མཐིལ་ལ་བྱུགས་ན་ནམ་མཁའ་ལ་འགྲོ་བ་དང་འོང་

ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།


JLD008_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་གཞན་དུ་མི་འགྱུར་བ་སྟེ་ངེས་པར་འགྱུར་རོ། །མཆོད་གཏོར་སྔོན་དུ་འགྲོ་བས་མར་ངོ་ལ་སྲོག་ཆགས་སྣ་ཚོགས་ཀྱི་ཐོད་པ་དུར་ཁྲོད་ཀྱི་སས་བཀང་ལ། དེར་ཡུངས་ཀར་བསྐྲུན་ཏེ་དུས་དུས་སུ་དེའི་ཆེད་དུ་གཏོར་མ་སྦྱིན་པ་དང་བསྲུང་བའི་སྔགས་སུམྦྷ་སོགས་བཟླའོ། །ཕྱིས་ཡུངས་ཀར་མ་ནོར་བར་གཏུམས་ལ་སོ་སོ་ལ་སྔགས་མིང་སྤེལ་དང་བཅས་པ་ཁྲི་ཁྲི་བཟླས་ནས་ཐུམ་པོར་བྱས་ཏེ། གང་དང་གང་རང་གཞན་སུ་ལ་བཏགས་པ་དེ་དང་དེར་སྣང་ངོ༌། །སྣང་བར་འདོད་ན་ཐིག་ལེ་བྱས་པའམ་ཐུམ་པོ་བཏགས་ན་སྣང་བར་འགྱུར་ཞིང༌། མི་སྣང་བར་འདོད་ན་ཐིག་ལེ་ཕྱིས་པའམ་ཐུམ་པོ་བཀྲོལ་ན་མི་སྣང་བར་འགྱུར་རོ། །འདོད་ན་བྱིས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཐོད་པ་སོ་སོར་ཡུངས་ཀར་བསྐྲུན་པ་སོགས་ཀྱི་སྦྱོར་བ་བྱས་པས་སོ། །བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་ལ། དྲག་ཤུལ་སྤྱོང་པའི་རྫས་ཀྱིས་འཁྲུལ་འཁོར་ལས་དང་མཐུན་པའི་བསྐུལ་ཚིག་སྨོས་པ་ཅན། སྐུད་པ་ནག་པོས་དཀྲིས་པ་དེའི་སྙིང་གར་གཞུག་གོ། དེ་ནས་དེ་ལ་བསྒྲུབ་བྱ་བསྟིམས་ལ་སྔགས་བསྐུལ་ཚིག་དང་བཅས་པ་ཟློས་ཤིང་མི་རུས་ཀྱི་ཕུར་པ་རྣོན་པོ་སོར་བརྒྱད་པ་ལ་སོགས་པར་བཏབ་ན། ཚིག་འཕྲོག་པ་ལྐུགས་པ་དང༌། མཐོང་བ་འཕྲོག་པ་ལོང་བ་དང༌། ཉན་པ་འཕྲོག་པ་འོན་པ་དང༌། སྣ་འཕྲོག་པ་དྲི་མི་ཚོར་བ་དང༌། ལྕེ་འཕྲོག་པ་རོ་མི་ཚོར་བར་བྱེད་དོ། །གཟུགས་སྟོང་ཕྲག་དུ་མར་


JLD008_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ནས་ལྕེ་འཕྲོག་པར་བྱེད་པའི་བར་ལ། ལྭ་བ་པ་དང་ལྷ་སྦས་ཀྱི་འགྲེལ་པར་ཆོ་ག་གཞན་མང་པོ་བཤད་པ་རྣམས་ཚིག་མངས་སུ་དོགས་ནས་སྔོན་གྱི་ལོ་ཙཱ་བའི་མན་ངག་ལས་འབྱུང་བ་རྣམས་འདིར་བཀོད་དོ། །བསྒྲུབ་བྱ་གང་གི་ཁྲག་འདྲེན་འདོད་པ་དེའི་ཁྲག་འདྲེན་པར་བྱེད་པ་དང༌། རེངས་པར་བྱེད་པ་ནི་བཤད་ཟིན་ཏོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་སྐུ་གསུམ་འགྲུབ་པ་དང་སྙིང་པོའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅུ་པའི་བཤད་པའོ།། ༈ །། གཉིས་པ་ལེའུ་བཅུ་གཅིག་པ་ལ་བཞི། བཤད་པར་དམ་བཅའ་བ། སྐྱེ་བདུན་བརྟག་པའི་ཐབས། སྐྱེ་བདུན་གྱི་རོ་ཙ་ན་ལ་བརྟེན་ནས་ལས་སྒྲུབ་པ། །ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་བཅུ་པའི་རྗེས་དེ་ནས་སྙིང་པོའི་ལས་སྔར་བཤད་པ་ལས་བཞན་ཡང་སྒྲུབ་པ་པོས། མྱུར་དུ་དངོས་གྲུབ་ལ་འཇུག་པའི་དངོས་གྲུབ་ཐོབ་པར་འགྱུར་བ་བཤད་པར་བྱའོ། །དེ་གང་ཞེ་ན། སྐྱེ་བ་བདུན་པའི་བར་དུ་བར་མ་ཆད་པར་མིར་འབྱུང་བ་སྟེ་སྐྱེས་པའི་རོ་ཙ་ན་ལ་སོགས་པ་སྒྲུབ་པ་པོ་གང་གིས་བསྟེན་པ་ཙམ་གྱིས་དངོས་གྲུབ་འགྲུབ་པའོ། །གཉིས་པ་ནི། མིའི་འགྲོ་བའི་སྐྱེས་བུ་སྟེ་སྐྱེས་པ་གང་ཞིག་ལུས་ཀྱི་རྡུལ་དྲི་ཞིམ་པོར་འབྱུང་བ་དང༌། ཚིག་བདེན་པར་སྨྲ་བ་དང༌། ཡུན་རིང་པོར་མིག་མི་འཛུམས་པ་ལ་སྐལ་ལྡན་གྱིས་ཁུ་བ་མྱུར་དུ་མི་འབྱུང་བ་ལ་


JLD008_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང༌། མིག་ཡུན་རིང་པོར་གདངས་པ་ལ་འདོད་པ་དང༌། མྱུར་དུ་འཛུམ་པར་བྱེད་པ་ལ་འདོད་པའི་ལུགས་གསུམ་བཤད་པ་ལ། གཞུང་བོད་དཔེ་བཞིན་ཡོད་ན་སྔ་ཕྱི་གཉིས་འོང་དོན་མེད་པས་བར་པ་ལྟར་རོ། །དེའི་ཚད་ནི་ཐ་མལ་པའི་མིག་འཛུམས་ཐེབས་བདུན་གྱི་བར་དུ་མི་འཛུམས་པ་ལ་བཞེད་དོ། །ཡིད་ལ་ཁྲོ་བ་མེད་པར་གྱུར་པ་དང༌། ཁ་ནས་དབུགས་དྲི་ཞིམ་པ་འབྱུང་བ་དེ་ནི་སྐྱེ་བ་བདུན་བར་མ་ཆད་དུ་མིའི་སྐྱེ་བར་གྱུར་པའི་རྟགས་ཡིན་ནོ། །དེ་འདྲ་བའི་དྲི་ཞིམ་པོ་ནི་རོ་ཙ་ནའི་འབྲས་བུ་ཡིན་པས། དེས་དེ་རྗེས་སུ་དཔག་པར་བྱའོ། །གྲིབ་མ་རིམ་པ་བདུན་པ་བྱ་ངང་པའི་འགྲོས་ཅན། སྙིང་རྗེ་དེ་དང་ཡང་དག་པར་ལྡན་པ་ཞེས་པ་འདི་ལོ་ཆེན་དང་མལ་གྱི་འགྱུར་ལ་མེད་ལ། གཉིས་འདུས་དང་མར་དོ་རྐྱང་པའི་འགྱུར་ལས་འབྱུང་ངོ༌། །གསུམ་པ་ནི། དེ་བསྟེན་ནས་ཞེས་པ་ལ་བྷ་བ་བྷ་དྲས་དྲི་ཞིམ་པོ་དེ་བསྣམས་པས་རོ་ཙ་ན་ཡོད་པར་དཔོག་པ་ལ་བཤད་དེ། དེའི་སྐད་དོད་ལ་བསྣམས་པ་ཡོད་གསུང་ངོ༌། །སྐྱེ་བདུན་དེ་ཤི་བ་ན་དེའི་སྙིང་ཁ་ན་རོ་ཙ་ན་ཡོད་དེ་དེ་བླངས་ལ། དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན། སྟེང་དུ་སྟེ་ནམ་མཁའ་ལ་ལྡིང་བར་འགྱུར་ཞིང༌། ས་ནས་དཔག་ཚད་བྱེ་བའི་སྟེང་དུ་འགྲོ་བར་འགྱུར་རོ། །དེ་བསྟེན་པ་སྟེ་བསྣམས་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཤེས་པའི་མངོན་ཤེས་ཅན་དུ་འགྱུར་རོ། །དཔག་ཚད་བྱེ་བ་ལྔ་བཅུར་ཉིན་ཞག་གཅིག་


JLD008_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཕར་འགྲོ་ཞིང༌། ཚུར་ལ་འོང་བར་འགྱུར་རོ། །ལྷའི་ལུས་ལྟར་རྒས་པ་མེད་ཅིང་ཚེ་རིང་བ་ཡང་ཐོབ་པར་འགྱུར་རོ། །རོ་ཙ་ན་ནི་གུར་ཀུམ་གྱི་མདོག་ཅན་ཅིག་ཡིན་པར་དཀའ་རྒྱལ་གྱིས་བཤད། བླ་མ་གོང་མ་རྣམས་སེར་པོ་ཆུ་ཐུམ་གྱི་རྣམ་པ་ལྟ་བུ་བ་ལང་གི་མིག་ཙམ་ཞིག་ཡོད་གསུང་ངོ༌། །དེ་ལེན་ལུགས་ལ་ཕམ་ཐིང་པ་སྐུ་མཆེད་བགྲེས་པ་རྣམས་ཀྱི་བཞེད་པས། དེ་བྱང་ཆུབ་སེམས་དཔའ་ཡིན་པས་དེ་ལ་སྒྲུབ་པ་པོས་བསྙེན་བཀུར་བྱས་ཏེ། གསོལ་བ་བཏབ་པས་དེས་ལུས་སྟེར་བ་ཡིན་གསུང་ལ། བླ་མ་བལ་པོ་ཀ་ན་ཀ་ཤྲཱི་ཆེན་པོའི་རྗེས་སུ་འབྲངས་ནས་དེ་ལ་བསྒྲལ་བའི་ཐབས་དགོས་པར་བཞེད་ཅེས་བླ་མ་མལ་གྱི་ལུགས་འཛིན་པ་དག་ཟེར་མོང་ཀྱང༌། སྐལ་ལྡན་གྱིས་རང་ཉིད་ཤི་བའི་སྐྱེ་བདུན་གྱི་རོ་ཙ་ན་བླང་བར་བཤད་དོ། །ཞེས་གསུང་པ་ལེགས་སོ། །དཀའ་རྒྱལ་ཟླ་བས་ལེའུ་བཅུ་པའི་ལས་ཚོགས་ཐམས་ཅད་ཀྱང་སྐྱེ་བདུན་ལ་བརྟེན་ནས་བྱེད་གསུང་སྟེ། གང་འདོད་པའི་གཟུགས་སུ་བྱེད་དོ་ཞེས་པ་ཡན་ཆད་ཐམས་ཅད་ལ་བྱེད་པར་མངོན་ནོ། །དཔལ་ཧེ་རུ་ཀའི་སྙིང་པོས་སྐྱེ་བདུན་ལ་བརྟེན་ནས་ལས་སྒྲུབ་པ། སྒྲུབ་པ་པོ་གང་གིས་ཤེས་པ་དེ་ལ་དངོས་གྲུབ་གང་དང་གང་འདོད་པ་དེ་དང་དེ་སྟེར་བར་འགྱུར་རོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། སྐྱེ་བ་བདུན་པའི་མཚན་ཉིད་དང་དེའི་ལུས་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཅུ་གཅིག་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་


JLD008_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ།། ༈ །།གསུམ་པ་ཉེ་སྙིང་གིས་ལས་སྒྲུབ་པ་ལ་གསུམ། བཤད་པར་དམ་བཅའ་བ། ལས་སྦྱོར་དངོས། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་བཅུ་གཅིག་པའི་རྗེས་དེ་ནས་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་པའི་ཉེ་བའི་སྙིང་པོ་ལ་བརྟེན་པའི་ལས་ཀྱིས་ནི། །འཇིག་རྟེན་གསུམ་ན་ཡོད་པ་གང་ཅི་ཡང་རུང་བའི་དངོས་གྲུབ་དེ་རྣམས་ཀུན་སྐད་ཅིག་གིས་ཏེ་མྱུར་དུ་འགྲུབ་པ་བཤད་པར་བྱའོ། །གཉིས་པ་ལ་དྲུག །ས་གཡོ་བ་སོགས་ཀྱི་ལས་སྦྱོར་བཞི་བསྟན་པ། མིག་ལ་བརྟེན་པའི་ལས་སྦྱོར། མཁའ་སྤྱོད་སྒྲུབ་པའི་རི་ལུའི་ལས་སྦྱོར། ཁྲག་འདྲེན་པ་སོགས་ཀྱི་ལས་དྲུག་རྗེས་འཛིན་དང་བཅས་པ། མི་སྣང་བ་སོགས་ཀྱི་ལས་བདུན་རྗེས་འཛིན་དང་བཅས་པ། ཆུ་བོ་གྱེན་དུ་ཟློག་པ་སོགས་ཀྱི་ལས་ལྔ་རྗེས་འཛིན་དང་བཅས་པའོ། །དང་པོ་ནི། རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར། ཊ་ཕ་ནས་ཨོཾ་གྱི་བར་བཟློག་སྟེ་བཀོད་པ་ནི། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་པའོ། །འདི་ནི་ཧེ་རུ་ཀའི་སྙིང་པོའི་སྔགས་དང་ཉེ་བའི་སྙིང་པོའོ། །གསང་སྔགས་ཉེ་སྙིང་འདི་འབུམ་བཟླས་པས་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་གཡོ་བར་བྱེད་ན། ཡང་གི་སྒྲས་གཞན་ལྟ་ཅི་སྨོས་པའོ། ། ལས་སྦྱོར་འདི་ནཱ་རོ་པས་གྲུབ་པ་ཡིན་གསུང་ངོ༌། །གྲོག་ལ་རོའི་སེན་རྩི་དང༌། གི་ཧཾ་དང༌། རང་གི་ཁུ་བ་བསྲེས་པའི་སྣག་ཚས་


JLD008_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་པདྨ་འདབ་མ་དྲུག་པ་ལྟེ་བ་གེ་སར་དང་ལྡན་པ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་པ། རྡོ་རྗེའི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་རྩིབས་དྲུག་པ་བྲི། པདྨའི་འདབ་མ་དྲུག་ལ་ཡི་གེ་བདུན་པ་གཡས་སྐོར་དུ་དགོད། འཁོར་ལོའི་རྩིབས་རྣམས་ལ་གོ་ཆའི་རྣལ་འབྱོར་མ་དྲུག་གི་སྙིང་པོ་བྲི། དབུས་སུ་བདུན་པ་ཧེ་རུ་ཀ །ཞེས་འབྱུང་བ་ནི་པདྨ་ལ་ཡི་གེ་བདུན་དགོད་པར་གསུངས་པས། པདྨའི་ལྟེ་བ་ལ་ཧཱུཾ་དགོད་པའི་དོན་ནོ། །བླ་མ་སྔ་མས་བསྒྲུབ་བྱའི་མིང་བསྐུལ་ཚིག་དང་བཅས་པ་ཡང་བྲི་ཞེས་ཟེར་རོ། །དེ་ནས་ཉེ་སྙིང་འདོན་ཞིང་རྗེས་སུ་ཆགས་པའི་བསམས་པས། བསྒྲུབ་བྱ་གང་ན་ཡོད་པའི་ཕྱོགས་སུ་བལྟས་ལ་ལག་པ་གཉིས་ཀ་གདེངས་ཤིང་གཡོ་བས། བསྒྲུབ་བྱ་མདུན་ན་ཁ་བཞིན་གསལ་བར་བསྒོམས་ཏེ། ཕྱག་རྒྱ་དང་སྙོམས་པར་འཇུག་པའི་རྗེས་སུ་ཆགས་པས་བསྒྲུབས་ན། ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་ཀླུ་དང་དྲི་ཟ་དང་མིའམ་ཅི་རྣམས་གང་འདོད་པ་འགུགས་པར་བྱེད་ན། ས་ལ་སྐྱེས་པ་རྣམས་ལྟ་ཅི་སྨོས། ཡང་ན་ཙན་དན་དམར་པོ་དང་སྐེ་ཚེ་དང་ལན་ཚྭ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལ་གཟུགས་བརྙན་བྱས་ཏེ། གྲོ་ག་ལ་སྔར་བཤད་པའི་འཁོར་ལོ་བྲིས་ལ་སྙིང་གར་བཅུག་ནས་དགུག་གཞུག་བྱས། མིང་སྤེལ་དང་བཅས་པ་བཟླས་ན། རྒྱལ་པོ་ནོར་དང་འཁོར་དང་བཅས་པ་དབང་དུ་འགྱུར་རོ། །རྒྱ་མཚོ་དང་འབབ་ཆུ་དང་རྫིང་བུ་དང་ལ་སོགས་པས་ཆུ་མིག་གི་ཆུ་སྐེམས་པའམ་གནོན་པ་སྟེ་རེངས་པར་བྱེད་པ་ནི་སྔགས་ཀྱི་ནུས་མཐུ་ཐོབ་པས།


JLD008_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་འཁྲུལ་འཁོར་ལ་སྤེལ་ཚིག་སྤོས་པས་སྔགས་སྤེལ་ཚིག་དང་བཅས་པ་བཟླས་པས་འགྲུབ་བོ། །གང་དུ་ཉེ་སྙིང་འབུམ་ཕྲག་བདུན་བཟླས་པའི་གནས་དེར་ཟངས་ལ་སོགས་པ་ལ་གཟོད་རིས་བྱས་པའི་འཁོར་ལོ། ཙན་དན་དམར་པོ་དང་སྲིན་ལག་གཡོན་པའི་ཁྲག་གིས་དབང་གི་འཁྲུལ་འཁོར་བྲིས་ལ། རབ་གནས་བྱས་ཏེ་སྔགས་བཟླས་ཤིང་ལུས་ལ་བཅངས་ན་མཁའ་འགྲོ་མ་ཐམས་ཅད་སྒྲུབ་པ་པོའི་མངག་གཞུག་བྱེད་པ་སྟེ་བཀའ་ཉན་ཅིང་བགེགས་མི་ནུས་སོ། །གཉིས་པ་ནི། ལག་པ་གཡོན་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སྔར་གྱི་འཁོར་ལོ་ཙན་དན་དཀར་པོས་བྲིས་ལ། ལས་དང་རྗེས་སུ་མཐུན་པའི་འོད་ཟེར་འཕྲོ་བ་བཀོད་ལ་ཉེ་སྙིང་འདིས་ཆུ་ལ་ཡོངས་སུ་བཟླས་ཏེ་དེས་འཁོར་ལོ་བགྱིས་པའི་ཆུས། བདག་ཉིད་ཀྱི་མིག་བཀྲུས་ན་སྐྱེ་བ་བདུན་པའི་མི་ཤེས་པར་འགྱུར་ཞིང༌། འདས་པ་དང་མ་འོངས་པ་ཡང་ཤེས་པར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་དང་ལྡན་པའི་ལག་པས་མིག་ལ་རེག་ཅིང་སྔགས་བཟླས་ན། ཚེ་ཟད་པ་དང་འཆི་བ་ཉིད་དུ་སྣང་བ་སྟེ་དེའི་རྟགས་དང་ལྡན་པ་ཡང་མཚན་མ་ངན་པ་སྔ་མ་ལོག་ནས། ཚེ་རིང་བ་དང་གསོན་པོར་སྣང་བའི་རྟགས་དང་ལྡན་པར་འགྱུར་རོ། །གཉིས་འདུས་ཀྱི་འགྱུར་ལས། ཚེ་ཟད་པ་ཡང་འཆི་བ་བཞིན་དུ་སྣང་བ་དང༌། ཚེ་རིང་བ་གསོན་པར་སྣང་བར་འགྱུར་རོ། ཞེས་པ་ལྟར་ན་ཚེ་རིང་ཐུང་གི་རྟགས་ཤེས་པར་འགྱུར་བའོ། །འཁོར་ལོ་དང་ལྡན་པས་མིག་ལ་ཉེ་སྙིང་


JLD008_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཚིག་དང་བཅས་པས་མངོན་པར་སྔགས་ནས་གང་ལ་བལྟས་པ་དེ་གནོན་པ་སྟེ་རེངས་པར་འགྱུར་རོ། །གསུམ་པ་ནི། དཔའ་བོ་གཡུལ་དུ་ཤི་བའི་རྐང་མཐིལ་གྱི་པགས་པ་བླངས་ཏེ་དཔའ་བོ་གྲིར་ཤི་བའི་མི་དེ་ཉིད་ཀྱི་ཁྲག་དང་ལྷན་ཅིག་བཏགས་ལ། ལིག་བུ་མིག་སྨན་ནི། གཉིས་འདུས་ཀྱི་འགྱུར་ལས། རྣ་བའི་མིག་སྨན་ཞེས་འབྱུང་ལ། དེའི་དོན་ལ་བཤད་པ་གཞན་འདུག་ནའང་ལིག་བུ་ནི་རྣ་བ་ཡིན་ལ། རྣ་བར་དེས་རེག་པ་ཙམ་གྱིས་མིག་གཉིས་གསལ་བར་འགྱུར་བར་ལྷ་སྦས་ཀྱིས་བཤད། རྡོའི་བྱེ་བྲག་ཅིག་ཡིན་ཟེར། དེ་ནི་གླིང་མཐའ་ནས་རྙེད་པ་དང་ཟེར། གླིང་གཞན་ནས་རྙེད་ཅེས་ཀྱང་ཟེར་རོ། །དེ་དང་ལྡོང་རོས་དང་གི་ཧཾ་དང་གུར་ཀུམ་དང་དཔའ་བོའི་སྙིང་ཁྲག་དང་བསྣོས་པ་སྟེ་དེས་ཡང་དང་ཡང་དུ་སྦངས་པའི་རི་ལུ་ཐོད་པར་བཅུག་སྟེ་གྲིབ་མ་ལ་བསྐམས་ལ། བྷ་བ་བྷ་དྲས། གསེར་དང་ཟླ་བ་ཉིན་བྱེད་རྣམས། །རིག་བྱེད་གསུམ་བཞི་ཚད་མན་ཆ། ཐུབ་པ་གསུམ་མདའ་ར་ཏིས་ལྷག །རི་ལུ་རིམ་པས་དཀྲི་བར་བྱ། ཞེས་བཤད་པ་ལྟར་གསེར་དངུལ་ཟངས་གསུམ་གྱི་ལྕགས་གསུམ་གྱིས་དཀྲིས་པ་བྱས་ཏེ། ཡང་རིང་ལུ་དེ་ལྷག་པར་གནས་པ་བྱའོ། །ལྷག་གནས་ནི་རབ་གནས་བྱེད་པ་ལ་བཤད་པ་ལྟར་རབ་གནས་བྱའོ། །སྐར་མ་རྒྱལ་ལ་བྱ་ཞེས་པ་གཉིས་འདུས་དང་མར་དོ་རྐྱང་པའི་འགྱུར་ལ། ལྷག་གནས་བྱེད་པ་ལ་སྦྱོར་ལ། ལོ་ཆེན་དང་མལ་གྱི་འགྱུར་ལས། སྐར་མ་རྒྱལ་ལ་བབ་པ་ན་དཔལ་ཧེ་རུ་ཀའི་ཞལ་དུ་བཅུག་ལ་ཞེས་འོག་མ་དང་སྦྱོར་བའི་ཕྱི་མ་ལྟར་ལེགས་སོ། །སྐར་མ་རྒྱལ་ལམ་རྒྱུ་སྐར་


JLD008_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་གཞན་ལ། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་ཚོན་སྣ་ལྔའི་ཆུ་ཚོན་གྱིས་དཀྱིལ་འཁོར་བྲིས་ཏེ་བསྒྲུབས་ཤིང་མཆོད་པའི་རྗེས་ལ། དེའི་དབུས་སུ་བསྒྲུབ་བྱ་སྟེ་རོ་གཙང་མ་བཞག །དེའི་ཁར་སྔར་གྱི་རི་ལུ་བཅུག་པ་ནི། དཔལ་ཧེ་རུ་ཀའི་ཞལ་དུ་བཅུག་པའི་དོན་ནོ། །དེ་ནས་རོ་དེ་ལ་གུ་གུལ་གྱིས་བདུག་ཅིང་རང་གི་ལག་པ་གཡོན་པས་རོ་དེའི་ཁ་བཀབ་སྟེ། ཡང་ཉེ་སྙིང་བརྒྱ་རྩ་བརྒྱད་བཟླས་ན་རོ་དེས་རི་ལུ་དེ་ཁ་ནས་འབྱིན་ལ། དེ་རང་གི་ཁར་བཅུག་ན་སྒྲུབ་པ་པོ་དེ་དེའི་མོད་ལ་མི་སྣང་བར་འགྱུར་ཞིང༌། ལུས་ཀྱི་གྲིབ་མ་མེད་པར་འགྱུར་ཏེ། ལྷ་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་ན། ས་སྟེང་གི་མི་རྣམས་ཀྱིས་མི་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ལ་མར་དོས། རང་གི་སྙིང་གའི་ཧཱུཾ་ལས་འཕྲོས་པའི་ཧཱུཾ་རོའི་སྙིང་གར་བཀོད་ནས་དེ་ཡོངས་སུ་གྱུར་པ་ལས་དེ་ཉིད་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཕྱག་རྒྱ་དྲུག་ལ་སོགས་པས་བརྒྱན་པ་བསམས་ལ། དེའི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གཟོད་མ་ནས་གྲུབ་པའི་ཡི་གེ་བདུན་པའི་ལྷ་རྣམས་མཆོད་དེ། དེ་དག་འོད་དུ་གྱུར་པ་དཔའ་བོའི་སྙིང་གའི་ཡི་གེ་ཧཱུཾ་དང་ཉེ་བར་འདུས་པས། ཡི་གེ་བདུན་པའི་ལྷའི་ངོ་བོས་ཞུགས་པར་བསྒོམ་མོ། །དེ་ནས་རི་ལུ་དཔའ་བོའི་ཁར་བཅུག་ལ་བཟླས་བརྗོད་བྱ། ཞེས་འཆད་དོ། །དེ་བཞིན་དུ་རི་ལུ་དེ་ཁ་ལས་བཏོན་ན་སྣང་བར་འགྱུར་རོ། །བདེ་མཆོག་ཉུང་ངུའི་རྒྱུད་འདིར་མཁའ་སྤྱོད་གྲུབ་པའི་རི་ལུ་འདི་ནི་དཔའ་བོ་ཧེ་རུ་ཀ་རང་ཉིད་ཀྱིས་གསུངས་པ་ཡིན་ནོ། །བཞི་


JLD008_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དཔལ་ཧེ་རུ་ཀ་ནི་རྩ་བའི་སྔགས་དེའི་སྙིང་པོ་ཡི་གེ་ཉི་ཤུ་རྩ་གཉིས་པ་དེའི་ཉེ་བའི་སྙིང་པོ་ཡི་གེ་བདུན་པའི་སྔགས་འདིས་མིའི་མགོ་བོའི་ཐོད་པ་རྨ་མེད་པ་ཤ་མེད་ཅིང་མ་ཉམས་པར་བྱས་ལ། སྔོན་དུ་བསྙེན་པ་བྱས་ཤིང་རྡོ་རྗེ་དྲག་པོ་ཧེ་རུ་ཀའི་རྣལ་འབྱོར་དང༌ལྡན་པས། ཧཱུཾ་བརྗོད་པ་ལས་སྐྱེས་པའི་དུམ་སྐྱེས་མ་མཚོན་ཆ་ཐོགས་པ་རང་གི་སྣ་བུག་གཡས་པ་ནས་ཕྱིར་ཕྱུང་སྟེ། དེས་བསྒྲུབ་བྱ་གང་གི་མིང་ནས་བཟུང་བ་དེའི་བཤང་ལམ་དང༌། རྡོ་རྗེ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བའི་རྩ་ལྔ་ཕུག་ནས་ཁྲག་གི་རྒྱུན་གྱིས་ཐོད་པ་ཡོངས་སུ་གང་བར་བསྒོམ་ཞིང༌། གཡས་པའི་སྡིགས་མཛུབ་ཀྱི་རྩེ་མོས་ཐོད་པ་ལ་མཉེས་ནས་སྔགས་མང་དུ་བཟླས་ན་དེའི་ཁྲག་འགུགས་པར་འགྱུར་ཞིང༌། ལུས་ཀྱི་ཤ་ཟད་པར་བྱེད་དོ། །སླར་འཚོ་བར་འདད་པས་གཡོན་པའི་སྡིགས་མཛུབ་ཀྱི་རྩེ་མོས་ཞི་བའི་སེམས་ཀྱིས་ཡང་དང་ཡང་དུ་མཉེས་ཤིང༌། སྣ་བུག་གཡོན་པ་ནས་ཞུགས་པའི་དུམ་སྐྱེས་མའི་ཕྱག་གི་ཐོད་པའི་ཁྲག་གིས་བསྒྲུབ་བྱའི་ལུས་ཡོངས་སུ་གང་བ་བསྒོམས་ན་སླར་འཚོ་བར་འགྱུར་རོ། །ཉེ་སྙིང་སྤེལ་ཚིག་དང་བཅས་པ་བཟླས་ཏེ་ཐོད་པ་དེ་བསྒྲུབ་བྱའི་མགོ་བོའི་ཐོད་པ་ཡིན་པར་བསམས་ནས་ཁུ་ཚུར་བསྣུན་ན། གང་གི་མིང་ནས་སྨོས་ཏེ་བྱས་པ་དེའི་ཀླད་པ་ན་བར་འགྱུར་རོ། །ཞི་བའི་སེམས་ཀྱིས་གསང་སྔགས་རྗེས་སུ་དྲན་པས་དངོས་སུ་ཐོད་པའི་ནང་འོ་མས་བཀང༌། དངོས་སུ་མེད་ན་བཀང་བར་བསྒོམས་ན་ཉེ་བར་ཞི་བར་འགྱུར་རོ། །གི་ཧི་ལཾ་ཉེ་སྙིང་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ནས་གང་ལ་བལྟས་པ་དེ་རྒྱས་བཏབ་པ་སྟེ་རེངས་


JLD008_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ཉི་མ་གུང་ལ་ཁྲོས་པའི་སེམས་ཀྱིས་དུར་ཁྲོད་ཀྱི་རས་སམ། མཆོད་སྦྱིན་གྱི་ཤིང་གི་ལོ་མ་ལ་མི་རུས་ཀྱི་སྨྱུ་གུས་རོ་སོལ་དང་དུག་དང་མིའི་ཁྲག་གིས་སྔར་བཤད་པའི་འཁོར་ལོ་བྲིས། རོ་སོལ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་པའི་སྙིང་གར་འཁོར་ལོ་དེ་བཅུག་ལ། སྐེ་ཚེས་བྱུག་ཅིང་ཚེར་མའི་མེ་ལ་ཡང་ཡང་བསྲོ། ལག་པ་གཡོན་པར་ཡང་འཁོར་ལོ་བྲིས་པའམ་བསྒོམས་ལ། སྡིགས་མཛུབ་ལ་སྔགས་ཡོངས་སུ་བཟླས་ཏེ་བསྒྲུབ་བྱ་གང་ལ་སྡིགས་མཛུབ་བྱས་པ་དེ་བྱས་པ་དེའི་མོད་ལ་རིམས་ཀྱིས་ཐེབས་ཤིང་ལྷུང་བ་སྟེ་ས་ལ་འགྱེལ་བར་འགྱུར་རོ། །གཟུགས་བརྙན་དེ་རོ་བསྲེགས་པའི་དབུས་སུ་བརྐོས་པར་བཞག་ནས། མི་རུས་ཀྱི་ཕུར་བུས་བཏབ་སྟེ་ཚེར་མས་བར་མཚམས་མེད་པར་བཀང་ལ། སྙིང་གར་ཆུ་ཚན་བླུགས་ཤིང་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ལ་རྐང་པས་ས་ལ་བསྣུན་ན་གང་གི་མིང་ནས་སྨོས་པ་དེ་དེའི་མོད་ལ་འཆི་བར་འགྱུར་རོ། །ཆུ་ལ་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ཏེ་ས་ལ་གཏོར་ཞིང་གཟུགས་བརྙན་འོ་མས་བཀྲུས་ན་གསོས་པར་འགྱུར་རོ། །ཡུང་བའམ་ལྡོང་རོས་ཀྱིས་དུར་ཁྲོད་ཀྱི་རས་ལ་འཁྲུལ་འཁོར་བྲིས་ལ། ཙན་དན་དམར་པོའི་རྡུལ་དང་ལན་ཚྭ་དང་སྐེ་ཚེ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་རྣམས་གཅིག་ཏུ་བྱས་པའི་ཕྱེ་མ་དང༌། ལྕགས་ཕྱེ་བསྲེས་ལ་དུར་ཁྲོད་ཀྱི་རས་ཀྱིས་གཏུམས་ཏེ་ལམ་གྱི་བཞི་མདོར་ས་ལ་སོར་བརྒྱད་བརྐོས་ཏེ། དགྲའི་མིང་སྤེལ་དང་བཅས་


JLD008_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལན་བདུན་བཟླས་ནས་སྦས་ལ། ཉེ་སྙིང་གི་སྔགས་བཟླས་པའི་མཛུབ་མོའི་རྩེ་མོ་དེས་སྐྱེ་བོ་སྟོང་ཕྲག་ལ་ཡང་སྡིག་མཛུབ་བྱས་ན། དེ་ཐམས་ཅད་གནོན་པ་སྟེ་རེངས་པར་འགྱུར་རོ། །ལན་སྟོང་དུ་ཡང་བསྡིགས་པར་བྱས་ན་ཞེས་འཆད་པ་དོན་མིན་ནོ། །ལོ་ཆེན་དང་མལ་གྱིས་དེ་ཐམས་ཅད་ཅེས་བསྒྱུར་བ་བདེའོ། །འཁྲུལ་འཁོར་བཏོན་ནས་འོ་མས་བཀྲུ་ཞིང་སླར་གསོ་བའི་སྔགས་ཀྱི་ཚིག་གིས་ནི་གྲོལ་བར་འགྱུར་རོ། །སྨེ་ཤ་ཅན་ཏེ་རིགས་ངན་གྱི་རོ་བསྲེགས་པའི་ཐལ་བར་བསྒྲུབ་བྱའི་གཟུགས་བྱས་ལ། བསྒྲུབ་བྱའི་མིང་སྤེལ་དང་བཅས་པའི་འཁྲུལ་འཁོར་བྲིས་པ་སྙིང་གར་བཅུག་སྟེ། དེ་ཉིད་ཀྱི་ཐལ་བ་ལ་བཟླས་བརྗོད་ལན་བདུན་ནམ་བརྒྱ་བྱས་ཏེ་གང་གི་གཟུགས་སུ་བྱ་བའི་སེམས་ཅན་དེ་རྗེས་སུ་དྲན་དེ་སྔར་གྱི་གཟུགས་དེ་ལ་བསྣུན་པ་བྱས་ན། གང་གི་གཟུགས་སུ་བྱ་འདོད་པ་དེའི་གཟུགས་འཛིན་པར་འགྱུར་རོ། །ལོ་ཆེན་དང་མལ་གྱི་འགྱུར་ལས། སེམས་ཅན་གང་རྗེས་སུ་དྲན་ཏེ་བསྣུན་པ་དེའི་གཟུགས་ཞེས་འབྱུང་བ་ལེགས་སོ། །ལྔ་པ་ནི། སྔར་བཤད་པའི་ཙན་དན་ལ་སོགས་པའི་སྨན་གྱིས་སྦྱིན་སྲེག་བྱས་པའི་ཐལ་བས་བསྒྲུབ་བྱའི་གཟུགས་བྱས་ལ། དེའི་སྙིང་གར་འཁོར་ལོ་བཅུག་ནས་ཐལ་བ་དེ་ཉིད་ལ། བསྒྲུབ་བྱའི་མིང་ནས་སྨོས་པའི་ཉེ་སྙིང་གི་བཟླས་བརྗོད་བརྒྱ་བྱས་ཏེ། གང་ལ་བསྣུན་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ༌། །སླར་གསོ་བའི་བསམ་པས་ཆུ་ལ་ཉེ་སྙིང་སྤེལ་ཚིག་དང་བཅས་པ་བརྒྱ་བཟླས་པས་གཏོར་ན་སླར་སྣང་བར་འགྱུར་རོ། །བསྒྲུབ་བྱའི་མིང་


JLD008_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཚིག་དང་བཅས་པའི་འཁོར་ལོ་བྲིས་ཏེ། སྨྱོ་བྱེད་ད་དུ་རའི་འབྲས་བུ་རྩ་བ་སྡོང་བུ་ལོ་མ་ཡལ་ག་ལྔ་དང་ལྡན་པར་བྱས་ནས། ཁྱི་སྨྱོན་གྱི་ཐོད་པ་ཁ་སྦྱར་གྱི་བར་དུ་གཞུག །དུར་ཁྲོད་ཀྱི་ཐལ་བའི་འཇིམ་པས་སྲུབས་བསྡམས་ཏེ། ཉེ་སྙིང་སྤེལ་ཚིག་དང་བཅས་པ་ལན་བདུན་དུ་དབུགས་མི་འབྱིན་པར་བཟླས་ལ། དུར་ཁྲོད་དུ་བཅུག་ན་གང་གི་མིང་ནས་བཟླས་པ་དེ་སྨྱོ་བར་འགྱུར་རོ། །བསྒྲུབ་བྱའི་སྐྱེ་བོ་སྟོང་ཡང་སྨྱོ་བར་འགྱུར་རོ། །ཞི་བའི་ཡིད་ཀྱིས་བཏོན་ནས་འོ་མས་བཀྲུས་ན་གྲོལ་བར་འགྱུར་རོ། །ཁང་སྟོང་དུ་སོང་སྟེ་མཁའ་འགྲོ་མ་གང་གི་མིང་ནས་སྨོས་ཏེ། རང་གི་གཙུག་ཕུད་ལ་ལན་བཅུ་བཟླས་ཏེ་མདུད་ན། གནོད་པའི་མཁའ་འགྲོ་མ་ཐམས་ཅད་གུད་དུ་འགྲོ་བར་འགྱུར་རོ། །འོང་བར་མཛོད་ཅིག་ཅེས་པའི་སྤེལ་ཚིག་དང་བཅས་པ་བཟླས་ན་འོང་བར་འགྱུར་ཟེར་རོ། །ཁང་སྟོང་དུ་སོང་སྟེ་ཉེ་སྙིང་ལན་བརྒྱ་བཟླས་ནས་རང་གི་གཙུག་ཕུད་སྤྱི་བོར་བཅིངས་ལ་མིག་བགྲད་དེ་ཇི་སྲིད་བཟླས་པ་དེ་སྲིད་དུ་མི་སྣང་བར་འགྱུར་རོ། །གཙུག་ཕུད་དཀྲོལ་ན་སླར་སྣང་བར་འགྱུར་རོ། ། འཁྲུལ་འཁོར་བྲིས་པའི་ཁམ་ཕོར་རམ་ཐོད་པ་ལ་བསྐུལ་ཚིག་དང་བཅས་པའི་ཉེ་སྙིང་མངོན་པར་བཟླས་ཏེ་ཁམ་ཕོར་སོགས་ཕྱེ་མར་བྱས་ནས། སྟེང་དང་འོག་དང་ཕྱོགས་བཞི་དང་མཚམས་བཞི་རྣམས་སུ་གཏོར་ན་ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང༌། དྲི་ཟ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱང་འཆིང་བར་འགྱུར་རོ། །གྱོ་དུམ་ལ་བཟླས་ནས་ཕྱོགས་མཚམས་


JLD008_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོར་བ་དེ་ཉིད་ཀྱིས་མཁའ་འགྲོ་མའི་གནོད་པའི་སྦྱོར་བ་ཐམས་ཅད་འཕྲོག་པར་འགྱུར་རོ། །ཁྱི་འམ་ཅེ་སྤྱང་གི་མཇུག་མ་བསྒྲུབ་བྱའི་མལ་འོག་ཏུ་སྦས་ནས་སྟན་དང་མལ་ཁྲི་ལ་སྐྱེས་པ་དང་བུད་མེད་འདུག་པ་ལ་བལྟས་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབྱར་བར་འགྱུར་རོ། །གྲོལ་བར་འདོད་པའི་ཡིད་ཀྱིས་ནི་མཇུག་མ་ཕྱུང་སྟེ་སྔགས་བཟླས་ན་གྲོལ་བར་འགྱུར་ཟེར་རོ། །དྲུག་པ་ནི། ཐོད་པ་དང་བཅས་པའི་འཁྲུལ་འཁོར་ལ་ཉེ་སྙིང་གི་སྔགས་སྤེལ་ཚིག་དང་བཅས་པ་ཡོངས་སུ་བཟླས་ཏེ་འབབ་ཆུའི་ཆུ་བོར་བཅུག་ན་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་འགྱུར་རོ། །ཐོད་པ་དང་བཅས་པའི་ལས་སྦྱོར་དེ་ཉིད་ཀྱིས་ཆུ་བོའི་རྦ་རླབས་གནོན་པར་འགྱུར་ཞིང༌། བཟློག་པའི་ཡིད་ཀྱིས་བཟླས་ན་ནི་ཟློག་པར་འགྱུར་རོ། །སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཏེ་གདོང་སྟེང་དུ་ལྟ་བཞིན་དུ་སྟོང་ཕྲག་གཅིག་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ། །དགྲ་བོ་གཞན་གྱི་དཔུང་ལ་མངོན་དུ་ཕྱོགས་ནས་གྱོ་དུམ་ལ་བཟླས་བརྗོད་སྟོང་བྱས་ཏེ་ཕྱོགས་བཅུར་གཏོར་ནས་གཡུལ་དུ་ཞུགས་ན་མཚོན་ཆ་བརྒྱས་བསྣུན་ཀྱང་གནོད་པའི་ཚོར་བ་འབྱུང་བར་མི་འགྱུར་ཞིང༌། མཚོན་གྱིས་ཆོད་པར་ཡང་མི་འགྱུར་ཏེ། མཚོན་གྱིས་མི་ཕྱེད་པའི་རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཉེ་བའི་སྙིང་པོའི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཉིས་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་


JLD008_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཀུན་གསལ་བ་ལས་ལེའུ་བཅུ་གཉིས་པའི་བཤད་པའོ།། ༈ །།བཞི་པ་གོ་ཆའི་སྔགས་ཀྱིས་ལས་སྒྲུབ་པ་ལ་གསུམ། བཤད་པར་དམ་བཅའ་བ། ལས་ཚོགས་དངོས། ལེའུའི་མཚན་ནོ། །དང་པོ་ནི། ལེའུ་བཅུ་གཉིས་པའི་རྗེས་དེ་ནས་དཔའ་བོའི་གོ་ཆ་ཡི། སྔགས་ཀྱིས་ལས་སྒྲུབ་པ་རྣམས་ནི་གོ་རིམ་བཞིན་དུ་བཤད་པར་བྱའོ། །དེ་ཡང་འཇིག་རྟེན་གསུམ་ན་གང་ཡོད་པའི་ཡིད་ལ་གང་འདོད་པ་དེ་དག་ཀུན་སྒྲུབ་པའོ། །གཉིས་པ་ལ་བཞི། འཇིགས་པ་སེལ་བ་ལ་སོགས་པའི་ལས་བརྒྱད་སླར་དགྲོལ་བ་དང་བཅས་པ། དབང་དུ་བྱེད་པ་དང་རས་གོས་ལ་བརྟེན་པའི་ལས་ཚོགས། ལས་སྦྱོར་རྣམས་འགྲུབ་པའི་ཐུན་མོང་གི་ཐབས། ཤིང་དུ་བྱེད་པ་སོགས་ཀྱི་ལས་གཉིས་སླར་དགྲོལ་བ་དང་བཅས་པའོ། །དང་པོ་ནི། གོ་ཆའི་སྔགས་ཀྱིས་ལས་སྒྲུབ་པ་དེ་ལ་གོ་ཆའི་སྔགས་ཟློས་བཞིན་དུ་ཡང་ལམ་དུ་ཞུགས་ན་རྐུན་མ་དང་སྟག་གིས་འཇིགས་པར་མི་འགྱུར་ཞེས་པའི་ལས་སྦྱོར་ནི། སྒྲུབ་པ་པོས་སྐར་མ་རྒྱལ་དང་གཟའ་ཉི་མའི་དུས་སུ་གྲོ་ག་ལ་གུར་ཀུམ་དང་རོའི་སེན་རྩི་དང་རང་གི་ཁྲག་དང་གི་ཧཾ་གིས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་གྱེས་པ་བྲི། དེའི་ལྟེ་བའི་མཐར་རིམ་པ་གཉིས་པའི་མུ་ཁྱུད་དང༌། དབུས་སུ་པདྨ་འདབ་མ་དྲུག་པ་ལྟེ་བ་དང་བཅས་པ་བྲི། པདྨའི་ལྟེ་བར་ཧཱུཾ་ཆེ་གེ་མོ་ལ་ཆོམ་རྐུན་རཀྵ་ཧཱུཾ་ཞེས་པ་ལྟ་བུ། ལས་གང་ཡིན་གྱི་མིང་སྤེལ་ཚིག་དང་བཅས་པ་ཧཱུཾ་གཉིས་ཀྱི་བར་དུ་ཆུད་པ་བྲི། འདབ་མ་དྲུག་


JLD008_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤར་ནས་བརྩམས་ནས། ཨོཾ་དང་ན་མ་དང་སྭཱ་ཧཱ་དང་བཽ་ཥཌ་དང་ཧཱུཾ་ཧཱུཾ་དང་ཕཊ་བྲི། ཧཱ་ཧཱི་ཧཱུཾ་ཧཻ་ཧཽ་ཧཿ རྣམས་སྤངས་པའི་ཧ་ཧི་ཧུ་ཧེ་ཧོ་ཧཾ་རྣམས་རྡོ་རྗེའི་ལྟེ་བའི་མུ་ཁྱུད་ལ་དགོད་དོ། །ལྭ་བ་པའི་འགྲེལ་པར་རྡོ་རྗེ་མཁའ་འགྲོའི་རྒྱུད་ཚིག་དྲངས་པ་ཙམ་མ་གཏོགས་པ། བྲི་ཚུལ་མི་གསལ་བ་ལ་ལྷ་སྦས་ཀྱིས། ཧ་ལ་སོགས་པ་ཐུང་ངུ་དྲུག་རྡོ་རྗེའི་ལྟེ་བའི་མུ་ཁྱུད་ལ་དགོད་པར་བཤད་ཅིང༌། ཧཱ་རིང་པོ་སོགས་དྲུག་མི་འགོད་པར་སྣང་བས། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་པདྨ་འདབ་མ་དྲུག་པ་གཉིས་དང༌། ཧཱ་རིང་པོ་སོགས་དྲུག་དགོད་པར་བཤད་པ་དང་མི་མཐུན་ནོ། །དེ་ནས་རབ་གནས་བྱས་ནས་ཐུན་གསུམ་དུ་བཟླ་ཞིང་མཆོད་པ་བྱས་ནས། ལན་བདུན་དུ་བཟླས་ཏེ་གོས་ཀྱི་མཐའ་མ་མདུད་དེ། སྔགས་ཟློས་བཞིན་དུ་ལམ་དུ་ཞུགས་ན་རྐུན་མ་སོགས་ཀྱི་འཇིགས་པ་མི་འབྱུང་ངོ༌། ཡང་ཞེས་པ་ལོ་ཆེན་དང་མལ་གྱི་འགྱུར་ལ་མི་འབྱུང་ལ། གཉིས་འདུས་དང་མར་དོ་རྐྱང་པའི་འགྱུར་ལ་འབྱུང་བ་ལ། ལྭ་བ་པའི་འགྲེལ་པར་ཡ་ང་བའི་ལམ་དུ་ཞུགས་ན་ཞེས་འབྱུང་ངོ༌། །མི་སྣང་བར་འགྱུར་བའི་ལས་སྦྱོར་ནི། འཁོར་ལོ་དེ་ཉིད་ཀྱི་ལྟེ་བ་ལ་མཐའ་ཐིག་ལེའི་གཟུགས་ཀྱིས་བསྐོར་ཏེ། བསྒྲུབ་བྱ་འཁོར་དང་བཅས་པ་རྨོངས་པར་གྱིས་ཤིག་ཅེས་སྤེལ་ཚིག་དང་བཅས་པ་བྱས་ཏེ་ཆོས་ཀྱི་དབྱིངས་སུ་བསྒོམས་ཏེ་གོ་ཆའི་སྔགས་ཟློས་བཞིན་དུ་ལམ་དུ་ཞུགས་ན་གཞན་གྱིས་མི་མཐོང་ལ། གོ་ཆ་ཟློས་བཞིན་དུ་ཡང་རྒྱལ་པོའི་ཕོ་བྲང་གི་བུད་མེད་ཀྱི་གནས་སུ་ཞུགས་ན་ཡང་མི་སྣང་བར་འགྱུར་ཏེ། གནས་དེ་ནས་གང་འདོད་པ་དེ་བླངས་ཏེ་


JLD008_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་འགྱུར་ཞིང༌། ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ༌། །རོ་རས་ལ་ལྡོང་རོས་དང་ཡུང་བའི་ཁུ་བས་ཨ་ཤོ་ཀའི་སྨྱུ་གུས་སྔར་གྱི་འཁོར་ལོ་ཁྱད་པར་དུ་ཐིག་ལེས་བསྐོར་བ་བྲིས་ཏེ། གོ་ཆའི་སྔགས་བརྒྱ་བཟླས་ལ། དེ་ནས་བསྒྲུབ་བྱ་དཔུང་དང་བཞོན་པར་བཅས་པའི་མིང་སྤེལ་དང་བཅས་པ་བཟླའོ། །དེ་ནས་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང༌། གླང་པོ་ཆེའི་རྐང་རྗེས་ཀྱི་རྡུལ་དང༌། དུར་ཁྲོད་ཀྱི་ཐལ་བ་ལ་བསྒྲུབ་བྱའི་གཟུགས་བྱས་ལ། དེའི་སྙིང་ཁར་འཁོར་ལོ་དེ་བཅུག་སྟེ། མེ་ཏོག་སེར་པོས་གཏོར་ལ་རྐང་པ་གཡོན་པས་མནན་ཏེ། སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་ས་བརྐོས་པར་བཅུག་ནས་གཡོགས་པའི་སྟེང་དུ། སྙིང་གའི་ཐད་ཀར་སའི་ཁང་པ་ལྟ་བུ་བྱས་ནས་བཞག་སྟེ་ལག་པ་གཡས་པས་གང་ལ་རེག་པའི་དམག་སྟེ་དེ་གཏིང་རིང་དུ་བརྐོས་ནས་གཙུགས་པའི་མདུང་བཞིན་དུ་རེངས་པར་འགྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷས་ཀྱང་མི་གཡོའོ། །གོ་ཆའི་སྔགས་ཟློས་པའི་རྐང་པས་བསྣུན་ནས་ས་འོག་ནས་བཏོན་ཏེ་འཁོར་ལོ་འོ་མས་བཀྲུས་ན་ཐར་བར་འགྱུར་རོ། །རང་གི་ཁྲག་ལ་གོ་ཆའི་སྔགས་ལན་གསུམ་བཟླས་ནས་ཁར་བཅུག་ལ་ཕྱིར་ཕྱུང་སྟེ་ཐིག་ལེ་བྱས་ལ་གང་དང་ལྷན་ཅིག་སྨྲ་བ་དང༌། གང་གིས་བདག་མཐོང་ཞིང་བདག་གིས་གང་མཐོང་བ་དེ་ཐམས་ཅད་ཀྱི་ཁྲག་འདྲེན་པར་བྱེད་དོ། །དགྲ་བོ་གང་གི་ཁྱིམ་དུ་ཁྲོ་རྒྱལ་བསྒོམས་ནས་ཁྲོ་བ་དང་བཅས་པས་གོ་ཆའི་སྔགས་ལན་སྟོང་དུ་སྤེལ་ཚིག་དང་བཅས་པ་བཟླས་ན་ཐམས་ཅད་


JLD008_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ཀྱིས་བཏབ་པར་འགྱུར་རོ། །ཞི་བའི་བསམ་པས་ཆུ་ལ་ལན་ལྔ་བཟླས་ཏེ་གཏོར་ན་སླར་འཚོ་བར་འགྱུར་རོ། །གཞན་དང་རྩོད་པ་བྱེད་ན་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང༌། དུར་ཁྲོད་ཀྱི་ས་དང༌། གྲོག་མཁར་གྱིས་གསུམ་བསྲེས་བ་ལ་བསྒྲུབ་བྱའི་གཟུགས་བྱས་ལ། ཆེ་གེ་མོའི་ཝཱ་ཀ་ཧ་རནྟུ་ཞེས་པའི་སྤེལ་ཚིག་དང་བཅས་པའི་འཁོར་ལོ་བྲིས་པའི་སྙིང་གར་བཅུག །དེ་རྐང་པ་གཡས་པས་མནན་ལ་ཡིད་ཀྱིས་བདག་གི་སྙིང་གར་འཁོར་ལོ་བསྒོམས་ལ། འོད་ཟེར་སྔགས་ཀྱི་རང་བཞིན་གཅིག་གི་སྟེང་དུ་གཅིག་བརྩེགས་པ་རི་རབ་ཙམ་དུ་སྣ་བུག་གཡས་པ་ནས་སྤྲོས། དེས་བསྒྲུབ་བྱའི་ལྕེ་མནན་པར་བསམས་ལ་བསྒྲུབ་བྱ་གང་གི་གདོང་ལ་བལྟས་ཏེ་སྔགས་སྤེལ་ཚིག་དང་བཅས་པ་བཟླས་པས་དེའི་ཚིག་འཕྲོག་པར་འགྱུར་རོ། །འབབ་ཆུའི་འགྲམ་དང་ལྟིང་ཀར་གནས་ཏེ་ཁྲོ་བོའི་རྒྱལ་པོ་བསྒོམས་ལ་ཆུའི་རྡུལ་ཕྲ་རབ་ཐམས་ཅད་དཀྱིལ་འཁོར་གྱི་ལྷའི་གཟུགས་སུ་བསྐྱེད་པའི་ལྕང་ལོའམ་དབུ་རྒྱན་གྱི་གཟུགས་སུ་བསམས་ནས། སྔགས་སྟོང་བཟླས་ན་ཆུའི་སྟེང་དུ་གནས་ཏེ་ཐང་ལ་ཇི་ལྟ་བ་དེ་བཞིན་དུ་ཆུ་ལ་ཡང་དེ་བཞིན་དུ་འགྲོའོ། །ཆུའི་ནང་དུ་ཞུགས་ན་ཆུ་བོའམ་རྒྱ་མཚོ་ཡང་མི་གཡོ་བར་གནས་པར་འགྱུར་རོ། །གཉིས་པ་ནི། ལག་པ་གཡས་པ་དཔའ་བོ་དྲུག་དང༌། གཡོན་པ་དཔའ་མོ་དྲུག་ཏུ་བསྐྱེད་དེ། ཡབ་ཡུམ་སྙོམས་པར་ཞུགས་པར་བསྒོམས་ལ། ལག་པ་གཉིས་དྲིལ་ཕྱིས་ཏེ་ཕན་ཚུན་མཉེ་ཞིང་གོ་ཆའི་སྔགས་སྟོང་བཟླས་ན་རྣལ་འབྱོར་མ་རྣམས་དབང་དུ་འགྱུར་རོ། །རྣལ་འབྱོར་མ་


JLD008_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྣ་ཚོགས་པའི་གཟུགས་ཏེ། རང་བཞིན་ཅན་མཁའ་འགྲོ་མའི་རིགས་སུ་སྐྱེས་པ་དང༌། དེ་བཞིན་དུ་ལཱ་མ་དང༌། ཁཎྜ་རོ་ཧི་དང༌། དེ་བཞིན་དུ་གཟུགས་ཅན་མ་རུ་རབ་ཏུ་གྲགས་པ་དེ་དང༌། སོགས་ཀྱིས་རབ་གཏུམ་མ་སོགས་ཀྱི་རྣལ་འབྱོར་མ་དེ་ཀུན་ཏེ་ཐམས་ཅད་སྒྲུབ་པ་པོ་དེའི་དབང་དུ་འགྱུར་རོ། །སྦྲུལ་གྱི་རྒྱལ་པོ་རྙེད་ནས་དེའི་དཀར་ནག་གི་མཚམས་སུ་དུམ་བུར་བྱས་ལ། དཀར་པོ་དང་ནག་པོ་སོ་སོར་བཞག་ལ། རས་བལ་གྱི་ས་བོན་བླངས་ལ་ཡར་ངོའི་སྐར་མ་རྒྱལ་གྱི་ཉིན་ས་བོན་ལ་དཀར་པོའི་དུམ་བུའི་ཞག་དང་ཤས་བསྒོས་ལ་ས་ལ་གདབ། མར་ངོའི་རྒྱལ་གྱི་ཉིན་ནག་པོའི་དུམ་བུའི་ཞག་དང་ཤས་ས་བོན་ལ་བསྒོས་ལ་གདབ་ཅིང༌། དེ་དག་གི་ཞག་དང་ཤས་ས་ལ་ཡང་སྦག་གོ །དེ་ནས་རྫོགས་པར་སྐྱེས་པ་དང་ཡར་ངོའི་རྒྱལ་གྱི་ཉི་མ་ལ་དཀར་པོའི་ཆས་བསྒོས་པའི་རས་བལ་ལ་རྣལ་འབྱོར་མ་སེར་སྐྱས་བཀལ་ཏེ་དེ་ཉིན་རྫོགས་པར་ཐ་ག་པ་སེར་སྐྱས་ཐགས་སུ་བཏག་གོ། མར་ངོའི་རྒྱལ་ལ་ནག་པོས་བསྐྱེད་པའི་རས་བལ་བླངས་ལ། རྣལ་འབྱོར་མ་སྔོན་མོས་བཀལ་ལ་དེ་ཉིན་ཐ་ག་པ་སྔོན་པོས་བཏག་གོ། དེ་ལྟར་སྐར་མ་རྒྱལ་གྱི་སྦྱོར་བས་རས་དཀར་པོ་དང་ནག་པོ་བསྒྲུབས་ཏེ། རས་ལ་གོ་ཆའི་སྔགས་སྟོང་ཕྲག་སོ་དགུ་བཟླས་ཤིང༌། ཨ་ཀ་རུ་ནག་པོ་དང་དུམ་བུ་ནག་པོའི་ཤ་དང་རུས་པས། ནག་པོས་བསྐྱེད་པའི་རས་བདུག་གོ། ཤཾ་ཁ་པུཥྤ་དང་དུམ་བུ་དཀར་པོའི་ཤ་དང་རུས་པ་དཀར་པོས་བསྐྱེད་པའི་རས་ལ་བདུག་སྟེ། དེ་ཡང་སྔགས་བརྒྱ་རྩ་


JLD008_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཟླས་ནས་བདུག་གོ། དེ་ནས་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་མཆོད་པ་བྱས་ནས་ལྷའི་རྣལ་འབྱོར་ལ་དམིགས་ཏེ། རས་དེ་རྣལ་འབྱོར་མའི་བཀས་དཀར་པོ་ཡར་ངོ་དང༌། ནག་པོ་མར་ངོ་ལ་བགོའོ། །དེ་གྱོན་པའི་ལུས་ཀྱིས་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་སྟོང་ཕྲག་བཅུ་བཟླས་ན་དེའི་འོག་ཏུ་མི་སྣང་བ་འགྲུབ་པར་འགྱུར་ཏེ། རས་དེ་གྱོན་པའི་ལུས་ཀྱིས་དེའི་གྲིབ་མ་ཙམ་ཡང་མི་མཐོང་བར་དཔག་ཚད་སྟོང་གི་བར་དུ་ནམ་མཁར་འགྲོ་ཞིང་ལྷ་རྣམས་ཀྱིས་ཀྱང་མི་སྣང་བར་འགྱུར་ཞིང༌། གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །དེས་ཕྱིའི་རྒྱ་མཚོའི་མཐར་ཐུག་པའི་ས་རྣམས་སུ་འགྲོ་བར་འགྱུར་རོ། །སྟེང་གི་རྒྱུན་དུ་སྟེ་ཕྱོགས་སུ་འོག་མིན་ནམ་སྤྲིན་མེད་ཀྱི་བར་དུ་འགྲོ་བར་འགྱུར་རོ། །གསུམ་པ་ནི། གཟུགས་ལ་སོགས་པ་གང་དང་གང་མིག་ལ་སོགས་པའི་དབང་པོའི་ལམ་སྟེ་ཡུལ་དུ་གྱུར་པ། ཡུལ་དེ་དང་དེའི་རང་བཞིན་དུ་འགྲོ་བ་སྟེ་ཡུལ་གྱི་རོ་མྱོང་བར་བྱེད་པ་ན། མཆོག་ཏུ་སྟེ་སྔོན་དུ་དོན་དམ་པའི་བདེན་པ་ལ་དམིགས་པའི་མཉམ་པར་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་བཞག་པ་སྟེ་དེའི་བདག་ཉིད་དུ་འཛིན་པའི་སྦྱོར་བ་སྟེ་རྣལ་འབྱོར་གྱི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་ལ་འཇུག་པར་འགྱུར་བ་དེ་ལྟར་བྱའོ། །རྣལ་འབྱོར་མ་བཞི་ཞལ་སྦྱོར་བའི་རྒྱུད་ལས་ཀྱང༌། གང་གང་དབང་པོའི་ལམ་ཉིད་དུ། །འགྱུར་བ་དེ་དེ་རང་བཞིན་གྱིས། །འདོད་པ་ཀུན་ལ་ལོངས་སྤྱད་པས། །སངས་རྒྱས་ཀུན་གྱི་རང་བཞིན་འཐོབ། ཅེས་གསུངས་པ་ལྟར་


JLD008_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་མོས་ནས་འདོད་ཡོན་ཀུན་ལ་ལོངས་སྤྱོད་པས་ལས་ཚོགས་རྣམས་བསྒྲུབ་པར་བྱའོ། ཞེས་པའི་དོན་ཏེ། ལེའུ་དགུ་པར་སྔགས་ཀྱི་དེ་ཉིད་ཤེས་དགོས་པར་བསྟན་པ་བཞིན་ནོ། །བཞི་པ་ནི། སྔར་བསྐྱེད་པའི་ཆོ་གས་རོའི་ཁར་བསྐྱེད་པའི་ཤིང་ཡོངས་འདུའི་ཁུ་བཅུད་བླངས་ལ། དེ་ལ་བཟླས་བརྗོད་སྟོང་བྱས་ཏེ་གང་ལ་ཐིག་ལེ་བྱས་ཏེ་ཤིང་དུ་བསྒོམས་ན་དེ་ཤིང་དུ་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་པས་གཏོར་ན་སླར་འཚོ་བར་འགྱུར་རོ། །སྔར་བཤད་པའི་ཆོ་ག་དེ་ཉིད་ཀྱིས་ཡུངས་དཀར་གྱི་ས་བོན་བྲམ་ཟེའི་ཐོད་པར་བསྐྱེད་པ་བླངས་ནས། ཡང་གླང་པོ་ཆེའི་ཐོད་པར་བཏབ་ལ་དེའི་འབྲས་བུ་སྨིན་པའི་ཕྱེ་མ་དང༌། གླང་པོ་ཆེ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་བླངས་ཏེ་བཟླས་བརྗོད་སྟོང་བྱས་ནས་གང་ལ་བསྣུན་པ་དེ་གླང་པོ་ཆེར་འགྱུར་རོ། །དེ་ལ་ཞོན་ན་གླང་པོ་ཆེ་སྟོང་ལས་ཀྱང་རྒྱལ་བར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། གོ་ཆའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གསུམ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅུ་གསུམ་པའི་བཤད་པའོ།། ༈ །།ལྔ་པ་སྙིང་པོས་ལས་སྒྲུབ་པ་གཞན་བསྟན་པ་ལ་དྲུག །བཤད་པར་དམ་བཅའ་བ། ལས་སྦྱོར་དངོས། གྲུབ་པའི་ཕན་ཡོན། གྲུབ་པའི་ཚུལ། དེའི་སྔགས་པ། ལེའུའི་མཚན་ནོ། །དང་པོ་ནི། གོ་ཆའི་ལས་བསྟན་པ།


JLD008_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདག་ཉིད་བོང་བུའི་ཞལ་གྱི་རྣམ་པའི་རྣལ་འབྱོར་སྒྲུབ་པ་པོས་དངོས་གྲུབ་མྱུར་དུ་འགྲུབ་པའི་སྒྲུབ་ཐབས་དེ་ནི་བཤད་པར་བྱའོ་ཞེས་སྦྱར་རོ། །འདི་སྒོམ་པ་དགོས་པ་གང་གི་དོན་དུ་ཡིན་ཞེ་ན། དཀའ་རྒྱལ་ཟླ་བས་ཧེ་རུ་ཀ་ཤིན་ཏུ་མཛེས་པ་ཡིན་ན། ཅིའི་ཕྱིར་མི་སྡུག་པ་བོང་བུའི་གདོང་དུ་བསྒྱུར་ཞེས་པའི་ལན་དུ། ཡིད་ནི་ཐམས་ཅད་དུ་སོང་ཞིང་བཟློག་དཀའ་བས་སྔར་བཤད་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས་ཡིད་ཀྱི་ཤུགས་ཟློག་པར་བྱེད་པའི་བོང་བུས་རྣམ་པ་སྒོམ་པ་བསྟན་ཞེས་འཆད་པ་ནི། ལོ་ཅཱ་བ་གཉིས་ཀའི་ལུགས་ཀྱིས་སྔར་བཤད་པའི་ལས་ཚོགས་རྣམས་མྱུར་དུ་འགྲུབ་པའི་ཕྱིར་དུ་རྣལ་འབྱོར་འདི་བསྟན་ཞེས་འཆད་པ་དང་མཐུན་ཏེ། བྷཱ་བ་བྷ་དྲས་ཀྱང་ཡིད་ཀྱི་ཤུགས་བཟློག་བྱ་རུ་འཆད་དོ། །འགྲེལ་བ་གསུམ་ལས། ཡིད་ཀྱི་ཤུགས་ཀྱིས་བཟློག་བྱའི་ཕྱིར་ཞེས་བཏོན་ནས་ཡིད་ཀྱི་ཤུགས་ཟློག་བྱེད་དུ་འཆད་ལ། དེ་ཡང་གཉིས་ཀའི་བཤད་སྦྱར་ལས། བོང་བུའི་རྣལ་འབྱོར་གྱི་ཤུགས་ཀྱིས་བཟློག་པར་བཤད་པ་ལྟར་རོ། །གང་ལས་ཟློག་པ་དང༌། བཟློག་ནས་ཇི་ལྟར་བྱེད་པ་ནི། ལྭ་བ་པས། ལྟ་བ་ངན་པ་དང་སྒྲིབ་པ་ཐམས་ཅད་ལས་བཟློག་ནས་དག་པར་འགྱུར་བའི་ལུས་རྨི་ལམ་ལྟར་ལོངས་སུ་བརྗེ་བས། གཡོ་བ་དང་བྲལ་ཏེ་མི་ཤིགས་པའོ། །ཞེས་གསུངས་སོ། །ལྟ་བ་ངན་པ་ཞེས་སོགས་ལ་ལྷ་སྦས་ཀྱི་འགྲེལ་པར་ཆོ་ག་འདིས་ཕྱིན་ཅི་ལོག་གི་སྒྲིབ་པ་ཐམས་ཅད་རྣམ་པར་བསྒྱུར་བའོ། །དེས་དག་པའི་ལུས་སུ་འགྱུར་བ་ནི། ཞེས་དང༌། རྨི་ལམ་གྱི་ལུས་བཞིན་དུ་ཐོགས་པ་མེད་ཅིང་ཤིགས་པའོ། །


JLD008_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་བ་བདེའོ། །ཕྱིན་ཅི་ལོག་གི་སྒྲིབ་པ་ནི་ལུས་དག་པའི་སྒྱུ་མའི་སྐུར་འགྱུར་བ་ལ་གེགས་བྱེད་པ་སྟེ། དེ་སྤངས་པ་ནི་བསྒྱུར་བའོ། །གེགས་དེ་སྤངས་པ་དེས་དག་པའི་ལུས་སུ་འགྱུར་བའི་དཔེ་ནི། །ལུས་རགས་པ་ལས་ལོགས་སུ་བྱེད་པར་སྣང་བའི་རླུང་སེམས་ཙམ་གྱི་རྨི་ལམ་གྱི་ལུས་བཞིན་དུ་འབྱུང་ལུས་རགས་པ་ལས་ལོགས་སུ་བྱེ་བའི་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུ་འགྲུབ་པའོ། །བརྗེ་བ་ནི་སྔར་རྣམ་སྨིན་གྱི་ལུས་རགས་པ་ཡན་ལག་གི་རྣམ་པ་ཅན་ལས་མེད་པ་དེ་སྒྱུ་མའི་སྐུར་བརྗེས་པའོ། །སྐུ་དེ་ནི་སྒྱུ་མས་སྤྲུལ་པའི་ལུས་བཞིན་དུ་གང་ལ་ཡང་ཐོགས་པ་མེད་ཅིང༌། གང་གིས་ཀྱང་མི་ཤིགས་པ་རྡོ་རྗེའི་སྐུའོ། །འདི་ནི་བོང་ཞལ་ཅན་དུ་སྒོམ་པའི་སྒོས་ཀྱི་དགོས་པ་མིན་གྱི། ཧེ་རུ་ཀའི་བསྐྱེད་རིམ་སྒོམ་པ་སྤྱིའི་དགོས་པའོ། །དེ་ཡང་རིམ་པ་དང་པོ་ནི་སྒྱུ་མའི་སྐུ་མཚན་ཉིད་པ་རྒྱུད་ལ་སྐྱེ་བའི་རྒྱུད་སྨིན་བྱེད་ཙམ་མོ། །རྫོགས་རིམ་གྱི་སྐབས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ནི། ལཱ་བ་པས། འདིའི་དཀྱིལ་འཁོར་བཤད་པའི་མཐར། དཀྱིལ་འཁོར་པ་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བ་ཆོས་བདག་མེད་པ་ལས་བྱུང་བའོ། །ཞེས་ཆོས་བདག་མེད་པ་སྙིང་རྗེ་ཆེན་པོ་སྟེ། བདེ་བ་ཆེན་པོས་ཡོངས་སུ་བཟུང་བའི་འོད་གསལ་གྱི་ཡེ་ཤེས་ལས་འབྱུང་བར་བསྟན་ཏེ། འོད་གསལ་གྱི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་འབྱུང་བའོ། །བསྐྱེད་རིམ་ལ་ཡང་དེའི་ཆ་མཐུན་ཙམ་ཡོད་ཀྱང༌། གཙོ་བོ་ནི་རྫོགས་རིམ་གྱི་སྐབས་སུ་འབྱུང་ངོ༌། །ལྷ་སྦས་ཀྱི་འགྲེལ་བར་ཆོས་


JLD008_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པའི་ངོ་བོའོ། །ཞེས་འབྱུང་བ་ནི་རང་བཞིན་དང་འབྱུང་བ་གཉིས་ལ་སྐད་དོད་ཐུན་མོང་བ་ཡོད་པ་མ་ཕྱེད་པའི་འགྱུར་སྐྱོན་ནོ། །རྨི་ལམ་གྱི་ལུས་བཞིན་དུ་གཟུགས་བརྗེ་བའི་སྒྱུ་མའི་སྐུ་འོད་གསལ་ལས་བྱུང་བར། ལྭ་བ་པ་དང༌། ལྷ་སྦས་ཀྱིས་བཤད་པ་འདི། བདེ་མཆོག་ལ་ཡང་ཤིན་ཏུ་གལ་ཆེའོ། །གཉིས་པ་ལ་གཉིས། སྒྲས་ཟིན་ལྟར་བཤད་པ་དང༌། བརྡས་བཤད་པའོ། །དང་པོ་ནི། འདིར་ལེའུ་ཡི་མཚན་གྱི་སྐབས་སུ་ཧེ་རུ་ཀ་བོང་བུའི་རྣམ་པར་མཛད་པ་ཅེས་གསུངས་པས། བོང་བུའི་རྣམ་འབྱོར་བདག །ཅེས་པ་ནི་གཙོ་བོ་ཡིན་ལ། གཙོ་བོ་བོང་ཞལ་ཅན་ཡིན་པ་དེ་བཞིན་དུ་མཁའ་འགྲོ་མ་དང་ལྭ་མ་དང་ཁཎྜ་རོ་ཧི་དང་གཟུགས་ཅན་མ་བཞི་ཡང་བོང་བུའི་ཞལ་གྱི་རྣམ་པ་ཅན་ཞལ་ནས་ཁྲག་འཛག་པའོ། །བོང་ཞལ་ནི་དཀའ་རྒྱལ་གྱིས་གདོང་ཙམ་གྱི་བོང་བུ་ཡིན་ཏེ། ཞེས་བཤད་པ་ལྟར་བྱ་ཡི། དབུ་རིལ་པོ་ནི་མིན་ནོ། །ལོ་ཆེན་དང་མལ་གྱི་འགྱུར་ལས། རྣལ་འབྱོར་མ་ནི་ལཱ་མའི་གཟུགས། །ཞེས་འབྱུང་ལ། འགྲེལ་བ་གཉིས་ལས། རྣལ་འབྱོར་མ་ནི་ཕག་མོར་བཤད་པས་བོང་ཞལ་ཅན་གྱི་ལྷ་དྲུག་གོ། ཡང་དེ་དག་གིས། རྣལ་འབྱོར་མ་ནི་འདོད་པའི་གཟུགས། །ཞེས་ཀྱང་འདོན་ཞིང༌། རྣལ་འབྱོར་མ་ནི་འཁོར་ལོ་གསུམ་ལ་གནས་པའི་རྣལ་འབྱོར་མ་དང༌། འདོད་པའི་གཟུགས་ནི་བོང་བུའི་གདོང་ཅན་དུ་འཆད་ལ། ཁ་ཅིག་འདོད་པའི་དབང་གིས་གཟུགས་གཞན་དུ་བྱེད་པ་ལ་འཆད་དོ། །དེ་ལྟར་ན་རྩ་རྒྱུད་དུ་ཟིན་པ་ལ་ལྷ་དྲུག་ཏུ་བཞེད་པ་དང༌། ལྷ་སུམ་ཅུར་བྱེད་པའི་ལུགས་གཉིས་ཡོད་པའི་སྔ་མ་ཁས་བླངས་ལ། ལྷག་མ་བཤད་རྒྱུད་


JLD008_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁ་བསྐངས་ཏེ་རེ་གཉིས་པར་བྱའོ། །དེ་ལ་ཐུགས་འཁོར་དང་གསུང་འཁོར་དང་སྐུ་འཁོར་གྱི་དཔའ་བོ་རྣམས་ནི་རིམ་པ་བཞིན་དུ་མཁའ་ལྡིང་དང༌། རྨ་བྱ་དང༌། སེངྒེའི་གདོང་པ་ཅན་དང༌། སྒོ་མ་བཞི་ནི་ཁྭ་ལ་སོགས་པ་བཞིའི་གདོང་པ་ཅན་དང༌། མཚམས་མ་བཞི་ནི་མངོན་བརྗོད་མང་པོ་ལས། མ་ཧེ་དང་རི་དྭགས་ཀྱི་གདོང་པ་ཅན་དུ་བཤད་དེ། དཀའ་རྒྱལ་དང་བཤད་སྦྱར་གྱིས་ཀྱང་དེ་བཞིན་དུ་བཤད་དོ། །ལྭ་བ་པས་མ་ཧེ་དང་རི་དྭགས་དང་སྟག་དང་གུང་གི་གདོང་པ་ཅན་དུ་གསུངས་སོ། །འོ་ན་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་གདོང་བརྙན་ཇི་ལྟར་བྱ་ཞེ་ན། བྷ་བ་བྷ་དྲས་བོང་ཞལ་ཅན་དུ་བཤད་ལ། གདོང་གི་གཟུགས་མི་བསྒྱུར་བའི་ལུགས་ཀྱང་ཡོད་པར་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་བཤད་དོ། །མཁའ་འགྲོ་ནི་མཁའ་འགྲོ་མའོ། །རྩེ་གསུམ་ནི་སྦྲུལ་གྱིས་དཀྲིས་པའི་མདུང་རྩེ་གསུམ་མོ། །ལག་ན་ཞེས་པ་ན་གྲི་གུག་དོར་ཏེ་རྩེ་གསུམ་འཛིན་པར་བཤད་པ་ལྟར་ན་གཡས་ཀྱི་ཕྱག་དང་པོ་ན་བསྣམས་པའོ། །རྡོ་རྗེ་མཁའ་འགྲོའི་འགྲེལ་པར་གཡོན་དང་པོས་རྩེ་གསུམ་དང༌། གཉིས་པ་ན་ཐོད་པ། གཡས་དང་པོས་ཁ་ཊྭཱཾ་ག །གཉིས་པ་ན་གྲི་གུག་བསྣམས་པར་བཤད་དེ། ལྭ་བ་པ་དང་ཡང་མཐུན་པར་མངོན་ནོ། །ཁྱད་པར་བཤད་པ་དེ་རྣམས་མ་གཏོགས་པ་ལྷག་མ་རྣམས་ལཱུ་ཨི་པ་དང་མཐུན་པར་བཞེད་པ་ལྟར་བྱས་ཏེ་མངོན་རྟོགས་རྫོགས་པར་བསྒོམ། བཟླས་པའི་སྐབས་སུ་ཡབ་ཀྱི་སྙིང་པོའི་སྔགས་ཀྱིས་སྒྲུབ་པར་བཞེད་པ་ལྟར་བྷ་བ་བྷ་དྲས་ཀྱང༌།


JLD008_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་སྔགས་འབུམ་ཕྲག་བདུན་བཟླས་ནས་ལས་བྱ་བ་དང༌། མངོན་བརྗོད་ལས་ཉེ་སྙིང་བཟླས་པར་ཡང་བཤད་དོ། །གཉིས་པ་ནི། བོང་ཞལ་ཅན་སྒོམ་པའི་ཡིད་ཀྱི་ཤུགས་ཀྱིས་དག་པའི་སྒྱུ་མའི་སྐུར་བྱེད་པ་འདི་ལ། རྫོགས་རིམ་ཞིག་ཀྱང་བཤད་པ་ནི། ལྭ་བ་པའི་འགྲེལ་པ་ལས། དབུགས་རྣམས་ལྟེ་བའི་རྩ་བ་ནས། །གཡས་དང་གཡོན་པ་གཉིས་དག་གི། ཟླ་བ་ཉི་མར་རྣམ་པར་བཤད། །ཆུ་ཤིང་མེ་ཏོག་ལྟ་བུ་ནི། །ལྟེ་བའི་རྩ་བ་ནས་འགྲེང་བ། །བ་ལང་རྨིག་འདྲའི་པདྨ་ནི། །བོང་བུའི་རྣམ་པར་ཤེས་པར་བྱ། །འོག་ཏུ་ཕྱོགས་པའི་པདྨ་གང༌། །ཟླ་བའི་འོད་འདྲས་རྣམ་བརྒྱན་པ། །དེ་དབུས་རྟག་ཏུ་སྟོང་པ་ནི། །ཧཱུཾ་ཡིག་རླུང་གི་རང་བཞིན་ཅན། །འབར་བ་མར་མེ་ལྟ་བུ་སྟེ། །འོག་གི་རླུང་ནི་ཡོངས་གང་ལས། །སྙིང་ག་ནས་ནི་སྟེང་དུ་རྒྱུ། །སྤྱོ་བོ་ཕུག་སྟེ་འགྲོ་བར་བཤད། །ཅེས་གསུངས་སོ། །དེ་ལ་སྣ་བུག་ཏུ་རྒྱུ་བའི་དབུགས་རྣམས་ལྟེ་བའི་རྩ་བ་ནས། གཡས་རོ་མ་དང་གཡོན་རྐྱང་མ་དག་གི་རྩ་ལ་རྒྱུ་བ་གཡས་ཉི་མ་དང༌། གཡོན་ཟླ་བའི་རླུང་དུ་རྣམ་པར་བཤད་དེ། ལྟེ་བའི་རྩ་བ་ནས་གྱེན་དུ་འགྲེང་བའི་རོ་རྐྱང་གི་རྩ་གཉིས་ཀྱང་བསྟན་ཏོ། །ཆུ་ཤིང་གི་མེ་ཏོག་ལྟ་བུ་ནི། །སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་རྩ་དབུ་མ་ཡིན་ཏེ། བཤད་རྒྱུད་ལས། སྙིང་གི་ནང་སོན་པདྨ་ནི། ། འདབ་མ་བརྒྱད་པ་སྙིང་པར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེའི་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མི་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུའོ། །ཞེས་གསུངས་ཏེ་རྐང་པ་ཐ་མས་ཆུ་ཤིང་གི་མེ་ཏོག་དང་འདྲ་ཚུལ་བསྟན་ཏོ། །རྩ་དེ་ལྟེ་བའི་རྩ་བ་ནས་གྱེན་


JLD008_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲེང་བར་བསྟན་པས་ནི་རྩ་དབུ་མ་བསྟན་ནོ། །བ་ལང་གི་རྨིག་པ་འདྲ་བ་ནི་དེའི་རྨིག་པ་ཁ་བྲག་ཏུ་ཡོད་པའི་གཡས་གཡོན་གཉིས་རྒྱས་ཤིང་དབུས་སྟོང་པར་ཡོད་པ་བཞིན་དུ། རོ་རྐྱང་གི་རྩ་གཉིས་རླུང་གིས་རྒྱས་པའི་དུས་སུ་དབུས་མ་རླུང་རྒྱུ་བས་སྟོང་པའོ། །དེའི་པདྨ་ནི་རྩ་འཁོར་ཏེ། དེ་ལ་མང་དུ་ཡོད་ཀྱང་འདིར་ལྟེ་བའི་པདྨའི་རྩ་འཁོར་རོ། །དེའི་ཕྱི་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་པར་བཤད་པས། དེ་ནི་བོང་བུའི་གདོང་གི་རྣམ་པར་ཡོད་པས་བོང་བུའི་རྣམ་པར་ཤེས་པར་བྱ་བར་གསུངས་སོ། །དེས་ན་ལཱུ་ཨི་པའི་རྫོགས་རིམ་ལྟར་ལྟེ་བའི་འཁོར་ལོ་ལ་བརྟེན་ནས་གནད་དུ་བསྣུན་པ་དང༌། དེ་ལ་བརྟེན་ནས་སྐྱེས་པའི་རྫོགས་རིམ་སྒོམ་པ་ནི། བུང་བུའི་གདོང་ཅན་སྒོམ་པའི་ཡིད་ཀྱི་ཤུགས་སོ། །སྙིང་ག་ནས་འོག་ཏུ་ཕྱོགས་པའི་ཆོས་ཀྱི་འཁོར་ལོའི་པདྨ་གང་ཡིན་པ་དེ་ཡང་བ་ལང་རྨིག་འདྲའི་པདྨའོ། །པདྨ་དེའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་འོད་ཟེར་འདྲ་བས་བརྒྱན་པ་ནི། བཤད་རྒྱུད་ལས། ཧཱུཾ་ཡིག་མགོ་ཐུར་དུ་ལྟ་བ་ལ་ཁ་བ་ལྟ་བུའི་བདུད་རྩི་འཛག་པར་གསུངས་པའོ། ། རྟག་ཏུ་ནི་རྒྱུན་དུའོ། །སྟོང་པ་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་དྷཱུ་ཏཱིར་བཅུག་པའི་རླུང་གིས་སྟོང་པ་སྟེ་མ་བསྒོམས་པའི་དུས་སུའོ། །རླུང་གི་རང་བཞིན་ཅན་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་དྷཱུ་ཏཱིར་བཅུག་པས་རླུང་གིས་རང་བཞིན་ཅན་དུ་གྱུར་པའོ། ། དེ་ནས་ལྟེ་བ་ནས་ཙ་ཎྜ་ལི་དབུ་མར་འབར་བ་ནི། འབར་བ་མར་མེ་ལྟ་བུ་ཞེས་པའོ། །ལྟེ་བའི་གཏུམ་མོ་འབར་བའི་རྒྱུ་ནི། ལྟེ་བའི་འོག་གི་གསང་གནས་ཀྱི་རླུང་ཡོངས་སུ་གང་བ་སྟེ་


JLD008_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་པ་ལས་སོ། །གཏུམ་མོའི་མེས་ཐོག་མར་ལྟེ་བ་དང༌། དེ་ནས་སྙིང་ག་དང༌། དེ་ནས་སྟེང་དུ་སྟེ་མགྲིན་པ་དང༌། དེ་ནས་སྤྱི་བོ་སྟེ་འཁོར་ལོ་བཞི་ཡི་ལྟེ་བ་ཕུག་སྟེ་གྱེན་དུ་འགྲོའོ། །མེ་སྤྱི་བོར་ཕྱིན་པས་བྱང་སེམས་དྲངས་ནས་གསང་གནས་ཀྱི་རྩེའི་བར་དུ་འཛག་པ་ནི། སྔ་མའི་ཤུགས་ཀྱིས་ཤེས་པར་ནུས་སོ། །དེ་ལྟར་ཡས་བབས་དང་མས་བརྟན་གྱི་མཐར། ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས། ཡུལ་བདག་མེད་པའི་དེ་ཁོ་ན་ཉིད་འཛིན་པ་ནི། སྔར་བཤད་པའི་སྙིང་རྗེ་ཆེན་པོས་ཆོས་ཀྱི་བདག་མེད་གཟུང་བའོ། །དེ་འདྲ་བའི་འོད་གསལ་གྱི་རླུང་སེམས་ཙམ་ལས་གྲུབ་པའི་རྨི་ལམ་གྱི་ལུས་བཞིན་དུ། ལྷ་སོ་བདུན་གྱི་སྒྱུ་མའི་སྐུ་འགྲུབ་བོ་ཞེས་བཤད་པར་བྱའོ། །ལྭ་བ་པས་གཡེང་བ་ཀུན་སྤངས་ཏེ་ལྐུགས་པའི་ཚུལ་དུ་བྱས་ནས། སྔར་བཤད་པའི་རིམ་གཉིས་ཟླ་བ་དྲུག་བསྒྲུབས་ན། བོང་བུའི་མཁའ་འགྲོ་འགྲུབ་ལ། དེ་གྲུབ་ན་ཚེ་རིང་ཐུང་སོགས་ཤེས་པའི་དངོས་གྲུབ་བཤད་པ་རྣམས་འགྲུབ་པར་བཤད་ཅིང༌། བསྐྱེད་རིམ་གྱི་ལས་ཚོགས་ཟུར་པ་མ་བཤད་དོ། །འགྲེལ་པ་གཞན་བཞི་ལས། རྡུལ་ཚོན་གྱིས་དབང་གི་དཀྱིལ་འཁོར་བཞིན་དུ་བྲིས་པ་ལ། དཀྱིལ་འཁོར་བའི་ལྷའི་སྔགས་བྲིས་པའི་དབུས་སུ། འབྲས་ཕྱེ་ལས་བོང་བུའི་གཟུགས་བྱས་པ་བཞག་སྟེ། བོང་ཞལ་ཅན་གྱི་རྣལ་འབྱོར་དང་ལྡན་པས་སྔགས་རྒྱུན་མ་ཆད་དུ་བཟླས་ཏེ། དབུས་ཀྱི་གཟུགས་བརྙན་ལ་བལྟས་པས། གང་ཤེས་པར་འདོད་པ་དེ་སྣང་བར་འགྱུར་བ་མན་ངག་ཡིན་གསུང་ངོ༌། །གསུམ་པ་ནི། དེ་ལྟར་བོང་བུའི་རྣལ་འབྱོར་བསྒྲུབས་


JLD008_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པས་གྲུབ་ན་ཚེ་ཟད་པ་དང་ནི་ཚེ་རིང་བ་ཡང་སྣང་བ་ཡིན་ཏེ། རང་གཞན་གྱི་ཚེ་རིང་ཐུང་ཤེས་པར་འགྱུར་རོ། །འདིར་ནི་རྣལ་འབྱོར་པ་དེ་སྔར་བོང་བུར་གྱུར་པ་ཡིན་ན། དེ་བཞིན་དུ་བོང་བུར་མཐོང་བ་དང༌། སྔོན་དུ་སྟེ་སྐྱེ་བ་སྔོན་མར་གླང་པོར་གང་སོང་བ་དེ་གླང་པོའི་གཟུགས་ཅན་དུ་མཐོང་ངོ༌། །དེ་བཞིན་དུ་རང་དང་གཞན་གྱི་སྐྱེ་བ་གང་དང་གང་སྔོན་གྱི་སྐྱེ་བར་གྱུར་པ་དག །དེ་དང་དེའི་གཟུགས་སུ་སྣང་བར་བོང་བུའི་རྣལ་འབྱོར་པས་ནི་འདིར་མཐོང་བར་འགྱུར་རོ། །ཁྱད་པར་དུ་སྔོན་ནས་སྐྱེ་བ་བདུན་དུ་བར་མ་ཆད་པའི་མི་ཤེས་པར་འགྱུར་ལ། དངོས་གྲུབ་སྟེར་བའི་སྐྱེ་བ་བདུན་པའི་ཤ་ཡོད་པར་གྱུར་ན། ཤ་དེ་ཡི་སྦྱིན་སྲེག་དང་གཏོར་མ་དང༌། རྣམ་རྟོག་མེད་པར་མཚན་མོ་གསངས་ཏེ་ཟ་བ་དག་བྱས་ན། སྒྲུབ་པ་པོ་ལྷ་ཡི་ལུས་སུ་འགྱུར་བ་སོགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཤ་དེ་ལ་བརྟེན་ནས་དཔག་ཚད་བརྒྱ་ཕྲག་ནི་སྟོང་གི་སྟེང་དུ་སྐད་ཅིག་ལ་འགྲོའོ། །བོང་བུའི་རྣལ་འབྱོར་འདི་ནི་སྔགས་མཆོག་གཙོ་བོའམ་དམ་པ་སྟེ་མཐུ་སྟོབས་ཆེ་བའོ། །གང་ལས་ཤེ་ན། མཁའ་འགྲོ་མ་ཡི་སྟེ་རྡོ་རྗེ་རྣལ་འབྱོར་མ་རྣམས་དང་གནས་དང་ཉེ་བའི་གནས་ལ་སོགས་པར་ལྷན་ཅིག་ཏུ་མཉམ་པར་སྦྱོར་བ་སྒྲུབ་པར་བྱེད་པས་ན་མཐུ་སྟོབས་ཆེའོ། །བཞི་པ་ནི། བོང་བུའི་རྣལ་འབྱོར་པས་མཚན་མ་སྟེ་དུང་གི་ཕྲེང་བས་སྔགས་གང་ཟློས་པ་ནི་ཟླ་བ་གཅིག་གིས་འགྲུབ་པར་འགྱུར་རོ། །དེ་ལྟར་འགྲུབ་པ་འདི་ནི་གསང་བའི་རྒྱུད་བདེ་མཆོག་འདི་ཡི་ཡབ་ཀྱི་སྙིང་པོ་དགེ་བ་འདི་ཡིས་


JLD008_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ལྔ་པ་ནི། བོང་བུའི་རྣལ་འབྱོར་གྱི་རིམ་གཉིས་ཀྱི་དེ་ཉིད་མཆོག་ཤེས་པའི་རྣལ་འབྱོར་པ་དེ་ནི། བདེ་མཆོག་འདིར་ཐབས་ཤེས་ཁྱད་པར་ཅན་སྦྱོར་བའི་རྣལ་འབྱོར་པ་རུ་ཐེ་ཚོམ་མེད་དོ། །གོང་དུ་བཤད་པ་དེ་དག་ཐམས་ཅད་ནི་མཁའ་འགྲོ་དྲ་བའི་བདེ་བ་མཆོག་གི་རྒྱུད་འདིར་བརྗོད་པ་ཡིན་གྱི། འདིའི་སྐོར་ལས་གཞན་དུ་མི་འབྱུང་བས་གཅེས་པར་གཟུང་ངོ༌། །དྲུག་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། དཔལ་ཧེ་རུ་ཀ་བོང་བུའི་རྣམ་པར་མཛད་པའི་ཆོ་གའི་ལེའུ་སྟེ་བཅུ་བཞི་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅུ་བཞི་པའི་བཤད་པའོ།། ༈ །།གསུམ་པ་རིགས་ལྡན་མ་མཆོད་པ་རྒྱས་པར་བཤད་པ་ལ་ལྔ། མཁའ་འགྲོ་མ་སྤྱིར་ཤེས་པའི་དོན་དུ་ཡི་གེ་རེ་རེ་བའི་ངག་གི་བརྡ། མཁའ་འགྲོ་མའི་རིགས་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཐབས། མཁའ་འགྲོ་མའི་རིགས་སྤྱིར་ཤེས་པར་བྱེད་པའི་ལུས་ཀྱི་བརྡ། ཤེས་པ་རྣམས་ལ་རང་ལ་རྗེས་སུ་ཆགས་པ་བརྟག་པ། མཁའ་འགྲོ་མ་སྤྱིར་ཤེས་པར་བྱེད་པའི་ཡི་གེ་དུ་མ་ཚོགས་པའི་ངག་གི་བརྡའོ། །དང་པོ་ལ་བཞི། བཤད་པར་དམ་བཅའ་བ། བརྡ་བསྟན་པ་དངོས། དོན་བསྡུས་ཏེ་སྦྱིན་ཚུལ་བསྟན་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། བཅུ་བཞི་པའི་རྗེས་དེ་ནས་སྒྲུབ་པ་པོ་གང་ཞིག་རྣལ་འབྱོར་མ་རྣམས་ཀྱི་བརྡར་གྱུར་པ་ཤེས་པ་དག །བརྡ་ཤེས་པ་དེ་ཉིད་ཀྱིས་འདོད་པའི་དོན་དེ་ཐེ་ཚོམ་མེད་པར་གྲུབ་པ་སྟེ་འགྲུབ་པ་ནི་བཤད་


JLD008_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སྡོམ་པ་ཐམས་ཅད་ཅེས་པ་སྔར་བཤད་པའི་བཤད་རྒྱུད་རྣམས་ལ་འཆད་པ་ནི། འཁོར་ལོ་སྡོམ་པའི་སྐོར་གྱི་རྒྱུད་ཀྱི་རྣལ་འབྱོར་པ་ལ་ཞེས་པའོ། །ཁ་ཅིག་ནི་ཉན་ཐོས་ལ་སོགས་པ་ལ་སྦ་བར་བྱ་བའི་སྡོམ་པ་སྲུང་བ་དེའི་དོན་དུ་ཞེས་ཟེར་རོ། །གཉིས་པ་ནི། ཌ་ཞེས་བྱ་བ་ནི་སྐྱེས་བུ་སྟེ་སྐྱེས་པར་སངས་རྒྱས་རྣམས་ཀྱིས་བཤད་ལ། ཌི་ཞེས་པ་ནི་བུད་མེད་ཀྱི་བརྡ་ཡིན་ནོ། །བརྡ་འདི་རྣམས་ནི་དོན་དེ་དང་དེ་ལ་འཇུག་པར་འཇིག་རྟེན་ན་ཡང་མ་གྲགས་ལ། སྒྲའི་བསྟན་བཅོས་སོགས་བསྟན་བཅོས་གཞན་ལ་ཡང་མེད་པས། དེ་བཞིན་གཤེགས་པ་ཉིད་ཀྱིས་དོན་དེ་རྣམས་སྟོན་པར་བཀས་བཅད་པའོ། །འོ་ན་བརྡ་འདི་དག་གིས་མཁའ་འགྲོ་མར་ཤེས་པར་བྱེད་ཚུལ་ཇི་ལྟར་ཡིན་སྙམ་ན། གཅིག་གིས་ཌ་ཞེས་ཟེར་བ་ལ་ཅིག་ཤོས་ཀྱིས་ཌི་ཞེས་ལན་འདེབས་པ་ལྟ་བུས་ཤེས་པར་བྱེད་པ་ནི་མིན་ནོ། །འོ་ན་ཇི་ལྟར་ཡིན་ཞེ་ན། དཀའ་རྒྱལ་གྱིས་སྐྱེས་པའམ་བུད་མེད་དུ་བཤད་པར་བྱ་བ་ལ། ཌི་ཞེས་བརྗོད་པ་ནི་བརྡ་སྟེ། དེ་ལྟར་བཤད་པ་རྟོགས་པ་ནི་བརྡའོ། །དེ་བཞིན་དུ་ཡང་ཐམས་ཅད་དུ་བལྟ་བར་བྱའོ། ཞེས་བཤད་པ་ལྟར། གཅིག་གིས་ཌ་ཞེས་བརྗོད་པ་ནི་ཅིག་ཤོས་ཀྱིས་དེའི་དོན་སྐྱེས་པ་ཡིན་པར་གོ་ན་བརྡ་ཤེས་པའོ། །དེ་ཡང་ལྭ་བ་པས་བསམ་པ་གཅིག་པ་ཉིད་ཀྱི་ཕྱིར། །དེ་རྣམས་མཉེས་པར་འགྱུར་རོ། །ཞེས་གསུངས་པ་ལྟར། དེ་ལྟར་ཤེས་ན་གཉིས་ཀ་བློ་མཐུན་པས་མཁའ་འགྲོ་མ་རྣམས་མཉེས་པར་འགྱུར་རོ། །ཚུལ་དེས་འོག་མ་


JLD008_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བརྡས་ཤེས་པར་བྱེད་ཚུལ་ཡང་ཤེས་པར་བྱའོ། །ཕུ་ཞེས་བྱ་བ་ནི་གནོན་པ་སྟེ་རེངས་པའི་བརྡ་ཡིན་ལ། སུ་ཞེས་བྱ་བ་ནི་ཟ་བ་ཉིད་ཀྱི་དོན་ནོ། །མ་ཞེས་པ་ནི་མ་རུ་བཤད་ལ་ཡཱ་ཞེས་པ་ནི་ཆུང་མ་དང༌། བྷི་ཞེས་པ་སྲིང་མོ་དང༌། དེ་བཞིན་དུ་བཱི་ཞེས་པ་མཛའ་མོ་དང༌། ལུ་ཞེས་པ་བུ་མོ་དང༌། སྟི་ཞེས་པ་ཁྲག་ཏུ་ཤེས་པར་བྱའོ། །དེ་བཞིན་སོ་དང་པེ་དང་ཧེ་དང་བྷ་དང༌། བྷུ་དང་བཱི་དང་བྷུ་དང་ཌྷི་དང༌། ག་དང་སྟྲི་དང་ཀུ་དང་ཧ་དང་། ཛ་དང་ཀ་དང་བྷ་དང་སྭཱ་དང༌། མི་དང་བ་དང་པེ་དང་གྷ་དང༌། ཀ་དང་ས་དང་ར་དང་དུ་དང༌། སུ་དང་ན་དང་ས་དང་ཨ་དང༌། ཨཱ་དང་ན་དང་སོ་ནི་རིམ་པ་བཞིན་དུ་ཞི་བའི་བཏུང་བ་དང་བཏུང་བ་ཞུ་བའི་རྫས་དང༌། ཤ་དང་ཟ་བ་དང༌། འདྲེས་པ་སྟེ། འདས་པ་དང༌། དུར་ཁྲོད་དང་རོ་དང་རྣལ་འབྱོར་མ་དང༌། ལཱ་མའི་རིགས་དང་གཟུགས་ཅན་མ་དང་མཁའ་འགྲོ་མའི་རིགས་དང༌། ཁཎྜ་རོ་ཧི་དང༌། བྱིན་པ་གཉིས་དང་དཔུང་པ་ཟུང་དང་གསོང་པོར་སྨྲ་བ་དང༌། ལེགས་པར་འོངས་པ་དང༌། ཉ་དང་བཟའ་བ་དང་བཏུང་བྱ་བཏུང་བ་དང་བགྲོད་བྱ་དང་བགྲོད་བྱ་མིན་པ་དང༌། འདོད་པ་དང་བུད་མེད་སྐྱེས་པ་གཞན་ལ་མི་འགྲོ་བ་དང་ཁྱོ་མེད་མ་དང་སྤྱོད་ངན་མ་དང༌། སྐལ་བཟང་མ་དང་སྐལ་ངན་མ་དང་དམ་ཚིག་ཅན་དང་དམ་ཚིག་མེད་པ་དང༌། འོངས་བ་དང་མ་འོངས་པ་དང་ཆགས་པའི་བརྡ་ཡིན་ནོ། །གསུམ་པ་ནི། སྔར་བཤད་པ་འདི་དག་ནི་ཡི་གེ་རེ་རེ་བའི་བརྡ་ཡིན་ཏེ། དཔའ་བོ་སྟེ་མིང་པོ་དང༌། སྲིན་མོར་ཤེས་པར་བྱེད་པ་ནི་བརྡ་འདི་དག་གིས་རང་དང་མཁའ་འགྲོ་མ་རྣམས་ཡིད་ཤིན་


JLD008_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཉེ་བར་བྱེད་པའི་དོན་ནོ། །འདུ་ཤེས་པར་ཞེས་པ་འགྱུར་གཞན་ལ་མེད་པ་ལྟར་བདེའོ། །སྐལ་ལྡན་གྱིས་བརྡ་འདི་རྣམས་གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱི་བརྡར་བཤད་པ་ལྟར་ཡིན་ལ། དངོས་གྲུབ་བརྙེས་པའི་ཕོ་ཉ་མོའི་བརྡ་ཡིན་ནོ། །གུས་པ་དང་ཞེས་སོགས་ལ་ལོ་ཆེན་གྱི་འགྱུར་ལས། དད་པ་དང་མི་ལྡན་པ་རྣམས་ལ་སྦྱིན་པར་མི་བྱའོ། ཞེས་འབྱུང་བ་ལྟར་ལེགས་ལ། མི་སྦྱིན་པ་ནི་བརྡ་དང་དེའི་དོན་བཤད་པ་རྣམས་སོ། །དམ་ཚིག་མཆོག་ཡིད་དུ་འོང་བ་དང་ལྡན་ཞིང༌། བླ་མ་ལ་ཕན་འདོགས་པ་སྟེ་བསྙེན་བཀུར་བ་བྱེད་པའི་གུས་པ་དང་ལྡན་པ་རྣམས་ལ་བརྡ་འདི་རྣམས་སྦྱིན་པར་བྱའོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཡི་གེ་རེ་རེ་བའི་བརྡའི་ཆོ་གའི་ལེའུ་སྟེ་བཅོ་ལྔ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅོ་ལྔ་པའི་བཤད་པའོ།། ༈ །།གཉིས་པ་མཁའ་འགྲོ་མའི་རིགས་བྱེ་བྲག་ཏུ་ཤེས་པར་བྱེད་པའི་ཐབས་ལ་བཞི། མཁའ་འགྲོ་མ་དྲུག་གི་རིགས་སོ་སོར་བསྟན་པ། མཁའ་འགྲོ་མ་བདུན་གྱི་མིང་གི་རྣམ་གྲངས། མཁའ་འགྲོ་མའི་རིགས་ཀྱི་དབྱེ་བ། ལཱ་མའི་རིགས་ཀྱི་དབྱེ་བའོ། །དང་པོ་ལ་གསུམ། བཤད་པ་དམ་བཅའ་བ། བཤད་བྱ་བསྟན་པ་དངོས། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། བཅོ་ལྔ་པའི་རྗེས་དེ་ནས་འོག་ནས་འཆད་པའི་མཚན་ཉིད་དང་ལྡན་པའི་


JLD008_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་དང༌། མཚན་ཉིད་དང་མི་ལྡན་པའི་སྐལ་ལྡན་མིན་པ་ནི་མདོར་བསྡུས་ནས་ནི་བཤད་པར་བྱའོ། །འོག་ནས་སྐལ་མིན་དངོས་སུ་མི་སྟོན་ཀྱང༌། སྐལ་ལྡན་གྱིས་མཚན་ཉིད་བསྟན་པ་ལས་བཟློག་པ་ནི་སྐལ་མིན་དུ་གོ་བའི་དོན་ནོ། །སྐལ་ལྡན་ནི་ཕོ་ཉ་མོའི་དམ་ཚིག་མཆོག་ལ་གནས་པ་སྟེ་སྒྲུབ་པ་པོའི་ཡིད་དུ་འོང་ཞིང༌། དེ་ལ་ཕན་འདོགས་པར་བྱེད་པ་ཡིན་ལ། དེ་རྣམས་ཀྱི་མཚན་ཉིད་ནི་བླ་མ་ལ་གུས་པ་ཉིད་དེ་ཁོ་ན་ལ་སྦྱིན་པར་བྱའོ། །ཚིག་རྐང་དང་པོ་གཉིས་ལ། དེ་ནས་གསང་བའི་བཟའ་བྱ་དང༌། བཟའ་མིན་མདོར་བསྡུས་རབ་བཤད་བྱ། །ཞེས་ཀྱང་འབྱུང་ཞིང༌། དེ་ལ་འགྲེལ་པ་གཉིས་སུ་བཤད་པ་ཡང་བྱས་མོད་ཀྱང༌། རྒྱ་དཔེ་ལ་མི་འདྲ་བ་མང་པོ་ཡོད་པར་སྣང་ངོ༌། །དུས་ལྡན་ལ་སྦྱིན་པ་དེ་ནས་དཔའ་བོ་དང་རྣལ་འབྱོར་མ་འདུ་བའི་དུས་སུ། རང་རང་གི་རིགས་ཀྱི་དབྱེ་བ་བཟུང་ན། དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པ་སྟེ་གཉིས་ཀ་ཡང༌། རིགས་བདུན་དུ་བཤད་པ་རིགས་དྲུག་ཏུ་འགྱུར་ལ། སྒྲུབ་པ་པོ་གང་གིས་དེ་ཤེས་པ་ཙམ་གྱིས་དངོས་གྲུབ་གཉིས་མྱུར་དུ་འཐོབ་པ་དེ་བཤད་པར་བྱའོ་ཞེས་སྦྱར་རོ། །དེ་ནས་རིགས་ཀྱི་ཞེས་སོགས་ལ་འགྱུར་མི་འདྲ་བ་མང་ངོ༌། །གཉིས་པ་ལ་གཉིས། རིགས་བདུན་དུ་དབྱེ་བ་དང༌། རིགས་དྲུག་ཏུ་བསྡུ་བའོ། །དང་པོ་ནི། སྔར་བཤད་པ་ལྟར་མཁའ་འགྲོ་མའི་རིགས་ཙམ་དུ་ཤེས་ཀྱང༌། བྱེ་བྲག་གི་རིགས་མི་ཤེས་ན་རང་རིགས་ཀྱི་མཁའ་འགྲོ་མ་དང་འདུ་བ་མི་ཤེས་པས། དེའི་ཕྱིར་དུ་བྱེ་བྲག་གི་རིགས་སྟོན་པ་ལ། མཁའ་འགྲོ་མའི་


JLD008_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་གང་ཞིག་ཁ་དོག་པདྨའི་རྩ་བ་ལྟར་དཀར་ལ། མིག་གི་དབྱིབས་པདྨའི་འདབ་མ་ལྟར་དཀྱུས་རིང་བ། རྟག་ཏུ་གོས་ནི་དཀར་པོ་ལ་དགའ་བ། ཙནྡན་གོར་ཤིརྵ་གསར་པའི་དྲི་དང་ལྡན་པ། བདེར་གཤེགས་ཀུན་གཅིག་ཏུ་འདུས་པ་རྡོ་རྗེ་སེམས་དཔའ་ཉིད་ལ་དགའ་བ་སྟེ་དད་པ་ནི། བདེར་གཤེགས་འདུས་པ་རྡོར་སེམས་དེའི་རིགས་ལས་བྱུང་བར་ཤེས་པར་བྱའོ། །བུད་མེད་གང་ཞིག་གསེར་བཙོ་མའི་ཁ་དོག་དང་འདྲ་ཞིང༌། དམར་བ་དང་སེར་བའི་གོས་ལ་དགའ་ལ། ཛཱ་ཏིའི་ཤིང་གི་སྣ་མའི་མེ་ཏོག་གི་དྲི་དང་ཙམ་པ་ཀའི་དྲི་དང་ལྡན་པ་དེ་ནི། དཔའ་བོའི་རྗེས་འགྲོའམ་རྗེས་ཆགས་རིན་འབྱུང་གི་རིགས་སུ་འགྱུར་རོ། །བུད་མེད་གང་ཞིག་ཁ་དོག་ཨུཏྤལ་སྔོན་པོ་ལྟར་སྔོ་བསངས་དང༌། གོས་ནི་སྔོན་པོ་འཛིན་པ་ལ་དགའ་བ་དང༌། སྔོན་པོར་སྣང་བའི་ཨུཏྤ་ལའི་དྲི་དང་ལྡན་པ་དེ་ནི། དཔའ་བོ་ཧེ་རུ་ཀ་དྲག་པོའི་རྗེས་སུ་འགྲོ་བ་སྟེ་དེའི་རིགས་སོ། །བུད་མེད་གང་ཞིག་གཟུགས་མཛེས་མ་སྟེ། པགས་པ་པདྨ་དཀར་པོའི་འདབ་མ་དང་འདྲ་བར་དཀར་བ། རྟག་ཏུ་པདྨའི་རྩ་བའི་དྲི་བྲོ་བ་དེ་ནི། དཔའ་བོའི་བློ་སྟེ་འོད་དཔག་མེད་ཀྱི་རིགས་སོ། །དེ་བཞིན་ནི་སྔ་མ་ཧེ་རུ་ཀའི་རིགས་སུ་བསྟན་པ་བཞིན་དུ་ཞེས་པའོ། །བུད་མེད་གང་ཞིག་དམར་ལ་དཀར་བའི་དམངས་ཆགས་པས་དམར་ཞིང་དཀར་བ། གཟུགས་བཟང་ལ་གོས་ནི་དམར་པོ་ལ་དགའ་བ་དང༌། མལླི་ཀ་དང་ཨུཏྤ་ལའི་དྲི་དང་ལྡན་པ་དེ་ནི། རྡོ་རྗེའི་རིགས་ལས་བྱུང་བ་མི་བསྐྱོད་པའི་རིགས་ཡིན་ནོ། །གཟུགས་བཟང་ཁ་ནི་


JLD008_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བ་དང༌། ཞེས་འགྱུར་གཞན་ལས་འབྱུང་ངོ༌། །བུད་མེད་གང་ཞིག་ཁ་དོག་སེར་ཞིང་ལྗང་བ་གོས་ནི་དཀར་པོ་འཆང་བར་དགའ་བ། མགོ་ལ་མེ་ཏོག་གི་དྲི་དང་ལྡན་པ་ནི། དེ་བཞིན་གཤེགས་པ་དོན་གྲུབ་ཀྱི་རིགས་ཀྱི་རྗེས་སུ་འགྲོ་བ་སྟེ་དེའི་རིགས་ཡིན་ནོ། །བུད་མེད་གང་ཞིག་ཁ་དོག་དམར་བ་དང༌། དམར་པོ་དེའི་མདོག་གི་གོས་འཆང་བ་ལ་དགའ་ཞིང་རྟག་ཏུ་ག་པུར་གྱི་དྲི་དང་ལྡན་པ་ནི་རྣམ་སྣང་གི་རིགས་ཀྱི་རྗེས་སུ་འགྲོ་བ་སྟེ་དེའི་རིགས་ཡིན་ནོ། །དེ་ལྟར་རྣལ་འབྱོར་མའི་རིགས་རྣམས་ནི་བདུན་པོ་ཧེ་རུ་ཀ་ངས་བཤད་པ་ཡིན་ནོ། །རྡོར་སེམས་ནི་རྒྱུ་རྡོ་རྗེ་འཛིན་པ་དང༌། ཧེ་རུ་ཀ་འབྲས་བུ་རྡོ་རྗེ་འཛིན་པ་ཡིན་ལ། དེ་གཉིས་སོ་སོར་བྱས་ན་རིགས་བདུན་དང༌། བསྡུས་ན་རིགས་དྲུག་ཡིན་ནོ་ཞེས་ནཱ་རོ་པའི་མན་ངག་གིས་འཆད་པའི་ལུགས་ལྟར་བཤད་དོ། །འགྲེལ་པ་གཞན་ལས། རིགས་ལྔ་དང་ཕག་མོ་དང་དྲུག །རྡོ་རྗེ་འཆང་གི་རིགས་དང་རིགས་བདུན་དུ་འཆད་ལ། ལྭ་བ་པས། བྲམ་ཟེ་རྣམ་སྣང་བཤད་པ་སྟེ། རིན་ཆེན་ཙཎྚ་རི་ཞེས་བྱ། གར་མཁན་དཔག་མེད་མགོན་པོ་སྟེ། །ཆོས་མཁན་དོན་ཡོད་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཌོཾ་བི་སྟེ། །དྲུག་པ་རྡོ་རྗེ་སེམས་དཔའ་ཡི། །རྒྱལ་རིགས་སུ་ནི་ཤེས་པར་བྱ། བདུན་པ་ཧེ་རུ་ཀ་ཡི་ནི། །སྣ་ཚོགས་རིགས་བྱུང་དམངས་རིགས་སོ། ཞེས་འཆད་པའི་རིགས་བདུན་ནི་བླ་མ་གོང་མ་དང་མཐུན་ནོ། །འདིར་མཁའ་འགྲོ་མའི་ཕྱག་རྒྱ་རིགས་བདུན་གཙོ་བོ་ཡིན་མོད་ཀྱང༌། མིའི་ཕོ་ཉ་མོ་ཡང་རིགས་བདུན་དུ་བཤད་དེ། དེ་ལྟར་ན་རྣལ་འབྱོར་པ་རང་གི་རིགས་


JLD008_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཕོག་པའི་ལྷའི་རྗེས་སུ་འབྲངས་ལ་ཤེས་པར་བྱས་ཏེ། དེ་ནས་རང་གི་རིགས་ཅན་གྱི་རྣལ་འབྱོར་མ་རྣམས་མཆོད་པར་བྱའོ། །དེ་ལྟར་བཤད་པ་བདུན་ནི་ལག་པ་གཡོན་པས་ཟ་བ་དང༌། རྐང་པ་གཡོན་པ་སྔོན་དུ་སྤོ་བ་སོགས་ཀྱི་གཡོན་པའི་ཀུན་སྤྱོད་ལ་རྟག་ཏུ་དགའ་ལ། བདུན་པོ་འདི་དག་རང་གི་རིགས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང༌། རང་རང་གི་མདོག་གི་རིགས་ཀྱིས་ཁྱབ་པ་སྟེ་དེ་ལས་མི་འདའོ། །གཉིས་པ་ནི། རང་རང་གི་རིགས་ཀྱི་རིག་པའི་ཡི་གེ་ཨོཾ་ལ་སོགས་པ་དང༌། ཨོཾ་ཛི་ན་ཛིཀ་ལ་སོགས་པ་སྨྲ་བས་རིགས་དྲུག་པོ་སོ་སོའི་རྗེས་སུ་འབྲང་བར་འདིར་གྱུར་པ་འདི་ལ་ཁ་དོག་སྟེ་རིགས་དྲུག་ཏུ་འགྱུར་རོ། །ཞེས་མདོར་བསྟན་ཏོ། །ཁ་དོག་གི་སྐད་དོད་ཝརྞ་ནི་རིགས་དང་ཁ་དོག་དང་ཡི་གེ་དང་བརྗོད་པ་ལ་འཇུག་པས། འདིར་རིགས་སུ་བསྒྱུར་ན་ལེགས་སོ། །རྡོར་སེམས་རང་གི་ཕྱག་རྒྱ་སྟེ་ཕྱག་མཚན་འཆིང་བ་སྟེ་འདྲི་བ་དང༌། རྡོར་སེམས་རང་གི་རིགས་ལས་བྱུང་བའི་སྔགས་ཚིག་ཏུ་སྨྲ་བ་ནི་རྡོར་སེམས་ཀྱི་རིགས་ཡིན་ནོ། །བུད་མེད་གང་ཞིག་རྟག་ཏུ་གཡོན་ནས་འགྲོ་ཞིང༌། རྣལ་འབྱོར་པ་ལ་ཡང་རྟག་ཏུ་གཡོན་ལ་སྟེ་གཡོན་ནས་བསྐོར་བ་དང༌། སྐད་ཆེན་པོར་སྨྲ་བ་དང༌། མིག་གཡོན་ནས་བལྟ་བས་རྣམ་པར་བལྟ་བ་དང༌། བུད་མེད་རྣམས་མཐོང་བའི་ཚེ་རབ་ཏུ་སྟེ་མང་པོར་སྨྲ་བ་དེ་ནི། རིན་འབྱུང་གི་རིགས་ཀྱི་ཕོ་ཉ་མོ་དམ་ཚིག་དང་ལྡན་པར་བཤད་དོ། །བུད་མེད་རྣམས་ཀྱིས་གང་གསོལ་བ་བཏབ་པ་དེ་བྱེད་ཅིང༌། རང་གི་རིགས་


JLD008_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ས་བོན་ཧྲི་ལ་སོགས་པ་རབ་ཏུ་སྨྲ་བ་དང༌། པདྨའི་རིགས་ཀྱི་བྱ་བ་ཀུན་སྤྱོད་རྣམས་མི་འདོར་བ་དང༌། རང་གི་རིགས་ཀྱི་བྱ་བ་སྟོན་པའི་བསྟན་བཅོས་ལས་གསུང་པ་རྣམས་སྐྱོང་བ་དང༌། རང་གི་རིགས་ཀྱི་སྙིང་པོ་རིག་པ་ཟློས་པ་དེ་ནི་སྣང་མཐའི་རིགས་ཀྱི་བུད་མེད་དམ་ཚིག་དང་ལྡན་པར་བརྗོད་དོ། །སོར་མོ་དཔྲལ་བར་གང་འཆིང་བའི་ཕྱག་འཚལ་བ་ན། གཡོན་པའི་ལུས་ཀྱིས་རྟག་ཏུ་འདུད་པ་དང༌། ལྷ་མོ་སྟེ་བུད་མེད་རྣམས་དང་ཀུན་ཏུ་སྨྲ་བ་དེ་ནི་ངེས་པར་བདེན་པར་འགྲོ་བ་སྟེ། རང་རྗེས་སུ་འཛིན་པར་ངེས་པ་མི་བསྐྱོད་པའི་རིགས་སོ། །རྐང་པའི་མཐེ་བོང་གཡོན་པས་ས་ལ་ནི་རི་མོ་འདྲི་བར་བྱེད་ཅིང༌། རང་གི་མགོ་ནི་འཕྲུག་པར་བྱེད་པ་དང༌། ཟུར་མིག་གིས་བལྟ་ཞིང་ལག་པ་གཡོན་གྱིས་སྟོན་པ་ནི་དོན་གྲུབ་ཀྱི་རིགས་སོ། །དེ་མཐོང་བ་དེའི་ཚེ་སྒྲུབ་པ་པོས་བུད་མེད་དེའི་རང་གི་རིགས་དྲན་པ་ཁྱད་པར་དུ་བྱའོ། །མཁུར་བའམ་ཀོ་སྐོ་དག་དང་ནི་སྣ་དག་ཏུ་ནི་སོར་མོ་སྟོན་པ་དང༌། ཟུར་གྱིས་བལྟ་ཞིང་རིག་པའི་རྒྱལ་པོའི་སྔགས་ལན་ཅིག་ཟློས་ནས་རིག་པ་སྟེ་རང་རིགས་ཀྱི་སྒྲུབ་པ་པོ་ལ་རྣམ་པར་བལྟ་བ་དང༌། བདེན་པར་འགྲོ་བ་སྟེ་བརྫུན་མི་སྨྲ་བའི་རྣལ་འབྱོར་མ་དེ་ནི། ངེས་པར་རྣམ་སྣང་གི་རིགས་ཀྱི་ཕོ་ཉ་མོ་དམ་ཚིག་ཡིན་ནོ། །རིགས་དྲུག་གི་བཤད་པ་འདི་རྣམས་ཀྱང་ནཱ་རོ་པའི་མན་ངག་གིས་འཆད་པ་ལྟར་བཤད་པའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣལ་འབྱོར་མ་བདུན་དང་རིགས་དྲུག་གི་མཚན་ཉིད་བརྟག་པའི་ཆོ་གའི་ལེའུ་སྟེ་བཅུ་དྲུག་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་


JLD008_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅུ་དྲུག་པའི་བཤད་པའོ།། ༈ །།གཉིས་པ་མཁའ་འགྲོ་མ་བདུན་གྱི་མིང་གི་རྣམ་གྲངས་ལ་བཞི། བཤད་པར་དམ་བཅའ་བ། མཁའ་འགྲོ་མ་བདུན་གྱི་མཚན་ཉིད་བསྟན་པ། མཚན་མའི་ཕྱག་རྒྱ་བསྟན་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། བཅུ་དྲུག་པའི་རྗེས་དེ་ནས་ཡཱ་མི་ནི་སྟེ་གཤིན་རྗེ་མ་དང༌། སྐྲག་བྱེད་མ་དང་ནགས་ཚལ་མའམ་ཤིང་ལྡན་མ་དང༌། འཇིགས་གཟུགས་མ་དང༌། གཟུགས་ཀུན་སྦྱོད་མ་དང༌། མཛེས་མའམ་ཚེ་ཟ་མ་དང༌། བྷ་སུ་ར་ཞེས་པ་འོག་གསལ་མ་སྟེ་མཁའ་འགྲོ་མ་རྣམས་བདུན་གྱི་རང་རང་གི་མཚན་ཉིད་མདོར་བསྡུས་ནས་ལེའུ་འདིར་བཤད་པར་བྱའོ། །བསྡུས་མ་ཞེས་པ་ལ་བྷ་བ་བྷ་དྲས་མདོར་བསྡུས་ནས་བདུན་དུ་བྱས་པ། ཞེས་བཤད་ལ། ལོ་ཆེན་གྱི་འགྱུར་ལས་ཀྱང༌། མཁའ་འགྲོ་མ་ནི་རྣམ་པ་བདུན། མདོར་བསྡུས་མཚན་ཉིད་འདིར་བཤད་བྱ། ཞེས་འབྱུང་ངོ༌། །དཀའ་རྒྱལ་ཟླ་བས་ཀྱང༌། རྒྱུད་འདི་ལ་བདུན་ལས་ལྷག་པ་ནི་མ་གསུངས་ཀྱི། སྡུད་པར་བྱེད་མ་ཞེས་བྱ་བ་གར་བྱེད་མ་ཡང་མ་གསུངས་སོ། །དེའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱི་རིགས་བདུན་ནོ། །ཞེས་བཤད་ཅིང༌། གཞུང་ལས་ཀྱང་ལན་གཉིས་སུ་བདུན་དུ་བཤད་ལ། རྒྱས་བཤད་དུ་ཡང་བརྒྱད་པ་ལ་ཟུར་དུ་བཤད་པ་བྱུང་བས་བདུན་དུ་བྱའོ། །མལ་གྱི་འགྱུར་ལས། བྷ་སུ་ར་དང་རྣམ་པ་བདུན། །སྡུད་པ་མོ་ནི་འདིར་བཤད་བྱ། ཞེས་འབྱུང་བ་ལྟར་བསྡུས་མ་ནི། འདིར་


JLD008_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པ་མོ་ལ་བྱ་ལ། དེ་ཡང་མཁའ་འགྲོ་མ་རྣམས་སྡུད་པར་བྱེད་པའི་བདུན་པོ་ཉིད་ལ་བྱའི། སྡུད་པ་མོ་ཞེས་བརྒྱད་པ་ལ་འཆད་ཅིང༌། དེ་ཡང་རྡོ་རྗེ་ཕག་མོ་ལ་འཆད་པ་དོན་མིན་ཏེ། མངོན་བརྗོད་ཀྱི་འགྱུར་གསུམ་ལས་སྔ་མ་བདུན་གྱི་གཅིག་ལ་ཕག་མོ་བགྲངས་པའི་ཕྱིར་དང༌། རྩ་རྒྱུད་བཞིན་དུ་རིགས་བདུན་དུ་བཤད་པའི་ཕྱིར་རོ། །དེས་ན་ཧེ་རུ་ཀ་མངོན་འབྱུང་ལས། ཨེ་ཧི་ཀ་དང་གར་དབང་ཕྱུག །བརྒྱད་པ་རུ་ནི་བརྗོད་པ་སྟེ། ཞེས་གསུངས་པ་དང་རྩ་རྒྱུད་གཉིས་མི་འདྲ་བས། འདིར་བརྒྱད་དུ་བྱེད་ན་གར་གྱི་དབང་ཕྱུག་མས་ཁ་བསྐང་ངོ༌། །འོ་ན་མཁའ་འགྲོ་མ་དེ་རྣམས་ཇི་ལྟ་བུ་སྙམ་ན། ཆགས་པ་ཆེན་པོའི་རང་བཞིན་ཅན་གྱི་རྣལ་འབྱོར་མ་རྣམས་ནི་ཆགས་བྲལ་གྱི་ཐེག་པ་པ་ལ་སོགས་པས་ཤིན་ཏུ་རྙེད་པར་དཀའ་ལ། དེ་བཞིན་དུ་མཁའ་འགྲོ་མ་རྣམས་ཀྱི་རིགས་ཀྱང་ཤིན་ཏུ་རྙེད་པར་དཀའ་བ་ནི། འདི་རྣམས་ཀྱི་དམ་ཚིག་གི་དཀྱིལ་འཁོར་རོ། །བདུད་རྩི་ལྔ་ཞེས་པ་ནི་ལྔ་བདུད་རྩི་ཞེས་བྱ་ལ། ལྔ་ནི་ལུས་ཀྱི་འབྱུང་བ་ལྔའོ། །དངོས་བདེན་པ་ནི་དེ་ལྔས་ཆོས་རྣམས་བསྡུས་པའོ། །ལྔ་པོ་དེའི་བདུད་རྩི་ནི་དེ་དག་གི་སྙིང་པོ་བདེ་སྟོང་དབྱེར་མེད་ལ་འཆད་དོ། །སྐལ་ལྡན་ལ་སོགས་པ་ནི་བདུད་རྩི་ལྔ་བསྟེན་པ་ལ་གོམས་པས་རྣལ་འབྱོར་མ་དེ་རྣམས་དང་ཕྲད་པ་ཡང་དག་པ་འབྱུང་བས་རྙེད་མི་དཀའ། ཞེས་ཟེར་རོ། །གཉིས་པ་ནི། གཟུགས་ཅན་མ་དང་ཙུམ་བི་ཀ་སྟེ་འོད་བྱེད་མ་དང་ལཱ་མ་དང༌། ཡོངས་གྱུར་མ་དང༌། བྱིས་བཅས་མ་དང༌། མི་ལྡོག་མ་དང༌། ཨེ་ཧི་ཀི་ལྷ་མོ་ཞེས་པ་འདི་བ་མ་སྟེ། མཁའ་འགྲོ་མ་བདུན་དུ་རྒྱུད་རྣམས་ལས་


JLD008_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། ཞེས་པ་ནི་མདོར་བསྟན་པའོ། །དེ་རྣམས་རིམ་པ་བཞིན་ཡཱ་མི་ནི་ལ་སོགས་པ་བདུན་གྱི་མིང་གི་རྣམ་གྲངས་སོ། །བླ་མ་སྔ་མ་རྣམས་སྔ་མ་བདུན་འཇིག་རྟེན་ལས་འདས་པ་དང་། ཕྱི་མ་བདུན་འཇིག་རྟེན་པ་ལ་གྲགས་པའི་མིང་ཡིན་ཟེར་རོ། །མངོན་པར་ཞེན་པ་སྟེ་ཆགས་པས་བལྟ་བ་དང༌། གང་སྨིན་མ་ཡོན་པོར་འདེབས་པར་བྱེད་ཅིང༌། སྔོན་དུ་གཟུགས་ཡིད་དུ་འོང་བ་བསྟན་ནས་དེ་ནས་གཟུགས་དེ་སྡུད་པར་བྱེད་པ་གང༌། ཕྱིས་ནི་གཟུགས་མི་སྡུག་པ་བསྟན་ནས་འཇིགས་པར་བྱེད་པ་དེ་ནི་གཟུགས་ཅན་མར་ཤེས་པར་བྱ་སྟེ། དེ་ལ་ནི་ཡཱ་མི་ནི་ཞེས་ཀྱང་བྱའོ། །དེ་ནི་དཔའ་བོ་བདེ་མཆོག་གི་རྣལ་འབྱོར་པས་གཉིས་སུ་མེད་པ་སྟེ་གཉིས་མཉམ་པར་སྦྱོར་བས་བསྟེན་པར་བྱའོ། །དྲུང་པ་སྟེ་ཉེ་བའི་གཉེན་ནམ་མི་དྲུང་བ་སྟེ་རིང་བ་གཉེན་མ་ཡིན་པའི་བྱིས་པ་ལ་འཁྱུད་ཅིང༌། ཙུམྦ་ན་བྱེད་པ་དེ་ནི་ཙུམྦི་ཀ་ར་ཤེས་པར་བྱ་སྟེ་དེ་ལ་སྐྲག་བྱེད་མ་ཞེས་ཀྱང་ཟེར་རོ། །འགྱུར་ཁ་ཅིག་ལས་སྡུག་པའམ་ཡོང་ན་མི་སྡུག་པ། ཞེས་ཀྱང་འབྱུང་ངོ༌། །མཁའ་འགྲོ་མ་དེ་བསྟེན་ན་སྡིག་པ་སྟེ་སྒྲིབ་པ་འཇོམས་པར་བྱེད་པ་ཡིན་པས་བསྟེན་པར་བྱའོ། །མིག་གི་ཟུར་གྱིས་བལྟ་ཞིང་གདོང་ལ་ཁྲོ་གཉེར་ལྡན་པ་སྟེ་བསྡུས་པ་དང༌། སྨིན་མ་བསྒྱུར་བ་སྟེ་བསྐྱོད་ཅིང༌། སྡིགས་མཛུབ་བྱེད་པ་དང༌། རེས་འགའ་གཞན་དབུགས་འབྱིན་པར་བྱེད་ཅིང་སླར་ཡང་འཇིགས་པར་བྱེད་པར་གང་ཡིན་པ་དང༌། གཞན་ཡང་འདི་ན་སྟེ་རེས་འགའ་དབུགས་མི་འབྱིན་པར་འཇིགས་པར་བྱེད་པ་གང་ཡིན་པ་


JLD008_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ལཱ་མ་ཡིན་པར་བཤད་དེ། དེ་ལ་ནི་ནགས་ཚལ་མ་ཞེས་ཀྱང་ཟེར་རོ། །མི་ལྡོག་མ་ལ་དམིགས་ཀྱིས་བསལ་ནས་མི་བསྟེན་པར་གསུངས་པས་ལཱ་མ་ཡང་བསྟེན་བྱའོ། །ཕག་དང་དྲེད་དང་བྱི་ལ་དང་ཅེ་སྤྱང་དང་རི་དྭགས་དང་རྟ་དག་དང༌། དེ་འདྲའི་རིགས་ཐམས་ཅད་དེར་ནི་སྟེ་བུད་མེད་མཐོང་བ་ན་འཇིགས་པར་བྱེད་པ་དེ་ནི། ཡོངས་སུ་གྱུར་པ་མར་བཤད་དོ། །དེ་ལ་ནི་འཇིགས་གཟུགས་མ་ཞེས་ཀྱང་བྱའོ། །ཤིན་ཏུ་དགའ་བས་རྒོད་པ་དང་དོན་འགའ་ཞིག་ལ་སོང་ནས་སླར་ཡང་མི་ལྡོག་པ་སྟེ་མྱུར་དུ་མི་འོང་བ་དང༌། སྒྲུབ་པ་པོ་ལ་རྗེས་སུ་ཆགས་པས་གསལ་བ་སྟེ་མཐོང་བར་འདོད་པ་དེ་ནི་ཁཎྜ་རོ་ཧིར་བཤད་དོ། ཞེས་སོ། །རྒྱ་དཔེ་ཁ་ཅིག་ལས། གང་དེ་བྱིས་བཅས་མ་རུ་བཤད། ཅེས་གསུང་པ་ལྟར་ལེགས་ལ། དེ་ལ་ནི་ཀུན་སྤྱོད་མའམ་ཀུན་བསྐྱོད་མ་ཞེས་ཀྱང་ཟེར་རོ། །ཡིད་ནི་འབྱུང་བ་སྟེ་མི་དགའ་བས་ལག་པའི་བོང་བའམ་རྐང་པས་སམ་གོས་ཀྱི་ཐ་མའམ། ཡང་ན་ཤིང་དག་གིས་ཀྱང་རུང་སྟེ། བཤད་པ་དེ་དག་གིས་གང་ལ་རེག་པ་ནི་འཚོ་བར་མི་འགྱུར་བ་ནི། མི་ལྡོག་མར་ཤེས་པར་བྱ་སྟེ། དེ་ནི་བསྒྲུབ་པ་སྟེ་བསྟེན་པར་བྱ་བ་མིན་པར་བཤད་དེ། དེ་ལ་ནི་འཛེས་མ་ཞེས་ཀྱང་ཟེར་རོ། །ལས་དང་པོ་ལ་སྒྲུབ་མི་ནུས། ཞེས་པ་ནི་ལོ་ཆེན་དང་མལ་དང་གཉིས་འདུས་ཀྱི་འགྱུར་ལ་མེད་ལ། ཡོད་པ་ལྟར་ན་བསྒྲུབ་བྱ་མིན་པ་དེ་ལས་དང་པོ་པས་སོ། །ཞེས་བཤད་པར་བྱའོ། །རྒོད་ཅིང་སྨྲ་ལ་ངུ་བ་སོགས་ཀྱི་རྒྱུ་མེད་པ་རུ་ངུ་ཞིང་རབ་ཏུ་ཁྲོས་པ་སྟེ། དེ་ནི་ཕྱོགས་འདིར་རིང་དུ་གནས་པས་ན་ཨེ་ཧི་ཀར་


JLD008_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་སྟེ་བཤད་དོ། །ལྷ་མོ་ཨེ་ཧི་ཀ་དེ་ནི་གསོང་པོར་སྨྲ་བ་ཡིན་ལ། སངས་རྒྱས་པ་སྟེ་འདིའི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་རྟག་ཏུ་སྨྲ་བ་སྟེ་དེ་ཉིད་ནི་རྡོ་རྗེའི་རིགས་ལས་བྱུང་བ་ཡིན་ནོ། །དེ་ལ་ནི་བྷ་སུ་ར་ཞེས་ཀྱང་ཟེར་རོ། །མཁའ་འགྲོ་མ་ཡི་རིགས་ཀྱི་ཕྱག་རྒྱ་མོ་དེ་རྣམས་ནི། དཔའ་བོ་སྟེ་སྒྲུབ་པ་པོས་བསྟེན་པའི་ཕྱིར་དུ་མཚོན་པ་སྟེ་ཤེས་པར་བྱའོ། །འདི་རྣམས་སངས་རྒྱས་བདུན་ནམ་དྲུག་གི་རིགས་གང་ཡིན་པ་ནི་བཅུ་དྲུག་པ་ལྟར་ཡིན་ལ། བྱེ་བྲག་ཏུ་ཡཱ་མི་ནི་དང་གཟུགས་ཅན་མ་སོགས་ཀྱི་རིགས་གང་ཡིན་པ་ནི། ལེའུ་འདིར་བཤད་པ་བཞིན་ཤེས་པར་བྱའོ། །འདི་རྣམས་དཀྱིལ་འཁོར་ལ་དགོད་པ་དང༌། སྐུ་མདོག་དང་ཕྱག་མཚན་སོགས་དང༌། མིའི་བུ་མོ་ལ་སྦྱར་བ་རྣམས་ཤེས་པར་འདོད་ན། ལྭ་བ་པའི་དཀའ་འགྲེལ་ལས་ཤེས་པར་བྱ་ཞིང༌། འདི་དག་གིས་རྣལ་འབྱོར་མ་གང་བསྡུས་པ་ནི་འགྲེལ་པ་གཞན་རྣམས་ལས་ཤེས་པར་བྱའོ། །གསུམ་པ་ནི། ཐོད་པ་དང་དགྲ་སྟྭ་དང་ཕག་གི་མཆེ་བ་དང༌། འཁོར་ལོ་དང་ཆུ་སྲིན་གྱི་རྒྱལ་མཚན་དང༌། རལ་གྲི་དང་སྐྲག་བྱེད་དེ་གྲི་གུག་གམ་རྡོ་རྗེ་དང༌། དུང་དང་བརྒྱད་ནི་རིམ་པ་བཞིན་དུ་གཟུགས་ཅན་མ་ལ་སོགས་པའི་གཡས་ཀྱི་ཕྱག་དང་པོའི་ཕྱག་མཚན་ཡིན་ལ། གཡོན་གྱི་ནི་ཁ་ཊྭཱཾ་ག་དང་བཅས་པའི་ཐོད་པ་ནས་ཁུ་ཁྲག་གསོལ་བའོ། །ཞེས་བཤད་དོ། །དུང་ནི་འདིར་ཁ་བསྐང་བའི་གར་དབང་མའི་ཕྱག་མཚན་ནོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུད་པའི་རྒྱུད་ལས། སྔར་བཤད་


JLD008_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདུན་པོ་འདིས་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་ཐམས་ཅད་ཀྱི་གཟུགས་ཡོངས་སུ་བརྗེ་བ་ནི་དེ་རྣམས་ཀྱི་གཟུགས་སུ་བསྒྱུར་བ་དང༌། ཕྱག་མཚན་དང་ཕྱག་རྒྱ་ནི་ཐོད་པ་ལ་སོགས་པ་རྣམས་གཉིས་ཀ་ཡིན་པ་ལ་དགོངས་སོ། །དེ་རྣམས་བསྟན་པའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅུ་བདུན་པའི་བཤད་པའོ།། ༈ །།གསུམ་པ་མཁའ་འགྲོ་མའི་རིགས་ཀྱི་དབྱེ་བ་ལ་བཞི། བཤད་པར་དམ་བཅའ་བ། རྣལ་འབྱོར་མ་སོ་སོའི་མཚན་ཉིད། དེ་རྣམས་ཀྱི་དོན་བསྡུ་བ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་བཅུ་བདུན་པའི་རྗེས་དེ་ནས་སྔ་མའི་མཚན་ཉིད་ལས་མཚན་ཉིད་གཞན་ཡང་བཤད་པར་བྱའོ། །དགོས་པ་ཅིའི་དོན་ཡིན་ཞེ་ན། མཁའ་འགྲོ་མཆོག་གི་གོ་འཕང་གི་གནས་སམ་རྒྱུར་གྱུར་པ་ནི། སྒྲུབ་པ་པོ་གང་གིས་ཡང་དག་པར་ཤེས་པ་ཡིས། མཁའ་འགྲོ་མ་རྣམས་རྣལ་འབྱོར་བའི་རྗེས་སུ་འཇུག་པའི་དམ་ཚིག་ལ་གནས་པའི་ཕྱིར་དུའོ། །གཉིས་པ་ལ་དྲུག །པདྨ་གར་དབང་གི་རིགས་ཀྱི་དང༌། ཧེ་རུ་ཀའི་རིགས་ཀྱི་དང༌། རྡོ་རྗེ་ཕག་མོའི་རིགས་ཀྱི་དང༌། ཁཎྜ་རོ་ཧིའི་རིགས་ཀྱི་དང༌། ཧེ་རུ་ཀའི་རིགས་ཀྱི་དང༌། རྣམ་པར་འདྲེན་མའི་རིགས་ཀྱི་མཁའ་འགྲོ་མའོ། །དང་པོ་ནི། བུད་མེད་གང་ཞིག་དམར་ཞིང་སེར་བ་སྟེ་དམར་སེར་དང༌། པདྨའི་དྲི་ནི་རྣམ་པར་གཏོང་བ་སྟེ་རྣམ་པར་འཕྲོ་བ་དང༌། རང་བཞིན་ཞི་བའི་ལྟ་སྟངས་དང༌། སྒྲུབ་པ་པོ་ལ་ཞེན་པར་ཏེ་ཆགས་ནས་ལྟ་བའི་རྗེས་སུ་འགྲོ་བ་སྟེ་འབྲང་བ་དང༌།


JLD008_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་གང་ཞིག་སེན་མོ་དང་མིག་དམར་བ་དང༌། དེ་བཞིན་དུ་སྐྱེ་བོ་ཀུན་ལ་བརྩེ་བ་དང་ཁྱིམ་དུ་པདྨ་འདྲི་ཞིང་དེ་ལ་མཆོད་པ་ནི་པདྨ་གར་དབང་སྟེ་འོད་དཔག་མེད་ཀྱི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །གཉིས་པ་ནི། བུད་མེད་གང་ལ་སྨིན་མའི་དབུས་ན་མདུང་རྩེ་གསུམ་པའི་མཚན་མ་སྣང་བ་དང༌། ལུས་ནི་སྔོ་བསངས་ལ་ཅུང་ཟད་སྐྱ་བ་སྟེ། ལུས་ནི་སྔོ་བསངས་ཅུང་ཟད་སྐྱ། ཞེས་འབྱུང་ངོ༌། །རྟག་ཏུ་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་སྒོམ་པ་གང་གི་སྟེང་རང་གི་ཁྱིམ་དུ་རྡོ་རྗེ་འདྲི་ཞིང༌། དེ་ལ་རྟག་པར་མཆོད་པར་བྱེད་པའི་མཁའ་འགྲོ་མ་དེ་ནི་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །བུད་མེད་གང་གི་དཔྲལ་བར་རྩེ་གསུམ་ནི་སྣང་ཞིང༌། དེར་མ་ཟད་མདུང་ཐུང་དག་ཀྱང་སྣང་བར་གྱུར་ཅིང༌། མིག་དམར་ཞིང་ལུས་ཀྱི་མདོག་ནི་དམར་སེར་དང༌། དམར་སེར་དང་ཞེས་འབྱུང་ངོ༌། །དེ་བཞིན་དུ་རྐང་པ་དང་ལག་པ་དམར་བ་དང༌། ར་སྐྱེས་དང་ཁྱིམ་བྱ་དག་ལ་ཡང་རྟག་ཏུ་ཡིད་ནི་དགའ་བར་འགྱུར་ཅིང༌། བུད་མེད་དེའི་ཁྱིམ་དུ་རྡོ་རྗེའི་མཚན་མ་བྲིས་ནས་གང་ཞིག་རྟག་ཏུ་མཆོད་པ་བྱེད་པ་དེ་ནི་ཤྲཱི་ཧེ་རུ་ཀའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་པར་གདོན་མི་ཟའོ། །གསུམ་པ་ནི། བུད་མེད་གང་གི་དཔྲལ་བའམ་ལག་པར་ཡང་ནི་འཁོར་ལོའི་མཚན་མ་སྣང་བར་གྱུར་པ། སྤྲིན་སྔོན་དག་དང་འདྲ་བའི་ཁ་དོག་ཅན། རྟག་ཏུ་དཔྲལ་བར་དར་ཐོད་འཆང་བ། འབྱོར་པའི་སྐལ་པ་ཆེན་པོ་ཕུན་སུམ་ཚོགས་ཞིང་མཆོག་ཏུ་བདེ་བ་དང་ལྡན་པ་གང་ཡིན་པ་དང༌།


JLD008_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཁྱིམ་དུ་འཁོར་ལོ་འདྲི་བར་བྱེད་ཅིང༌། དེ་ལ་རྟག་ཏུ་མཆོད་པ་བྱེད་པ་དེ་ནི་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བའི་མཁའ་འགྲོ་མའི་སྟོབས་ཀྱིས་དྲེགས་པ་སྟེ་ང་རྒྱལ་བའོ། །གཡོན་པ་སྟེ་བུད་མེད་གང་ཞིག་ལུས་ཀྱི་མདོག་མིག་སྨན་ནག་པོ་དང་འདྲ་ཞིང༌། སོ་ནི་དཀར་ཞིང་མཐོ་བ་སྟེ་རིང་བ་དང༌། རྟག་ཏུ་མ་རུངས་པ་དང་སྙིང་སྟོབས་ཆེན་པོ་དང་ལྡན་པར་གྱུར་པ་དང༌། རྟག་ཏུ་ཁྲུས་བྱེད་པ་ལ་དགའ་བ་དང༌། ཁྱིམ་དུ་རྡོ་རྗེའི་མཚན་མ་འདྲི་བ་དང༌། བྲིས་པ་ལ་རྟག་ཏུ་བསམ་པ་དགེ་ཞིང་དག་པས་མཆོད་པ་བྱེད་པ་དེ་ནི། རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བ་མཁའ་འགྲོ་མ་སྟོང་ཕྲག་བཅུའི་འཁོར་དང་ལྡན་པ་ཡིན་ནོ། །སྟོང་ཕྲག་བཅོ་ལྔ་ཞེས་གཞན་ལས་འབྱུང་ངོ༌། །བཞི་པ་ནི། བུད་མེད་གང་ཞིག་གསེར་གྱི་མདོག་དང་འདྲ་བར་སེར་བོར་སྣང་བ། མིག་མི་གཡོ་བ་སྟེ་མི་འཛུམས་ཤིང༌། ཁ་སྤུ་སེར་བ་དང་གང་གི་དཔྲལ་བའམ་ལག་པར་ཡང་ནི་རྡོ་རྗེའི་མཚན་མ་སྣང་བར་འགྱུར་བ། རྟག་ཏུ་རྒྱལ་སྲིད་དང་འདྲ་བའི་འབྱོར་བ་ལ་གནས་པ་དང༌། ང་རྒྱལ་གྱིས་བསྙེམས་ཞིང་ཚིག་བདེན་པར་སྨྲ་བ་དང༌། ལུས་ལས་མ་ལླི་ཀའི་དྲི་འབྱུང་ཞིང་གང་གི་སྟེ་རང་གི་ཁྱིམ་དུ་རྟག་ཏུ་རྡོ་རྗེའི་མཚན་མ་འདྲི་ཞིང༌། དེ་ལ་མཆོད་པ་ཆེར་བྱེད་པ་དེ་ནི། ཁཎྜ་རོ་ཧི་དུམ་སྐྱེས་མའི་རིགས་ལས་བྱུང་བའི་རྣལ་འབྱོར་མ་ཡི་དབང་ཕྱུག་མཆོག་གོ། དེ་ལྟར་ཧེ་རུ་ཀའི་རིགས་གཉིས་དང༌། ཕག་མོའི་རིགས་གཉིས་པ་དང༌། དུམ་སྐྱེས་མའི་རིགས་ཏེ་བཞི་ལ་རྡོ་རྗེ་བྲིས་པ་ལ་མཆོད་པར་འདྲ་ཡང་ལུས་ཀྱི་ཁ་དོག་མི་འདྲ་ལ། ཁྱད་པར་གཞན་ཡང་ཡོད་དོ། །ལྔ་པ་


JLD008_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བུད་མེད་གང་ཞིག་རྟག་པར་ཤ་ལ་དགའ་བ་དང༌། ལུས་སྐེམ་ཞིང་ཁ་དོག་མིག་སྨན་ནག་པོའི་མདོག་ཅན་དང༌། དཔྲལ་བར་མདུང་རྩེ་ལྟ་བུའི་རི་མོ་ཡོད་པ་དང༌། བུད་མེད་གང་ཞིག་གདུག་པའི་ལས་ལ་དགའ་བ་དང༌། རྟག་ཏུ་དུར་ཁྲོད་དུ་འགྲོ་བ་དང༌། གང་ལ་ཡང་འཇིགས་པ་མེད་ཅིང་བཙོག་མེད་དེ་གཙང་སྒྲ་མེད་པ་དང༌། བུད་མེད་གང་གི་དཔྲལ་བར་ཐིག་ལེ་ལྟ་བུའི་རི་མོ་ཡོད་པ་དང་། རང་གི་ཁྱིམ་དུ་ཐོད་པ་འདྲི་ཞིང་དེ་ལ་མཆོད་པ་དེ་ནི་དཔལ་ལྡན་ཧེ་རུ་ཀའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །དྲུག་པ་ནི། བུད་མེད་གང་ཞིག་སྤྲིན་སྔོན་པོའི་མདོག་དང་འདྲ་ལ། སོ་ནི་མི་མཉམ་པ་རིང་ཐུང་དུ་གནས་ཤིང༌། རྟག་ཏུ་གདུག་པ་སྟེ་དྲག་པོའི་ལས་ལ་དགའ་བ་གཡོན་གྱི་མཆེ་བ་གཙིགས་པ་དག །དེའི་སྟེང་རང་གི་ཁྱིམ་དུ་དགྲ་སྟ་འདྲི་ཞིང༌། དེ་ལ་རྟག་ཏུ་མཆོད་པ་བྱེད་པ་དེ་ནི་འཁོར་ལོའི་རྣམ་པར་འདྲེན་པ་སྟེ་གཙོ་བོ་བདེ་མཆོག་གི་རིགས་ལས་བྱུང་བའི་མཁའ་འགྲོ་མར་ནི་ཐེ་ཚོམ་མེད་དོ། །ཁ་ཅིག་རྣམ་འདྲེན་བགེགས་མཐར་བྱེད་ལ་འཆད་དོ། །དེ་ལྟར་རིགས་བརྒྱད་ལས་དང་པོ་ནི་གསལ་ལོ། །གཉིས་པ་ནི་ཧེ་རུ་ཀའི་རིགས། གསུམ་པ་ནི་རིན་པོ་ཆེའི་རིགས། བཞི་པ་ནི་རྣམ་སྣང་གི་རིགས། ལྔ་པ་ནི་མི་བསྐྱོད་པའི་རིགས། དྲུག་པ་ནི་རྡོར་སེམས་ཀྱི་རིགས། བདུན་པ་ཧེ་རུ་ཀའི་རིགས་ཏེ། དེ་ལན་གཉིས་བསྟན་ཏོ། །བརྒྱད་པ་ནི་དོན་གྲུབ་ཀྱི་རིགས་དེ་དག་ཀྱང་སྙིང་པོའི་རྣལ་འབྱོར་མ་བཞིའི་ནང་གི་མཁའ་འགྲོ་མའི་རིགས་ཡིན་ཞེས་མཁས་པ་མར་དོ་


JLD008_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངོ༌། །འདི་རྣམས་ཀྱང་བྱེ་བྲག་གི་རིགས་ཤེས་པར་བྱེད་པའི་ཐབས་ཡིན་ལ། ཤེས་པར་བྱེད་ཚུལ་སྔ་མ་རྣམས་དང་མི་འདྲ་བས་མི་ཟློས་སོ། །གསུམ་པ་ནི། སྔར་བཤད་པའི་མཁའ་འགྲོ་མའི་ཚོགས་འདི་དག་ཀྱང༌། ཤྲཱི་ཧེ་རུ་ཀའི་རིགས་ལས་བྱུང་བ་ལ་མི་འདྲ་བའི་ཁྱད་པར་བཤད་པ་སྟེ། བདེ་མཆོག་གི་སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར་དུ་སྣོད་མིན་ལ་ཤིན་ཏུ་གསང་བའི་མཚན་ཉིད་སྤྲུལ་པ་སྟེ་བཤད་པ་ཡིན་ནོ། །སྤྲུལ་པ་མེད་པར་བཤད་ཅེས་ཀྱང་གཞན་ལས་འབྱུང་ངོ༌། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣལ་འབྱོར་མ་བརྒྱད་པོ་ཐམས་ཅད་ཀྱི་ཁ་དོག་གི་མཚན་ཉིད་མཚན་མ་བྲིས་པ་མཆོད་པ་ལ་བརྟེན་ནས་རིགས་སོ་སོར་ངེས་པར་བྱེད་པའི་ཆོ་གའི་ལེའུ་སྟེ་བཅོ་བརྒྱད་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅོ་བརྒྱད་པའི་བཤད་པའོ།། །། ༈ གཉིས་པ་ལཱའི་མའི་རིགས་ཀྱི་དབྱེ་བ་ལ་གསུམ། བཤད་པར་དམ་བཅའ་བ། ལཱ་མའི་རིགས་སོ་སོའི་མཚན་ཉིད་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་བཅོ་བརྒྱད་པའི་རྗེས་དེ་ནས་སྒྲུབ་པ་པོ་ཡིས་ལཱ་མའི་ཁྱད་པར་གྱི་མཚན་ཉིད་བཞིན་དང་། མིག་ལ་སོགས་པའི་ཡན་ལག་གི་ཚོགས་ཏེ་ཆ་ཤས་རྣམས་ཤེས་པར་བྱ་བ་ཡང་དག་པ་སྟེ་གསལ་བར་བཤད་པར་བྱའོ་ཞེས་སྦྱར་རོ། །གཉིས་པ་ལ་ལྔ༌། འོད་དཔག་མེད་ཀྱི་རིགས་ཀྱི་དང༌། རིན་འབྱུང་གི་རིགས་ཀྱི་དང༌། མི་བསྐྱོད་


JLD008_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས་ཀྱི་དང༌། རྣམ་སྣང་གི་རིགས་ཀྱི་དང༌། དོན་གྲུབ་ཀྱི་རིགས་ཀྱི་ལཱ་མའི་མཚན་ཉིད་དོ། །དང་པོ་ནི། བུད་མེད་གང་གི་བྱད་བཞིན་ནི་ཡོངས་སུ་རྒྱས་པར་དང༌། ཀུན་ནས་ཟླུམ་པར་སྣང་ཞིང་ཁའི་སྨྲ་ར་རྟག་པར་ཡོད་པ་དང༌། བ་སྤུ་དང་སྨིན་མ་རིང་བ་དང༌། གོས་བཟང་པོ་ལ་དགའ་ལ་གཙང་སྦྲ་ཆེ་ཞིང་སྤྱོད་ལམ་ཞི་བ་དང༌། མི་གཡོ་བ་སྟེ་སེམས་བརྟན་པ་དང༌། ཚིག་བདེན་པར་སྨྲ་བ་དང་རྟག་ཏུ་དམ་པའི་ཆོས་ལ་དགའ་བ་དེ་ནི་དཔའ་བོ་སྟེ་སྒྲུབ་པ་པོའི་སྲིང་མོར་སངས་རྒྱས་ཀྱིས་བཤད་དོ། །དེ་མཐོང་ནས་ལག་པ་གཉིས་པདྨར་བསྐོར་བའི་ཕྱག་རྒྱ་སྦྱིན་པ་སྟེ་བསྟན་པར་བྱའོ། །ཡང་ན་རུས་སྦལ་གྱི་ཕྱག་རྒྱ་ལག་པ་གཉིས་ཐལ་མོ་སྦྱར་བ་བསྟན་པར་བྱའོ། །པགས་པའི་ཕྱག་རྒྱ་ནི་ཀྲིཥྞ་ས་རིའི་པགས་པ་འཛིན་པའི་ཚུལ་དུ་བྱེད་པའོ། །སྤྱི་བླུགས་ནི་ཐོད་པ་སྟེ་དེ་འཛིན་པའི་ཚུལ་བྱེད་པ་ནི་ཕྱག་རྒྱའི་ལན་དུ་བརྗོད་པ་ཡིན་ནོ། །བུད་མེད་དེ་ནི་ཡར་མར་གྱི་ཚེས་བཅུའི་དུས་ཚིགས་ལ། རང་གི་ཁྱིམ་དུ་པདྨ་འདྲི་བར་འགྱུར་བ་ནི། །འོད་དཔག་མེད་ཀྱི་རིགས་ཀྱི་ལཱ་མའི་རིགས་ཀྱི་བུད་མེད་ཀྱི་མཚན་ཉིད་དུ་གྱུར་པ་འདི་དག་ཡིན་ནོ། །གཉིས་པ་ནི། མཆུ་གཉིས་རློ་བ་སྟེ་འཕྱང་ཞིང་མིག་གཉིས་ཀྱི་དཀྱུས་རིང་ལ། མིག་དམར་ཞིང་སེར་སྐྱར་གནས་པ། ལོངས་སྤྱོད་ཀྱིས་ཕྱུག་ཅིང་སྐལ་པ་བཟང་བའི་དཔལ་གྱིས་ཡོན་ཏན་ཁ་དོག་སེར་ཞིང་ཙམ་པ་ཀ་ལྟ་བུར་སྣང་བ། བོང་ཚོད་ཤིན་ཏུ་རིང་བ་མིན་ཞིང་ཐུང་བའང་མིན་པར་འཚམ་པ། ཁ་དོག་སྣ་ཚོགས་པའི་


JLD008_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ལ་དགའ་བ། དཔྲལ་བར་རི་མོ་གསུམ་ཡོད་པ། སྐྲའི་མཚམས་སུ་གྱེན་དུ་བརྟེན་པ་སྟེ་གནས་པ་ལས་རྒོད་ཅིང་དགའ་བ་ཉིད་དག་དང༌། ལམ་ནི་རྣམ་པར་གནོན་ཅིང་གནས་པ་ཕན་ཚུན་གྱི་དཔུང་འཁྲུགས་པས་གཡུལ་དུ་འཆི་བ་རྣམས་ཀྱི་གཏམ་ལ་རྟག་ཏུ་དགའ་བ། དེ་ལྟ་བུའི་རབ་དྲེགས་མ་སྟེ་ང་རྒྱལ་བྱེད་མ་མཐོང་ནས་ནི། མཐེ་བོས་མཐེའུ་ཆུང་གི་ཚིགས་བར་པ་མནན་ནས་ལྷག་མ་རྣམས་གྱེན་དུ་བསྒྲེང་བའི་མདུང་རྩེ་གསུམ་པའི་ཕྱག་རྒྱ་བསྟན་པར་བྱའོ། རྐང་པ་གཡས་པ་བརྐྱང་ལ་རྐང་པ་གཡོན་པ་བསྐུམས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་ཉིད་ཀྱང་ནི་བསྟན་པར་བྱའོ། །འདི་དང་གོང་མ་གཉིས་གདམ་ང་ཅན་དུ་མངོན་ནོ། །ཁ་ཕྱིར་བལྟས་ཏེ་གཡོན་པའི་ཕྱོགས་ནས་ཡོངས་སུ་བཟློག་སྟེ་བསྐོར་བ་ནི། རྣལ་འབྱོར་མའི་ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དོ། །མར་ངོའི་བཅུ་བཞི་དང་ཚེས་བརྒྱད་ནི། རྣལ་འབྱོར་མ་དེའི་སྒྲུབ་པ་པོ་དང་འདུ་བའི་དུས་ཚིགས་ཡིན་པར་བཤད་ལ། རི་མི་འདྲི་བའི་དུས་ཀྱང་ངོ༌། །རང་གི་ཁྱིམ་དུ་མདུད་རྩེ་གསུམ་པ་ཡང་བྲིས་ནས་རྟག་ཏུ་མཆོད་པ་དེ་ནི། འཇིག་རྟེན་གྱི་དབང་ཕྱུག་གམ་དབང་པོ་རིན་འབྱུང་གི་རིགས་ཀྱི་ལཱ་མའི་མཚན་ཉིད་དུ་གྱུར་པ་ནི་སྔར་བཤད་པ་འདི་དག་ཡིན་ནོ། །གསུམ་པ་ནི། བུད་མེད་གང་གི་མཁུར་ཚོས་དག་ཏུ་ནི་ཁུང་བུར་སྣང་བའང་གནས་པར་གྱུར་ཅིང༌། དེ་བཞིན་དུ་ལུས་ཀྱི་ཁ་དོག་རྟག་ཏུ་དམར་ཞིང་ཅུང་ཟད་སེར་བ་དང་མིག་ནི་ལྗང་སེར་དུ་སྣང་བ་དང༌། དེ་བཞིན་དུ་སྐྲ་ནི་འཁྱིལ་ཞིང་ལི་བ་དང༌། མགོ་དང་དཔྲལ་བར་དར་འཕྱངས་བཅིངས་པར་སྣང་བ་དང༌། དཔྲལ་བར་རི་མོ་


JLD008_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་གནས་པ་དང༌། དེ་བཞིན་དུ་མགྲིན་པ་རིང་བ་དང༌། རྟག་ཏུ་གོས་དམར་པོ་ལ་དགའ་ཞིང་རྒོད་ཅིང་གླུ་ལེན་པ་དང༌། གློ་བུར་དུ་ནི་ཁྲོ་བ་དང་སེམས་ནི་རྣམ་པར་ཏེ་ཁྱད་པར་དུ་གཡོ་བ་དང༌། རྩོད་པ་ལ་དགའ་བ་སྟེ་འདི་འདྲའི་རབ་དྲེགས་མ་མི་བསྐྱོད་པའི་རིགས་ཀྱི་ཕྱག་རྒྱ་མ་མཐོང་ནས་ནི། མཐེ་བོས་སོར་མོ་གཞན་ཐམས་ཅད་མནན་ནས་སྡིག་མཛུབ་ཏུ་བྱས་པའི་འཕང་མདུང་གི་ཕྱག་རྒྱ་སྦྱིན་པར་བྱ་ལ། ཕྱག་རྒྱ་གཉིས་པ་ནི་འབད་པ་ཡིས་དྲིལ་བུ་འཁྲོལ་བ་ལྟར་བྱེད་པའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ་གདམ་ང་ཅན་ནོ། །ལུས་གཡོན་གྱི་ཕྱོགས་སུ་ལྡོག་པ་སྟེ་བསྐོར་བ་ནི་ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དོ། །བཞི་པ་ནི། བུད་མེད་གང་ཞིག་ལུས་བོང་ཐུང་ཞིང་བྱིན་པ་སྦོམ་ལ་རྟག་ཏུ་གོས་སེར་པོ་དགའ་ཞིང་ཕྲག་པ་དག་ནས་གོས་འཕྱང་བ། དེ་འདྲའི་བུད་མེད་མཐོང་ནས་ནི་མཐེ་བོང་དང་མཛུབ་མོ་རྩེ་སྤྲད་ལ། སོར་མོ་གཞན་པར་ཕྱེ་སྟེ་བརྐྱང་བ་འཁོར་ལོའི་ཕྱག་རྒྱ་བསྟན་པར་བྱ་ཞིང༌། འབད་པ་ཡིས་ནི་ཕྱག་རྒྱ་གཉིས་པ་མཛུབ་མོ་བརྐྱང་ལ་སོར་མོ་གཞན་ཅུང་ཟད་ནང་དུ་བསྐུམས་ཏེ། ཁ་གྱེན་དུ་ཕྱོགས་པའི་དུང་གི་ཕྱག་རྒྱ་བསྟན་པར་བྱ་ཞིང༌། ལུས་གཡོན་གྱི་ཕྱོགས་ནས་ཡོངས་སུ་བཟློག་པ་ནི་ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དོ། །མར་ངོའི་བཅུ་བཞི་ནི་དེའི་འདུ་བའི་དུས་ཡིན་ཏེ། དེའི་རང་གི་ཁྱིམ་དུ་རྡོ་རྗེའི་མཚན་མ་འདྲི་བ་ནི། ཤྲཱི་ཧེ་རུ་ཀ་སྟེ་མི་བསྐྱོད་པའི་རིགས་ཀྱི་ལཱ་མའི་མཚན་ཉིད་དུ་གྱུར་པ་འདི་དག་ཡིན་ནོ། །ལྔ་པ་ནི། བུད་མེད་གང་ཞིག་ལུས་ཀུན་ལ་བ་སྤུ་མང་པོ་ཡོད་པ།


JLD008_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ནག་ཅིང་སེར་བ་དང་ལུས་སྦོམ་ཞིང་རྣམ་འགྱུར་མི་བཟད་པ་སྟེ་འཇིགས་སུ་རུང་བ་དང༌། བཞིན་འཕེལ་ཀ་ཆེ་ཞིང་ཁ་ཆེ་ལ་གསུས་པ་རློ་བ་སྟེ་འཕྱང་ཞིང་ཁ་དོག་ནག་པ། མིག་ཟླུམ་ཞིང་སྣ་ནི་ཉམས་པ་སྟེ་ཞོམ་པ་ལྟ་བུ་དང༌། རྟག་ཏུ་གླུ་ལ་མཁས་པ་ཆར་སྤྲིན་གྱི་མདོག་ཅན། ཡིད་འཕྲོག་པ་སྟེ་ཡིད་དུ་འོང་བ་འདི་འདྲའི་རབ་དྲེགས་མ་དོན་གྲུབ་ཀྱི་རིགས་ཀྱི་ཕྱག་རྒྱ་མ་མཐོང་ནས་ནི། ལག་པ་གཡོན་པ་བཀན་ཏེ་དེའི་སྟེང་དུ་གཡས་པའི་གྲུབ་མོ་བཞག་ལ། མཐེ་བོང་དང་མཛུབ་མོ་དག་བསྒྲེངས་ཏེ་སོར་མོ་གཞན་གསུམ་བསྐུམས་པ་གཡས་པས་བཟུང་པའི་ཀླུའི་ཕྱག་རྒྱ་བསྟན་པར་བྱ་སྟེ། འབད་པ་ཡིས་ཕྱག་རྒྱ་གཉིས་པ་འཕང་མདུང་གི་ཕྱག་རྒྱ་ཡང་ནི་བསྟན་པར་བྱ་ཞིང༌། ལུས་གཡོན་གྱི་ཕྱོགས་ནས་ཡོངས་སུ་བཟློག་པ་ནི་ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དོ། །ཚེས་བཅུ་གཅིག་ནི་དེའི་འདུ་བའི་དུས་ཏེ། དེ་ལ་ཁྱིམ་དུ་མཆེ་བའི་རི་མོ་འདྲི་བར་བྱེད་དེ་དེ་ནི་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བའི་ལཱ་མའི་མཚན་ཉིད་དུ་གྱུར་པ་འདི་དག་ཡིན་ནོ། །ལཱ་མ་ལྔ་རིགས་ལྔར་འཇོག་ཚུལ་རྩ་རྒྱུད་དང་མངོན་བརྗོད་དང༌། ཁ་སྦྱོར་རྣམས་ལས་མི་གསལ་ཡང༌། འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པ་ལྟར་བཀོད་དོ། །འདི་རྣམས་ཀྱང་མཁའ་འགྲོ་མའི་རིགས་བྱེ་བྲག་ཏུ་ཤེས་པར་བྱེད་པ་ཡིན་ཀྱང༌། རིགས་བྱེ་བྲག་པ་དང་ཤེས་པར་བྱེད་ཚུལ་ནི་སྔར་བཤད་པ་རྣམས་དང་མི་འདྲའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ལྭ་མའི་རིགས་ཀྱི་རྣལ་འབྱོར་མ་ལྔ་པོ་ཐམས་ཅད་ཀྱི་ཕྱག་རྒྱ་སྟོན་པ་དང༌།


JLD008_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་ལན་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཅུ་དགུ་པའི་བཤད་པའོ།། ༈ །།གསུམ་པ་མཁའ་འགྲོ་མའི་རིགས་སྤྱིར་ཤེས་པར་བྱེད་པའི་ལུས་ཀྱི་བརྡ་ལ་གསུམ། ལག་པའི་ཕྱག་རྒྱའི་བརྡ། ཡན་ལག་གི་མཚན་ཉིད་ཀྱི་བརྡ། ཁྱད་པར་གྱི་ཕྱག་རྒྱའི་མཚན་ཉིད་དོ། །དང་པོ་ལ་བཞི། བཤད་པར་དམ་བཅའ་བ། བརྡ་བསྟན་པ་དངོས། བརྡ་བསྟན་ནས་ཇི་ལྟར་བྱ་བ། ལེའུ་ཡི་མཚན་ནོ། །དང་པོ་ནི། བཅུ་དགུ་པའི་རྗེས་དེ་ནས་ལཱ་མའི་མཚན་ཉིད་བཤད་པ་ལས་གཞན་ཡང་ལག་པ་གཡོན་གྱིས་སྟོན་པའི་བརྡ་རྣམས་བཤད་པར་བྱའོ། །དགོས་པ་གང་གི་དོན་དུ་སྟོན་ཞེ་ན། བརྡ་བསྟན་པ་ཡང་དག་པར་ཤེས་པར་འགྱུར་བ་གང་གིས་མིང་པོ་དང་སྲིང་མོ་བཞིན་དུ་ཤིན་ཏུ་གདུང་བའི་དབང་དུ་གྱུར་ནས། གང་བསྒོ་བ་ཐམས་ཅད་བྱེད་པའི་ཆེད་དུའོ། །མངོན་བརྗོད་ལས། རྣལ་འབྱོར་མ་ཡིས་ལག་གཡོན་གྱིས། །བརྡ་རྣམས་ལ་ནི་འཇུག་པར་བྱ། ། ཞེས་གསུངས་པ་བཞིན་དུ་བྷ་ཧ་བྷ་དྲས་ཀྱང༌། རྣལ་འབྱོར་མས་བརྡ་བསྟན་པ་ལ་རྣལ་འབྱོར་པས་བརྡའི་ལན་བྱེད་པར་བཤད་དོ། །གཉིས་པ་ནི། མཁའ་འགྲོ་མ་གང་ཞིག་ལག་པ་གཡོན་པ་སྟོན་པ་ནི། གསོང་པོར་ཏེ་ཕྱག་འཚལ་ལོ་ཞེས་སྨྲ་བ་སྟོན་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། གང་ཞིག་ལག་གཡོན་སྟོན་བྱེད་པ། །ཕྱག་ནི་འཚལ་བར་བྱེད་པ་ཡིན། །ཞེས་


JLD008_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །རྣལ་འབྱོར་པ་གང་ཞིག་ལག་པ་གཡོན་པའི་སྲིན་ལག་སྟོན་པ་ནི། གསོང་པོར་སྨྲ་བའི་ལན་དུ་གྱུར་པ་ཡིན་ནོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། གང་ཞིག་སྲིན་ལག་སྟོན་བྱེད་པ། །ཕྱག་འཚལ་བ་ཡི་ལན་གྱུར་ཡིན། ཞེས་གསུངས་སོ། །རྣལ་འབྱོར་མ་གང་ཞིག་ལྟོ་བ་རྡེབས་པ་ནི། བདག་ཉིད་བཀྲེས་པར་ཏེ་ལྟོགས་སོ་ཞེས་སྟོན་པས་ཟས་སྟེར་དགོས་པའོ། །བུད་མེད་གང་ཞིག་རང་གི་དཔྲལ་བ་སྟོན་པ་ནི། ནམ་མཁའ་ཡི་ལམ་ལས་ནི་འོངས་སོ་ཞེས་པའོ། །བུད་མེད་གང་ཞིག་རང་གི་ཁར་ནི་རང་གི་སོར་མོ་འཇུག་པ་ནི། ཟས་ཟོས་ཟིན་ཏོ་ཞེས་ནི་སྨྲ་བ་ཡིན་ནོ། །བུད་མེད་གང་ཞིག་ལྕེ་ནི་བསྐྱོད་པ་དག །ཟས་ཟའོ་ཞེས་ནི་སྨྲ་བ་ཡིན་ནོ། །གང་ཞིག་ཅེས་པ་རྣམས་རྣལ་འབྱོར་མ་ལ་ཤེས་པར་བྱའོ། །ཅུང་ཟད་འགྲོ་བས་པུས་མོ་དང་བྱིན་པ་ལ་རེག་པ་ནི། བདག་ངལ་ལོ་ཞེས་སྟོན་པའོ། །ལག་པ་གཡོན་པའི་མཐེ་བོས་སོར་མོ་གཞན་གྱི་རྩེ་མོ་ལ་རེག་པ་ནི། ངལ་སོས་སོ་ཞེས་སྨྲས་པ་ཡིན་ནོ། །སོ་ནི་སོས་འཆའ་བ་ནི། ཤ་ཟའོ་ཞེས་སྟོན་པའོ། །ཁྲོ་གཉེར་སྟོན་པ་དང་དེ་ལ་རེག་པ་ནི། བདག་བཅིངས་སོ་ཞེས་སྟོན་པའོ། །རང་གི་ལག་པ་མཁའ་ལྡིང་གི་གཤོག་པ་ལྟར་སྟོན་པ་ནི། བདག་གྲོལ་ལོ་ཞེས་སྟོན་པའོ། །ལྟོ་བ་རྡེབས་པ་སོགས་དགུ་ལ་ནི་བརྡ་བསྟན་པ་དེ་དག་གི་དོན། སྒྲུབ་པ་པོ་གོ་བ་ནི་ལན་དང་འདྲའོ། །ལག་པ་གཡོན་པའི་ཁུ་ཚུར་སྟོན་པ་ན། དེ་ལ་པ་ཏི་ས་སྟོན་པ་ནི་དཔྲལ་བར་སོར་མོ་གསུམ་འཕྲད་ལ་ཐོད་ཀྱི་ཚུལ་དུ་བསྟན་ཏོ། །བཞིན་རྣམ་པར་འགྱུར་བའི་ཚུལ་གྱིས་བལྟས་ནས་ནི། རང་གི་སྐྲ་ལག་པ་གཡོན་པས་


JLD008_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་སྟོན་པ་ལ། དེ་ལ་ལག་པ་གཡོན་གྱིས་ཁ་ཊཱཾ་ག་འཛིན་པའི་ཚུལ་ནི་བསྟན་ཏོ། །ཡན་ལག་བསྐྱོད་པ་སྟེ་གཡོ་བར་བྱེད་པ་དེ་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་བསྒྲེངས་ཏེ་ཁ་འགྲམ་གཉིས་སུ་བཞག་པ་མཆེ་བ་གཉིས་ཀྱི་ཕྱག་རྒྱ་བསྟན་པར་བྱའོ། །ལག་པ་གཡོན་པས་ལག་པ་གཡས་པ་སྟོན་པ་ནི། གཏོར་མ་ཟའོ་ཞེས་སྨྲ་བ་ཡིན་ནོ། །ལག་པ་གཡས་པ་སྟོན་པ་ནི་དེ་ལྟར་གྱིས་ཤིག་ཅེས་སྨྲ་བའོ། །རྣ་བ་ལ་རེག་སྟེ་སྟོན་པ་ནི། བདག་དང་ལྷན་ཅིག་གནས་པར་བྱ་ཞེས་སྟོན་པའོ།། ལག་པ་གཡོན་པའི་མཐེ་བོའི་སེན་མོས་སོར་མོ་གཞན་གྱི་སེན་མོ་ལ་རེག་པ་ནི། ཤི་བའི་རོ་ཁྱེར་ཅིག་ཅེས་སྨྲ་བའོ། །ས་ལ་རི་མོ་འདྲི་བ་ནི།། དེ་རིང་དཀྱིལ་འཁོར་དུ་འཇུག་ཅེས་སྨྲ་བའོ། །ནུ་མ་ལ་རེག་པ་ནི། བདག་གི་བུ་ནི་བསྲུངས་ཞེས་སྨྲ་བའོ། །རྐང་པ་གཡོན་པའི་མཐེ་བོས་ས་ལ་རི་མོ་འདྲི་བ་ནི། བླ་མའི་སྐྱེ་བོས་ང་བསྲུངས་ཞེས་སྨྲ་བའོ།། མིག་འཛུམས་པར་བྱེད་པ་ནི། དེ་ལྟར་བྱོས་ཤིག་ཅེས་སྨྲ་བའོ།། ལག་པ་གཡོན་པས་སོར་མོའི་ཚིགས་ལ་རེག་པ་ནི། ལྷན་ཅིག་ཏུ་བདེ་བར་ཉལ་ལོ་ཞེས་སྨྲ་བའོ། །ལག་པས་ལག་པ་སྟོན་པ་སོགས་མན་ཆད་ཀྱི་དོན་ཡང་སྔར་དང་འདྲའོ། །ལེའུ་འདིར་ལག་པའི་བརྡ་མིན་པ་ཡང་མང་དུ་ཡོད་མོད་ཀྱང༌། ལག་པའི་བརྡ་ཐོག་མར་བསྟན་ཞིང༌། ལག་པའི་བརྡ་མང་བས་ལག་པའི་བརྡའི་ལེའུ་ཞེས་གསུངས་སོ། །གསུམ་པ་ནི། སྔར་བཤད་པའི་ཕོ་ཉ་མོ་དེ་དག་ཀུན་དང་ཡང་དག་པར་སྦྱད་པ་སྟེ་བསྟན་པར་བྱའོ། །


JLD008_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་པ་གཙོ་བོར་བྱས་པའི་ཕྱག་རྒྱའི་བརྡའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་ཉི་ཤུ་པའི་བཤད་པའོ།། ༈ །།གཉིས་པ་ཡན་ལག་གི་མཚན་ཉིད་ཀྱི་བརྡ་ལ་གསུམ། བཤད་པར་དམ་བཅའ་བ། བརྡ་བསྟན་པ་དངོས། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཉི་ཤུ་པའི་རྗེས་དེ་ནས་ཐབས་སླ་བ་གང་གིས་སྒྲུབ་པ་པོས་དངོས་གྲུབ་འགྲུབ་པར་འགྱུར་བ། ཉན་ཐོས་སོགས་ཀྱི་སྤྱོད་ཡུལ་མ་ཡིན་པའི་གསང་བ་ཆེན་པོའི་མཚན་ཉིད་དེ། རྡོ་རྗེ་འཛིན་པ་ང་ཡིས་སྙིང་རྗེ་ཆེན་པོའི་དབང་གིས་རབ་ཏུ་བཤད་པར་བྱའོ། །གསང་བ་ཆེན་པོའི་ལྟ་བ་ཞེས་པ་ལྟར་ན། གསང་བ་ཆེན་པོ་ནི་མཁའ་འགྲོ་མ་རྣམས་སོ། །ལྟ་བ་ནི་བརྡ་འདི་རྣམས་མིག་གིས་བལྟ་བར་བྱ་བ་གཟུགས་ཀྱི་བརྡའོ། །གཉིས་པ་ནི། བུད་མེད་གང་རང་གི་སྤྱི་གཙུག་ལ་རེག་པར་བྱེད་པ་དེ་ལ། རྣལ་འབྱོར་པས་མགོ་བསྟན་པར་བྱའོ། །གང་ཞིག་ཅེས་པ་རྣམས་ནི་མཁའ་འགྲོ་མ་ཡིན་ལ། ལན་རྣམས་ནི་རྣལ་འབྱོར་པས་སྟོན་པ་ཡིན་ནོ། །ལྭ་བ་པས་བརྡ་འདི་རྣམས་སྒྲ་ཇི་བཞིན་པར་བཤད་པས་བཤད་པ་གཉིས་པ་མེད་ཀྱང་ཆོག་གོ །དཔྲལ་བ་སྟོན་པ་དེ་ལ་རང་གི་མཁུར་ཚོས་བསྟན་ཏོ། །དེ་བཞིན་དུ་སོ་སྟོན་པ་ལ་ལྕེ་དང༌། མཆུ་སྟོན་པ་ལ་ཀོ་སྐོ་དང༌། མགྲིན་པ་སྟོན་པ་ལ་ལྟོ་བ་དང༌། ལག་པ་སྟོན་པ་ལ་དཔུང་པ་དང༌།


JLD008_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་སྐེད་དེ་སྐེད་རྒྱབ་ཅེས་འབྱུང་བ་སྟོན་པ་ལ་རྒྱབ་བམ་ས་ཞེས་འབྱུང་བ་དང༌། ནུ་མ་སྟོན་པ་ལ་ཀོ་སྐོ་དང༌། ལྟོ་བ་སྟོན་པ་ལ་ལྟེ་བ་དང༌། གསང་བའི་གནས་སྟོན་པ་ལ་ལིང་ག་དང༌། བརླ་སྟོན་པ་ལ་ཕིག་ཀ་ལ་འོག་ཅེས་འབྱུང་བ་དང༌། པུས་མོ་སྟོན་པ་ལ་བྱིན་པ་དང༌། རྐང་པ་སྟོན་པ་ལ་རྐང་མཐིལ་དང༌། སོར་ཚིགས་སྟོན་པ་ལ་སོར་མོ་དང༌། ས་སྟོན་པ་ལ་ནམ་མཁའ་དང༌། ནམ་མཁའ་སྟོན་པ་ལ་ཉི་མ་དང༌། ལག་པས་ནམ་མཁའ་ལ་འབབ་ཆུའི་རྣམ་པའི་རི་མོ་འཁྱོག་པོ་བྱས་ཏེ་སྟོན་པ་ལ་ལག་པ་གཉིས་ཀྱི་སོར་མོ་བརྐྱང་ནས་བསྐྱོད་པ་ཆུ་རླབས་ཀྱི་ཚུལ་དུ་བྱེད་པ་རྒྱ་མཚོའི་ཕྱག་རྒྱ་བསྟན་པར་བྱའོ། །སྔར་བཤད་པ་འདི་དག་ནི་མཁའ་འགྲོ་མ་ཡི་ནི་ལུས་ཀྱི་ཆ་ཤས་ཀྱི་ཕྱག་རྒྱར་ཐེ་ཚོམ་མེད་དོ། །སྔར་བཤད་པ་འདི་དག་བསྟན་པ་ནི་སྣོད་མིན་ལ་རྟག་ཏུ་གསང་བར་བྱ་བ་སྟེ། སྣོད་ལྡན་ལ་བརྡ་དང་བརྡའི་ལན་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་སྟོན་པར་འགྲོ་བར་འགྱུར་བའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཡན་ལག་གི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་བཤད་པའོ།། ༈ །།གསུམ་པ་ཁྱད་པར་གྱི་ཕྱག་རྒྱའི་མཚན་ཉིད་ལ་བཞི། བཤད་པར་དམ་བཅའ་བ། བརྡ་བསྟན་པ་དངོས། དོན་བསྡུ་བ། ལེའུ་ཡི་མཚན་


JLD008_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །དང་པོ་ནི། ཉེར་གཅིག་པའི་རྗེས་དེ་ནས་གང་གིས་རྣལ་འབྱོར་མ་རྣམས་མཉེས་པར་འགྱུར་བ་གཞན་ཏེ་མཆོག་ཡན་ལག་གི་ཕྱག་རྒྱའི་ཁྱད་པར་ནི་བཤད་པར་བྱའོ་ཞེས་སྦྱར་རོ། །ལྭ་བ་པས་ལག་པའི་སྤྱི་ལས་ཁྱད་པར་ནི་སོར་མོ་རྣམས་སོ། །ཞེས་གསུངས་པས་ལག་པའི་ཁྱད་པར་གྱི་ཕྱག་རྒྱ་ཞེས་བྱའོ། །ཚུལ་ནི་རྒྱུད་ནས་གསུངས་པའི་ཆོ་ག་བཞིན་དུ་བཤད་པའོ། །དགོས་པ་གང་གི་དོན་དུ་ཡིན་ཞེ་ན། ཕྱག་རྒྱ་བསྟན་པ་གང་ཞིག་ཤེས་པས་རྣལ་འབྱོར་མས་སྒྲུབ་པ་པོ་མིང་པོ་དང༌། སྒྲུབ་པ་པོས་རྣལ་འབྱོར་མ་སྲིང་མོར་ཐེ་ཚོམ་མེད་པར་ཤེས་པར་འགྱུར་བའི་ཕྱིར་དུའོ། །དེ་ལྟར་ཤེས་ནས་ཀྱང་མིང་སྲིང་བཞིན་དུ་ཡིད་གཅུགས་པར་གྱུར་ནས་ཇི་ལྟར་བསྒོ་བ་བཞིན་དུ་བྱེད་པ་ནི། བརྡ་དང་བརྡའི་ལན་གྱི་དགོས་པའོ། །གཉིས་པ་ནི། རྣལ་འབྱོར་ཕོ་མོ་གང་ཡང་རུང་བ་གཅིག་གིས་སོར་མོ་གཅིག་ནི་སྟོན་པ་ཡིས། ལེགས་པར་འོངས་སམ་ཞེས་སྨྲ་བ་ཡིན་ལ། ཅིག་ཤོས་ཀྱིས་མཛུབ་མོ་དང་གུང་མོའི་སོར་མོ་གཉིས་ནི་བསྟན་པ་ཡིས་ལེགས་པར་འོངས་སོ་ཞེས་པའི་ལན་སྨྲ་བ་ཡིན་ནོ། །དེ་ལྟ་བུ་འདི་ནི་རྣལ་འབྱོར་མ་ཀུན་གྱི་ཡན་ལག་གི་ཁྱད་པར་གྱི་ཕྱག་རྒྱར་རབ་ཏུ་བཤད་དོ། །ལག་པ་གཡོན་གྱི་གུང་མོ་བརྐྱང་པ་སྟོན་པ་ལ། མཛུབ་མོ་ཅུང་ཟད་བསྐུམས་པའི་མིག་གི་ཕྱག་རྒྱ་ལན་དུ་ཤེས་པར་བྱའོ། །སྔགས་པ་སྟེ་སྒྲུབ་པ་པོས་རྣལ་འབྱོར་མ་གང་ལ་ཕྱག་རྒྱ་དེ་བསྟན་པ་དེ། དེའི་མོད་ལ་སྟེ་མོད་ནས་ཇི་སྲིད་འཚོའི་བར་དུ་རང་གི་དབང་དུ་འགྱུར་བར་ཐེ་ཚོམ་མེད་དོ། །དེ་བཞིན་


JLD008_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གུང་མོ་སྟོན་པ་ལ་མཛུབ་མོ་དང༌། སྲིན་ལག་སྟོན་པ་ལ་ལྕེ་དང༌། སྔར་བཤད་པའི་པ་ཏིས་སྟོན་པ་ལ་མདུང་རྩེ་གསུམ་དང༌། སྤྱི་བོ་སྟོན་པ་ལ་སྐྲ་མཚམས་ཀྱི་མཐའ་དང༌། ས་སྟོན་པ་ལ་ཁ་དང༌། ཁྲོ་གཉེར་སྟོན་པ་སྐྲ་མཚམས་དང༌། སོ་སྟོན་པ་ལ་མཆུ་དང༌། མགྲིན་པ་སྟོན་པ་ལ་ཁ་དང༌། དཔྲལ་བ་སྟོན་པ་ལ་མིག་བསྟན་པར་བྱ་སྟེ། སྤྱི་བོ་སྟོན་པ་ལ་སོགས་ལག་པའི་སོར་མོ་སྟོན་པར་བྱས་ན། འདི་རྣམས་ལག་པའི་ཆ་ཤས་སོར་མོའི་ཕྱག་རྒྱ་སྟོན་པར་བཤད་པ་དང་མཐུན་ནོ། །གསུམ་པ་ནི། དེ་ལྟར་རིམ་པ་བཞིན་བཤད་པའི་ཕྱག་རྒྱ་འདི་དག་ནི་རྣལ་འབྱོར་མ་ཀུན་གྱི་ཡན་ལག་གི་ཁྱད་པར་གྱི་ཕྱག་རྒྱ་ཡིན་ལ། ཕྱག་རྒྱ་འདི་དག་བསྟན་པ་ནི་རྟག་ཏུ་གསང་བ་པ་སྟེ་མཁའ་འགྲོ་མ་རྣམས་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་ལྟ་བ་སྟེ་སྟོན་པར་འགྲོ་བ་སྟེ་རྟོགས་པར་འགྱུར་རོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣམ་འབྱོར་མ་རྣམས་ཀྱི་ཕྱག་རྒྱའི་ཁྱད་པར་གྱི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་བཤད་པའོ།། ༈ །།བཞི་པ་ཤེས་པ་རྣམས་རང་ལ་རྗེས་སུ་ཆགས་པ་བརྟག་པ་ལ་ལྔ། བཤད་པར་དམ་བཅའ་བ། རྗེས་སུ་ཆགས་པ་ལ་མཆོད་པ། རྗེས་སུ་ཆགས་པའི་རྟགས་བསྟན་པ། མཚན་མ་བྲིས་པ་ལས་བཤད་པར་བྱ་བ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཉེར་


JLD008_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་རྗེས་དེ་ནས་མཁའ་འགྲོ་མ་ཡི་རྣམ་པར་རོལ་པའི་མཚན་ཉིད་སྒྲུབ་པ་པོ་གང་གིས་རིག་པའི་ཐབས་ཡང་དག་པར་བཤད་པར་བྱའོ་ཞེས་སྦྱར་རོ། །དགོས་པ་གང་གི་དོན་དུ་ཞེ་ན། མཁའ་འགྲོ་མའི་མཚན་ཉིད་ཁྱད་པར་བ་རིག་ནས་ཡུལ་ཐག་རིང་པོ་ནས་ཀྱང༌། དཔའ་བོ་དང་དཔའ་མོའི་སྲིང་མོ་རུ་དགོངས་པར་འགྱུར་བའི་ཕྱིར་དུའོ། །གཉིས་པ་ནི། སྒྲུབ་པ་པོ་གང་ལ་དམ་ཚིག་ཅན་མ་རྣམས་རྗེས་སུ་ཆགས་པར་གྱུར་པ་ནི། དཔའ་བོའི་སྟེ་རྣལ་འབྱོར་པས་ལོངས་སྤྱོད་པ་ལས་གཞི་དང་འདྲ་བ་ཡིན་ཏེ། ཡོན་ཏན་ཀུན་སྐྱེད་པའི་གཞིར་འགྱུར་བའི་ཕྱིར་རོ། །གང་ལ་དམ་ཚིག་ཅན་རྗེས་ཆགས། ཞེས་དང༌། ས་གཞི་བཞིན་ཞེས་པའི་འགྱུར་གོ་སླའོ། །ས་གཞི་ནི་ས་དང་འདྲ་བའི་རྣལ་འབྱོར་མའོ། །དེ་གཞིར་བྱས་པ་ནི་གང་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་གནས་རང་གི་རིག་མར་བྱས་པའོ། །རྣལ་འབྱོར་མའི་སྟེ་བདེ་མཆོག་གི་རྣལ་འབྱོར་པས་མཆོད་པ་ནི། སྟན་ལས་ལངས་ཏེ་དམ་དུ་འཁྱུད་པ་དང་ཙུམྦ་ན་བྱེད་པའོ། །སྡོམ་པ་ནི་བདེ་མཆོག་སྟེ་དེ་མཆོད་པའོ། །དེ་ཡང་བདེ་མཆོག་གི་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་བྱེད་པའོ། །གསུམ་པ་ནི། འོག་ནས་འཆད་པ་འདི་དག་ནི་རྣལ་འབྱོར་མ་རྣམས་ཀྱི་རྗེས་སུ་ཆགས་པའི་རྟགས་ཡིན་ནོ། །རྐང་པ་འདི་ལོ་ཆེན་དང་མལ་གྱི་འགྱུར་ལ་མེད་དོ། །གང་དག་ཅེ་ན། གོ་བཟློག་པའི་ལྟ་བ་ནི་མིག་གཡས་པས་བལྟ་བ་ལས་གོ་བཟློག་སྟེ་གཡོན་གྱིས་བལྟ་བའམ། མདུན་དུ་ལྟ་བ་སྤངས་ནས་ཕྱིར་བལྟ་བ་དང༌། བྱད་ཀྱི་བཞིན་ནི་རྣམ་པར་འགྱུར་བ་དང༌། ཅུང་ཟད་ངོ་ཚ་བས་སྨིན་མ་གཡོ་ཞིང་འཕྲིག་པ་དང༌།


JLD008_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དང་ནང་གི་བདེ་བ་རྟག་ཏུ་གསལ་བ་དང༌། དུ་མར་བལྟ་བ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་པ་མྱུར་དུ་སྟོན་པ་ཤེས་པར་བྱ་བ་སྟེ། དེ་བཞིན་དུ་མཁའ་འགྲོ་མ་ལས་འབྱུང་བའི་རྟགས་གཞན་ཡང་ཤེས་པར་བྱའོ། །བསྐོར་ཞིང་རྣམ་པར་འགྱུར་བ་སྟེ་བསྒྱུར་བའི་ཚུལ་གྱི་མཛོད་སྤུ་ན། རི་མོ་ཟླུམ་པོ་གསུམ་ཡོད་པ་སྟོན་པ་སྟེ། མཁའ་འགྲོ་མ་རྣམས་སུ་ངེས་པར་འགྲོ་བ་སྟེ་རྟོགས་པར་བྱེད་པ། དེའི་མཚན་མ་ཀུན་ཤེས་པར་བྱའོ། །རྣམ་འགྱུར་ཞེས་པའི་རྐང་པ་གཉིས་ཀྱི་ནང་བཤད་ནི། ལྭ་བ་པས། ཕུལ་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་བསྒྲུབ་པའི་དོན་དུ། བསྐོར་བ་ནི་སྲོག་དང་རྩོལ་བའི་རླུང་ཕྱིར་འགྲོ་བ་སྡོམ་པའི་འཁྲུལ་འཁོར་གྱི་རྣམ་འགྱུར་གྱིས། བདེ་བ་ཆེན་པོ་འདྲེན་པའི་གཏུམ་མོ་ལྟེ་བར་འབར་བ་སོགས་སྲོག་སྟོང་པ་དྷཱུ་ཏཱིའི་དབུས་སུ་ཆུད་པའི་སྔགས་པས། རི་མོ་ཟླུམ་པོ་གསུམ་སྟེ་འཇིག་རྟེན་གསུམ་རོ་གཅིག་ཏུ་འདྲེ་བ་སྟེ། ས་དང་ཆུ་དང་རླུང་ཉིད་དང༌། །མེ་དང་ནམ་མཁའ་ཉིད་དང་ནི། །བདག་དང་གཞན་དུ་རྟོག་ཚོར་བ། །སྐད་ཅིག་དེ་ལ་ཀུན་མི་དམིགས། །དེ་ཡི་མོད་ལ་ལྡོག་འགྱུར་ཏེ། །བདག་གིས་བདེ་བ་ཉམས་སུ་མྱོང༌། ཞེས་གསུངས་སོ། །གློ་བུར་དུ་དགོས་པ་མེད་ཀྱང་ཅུང་ཟད་ཅིག་སོང་ནས་སླར་ཡང་རྣམ་པར་ལྡོག་པར་འགྱུར་བ་དང༌། སྔར་གྱི་གདོང་ནི་འཇིག་པར་འགྱུར། ཞེས་པ་ལྟར་ན་སྔར་གྱི་བཞིན་སླར་སྡུད་པའོ། །སྔར་བརྗོད་ཚིག་ནི་ཉམས་པར་བྱེད། ཅེས་པ་ལྟར་ན། སྔར་བརྗོད་པའི་ཚིག་དང་འགལ་བ་ཁས་བླངས་


JLD008_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔ་མ་ཉམས་པར་བྱེད་པའོ། །རྣམ་པ་དེ་ལྟར་དེ་ཡི་དེ། ཞེས་པ་ནི་འགྱུར་གཞན་དང་འགྲེལ་པ་ལ་མེད་ལ། མངོན་བརྗོད་ཁ་ཅིག་ལས། དེ་ཡི་གདོང་ནི་མཛེས་གྱུར་པ། །རྡོ་རྗེ་ལྟ་བུར་གསལ་བ་ཡིན། ཞེས་པ་ལྟར་ན་མཁའ་འགྲོ་མ་དེའི་གདོང་མཛེས་པ་ལ་རྡོ་རྗེ་ལྟ་བུའི་རི་མོ་གསལ་བར་སྣང་བའོ། །མཁའ་འགྲོ་མ་དེའི་སྒྲ་ནི་ཁུ་བྱུག་གི་སྐད་ལྟ་བུར་གསལ་བར་རྟག་ཏུ་འགྱུར་རོ། །མངོན་བརྗོད་རྣམས་ལས། གསལ་བ་དེ་ནི་རྟག་ཏུ་འགྱུར། ཞེས་འབྱུང་ངོ༌། །བཞི་པ་ནི། མཁའ་འགྲོ་མ་འདི་ཡི་མཚན་མ་རང་གི་ཁྱིམ་དུ་རྡོ་རྗེའི་གཟུགས་ལྟ་བུ་མེ་ལོང་དང་བཅས་པ་འདྲི་བ་ནི་དང་པོའོ། །རལ་གྲིའི་གཟུགས་འདྲ་བ་མེ་ལོང་དང་བཅས་པ་འདྲི་བ་ནི། མཚན་མ་འདྲི་བ་གཉིས་པར་ཡང་ནི་གྱུར་པའོ། །རྒྱལ་མཚན་དང་མདུང་གི་གཟུགས་འདྲ་བ་རྟག་ཏུ་འདྲི་བར་འགྱུར་ཞིང༌། མེ་ལོང་ཁ་སྦྱར་བ་འདྲ་བ་འདྲི་བར་ཤེས་པར་བྱའོ། །ཁྱིམ་དུ་རྡོ་རྗེ་ལ་སོགས་པའི་མཚན་མར་བྱས་པའི་གཟུགས་རྣམས་འདྲི་བ་ནི། མདོར་བསྡུས་ནས་རྣམ་པར་ཤེས་པར་བྱ་སྟེ། རི་མོ་འདྲི་བ་སོགས་ཀྱི་མཚན་ཉིད་སྔར་བཤད་པ་འདི་དག་དང་ལྡན་པ་ནི། མཁའ་འགྲོ་མ་མཆོག་ཡིན་པར་ཤེས་པར་བྱའོ། །ལྭ་བ་པའི་འགྲེལ་པར། མཚན་མར་བྱས་པའི་གཟུགས། ཞེས་པའི་རྐང་པ་གཉིས་བསྡུས་ནས། །མཚན་མའི་ཆ་བྱད་གསལ་ཤེས་བྱ། ཞེས་འབྱུང་བའི་མཚན་མའི་ཆ་བྱེད་ནི། རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་། པདྨ་དང་རལ་གྲི་དང་སྣ་ཚོགས་རྡོ་རྗེ་དང་རྒྱལ་མཚན་དང་མདུང་ཐུང་ངོ༌། །གསལ་བར་ཤེས་པར་བྱ་བའི་དོན་ནི། རིགས་ཀྱི་དབྱེ་བས་རྡོ་རྗེ་དང་རྒྱལ་མཚན་དང༌།


JLD008_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་དང་མདུང་ཐུང་ནི་ནས་ཀྱི་འབྲུ་ཚད་ཙམ་དང༌། འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་ནི། སྲན་མ་ཙ་ན་ཀའི་ཚད་ཙམ་སྟེ་མི་བསྐྱོད་པ་ལ་སོགས་པའི་རིམ་པ་བཞིན་དུ། རང་གི་རིགས་ཀྱི་མཚན་མ་ཁ་དོག་ལྔ་པོ་རེ་རེའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཆུད་པ་ལ་སེམས་བརྟན་པས་ཕྲ་མོའི་རྣལ་འབྱོར་བསྒོམས་པ་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་གསུངས་སོ། །དེ་ལྟར་ན་རང་གི་ཁྱིམ་དུ་ཞེས་པས་ནི་རྡོ་རྗེའི་ཁྱིམ་བྷ་ག་བསྟན་ཏེ། དེས་མཚོན་ནས་རྡོ་རྗེའི་སྣ་རྩེ་ཡང་སྟོན་ཏེ། དེ་གཉིས་སུ་ཕྱག་མཚན་ཕྲ་མོའི་ནང་དུ་རང་གི་རིགས་ཀྱི་དཀྱིལ་འཁོར་སྒོམ་པ་བསྟན་ཏོ། །རྩ་རྒྱུད་དུ་གསལ་བའི་མཚན་མ་བཞི་ལ་ནས་ཀྱི་ཚད་ཙམ་དང༌། འཁོར་ལོ་སོགས་བཞི་ལ་སྲན་མའི་ཚད་ཙམ་ཞེས་གསུངས་པ་ནི་གང་བྱས་ཀྱང་འདྲའོ། །འདི་ལ་བསྐྱེད་རིམ་དུ་འགྲོ་བའི་ཆ་གཅིག་དང༌། རྣལ་འབྱོར་ཕོ་མོའི་དྷཱུ་ཏཱིའི་མར་སྣའི་ནང་དུ་ཕྱག་མཚན་བསྒོམས་པས་སྲོག་དབུ་མར་ཆུད་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་ཆ་གཉིས་ཡོད་པ་སོགས་གཞན་དུ་རྒྱས་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །འདི་དག་གིས་ནི་དྲིལ་བུ་བའི་ལུགས་ཀྱི་ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་རྩ་རྒྱུད་ཀྱི་གང་གིས་བསྟན་པ་ཤེས་པར་བྱའོ། །ཡང་རྡོ་རྗེ་སོགས་བཞི་དང༌། མེ་ལོང་དང་མེ་ལོང་ཁ་སྦྱོར་གྱི་ངེས་དོན་བཤད་པ་ཡང་ལྭ་བ་པས། བྷ་གའི་དབུས་ཚུད་རྡོ་རྗེ་ཡི། །ཤིན་ཏུ་སྟོང་པ་སྒོམ་པ་ནི། །ཐམས་ཅད་ནམ་མཁའ་མཉམ་པའོ། །མ་རིག་ལ་སོགས་གླུ་བུར་བ། །


JLD008_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཉེས་པ་རྟོག་ལས་བྱུང༌། །རང་བཞིན་རྣམ་དག་འོད་གསལ་བའི། །སེམས་ནི་མེ་ལོང་བཞིན་དུ་བལྟ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་པ་ནམ་མཁའ་མཚུངས། །རལ་གྲི་ཉོན་མོངས་གཅོད་བྱེད་པ། །སེམས་ཅན་དོན་བྱེད་རྣོ་བའོ། །བསོད་ནམས་ཀྱིས་བཏེག་རྒྱལ་མཚན་བཞིན། །མདུང་ཐུང་ཉོན་མོངས་འབུགས་བྱེད་པ། །སེམས་ནི་རྩེ་གཅིག་པ་ཉིད་དོ། །དེ་ཉིད་མེ་ལྕེ་རྣོ་སྦྱོར་བས། །ཁ་སྦྱར་བདེ་བ་ཐོབ་པའོ། །ཞེས་གསུངས་སོ། །དེ་ལ་ཁྱིམ་གྱི་ནང་དུ་ཆུད་པའི་རྡོ་རྗེ་བྲིས་པ་ནི། ཕྱག་རྒྱའི་བྷ་གའི་ནང་དང་དེས་མཚོན་ནས་རྡོ་རྗེའི་རྩེར་རྡོ་རྗེ་ཆུད་པ་བསྒོམས་པ་ལ་བརྟེན་ནས་སྐྱེས་པའི་ཆོས་ཐམས་ཅད་ཀྱི་སྟོང་པ། ནམ་མཁའ་དང་མཉམ་པར་སྒོམ་པའོ། །ཆོས་རྣམས་གཟུགས་བརྙན་བཞིན་དུ་གསལ་ཞིང་དག་པའི་ནམ་མཁའ་ལྟ་བུ་ནི་རལ་གྲི་སྟེ་ཉོན་མོངས་པ་ཐམས་ཅད་གཅོད་ཅིང༌། སེམས་ཅན་གྱི་དོན་བྱེད་པ་ལ་རྣོ་བའོ། །རྒྱལ་མཚན་ནི་བསོད་ནམས་ཀྱིས་མཐོ་བར་བཏེག་པའོ། །མདུང་ཐུང་ནི་རྩེ་གཅིག་པའི་སེམས་ཀྱིས་ཉོན་མོངས་པ་འབུགས་པའོ། །ཕྱིན་ཅི་ལོག་གི་རྟོག་པ་ལས་བྱུང་བའི་མ་རིག་པ་ལ་སོགས་པའི་རྟོག་པའི་ཉེས་སྐྱོན་གླུ་བུར་བས་མ་གོས་པའི་རང་བཞིན་གྱིས་འོད་གསལ་བའི་སེམས་ནི་མེ་ལོང་གཡའ་དག་པ་བཞིན་དུ་བལྟའོ། །སེམས་དེ་ཉིད་གཏུམ་མོའི་མེ་ལྕེ་རྣོན་པོའི་རྣལ་འབྱོར་གྱིས། བདེ་བ་ཐོབ་པས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ནི། ཤིན་ཏུ་དྭངས་པའི་མེ་ལོང་གཉིས་ཁ་སྦྱར་བའོ། །ལྔ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་མཁའ་


JLD008_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མའི་ཁྱད་པར་ཏེ་ཁྱད་པར་བའི་རྗེས་སུ་ཆགས་པ་དང༌། རྡོ་རྗེ་ལ་སོགས་པའི་མཚན་མའི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ཉི་ཤུ་རྩ་གསུམ་པའི་བཤད་པའོ།། ༈ །།ལྔ་པ་མཁའ་འགྲོ་མ་རྣམས་སྤྱིར་ཤེས་པར་བྱེད་པའི་ཡི་གེ་དུ་མ་ཚོགས་པའི་ངག་གི་བརྡ་ལ་ལྔ༌། བཤད་པར་དམ་བཅའ་བ། ཡི་གེ་དུ་མ་ཚོགས་པའི་ངག་གི་བརྡ་དངོས། དེ་རྣམས་ཀྱི་དོན་བསྡུ་བ། རྒྱུད་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྟན་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཉེར་གསུམ་པའི་རྗེས་དེ་ནས་འཇིག་རྟེན་པ་དང་བསྟན་བཅོས་གཞན་ལ་གྲགས་པ་ལས་གཞན་དེ་བཞིན་གཤེགས་པའི་སྐད་གཞན་གྱི་བརྡ་རྣམས་ནི། སྒྲུབ་པ་པོ་ལ་ཕན་པའི་ཕྱིར་དུ་འདིར་བཤད་པར་བྱའོ། །དགོས་པ་ནི། བརྡ་བྱས་པ་གང་གིས་རྣལ་འབྱོར་མས་རྣལ་འབྱོར་པ་མིང་པོའམ། རྣལ་འབྱོར་པས་རྣལ་འབྱོར་མ་སྲིང་མོར་ཐེ་ཚོམ་མེད་པར་ཤེས་ནས། མིང་སྲིང་བཞིན་དུ་སེམས་ཉེ་བའི་ཕྱིར་དུའོ། །གཉིས་པ་ནི། ལག་པས་གོས་ཀྱི་མཐའ་ནས་བཟུང་སྟེ་བསྟན་ནས། པོ་ཧཾ་གི་ཞེས་བྱ་བ་ནི་གསོང་པོར་སྨྲ་བ་སྟེ་ཕྱག་མཚལ་ལོ་ཞེས་པའོ། །གོས་ཀྱི་མཐའ་རབ་ཏུ་བསྐྱོད་པར་སྟོན་ཞིང་པྲ་ཏི་པོ་ཏཾ་གི་ཞེས་སྨྲ་བ་ནི་གསོང་པོར་སྨྲ་བའི་ལན་ནོ། །དེ་བཞིན་དུ་ག་མུ་དང་ལུམྦ་དང་དེ་ཧཾ་ངཾ་དེ་ཧི་དང་ཙཌྷཱུ་ཀ་དང༌། པཱི་ར་ཎ་དང་ཀོོ་ར་བ་དང་ཀར་ནི་ཀ་དང་ཨཱ་ལི་དང༌། བ་རཱ་ཧ་དང་ཤྲ་བ་ཎ་དང་


JLD008_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲི་ཏ་སྠ་ནི་དང་ས་མ་ག་མཱ་དང༌། ཏཱ་ལི་ཀཱ་དང་ནཱ་ར་ཀཾ་དང་ཨ་མུ་ཀཾ་དང་ཀ་ཁི་ལ་དང༌། ཤྭ་ས་ནཾ་དང་པ་རི་དྷི་དང་པི་ར་ཏི་དང་ཀྲུ་ཏ་དང༌། ཨན་ཏྱ་སྠ་དང་པ་ཤུ་ལི་ཀ་དང་བྷ་གི་ནི་དང་མེ་ད་ཀ་དང༌། གྲི་ཧཱ་ཎེ་དང་ལྕེ་སོ་ལ་རེག་པ་དང་གན་དྷ་བཱ་སི་ནཱི་དང་ཀུ་ཏ་དང༌། ཀི་ར་ཎ་དང་ཏུ་ལཾ་པ་དང་ད་རོ་དང་ནི་རོ་དྷ་དང༌། ཧྲི་པ་ཏི་དང་དྷུ་ར་ཡུ་དང་དྷུ་པ་སྤྲི་ཡ་དང་སཱ་ནུ་དང༌། ས་རི་ཏ་དང་ཨང་གུ་ལི་དང་བ་ད་ན་དང་རཱ་ཛི་ཀཱ་དང༌། ཨཱ་ད་ནཱ་དང་པག་ཏི་དང་ཚན་དོ་དང་ཙ་ལ་དང༌། པྲ་བྷ་ཧ་དང་པ་ཤུ་དང་ཡཱན་ཏི་དང་ས་སཾ་དང༌། ཕལ་གུ་ཥ་མ་དང་མཧཱ་ཀྵ་རཾ་དང་ག་དང་ནཱ་དང༌། གོ་དང་མ་དང་བྷཱ་དང་ཧཱ་དང་ཨ་སྦ་ཀ་དང༌། བྲང་ལ་རེག་པ་དང་ཁ་ལ་རེག་པ་དང་སོ་ལ་རེག་པ་དང་དྷྲི་ཞེས་པ་རྣམས་ནི་རིམ་པ་བཞིན་དུ། འགྲོ་བ་དང་འོང་བ་དང་གྲོང་ཁྱེར་དང་ཟུང་ཅིག་དང༌། སྙིང་དང་འཆི་བ་དང་དྲིལ་བུ་དང་མགོ་བོ་དང༌། སྐྲ་དང་རྣ་བ་དང༌། སྲུབ་བྱེད་དང་མི་དང༌། མཁའ་འགྲོ་མ་དང་དཀྱིལ་འཁོར་དང་དུར་ཁྲོད་དང་སྒོ་དང༌། བྲམ་ཟེའི་རིགས་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་དང༌། སྨེ་ཤ་ཅན་དང་ཁྱིམ་དང་མཁའ་འགྲོ་མ་དང་ཆུ་དང༌། ཕྱག་རྒྱས་འདེབས་པ་དང་བདག་ཅག་ལྟོགས་སོ་ཞེས་པ་དང་སྲང་པ་དང་གནས་ཆེ་གེ་མོ་ནས་འོངས་སོ་ཞེས་པ་དང༌། མེ་ཏོག་དང་རྒོད་པ་དང་སོ་དང་ཆར་འབབ་པ་དང༌། ཞུ་བ་དང་ཕྱི་རོལ་དང་སྤྲིན་དང་རི་བོ་དང༌། འབབ་ཆུ་དང་ཡན་ལག་དང་གདོང་དང་ལྕེ་དང༌། སོ་དང་རྒྱལ་མཚན་དང་ཕྲེང་བ་དང་རླུང་དང༌། གྲུ་དང་རི་དྭགས་དང་དཀྱིལ་འཁོར་དང་བཞི་མདོ་དང༌། སྐྱེ་བོ་དང་ཕྱུགས་ཆེན་པོ་དང་ར་སྐྱེས་དང་མི་དང༌། ཁྱུ་མཆོག་དང་མ་ཧེ་དང་ཟ་བ་


JLD008_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་པོའི་སྐྱེས་བུ་དང༌། ནགས་ན་གནས་པ་དང་ཟོས་སོ་ཞེས་པ་དང་ངོམས་སོ་ཞེས་པ་དང་ངོ་ཚ་བའོ། །ཧཱ་རྣམ་གྲངས་སོ་ཞེས་པ་ནི་ཟ་བའི་མིང་གི་རྣམ་གྲངས་སོ། །ཧོ་ཞེས་པ་ནི་རྣམ་གྲངས་ཏེ་ཁ་ཅིག་ཏུའོ་ཞེས་པ་ནི། ཧོ་ཞེས་པ་ནི་ངོམས་པའི་མིང་གི་རྣམ་གྲངས་ཏེ། དེ་ཡང་སྐབས་ཁ་ཅིག་ཏུའོ་ཞེས་པའོ། །མར་དོ་རྐྱང་པའི་འགྱུར་ལ་དྷྲི་ཞེས་འབྱུང་ཡང་གཉིས་འདུས་ཀྱི་འགྱུར་ལ་ཧྲི་ཞེས་པ་ནི་རྩ་རྒྱུད་ཀྱི་འགྱུར་གཞན་དང་མངོན་བརྗོད་དང་མཐུན་ལ། རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་རྒྱ་མཚོ་ལས། ཧྲི་ཀ་ནི་ངོ་ཚ་བ་ལ་བཤད་དོ། །མར་དོ་རྐྱང་པའི་འགྱུར་ལ། སྟོང་པ་ལ་རེག་པ་ནི་མེད་དོ་ཞེས་པའོ། །མེ་ཐུ་ན་གྱིས་ཤིག་པ་ནི་བརླ་ལ་རེག་པའོ། །སྟེང་ཉིད་ནི་དེ་བཞིན་ནོ་ཞེས་བྱ་བའོ། །འོག་ནི་མེད་པའོ། །ཞེས་འབྱུང་ལ། གཉིས་འདུས་ཀྱི་འགྱུར་ལས། ཚིག་དང་པོ་འདྲ་ལ། བརླ་ལ་རེག་པ་ནི་མེ་ཐུ་ན་གྱིས་ཤིག་པའོ། །སྟོང་ཉིད་ནི་དེ་བཞིན་ནོ་ཞེས་པའོ། །ཨེ་བ་ཞེས་བྱ་བ་ནི་འོག་ན་མེད་པའོ། །ཞེས་འབྱུང་ཞིང༌། མངོན་བརྗོད་ལས་དེ་དག་དང་མི་འདྲ་བར་ཡོད་ཀྱང༌། རྡོ་རྗེ་མཁའ་འགྲོ་ལས། སྟོང་པ་ལ་རེག་པ་ནི་མེ་ཐུ་ན་གྱིས་ཤིག་པའོ། །བརླ་ལ་རེག་པ་ནི་ད་ལྟ་གྱིས་ཤིག་པའོ། །ཞེས་གསུངས་ལ། མཁའ་འགྲོ་རྒྱ་མཚོ་ལས་ཀྱང༌། སྟོང་པ་ལ་རེག་པ། འཁྲིག་པ་བརླ་ལ་རེག་པ་ནི། དེ་ལྟར་ད་ལྟ་གྱིས་ཞེས་པར། ཞེས་གསུངས་ལ། ཧེ་རུ་ཀ་མངོན་འབྱུང་ལས། གསང་བ་ལ་རེག་ན་འཁྲིག་པའོ། །ཞེས་གསུངས་པས། འདོམས་ཀྱི་བར་སྟོང་པ་ལ་རེག་ན་འཁྲིག་


JLD008_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྱིས་ཤིག་པ་སྟེ། སྟོང་པ་ལ་རེག་པ་དང་མེ་ཐུ་ན་གཉིས་སྦྱར་རོ། ། བརླ་ལ་རེག་ན་ད་ལྟ་དེ་བཞིན་དུ་གྱིས་ཞེས་པ་སྟེ། དེ་བཞིན་ཞེས་པ་བརླ་ལ་རེག་པ་ལ་སྦྱར་རོ། །སྟེང་དང་འོག་ཅེས་པ་ནི་ཧེ་རུ་ཀ་མངོན་འབྱུང་ལས། འོག་ན་ལྟ་ན་འོག་ན་མེད་ཅེས་པའོ། །སྟེང་དུ་ལྟ་ན་ཡོད་ཅེས་པའོ། །ཞེས་གསུངས་པ་ལྟར་བྱའོ། །ལེའུ་འདིའི་བརྡ་དང་བརྡའི་ལན་རྣམས་ཀྱང་ལེའུ་བཅོ་ལྔ་པ་ལ་བཤད་པ་དང་འདྲའོ། །གསུམ་པ་ནི། ཕྱག་རྒྱ་སྟེ་བརྡ་དང་ཕྱག་རྒྱའི་ལན་ཏེ་བརྡའི་ལན། སྣོད་མིན་ལ་གསང་བའི་བརྡ་ཉིད་དོ། །དཔའ་བོ་ཧེ་རུ་ཀས་གསུངས་པ་སྡེ་སྟེ་རིགས་བཞིའི་མཚན་ཉིད་ཤེས་པར་བྱེད་པའོ། །བྷ་བ་བྷ་དྲས་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། དེ་ཐམས་ཅད་ཀྱི་བརྡའི་ཚིག་ཏུ་བཞེད་དེ། རྣལ་འབྱོར་མ་བཞིའི་རིགས་ཀྱི་བརྡ་ཐམས་ཅད་ལེའུ་འདིས་བསྟན་ཞེས་པའོ། །བཞི་པ་ནི། འདིར་རྣལ་འབྱོར་མའི་རྒྱུད་རྣམས་ཤེས་རབ་ཀྱི་ཕྱོགས་བདེ་སྟོང་དབྱེར་མེད་གཙོ་བོར་སྟོན་ལ། སྟོང་པ་དེ་ཁོ་ན་ཉིད་ཀྱི་ལྟ་བ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱས་པར་གཏན་ལ་ཕབ་པ་ལས་ལྷག་པ་ཅིག་བཤད་རྒྱུ་མེད་པ་ལ་དགོངས་ནས་རྒྱུད་རྣམས་སུ་མདོར་བསྡུས་ཏེ་གསུངས་སོ། །དེས་ན་བདེ་བ་ཆེན་པོ་རྩལ་དུ་བཏོན་ནས་འཆད་དགོས་པ་ལ་བདེ་ཆེན་འདྲེན་པའི་ཐབས་སུ་ནང་གི་རྡོ་རྗེ་ལུས་ཀྱི་གནད་ཆེ་སར་དམིགས་པ་གཏད་དེ་སྒོམ་པ་དང༌། ཤེས་རབ་མའི་གཟུགས་ཀྱི་རྣམ་པ་ཅན་ལ་བརྟེན་ནས་བདེ་ཆེན་འདྲེན་པ་གཉིས་ལས། སྔ་མ་ནི་བླ་མེད་ཀྱི་རྒྱུད་སྡེ་ཁྱད་པར་ཅན་རྣམས་ལས་མི་འདྲ་བ་མང་དུ་གསུངས་སོ། །ཕྱི་མ་ལ་ལས་རྒྱ་དང་


JLD008_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་འདྲེན་པ་གསུམ་ལས། དང་པོ་གཉིས་ནི་རྒྱུད་དུ་མ་ཞིག་ལས་འབྱུང་ལ། གསུམ་པ་ནི། སེམས་འགྲེལ་སྐོར་གསུམ་ལས་གསལ་བར་གསུངས་ཏེ། དེ་འདྲ་བ་དེ་རྒྱུད་འདིའི་དོན་ལ་ཡང་ཡོད་པ་ནི་བདེ་མཆོག་སྟོད་འགྲེལ་ལས་བཤད་དོ། །ལས་རྒྱའི་མཐར་ཐུག་ཡུལ་ཉེར་བཞི་སོགས་ཀྱི་ཕོ་ཉ་མོ་ཁྱད་པར་ཅན་དང་མྱུར་དུ་མཇལ་ཞིང་། དེ་ལ་བརྟེན་ནས་ལམ་གྱི་བགྲོད་པ་ཆེས་མྱུར་བ་ནི། ཕྱི་ནང་གི་དཀྱིལ་འཁོར་ལ་གནས་དེ་རྣམས་ཀྱི་དཔའ་བོ་དང་དཔའ་མོ་སྒོམ་ཚུལ་སོགས་དང༌། གཡོན་པའི་ཀུན་སྤྱོད་བསྟེན་ཚུལ་རྣམས་རྒྱུད་འདིའི་སྐོར་ནས་འབྱུང་བ་འདྲ་བ་གཞན་ནས་མི་འབྱུང་བས། བདེ་མཆོག་གི་ཁྱད་ཆོས་ཆེན་པོར་ཤེས་པར་བྱའོ། །དེས་ན་ཕོ་ཉ་མོ་ཁྱད་པར་ཅན་དང་འདུ་བའི་སྐོར་ལ་ལེའུ་མང་དུ་གསུངས་ཤིང༌། མགོ་མཇུག་ཀུན་ཏུ་ཕོ་ཉའི་དྲིན་གྱིས་ལམ་བགྲོད་ལུགས་ཡང་དང་ཡང་དུ་གསུངས་སོ། །དེའི་ཕྱིར་རྒྱུད་འདིར་ཚིག་ཟིན་ལ་ཀྱེ་རྡོར་བཞིན་དུ་བདེ་བའི་ཚིག་མི་མང་ཡང༌། སྔར་བཤད་པ་རྣམས་བདེ་བ་ཆེན་པོ་ཉིད་ལ་བསྐོར་ནས་འོང་བས། བདེ་ཆེན་རྩལ་དུ་བཏོན་ནས་མི་འཆད་པ་མིན་ནོ། །དེས་ན་རྒྱུད་གཞན་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོར་གྱུར་པ་རྣམས་ངེས་པར་གྱིས་ཤིག །ཡང་རྒྱུད་འདིའི་དོན་ཆོས་ཉིད་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་མོ་ལ་དམིགས་པས། ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ངེས་དོན་གྱི་མཐར་ཐུག་དྲིལ་བུ་པས་རིམ་ལྔར་གསུངས་པ་ནི། དེའི་རྣམ་


JLD008_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ། །ལྔ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྒྱུད་ལས། སྡེ་སྟེ་རིགས་བཞི་ཐམས་ཅད་ཀྱི་མཚན་ཉིད་དེ་མཚོན་པར་བྱེད་པའི་བརྡའི་ཚིག་གི་བརྡར་བཏགས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ཉི་ཤུ་རྩ་བཞི་པའི་བཤད་པའོ།། ༈ །། བཞི་པ་རྩ་སྔགས་བསྟན་ཞིང་བསྲུང་བའི་དམ་ཚིག་རྒྱས་པར་བཤད་པ་ལ་གཉིས། རྩ་སྔགས་གསལ་བར་བཤད་པ་དང༌། དམ་ཚིག་བརྒྱད་བསྟན་པའོ། །དང་པོ་ལ་གསུམ། རྩ་སྔགས་གསལ་བར་མ་བྱས་པའི་ཚུལ། ལེའུ་འདིར་རྩ་སྔགས་གསལ་བར་མཛད་ཚུལ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཉེར་བཞི་པའི་རྗེས་དེ་ནས་སེམས་ཅན་ཀུན་གྱི་དོན་རྣམས་སྒྲུབ་པར་བྱེད་པ་མངོན་པར་འདོད་པར་བྱ་བ་ནི་བདེ་མཆོག་གོ། དེའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་ལ་རྩ་བའི་སྔགས་གསལ་བར་བྱའོ་ཞེས་སྦྱར་རོ། ། སྔགས་ཇི་ལྟ་བུ་ཞེ་ན། སྣོད་མིན་ལ་སྦ་བར་བྱ་བའོ། །བརྒྱད་མཐའ་ནི་ཡ་ནས་བགྲངས་པའི་བརྒྱད་པ་ཧའོ། །ཧ་དེར་སྦྱར་བ་ནི་ཨུ་ཐིག་ལེ་དང་བཅས་པར་བྱ་ཞེས་པ་ཧུཾ་སྟེ་ལྭ་བ་པའི་བཞེད་པའོ། །དེ་ལ་རྩ་སྔགས་ཀྱི་མགོར་ཨོཾ་དང་མཐར་ཧུཾ་ཧུཾ་ཕཊ་སྦྱོར་བ་ནི་སྔར་ལེའུ་བདུན་པར་བཤད་ཟིན་པས། འདིར་ཧུཾ་བསྟན་པ་ནི་རྐང་པ་བརྒྱད་དང་ཉེར་བཞི་པོ་རེ་རེའི་མཐར་ཧུཾ་ཧུཾ་ཕཊ་སྦྱོར་བ་སྟེ་མགོ་བོའི་ཨོཾ་ཡང་ཤེས་པར་བྱའོ། །སྦས་པ་དེ་དགོས་པ་གང་གི་ཕྱིར་ཡིན་ཞེ་ན།


JLD008_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ལ་སོགས་པ་ཐེག་པ་ཆེན་པོ་གསང་སྔགས་ལ་མོས་པ་དམན་པ་དག་དང༌། མུ་སྟེགས་རྨོངས་པ་དོན་ཟབ་མོ་མི་ཤེས་པའི་སེམས་དང་ལྡན་པ་རྣམས་ཀྱིས་སྨོད་པ་བསྲུང་བའི་དོན་དུ་སྦས་སོ། །གཉིས་པ་ལ་གཉིས། དྲང་བའི་དོན་དུ་བཤད་པ་དང༌། ངེས་པའི་དོན་དུ་བཤད་པའོ། །དང་པོ་ནི། དེ་ལ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་གསལ་བར་གསུངས་པའི་གསང་སྔགས་ནི་འདི་ཡིན་ཏེ་ཞེས་པའི་འགྱུར་ལྟར་ན། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ངོ་བོར་གྱུར་པའི་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་པའོ། །ལོ་ཆེན་གྱི་འགྱུར་ལས། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་མི་གསལ་བར་གསུངས་པའི་ཞེས་འབྱུང་ལ། དཀའ་རྒྱས་ཀྱི་འགྲེལ་བར་ཡང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྔགས་ཀྱི་མཐའ་རྣམས་མ་གསུངས་ཞེས་འཆད་དོ། །ཨོཾ་ནི་ཨ་དང་ཨུ་དང་མ་གསུམ་གཅིག་ཏུ་བསྡུས་པ་སྟེ་རྡོ་རྗེ་གསུམ་གཅིག་ཏུ་བསྡུས་པ་བསོད་ནམས་ལེན་པའོ། །ན་མོ་ནི་ཕྱག་འཚལ་བའོ། །བྷ་ག་ཝ་ཏེ་བཅོམ་ལྡན་འདས་དང་ལྦཱི་རེ་ཤཱ་ཡ་དཔའ་བོའི་དབང་ཕྱུག་གོ། མ་ཧྭ་ཀལྤ་བསྐལ་པ་ཆེན་པོ། པ་ལ་ཞུགས་པའི་ཨ་དང་སྦྱར་བའི་ཨགྣི་མེ། སཾ་ནི་བྷ་ཡ་དེ་དང་མཚུངས་པའོ། །ཛ་ཊཱ་རལ་པ་མུ་ཀུ་ཊ་ཅོད་པན། ཊའི་ན་རོར་འགྲོ་རྒྱུའི་ཨུ། ཏ་ཀ་ཊཱ་ཡ་དང་སྦྱར་བ་ནི་སྟེང་དུ་བཅིངས་པའམ་བརྫེས་པའམ་མི་བཟད་པ་ཅན་ནོ། དཾཥྚྲ་མཆེ་བ་ཀ་རཱ་ལ་གཙིགས་པ། ཨུ་གྲ་དྲག་པོའི་དྲག་ཤུལ་ཅན་བྷཱི་ཥ་ན་འཇིགས་པ་མུ་ཁཱ་ཡ་ཞལ་ལོ། །ས་ཧ་སྲ་སྟོང་ཕྲག་བྷུ་ཛ་ཕྱག་བྷཱ་སུ་རཱ་ཡ་འབར་བའི་


JLD008_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཅན་ནོ། །པར་ཤུ་དགྲ་སྟ་པཱ་ཤ་ཞགས་པ་ཨུ་ཏྱ་ཏ་གདེངས་པའམ་འཕྱར་བ། ཤཱུ་ལ་མདུང་ཁ་ཊྭཱཾ་ག་དྷ་རི་ཎི་ཁ་ཊྭཱཾ་ག་འཛིན་པའོ། །བྱཱ་གྷྲ་སྟག་ཨ་ཛི་ན་པགས་པ་ཨཾ་བ་ར་གོས་དྷ་རཱ་ཡ་འཛིན་པའོ། །མཧཱ་ཆེན་པོ་དྷཱུ་མྦྲ་དུ་བ་ཨནྦྷ་ཀཱ་ར་ནི་ཁ་ཅིག་མཐར་བྱེད་པ་ལ་འཆད། ཁ་ཅིག་མུན་པའི་རྣམ་པ་ལ་འཆད་དོ། །ཝ་བུ་ཥཱ་ཡ་ནི་སྐུ་ལའོ། །ཀ་ར་གཉིས་ནི་གྱིས་གཉིས་དང༌། ཀུ་རུ་གཉིས་ནི་མཛོད་གཉིས་དང༌། བྷནྔྷ་གཉིས་ནི་ཆིངས་གཉིས་དང༌། ཏྲཱ་ས་ཡ་གཉིས་ནི་སྐྲག་པར་གྱིས་གཉིས་དང༌། ཀྵོ་བྷ་ཡ་གཉིས་ནི་བསྐྱོད་པར་གྱིས་གཉིས་དང༌། ད་ཧ་གཉིས་བསྲེགས་གཉིས་དང༌། པ་ཙ་གཉིས་ཆོས་གཉིས་དང༌། བྷ་ཀྵ་གཉིས་ཟོ་གཉིས་དང༌། བ་ས་ཞག །རུ་དྷི་ར་ཁྲག །ཨནྟྲ་རྒྱུ་མ་མཱ་ལཱ་བ་ཕྲེང་བ་ལམྺི་ནེ་འཕྱང་བ། གྲིཧྣ་གཉིས་ཟུང་གཉིས་དང༌། སཔྟ་བདུན་པཱ་ཏཱ་ལ་ས་འོག་ག་ཏ་གནས་བྷུ་ཛཾ་གཱཾ་ལག་འགྲོ། སརྦཾ་བཱ་སྦྲུལ་རྣམས་སོ། །ཏ་རྫ་ཡ་གཉིས་བསྡིགས་གཉིས། ཨཱ་ཀཌྜྷ་གཉིས་ན་ཁུག་གཉིས་སོ། །རྩ་སྔགས་ལ་མངོན་བརྗོད་ལས་འདིར་བཤད་པ་ལྟར་རྐང་བརྒྱད་མགོ་ལ་བཏགས་པ་གཅིག་དང༌། མ་བཏགས་པ་ཀ་ར་སོགས་མན་ཆད་ལ་བྱས་པ་གཅིག་སྟེ་གཉིས་དང༌། རྡོ་རྗེ་མཁའ་འགྲོ་དང་ཧེ་རུ་ཀ་མངོན་འབྱུང་ལས། རྐང་བརྒྱད་མགོ་ལ་མ་བཏགས་པར་ཀ་ར་སོགས་མན་ཆད་ལ་བྱས་པ་སྟེ་མི་འདྲ་བ་འགའ་ཞིག་ཡོད་དོ། །གཉིས་པ་ལ་གཉིས། སྔགས་བརྒྱད་ཆན་དང་པོའི་ངེས་དོན་དང༌། བརྒྱད་ཚན་ཕྱི་མ་གཉིས་ཀྱི་ངེས་དོན་ནོ། །དང་པོ་ནི། ཀ་ར་ཀ་ར་མན་ཆད་ཀྱི་རྩ་སྔགས་ལ་ངེས་དོན་གྱིས་བཤད་པ་བཤད་རྒྱུད་ལས་གསུངས་པ་ནི། སྔར་ལེའུ་དགུ་པར་རྩ་སྔགས་ཀྱི་དེ་ཉིད་མི་ཤེས་


JLD008_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པར་དངོས་གྲུབ་འདོད་པ། འབྲས་འདོད་པས་ཕུབ་མ་བརྡུང་བ་དང་འདྲ་ཞིང༌། སྔགས་ཀྱི་དེ་ཉིད་མི་ཤེས་པར་རྣལ་འབྱོར་པར་འདོད་པ་ངལ་བ་དོན་མེད་པར་གསུངས་པའི་སྔགས་ཀྱི་དེ་ཉིད་ཤེས་པ་ཡིན་པས་གལ་ཆེའོ། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། སྔོན་བསགས་ལས་ནི་མཐར་བྱེད་པ། །མེ་དང་བཅས་ཏེ་ལན་གཉིས་བཟླས། །ཀུ་རུ་ཀུ་རུ་སེམས་པ་བྲལ། ཞེས་གསུངས་སོ། །དེ་ལ་དྲང་དོན་གྱི་སྔོན་བསགས་ནི་གསལ་བྱེད་ཀྱི་སྡེ་པའི་སྔོན་མ་ཀ་དང༌། དེའི་མཐར་མེ་སྟེ་ར་དང་བཅས་པའི་ཀ་ར་གཉིས་སོ། །ངེས་དོན་ནི་སྔོན་མ་ནི་སྔོན་བསགས་པའི་མཚམས་མེད་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པའོ། །དེ་ཉིད་མེ་དང་བཅས་པ་ནི་མེ་ལྟར་རྣམ་སྨིན་རྩུབ་པའོ། །ཀ་ར་གཉིས་ཚོགས་ནི་བྱེད་པ་སྟེ་སྒྲིབ་པ་དེ་ཟད་པའི་མཐར་བྱེད་པའོ། ། ལན་གཉིས་ནི་མཚོན་པ་སྟེ་སྒྲིབ་པ་ཟད་པར་བྱེད་པ་དེ་ཡང་དང་ཡང་དུ་བྱས་པའི་དོན་ནོ། །ཡང་ན་ཀ་དང་ར་གཉིས་མ་ཚོགས་པར་ཕྲལ་བ་ནི་ཟད་པར་བྱ་རྒྱུ་སྟོན་པ་ལ་སྦྱར་རོ། །འོ་ན་ལས་སྒྲིབ་ཟད་པར་བྱེད་པ་དེ་ཇི་ལྟར་བྱ་སྙམ་པ་ལ་ལས་ངན་པ་ཐམས་ཅད་ཀྱི་རྩ་བ་གཟུང་འཛིན་བདེན་པར་ཞེན་པའི་སེམས་པ་སྟེ་ཆགས་པའི་བློ་དང་བྲལ་བར་བྱོས་ཤིག་ཅེས་པ་ནི་ཀུ་རུའི་དོན་ཡིན་ལ། ལན་གཉིས་སྨོས་པ་ནི་སྔར་བཞིན་ནོ། །ཡང་རལ་པ་གྱ་གྱུ་བྷནྡྷཱ་གསལ། །དེ་ནི་སླར་ཡང་བཟླས་པར་བྱ། །འཇིག་རྟེན་གཟུགས་དང་བྲལ་བ་ཡི། །ཏྲཱ་ས་ཡ་ཞེས་བྱ་བ་བརྫུན། །དམ་པ་དེ་ནི་ལན་གཉིས་བཟླ། །ཀ་ཥ་ཤེས་བྱ་ཨོ་སྒྲར་ལྡན། །གློ་ན་བྷ་ཡ་ཡང་དག་གནས། །དེ་ཡང་སླར་ནི་བཟླས་པར་བྱ། །


JLD008_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །རལ་པ་གསལ་བ་བཅིངས་པ་ཞེས་བོས་ནས། སྡང་བ་རྣམས་ཆིངས་ཤིག་ཅེས་པའི་ངེས་དོན་ནི། རལ་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཚོགས་སོ། །གྱ་གྱུ་ནི་དོན་དམ་པར་རང་བཞིན་ཅི་ཡང་མེད་བཞིན་དུ་ཀུན་རྫོབ་ཏུ་བདེན་པར་ཡོད་པར་སྣང་བའོ། །དེ་དག་བཅིངས་པ་ནི་བདག་མེད་པའི་འཁོར་ལོས་དོན་དམ་པར་གཅིག་ཏུ་བྱ་བ་སྟེ་དབྱེར་མེད་པར་རོ་གཅིག་ཏུ་བྱ་བ་ཡིན་ལ། ལན་གཉིས་སུ་བཟླས་པ་ནི་སྔར་བཞིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཞལ་ཕྱག་ལ་སོགས་པའི་མཚན་མ་དང་བཅས་པའི་ཚུལ་གྱིས་སྒོམ་པས་ནི་འཁོར་བ་ཉིད་དུ་འགྱུར་རོ་ཞེ་ན། འཇིག་རྟེན་ཀུན་གཟུགས་ཏེ་ངོ་བོ་ཉིད་དང་བྲལ་བར་བསྟན་པས། དངོས་པོར་མངོན་པར་ཞེན་པ་རྣམས་ཡིད་གདུང་བའི་སྐྲག་པར་གྱིས་ཞེས་པ་ནི། ཏྲཱ་ས་ཡའི་དོན་དང་ལན་གཉིས་སྨོས་པ་ནི་སྔར་བཞིན་ནོ། །དེས་ན་ལྷ་ཞལ་ཕྱག་ལ་སོགས་པའི་རྣམ་པ་ཅན་དུ་བསྒོམས་ཀྱང་འཁོར་བ་ལས་མི་གྲོལ་བ་མིན་ནོ། །བརྫུན་གྱི་སྐད་དོང་ཨ་ལི་ཀ་དོན་གཉིས་ལ་འགྲོ་བའི་བརྫུན་ལ་བྱས་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་ཚད་མས་དཔྱོད་ན་ངོ་བོ་ཉིད་མེད་ཀྱང་འཇིག་རྟེན་སྐྲག་པ་སྤང་བའི་ཕྱིར། ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་བཞིན་གྱི་བརྫུན་པ་སྒྱུ་མ་ལྟ་བུར་ཡོད་དོ་ཞེས་བསྟན་པར་བྱའོ། །ཡང་ན་ཨ་ལི་ཀ་ཕྱུགས་ལ་བྱ་སྟེ་ཕྱུགས་དང་འདྲ་བའི་བླུན་པོ་རྣམས་སྐྲག་པར་གྱིས་ཤིག་པའོ། །ཀ་དང་ཥ་བརྩེགས་པ་ནི་ཀྵའོ། །དེ་ཨོ་དང་ལྡན་པས་ཀྵོའོ། །ཀ་ཤ་གཉིས་ནི་བདར་ཏེ་བདར་རྡོ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དོན་དམ་པའི་


JLD008_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་བདར་བ་སྟེ་རྣམ་པར་དཔྱད་པར་བྱའོ། །ཇི་ལྟར་ཨོ་ཞེས་བྱ་བ་ཨ་དང་ཨུའི་ཆ་གཉིས་པ་ཡིན་པ་བཞིན་དུ། ཤེས་རབ་དང་ཐབས་ཀྱི་ཆ་གཉིས་ཡིན་ལ། སྒྲ་ནི་ཐབས་ཤེས་དེ་ཉིད་ཉམས་སུ་མྱོང་བ་སྟེ་དེ་དང་ལྡན་པའོ། །ཐབས་ཤེས་དེ་ཉིད་གསལ་བར་སྟོན་པ་ནི། བྷ་ཡ་ནི་བྷ་ག་སྟེ་ཤེས་རབ་བོ། །དེ་ཀྵོ་ཡི་གློ་གནས་པ་ནི་ཀྵོ་དང་མཚུངས་པ་སྟེ་མཉམ་པར་ཞུགས་པའི་ཀུན་རྫོབ་ཀྱི་བདེན་པའོ། །འདི་ལྟར་བདར་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་ལ། གསེར་ལྟ་བུའི་དོན་དམ་པའི་བདེན་པ་ལྟར་རྣམ་པར་དཔྱད་ན། རྡོ་ལ་གསེར་གྱི་རི་མོ་ཆགས་པ་ལྟར་བདེན་པ་གཉིས་མཚུངས་ཤིང་དབྱེར་མེད་པར་འགྱུར་རོ། །ཡང་ན་ཀ་ཤ་ཞེས་པ་བདར་བ་སྟེ་དེ་ཡང་ཚད་མའོ། །ཚད་མས་རྣམ་པར་དཔྱད་ཅིང་བདར་ན་གསེར་ལྟ་བུ་ཀུན་རྫོབ་ཀྱི་བདེན་པ། རི་མོ་ལྟ་བུའི་དོན་དམ་པའི་བདེན་པར་ཟད་ཅིང་མཐར་གཏུགས་པར་འགྱུར་རོ། །དེ་ཡང་ལུང་གི་ཚད་མ་འབའ་ཞིག་གིས་མ་ཡིན་པར་བསྟན་པའི་ཕྱིར། ཨོ་སྒྲར་ལྡན་ཞེས་གསུངས་ཏེ། ཨོ་ཞེས་པ་དད་པས་འཇུག་པའོ། །སྒྲ་ཞེས་པ་ལུང་ངོ༌། །ལྡན་པ་ནི་རིགས་པས་དཔྱད་པ་སྟེ། འདིར་ལུང་དང་རིག་པས་དཔྱད་ནས་ཁས་བླང་གི། དད་པ་ཙམ་གྱིས་ནི་མ་ཡིན་ནོ། །བྷ་ཡ་ནི་བྷ་བ་སྟེ་སྲིད་པ་ཡིན་ལ། གནས་པའི་སྐད་དོད་ནི་ཟད་པར་ཡང་འདྲེན་ཏེ། རིག་པས་རྣམ་པར་དཔྱད་ཅིང་བདར་ན། གཟུང་བ་ལ་སོགས་པའི་སྲིད་པའི་ཞགས་པ་ཟད་པར་འགྱུར་ཞེས་བྱ་བའི་དོན་ནོ། །ཡང༌། ས་ཡི་མཐར་ནི་


JLD008_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་སྟན་གནས། །མདའ་བཅུ་ཟླ་དུམ་ཐིག་ལེས་དགང༌། །དེ་ཡང་སླར་ནི་བརྗོད་པར་བྱ། །འོད་བྱེད་སྦྱངས་པ་ས་ཡི་མཐའ། །གཤེགས་སུ་གསོལ་བ་གློ་ན་གནས། །ཉིས་འགྱུར་དུ་ནི་བྱ་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་དགོས་པ་དང༌། དེ་ཡང་ལས་སྒྲིབ་ཀྱི་རྩ་བ་བདེན་ཞེན་ཟད་དགོས་པ་དང༌། དེ་ཟད་པ་ལ་བདེན་འཛིན་ཅན་རྣམས་སྐྲག་པར་བྱེད་པའི་བརྫུན་པ་སྒྱུ་མ་ལྟ་བུ་དང༌། བདེན་གཉིས་དབྱེར་མི་ཕྱེད་པར་རྟོགས་དགོས་པ་དང༌། དེ་ཡང་ལུང་ཙམ་སྐྱབས་སུ་གྱུར་པ་མིན་པར། ངེས་དོན་གྱི་ལུང་དོན་རིགས་པས་ལེགས་པར་གཏན་ལ་ཕེབས་དགོས་པར་བསྟན་ནས། ད་ནི་དེ་དང་བདེ་བ་གཉིས་སྦྱར་དགོས་པ་སྟོན་པ་ལ། ཧྲཽ་ཞེས་སོགས་ཀྱི་ངེས་དོན་ནི། ཧ་དང་དེའི་ར་སྟ་དང་དེ་གདན་དུ་བྱེད་པ་དང༌། མགོའི་ན་རོ་དང་ཟླ་ཕྱེད་དང་ཐིག་ལེ་རྣམས་བཤད་པས་སྔར་བསྟན་པའི་ཐབས་ཤེས་གསལ་བར་བྱེད་དོ། །དེ་ལ་ར་ནི་ཉི་མའི་ས་བོན་ཡིན་པས་ཉི་མ་ཞེས་བྱ་སྟེ། དེ་ཡང་ཐབས་ཀྱི་རྡོ་རྗེ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པའི་ཕྱིར་རོ། །ཉི་མ་དེའི་སྟན་ནི་ཤེས་རབ་མའི་ཆོས་འབྱུང་སྟེ་རྡོ་རྗེ་གནས་སུ་གྱུར་པའི་ཕྱིར་རོ། །ཤ་ཥ་ས་ཧ་ཞེས་པའི་སའི་མཐའ་ནི་ཧ་ཡིན་ལ། དེ་ནི་ཉི་མ་དང་སྟན་གྱི་སྦྱོར་བའི་ལུས་ཐམས་ཅད་ལ་ཁྱབ་པར་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟ་བུའོ། །ཧའི་སྤྱི་བོར་གནས་པའི་ཟླ་ཕྱེད་ནི་སྤྱི་གཙུག་ནས་བྱང་སེམས་དང་པོར་འཛག་པའོ། །དེས་ཅི་ཞིག་བྱ་ཞེ་ན། མདའི་སྐད་དོད་བཱ་ན་ནི་ནགས་ཚལ་ལ་ཡང་འཇུག་པ་འདིར་ཕུང་པོ་ལྔའོ། །བཅུ་ནི་དབང་པོ་ལྔ་


JLD008_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་ལྔ་ཡིན་ལ། དེ་ནི་མ་ནིང་བཞི་དོར་བའི་བཅུ་པ་ཨཽ་ཧ་ལ་ཞུགས་པ་སྟེ་ནཱ་རོའི་དོན་ཡང་དེར་འདུས་སོ། །དུམ་བུ་ནི་དེ་རྣམས་དུ་མར་སྣང་བའོ། །ཐིག་ལེ་ནི་སྟོང་ཉིད་རྟོགས་པའི་རི་མོའོ། །དེས་དགང་བ་ནི་དབང་ཡུལ་དང་ཕུང་པོ་ལ་སོགས་པ་རྣམས། སྟོང་ཉིད་རྟོགས་པའི་རི་མོ་བྲིས་ནས་དེར་རོ་གཅིག་ཏུ་བྱས་པའོ། །དེ་རྣམས་ཀྱིས་ནི་ཉི་སྟན་གཉིས་མཉམ་པར་སྦྱོར་བ་ལས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ནང་དུ་གནས་པའི་ཚེ། རྣམ་པར་རྟོག་པའི་རང་བཞིན་ཐམས་ཅད་ནུབ་ནས། ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་པར་འགྱུར་རོ་ཞེས་སྟོན་ཏེ། དེ་འདྲ་བའི་ལྷན་སྐྱེས་ཀྱི་བདེ་བ་རྙེད་པ་ན། སྔར་གཏན་ལ་ཕབ་པའི་སྟོང་ཉིད་དང་སྦྱོར་བའི་དོན་ནོ། །དེ་དག་ནི་ཧྲཽཾ་གི་དོན་ཡིན་ལ་དེ་ལན་གཉིས་སྨོས་པ་ནི་དོན་དེ་ཡང་དང་ཡང་དུ་གོམས་པའོ། །ཧྲཿཞེས་པའི་སའི་མཐའ་ཧའི་དོན་སྔར་དང་འདྲ། ར་སྟ་ནི་འོད་བྱེད་པ་མེ་སྟེ་ཤེས་རབ་ཀྱི་ཁྲག་གོ། སྦྱངས་པ་ནི་རྩ་རྒྱུད་ལས་འོད་བྱེད་གདན་དུ་བྱས་པར་གསུངས་པའི་དོན་ཏེ་བྱང་སེམས་གཉིས་འདྲེས་པའོ། །ཚེག་དྲག་གཉིས་ནི་གཤེགས་སུ་གསོལ་བ་སྟེ་ཁུ་ཁྲག་གཉིས་ཡུམ་གྱི་པད་མར་ཕབ་པའོ། །དེ་གཉིས་གློ་ན་གནས་པ་ནི་ཟོས་པ་སྟེ་ལོངས་སྤྱད་པས་ཚིམ་པའོ། །ཧྲཿལན་གཉིས་སྨོས་པ་སྔར་བཞིན་ནོ། །ཡང༌། ཟླ་གཞོན་ཐིག་གསལ་ཕེ་ཞེས་བྱ། དེ་ཡང་སླར་ནི་བཟླས་པར་བྱ། །ཞེས་གསུངས་ཏེ། ཕེ་ནི་འཛིན་པ་དོན་དམ་པར་མེད་པའོ། །དེ་མེད་ན་དངོས་པོ་འདི་དག་གང་གི་གཟུང་བར་འགྱུར་ཏེ། དེ་ནི་དེ་ལ་ལྟོས་པའི་ཕྱིར་རོ། །ཟླ་བ་གཞོན་


JLD008_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་སྟེ་ཟླ་ཚེས་དང་ཐིག་ལེས་ཕེའི་སྟེང་དུ་བརྒྱན་ཏེ་ཐིག་ལེ་ནི་སྐར་མའོ། །གཉིས་པོ་དེས་ནི་རང་ཉིད་གསལ་ནུས་ཀྱི་གཞན་མིན་ཏེ། འདི་ལྟར་དེ་དག་ཤར་དུ་ཟིན་ཀྱང་འགྲོ་བ་ཐམས་ཅད་མུན་པ་དང་བཅས་པར་མིག་གིས་མངོན་སུམ་དུ་མཐོང་བའི་ཕྱིར། དེ་དག་གིས་མུན་པ་གསལ་བར་ནུས་པ་མ་ཡིན་ནོ། །འོ་ན་གང་གིས་ཤེ་ན། རང་དང་གཞན་གཉིས་ཀ་གསལ་བའི་ཟླ་བ་ཉ་གང་བ་འབའ་ཞིག་ཤར་བས་སོ། །དེས་འདི་སྐད་དུ་སྟོང་པའི་རི་མོའི་བདག་མེད་པ་ཟླ་བ་ཚེས་པ་ལྟ་བུ་འབའ་ཞིག་གིས་ཀྱང༌། འགྲོ་བའི་དོན་ཇི་ལྟ་བ་བཞིན་ནུས་པ་མ་ཡིན་ལ། སྐར་མ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་ལྷའི་སྐུ་འབའ་ཞིག་གིས་ཀྱང་མ་ཡིན་ཏེ། གཞན་དུ་ན་བདེན་པ་གཉིས་གཉིས་སུ་མེད་པའི་ཟུང་འཇུག་གི་སྐུ་ཟླ་བ་ཉ་གང་བ་ལྟ་བུ་འབའ་ཞིག་གིས་ནུས་སོ། །ཞེས་སྟོན་ནོ། །སླར་ནི་བཟླས་པ་བྱ་ཞེས་པའི་དོན་ནི། །ཇི་ལྟར་ཟླ་བ་ཉ་གང་བ་དང་འགྲོགས་ན་སྐར་མས་ཀྱང་མུན་པ་སེལ་བ་ལྟར། གཉིས་སུ་མེད་པའི་ཟུང་འཇུག་གི་སྐུའི་རྗེས་སུ་འབྲང་བའི་བྱ་བ་ཐམས་ཅད་དེ་བཞིན་ནོ། ཞེས་བྱ་བའི་དོན་ནོ། །དེ་ལྟར་ན་ཟླ་ཚེས་ཀྱིས་མཚོན་བའི་སྟོང་ཉིད་འོད་གསལ་གྱི་ཡེ་ཤེས་དང༌། ཐིག་ལེ་སྐར་མ་ལྟ་བུས་མཚོན་པའི་སྒྱུ་མའི་ལྷའི་སྐུ་རེ་རེ་བ་མིན་པར་གཉིས་ཀ་ཚོགས་པ་ནི་ཟུང་འཇུག་དང༌། དེ་གཉིས་གང་ལ་ཚོགས་པའི་ཕེ་ནི་འོད་གསལ་སྟོང་པའི་བདག་ཉིད་ཀྱི་ཟུང་དུ་འཇུག་པའི་གང་ཟག་གོ། སྔ་མ་རྣམས་ཀྱིས་བདེ་སྟོང་དབྱེར་མེད་དགོས་པར་བསྟན་ལ། འདིས་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་དགོས་པར་སྟོན་ནོ། །གཉིས་


JLD008_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཕཊ་ནི་བདག་མེད་པ་འོད་གསལ་གྱི་ཡེ་ཤེས་སོ། །ད་ཧ་ནི་མཚན་འཛིན་གྱི་རྣམ་རྟོག་གི་ཤིང་བསྲེགས་ཤིག་པའོ། །པ་ཙ་ནི་ཟག་བཅས་ཀྱི་ཕུང་པོ་ཚོས་ཤིག་པའོ། །བྷ་ཀྵ་ནི་རྣམ་རྟོག་གི་བདུད་ཟོ་ཤིག་པ་སྟེ། སྔར་གྱི་བདེ་སྟོང་གི་ཡེ་ཤེས་ཀྱིས་འདི་རྣམས་འཇོམས་པའི་དོན་ནོ། །བ་ས་ནས་ལམྦི་ནི་ཡི་བར་ནི་ལྷ་ལ་བསྟོད་ཅིང་བོད་པའོ། །གྲིཧྣ་དང་ཏརྫ་ཡ་ནི་ཟུང་ལ་བསྡིགས་པ་སྟེ་ཚར་ཆོད་ཅིག་ཅེས་པའོ། །གང་འཛིན་ན་ས་པྟ་ནས་སརྦཾ་བཱ་སྟེ་ས་འོག་རིམ་པ་བདུན་གྱི་སྦྲུལ་གདུག་པ་དང་འདྲ་བའི་མཚན་འཛིན་གྱི་རྣམ་རྟོག་གོ། འདི་དག་ཟུང་ལ་ཚར་ཆོད་ཅིག་ཅེས་པའོ། །ཡང་ཨཱ་ནི་ཨ་ཀ་ར་སྟེ་རྣམ་པའོ། །ཀ་ནི་མིད་པ་སྟེ་རྣམ་པ་སྣ་ཚོགས་པ་རྣམས་རོ་གཅིག་པར་མིད་པར་བྱའོ་ཞེས་པའོ། །མིད་པ་དེ་ཅི་ཞིག་ཏུ་མིད་ཅེ་ན། ཌྜྷ་ནི་སེམས་ཏེ་དེར་མིད་པར་བྱའོ། །སེམས་རྣམ་པ་དང་བཅས་པར་སྨྲ་བ་དང༌། རྣམ་པ་མེད་པར་སྨྲ་བ་གཉིས་ཀ་ཡང་སྐྱོན་དང་བཅས་པས། རྣམ་ཐར་གསུམ་གྱི་བདག་ཉིད་རང་བཞིན་གྱིས་འོད་གསལ་བར་ཡའི་དོན་ལུང་དང་རིགས་པས་གཏན་ལ་ཕབ་སྟེ་བསྒོམ་ཞེས་པའོ། །དེ་ནི་རྡོ་རྗེ་མཁའ་འགྲོར་ཨཱ་ཀཌྜྷ་ལ་ཡ་བཏུས་པའི་བཤད་པ་ཡིན་ལ། རྩ་རྒྱུད་དུ་ཡ་བཏུས་པ་མེད་དོ། །ཧྲཱིཾ་གི་ཧ་ནི་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཧེ་རུ་ཀ་སྟེ་ཐབས་སོ། །ར་སྟ་ནི་ཉི་མ་སྟེ་ཤེས་རབ་བོ། །ཨཱི་ནི་དབྱངས་བཞི་པ་སྟེ་ཧེ་རུ་ཀའི་ལྷག་མའི་རིགས་བཞི་ཆར་གྱི་བདག་ཉིད་དོ། །ཐིག་ལེ་ནི་འོག་ནས་འབྱུང་བ་དང་འདྲའོ། །ལན་གཉིས་སྨོས་པ་ནི་ཐབས་ལ་ཤེས་རབ་ཀྱི་ཆ་སྦྱར་


JLD008_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཛྞཽ་ནི་རྡོ་རྗེ་མཁའ་འགྲོ་མ་བཏུས་ལ་རྩ་རྒྱུད་དུ་བཏུས་པ་ལྟར་ན། ཛྞ་ནི་ངེས་ཚིག་གི་ཚུལ་གྱིས་ཛྙཱ་ན་སྟེ་ཡི་ཤེས། ཨོ་ནི་དབྱངས་ཀྱི་བཅུ་པ་སྟེ་དབང་པོ་ལྔ་དང་དོན་ལྔ། ཟླ་ཚེས་ཕུང་ཁམས་སྐྱེ་མཆེད་ཀྱི་དབྱེ་བ། ཐིག་ལེ་དེ་ཐམས་ཅད་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་རོ་གཅིག་པའི་དོན་ནོ་གསུང་ངོ༌། །ཀྵྨཾ་གི་ཀཾ་ནི་བདེ་བའོ། །ཤའམ་ཥ་ནི་བདེ་བ་དེ་ཉམས་སུ་མྱོང་བ་སྟེ་བདེ་བ་ཆེན་པོ་རང་གིས་རིག་པའི་ཡེ་ཤེས་ནི་ཀྵའོ། །མ་ནི་སྡེ་པ་ལྔ་པ་སྟེ་བཟུང་འཛིན་གྱི་སྤྲོས་པ་ལྔ་མཚོན་ནོ། །པ་སྡེའི་མཐར་གནས་པའི་མཐའ་ནི་སྤྲོས་པ་མེད་པའི་མཐར་གཏུགས་པའོ། །ཨཱ་རིང་པོ་ནི་བདེ་བའི་རྣམ་པའོ། །ཐིག་ལེ་ནི་སྟོང་ཉིད་དོ། །མ་དེ་ཀྵའི་སྟན་དུ་བྱས་པ་ནི་འདི་ལ་བདེ་བ་ཡོད་པས་ན་སྟན་ཏེ་བྱང་ཆུབ་ཀྱི་སེམས་སོ། །སྟན་དེ་ལ་ཀྵ་གནས་པ་ནི་ལྷན་སྐྱེས་ཀྱི་བདེ་བ་འབྱུང་བའི་ཚུལ་དུའོ། །ལན་གཉིས་སྨོས་པ་ནི་འགྲོ་བ་རྣམས་བདེ་བ་ཆེན་པོའི་རང་བཞིན་ཅན་ཡིན་ན། དྲི་མས་བསྒྲིབས་པས་དེ་ཁོ་ན་ཉིད་མི་ཤེས་པར་ཟད་དོ་སྙམ་དུ་ཡིད་ཀྱི་རྟོག་པ་ཙམ་གྱིས་ཀྱང་དྲན་པར་བྱའོ། །ཧཾ་གི་ཧ་ནི་ནཱ་ད་སྟེ་སྒྲ་གཉིས་ཀྱི་ཚུལ་ཅན་ཡིན་པས་ན་ཨཱ་རིང་པོ་དང་སྦྱར་བའོ། །ཧ་དང་ཟླ་ཚེས་དང་ཐིག་ལེ་གསུམ་དུ་སྦྱར་བ་སྟེ་དེ་རྣམས་ནི་སྔར་བཤད་པ་བཞིན་ནོ། །ཧིཾ་གྱི་དབྱངས་གསུམ་པ་ཨི་ནི་ཡེ་ཤེས་གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་རྟོགས་པར་འགྱུར་བའོ། །ཧཱུཾ་གྱི་དབྱངས་ལྔ་པ་ཨུ་ནི་ཡེ་ཤེས་ལྔའི་བདག་ཉིད་དུ་གྱུར་པ་སྟེ་ལྷག་མ་ནི་སྔར་བཤད་པས་ཤེས་པར་བྱའོ། །ཀི་ལིའི་ཀ་ལ་ཐིག་ལེ་བྱིན་པའི་ཀཾ་ནི་བདེ་བའོ། །ས་དང་ཙ་ནི་བཟླུམས་


JLD008_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་བསྡོམས་པ་སྟེ་བདེ་བ་དང་སྟོང་པ་གཉིས་གཉིས་སུ་མེད་པར་བཟླུམས་པའོ། །དྷི་ནི་གཉིས་སུ་མེད་པའི་བདེ་བ་ལ་སྤྱོད་པའི་ཤིན་ཏུ་དག་པའི་བློའོ། །རྡོ་རྗེ་མཁའ་འགྲོར་ཧི་ལི་མེད་པར་ཙི་ལི་བཏུས་ལ། རྩ་རྒྱུད་ལས་ཧི་ལི་བཏུས་པ་ལ་ཡང་ས་དང་ཧ་གཉིས་བཟླུམས་པ་ལ་བཤད་པས་ཆོག་གོ། ཀ་ལ་སོགས་པ་བཞི་ལ་ཨི་སྦྱར་བ་ནི་མཆོག་གི་དོན་དུ་བཤད་པས། ལ་ལ་ཨི་སྦྱར་བ་ཡང་དེ་དང་འདྲ་ཞིང༌། ལ་རྣམས་ནི་ཡི་གེ་གོང་མའི་བཤད་པ་ལ་བསྡུས་ན་རུང་བ་འདྲའོ། །ཧུ་གཉིས་ནི་ཐབས་ཀྱི་ཆ་དང༌། ཟླ་ཕྱེད་དང་ཐིག་ལེ་ནི་ཤེས་རབ་ཀྱི་ཆ་སྟེ། དེ་རྣམས་སྦྱར་བའི་ཐབས་ཤེས་དབྱེར་མེད་ནི་ཧུཾ་མོ། །རྡོ་རྗེ་མཁའ་འགྲོའི་འགྲེལ་པར་རྩ་བའི་དགོངས་པ་བཤད་པ་ན། ཧུཾ་གཉིས་དང་ཕཊ་གཉིས་དང་སྭཱ་ཧཱ་མཐར་སྦྱར་རོ། །རྩ་རྒྱུད་ལེའུ་བདུན་པ་དང་། ལེའུ་འདིར་ཧུཾ་གཉིས་དང་ཕཊ་གཅིག་སྦྱར་ལ། མངོན་བརྗོད་ལས་ཧུཾ་གཉིས་དང་ཕཊ་གཉིས་སྦྱར་རོ། །ཕོ་ཉ་མོ་བརྟག་པའི་ལེའུ་བཅུའི་མཐར། རྩ་སྔགས་ཚང་བར་བསྒྲིགས་པ་ནི་ཕོ་ཉ་མོ་ལ་བརྟེན་ནས་བདེ་སྟོང་སྦྱོར་བ་ཤེས་པའི་ཆེད་ཡིན་ལ། དེ་རྩ་སྔགས་ཀྱི་ངེས་དོན་བཤད་པ་ལས་ཤིན་ཏུ་གསལ་བར་བཤད་རྒྱུད་རྩ་འགྲེལ་ལས་བཤད་པ་ནི། ལམ་གྱི་སྙིང་པོར་མཐོང་ངོ༌། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྩ་བའི་སྔགས་ཀྱི་ངེས་དོན་གསལ་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་


JLD008_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ཉི་ཤུ་རྩ་ལྔ་པའི་བཤད་པའོ།། ༈ །།གཉིས་པ་དམ་ཚིག་བརྒྱད་བསྟན་པ་ལ་དྲུག །རྩ་བའི་སྔགས་ཀྱི་ཆེ་བ་བསྟན་པ། ཕོ་ཉ་མོ་མཆོད་པས་དངོས་གྲུབ་ཀུན་སྟེར་བ། དམ་ཚིག་དང་སྡོམ་པའི་ཆོ་ག །ཕོ་ཉ་མོ་རྣམས་མཉེས་པའི་རྒྱུ། སློབ་མ་བརྟག་པའི་ཆོ་ག །ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཉེར་ལྔ་པའི་རྗེས་དེ་ནས་ཉེར་ལྔ་པར་བཤད་པ་ལས་གཞན་ཡང་བཤད་པར་བྱའོ་ཞེས་སྦྱར་རོ། །ས་གསུམ་གྱི་འཇིག་རྟེན་ནི་གསུམ་པོ་དག་ན་འདི་ལས་སྔགས་མཆོག་གཞན་ཡོད་པ་མིན་པའི་ཤྲཱི་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་ངེས་པའི་དོན་ལེགས་པར་ཤེས་ནས། སྒྲ་ཇི་བཞིན་པའི་གསང་སྔགས་ཀྱི་དོན་ཐམས་ཅད་ལ་གཙོ་བོར་འཛིན་པ་ཡོངས་སུ་འདོར་བ་སྟེ་དོར་ནས་རྩ་སྔགས་ཀྱི་ངེས་དོན་ཉིད་ལ་གཙོ་བོར་འཛིན་ནོ། །གཉིས་པ་ནི། ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །ཞེས་པ་རྣལ་འབྱོར་གྱི་བསླབ་པའི་རིམ་པ་ལས་མ་འདས་པ་ལ་འཆད་པར་ལྟར་ན། ལུགས་འབྱུང་སྟེ་བླང་བྱ་ལེན་པ་དང༌། ལུགས་བཟློག་སྟེ་སྤང་བྱ་འདོར་བ་ལས་མ་འདས་པའོ། །ཕོ་ཉ་དང་འདྲ་བས་ན་ཕོ་ཉ་སྟེ། བྱང་ཆུབ་པའི་གོ་འཕང་སྟེར་བར་ངེས་ཤིང༌། ཐམས་ཅད་དུ་གཉིས་སུ་མེད་པའི་དགའ་བའི་རང་བཞིན་ཏེ་དགའ་བ་འབྱུང་བའི་ཚུལ་གྱིས་ཡང་དག་པ་སྟེ་ལེགས་པར་གནས་ནས། འོག་སྟེ་ས་འོག་ལ་སོགས་པ་ན་གང་ཅི་ཡོད་པའི་འཇིག་རྟེན་པའི་དངོས་གྲུབ་དང༌། སྟེང་གི་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བའོ་ཞེས་འཆད་དོ། །འགྲེལ་པ་


JLD008_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་ནི་ལུགས་ལས་འབྱུང་བ་ཡིས་ཕོ་ཉ་རྣམས་གནས་པ་ནི། རབ་གཏུམ་མ་ནས་བརྩོན་ཆེན་མའི་བར་གྱི་ཡས་མར་གྱི་གོ་རིམ་གྱིས་གནས་པའོ། །ལུགས་ལས་བཟློག་པ་ཡིས་གནས་པ་ནི། བརྩོན་ཆེན་མ་ནས་རབ་གཏུམ་མའི་བར་གྱི་མས་ཡར་གནས་པའོ། །དེ་ལྟར་འོག་ཏུ་གནས་པ་སྟེང་དུ་སྔོན་ལ་བཀོད་ནས་བསྒོམས་ན་དངོས་གྲུབ་སྟེར་ཞེས་འཆད་དོ། །གང་དང་ལྷན་ཅིག་ཏུ་སྤྱོད་པའི་མཆོག་ལ་སྤྱོད་པ་ནི་བདག་གི་ཕོ་ཉ་མོའོ། །དེ་ཡང་སྐལ་པ་དང་ལྡན་པའི་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་དུ། འོ་བྱ་བ་དང་འཁྱུད་པ་ལ་སོགས་པ་ཐམས་ཅད་དུ་སྟེར་བའི་ཚུལ་གྱིས་གནས་ཀུན་ཏུ་འགྲོ་བའོ། །དེ་འདྲ་བའི་ཕོ་ཉ་མོ་དེ་ནི་མིག་གིས་མཐོང་བ་དང་ལུས་ཀྱིས་རེག་པ་དང་ཐོས་པས་ཀྱང་དངོས་གྲུབ་ཀུན་སྟེར་ན། རྒྱུན་དུ་ཚུལ་བཞིན་དུ་བསྒྲུབས་པས་དངོས་གྲུབ་སྟེར་བ་ལྟ་ཅི་སྨོས། ཞེས་པནྜ་ཏ་གསུམ་གྱིས་བཤད་དོ། །ཕོ་ཉ་མོ་མཐོང་བ་སོགས་ཀྱིས་དངོས་གྲུབ་སྟེར་ལུགས་ནི་བདེ་བ་ཆེན་པོ་བསྐྱེད་པའི་སྒོ་ནས་ཡིན་ཏེ། རྡོ་རྗེ་གུར་ལས། བུད་མེད་མཆོག་མཐོང་ལས་བདེ་ཞིང༌། །གླུ་ཐོས་བས་ཀྱང་ཡང་དག་བདེ། །དྲི་ཞིམ་བསྣམས་ལས་བདེ་བ་ཆེ། །སྐྱེ་གནས་རེག་ལས་ཀྱང་བདེ་ཆེ། །རོ་མཆོག་བཏུང་བ་རབ་སྦྱར་བའི། །བདེ་བ་སུས་ཀྱང་བཟློག་མི་ནུས། ཞེས་གསུངས་སོ། །དེ་ལྟར་ཕོ་ཉ་མོ་མཆོག་མཐོང་བ་སོགས་ལས་བདེ་ཆེན་འབར་བ་ནི་ཞུ་བདེ་ཡིན་ལ། བདེ་བ་དེ་སྐྱེ་ལ་ལུས་ཀྱི་བྱང་སེམས་ཞུ་


JLD008_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགོས། དེ་ལ་གཏུམ་མོ་འབར་བ་དགོས། དེ་ནི་རླུང་འདུས་པའི་སྟོབས་ཀྱིས་མེ་སྤོར་བ་ཡིན་པས། ཕོ་ཉ་མཆོག་གིས་བྱིན་གྱིས་བརླབས་ན། མཐོང་མ་ཐག་ལ་སོགས་པར་ཡང་བདེ་ཆེན་འདྲེན་པའི་རླུང་སྡུད་ནུས་པ་སོགས་ཀྱི་མཐུ་ལས། བདེ་ཆེན་འགལ་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པར་རྒྱུན་མི་འཆད་དུ་སྐྱེ་བས་ཕོ་ཉའི་ལམ་ཆེས་མྱུར་བ་ཡིན་ནོ། །རྟག་པར་ཏེ་རྒྱུན་དུ་ཕོ་ཉ་མོ་ལ་འཁྱུད་པ་དང་འོ་བྱ་བ་སྟེ། དེ་ཡང་བདེ་སྟོང་གཉིས་སུ་མེད་པར་སྦྱོར་བའི་རྣལ་འབྱོར་གང་ལས་འབྱུང་བའི་གནས་ཀྱི་ཁྱད་པར་ཏེ་གནས་ཁྱད་པར་བ་པདྨ་མཆོག་གོ། དེར་ཙུམྦ་ན་བྱ་ཞིང་ལྕེ་རྩེ་འདྲིལ་བས་དྲུད་ལ། ཆང་གི་བཏུང་བ་དང་ལྡན་པས་སེམས་རབ་ཏུ་དགའ་བར་བྱས་ནས། རྡོ་རྗེ་དང་པད་མ་སྦྱོར་བས་རོལ་བར་བྱའོ། །རྣལ་འབྱོར་ཇི་སྙེད་པ་འདོད་པའི་བསྟན་བཅོས་ལས་བཤད་པའི་ཀ་ར་ནའི་ཚོགས། རྡོ་རྗེ་སེམས་དཔས་གསུངས་པ་དེ་སྙེད་ཤེས་པར་བྱས་ནས་དེ་དང་མཐུན་པར་རོལ་བར་བྱེད་པ་ནི། དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་པར་བཤད་དོ། །འགྲེལ་པ་གཞན་ལས་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་རྣལ་འབྱོར་གྱི་གནས་ལ་གནས་པའི་ཕོ་ཉ་མོས་ནི། དངོས་གྲུབ་ཐམས་ཅད་སྟེར་ཏེ་ཙུམྦ་ན་དང་འཁྱུད་པ་འདོད་པའི་བསྟན་བཅོས་ལས་བཤད་པའི་རིམ་པས་བསྟན་ན་དངོས་གྲུབ་ཏུ་འགྱུར་རོ་ཞེས་འཆད་དོ། །བདེན་དངོས་སམ་བདེན་པ་ཅན་ནམ་དམ་ཚིག་དང་ལྡན་པའི་རྣལ་འབྱོར་མ་མཐོང་ན། བཟའ་བ་དང་སྟོན་མོ་དང་ཙཱ་རུ་དང་བརྡ་ལ་སོགས་པ་ཐམས་ཅད་སྦྱིན་པར་བྱའི་གཞན་དུ་སྟེ་དམ་ཚིག་


JLD008_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་ལྡན་པ་ལ་ནམ་ཡང་སྦྱིན་པར་བྱ་བ་མ་ཡིན་ནོ། །ཕོ་ཉ་མོ་ཡང་གང་ཡིན་སྙམ་ན། མ་དང་སྲིང་མོ་དང་བུ་མོ་དང་ཆུང་མ་རྣམས་ཕོ་ཉ་མོར་གནས་པ་ཡིན་ལ། དེ་ཡང་ཞིང་ལས་སྐྱེས་པ་དང་སྔགས་ལས་སྐྱེས་པ་དང༌། ལྷན་ཅིག་སྐྱེས་པ་ནི་མ་ལ་སོགས་པ་སྟེ། སྤྱན་ལ་སོགས་པའི་ལྷ་མོ་རྣམས་ལ་སྙོམས་པར་འཇུག་པས་མཆོད་པར་བྱའོ་ཟེར་རོ། །དེ་རྣམས་ཀྱང་ཕོ་ཉ་མོ་གང་ལ་རྟག་ཏུ་སྔགས་སྦྱིན་པ་སྟེ་དབང་ལ་སོགས་པས་སྣོད་དུ་བྱས་པ་དེ་ཉིད་ཕོ་ཉ་མོ་བསྟེན་པ་དེ་ཡི་ཆོ་གར་བཤད་དོ། །ཁ་ཅིག་ནི་མ་ལ་སོགས་པ་རིག་མར་བཤད་པ་ལ། ཆོས་ཀྱི་བརྫུན་གྱིས་བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པར་བཤད་ཅེ་ན། ཞེས་པའི་ལན་དུ་གང་ལ་སྔགས་བྱིན་པ་ཕོ་ཉ་མོ་ཡིན་གྱི། སྐྱེ་གནས་ཀྱིས་འབྲེལ་བ་ནི་མ་ཡིན་པས་འགལ་བ་མེད་དེ། བླ་མའི་ཕྱག་རྒྱ་ནི་མའོ། །ལྷན་ཅིག་ཉེན་པ་ནི་སྲིང་མོའོ། །རང་གིས་ཆོས་བསྟན་པ་ནི་བུ་མོའོ། །བླ་མས་བྱིན་པ་ནི་ཆུང་མའོ་ཞེས་འཆད་ལ། ལྭ་བ་པས་མ་ལ་སོགས་པ་སྒྲ་ཇི་བཞིན་པར་གསུངས་ཏེ། རྣལ་འབྱོར་པ་མཐོན་པོ་ལ་དགོངས་སོ། །དམའ་བ་ལ་ནི་མ་ལ་སོགས་པ་བཤད་མ་ཐག་པ་བཞིན་དུའང་ཡིན་ནོ། །གསུམ་པ་ལ་བཞི། བཤད་པར་དམ་བཅའ་བ། གཡོན་པའི་ཀུན་སྤྱོད་མཆོད་པ་དང་བཅས་པ། དམ་ཚིག་རྣམས་སོ་སོར་བསྟན་པ། དོན་བསྡུ་བའོ། །དང་པོ་ནི། ཕོ་ཉ་མོ་མཆོད་པའི་རྗེས་དེ་ནས་ཕོ་ཉ་མོ་མཉེས་པར་བྱེད་པའི་དམ་ཚིག་རྣམས་རྡོ་རྗེ་འཆང་ང་ཡིས་བཤད་པར་བྱའོ། །དམ་ཚིག་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་གྱི་རྒྱུད་


JLD008_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མན་ཆད་དུ་ཤིན་ཏུ་རྙེད་པར་དཀའ་བའོ། །རྣལ་འབྱོར་གྱུད་དུ་ཞེས་པ་ཕ་རྒྱུད་ལ་བྱས་ནས། རྒྱུད་དེར་རྙེད་དཀའ་བ་རྣལ་འབྱོར་མའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་བརྒྱད། ཅེས་པའི་དོན་དུ་གཟུང་བར་མི་བྱ་སྟེ། གཡོན་པའི་དམ་ཚིག་ཙམ་མ་གཏོགས་པ་གཞན་རྣམས་ཕ་རྒྱུད་དང་འདྲ་བའི་ཕྱིར་རོ། །གཉིས་པ་ནི། སྐྱེས་པའམ་བུད་མེད་རྣལ་འབྱོར་མ་མཐོང་ན་གཡོན་དུ་བཞག་ནས་འགྲོ་བ་ནི། ཡིད་ལ་འདོད་པའི་འབྲས་བུ་སྟེར་བར་བྱེད་དོ། །དེ་ལྟར་ན་ཁྱིམ་མམ་ཞིང་དུ་གནས་པ་ཤིན་ཏུ་རིང་པོ་ན་གནས་པ་ཡང་ཤེས་པར་བྱས་ནས་གཡོན་ནས་སྤྱད་པར་བྱའོ། །འདིར་བུད་མེད་ནི་རྣལ་འབྱོར་མ་ལ་བཤད་པས། སྐྱེས་པ་ཡང་རྣལ་འབྱོར་པར་ཤེས་པས་སྐྱེས་པ་དང་བུད་མེད་ཙམ་མིན་ལ། ཤིན་ཏུ་རིང་པོ་ན་གནས་པ་ནི་ཞིང་ཁྱད་པར་ཅན་ན་གནས་པར་མངོན་ནོ། །གཞན་ཡང༌། བུད་མེད་དག་ནི་མཐོང་བ་ན། གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །ཁྱོད་མ་བདག་ནི་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། ཞེས་ཀྱང་གསུངས་ཏེ། གསོལ་གདབ་ནི། ཁྱོད་མ་ཞེས་སོགས་སོ། །འདི་དངོས་སུ་མ་ནུས་ཀྱང་ཡིད་ཀྱིས་བྱ་དགོས་པའི་འདི་པའི་དམ་ཚིག་གཅིག་གོ། བྷ་བས་རང་གི་གཡོན་དུ་སྐྱེས་པའམ་བུད་མེད་བཞག་ནས་འགྲོ་བའི་སྐྱེས་པའམ་བུད་མེད་ནི། བདེ་མཆོག་གི་རྣལ་འབྱོར་པའམ་རྣལ་འབྱོར་མར་ཤེས་པར་བྱའོ། །དེའི་ཕྱིར་ཡང་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །དེ་བས་ན་ཤིན་ཏུ་རིང་


JLD008_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ་སྔར་བཤད་པའི་མཚན་ཉིད་མ་མཐོང་ཡང༌། གཡོན་ནས་སྐོར་ཞིང་འགྲོ་བས་མཚོན་པ་ནི་ཕོ་ཉ་མོ་སྟེ། དེ་ཡང་ཁྱིམ་དང་ཞིང་ན་གནས་པ་ཞེས་འཆད་དོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་ལས་གཞན་པའི་རྣལ་འབྱོར་མཆོག་མེད་པས། ཤྲཱི་ཧེ་རུ་ཀའི་རྣལ་འབྱོར་ནི་རྣལ་འབྱོར་རྣམས་ཀྱི་མཆོག་གོ། དེའི་ཕྱིར་རྣལ་འབྱོར་དེ་འཛིན་པའི་སློབ་དཔོན་ནི་རྣལ་འབྱོར་མཆོག་གི་སྐྱེད་བྱེད་ཡིན་པས་རྣལ་འབྱོར་རྣམས་ཀྱི་མ་དང་ཕ་ཉིད་ཡིན་ནོ། །བདེ་མཆོག་གི་རྒྱུད་འདི་རུ་ནི་དབང་སྐུར་བའི་རྣལ་འབྱོར་པ་སྒྲུབ་པ་པོ་ནི། ལེགས་པ་སྟེ་མཆོག་ཏུ་གྱུར་པ་ཡིན་ཏེ། དེས་ན་དེ་དག་ལ་བརྙས་པ་སྟེ་ཁྱད་དུ་གསོད་པ་དང༌། མི་སྤང་བ་སྟེ་མི་སྨད་པར་གུས་པས་ཅི་ནུས་པ་ཡིས་ནི་མཆོད་པར་བྱའོ། །ཀ་ཀ་གདོང་སོགས་ཞེས་པ་ནི་ལཱ་བ་པ་དང་ལྷ་སྦས་ཀྱི་འགྲེལ་བར་དམ་ཚིག་བརྒྱད་བཤད་ཟིན་པའི་འོག་ཏུ་འབྱུང་བས། དམ་ཚིག་བརྒྱད་ལ་མི་འདྲེན་ལ། འགྲེལ་པ་གཞན་ལས་སྐབས་འདིར་འཆད་ཀྱང་དམ་ཚིག་བརྒྱད་ལ་མི་འདྲེན་ནོ། ། འོ་ན་འདིར་བཤད་པ་ཅི་ཡིན་ཞེ་ན། ཁཱའི་གདོང་པ་ལ་སོགས་པ་དང་ཆོས་མཐུན་པའི་དུད་འགྲོ་མོ་ལ་ཡང་གུས་པར་བྱ། ཞེས་པའི་དོན་དུ་ཡིན་ཞེས་སྔ་མ་དག་འཆད་པ་ནི་མི་འགྲིག་གོ། འདི་ལ་སྒོ་མཚམས་མ་བརྒྱད་མཆོད་པ་དེ་བཞིན་དུ་སྒྲུབ་པ་པོས་བདེ་མཆོག་གི་རྣལ་འབྱོར་པ་རྣམས་ལ་དད་ཅིང་གུས་པས་མཆོད་ན། ཡིད་བྱིན་གྱིས་རློབ་པ་ཡིན་ནོ་ཞེས་གསུང་ངོ༌། །བྷ་བས་ནི་སྔར་གུས་པ་ཡིས་མཆོད་ཅེས་བཤད་པའི་གུས་པ་


JLD008_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཀ་ཀ་སོགས་ཀྱིས་སྟོན་པ་ལ་ཁྭ་གདོང་མ་ལ་སོགས་པ་བརྒྱད་པོ་འདི་གུས་པ་དང་དད་པ་འཕེལ་བར་བྱེད་པ་ཡིན་ནོ། །དེ་ཡང་དངོས་གྲུབ་རྣམས་ཀྱི་རྒྱུ་ཡིན་ནོ་ཞེས་འཆད་དེ། བླ་མ་དང་འདི་ཡི་རྣལ་འབྱོར་པ་ལ་རྟག་པར་ཏེ་རྒྱུན་དུ་གུས་པ་ནི་དངོས་གྲུབ་རྣམས་ཀྱི་རྒྱུ་ཡིན་ལ། གུས་པ་དང་དད་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལ། བར་དུ་གཅོད་པའི་བགེགས་ནི་སྒོ་མཚམས་མས་བཟློག་པ་ཡིན་པས། སྒོ་མཚམས་མ་རྣམས་དངོས་གྲུབ་འཕེལ་བའི་རྒྱུ་ཡིན་ནོ་ཞེས་པ་སྟེ་ཤིན་ཏུ་ལེགས་པ་ཡིན་ནོ། །གྲོལ་བའི་སྐད་དོད་གུས་པ་དང་མོས་པ་ལ་ཡང་འགྲོ་བར་སྣང་བས། འདིར་མོས་པ་དང་གུས་པར་བསྒྱུར་བ་རྣམས་ལེགས་སོ། །གསུམ་པ་ནི། སྔར་བཤད་པའི་གཡོན་པའི་ཀུན་སྤྱོད་བརྙས་སྨོད་སྤོང་བའི་དམ་ཚིག་རྣམས་སྐྱོང་བ་ནི་དང་པོའོ། །ཀྱང་ནི་སྐྱོང་བར་བྱེད་པ་ཁོ་ན་ཞེས་ངེས་བཟུང་ངོ༌། །གཡོན་པའི་ཀུན་སྤྱོད་སྔར་བཤད་པ་ནི་མཚོན་པ་ཙམ་སྟེ། གཡོན་པའི་ཀུན་སྤྱོད་ཐམས་ཅད་ལ་གནས་པར་བྱའོ། །རྣམ་པར་རྨོངས་ཤིང་འདོད་པ་ལ་ཆགས་པས། ལྷ་མོ་སྟེ་རིག་མ་གཞན་དང་ཀུན་ཏུ་སྦྱོར་བ་སྤོང་བ་ནི་དམ་ཚིག་གཉིས་པའོ། །ལྭ་བ་པས། རྣལ་འབྱོར་མཆོག་གི་ཐབས་སྤངས་ནས། རྣལ་འབྱོར་གཞན་ལ་བརྟེན་པ་ལ་འཆད་དེ། དཔའ་བོས་ཀྱང༌། ལྷ་གཞན་དག་དང་ཀུན་སྦྱོར་བའི། །འདོད་ལ་ཆགས་པར་གྱུར་པ་ནི། ཞེས་འདོན་ནོ། །དམ་ཚིག་གསུམ་པ་ནི་བདག་དང་གཞན་གྱི་ཆར་གཉིས་སུ་འབྱེད་པ་སྤོང་བ་ལ་བཤད་པ་ནི། གཉིས་སུ་མེད་པ་རྟོགས་པ་དང་མ་བྲལ་བ་ལ་བཤད་པ་ལྟར་ཡིན་ལ། དེ་ཡང་དེ་ཁོ་ན་ཉིད་


JLD008_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་སྐྱོང་བ་དང་མ་བྲལ་བར་བྱེད་པ་ཡིན་པས། གཉིས་སུ་བྱེད་པ་མིན་ཞེས་པའམ་གཉིས་སུ་མེད་པ་ཞེས་བྱའོ། །ཐོགས་མེད་ནི་གང་གིས་ཀྱང་གཞོམ་དུ་མི་ནུས་པ་ལ་བཤད་པ་ནི། སྔགས་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ལས་གཞན་དུ་བཀྲི་མི་ནུས་པ་སྟེ་དམ་ཚིག་བཞི་པོའོ། །ཐོགས་མེད་མིན་ཞེས་པ་ལྟར་ན་དེ་སྤོང་བ་ལ་བྱའོ། །དམ་ཚིག་ནི་ལྷ་མོའམ་རིག་མའོ། །སྤྱོད་པ་ནི་འདོད་པ་སྤྱོད་པའོ། །སྤྱད་པ་ནི་དེ་བྱེད་པའོ། །དེའི་ཡུལ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་སོ། །དེ་ལ་ཡང་གསུམ་པས་ནི་དེ་ལྟར་བྱེད་པ་ན། དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་བྲལ་བར་སྤྱོད་པ་བཀག་ཅིང༌། བཞི་པས་ནི་ཡིད་གཞན་དུ་མི་འགྱུར་བར་བྱེད་དེ་དམ་ཚིག་ལྔ་པའོ། །མི་མོ་སྟེ་བུད་མེད་ལ་བརྟེན་ནས་རྡོ་རྗེ་དང་པདྨ་འདུ་བའི་དུས་སུ་དབང་ཕྱུག་དང་བྲལ་བར་མི་བྱ་ཞེས་ཀོང་ཀ་ན་བཞེད་པ་ནི། སྐལ་ལྡན་གྱིས་དབང་ཕྱུག་མ་དང་བྲལ་བར་མི་བྱ་བ་ལ་བཤད་དེ། ལེགས་པར་སྦྱོར་བའམ་ཤིན་ཏུ་སྦྱོར་ཞེས་པས་མ་བྲལ་བར་བྱེད་པའོ། །དེ་ཡང་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པའི་ནུས་པ་མ་རྫོགས་པ་དེ་སྲིད་དུ་འབྲལ་བར་མི་བྱ་ཞེས་པ་སྟེ། དམ་ཚིག་དྲུག་པའོ། །དམ་ཚིག་དྲུག་པ་ལ་མི་འབྲལ་བར་བཤད་པ་དེ་བཞིན་དུ། བདེ་བའི་གཞི་སྤྱི་བོ་ནས་བྱང་སེམས་འཛག་པའི་དུས་སུ་ཡང་གསང་གནས་ཀྱི་རྩེ་ནས་ཕྱི་རོལ་དུ་མི་འབྲལ་བའི་ཚངས་པར་སྤྱོད་པ་བྱ་བ་ནི་དམ་ཚིག་བདུན་པའོ། །འགྲེལ་པ་གསུམ་ལས། ཚངས་པར་སྤྱོད་པ་དེ་བཞིན་གཞི། ཞེས་འབྱུང་ངོ༌། །བུ་གར་ཀུན་ཏུ་སྤྱོད་པ་སྟེ་ཡུམ་གྱི་པད་མ་ནས་བྱང་སེམས་


JLD008_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེས་ལེན་པའི་དུས་སུ་ཁྲོ་བ་མེད་པར་སྤྱོད་པའོ། །ཁྲོ་བ་མེད་པའི་དོན་ནི། དཔའ་བོས་བྱང་སེམས་ལེན་པའི་དུས་སུ་གཙོག་པའི་འདུ་ཤེས་མི་བྱ་བ་ལ་བཤད་པ་ལྟར་ཡིན་ཏེ། གཙོག་ཅིང་སྐྱུག་བྲོ་བའི་བསམ་པ་ནི་ཡུལ་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་མི་འདོད་པ་ཡིན་པས། དེ་འདྲ་བ་དེ་ལ་སྡང་བ་ཞེས་གཞན་དུ་ཡང་འབྱུང་ངོ༌། དེ་ནི་དམ་ཚིག་བརྒྱད་པའོ། །བཞི་པ་ནི། དེ་ལྟར་སྔར་བཤད་པ་འདི་བརྒྱད་འཛིན་པ་ནི་དམ་ཚིག་ཀུན་ཏུ་སྤྱོད་པ་ཡིན་ལ། ཤེས་པ་ཙམ་ལ་མི་འཇོག་པར་ཚུལ་བཞིན་དུ་སྒྲུབ་པ་ལ་ནི་གནས་པ་ཡི་སྒྲུབ་པ་པོ་རྣམས་ཀྱིས་རྟག་ཏུ་སྟེ། ཡང་དང་ཡང་དུ་ཤེས་པར་བྱའི་བརྗེད་པར་མི་བྱའོ། །དམ་ཚིག་འདི་རྣམས་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་དང་། རྣལ་འབྱོར་མའི་རྒྱུད་རྣམས་ཐམས་ཅད་ཀྱི་ཐུན་མོང་བ་སྟེ་བྱ་བ་འདྲ་བར་སྦྱོར་བས་བཅོམ་པར་མི་བྱ་བ་སྟེ་གཞོམ་པར་ནི་བྱ་སྟེ། རྒྱུད་སྡེ་འོག་མ་དེ་དང་དེ་རྣམས་ལ་རྒྱུད་སྡེ་གོང་མ་ལྟར་གྱི་འཚང་རྒྱ་བའི་རྒྱུ་མེད་པར་ཏེ་མེད་པའི་ཕྱིར་རོ་ཞེས་ལྭ་བ་པ་དང་ལྷ་སྦས་ཀྱིས་བཤད་དོ། །ཀོང་ཀ་ན་པ་ནི་དམ་ཚིག་འདི་རྣམས་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་བ་སྟེ་སྤྱི་ཡིན་པས་གསང་བ་སྟེ། རྒྱུད་གཞན་ཤེས་པས་ཀྱང་དགོངས་པ་འདི་རྟོགས་པར་མི་འགྱུར་རོ། །དགོངས་པ་མི་རྟོགས་པས་ན་རྒྱུ་སྟེ་ཡང་དག་པའི་གཏན་ཚིགས་མེད་པར་ནི། ཚད་མ་གཞན་གྱིས་གཞོམ་པར་ཏེ་སུན་དབྱུང་བར་མི་བྱའོ། །དེ་ལྟར་ན་ཇི་ལྟར་བྱ་ཞེ་ན། རྒྱུད་ལ་ཡིད་ཆེས་པའི་དད་པ་ཉིད་ཀྱིས་བླང་བར་བྱ་ཡི་མིག་གིས་གཟུགས་ལ་བལྟ་བ་དང༌།


JLD008_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པས་རེག་བྱ་ལ་རེག་པ་ལྟ་བུར་བྱར་ཡོད་པ་མ་ཡིན་ནོ། །གསང་བའི་དམ་ཚིག་འདི་ནི་སྣོད་མིན་ལ་མིང་ཙམ་ཡང་མི་བསྟན་ཅིང༌། རབ་ཏུ་འབད་དེ་སྦ་བར་བྱ་བ་སྣོད་ལྡན་ལ་བཤད་པར་བྱའོ། །བཞི་པ་ནི། བློ་དང་ལྡན་པ་སྟེ་སྒྲུབ་པ་པོས་མཐེའུ་ཆུང་སྟེ་ཕོ་ཉ་མོའི་པད་མའི་རྩ་བྱ་རོག་གདོང་ཞེས་པ་བསྐྱོད་པ་སྟེ་བསྐུལ་བར་བྱའོ། །ཅིའི་དོན་དུ་ཞེ་ན། ཕོ་ཉ་མོ་ལ་ཡང་དག་པར་གནས་པའི་མྱོས་བྱེད་འཛག་པའི་དོན་དུའོ། །སྐུལ་བྱེད་ནི་སྲིན་ལག་དང་གུང་མོའི་རྩེ་མོ་ཁ་སྦྱར་བས་བསྐྱོད་ཅེས་ཟེར་རོ། །ཀོང་ཀ་ན་པ་ནི་མཐེའུ་ཆུང་བསྐྱོད་པ་ལྷ་མོའི་མཆོད་པའི་དུས་སུ། ལྷའི་རྣལ་འབྱོར་དང་ལྡན་པར་བྱ་བའམ་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་པ་མ་རྙེད་ན། ཕྱག་རྒྱ་གཞན་ལྷའི་རང་བཞིན་དུ་བྱས་ལ་མཆོད་དོ། །ཕོ་ཉ་མོ་རྣམས་ཡང་དག་གནས་པ་ནི་དེའི་དུས་སུ་རྣལ་འབྱོར་པ་ལ་ཕོ་ཉ་མོ་ཐམས་ཅད་དགའ་བར་འགྱུར་རོ་ཞེས་འཆད་དོ། །མཐེའུ་ཆུང་ནི་བྱིན་གྱིས་བརླབས་པའི་པདྨའི་ལྟེ་བ་ཡིན་ལ། དེ་བསྐྱོད་པར་བྱ་ཞེས་དཀའ་རྒྱལ་བཞེད་དོ། །ཡང་མཐེའུ་ཆུང་ནི་ལོ་གྲངས་བཅུ་གཅིག་གི་ཚིགས་དང་ལྡན་པ་སྟེ། དེ་གཟུང་ལ་དེ་དང་རོལ་བའི་བདུད་རྩི་ལྕེས་བླངས་ཏེ་འཐུངས་ན། བཅུད་ཀྱི་ལེན་འགྲུབ་པར་བྱེད་པས་བདེ་བ་ཆེན་པོ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་ལྭ་བ་པ་གསུང་ངོ༌། །ལྔ་པ་ནི། སྒྲུབ་པ་པོ་ཡོན་ཏན་དང་ལྡན་པའི་མི་ནི་རྣམ་པ་གསུམ་དུ་གནས་ཏེ། དག་པ་དང་མ་དག་པ་དང་དེ་གཉིས་འདྲེས་པའོ། །དང་པོ་ནི་རྣམ་དག་ཅེས་བྱ་བ་ནུས་པ་ལེགས་པར་སྐྱེས་པའོ། །


JLD008_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི་མཉེས་བྱེད་ཅེས་བྱ་བ་ནུས་པ་མ་སྐྱེས་པའོ། །གསུམ་པ་ནི་གསལ་བྱེད་ཅེས་བྱ་བ་བར་མ་སྟེ་ནུས་པ་ཅུང་ཟད་སྐྱེས་ཤིང༌། བསྟན་བཅོས་ཀྱི་དོན་རིག་པའོ། །ཡང་ན་མཉེས་བྱེད་ཅེས་པ་སྔགས་དང་རྣལ་འབྱོར་ལ་གོམས་ཤིང་མཉེས་པར་བྱེད་པའོ། །ཡོན་ཏན་དང་ལྡན་པའི་མི་བསྟན་བཅོས་ཀྱི་དོན་རིག་པ་ནི་གསལ་བྱེད་དེ། སྒྲོན་མ་དང་འདྲ་བས་སེམས་ཅན་གྱི་དོན་གྱི་བྱ་བ་ནུས་པའོ། །ཞེས་ཀོང་ཀ་ན་པའི་དགོངས་པ་དཔའ་བོ་རྡོ་རྗེས་བཤད་པ་ལྟར་རོ། །དྲུག་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། སློབ་མ་ཡོངས་སུ་བརྟག་པ་སྟེ་སློབ་མ་མཆོག་དམན་གྱི་མཚན་ཉིད་དང༌། སྡོམ་པ་སྟེ་དམ་ཚིག་བརྒྱད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ཉི་ཤུ་རྩ་དྲུག་པའི་བཤད་པའོ།། ༈ །།ལྔ་པ་སྤྲོས་བཅས་ཀྱི་སྤྱོད་པ་རྒྱས་པར་བཤད་པ་ལ་གཉིས། སྤྱོད་པ་སྤྱིའི་རྣམ་པར་བཞག་པ་དང༌། སྤྲོས་བཅས་ཀྱི་སྤྱོད་པ་ལེའུ་གསུམ་གྱིས་བསྟན་པའོ། །དང་པོ་ནི། སྤྱིར་སྤྱོད་པ་བྱེད་པ་ལ་སྐབས་གཉིས་ཏེ། ཐུན་མོང་གི་དངོས་གྲུབ་འགྲུབ་པ་ལ་བོགས་འབྱིན་པ་བསྐྱེད་རིམ་པའི་སྤྱོད་པ་དང༌། མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པ་ལ་བོགས་འབྱིན་པའི་རྫོགས་རིམ་པའི་སྤྱོད་པའོ། །བསྐྱེད་རིམ་པའི་སྤྱོད་པ་ནི། ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པ་ལ་སོགས་པའི་སྐབས་ནས་བྱེད་ལ། རྫོགས་རིམ་པའི་སྤྱོད་པ་བྱེད་པའི་སྐབས་གསུམ་ནི་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །རྒྱུད་འདིའི་


JLD008_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ནས་ནི་ཀུན་སྤྱོད་ལས། དང་པོར་མཉམ་གཞག་རྣལ་འབྱོར་པས། །འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་སྐྱེད་པའི་རྗེས་ཐོགས་ལ། །ཡིད་ལ་འདོད་པའི་བརྟུལ་ཞུགས་སྤྱོད། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །དཔའ་བོ་ཆེན་པོ་རྒྱུ་བར་བྱ། ཞེས་གསུངས་ལ་སྡོམ་འབྱུང་དང་ཁ་སྦྱོར་ལས་ཀྱང་དྲོད་ཐོབ་ནས་སྤྱོད་པ་བྱ་བར་བཤད་དེ། ཉེར་དགུ་པར། ཇི་སྲིད་དྲོ་བའི་བྱ་བ་དག །མངོན་པར་བརྩོན་པས་རྟོགས་པར་བྱ། ཞེས་གསུངས་པ་འཆད་པའོ། །དྲོད་ཐོབ་པ་ནི་སྦྱོར་ལམ་བཞིའི་ཡ་གྱལ་གྱི་དྲོད་ལ་ལྭ་བ་པས་བཤད་ལ། མན་སྙེ་ལས། དྲོད་ནི་རྣལ་འབྱོར་གྱི་མཐུ་སྟེ་གང་ལས་འདི་རྣལ་འབྱོར་ལ་དགའ་བས་རབ་ཏུ་མགུ་བར་འགྱུར་བ་དང༌། གླགས་ཚོལ་བ་རྣམས་ཀྱིས་ཀྱང་འདི་ལ་མི་བཟོད་པ་དང༌། ཚར་གཅོད་པ་དང་རྗེས་སུ་འཛིན་པར་ནུས་པར་འདི་རྣམས་འགྱུར་བ་དང༌། གྲང་བ་དང་རླུང་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའོ། །ཞེས་ནུས་པ་ཁྱད་པར་ཅན་ཐོབ་པ་ལ་འཆད་དོ། །སྤྱོད་པ་ནི་གསུམ་སྟེ་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །འདི་གསུམ་གྱི་མཚན་ཉིད་གཞུང་གཞན་དུ་མི་གསལ་ལ། སྤྱོད་བསྡུས་ནས་རྒྱས་པར་བཤད་དོ། །མན་སྙེ་ལས་སྤྱོད་བསྡུས་ལ་བརྟེན་ནས་འདིའི་སྤྱོད་པ་གསུམ་འཆད་པ་ནི་ལེགས་པས། སྤྲོས་བཅས་ནི་དཀྱིལ་འཁོར་གྱི་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་པ་ཕོ་མོ་ལྷ་རང་རང་གི་ཆས་སུ་ཞུགས་པ་འདུས་ནས། སྒྲུབ་ཐབས་བསྒོམས་པའི་མཐར་ལག་པའི་ཕྱག་རྒྱ་དང༌། དེའི་ལན་


JLD008_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གླུ་དང་དེའི་ལན་དང༌། གར་དང་དེའི་ལན་གྱི་སྤྲོས་པ་རྒྱས་པ་དང་བཅས་པས་འདོད་ཡོན་ལ་སྤྱོད་པའོ། །སྤྲོས་མེད་ནི་ལག་པའི་ཕྱག་རྒྱ་ལ་སོགས་པའི་སྤྲོས་པ་རྒྱ་ཆེན་པོ་རྣམས་བཞག་ནས། འདོད་ཡོན་ལ་སྤྱོད་པ་ཡིན་ཏེ། དེ་ལ་ནི་རྣལ་འབྱོར་ཕོ་མོ་ལྷ་གྲངས་དང་མཉམ་པ་རྒྱས་པ་དང༌། ཕྱག་རྒྱ་མ་ལྔའམ་བཞི་དང་ལྷན་ཅིག་བྱེད་པ་འབྲིང་དང༌། གཅིག་དང་ལྷན་ཅིག་བྱེད་པ་བསྡུས་པ་སྟེ་གསུམ་བཤད་དོ། །དེ་གཉིས་ནི་ལས་རྒྱ་བརྟེན་ནས་སྤྱོད་པ་བྱེད་པའོ། །ཤིན་ཏུ་སྤྲོས་མེད་ནི་ཕྱིའི་སྤྲོས་པ་ཀུན་བཞག་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་སྒོམ་པར་བྱེད་པ་སྟེ། འདི་ལ་བྷུ་སུ་ཀུའི་སྤྱོད་པ་ཞེས་ཀྱང་ཟེར་རོ། །ཡི་གེ་དང་པོ་ལ་བྷུཉྫ་ན་ཞེས་ཡི་གེ་བསྣན་པའི་ངེས་ཚིག་གིས་བཤད་ན་ཟས་ཟ་བ་དང༌། སུ་ཏ་ན་ཞེས་སྦྱར་ཏེ་བཤད་ན་གཉིད་ལོག་པ་དང༌། ཀུ་ཊི་ས་ར་ཞེས་སྦྱར་ཏེ་བཤད་ན་བཤང་གཅིའི་ཕྱིར་འགྲོ་བའི་འཆག་པ་སྟེ། འདུ་ཤེས་དེ་གསུམ་ཙམ་མ་གཏོགས་པ་འདུ་འཛི་སྤོང་ཞིང༌། ལུས་དང་ཚོར་བ་དང་ཡུལ་དང་དབང་པོ་གང་ལ་ཡང་མི་སེམས་པར། གཉིད་དང་འོད་གསལ་བསྲེས་པ་ཉིད་སྐྱོང་བར་བྱེད་པའོ། །ཁ་ཅིག་བྷུ་ཀྟཱ་ཞེས་སྦྱར་ན་ཟ་བ་དང་ཞེས་འཆད་དོ། །སྤྱོད་པ་བྱེད་པ་འདི་ལ་ཤ་ཟ་བཞིན་དུ་འཁྱམས་ཏེ་སྤྱོད་པ་བྱེད་པ་དང༌། ཁྱིམ་སྤོང་མི་ནུས་ན་རང་གི་ཁྱིམ་དུ་སྤྱོད་པ་བྱེད་པ་གཉིས་གསང་བ་གྲུབ་པ་ལས་གསུངས་ལ། སྡོམ་འབྱུང་ལས་ཀྱང་འདབ་མ་བསྐྱོད་པ་བཞིན་དུ་འཁྱམ་པ་དང༌། དུར་ཁྲོད་དང་ཤིང་གཅིག་ལ་སོགས་པར་བྱེད་པ་དང༌། རང་གི་ཁྱིམ་


JLD008_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པར་བྱེད་པ་གསུམ་གྱི་ནང་ནས། གང་འདོད་པ་ཅིག་བྱ་བར་གསུངས་པས། གནས་མང་པོར་རྒྱུ་བ་ཅིག་ངེས་པར་དགོས་པ་མིན་ནོ། །ཁ་སྦྱོར་ལས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང༌། ཀུན་དྷར་རམ་ཨ་བ་དྷཱུ་ཏཱིའི་སྤྱོད་པ་དང༌། སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་གསུངས་པ་ཡང་སྤྱོད་པ་གསུམ་གྱི་ནང་དུ་འདུ་བ་ཡིན་གྱི་ལོགས་པ་མིན་ནོ། །བཤད་པ་ལྷག་མ་ནི་གཞན་དུ་རྒྱས་པར་བཤད་ཟིན་པས་མ་སྤྲོས་སོ། །ལེའུ་གསུམ་གྱིས་སྤྲོས་བཅས་དང༌། སོ་བརྒྱད་པས་སྤྱོད་པ་གཞན་གཉིས་སྟོན་ཚུལ་ནི་གཞུང་གི་སྐབས་སུ་བཤད་པར་བྱའོ། །གཉིས་པ་ལ་གསུམ། བརྟུལ་ཞུགས་ཀྱི་སྤྱོད་པ་མཆོད་གཏོར་དང་བཅས་པ་དང༌། ནང་གི་སྦྱིན་སྲེག་རིགས་གཅིག་དང་ལྡན་པའི་ཆོ་ག །ཕོ་ཉའི་མཚན་ཉིད་དང་དྲོད་དམ་ནུས་པ་ཐོབ་པའི་གནས་སྐབས་ཀྱི་ཆོ་གའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། བཤད་པ་དངོས། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཉེར་དྲུག་པའི་རྗེས་དེ་ནས་བཤད་པར་བྱའོ་ཞེས་སྦྱར་རོ། །གང་ན་དཔའ་བོ་སྟེ་རྣལ་འབྱོར་པའི་ཕྱག་རྒྱ་རིགས་ཀུན་ལ་སྤྱོད་པའི་ཆས་འཇུག་རུས་རྒྱན་ལ་སོགས་པའི་བརྟུལ་ཞུགས་སོ། །དཔའ་བོ་དེ་ཇི་འདྲ་ཞིག་ཅེ་ན། རྣལ་འབྱོར་མ་ཀུན་གྱི་སྒྲུབ་པ་པོའོ། །གཉིས་པ་ལ་གཉིས། སྤྱོད་པ་དང་བརྟུལ་ཞུགས་ལ་སྤྱད་ཚུལ། གཏོར་མའི་ཆོ་གའོ། །དང་པོ་ལ་གསུམ། ཕོ་ཉ་བཙལ་ནས་དེ་ལ་སྤྱོད་པའི་ཚུལ། ཆོ་ག་དང་བརྟུལ་ཞུགས་ཇི་ལྟ་བུས་སྤྱོད་པ་བྱ་བ། གཙང་སྦྲའི་མཚན་པ་ཕན་


JLD008_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དང་བཅས་པའོ། །དང་པོ་ནི། རྣལ་འབྱོར་མ་རྣམས་སྒྲུབ་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། རྣལ་འབྱོར་མ་རྣམས་ཀྱི་སྔར་བཤད་པའི་མཚན་ཉིད་ཀྱི་དབྱེ་བ་སྟེ་ཁྱད་པར་རྣམས་ཤེས་པར་བྱས་ནས། རྣལ་འབྱོར་མ་རྣམས་བསྒྲུབ་པོ། །དགོས་པ་གང་གི་དོན་དུ་ཞེ་ན། ཕོ་ཉ་ལ་བརྟེན་ནས་དངོས་གྲུབ་མྱུར་དུ་འཇུག་པ་ཐོབ་པར་བྱ་བའི་དོན་དུའོ། །མྱུར་དུ་དངོས་གྲུབ་འཇུག་པར་འགྱུར། །ཞེས་འབྱུང་ངོ༌། །ཕོ་ཉ་ཚོལ་བའི་ཚུལ་ནི། རྣལ་འབྱོར་པ་དེ་སྐྱེ་བོ་ཚོགས་པའི་གྲོང་དང་གྲོང་དུ་སོང་ནས། དེ་ན་གནས་པའི་ཕོ་ཉའི་གཟུགས་ཏེ་ཁ་དོག་དང་དབྱིབས་ལ་སོགས་པ་ཡིས་ནི་མཚོན་པ་སྟེ་ཤེས་པར་བྱའོ། །འོ་ན་ཕོ་ཉ་མོ་བསྟེན་པར་དཀའ་འམ་སླ་སྙམ་ན། ཕོ་ཉ་མོ་ནི་རལ་གྲིའི་སོ་དང་འདྲ་སྟེ། རལ་གྲིའི་སོ་ལ་བརྟེན་པ་ན་འཇིགས་ཤིང་ཡིད་མ་ཡེངས་པ་དགོས་པ་དེ་བཞིན་དུ་ཕོ་ཉ་མོ་དང་འགྲོགས་པ་ལེགས་ན་སྡིག་པ་དག་པར་བྱེད་ཅིང༌། བསོད་ནམས་འཕེལ་པར་བྱེད་པས་སྒྲུབ་པ་པོས་ནི་དངོས་སྒྲུབ་འཐོབ་ལ། བསྟེན་པ་ཉེས་ན་ཕན་ཡོན་མི་འཐོབ་པར་མ་ཟད་ཉེས་དམིགས་ཤིན་ཏུ་ཆེ་སྟེ། ཧེ་རུ་ཀ་མངོན་འབྱུང་ལས། རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་གྱུར་དང༌། ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། ཅེས་གསུངས་ཏེ་ཡུལ་རྟེན་ཀུན་མཚན་ཉིད་མ་ཚང་བར་དེ་ལྟར་བྱེད་པ་ལ་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་པ་རྣམས་ཤེས་དགོས་སོ། །དེ་ལྟར་ཕོ་ཉ་ལ་བརྟེན་ནས་སྤྱོད་པ་བྱེད་པ་དེ་ནི། ངག་གི་བཟླས་བརྗོད་དང་བསྐྱེད་རིམ་གྱི་བསམ་གཏན་དང་ཕྱིའི་མཆོད་པ་མེད་པར་


JLD008_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མྱུར་བ་ཉིད་དུ་སྟེ་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་བས། སྒྲུབ་པ་པོས་ནང་གི་སྔགས་བཟླས་པ་དང༌། ཕྱག་རྒྱ་ལ་བརྟེན་ནས་ནང་གི་མཆོད་པ་ཉིད་ལ་རབ་ཏུ་འཇུག་སྟེ། འདི་ལས་གཞན་པ་སྟེ་མཆོག་ཏུ་གྱུར་པའི་ལྷ་མཉེས་པའི་མཆོད་པ་མེད་དོ། །དེ་ལྟར་བསྟན་པ་ནི་ཕ་རྒྱུད་མ་རྒྱུད་ཀྱི་བསྟན་བཅོས་ཀྱི་ངེས་པ་སྟེ་མི་འགྱུར་བ་ཡིན་ནོ། །དེ་ལྟར་ཤེས་པ་ཡིས་ཕོ་ཉ་ལ་བརྟེན་པའི་ལམ་ལ་དགའ་བ་རྣམས་ཀྱི་སྒྲུབ་པ་པོ་ནི་དངོས་གྲུབ་སྒྲུབ་པ་ལ་བརྩོན་པ་ཡིན་ནོ། །རིག་པའི་སྔགས་དང་ཕྱག་རྒྱར་ཡང་དག་པར་ལྡན་པའི་སྒྲུབ་པ་པོ་ཧེ་རུ་ཀའི་རྣལ་འབྱོར་ལ་ཤིན་ཏུ་མཉམ་པར་བཞག་པས། ཙཱ་རུ་སྟེ་བདུད་རྩིའི་བཟའ་བཏུང་རྟག་ཏུ་སྟེ་ཉིན་རེ་ཞིང་ཕོ་ཉ་དང་ལྷན་ཅིག་ཏུ་བཟའ་ཞིང་བཏུང་བར་བྱ་བ་དང༌། མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་བུད་མེད་རྣམས་ཀུན་ལ་སོ་སོར་མི་འབྱེད་པར་རིགས་གཅིག་ཏུ་བྱས་ཏེ་ལོངས་སྤྱོད་པར་བྱེ་བ་དང༌། འདི་ནི་བཟའ་བར་བྱ་བ་དང་འདི་ནི་བཟའ་བར་བྱ་བ་མིན་པར་མི་བརྟག་པ་དང༌། དེ་བཞིན་དུ་བསྲུང་བྱ་དང་བགྲོད་བྱ་ཡིན་མིན་དུ་བརྟག་པར་མི་བྱའོ། །དེ་ཁོ་ན་ཉིད་དབྱེར་མེད་པ་དེ་ཡིས་ནི་སྟེ་རྒྱུ་མཚན་དེས་ན། ཕྱག་རྒྱའི་རིགས་སོ་སོར་བྱེད་པ་དང༌། བཟའ་བྱ་ཡིན་མིན་སོགས་དེ་ཁོ་ནར་དབྱེར་མེད་ལ། དེ་ལྟར་དུ་རྟོགས་པའི་རྣལ་འབྱོར་པ་ཆེན་པོས་ཀྱང་དེ་དང་མཐུན་པར་བྱེད་པའོ། །ཕོ་ཉ་མོ་གཉིས་ནི་ཞེས་སོགས་ལ་ཀོང་ཀ་ན་པ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གཉིས་ཕོ་ཉ་མོ་ལ་བརྟེན་ནས་


JLD008_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་སྤྱོད་པའི་ཚེ་ནི། ཕོ་ཉ་ལ་སྤྱོད་པའི་དཔལ་ཧེ་རུ་ཀའི་རྣལ་འབྱོར་གཅིག་པུ་ཁོ་ན་མཆོག་ཏུ་གྱུར་པ་ཡིན་ནོ། །ཡང་ན་དེའི་ཚེ་ཕོ་ཉ་མོ་རྣལ་འབྱོར་མ་རབ་ཏུ་བསྐུལ་བས་དངོས་གྲུབ་སྒྲུབ་པ་སྟེ་འགྲུབ་པ་དང་ཉེ་བར་འགྱུར་བས་རྣལ་འབྱོར་དེ་མཆོག་ཡིན་ནོ། །ཞེས་བཞེད་དེ་ལང་ཀ་དང་དཔའ་བོ་ཡང་དེའི་རྗེས་སུ་འབྲང་སྟེ། ཕོ་ཉ་མོ་ཡི་སྒྲུབ་པ་གཉིས་ཞེས་པ་དང་མཐུན་ནོ། །རང་དགའ་ཉིད་དང་ཞེས་པ་ནི་སྒྲུབ་པ་པོ་རང་གང་ལ་དགའ་བའི་ཕོ་ཉ་དང་ལྷན་ཅིག་ཏུ་སྒྲུབ་པའོ། །བླ་མ་དམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་གྱིས་འཐོབ་པའི་དབང་བསྐུར་བས། གང་གི་ཚེ་སྔགས་དང་ལེགས་པར་ལྡན་པར་གྱུར་པ་དེ་ཡི་ཚེ། བསྟེན་པར་བྱ་བའི་ཕོ་ཉ་རྣམས་སུ་ཡང་དག་པར་བཤད་དོ། །དེ་འདྲ་བའི་ཕྱིའི་རྣལ་འབྱོར་མ་དང་ཡང་དག་པར་སྦྱོར་བའི་ངང་ཚུལ་ཅན་དུ་གྱུར་པའི་ཚེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལེགས་པར་རམ་ཡང་དག་པར་རྫོགས་པར་འགྱུར་རོ། དེ་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་རྒྱུ་དང་བྱེད་པ་ཡིན་ཏེ། དཔལ་ཧེ་རུ་ཀ་ནི་དེ་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །ཞེས་འགྲེལ་པ་རྣམས་ལས་འཆད་དོ། །ལྭ་བ་པས་ནི། དེ་ཉིད་དབྱེར་མེད་དུ་རྟོགས་པ་དེ་ཡིས་ནི། དབང་བསྐུར་བའི་དོན་དུ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའི་ཕོ་ཉ་མོ་གཉིས་བསྒྲུབ་པར་བྱ་སྟེ། གཅིག་ནི་གསང་དབང་སྤྱིན་པའི་དོན་དང༌། གཉིས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དོན་དུའོ། །དེ་གཉིས་ལ་བརྟེན་ནས་དབང་བསྐུར་ཏེ་སྤྱོད་པ་བྱེད་པའི་རྗེས་སུ་གནང་བ་བྱིན་པ་དེ་ལ། དེའི་རྗེས་སུ་བླ་མས་ཕོ་


JLD008_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་གཅིག་བྱིན་ཏེ་སྤྱོད་པ་བྱེད་པའི་སློབ་མ་བདག་གཉིད་ཆེན་པོས། ཧེ་རུ་ཀའི་ཆས་སུ་ཞུགས་པའི་བརྟུལ་ཞུགས་ཀྱི་གཟུགས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆོ་གའི་དོན་དུ་ཕོ་ཉ་ལ་བརྟེན་ནས་བསྒྲུབ་པར་བྱའོ། །དེ་ལྟར་བླ་མའི་མན་ངག་གི་རིམ་པས་དབང་ཐོབ་པ་ནི། རྣལ་འབྱོར་མ་རྣམས་ཀྱིས་གསུངས་པའི་ཡེ་ཤེས་ཡང་དག་པར་རྫོགས་པའི་ལུས་སུ་སྐྱེ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པའོ། །ཞེས་འཆད་དེ། ཕོ་ཉ་གཉིས་ཞེས་སོགས་ཀྱི་རྐང་པ་གསུམ་འོག་གི་དབང་བསྐུར་བ་དང་སྦྱར་ནས་འཆད་པའོ། །བླ་མ་སྔ་མ་རྣམས་ཕོ་ཉ་གཉིས་ཞིང་སྐྱེས་དང་ལྷན་སྐྱེས་དང༌། ཕོ་ཉ་གཅིག་པུ་ཞེས་པ་སྔགས་སྐྱེས་ལ་འཆད་དོ། །གཉིས་པ་ལ་གཉིས། ཆོ་ག་ཇི་ལྟ་བུས་སྤྱོད་པ་བྱ་བ་དང༌། བརྟུལ་ཞུགས་ཇི་ལྟ་བུས་སྤྱོད་པ་བྱ་བའོ། །དང་པོ་ནི། སྤྱོད་པ་བྱེད་པའི་རྣལ་འབྱོར་པས་ཐོ་རངས་སྔ་བར་འོད་གསལ་གྱི་ངང་ནས་ལངས་ཏེ། ཐུགས་རྡོ་རྗེའི་བདག་ཉིད་ཀྱི་སེམས་ཐབས་ཤེས་ཀྱི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱའོ། །ལུས་ལ་དཔའ་བོ་དྲུག་ལ་སོགས་པའི་གོ་ཆས་གོ་བསྐོན་པ་ལ་སོགས་པ་ཐམས་ཅད་བྱས་ནས་ནི། ལུས་ཐམས་ཅད་ལ་གནས་པར་ཀུན་ཏུ་སྤྱད་པ་སྟེ་གོ་ཆས་གཡོག་པར་བྱའོ། ཞེས་འཆད་དེ། ལུས་ལ་ཤིན་ཏུ་གོ་ཆ་ནི། །ལུས་ལ་གནས་པར་ཀུན་ཏུ་སྤྱད། ཅེས་འདོན་ནོ། །ལྭ་བ་པས། ཉིང་ལག་གི་ནི་བསྟན་བཅོས་རྣམས། །ལུས་ལ་གནས་པར་ཀུན་ཏུ་སྤྱད། ཅེས་


JLD008_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལས་འདས་པ་ཉིང་ལག་ཏུ་བྱས། ཤསྟ་ཎི་ཞེས་པ་མཚོན་ཆ་དང༌། བསྟན་བཅོས་གཉིས་ལ་འཇུག་པ་བསྟན་བཅོས་སུ་མཛད་ནས། ལུས་ལ་གནས་པའི་ཉིང་ལག་སྟེ་ལུས་ཀྱི་ཆ་ཤས་བྱང་སེམས་དཀར་པོ་སོགས་ཀྱི་བདུད་རྩི་ལྔ་ལ་ཀུན་ཏུ་སྤྱད་པ་ནི། བགེགས་ཐམས་ཅད་བཟློག་པ་དང༌། ཚོགས་གཉིས་འཕེལ་བའི་ཕྱིར་དུའོ། ། བསྟན་བཅོས་ནི་རྣལ་འབྱོར་གྱི་རིམ་པ་སྟོན་པའི་བསྟན་བཅོས་ཀྱིས་ཉེ་བར་མཚོན་ཞིང་བསྟན་པ་ཡིན་ལ། དེ་ཀུན་ལ་སྤྱོད་པ་ནི་ཀུན་སྤྱད་དེ། དེས་ལུས་དག་པར་བྱེད་པ་ནི། ལུས་ལ་ལྷ་བཅུ་བདུན་སོགས་འགོད་པ་དང་ལུས་དཀྱིལ་སྒོམ་པ་ལ་བཤད་དོ། །སྔར་བཤད་པ་དེ་ལྟར་རྟག་ཏུ་བསྲུང་བ་བྱས་པའི་སྔགས་པས་སྔགས་ནི་བརྗོད་པ་སྟེ་བཟླས་པར་བྱའོ། །སྔགས་བརྗོད་པ་སྟེ་བཟླས་ནས་སུ་རྣལ་འབྱོར་ནི་བདེ་ཆེན་གྱི་ཏིང་ངེ་འཛིན་ནོ། །དེ་སྐྱེ་བའི་གནས་ནི་བུད་མེད་རྣམས་སོ། །དེ་ལ་ངེས་པར་བསྟན་པ་ནི་གོ་ཆ་བྱེད་ཚུལ་བསྟན་ནས་གོ་བསྐོན་པ་ངེས་པར་བྱའོ། །སྔར་བཤད་པའི་མཚོན་ཆ་སྟེ་གོ་ཆ་རྣམས་བགོ་བ་ལ་འགོམ་པ་སྟེ་འདའ་བར་མི་བྱ་བའམ་དམ་ཚིག་རྣམས་བསྐྱང་བར་བྱའོ། །དམ་ཚིག་གཅིག་པ་ཅན་བདེ་མཆོག་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལ་ཁྲོ་བ་དང་སྨད་པར་མི་བྱ་སྟེ། འཁོར་ལོ་སྡོམ་པར་དབང་བསྐུར་བའི་བླ་མ་དང་སློབ་མ་དང་ཕོ་ཉ་ལ་ཞེ་སྡང་བསྐྱེད་ན། བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསྐལ་པ་བྱེ་བར་བསོད་ནམས་ཀྱི་ཚོགས་བསགས་པ་ཡང་སྐད་ཅིག་ལ་འཇོམས་པས། དེ་ལྟ་བུ་ལ་སྡང་བ་སྡོམ་པར་མངོན་པར་

ཤོག་ལྷེབ་ ༧༠༡ ནས་ ༨༠༠ བར།


JLD008_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པ་ལས་འདའ་བར་མི་བྱའོ། །ཞེས་ལྭ་བ་པ་དང་ལྷ་སྦས་ཀྱིས་བཤད་དོ། །དམ་ཚིག་ཅན་མ་དེ་རྣམས་དང་ལྷན་ཅིག་ཕྱག་རྒྱ་ཆེན་པོའི་ཐབས་སུ་བདེ་བ་བསྐྱེད་པར་བྱའོ། །གྲོལ་བའི་དོན་ནི་བདག་གི་ལུས་གནས་པར་བྱ་བ་དང༌། ལུས་དེའི་དོན་དུ་བདུད་རྩི་རྣམ་པ་ལྔ་བསྟེན་པར་བྱ་བར་ལྷ་སྦས་ཀྱིས་བཤད་དེ། དེ་དོན་དུ་ཞེས་འདོན་ནོ། །འགྲེལ་པ་གསུམ་ལས་བདག་གི་དོན་དུ་ཐུན་བཞི་བྱ་ཞེས་འབྱུང་སྟེ་སླའོ། །བསྲུང་བ་དང་བཟའ་བའི་དམ་ཚིག་ལ་སྤྱོད་པ་ཉིད་དུ་བྱའོ། །རྣམ་འཁྲུལ་ཞེས་པ་ལ། དེས་འཁོར་ཅི་དགར་གྲོལ་བར་འགྱུར། ཞེས་འབྱུང་ཞིང་དེའི་དོན་ནི། གང་ངེས་པར་འདི་ལྟར་ཉིན་མཚན་དུ་འཁོར་བའི་རྣལ་འབྱོར་པ་འཁྲུལ་བའི་བྱ་བ་ལས་གྲོལ་ཏེ། ཇི་ལྟར་དགའ་བར་ཏེ་འདོད་པ་བཞིན་དུ་ཐར་བར་འགྱུར་རོ་ཞེས་འཆད་དོ། །མཚན་མོ་ནི་རྟག་པར་ཏེ་རྒྱུན་དུ་གོས་མེད་ཅིང་སྐྲ་གྲོལ་བའི་གཅེར་བུར་བྱས་ནས་རང་སྐུ་མདོག་གནག་པའི་ཧེ་རུ་ཀ་དང༌། རིག་མ་ཁ་དོག་དམར་པའི་རྡོ་རྗེ་ཕག་མོར་བྱས་ཏེ་ཕྱག་རྒྱ་མོ་མཆོད་པར་བྱའོ། །གཉིས་པ་ནི། དེ་ལ་མགུལ་རྒྱན་དང་ལག་པའི་གདུ་བུ་དང༌། དཔུང་རྒྱན་དང་རྣ་ཆ་དང་ཚངས་པའི་སྐུད་པ་དང༌། མགོ་བོ་རློན་པའི་ཕྲེང་བས་མགུལ་པ་ལ་བརྒྱན་པ་དང༌། རྐུན་མ་བསད་པའི་སྐྲ་ལས་བྱས་པའི་སྐ་རགས་སྐོར་གཉིས་པ་དང༌། རྐང་གདུབ་སིལ་སིལ་གྱི་སྒྲ་སྒྲོགས་པའི་གཡེར་ཁས་སྤྲས་པ་དང༌། རལ་པ་གྱེན་དུ་བརྫེས་པའི་ཅོད་པན་དཔའ་བོའི་དར་དཔྱངས་བཅིངས་པ་དང༌།


JLD008_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མའི་སྐྲ་དང་སྐྲ་དངོས་ལ་སོགས་པས་བརྒྱན་ཞིང༌། རྡོ་རྗེས་མཚན་པའི་ཐོད་པ་ཁ་ཊྭཱཾ་ག་དང་བཅས་པ་དང༌། ཌཱ་མ་རུ་བརྡུང་ཞིང་ངག་ཏུ་ཧཱུཾ་གྱི་སྒྲ་སྒྲོགས་པ་ཞེས་པ་ནི་སྤྱོད་པ་བྱེད་མཁན་ལྷའི་ཆས་སུ་འཇུག་པའོ། །འདི་དག་གིས་སྤྲོས་བཅས་ཀྱི་སྤྱོད་པ་སྟོན་པ་ནཱ་རོ་པའི་མན་ངག་དག་ཡིན་པས། ཧེ་རུ་ཀ་ལས་གཞན་པའི་ལྷའི་ཆས་སུ་འཇུག་པ་ཡང་སྟོན་པ་ནི། དཔའ་བོ་ཉེར་བཞིའི་ཆས་སུ་ཞུགས་པའི་རྣལ་འབྱོར་པ་དང༌། དཔའ་མོ་ཉེར་བཞིའི་ཆས་སུ་ཞུགས་པའི་རྣལ་འབྱོར་མ་ཐམས་ཅད་ནི། དཔའ་བོ་དང་དཔའ་མོའི་གོ་ཆ་དང༌། གོ་ཆ་ཆེན་པོ་གསུམ་གྱིས་བརྒྱན་པ་སྟེ་བསྲུངས་པ་ཡིན་ནོ། །དེ་དག་གིས་ནི་མ་མོ་བཅུ་གཉིས་དང་གཙོ་མོའི་ཆས་སུ་ཞུགས་པའི་རྣལ་འབྱོར་མ་ཡང་ཤེས་པར་བྱ་སྟེ། ཞི་བའི་འདུས་པས་ལེགས་གནས་པའི། ཞེས་སོགས་ཀྱི་སྐབས་སུ་ཡང་འཆད་པར་འགྱུར་རོ། །གནག་དང་དམར་བར་ཞེས་པའི་མཇུག་དང༌། སྲོག་ཆགས་ཡན་ལག་ཅེས་པའི་གོང་གི་བར་འདིར། མགུལ་རྒྱན་ཞེས་པ་ནས་བརྒྱན་པ་ཡིན། ཞེས་པའི་བར་རྣམས་འགྲེལ་པ་གཞན་གྱི་འགྱུར་ལ་མེད་པ་མང་བར་སྣང་ནའང༌། མར་དོ་རྐྱང་པའི་འགྱུར་ལས་འབྱུང་བ་འདི། ལྭ་བ་པའི་འགྲེལ་བ་དང་ཡང་མཐུན་ཞིང༌། བྷ་བའི་འབྲེལ་པའི་འགྱུར་ལས་ཀྱང་དེ་བཞིན་དུ་འབྱུང་ལ། དཀའ་རྒྱལ་གྱི་འགྲེལ་པའི་དགོངས་པ་ཡང་དེར་སྣང་ངོ༌། །གོ་ཆ་གསུམ་ཞེས་པ་དང༌། གོ་ཆ་གཉིས་ཞེས་པ་མི་འདྲ་བར་འབྱུང་ངོ༌། །བྷ་བས་གོ་ཆ་གསུམ་ནི་འཁོར་ལོ་གསུམ་གྱི་ལྷ་སྒོམ་པ་ལ་བཤད་དོ། །དཔའ་བོ་དཔའ་མོ་ཞེས་པའི་རྐང་པ་


JLD008_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཞན་དུ་དྲངས་པའི་འགྱུར་ལ། དཔའ་བོ་ཀུན་དང་རྣལ་འབྱོར་མའི། གོ་ཆ། ཞེས་ཀྱང་འབྱུང་བ་ལྟར་ན་དཔའ་བོའི་གོ་ཆ་དང༌། དཔའ་མོའི་གོ་ཆ་གཉིས་ཀྱིས་བརྒྱན་པའི་དོན་ནོ། །སྲོག་ཆགས་ཀྱི་ཡན་ལག་སྟེ་ལུས་ལས་བྱུང་བའི་སྟག་ལྤགས་དང༌གླང་ལྤགས་ཀྱི་སྨད་གཡོགས་དང་སྟོད་གཡོགས་ན་བཟར་གྱོན་ཞིང༌། ལྷན་སྐྱེས་ཀྱི་བདེ་བ་འདོད་ཅིང་དོན་དུ་གཉེར་བས་བདེ་བ་དེ་བསྐྱོད་པ་སྟེ་བསྐྱེད་པར་བྱ་སྟེ། ཀུན་སྤྱོད་ལས། བདེ་དོན་གཉེར་བས་བདེ་བ་བསྐྱེད། ཅེས་གསུངས་པ་བཞིན་ནོ། །རིག་བྱེད་ཀྱི་གཞུང་ལས་དག་བྱེད་དུ་བཤད་པའི་མཆོད་ཕྱིར་ཐོགས་ཚངས་སྐུད་ནི་ཡོངས་སུ་སྤངས་ལ། ཤྲཱི་ཧེ་རུ་ཀར་གནས་པའི་རྣལ་འབྱོར་ནི་གཙང་སྦྲ་ཆེན་པོའོ། །དེའི་ཚེ་མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱའང་སྤོང་ངམ་ཞེ་ན། མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱ་ལྔ་དང་ཡང་དག་པར་ལྡན་པ་ནི། དུས་ཀུན་ཏུ་ནི་རྣམ་པར་གནས་པ་སྟེ་ཡང་དག་པར་སྤྱད་དོ། །ཞེས་འཆད་དོ། །མཆོད་ཕྱིར་ཐོགས་ཀྱང་གཞན་ནས་འབྱུང་བ་ལྟར་གྱི་ཚངས་སྐུད་སྤོང་གི་གཏན་སྤོང་བ་མིན་ནོ། །སྒྲུབ་པ་པོ་ནས་ཐལ་བ་དང་ཞེས་པའི་བར་ནི་འགྲེལ་པ་གང་ལའང་མེད་ཅིང་ཐལ་བ་མ་གཏོགས་པ་སྔར་བཤད་ཟིན་པས་མི་དགོས་སོ། །སྤྱོད་པ་ལ་སྤྱོད་པ་དེ་ཡང་མཚན་མོ་རྟག་པར་གསལ་བར་བྱ་ཞིང༌། ཉིན་པར་ནི་གསང་བ་ཉིད་དུ་བྱ་སྟེ། དེ་ཡང་སྙོམས་འཇུག་གི་བྱ་བས་བསྐྱེད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་ཤིན་ཏུ་སྦས་ཏེ་བསྟན་ལ། སྤྱོད་ལམ་རབ་ཏུ་ཞི་ཞིང་ངལ་བ་ཐུལ་བ་སྟེ། སྐྱོ་


JLD008_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པར་སྤྱད་དོ། །མཚན་མོ་ཞེས་སོགས་རྐང་པ་བཞི་པོ་འདི་འགྲེལ་པ་གཞན་རྣམས་ལ་མི་སྣང་ཡང༌། འགྱུར་བཞི་ཀ་ལ་འབྱུང་བ་ལྟར་བྷ་བའི་འགྲེལ་པར་ཡང་འབྱུང་ངོ༌། །གསུམ་པ་ལ་གཉིས། གཙང་སྦྲའི་མཆོད་པ་དང༌། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། ཧེ་རུ་ཀའི་རྣལ་འབྱོར་གྱིས་གཙང་སྦྲ་བྱེད་པ་དེ་ལ་གཙང་སྦྲ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། དེ་ཡང་ཧེ་རུ་ཀ་རང་གི་གསུང་གི་རྒྱུན་བཞིན་དུ་རྣམ་པར་གནས་པའོ། །བྲམ་ཟེ་ལ་སོགས་པའི་རིགས་བཟང་པོ་དང་རིགས་མིན་པ་མཐར་སྐྱེས་ཀྱི་རིགས་ཀྱི་ངོར་མི་ལྟ་བ་སྟེ། དེ་དག་གི་ངོ་སྲུང་གི་སྤྱོད་པ་སྤོང་བ་དང༌། ཡང་ཡང་གཙུག་ཕུད་བཅིངས་པ་དང༌། ལ་སོགས་པས་ཅོད་པན་དང་ཐལ་བ་དང་རལ་པ་ལ་སོགས་པ་འཇིག་རྟེན་པའི་སྤྱོད་པ་གཞན་དག་ཀྱང་སྤངས་པ་ཡིན་ནོ། །གཙང་སྦྲ་གསུམ་ལས་དང་པོ་ནི་ཕོ་ཉ་ལ་བརྟེན་པ་ཡིན་ཏེ། དེ་ནི་རྒྱལ་བ་ཐམས་ཅད་ཀྱི་བདེ་བ་རིན་པོ་ཆེའི་འབྱུང་གནས་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ཞི་བའམ་ཟླ་བ་ཞེས་པ་བདུད་རྩི་ལྔ་དང་ཆང་ཡིན་པར་འདོད་དེ། ར་རོ་བ་མ་ཡིན་པར་བསྟེན་ནོ། །ཕྱག་རྒྱ་དང་སྣོད་གཅིག་ཏུ་ཟས་བཟའ་བ་ཉིད་ནི་གཙང་སྦྲ་གསུམ་པ་ཡིན་པར་བཤད་དེ། རྣལ་འབྱོར་པ་ཡིས་རྟག་པ་རུ་སྟེ་རྒྱུན་དུ་གཙང་སྦྲ་གསུམ་པོ་འདི་དག་རབ་ཏུ་བསྐྱེད་པར་བྱའོ། །དེ་ལྟར་ཁམས་རྒྱས་པའི་ཐབས་སུ་ཞི་བའི་བཏུང་བ་དང་ཁ་ཟས་བཟང་པོ་ཟོས་ཏེ། ཕོ་ཉ་ལ་བརྟེན་ནས་བདེ་སྟོང་གི་ཏིང་ངེ་འཛིན་འཕེལ་བས། གཙང་མའི་དག་པའི་རིམ་པ་རིམ་གྱིས་ཐོབ་ན། གཙང་སྦྲ་གསུམ་


JLD008_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གང་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བར་མི་འགྱུར་ཏེ་འབྱུང་བར་འགྱུར་རོ། །རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་དང༌། སྒྱུ་མ་བདེ་མཆོག་དང༌། གསང་བ་མཛོད་ཀྱི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དཔལ་མཆོག་དང་པོ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་དང༌། བཟླས་པ་དང་བརྟུལ་ཞུགས་དང༌། སོགས་ཀྱིས་སྦྱིན་སྲེག་དང་འཁྲུལ་འཁོར་སོགས་ཀྱིས་དངོས་གྲུབ་འགྲུབ་པ་དེ། གཙང་སྦྲ་གསུམ་བྱེད་པ་འདིར་ཕོ་ཉ་མོ་ལ་བརྟེན་པའི་བསམ་གཏན་ཙམ་གྱིས་ནི། སྔགས་པས་སྐད་ཅིག་གིས་ཏེ་མྱུར་དུ་འགྲུབ་པར་འགྱུར་ཞེས་པ་ནི། ཕོ་ཉ་ལ་བརྟེན་པའི་ཆེ་བ་སྟོན་ནོ། །སྔར་བཤད་པ་འདི་ནི་རྣལ་འབྱོར་པ་ཕོ་ཉའི་ལམ་ལ་དགའ་བ་རྣམས་ཀྱི་གཙང་སྦྲའི་སྤྱོད་པར་བཤད་དོ་ཞེས་མཇུག་བསྡུས་སོ། །གཉིས་པ་ནི། གཙང་སྦྲ་གསུམ་བྱས་པ་ལས་བྱུང་བའི་བསོད་ནམས་སུ་གང་གྱུར་པ། སྒྲུབ་པ་པོའི་ཡོན་ཏན་རྒྱ་ཆེན་པོ་ནི་སྨྲ་བར་ནུས་པར་འོས་པ་མ་ཡིན་ནོ། །ཇི་ལྟར་དུ་མི་ནུས་པ་ནི། ཁ་ཅིག་གིས་ནི་སྨྲ་བར་ཡང་ཅི་ལ་ནུས་ཏེ། སྟོང་ཕྲག་བརྒྱ་ཡི་གདོང་དུ་གྱུར་པའི་ཁས་བརྗོད་པ་མིན་པར་གདོང་གཅིག་གི་ཁ་ཡིས་བརྗོད་པར་མི་ནུས་སོ། །ལོ་ཆེན་གྱི་འགྱུར་ལས། སྒྲུབ་པོའི་ཡོན་ཏན་རྒྱ་ཆེན་པོ། སྟོང་ཕྲག་གཅིག་པའི་ཞལ་མིན་པར། ཁ་གཅིག་གིས་ནི་བརྗོད་མི་ནུས། ཞེས་འབྱུང་ངོ༌། །ཅིའི་ཕྱིར་སྒྲུབ་པ་པོ་ཕན་ཡོན་དེ་ལྟ་བུ་དང་ལྡན་པར་འབྱུང་ཞེ་ན། དཔལ་ཧེ་རུ་ཀ་ཉིད་ཡེ་ཤེས་ཆེན་པོ་ཡིན་ལ། ཉོན་མོངས་པས་རྣམ་པར་དག་པའི་ཡོན་ཏན་གྱི་མཚན་ཉིད་


JLD008_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུ་ལ་སོགས་པ་ཀུན་ཚང་བ་དེ་ལྟ་བུར་རྣལ་འབྱོར་པ་ཡང་འགྱུར་བས་ཕན་ཡོན་ཆེའོ། །སྒྲུབ་པ་པོ་ཕོ་ཉ་མོ་དང་གཉིས་སུ་མེད་པར་སྦྱོར་བ་ལས་བྱུང་བ་ཡི་བདེ་བའི་ཆུ་སྟེ་བདེ་སྟོང་གཉིས་སུ་མེད་པ་ཉིད་གཉིས་སུ་མེད་པར་སྦྱོར་བའི་སྒྲུབ་པ་པོ་ཡིས། རེག་པ་སྟེ་བསྟེན་པས་གཞན་གྱི་ལུས་ལ་རེག་པ་དང་ནི་གཏམ་སྨྲས་བས་ཀྱང་དག་པར་བྱེད་ཅིང༌། སྡིག་པ་འཇོམས་པར་བྱེད་པས། སྡིག་པ་ཀུན་ལས་གྲོལ་བར་འགྱུར་ན་རྣལ་འབྱོར་པ་ལྟ་ཅི་སྨོས། དེ་ལྟར་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱེད་ཅིང༌། ལུས་ཏེ་རྒྱུད་དག་པ་ལས་སྐྱོན་མེད་པའི་མིའི་མཆོག་ཀུན་ནས་གཙང་སྦྲའི་སྤྱོད་པ་བྱེད་པ་དེ། སྡིག་པ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་གི་ས་འཐོབ་པར་འགྱུར་རོ། །གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ཀྱང་སྡིག་པ་ཐམས་ཅད་རྣམ་པར་དག་པའི་དེ་བཞིན་གཤེགས་པ་དེའི་རིགས་སུ་སྐྱེ་ཞིང་སྟེ་སྐྱེ་བ་དང༌། སྔགས་སྤྱོད་པའི་ཆོས་དང་ལྡན་པའི་རྒྱལ་པོར་སྐྱེ་བར་འགྱུར་རོ། །བར་འདིར་ལྭ་བ་པའི་འགྲེལ་པ་ལས། བཟའ་དང་བཏུང་བ་སོགས་ལྡན་པས། བདག་ཉིད་སངས་རྒྱས་ཀུན་སོགས་མཆོད། ཅེས་རྐང་པ་གཉིས་པ་གཅིག་འབྱུང་སྟེ་གཞན་ལ་མེད་དོ། །གཉིས་པ་ནི། སྔར་བཤད་པ་དེ་ལྟར་རྟག་ཏུ་གཙང་སྦྲའི་མཆོད་པ་བྱས་ནས་སུ་བསམ་པ་གུས་པ་ཡིན། འཇིག་རྟེན་ལས་འདས་མ་འདས་ཀྱི་མགྲོན་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །དགོས་པ་གང་གི་དོན་དུ་ན། སྒྲུབ་པ་པོ་རང་གང་མངོན་པར་འདོད་པའི་ལས་སྒྲུབ་པ་ལ་རྣལ་འབྱོར་པས་


JLD008_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་རྒྱུད་ལས་གསུངས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ཡང་སྡོམ་འབྱུང་ལས། དཀྱིལ་འཁོར་སྦྱིན་སྲེག་བཟླས་པ་དང༌། རབ་གནས་ཞི་བ་རྒྱས་པ་དང༌། །དབང་དང་བསྐྲད་པ་བསད་པ་དང༌། །འབྱུང་པོ་གནོད་སྦྱིན་མོ་སྒྲུབ་དང༌། །གནས་ཀྱི་སྒྲུབ་པའི་དུས་རྣམས་དང༌། །ལས་རྣམས་ཀུན་ལ་མཆོག་ཡིན་ཏེ། །མྱོས་བྱེད་གཏོར་མ་མེད་པར་ལས། །མྱུར་དུ་འགྲུབ་པར་མི་འགྱུར་རོ། །དེས་ན་སྔོན་གྱི་སངས་རྒྱས་ཀྱིས། །གཏོར་མའི་རབ་ཏུ་བསྔགས་པ་གསུངས། ཞེས་གསལ་བར་གསུངས་སོ། །གཏོར་མའི་དུས་ནི་སྤྱིར་རྒྱུན་དུ་བ་ཡིན་ལ། ཁྱད་པར་བ་ནི་ཟླ་བ་མར་གྱི་ངོའི་ཚེས་བཅུ་དང༌། ཟླ་བ་ཡར་གྱི་ངོའི་ཚེས་བཅུར་གང་གྱུར་པ་ལ། མྱུར་དུ་འབད་པས་གཏོར་མའི་མཆོད་པ་བྱ་སྟེ། འོག་གི་མཚན་མོ་ཞེས་པས་ཀྱང་དུས་སྟོན་ཏེ། མཚན་ཕྱེད་ན་སྦྱིན་པར་བཤད་དོ། །དགུན་ཟླ་འབྲིང་པོའི་ཚེས་བཅུ་ཡར་མར་གཉིས་བསྔགས་པ་ཆེ་སྟེ། ཀུན་སྤྱོད་ལས། དགུན་འབྲིང་ལ་སོགས་ཟླ་བ་ཡི། །བཅུ་པ་ལ་ནི་གུས་པར་མཆོད། ཅེས་གསུངས་སོ། །གཏོར་མགྲོན་ནི། རྡོ་རྗེ་ལྷ་མོ་ཞེས་པ་མཚོན་པ་ཙམ་སྟེ། ཀུན་སྤྱོད་དང་སྡོམ་འབྱུང་ལས་གསུངས་པ་ལྟར། དཀྱིལ་འཁོར་བའི་ལྷ་དང་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་ལ་སོགས་པའོ། །གཏོར་མའི་རྫས་ནི་མྱོས་བྱེད་ཆང་དང་ཤ་རྣམས་ཀྱིས་མཆོད་ཅེས་པའོ། །གཏོར་མ་སྦྱང་བ་ལ་སོགས་པ་ནི་བཤད་རྒྱུད་རྣམས་ལ་སྡོམ་འབྱུང་གསལ་ལ། དེ་ནས་འབྱུང་བའི་དགོངས་


JLD008_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྭ་བའི་ན་བཟའ་ཅན་གྱིས་ལེགས་པ་བཀྲལ་བ་སོགས་ནི། ལཱུ་ཨི་པའི་རྣམ་བཤད་དང་སྒྲུབ་ཐབས་སུ་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཏོར་མ་ཕུལ་བའི་ཕན་ཡོན་ནི། སྒྲུབ་པ་པོའི་སྐྱེ་བོ་གུས་པའི་བསམ་པ་ཅན་གྱིས་མགྲོན་གཉིས་པོ་དེ་རྣམས་ལ། གཏོར་མས་ཆོད་པ་བྱས་ན། ཧེ་རུ་ཀ་དཔལ་སྒྲུབ་པ་པོ་ལ་མངོན་པར་དགའ་བ་སྟེ་དགྱེས་པར་འགྱུར་ལ། དགྱེས་ན་མགུ་བའི་སེམས་ཏེ་ཐུགས་ཀྱིས་མཆོག་སྟེ་དངོས་གྲུབ་སྩོལ་བར་འགྱུར་བས། སྒྲུབ་པ་པོ་དེ་རྣམས་ཀྱི་ལག་ན་མཆོག་སྟེ་དཔལ་གནས་པར་འགྱུར་རོ། །གང་གི་ཕྱིར་མཆོག་སྩོལ་བ་དེའི་ཕྱིར་གཏོར་མས་མཆོད་པར་བྱའོ། །ཞེས་པའོ། །ཀུན་སྤྱོད་ལས། མཆོད་པའི་སྐྱེ་བོ་གུས་པ་དང་ལྡན་པས། །ཤྲཱི་ཧེ་རུ་ཀ་མངོན་དགྱེས་གྱུར་པ་ལ། །ཐུགས་ནི་དགྱེས་པས་མཆོག་ནི་སྩོལ་འགྱུར་ཏེ། །གང་ཕྱིར་མཆོག་ནི་དེ་ཡི་ལག་ན་གནས། ཞེས་གསུངས་སོ། །གཏོར་མའི་དུས་སུ་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བུས་བྱེད་པ་ནི། རང་ཉིད་ཤྲཱི་ཧེ་རུ་ཀའི་བདག་ཉིད་དུ་དབྱེར་མེད་པར་སྦྱོར་བས་གཏོར་མ་བྱིན་ན། །མ་མོ་རྣམས་མཉེས་པར་འགྱུར་རོ། །སྡོམ་འབྱུང་ལས་ཀྱང༌། དང་པོར་ལྷ་ཡི་རྣམ་པ་ནི། །ཕྱག་གཉིས་བདེ་མཆོག་རྣལ་འབྱོར་ལྡན། །བསྲུང་བ་གཉིས་ཀྱི་ཡང་དག་བསྲུང༌། །ཧཱུཾ་ཡིག་སྒྲ་ནི་སྒྲོག་པ་དང༌། །ཉི་ཤུ་རྩ་བཞིའི་གནས་ཀྱིས་ནི། །ལུས་ཀྱི་ཁམས་ལ་བརྒྱན་པ་དང༌། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །སྐད་ཅིག་གིས་ནི་སྔགས་བརྗོད་བྱ། །ཞེས་གསུངས་ཏེ། འགྲེལ་པར་བདེ་མཆོག་ཕྱག་གཉིས་པའི་རྣལ་འབྱོར་སྔོན་དུ་འགྲོ་བས། སྐད་ཅིག་


JLD008_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྔགས་བརྗོད་ནས། སྐད་ཅིག་ལ་ཕུང་པོ་ཁམས་སྐྱེ་མཆེད་དག་པ་དང༌། གོ་ཆ་གཉིས་དང༌། ལུས་ཀྱི་གནས་ཉེར་བཞི་རྣམས་ལ། དཔའ་བོ་དང་དཔའ་མོ་ཉེར་བཞི་ལ་སོགས་པ་མཐའ་དག་ཚང་བར་ལྷག་པར་མོས་ཏེ་མདུན་དུ་དྲི་བཟང་ལ་སོགས་པའི་མཎྜལ་བྱས་ལ། དེར་ལྷའི་འཁོར་ལོ་མཆོད་ནས་གཏོར་མ་གཏོང་བར་བཤད་དེ། ཆོ་ག་འདི་བདེའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། སྤྱོད་པ་དང་བརྟུལ་ཞུགས་དང་མཆོད་པ་དང་གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ཉི་ཤུ་རྩ་བདུན་པའི་བཤད་པའོ།། ༈ །།གཉིས་པ་ནང་གི་སྦྱིན་སྲེག་རིགས་གཅིག་དང་ལྡན་པའི་ཆོ་ག་ལ་ལྔ། ནང་གི་སྦྱིན་སྲེག་བྱ་བ་ཡིན་མིན་གྱི་ཆ་དང་བཅས་པ། གཡོན་པའི་ཀུན་སྤྱོད་དང་རིགས་གཅིག་གི་ཆོ་ག །སྦྱིན་སྲེག་གི་ཆོ་ག་གཞན་བསྟན་པ། རིགས་གཅིག་གི་ཆོ་ག་ཕན་ཡོན་དང་བཅས་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ལ་གཉིས། ནང་གི་སྦྱིན་སྲེག་གི་ཆོ་ག །བྱ་བར་རུང་མི་རུང་གི་རྣམ་དབྱེ་བསྟན་པའོ། །དང་པོ་ནི། གང་ཡང་ཞེས་པ་ལ་འགྲེལ་པ་རྣམས་ལས་དེ་ནས་ཞེས་འབྱུང་བས། ཉེར་བདུན་པར་སྤྱོད་པ་དང་བརྟུལ་ཞུགས་སོགས་བསྟན་པ་དེ་ནས་ནང་གི་སྦྱིན་སྲེག་སོགས་སྟོན་ནོ། །སྔར་བཤད་པའི་ཕོ་ཉ་དང་ལྷན་ཅིག་གནས་ནས་ལེགས་པར་མཆོད་པ་ནི། བླ་ན་མེད་པའི་མཆོད་པའི་


JLD008_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱེད་པའི་ཕྱིར་རྣམ་པར་དག་པའི་དངོས་པོ་སྟེ་བདག་ཉིད་དོ། །མྱ་ངན་ལས་འདས་པ་ནི་མཆོག་ཏུ་དགའ་བ་ལྷན་ཅིག་སྐྱེས་པའི་གནས་སྐབས་སོ། །དེ་ལས་བྱུང་བ་ནི་དེའི་རྗེས་ཐོགས་སུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་པར་བྱའོ་ཞེས་སྦྱར་རོ། །དེ་ལྟར་ཕྱི་དང་གསང་བའི་མཆོད་པས་བདག་ཉིད་མཆོད་པ་དེ་ཡིས་ནི་བདག་ཉིད་སངས་རྒྱས་སུ་བྱས་པ་མཆོད་པས། སངས་རྒྱས་དང་སོགས་པས་བྱང་སེམས་ཀུན་མཆོད་པ་དང༌། དཔའ་བོ་དང་རྣལ་འབྱོར་མ་ཀུན་དང༌། བརྟན་པ་སྣོད་དང་གཡོ་བ་མི་ལ་སོགས་པ་ཐམས་ཅད་མཆོད་པར་འགྱུར་ཏེ། བདེ་བ་ཆེན་པོའི་བདག་ཉིད་ཀྱི་ཧེ་རུ་ཀར་མོས་ནས་མཆོད་པའི་ཕྱིར་རོ། །ལོ་ཆེན་གྱི་འགྱུར་ལ་སོགས་པ་མེད་པ་ལྟར་བདེའོ། །ཆོས་ལྷན་ཅིག་ཏུ་ཉན་པའི་སྤུན་དང༌། དཔའ་བོ་ཞེས་པ་ལ་སྡུག་པ་ཞེས་པ་འབྱུང་སྟེ། བསམ་པ་དག་ཅིང་རྣལ་འབྱོར་གཅིག་ཏུ་བྱས་པ་དང༌། འང་གི་སྒྲས་རྣལ་འབྱོར་མ་རྣམས་མཆོད་པར་བྱ་སྟེ། དེ་རྣམས་མཆོད་པ་མ་གཏོགས་པར་རྣལ་འབྱོར་པ་དེའི་ཕུན་ཚོགས་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །སྤུན་ལ་སོགས་པ་ཡང་ཇི་ལྟ་བུ་ཞེ་ན། ཆང་དང་བདེ་ཆེན་གྱི་ཞི་བའི་བྱ་བ་ལ་འདུས་པས་ལེགས་པར་གནས་པའི་རྣལ་འབྱོར་ཕོ་མོའོ། ། འདིས་ནི་ལྷ་དང་གྲངས་མཉམ་པའི་རྣལ་འབྱོར་ཕོ་མོའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་ལ། དེ་རྣམས་ལ་ཞི་བའི་བཏུང་བ་ལ་སོགས་པས་མཆོད་པ་ནི་ནང་གི་སྦྱིན་སྲེག་བྱེད་པའོ། །དེ་རྣམས་འདུས་ནས་གླུ་དང་གླུའི་ལན་ལ་སོགས་པའི་སྤྲོས་པ་རྒྱ་ཆེན་བྱེད་པ་ནི། སྤྲོས་བཅས་ཀྱིས་སྤྱོད་པ་བྱེད་པ་ཡིན་ལ། སྤྲོས་པ་དེ་རྣམས་བཞག་ནི་ས་


JLD008_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་སྤྲོས་མེད་ཀྱི་སྤྱོད་པར་འགྱུར་རོ། །གཉིས་པ་ནི། རང་དང་བདེ་བ་དང་སྡུག་བསྔལ་ཀུན་ལྷན་ཅིག་ཏུ་སྟེ་ཐུན་མོང་དུ་འབྱུང་བའི་སྤུན་དང་བུ་ལ་སོགས་པ་དེར་ནི། འཇིག་རྟེན་པའི་བརྩེ་གདུང་གི་དབང་གིས་སྔགས་དང་ཕྱག་རྒྱ་འཆིང་བ་དང༌། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དང༌། དཀྱིལ་འཁོར་དང་ཚོགས་ཀྱི་འཁོར་ལོ་བསྟན་པར་མི་བྱ་ཞིང༌། རྡོ་རྗེའི་གླུ་ཐོས་པར་མི་བྱའོ། །དེ་བཞིན་དུ་དམ་ཚིག་ལ་སྐུར་ཞིང་སློབ་དཔོན་ལ་སྨོད་པ་དང་སེམས་ཅན་རྣམས་སུན་འབྱིན་པར་བྱེད་པ་ལ་མི་བསྟན་ཏེ། དེ་རྣམས་ལ་བསྟན་ན་དེ་རྣམས་དམྱལ་བར་འགྲོ་ཞིང༌། དེ་ཡིས་དེར་འདུས་པའི་སེམས་ཅན་གཞན་རྣམས་ཀྱིའང་བྱང་ཆུབ་ཀྱི་སེམས་དྲི་མ་ཅན་དུ་འགྱུར་རོ། །ཞེས་གསུང་ངོ༌། །འགྱུར་གཞན་ལས། མ་དང་ཐམས་ཅད་སུན་འབྱིན་བྱེད། ཅེས་ཀྱང་འབྱུང་ངོ༌། །དག་བྱེད་ཙཱ་རུ་བཟའ་བར་བྱ། ཞེས་པ་ནི་སྣོད་མིན་དེ་རྣམས་གཟུང་བའི་ཕྱིར་དུ། ཟས་ལ་ཕྱོགས་གཅིག་ཏུ་སྤྱད་པར་བྱ་ཞེས་འཆད་དོ། ། དེ་ལྟར་བྱས་ན་རྟག་ཏུ་དམ་ཚིག་ལ་སྤྱོད་པར་འགྱུར་རོ། ཞེས་ལྷ་སྦས་གསུང་ངོ༌། །གཞན་དག་ནི་དད་པར་བྱེད་པའི་ཟས་ལ་སྤྱད་པས་དམ་ཚིག་ལ་སྤྱད་པར་འགྱུར་རོ་ཟེར་རོ། །བརྐམ་ཆགས་ལ་སོགས་པས་རྒྱལ་པོ་ལ་སོགས་པ་སུ་ལའང་གསང་སྔགས་ཏེ་དབང་བསྐུར་བ་ལ་སོགས་པ་རྣམ་པ་ཐམས་ཅད་དུ་སྦྱིན་པར་མི་བྱ་ཞིང༌། མན་ངག་རྣམ་པར་བསྟན་པར་མི་བྱའོ། །ལོ་ཆེན་གྱི་འགྱུར་ལས། མན་ངག་རྣམ་པར་བསྟན་མི་བྱ། ཞེས་འབྱུང་ངོ༌། །


JLD008_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་བས། མན་ངག་རྣམ་པར་ཉམས་མི་བྱ། ཞེས་འདོད་པའི་དོན་ལན་ཅིག་ཙམ་གསོལ་བ་བཏབ་པ་ལ། སྲེག་པའི་དབང་གིས་དབང་བསྐུར་བ་སོགས་མི་བྱ་བ་ལ་བཤད་དོ། །འོ་ན་གང་ལ་སྦྱིན་སྙམ་ན། དབང་བསྐུར་བ་དང་དམ་ཚིག་ལ་གནས་པ་ལ་མན་ངག་རྣམས་ཀྱང་དོན་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །ཕོ་ཉ་མོ་དམ་ཚིག་དང་ལྡན་པ་མ་གཏོགས་པ་འདོད་མའི་ཁྱད་པར་གཞན་དག་ལ། འདོད་པ་ལ་རྨོངས་པས་བགྲོད་པར་མི་བྱའོ། ཞེས་ཟེར་རོ། །ཁ་ཅིག་ནི། ཕོ་ཉའི་ལམ་ནི་ཉོན་མོངས་པ་གློ་བུར་བ་སྦྱངས་ནས་ཚེ་འདི་ཉིད་ལ་རྡོ་རྗེ་འཛིན་པ་སྟེར་བའོ། །དེ་བོར་ནས་རྣལ་འབྱོར་གཞན་ཉན་ཐོས་དང༌། བྱ་བ་དང་སྤྱོད་པ་ལ་སོགས་པ་རྣམས་སུ་བསྟན་པ་ལས། དངོས་གྲུབ་ཐམས་ཅད་འདོད་པ་དེ་དག་ནི་རྨོངས་པས་དངོས་གྲུབ་མེད་ཅིང་བདེ་བ་མེད་དེ། རྒྱལ་སྲིད་ཤོར་བ་བཞིན་ལམ་མཆོག་ལ་དད་པ་དང་བྲལ་བའི་ཕྱིར་རོ་ཞེས་འཆད་དོ། །འོ་ན་ཇི་ལྟར་བྱ་ཞེ་ན། ཕོ་ཉ་མོ་ལ་རྟག་ཏུ་ཞེན་པ་སྟེ་ཆགས་པས་བསྟེན་ན། ཐར་པ་སྟེ་གྲོལ་བར་འགྱུར་རོ། །ཞེས་འཆད་དོ། །བྷ་བ་ནི། ཕོ་ཉ་མོ་བསྲུངས་རྟག་ཐར་པ། ཞེས་འདོན་པའི་དོན་ཕོ་ཉ་མོ་སྟེ་ལས་རྒྱ་ལ་གོ་ཆའི་བསྲུང་བ་བྱས་ཏེ། དེ་ཡིས་ཐམས་ཅད་དུ་མངོན་པར་ཞེན་པ་ཞི་བར་བྱའོ། །ཡང་ན་ཕོ་ཉ་དབང་དུ་བྱས་ཏེ། གཞན་ལ་མི་འགྲོ་བར་བྱེད་པ་ནི་ཕོ་ཉ་བསྲུང་བའོ། །ཞེས་ཟེར་རོ། །གལ་ཏེ་ཤིན་ཏུ་ལེགས་པར་བསླབས་པའི་ཕྱག་རྒྱ་མེད་ན། སྐལ་པ་བཟང་པོའི་ཕྱག་རྒྱ་འདའ་བ་ཡིས་ཀྱང་སྟེ་ལེགས་པར་སྦྱར་ཏེ་ལོངས་སྤྱད་པར་བྱའོ། །སྐལ་ལྡན་


JLD008_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམ་ཚིག་དང་ལྡན་པའི་ཕོ་ཉ་མོ་འདའ་བ་སྟེ་སྟོབས་ལ་སོགས་པས་བླངས་ལ་སྤྱད་པར་བྱ་ཟེར་རོ། །ལས་རྒྱ་སྐྱེ་གནས་བཟང་བའམ་ངན་པ་ཡིན་ཡང་རུང་ཕོ་ཉའི་མཚན་ཉིད་ཕུན་སུམ་ཚོགས་པར་མ་གྱུར་ན། སྐྱེ་གནས་དམན་པ་ཡིན་ལ། དེ་ལ་མི་གནས་པ་ནི་མཚན་ཉིད་ཚང་བ་ཡིན་པས་དེ་ལ་བསྙེན་བཀུར་གྱིས་གུས་པར་བྱ་བ་ཉིད་དེ་དེ་ཙམ་ནི་བྱ་བ་མིན་ནོ། །ལཱ་བ་པས། ཕོ་ཉ་མོ་མཚན་ཉིད་དང་ལྡན་པ་ལ་བཟའ་བཏུང་ལ་སོགས་པས་བསྙེན་བཀུར་པ་ཉིད་དེ་ཁོ་ནའམ་དེ་ཙམ་ཞིག་བྱ་བ་མིན་གྱི། སྙོམས་པར་འཇུག་པར་བྱ་སྟེ། ཇི་སྐད་དུ། བསྙེན་བཀུར་གྱི་ནི་དོན་ཅན་མིན། །ཆགས་པས་འདུས་པར་དགའ་བ་སྟེ། །དེ་ཕྱིར་འཁྱུད་པར་རབ་ཏུ་བྱ། །རྗེས་སུ་ཆགས་དང་ལྡན་པས་འཐོབ། །གཞན་དུ་བདེ་བར་མི་འགྱུར་རོ། ཞེས་གསུངས་སོ། །རྡོ་རྗེའི་རིགས་ལ་སོགས་པའི་སྐྱེ་གནས་དམན་པ་རྣམས་དང༌། དང་གི་སྒྲས་བྲམ་ཟེའི་རིགས་ལ་སོགས་པ་སྐྱེ་གནས་མཆོག་གཟུང་ངོ༌། །དེ་རྣམས་ཀྱང་ཤིན་ཏུ་བརྩེ་ཞིང་གདུང་བའི་དབང་གིས་མ་དང་སྲིང་མོ་དང་བུ་མོ་དང་ཆུང་མ་བཞིན་དུ། ཕོ་ཉ་མོར་གནས་ན་ལྷག་པར་སྡུག་པའི་སེམས་ཀྱིས་རྟག་ཏུ་མཆོད་པར་བྱའོ། །དེ་འདྲ་བ་དེ་ལ་བཤུང་ཞིང་དམན་པའི་སེམས་ཀྱིས་དཀའ་ཐུབ་བྱེད་ན། ཕུན་སུམ་ཚོགས་པ་ཐམས་ཅད་ངེས་པར་ཟད་པར་འགྱུར་ལ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་ལ་བརྟེན་ནས་གྲུབ་པ་སྟེ་དགེ་བ་བསགས་པ་རྣམས་ཀྱང༌། སྔར་བཤད་པ་དེ་བཞིན་དུ་ཟད་པར་འགྱུར་རོ། །འཁོར་ལོ་གྲུབ་པའང་དེ་བཞིན་དུའོ། །


JLD008_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལྷ་སྦས་ཀྱི་འགྲེལ་པར་འབྱུང་བ་འགྱུར་ལེགས་སོ། །དེ་ལྟ་བུས་དམ་ཚིག་ཉམས་ན། དེ་ལས་ལྡང་བའི་ཐབས་དམ་ཚིག་གསོ་བའི་སྒྲུབ་ཐབས་དང༌། བཟླས་པ་ལྭ་བ་པ་དང་ལྷ་སྦས་ཀྱི་འགྲེལ་པར་བཤད་དོ། །མཆོག་དང་ལྷན་ཅིག་འཇུག་པར་བྱ། ཞེས་པ་ལྟར་ན་ཕོ་ཉ་མཆོག་དང་ལྷན་ཅིག་ཏུ་ཟླ་བོ་འགུགས་པའི་ཆོ་ག་ལ་རྣམ་རྟོག་མི་བྱ་ཞིང༌། ཟས་ལ་ལྷན་ཅིག་ཏུ་ལོངས་སྤྱོད་ན་དམ་ཚིག་གི་སྤྱོད་པ་བྱས་པས་དག་པར་འགྱུར་རོ། །ཞེས་བྱ་སྟེ། མཆོག་དང་ཐ་མ་ལྷན་ཅིག་འགུགས། ཞེས་མང་པོ་ལས་འབྱུང་བའི་མཆོག་དམན་ནི་ཕོ་ཉ་ལ་བྱའོ། །དེ་ལྟ་བུའི་རྫས་བསྟེན་པ་ནི་དོན་དམ་པའི་ངེས་པའམ་སངས་རྒྱས་རྣམས་ཀྱི་ངེས་པ་ནི་དེ་ལྟ་བུའོ་ཞེས་འཆད་དོ། །ལྭ་བ་པས། མཆོག་ནི་ལྷན་ཅིག་སྐྱེས་མའོ། །འབྲིང་ནི་ཞིང་སྐྱེས་མའོ། །ཐ་མ་ནི་སྔགས་སྐྱེས་མ་སྟེ་དེ་རྣམས་དང་ལྷན་ཅིག་ཏུ་སྦྱར་བས་འགུགས་པ་སྟེ་བསྐྱེད་པ་རྩར་ཆུད་པའི་དབང་པོ་ཐམས་ཅད་ལས་བྱུང་བ། དེ་ལྟ་བུའི་རྫས་ནི་ངེས་པར་སྦྱད་པར་བྱ་བ་ཡིན། ཞེས་འཆད་དེ། མཆོག་འབྲིང་ཐ་མ་ལྷན་ཅིག་འགུགས། ཞེས་འདོན་ནོ། །གཉིས་པ་ལ་གཉིས། གཡོན་པའི་ཀུན་སྤྱོད་དང༌། རིགས་གཅིག་གི་ཆོ་གའོ། །དང་པོ་ནི། འཇིག་རྟེན་ཏེ་རྣལ་འབྱོར་པ་རྟག་ཏུ་གཡོན་ནས་སྤྱོད་པར་བྱེད་དོ། །ཞེས་མདོར་བསྟན་ཏེ། རྣལ་འབྱོར་པ་རྟག་གཡོན་ནས་སྤྱོད། ཅེས་འབྱུང་ངོ༌། །གཡོན་ནས་སྤྱོད་པ་དེ་ཇི་འདྲ་བ་ཞེ་ན། འགྲོ་བ་ནི་རྐང་པ་གཡོན་པ་སྔོན་དུ་འདོར་བ་དང༌། ལག་པའི་བྱ་བ་ལ་ལག་པ་གཡོན་པ་སྔོན་དུ་ཡོངས་སུ་བསྒྱུར་བ་སྟེ་དེས་སྟོན་པ་སོགས་བྱེད་


JLD008_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ལག་པ་གཡོན་པ་མཆོད་ནས་ལག་པ་གཡོན་གྱི་སྤྱོད་པས་རབ་ཏུ་མཆོད་པར་བྱེད་པ་དང༌། རིག་མ་ལ་སྔོན་དུ་ལག་པ་གཡོན་པས་འཁྱུད་པ་དང༌། ལག་པ་གཡོན་པ་ཡིས་ནི་ལྷ་ལ་མཆོད་ཅིང་ཟས་ཟ་བ་སྟེ། དེ་ལྟར་གཡོན་པའི་ཀུན་སྤྱོད་ཀྱིས་སྤྱོད་པ་ནི། བརྟུལ་ཞུགས་མ་ཉམས་ཤིང་བརྟུལ་ཞུགས་རྫོགས་པའོ། །ཧེ་རུ་ཀ་མངོན་འབྱུང་ལས། གཡོན་པའི་ཀུན་སྤྱོད་མང་དུ་གསུངས་པའི་མཐར། ཅུང་ཟད་གསུངས་དང་མ་གསུངས་པ། །དཔལ་ལྡན་ཁྲག་འཐུང་གཡོན་པས་སྤྱོད། སྒྲུབ་པོ་ས་སྟེང་ས་འོག་ན། །བཟླས་དང་བརྟུལ་ཞུགས་བྲལ་བས་ཀྱང༌། །གཡོན་པས་དངོས་གྲུབ་འགྱུར་བ་ཡིན། ཞེས་དངོས་གྲུབ་འགྲུབ་པ་ལ་གཡོན་པའི་ཀུན་སྤྱོད་བསྔགས་པའི་རྒྱུ་མཚན་ཇི་ལྟར་ཡིན་སྙམ་ན། རྩ་རྒྱུད་དང་མངོན་བརྗོད་སོགས་ལས་སྣོད་བཅུད་ཀུན་གཡོན་ནས་འབྱུང་བར་གསུངས་པ་འདི་ཉིད། གཡོན་པའི་ཀུན་སྤྱོད་བྱེད་པའི་རྒྱུ་མཚན་ཡིན་པར་རྡོ་རྗེ་མཁའ་འགྲོ་ལས། བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་གཡོན་ལས་བྱུང་བས་ན། །གཡོན་གྱིས་བཟའ་ཞིང་གཡོན་མཆོད་བྱ། ཞེས་གསུངས་སོ། ། དེ་ཡང་མངོན་བརྗོད་ལས། གཡོན་པའི་སྤྱོད་པ་ཤེས་རབ་སྟེ། །གཡས་པ་དེ་བཞིན་ཐབས་ཡིན་ནོ། །ཞེས་གཡས་གཡོན་གཉིས་ལས། གཡོན་པ་ཤེས་རབ་ཏུ་གསུངས་པས་ཤེས་པར་བྱའོ། །དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས། སྟོང་པའི་དེ་ཁོ་ན་ཉིད་དེ། ཤེས་རབ་ཀྱི་དམིགས་པ་ལ་དེར་བྱས་


JLD008_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དོན་དེ་རྟོགས་པའི་ཤེས་རབ་གཉིས་སོ། །དེའི་དང་པོའི་དབང་དུ་བྱས་ན། སྣོད་བཅུད་ཀྱི་བྱ་བྱེད་ཐམས་ཅད་འཇོག་པ་ནི་དེའི་རྒྱུ་མཚན་གྱིས་འཇོག་སྟེ། རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་ནི་བྱ་བྱེད་གང་ཡང་མི་རུང་བའི་ཕྱིར་དང༌། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ལ་ནི། བྱ་བྱེད་ཐམས་ཅད་རུང་བའི་ཕྱིར་ན་སྣོད་བཅུད་ཐམས་ཅད་གཡོན་ནས་བྱུང་བར་གསུངས་ཀྱི། བུད་མེད་ལའང་གཡོན་པ་ཞེས་གསུངས་པ་ཡོད་པས། དེ་ལས་ཐམས་ཅད་འབྱུང་བ་དང༌། གཡོན་བརྐྱང་མ་ལས་བྱུང་བའི་དཀར་ཆ་ལས་ཐམས་ཅད་འབྱུང་བ་དང༌། ལག་པ་གཡོན་པ་ལས་ཐམས་ཅད་འབྱུང་བར་སྟོན་པ་མིན་ཏེ། རྒྱུད་རྣམས་ནས་ཀྱང་སྟོང་པ་ལས་ཐམས་ཅད་འབྱུང་བར་བཤད་པ་མང་ངོ༌། །ཡང༌། སྐྱེ་དང་འཇིག་དང་རང་འབྱུང་བ། །སྟོང་ཉིད་ཡེ་ཤེས་འདི་ཁོ་ནའོ། ཞེས་གསུངས་པ་ལྟར་ན་བདེ་སྟོང་དབྱེར་མེད་དུ་བྱས་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ཉིད། སྣོད་བཅུད་ཁྱད་པར་ཅན་དག་པའི་དཀྱིལ་འཁོར་གཉིས་ཀྱི་འབྱིན་པ་དང༌སྡུད་པར་བྱེད་པ་པོ་ཡིན་པས། བརྟན་གཡོ་ཐམས་ཅད་གཡོན་པ་ལས་འབྱུང་བར་གསུངས་པ་སྟེ་ཚུལ་གཉིས་སུ་ཤེས་པར་བྱའོ། །དེ་ལྟར་བྱས་ན་གཡོན་པས་མཚོན་པའི་ཤེས་རབ་ནི། །དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་བྱེད་ཡིན་པས། ལམ་དེའི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྟེན་འབྲེལ་ད་ལྟ་ནས་སྒྲིག་པའི་ཕྱིར་དུ། གཡོན་པའི་ཀུན་སྤྱོད་རྣམས་བྱེད་དོ། །དེ་ཡང་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་མཚན་ཉིད་རྫོགས་པར་རྟོགས་པ་ནི། ཐེག་པ་གཞན་དང་རྒྱུད་སྡེ་གཞན་དང་ཐུན་མོང་བ་ཡིན་ལ། ལམ་གཞན་


JLD008_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྐལ་པ་གྲངས་མེད་པས་སངས་རྒྱས་འཐོབ་དགོས་པ། ལམ་འདིར་སྐྱེ་བ་འདི་ཉིད་ལ་འཐོབ་པ་ནི། ཡུལ་གྱི་དེ་ཁོ་ན་ཉིད་ལ་ཁྱད་པར་མེད་ཀྱང་ཡུལ་ཅན་བདེ་བ་མཆོག་ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་བསྒོམས་པ་ལས་ཡིན་ནོ། །མཁའ་འགྲོ་མའི་ཕོ་ཉ་མོ་མང་པོ་ཞིག་གཡོན་པའི་ཀུན་སྤྱོད་ལ་དགྱེས་ཤིང་བྱ་བ་དེས་འཇུག་པས། གཡོན་པའི་ཀུན་སྤྱོད་དེ་རྣམས་དང་མཐུན་པར་སྤྱད་པས་དེ་དག་ཡིད་དགའ་བར་འགྱུར་བ་ཡང་ཡིན་ནོ། །གཉིས་པ་ནི། སྒྲུབ་པ་པོ་རང་གི་བྱ་བ་རྣལ་འབྱོར་ལ་བརྩོན་པ་ནི། དམ་ཚིག་དང་ལྡན་པའི་རིགས་ལྡན་མ་ལ་སྤྱོད་པ་དང༌། དེ་དང་ལྷན་ཅིག་ཏུ་ཟས་ལ་སྤྱོད་པར་བྱེད་ཅིང༌། དམ་ཚིག་དང་ལྡན་པ་ལ་སྤྱོད་པ་ཡང་ཕྱག་རྒྱ་རིགས་ལྔ་ལ་ཀུན་ཏུ་སྤྱོད་པ་ཡིན་ལ། དེ་ཡང་རིན་པོ་ཆེའི་རིགས་མི་བསྐྱོད་པའི་རིགས་སུ་བསྡུས་ནས། རིགས་བཞིར་རབ་ཏུ་བརྟག་པར་བྱ་བ་དང༌། དེ་ཡང་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དུ་སྡུད་ཅིང༌། དེ་གསུམ་ཡང་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་ལ་ནི་ཀུན་ཏུ་སྤྱོད་པ་ནི། གྲུབ་པའི་རྣལ་འབྱོར་པས་རབ་ཏུ་མཆོད་པ་སྟེ་དེ་དང་རྗེས་སུ་མཐུན་ནོ། །གསུམ་པ་ནི། དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པ་བྱེད་པ་རྣམས་གཞོམ་པའི་ཕྱིར་དུ། ལས་ཀྱི་ཚོགས་གསུངས་པ་ནི་དྲག་པོའི་སྦྱིན་སྲེག་བྱེད་ཐབས་ལས་གསུངས་པའི་ཆོ་གས། ཐབ་ཁུང་གི་དཀྱིལ་འཁོར་གྲུབ་གསུམ་པ་བྱས་ལ་མངོན་སྤྱོད་ཀྱི་སྤྱིན་སྲེག་གི་ཡོ་བྱད་དང༌། ཡུངས་མར་ལ་སོགས་པ་རྣམས་ཀྱིས་མེ་སྦར་ལ།


JLD008_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་སྐྱེས་མ་སྣ་བུག་གཡས་པ་ནས་བཅུག་སྟེ། འོག་ནས་བྱུང་བར་བསམས་ལ། དེ་རྡོ་རྗེ་ལྕགས་ཀྱུ་དང་གྲི་གུག་བསྣམས་པས། བསྒྲུབ་བྱ་གཅེར་བུ་མྱོས་པར་གྱུར་པ་བཀུག་ལ། དེ་ཉིད་དུམ་བུར་བྱས་པར་བསམ་ཞིང་བ་ལང་གི་ཤ་དང་རྟ་ཡི་ཤ་དང༌། ཁྱི་ཡི་ཤ་དག་དང་སྣ་ཚོགས་པ་སྟེ་རྨ་བྱའམ་ཁྱིམ་བྱའི་ཤ་རྣམས་བསྒྲུབ་བྱའི་ཤ་ཡིན་པར་བསམས་པ་ཡིས། ཁྲོ་བོ་ཆེན་པོའི་ང་རྒྱལ་དང་ལྡན་པས་ཆེ་གེ་མོ་མཱ་ར་ཡ་ཞེས་བྱ་བ་དང༌། རྩ་བའི་སྔགས་ཀྱིས་སྦྱིན་སྲེག་བྱས་ན། སངས་རྒྱས་དག་ཀྱང་ངེས་པར་འཇིག་པ་སྟེ་འཆི་ན། གཞན་ལྟ་ཅི་སྨོས་ཞེས་ཕུལ་བྱུང་བརྗོད་པའོ། །ཁ་ཅིག་འདི་ནང་ལ་སྦྱར་ནས་ཕྱི་ལ་མི་སྦྱོར་བ་དང༌། གཞན་དག་དེ་ལས་བཟློག་ནས་བྱེད་ཀྱང༌། ལྭ་བ་པས་ཕྱི་ནང་གཉིས་ཀ་ལ་བཤད་པ་ལྟར་ལེགས་ལ། འདིར་ནི་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །བཞི་པ་ནི། ཕྱག་རྒྱ་དང་སྔགས་ལེགས་པར་བསླབས་པའི་ཕྱིའི་རྣལ་འབྱོར་མ་དང་ཡང་དག་པར་ལྡན་པའི་དཔའ་བོ་ནི། རབ་ཏུ་བསྔགས་པ་ཡིན་ལ་དེ་བཞིན་དུ་ཕྱག་རྒྱ་དང་ལྡན་པའི་ཟས་ཏེ་སྟོན་མོ་བྱེད་པའི་དཔའ་བོ་ཡང་བསྔགས་པ་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡི་སྤྲུལ་པ་ནི་ཧེ་རུ་ཀར་བསྒྱུར་བའི་རྣལ་འབྱོར་རོ། །དེ་ཉེ་བར་སྤྱོད་པ་ནི་དེས་གུས་པ་དང་བཅས་པས་སྤྱོད་པའོ། །བསྟན་བཅོས་ཀུན་ནི་རིག་བྱེད་ལ་སོགས་པའི་གཞུང་ངན་པ་གཞན་ནོ། །སྤངས་པ་ནི་དོར་བའོ། །ཉེར་སྤྱོད་དེ་རྟག་ཏུ་འཛིན་ཞིང་དམ་ཚིག་སྲུང་བ་ནི། མངོན་པར་འདོད་པའི་ལས་རྣམས་ཀུན་སྒྲུབ་པ་ལ་


JLD008_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་མེད་པར་ཇི་ལྟར་འདོད་པ་བཞིན་དུ་དེ་འགྲུབ་བོ། །འདིར་ནི་འགར་ཡང་འགྲུབ་མ་ཡིན། ཞེས་པ་ལ་འགྱུར་གཞན་ལས། འདིར་ནི་གཞན་དག་འགྱུར་མ་ཡིན། ཞེས་འབྱུང་བའི་དོན་འདིར་ནི་སྟེ་སྔར་བཤད་པ་དེ་ནི། ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་སོ། །སྒྲུབ་པ་པོ་དེ་ཡི་ཕོ་ཉ་མོ་མཆོག་སྟེ་གཞན་བཟང་པོ་དང༌བཅས་པ་སྟེ་ལྷན་ཅིག་པ། བརྩོན་པར་ལྡན་པ་སྟེ་ལེ་ལོ་མེད་པར་དངོས་གྲུབ་སྒྲུབ་པ་ལ་རྗེས་སུ་ཆགས་པའོ། །དེ་འདྲ་བ་དེ་རྙེད་ནས་དེ་དང་ལེགས་པར་སྦྱོར་བ་ལས་ཀུན་ནས་ཏེ་ཤིན་ཏུ་ཆགས་པའི་དགའ་བ་ཡི་ལོངས་སྤྱོད་བྱའོ། །རྣལ་འབྱོར་གྱི་རྫས་ནི་ཐམས་ཅད་མཁྱེན་པར་བགྲོད་པའི་བདུད་རྩིའི་བཅུད་ལེན་བྱང་ཆུབ་ཀྱི་སེམས་སོ། །དེས་རྣམ་པར་འབྱེད་པ་སྟེ་བྱེ་བྲག་ལོངས་སྤྱོད་པ་དང་གྲོལ་བའི་འབྲས་བུ་གཉིས་སྩོལ་ལོ། །བླ་མའི་མན་ངག་ཐོབ་ནས་དེ་སྒོམ་པ་ལ། རྟག་ཏུ་དགའ་ཞིང་གུས་པ་དང་ལྡན་པས་བྱང་ཆུབ་བསྒྲུབས་ན་ཚེ་འདི་ཉིད་ལ་སངས་རྒྱས་འཐོབ་ལ། གལ་ཏེ་བརྩོན་འགྲུས་དམན་པས་དེ་ལྟར་མ་ཐོབ་པ་དེའི་ཚེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡང་རྣལ་འབྱོར་པ་དེ་ནི། ཇི་ལྟར་འདོད་པའི་དོན་རྣམས་ནོར་སྦྱིན་དང་མཚུངས་པར་འབྱོར་པར་འགྱུར་རོ། །ལྔ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཕོ་ཉ་དང་འདུས་ནས་བཟའ་བཏུང་ལོངས་སྤྱོད་པའི་ནང་གི་སྦྱིན་སྲེག་དང༌། ཕོ་ཉའི་རིགས་ཐམས་ཅད་ཀྱང་རྡོ་རྗེ་འཆང་གི་རིགས་གཅིག་


JLD008_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་བྱས་ནས། ཕོ་ཉ་མཆོད་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ཉི་ཤུ་རྩ་བརྒྱད་པའི་བཤད་པའོ།། ༈ །།གསུམ་པ་ཕོ་ཉའི་མཚན་ཉིད་དང་དྲོད་དང་ནུས་པའི་གནས་སྐབས་ཀྱི་ཆོ་ག་ལ་གསུམ། བཤད་པར་དམ་བཅའ་བ། བཤད་པ་དངོས། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཉེར་བརྒྱད་པའི་རྗེས་དེ་ནས་སྔར་བཤད་པའི་མཚན་ཉིད་ལས། གཞན་ཡང་སྟེ་ཕོ་ཉའི་ཁྱད་པར་གྱི་མཚན་ཉིད་ཤེས་པར་བྱ་བ་བསྟན་པ་ནི་སྟེ་བསྟན་པར་བྱའོ། །དགོས་པ་གང་གི་དོན་དུ་ན། རྣལ་འབྱོར་པ་གང་གིས་ཕོ་ཉའི་མཚན་ཉིད་ཡང་དག་པ་ཤེས་པར་འགྱུར་བའི་ཆེད་ཡིན་ལ། དེ་ལྟར་ཤེས་ན་མཁའ་འགྲོ་མ་རྣམས་དམ་ཚིག་ལས་མི་འདའ་བར་སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར་དུ་གནས་པར་འགྱུར་རོ། །གཉིས་པ་ལ་གསུམ། ཕོ་ཉའི་མཚན་ཉིད། ནུས་པའི་ཆོ་ག །རྣལ་འབྱོར་ཆེན་པོ་ལ་བསྔགས་པའོ། །དང་པོ་ནི། མཁའ་འགྲོ་མའི་དམ་ཚིག་ཤེས་ནས་བརྟེན་ན། དེ་རྣམས་ཀྱིས་རྣལ་འབྱོར་པ་མིང་པོ་དང་ཕ་དང་བདག་པོ་ཁྱོ་བཞིན་དུ་སྐད་ཅིག་གིས་མཐོང་ཞེས་གོང་མ་རྣམས་འཆད་དོ། །ཕྱག་རྒྱ་གང་རྙེད་པ་དང་གནས་ཚུལ་ནི། ཕའམ་ཡང་ན་མ་དང་ནི། ཞེས་པ་ཤིན་ཏུ་སྡུག་པའི་སེམས་ཀྱིས་ལྷན་ཅིག་ཏུ་སྤྱོད་པར་རྗེས་སུ་འཇུག་པའོ། །གང་ལ་རྗེས་སུ་འཇུག་ཅེ་ན། བདག་པོ་ཉིད་ཅེས་པ་རྣལ་འབྱོར་པ་ཡེ་ཤེས་ཐོབ་པ་ལའོ། །སྐད་ཅིག་མཐོང་ནི་བདེ་སྟོང་གཉིས་སུ་མེད་པར་ཞུགས་པ་དག་


JLD008_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡེ་ཤེས་དེའི་བདག་ཉིད་སོ་སོ་རང་གི་རིག་པ་སྐད་ཅིག་ཇི་སྲིད་པར་མཐོང་བའོ། །ལྕེ་སྦོམ་པ་དང་མིག་ནི་དམར་སེར་དང༌། ཡན་ལག་རྩུབ་པ་དང༌། སྤུ་སྟེ་སྐྲ་དམར་སེར་ཅན་བཞི་ནི་ཕྱག་རྒྱ་མོ་རིགས་བཞི་ཡིན་ལ། དེ་ཡང་ལྭ་བ་པའི་འགྲེལ་པར་དང་པོ་ནི། བཞིན་འཕེལ་ཆེ་ཞིང་ནུ་རྒྱས་མ། །གཞན་ཡང་ཐུང་ཞིང་སྐྲ་ཡང་ཐུང༌། །གླང་ཆེན་དྲི་བྲོ་རེག་མྱོས་པ། །མདོར་བསྡུས་ནས་ནི་རབ་ཏུ་བསྒྲགས། །ལུས་བོང་རིང་ཞིང་བཞིན་ཡང་རིང༌། །དེ་བཞིན་ལག་པ་རྐང་པའང་རིང༌། །ཉ་ཡི་དྲི་བྲོ་ཁུ་བ་འབབ། །སྐྱེ་གནས་རིང་ཞིང་ཟླ་བ་འབབ། །མཉམ་ཞིང་སྔོ་བསངས་ནུ་མ་འཁྲང༌། །ཡན་ལག་ཆུང་ཞིང་སྐྲ་ཡང་སྲབ། །སྐྱེ་གནས་ཆུང་ཞིང་ཡན་ལག་རྩུབ། །དལ་བར་སྨྲ་ཞིང་སྣ་མཐོ་བ། །མགྲིན་རིང་ཧ་ཅང་རིང་པ་མིན། །གཟུགས་མཛེས་པད་མ་དཀར་པོ་འདྲ། །ལུས་ལ་རྟག་ཏུ་རྔུལ་འབྱུང་བ། །ཤིན་ཏུ་དྲི་ཞིམ་ཡིད་འཕྲོག་མ། །མིག་དང་ལྟ་སྟངས་རི་དྭགས་འདྲ། །རི་དྭགས་མགྲིན་པ་རི་དྭགས་ལྟོ། །རི་དྭགས་རྒྱལ་པོའི་རྐེད་པ་ཅན། །སྐལ་བཟང་པད་མའི་དྲི་དང་ལྡན། །ཞེས་པའོ། །གཉིས་པ་ནི། །མིག་དམར་བ་ཤས་ཆེ་ཞིང་སེར་བ་དང༌། དེ་བཞིན་རྐང་པ་ལག་པའང་དམར། །མ་ལླི་ཀ་ཡི་དྲི་འབྱུང་ཞིང༌། །བདེར་གཤེགས་འདུས་པ་ཉིད་དགའ་བའི། །བུད་མེད་དངོས་གྲུབ་སྟེར་བར་བྱེད། །ལུས་རྒྱས་ནུ་མའང་རབ་རྒྱས་ཤིང༌། །སྐྲ་ནི་འཁྱིལ་བར་གྱུར་པ་དང༌། །ངང་པའི་འགྲོས་ཅན་དལ་བར་སྨྲ། །ཤིན་ཏུ་རིང་མིན་


JLD008_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡང་ཟླུམ། །ལྟེ་བའི་དབུས་སུ་གཉེར་གསུམ་ནི། །དབུས་ནས་འཕྱང་བ་དེར་ཤེས་བྱ། ཞེས་པའོ། །གསུམ་པ་ནི། རྩུབ་ཅིང་ཡན་ལག་རྩུབ་པ་དང༌། །བརྒྱ་བྱིན་ལྟ་བུས་གཞན་ལ་སྨོད། །ཅེས་པའོ། །བཞི་པ་ནི། སྐྲ་ནི་འཁྱིལ་ཞིང་ཁམ་པར་གནས། །མདོག་ངན་ཡན་ལག་རྩུབ་པ་དང༌། །སྐྱེས་པ་ལྟ་བུར་ནུ་མ་སྤངས། །ས་ལི་ལྟ་བུའི་དྲི་ཡང་བྲོ། །འོད་འབར་ས་ལིའི་དྲིའི་འབྱུང་ལ། །རྟག་ཏུ་ཆང་ལ་དགའ་བ་སྟེ། །དམ་ཚིག་སྤྱོད་པ་ཕུན་སུམ་ཚོགས། །བསམ་པ་རྟོག་ལ་ནན་ཏན་བྱེད། །ཁྱད་པར་ཅན་གྱི་དྲི་ཞིམ་པའི། །ཆང་གི་རྗེས་སུ་འགྲོ་བ་སྟེ། །ཆང་གི་ཁྱད་པར་དག་དང་ནི། །ཆང་གིས་ཤིན་ཏུ་མྱོས་པ་དང༌། །དེ་བཞིན་ཁུ་བ་མང་བའོ། ཞེས་པའོ། །ཕྱག་རྒྱ་དེ་རྣམས་ནི་གྲོལ་བའི་དངོས་གྲུབ་ཀྱི་དོན་དུ། དགེ་བའི་བཤེས་གཉེན་ཏེ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་དུ་རྗེས་སུ་འགྲོ་བ་མའོ། །གང་ཞིག་བཟླས་པ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་ལ། རྟག་ཏུ་དགའ་བ་ཕོ་ཉ་མོའི་མཚན་ཉིད་རྣམས་དྲན་པ་དང་ནི་ཡང་དག་པར་ལྡན་པ། རྒྱུན་མི་འཆད་པར་རྣལ་འབྱོར་ལ་བསླབས་ནས། ཕོ་ཉ་མོ་དང་བཅས་པ་སོགས་ཀྱིས་བསྡུས་པ་བཟའ་སྲུང་གི་དམ་ཚིག་ལ་གོ་འཕང་སྟེ་གནས་པའི་སྔགས་པ་དེ་ལ། མཁའ་འགྲོ་མ་མཆོག་སྟེ་གཙོ་བོ་ཉི་ཤུ་རྩ་བཞིས། །སྤྱོད་པ་སྟེ་མངོན་མཐོ་མཆོག་དང་དངོས་པོར་ཞེན་པའི་འཆིང་བ་ལས་གྲོལ་བའི་འབྲས་བུ་རབ་ཏུ་སྟེར་བར་བྱེད་དོ། །གཉིས་པ་ནི། ཧེ་རུ་ཀའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ལ་རྩ་བའི་སྔགས་དྲང་ངེས་གཉིས་ནི་རྟག་ཏུ་ཟློས་པ་སྟེ་བཟླའོ། །དེ་ནི་


JLD008_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་དང༌། བར་དུ་གཅོད་པའི་བདུད་ཀུན་རབ་ཏུ་ཞི་བར་བྱེད་པས་ན། དངོས་གྲུབ་ཐམས་ཅད་གསང་སྔགས་འདི་ལས་འབྱུང་བ་སྟེ་ཤིན་ཏུ་གོམས་པར་བྱས་པས་འཐོབ་བོ། །དེ་གང་ཡིན་ཞེ་ན། རྒྱུ་བ་ནི་བཅུད་དང་མི་རྒྱུ་བ་ནི་སྣོད་དང༌། འཇིག་རྟེན་གསུམ་ནི་ས་འོག་ས་སྟེང་ས་བླའི་དག་པའི་སངས་རྒྱས་ཀྱི་ཞིང་སྟེ། དེ་ཐམས་ཅད་རྡོ་རྗེ་འཛིན་པ་ལྷན་སྐྱེས་ཀྱི་ངོ་བོར་རོ་གཅིག་ཏུ་བྱས་པའི་རྣལ་འབྱོར་ལ་རོལ་པས། སྤྱོད་པ་དང་གྲོལ་བའི་འབྲས་བུ་རབ་ཏུ་སྟེར་རོ། །ཡིད་སྐྱོབ་པའི་སྔགས་དང་ཕྱག་རྒྱར་ཡང་དག་པར་ལྡན་པའི་སྒྲུབ་པ་པོ་ཉིད་ནི་དངོས་གྲུབ་མཆོག་སྒྲུབ་པ་ལ་བརྩོན་པ་ཡིན་པས། ཕྱག་རྒྱ་ལ་སྦྱོར་བ་དང་བྲལ་བའི་གསང་སྔགས་ནི། ལུས་ཅན་ཏེ་སྒྲུབ་པ་པོ་རྣམས་ལ་འགྲུབ་མི་འགྱུར་བ་སྟེ་འགྲུབ་པར་ཤིན་ཏུ་དཀའོ། །དེ་བས་ན་སྔགས་དང་ཕྱག་རྒྱའི་རབ་སྦྱོར་ལ་མངོན་པར་བརྩོན་པས་ཇི་སྲིད་དུ་ཚར་གཅོད་པ་དང་རྗེས་སུ་འཛིན་པའི་དྲོ་བའི་བྱ་བ་སྟེ་ནུས་པ་དག་ཐོབ་པ་དེ་སྲིད་དུ་འབད་ལ། དེ་ཐོབ་པ་དང་མ་ཐོབ་པ་ཡང་རྟོགས་པར་བྱས་ཏེ། དྲོད་ཐོབ་ནས་སྤྱོད་པར་བྱའོ། །ཡང་ན། དང་པོ་ཤེས་རབ་དྲོ་བ་སྟེ། །གཉིས་པ་དུ་བ་ལྡན་པར་འགྱུར། །གསུམ་པ་ལ་ནི་འོད་འཁྲུགས་འབྱུང༌། །བཞི་པ་མར་མེ་ལྟར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་པ་ཡི་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟར་རོ། །དྲོ་བ་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་བཞི་སྟེ། ཀུན་ལས་བཏུས་དང་


JLD008_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་རྒྱན་ལས་གསུངས་པ་ལྟར་བཤད་དོ། །གསུམ་པ་ལ་གཉིས། རྣལ་འབྱོར་ཆེན་པོ་ལ་སྡང་ཞིང་དོར་བའི་ཉེས་དམིགས། རྣལ་འབྱོར་ཆེན་པོ་ལ་གནས་པའི་ཕན་ཡོན་ནོ། །དང་པོ་ནི། མངོན་པར་འདོད་པའི་དོན་ཀུན་ཚེ་འདི་ཉིད་ལ་སྒྲུབ་པར་བྱེད་པའི་དཔལ་ཧེ་ར་ཀའི་རྣལ་འབྱོར་ཆེན་པོ་ལ་གང་ཞིག་རྨོངས་ཤིང༌། །སྡིག་གྲོགས་དང་ཕྲད་པས་སྡང་བས་སུན་འབྱིན་པ་ནི། མནར་མེད་པར་འགྲོའོ། །དེ་ལས་ཐར་ནས་ཀྱང་ཁྱིའི་སྐྱེ་གནས་བརྒྱར་སྐྱེས་ཏེ། དེ་ནས་མིར་སྐྱེས་ཀྱང་སྨེ་ཤ་ཅན་ཏེ་རིགས་ངན་གྱི་རིགས་སུ་སྐྱེ་བར་འགྱུར་རོ། །དཔེར་ན་གང་ཟག་ལ་ལ་མར་འདོད་པས་འབད་པ་མང་པོས་ཆུ་ནི་བསྲུབས་པར་གྱུར་ཀྱང༌། མར་སར་འབྱུང་བར་མི་འགྱུར་གྱི་ལུས་ཉོན་མོངས་པ་སྟེ་སྡུག་བསྔལ་བ་ཁོ་ནར་ཟད་དོ། །དེ་བཞིན་དུ་རྣལ་འབྱོར་འདི་དོར་ནས་འཚོ་བའི་ཐབས་ཀྱི་རྒྱུར་གྱུར་པའི་རྣལ་འབྱོར་གཞན་ལ་བརྟེན་ནས་འཛིན་ཞིང་མཆོད་པ་བྱེད་པ་ནི། འདི་དང་གཞན་དུ་སྟེ་ཕྱི་མར་ངལ་བ་དོན་མེད་པར་འགྱུར་རོ། །གཉིས་པ་ནི། དཔལ་ཧེ་རུ་ཀའི་རྣལ་འབྱོར་ཆེན་པོ་མཆོག་ཡོངས་སུ་འཛིན་པའི་དཔའ་བོ་སྟེ་སྒྲུབ་པ་པོ་ནི། རིགས་ངན་གདོལ་པ་དང་ཀླ་ཀློ་ཡིན་ན་ཡང༌། ཡུལ་ཕྱོགས་གང་ན་གནས་པར་གྱུར་པའི་ཡུལ་ཕྱོགས་དེ། དཔའ་བོའི་ཡུལ་དུ་ཡོངས་སུ་བརྟག་པར་བྱ་སྟེ། ཡུལ་དེའི་སེམས་ཅན་རྣམས་ཡོངས་སུ་གཟུང་བའི་རྒྱུར་ཡུལ་དེ་རུ་ཧེ་རུ་ཀ་པ་ནི་རྟག་པར་རྣལ་འབྱོར་པ་དེ་ཡི་སྙིང་ལ་གནས་པ་སྟེ་བཞུགས་པས། ཅི་ནས་ཀྱང་དེའི་རྩ་ལག་རྣམས་ཀྱང་མཆོད་པར་བྱའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་


JLD008_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྡུས་པའི་རྒྱུད་ལས། ཕོ་ཉའི་མཚན་ཉིད་བསྟན་པ་དང༌། དྲོད་ཀྱི་ནུས་པའི་གནས་སྐབས་སྐྱེད་ཐབས་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ཉི་ཤུ་རྩ་དགུ་པའི་བཤད་པའོ།། ༈ །།དྲུག་པ་བར་ཆད་སེལ་བའི་བསྲུང་བའི་སྔགས་བཏུ་བ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། ཉེར་དགུ་པའི་རྗེས་དེ་ནས་ཧེ་རུ་ཀའི་སྔགས་བཏུ་བ་ལས་གཞན་ཡང་གནོད་མཛེས་ཀྱི་སྔགས་ཀྱི་མངོན་པར་རྟོགས་པ་བཤད་པར་བྱའོ། །དེ་ཡང་རྒྱུད་གཞན་གྱི་སློབ་དཔོན་གྱིས་ཤིན་ཏུ་རྙེད་དཀའ་བའི་དབྱངས་གསལ་དགོད་པའོ། །དགོས་པ་ནི་སྒྲུབ་པ་པོ་གང་གི་སྔགས་བཏུ་བ་ཤེས་པ་ཙམ་གྱིས་ནི། །མྱུར་དུ་བགེགས་ཞི་བའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །གཉིས་པ་ལ་གསུམ། ས་གཞི་བསྟར་བ་སོགས་བྱས་ཏེ་སྔགས་བཏུ་བ། བཏུས་པའི་ཆེ་བ་ཆོ་ག་དང་བཅས་པ། སྔགས་བཞི་རིམ་པར་བསྒྲིགས་ཏེ་བསྟན་པའོ། །དང་པོ་ལ་བཞི། གང་དུ་སྔགས་བཏུ་བའི་གཞི་འདུ་བྱ་བ། གང་གིས་ཐུ་བའི་རྣལ་འབྱོར་བསྟན་པ། གང་ལས་ཐུ་བའི་གཞི་དགོང་པ། སྔགས་བཏུ་བའི་ཚུལ་དངོས་སོ། །དང་པོ་ནི། གང་དུ་སྔགས་ཐུ་བའི་ས་ཡི་ཆ་ནི་མཐོ་དམའ་མེད་པར་ངོས་མཉམ་ཞིང༌ས་ཡིད་དུ་འོང་བར་ཙན་དན་གྱི་ཆུས་ནི་ཉེར་བར་བསྐུའོ། །


JLD008_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བཟང་པོའི་དྲི་དང་ལྡན་པའི་ས་ལ་ནི། མེ་ཏོག་སིལ་མ་གཅལ་དུ་བཀྲམ་ཞིང༌། མར་མེའི་ཕྲེང་བས་ཡང་དག་པར་དཀྲིགས་པ་དང༌། སྤོས་བཟང་པོའི་དྲི་ཡིས་ཉམས་དགའ་བར་བྱས་པའི་ས་གཞིར་སྔགས་བཏུ་བའོ། །གཉིས་པ་ནི། སྔགས་ཐུ་བ་པོ་བདག་གིས་བྱ་དགོས་པ་ཐམས་ཅད་བྱས་ནས་ནི་སྔགས་བཏུ་བར་བྱའོ་ཞེས་སྦྱར་རོ། །དེ་ནི་སྡོམ་འབྱུང་ལས། སྔགས་པས་ཙཱ་རུ་ཡང་དག་སྤྱད། །བདུད་རྩི་བཏུང་བར་བྱ་དེ་ནས། །རང་ལྷག་ལྷ་ཡི་རྣལ་འབྱོར་གྱིས། །གཏོར་མ་སྦྱིན་པ་སྔོན་འགྲོ་བར། །མཁའ་འགྲོ་མ་ཀུན་མཉམ་སྦྱོར་བའི། །སློབ་དཔོན་ལེགས་པར་མཉམ་བཞག་སྟེ། ཞེས་གསུངས་པ་ལྟར་ཧེ་རུ་ཀའི་རྣལ་འབྱོར་གྱིས་སྔོན་དུ་གཏོར་མ་སྦྱིན་ལ། དེ་ནས་དཔའ་བོ་དང་རྣལ་འབྱོར་མ་ཀུན་མཉམ་པར་སྦྱོར་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་སྔོན་དུ་བྱའོ། །དེར་མ་ཟད་ཕྱོགས་གཅིང་པ་ཡང་བྱས་ནས་སུ་སྔགས་བཏུ་བ་སྟེ། ཕྱོགས་བཅིང་བ་ནི་རྡོ་རྗེའི་ས་གཞི་དང༌། ར་བ་དང་གུར་དང་བླ་རེ་དང༌། མདའི་དྲ་བ་དང་མེ་རི་རྣམས་དགོད་པའོ། །གསུམ་པ་ནི། ཕྱོགས་བཅིངས་པའི་རྗེས་དེ་ནས་རྫ་རྔ་བཅིངས་པ་ལྟ་བུའི་དབྱིབས་ས་ལ་བྲི་བར་བྱ་སྟེ། དེ་ཡང་ཕྱོགས་རི་ནས་རི་མོ་བརྒྱད་བརྒྱད་གྱིས་ལེགས་པར་བསྐོར་བ་ལ་རེའུ་མིག་བདུན་བདུན་བྱས་པས་རེའུ་མིག་ཞེ་དགུར་འགྱུར་ལ། རེའུ་མིག་ཟིན་པའི་རྗེས་སུ་རི་མོ་དགུ་པས་བསྐོར་བ་སྟེ་དེ་ནི་དབུས་སུ་བྱེད་པའོ། །འགྲེལ་པ་བཞི་ལས་རྫ་རྔའི་དབྱིབས་ལྟ་བུ་ལ་རེའུ་མིག་བྱ་བར་བཤད་པས། རྫ་རྔ་བཅིངས་པ་ལྟ་བུའི་དབྱིབས་ནི་རེའུ་མིག་ནི་


JLD008_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་གཞི་ལ་བྱའི། །རེའུ་མིག་གི་དབྱིབས་ལ་མི་བྱའོ། །རི་མོ་དགུས་ཟླུམ་པོར་བསྐོར་བའི་དབྱིབས་ནི། རྫ་རྔ་ཟོ་བར་དཀྲིས་མས་བཅིངས་པ་དང་འདྲ་བར་བཅིངས་པ་ཞིག་ཡོད་པར་གསལ་ལོ། །རེའུ་མིག་ཞེ་དགུ་ལ་ནི་ཡི་གེ་སྟ་གསལ་བྱེད་དང༌། ཕྱི་མོ་སྟེ་དབྱངས་རྣམས་མཉམ་པ་སྟེ་རྫོགས་པར་བྲིས་ཏེ། སློབ་དཔོན་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་ཤིན་ཏུ་མཉམ་པར་བཞག་པས་ཨ་ནས་ཧའི་བར་དུ་དགོད་པར་བྱའོ། །རྡོ་རྗེ་མཁའ་འགྲོ་ལས། དབུས་ཀྱི་རེའུ་མིག་སྟོང་པ་ལ། །ཀ་ཤ་ཞེས་བྱའི་ཡི་གེར་ནི། །གནས་པ་ཡིན་ནི་བྲི་བར་བྱ། །ཞེས་གསུངས་པས་དབུས་མ་སྟོང་པ་ལ་ཀྵ་བྲིའི། །བཞི་པ་ལ་གསུམ། སྔགས་བཏུ་བ་མདོར་བསྟན་པ་དང༌། བཏུ་གཞི་དང་མདོར་བསྟན་གྱི་ངེས་དོན་དང༌། སྔགས་བཏུ་བ་རྒྱས་པར་བཤད་པའོ། །དང་པོ་ནི། རྫ་རྔའི་དབྱིབས་ཅན་དེར་གནས་པའི་དབྱངས་གསལ་ལས། དཔའ་བོ་ནི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པའི་སྔགས་བཏུ་བར་བྱའོ། །སྔགས་ལ་དཔའ་བོ་ཞེས་པ་ནི་སྔགས་དང་ལྷ་དབྱེར་མེད་པའི་ཕྱིར་རོ། །ཇི་ལྟར་དུ་བཏུ་ཞེ་ན། དབྱངས་རྣམས་རིམ་པ་བཞིན་དུ་འབྱུང་བ་དང༌། ཡི་གེ་སྟེ་གསལ་བྱེད་རྣམས་རིམ་པ་བཞིན་དུ་འབྱུང་བ་མིན་པའི་ཚུལ་གྱིས། སྒྲུབ་པ་པོས་ཡི་གེ་ཞེ་དགུའི་གྲངས་རྣམས། རེའུ་མིག་དེ་དག་གི་ནང་དུ་ཚུད་པར་བྱས་པ་ལས་བཏུའོ། །སྡོམ་འབྱུང་ལས། དང་པོ་ཨ་ཡིག་ནས་བརྩམས་ཏེ། །ཧ་ཡིག་རྣམ་པའི་བར་དུ་སྔགས། །གཡས་སྐོར་རྣམ་པའི་སྦྱོར་བ་ཡིས། །ཤེས་པར་བྱའོ་གསང་བའི་བདག །ཅེས་དབྱངས་


JLD008_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གཉིས་ཀ་གཡས་སྐོར་དུ་དགོད་པར་གསུངས་པས་དབྱངས་གཡས་སྐོར་དང༌། གསལ་བྱེད་གཡོན་སྐོར་དུ་འགོད་པ་ལུགས་འབྱུང་དང་ལུགས་བཟློག་གི་དོན་མིན་ནོ། །དེས་ན་རིམ་བཞིན་དང་རིམ་མིན་ནི་སྔགས་ཐུ་ཚུལ་ལ་བྱའོ། །གཉིས་པ་ནི། འདིར་ལྭ་བ་པ་དང་ལྷ་སྦས་ཀྱིས། དེ་ནས་རྫ་རྔ་བཅིངས་བྱས་ཏེ། ཞེས་པ་ནས། གྲངས་དེ་དག་གི་ནང་ཆུད་པར། ཞེས་པའི་བར་ལ་ངེས་དོན་གྱི་བཤད་པ་མཛད་པ་ནི། རྫ་རྔའི་སྐད་དོད་མུ་ར་ཛེ་ཞེས་པའི་ཡི་གེ་གསུམ་ནི། སྐུ་གསུང་ཐུགས་ཀྱི་དབྱེ་བས་སྐུ་གསུམ་མོ། ཞེས་ཡི་གེ་གསུམ་སྐུ་གསུང་ཐུགས་སུ་བྱེད་པ་ནི། ཨོཾ་སྐུ། ཨཱཿ གསུང༌། ཧཱུཾ་ཐུགས་སུ་བྱེད་པའོ། །དེ་སྐུ་གསུམ་དུ་བྱེད་པ་ནི། རིམ་པ་བཞིན་དུ་སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུར་འཇོག་པའོ། །ལྭ་བ་པས། རླུང་གིས་ཤིན་ཏུ་བསྐོར་བ་ཡི། རི་མོ་བརྒྱད་ལ་ཡང་དག་བརྟེན། །རི་མོ་དགུ་པ་དབུས་གནས་པ། ཞེས་པ་ནི་དབུས་ཀྱི་རི་མོ་དགུ་པ་རི་མོ་བརྒྱད་ཀྱི་བཞི་པོ་དང༌། དབུས་ཀྱི་རི་མོ་ཟླུམ་པོ་རླུང་དུ་ལྷ་སྦས་ཀྱིས་བཤད་པས་རི་མོ་བརྒྱད་ཀྱིས་བསྐོར་བའི་རི་མོ་བརྒྱད་ཀྱི་རྟེན་རི་མོ་དགུ་པ་ནི་རླུང་ཞེས་བྱ་སྟེ། འབྲུ་གསུམ་གྱི་སྔགས་དང་རླུང་གཉིས་དབྱེར་མེད་པར་སྦྱོར་བའོ། །སྟོང་པའི་རྣམ་པ་དྲི་མེད་དགོད། །ཨཱཿ ལི་ཀཱ་ལི་མཉམ་རྒྱས་བྱ། ཞེས་པ་ནི་འོག་ཏུ་བཤད་དོ། །དགའ་བ་བཞི་ཡི་རང་བཞིན་ཅན། །ཆོས་ཀྱི་རྔ་ཆེན་མི་ཤིགས་པ། ཞེས་པའི་རྔ་ནི་གཉིས་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་རྔ་དང༌། ལུས་ཀྱི་དབུས་སྙིང་གའི་མི་ཤིགས་པའི་རྔའོ། །དེ་ནི་དགའ་བ་བཞིའི་རང་བཞིན་ཅན་


JLD008_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དགའ་བ་བཞི་འབྱུང་བ་ཅན་ནོ། །རེའུ་མིག་སྟོང་པའི་རྣམ་པ་ཅན་ལ་ཡི་གེ་རེ་རེ་མཉམ་པར་དྲི་མ་མེད་པའི་ཨཱ་ལི་ཀཱ་ལིས་རྒྱས་པར་བྱས་པ་སྟེ་བཀང་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་པའི། །ཆོས་ཀྱི་ཡི་གེ་ཡོངས་རྫོགས་པ། ཞེས་གསུངས་ཏེ། ཆོས་ཀྱི་རྔ་ཆེན་པོས་དབྱངས་གསལ་གྱི་བདག་ཉིད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཀྱི་ཡི་གེ་རྫོགས་པར་སྟོན་པར་མཚོན་པའོ། །དེ་འདྲ་བའི་ངག་གི་བྱ་བ་ཐམས་ཅད་ཀྱི་རྩ་བ་ནི། སྙིང་ཁའི་མི་ཤིགས་པ་ལ་གནས་པའི་རླུང་ཡིན་པས། རེའུ་མིག་ཞེ་དགུའི་ཡི་གེ་ཐམས་ཅད་ཀྱི་རྟེན་ཡིན་ལ། དབུས་ཀྱི་ཀྵ་ནི་མི་ཤིགས་པ་མཚོན་བྱེད་དོ། །སྔར་རྫ་རྔའི་མིང་གི་ཡི་གེ་བཤད་ལ། འདིར་མིང་གི་དོན་འཆད་པས་ཁྱད་པར་ཆེའོ། །དེ་དག་གྲངས་ཀྱི་ནང་སོན་པ། །ཆོས་བདག་མེད་ལ་ཡང་དག་བརྟེན། ཞེས་པ་ནི་ལྷ་སྦས་ཀྱིས་དེ་དག་གི་གྲངས་ཀྱི་བར་བར་ནས་བཏུ་བ་ནི་ཆོས་བདག་མེད་པའོ། །ཞེས་བཤད་པ་ལྟར་ཡིན་པས་དབྱངས་གསལ་ལས་སྔགས་ཐུ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དབྱངས་གསལ་གྱི་སྙིང་པོ་བདག་མེད་པའི་ཡེ་ཤེས་ཐུ་བའོ། །ཞལ་བཞི་པར་ནི་རྣམ་གྲགས་པ། །བདུད་བཞི་རྣམ་པར་འཇོམས་པའོ། ཞེས་པ་ནི། ཧེ་རུ་ཀ་མངོན་འབྱུང་ལས། ཞལ་བཞི་བ་ཡི་སྔགས་འདི་དག །མ་བྱུང་འབྱུང་བ་མི་འགྱུར་རོ། །ཞེས་སུམྦྷ་ནིའི་སྔགས་ལ་ཞལ་བཞི་པའི་སྔགས་སུ་གསུངས་པ་ནི་ཞལ་བཞི་པའི་སྔགས་སུ་གྲགས་པའོ། །བཏུས་པའི་སྔགས་ཏེ་བཏོན་པས་བདུད་འཇོམས་པའི་ངེས་


JLD008_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི། གསུང་རབ་ཀྱི་སྙིང་པོ་བཏུས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱིས། ནང་གི་བདུད་རྣམས་རྩད་ནས་འདོན་པའོ། །རླུང་ལ་ཞོན་ནས་སྤྲོ་བྱེད་ཅིང༌། །ཁམས་གསུམ་པོ་ནི་ཡང་དག་སྡུད། །རླུང་གི་དེ་ཉིད་ཤིན་ཏུ་རིག །ཅེས་པའི་དོན་ནི་ལྷ་སྦས་ཀྱིས། སྔགས་ཀྱི་གཟུགས་རྣམས་བཟླས་པའི་དུས་ན་རྣམ་པར་འཕྲོ་བ་དང་བསྡུ་བ་ནི། རླུང་ལ་མཉམ་དུ་ཞོན་པས་ཁམས་གསུམ་མ་ལུས་པ་རླུང་གི་དེ་ཁོ་ན་ཉིད་དུ་རིག་པར་བྱའོ། །ཞེས་སུམྦྷ་ནིའི་སྔགས་ཟློས་པ་ན་སྤྲོ་བསྡུ་བྱེད་པ་ནི། ཁམས་གསུམ་པའི་རྩ་བ་རླུང་གི་དེ་ཉིད་རིག་ནས། རླུང་ལ་བསྐྱོན་པའི་རྡོར་བཟླས་བྱེད་པ་སྟེ། སྔར་ཡི་གེ་གསུམ་རླུང་དང་དབྱེར་མེད་པར་བཤད་པ་དང་སྦྱར་རོ། །རིམ་བཞིན་འབྱུང་དང་རིམ་མིན་པའི། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །བརྗོད་ད་བརྗོད་བྱའི་ཡི་གེ་སྟེ། །སྒྲ་བརྙན་ལྟ་བུའི་རྣམ་པར་རྟོགས། ཞེས་པའི་དོན་ནི་གཉིས་ལས་བརྗོད་བྱ་ལ་སྦྱར་ན། རིམ་དང་རིམ་མིན་གྱི་དོན་ཡས་བབས་ཀྱི་དགའ་བཞི་ལུགས་འབྱུང་དང༌། མས་བརྟེན་གྱི་དགའ་བཞི་ལུགས་བཟློག་གོ། དེ་གཉིས་ནི་ཨཱ་ལི་ཀཱ་ལིས་མཚོན་པའི་ཁམས་དཀར་དམར་འདུས་པ་ལས་བྱུང་བའོ། །རྗོད་བྱེད་ལ་སྦྱར་ན་དབྱངས་གསལ་བཀོད་པ་ནི། དབྱངས་གསལ་དངོས་མིན་གྱི་དེ་གཉིས་ཀྱི་གཟུགས་བརྙན་ནོ། །དེས་ནི་ངག་ཐམས་ཅད་བྲག་ཅ་དང་འདྲ་བར་རྟོགས་པ་མཚོན་ནོ། །དེ་རྣམས་ཀྱི་དོན་བསྡུ་ན་སྙིང་གའི་མི་ཤིགས་པ་ལས་རླུང་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱས་པས་དྲངས་པའི་དགའ་བ་བཞིའི་ལྷན་སྐྱེས་ཀྱི་བདེ་ཆེན་དང༌། བདག་མེད་པའི་དོན་གཉིས་སྦྱར་བ་ནི་གསུང་རབ་ཀྱི་སྙིང་པོ་ཡིན་ལ། དེ་རྫ་


JLD008_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་བཅིངས་པའི་རྣམ་པ་ཅན་ལ་དབྱངས་གསལ་བཀོད་ནས་སྔགས་ཐུ་བའི་ངེས་དོན་དུ་འཆད་པ། ལྭ་བ་པའི་མན་ངག་གིས་བཤད་པ་མཁས་པ་ཡིད་འཕྲོག་པའི་བཤད་པར་སྣང་ངོ༌། །གསུམ་པ་ལ་བཞི། སྔགས་རྐང་དང་པོ་བཏུ་བ། སྔགས་རྐང་གཉིས་པ་བཏུ་བ། སྔགས་རྐང་གསུམ་པ་བཏུ་བ། སྔགས་རྐང་བཞི་པ་ཐོག་མཐའི་ཡི་གེ་དང་བཅས་པ་བཏུ་བའོ། །དང་པོ་ནི། དགེ་བ་ཐུབ་པར་བྱས་ནས་ནི། ཞེས་པའི་རྐང་པ་གཉིས་ནི་འགྱུར་གཞན་དང༌། འགྲེལ་པ་རྣམས་ལ་མེད་ལ། རྩ་རྒྱུད་བཞིན་དུ་འབྱུང་བའི་མངོན་བརྗོད་ལས་ཀྱང༌། ཐུབ་པ་དེ་ཡི་གྲངས་གྱུར་ལས། རེའུ་མིག་སུམ་ཅུ་གཉིས་པ་བླང༌། ཞེས་འབྱུང་ཞིང་རྐང་པ་དང་པོ་མེད་པ་ལྟར་ལེགས་སོ། །ཐུབ་པ་ནི་བདུན་གྱི་གྲངས་ཡིན་པས་སྡེ་ཚན་ཐུབ་པ་དེ་ཡི་གྲངས་སུ་གྱུར་པ་གསལ་བྱེད་ལས། ཀ་ནས་བགྲངས་པའི་རེའུ་མིག་སུམ་ཅུ་གཉིས་པས་བླངས་ལ། ཨ་ནས་བགྲངས་པའི་དབྱངས་ལྔ་པ་ཨུ་ཐུང་ངུ་ཡིས་ནི་ཁྱད་པར་དུ་བྱས་སུའོ། །བརྒྱ་ཕྱེད་ནི་ལྔ་བཅུ་དེའི་ཕྱེད་ནི་ཉེར་ལྔ་པ་སྟེ། ཀ་ནས་བགྲངས་པའི་ཉེར་ལྔ་པ་མ་ཡང་དག་པར་བླངས་ལ། ཉེར་བཞི་པ་བྷ་ཡིས་ཕྱེ་བ་ནི་མ་ལ་བཏགས་པའོ། །ཨ་ནས་བགྲངས་པའི་རེའུ་མིག་སུམ་ཅུ་དྲུག་པ་ན་བླངས་ལ། དབྱངས་ཀྱི་གསུམ་པ་ཨི་ཡིས་ནི་ཁྱད་པར་དབྱེ་བ་སྟེ་ཁྱད་པར་དུ་བྱས་པས་ནིའོ། །དེ་ནས་ཀ་ནས་བགྲངས་པའི་སུམ་ཅུ་གཉིས་པས་བླངས་ལ། དབྱངས་ཀྱི་ལྔ་པ་ཨུ་ཡིས་ཁྱད་པར་དུ་བྱས་པས་སུའོ། །དེའི་རྗེས་ནས་ཉི་ཤུ་ལྔ་པ་མ་


JLD008_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་ལ། ཉི་ཤུ་བཞི་པ་བྷ་དག་དང་སྦྱར་བ་སྟེ་དེ་ལ་གདགས་སོ། །ཀ་ནས་བགྲངས་པའི་སུམ་ཅུ་རྩ་གསུམ་པ་ཧ་ཡང་དག་པར་བླངས་ལ། ཨ་ནས་བགྲངས་པའི་རེའུ་མོག་བཅོ་ལྔ་པ་ཨཾ། དེ་ཡི་ཨ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས་ལ། ཐིག་ལེ་ཧ་ཡི་རྗེས་སུ་ང་རོར་ལྡན་པས་ཧཾ་མོ། །དེ་དབྱངས་ཀྱི་ལྔ་པ་ཨུ་དག་དང་བཅས་པས་ཧུཾ་མོ། །དེ་ནི་མཛེས་པའི་མཆོག་ནི་ཡིན་པར་འདོད་དེ་སྔགས་རྐང་དང་པོའོ། །གཉིས་པ་ནི། ཨ་ནས་བགྲངས་པའི་རེའུ་མིག་བཅུ་དགུ་པ་ག་གཟུང་བར་བྱས་ལ། མེའི་བུ་སྟེ་ར་དང་ཡང་དག་པར་ལྡན་པར་བྱས་པས་བྲིའོ། །དེ་ལ་དབྱངས་ཀྱི་རེའུ་མིག་གསུམ་པ་ཨི་ཐུང་ངུས་རྣམ་པར་ཕྱེ་བས་བྲིའོ། །ཡ་ཚོགས་ཏེ་ཡ་སྡེའི་ཡ་ནས་བགྲངས་པའི་བརྒྱད་པའི་ས་བོན་ཧ་ལ་ཨ་ནས་བགྲངས་པའི་རེའུ་མིག་སུམ་ཅུ་དྲུག་པ། ན་དང་ཡང་དག་པར་ལྡན་པའི་ཡི་གེར་གྱུར་པ་ནི་ཧ་ལ་ན་བཏགས་པའོ། །སླར་ཡང་གྲིཧྞའི་ཚིག་ནི་དེ་དག་ཉིད་སྦྱར་བ་ནི། མངོན་པར་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ནས་རང་འབྱུང་སྟེ་ཧ་བླངས་ནས་ནི་རེའུ་མིག་ལས་ནི་སྟེ། རེའུ་མིག་གི་ནང་ནས་ལྔ་པ་ཨུ་དང་སྦྱར་བས་ཧུའོ། །དེའི་སྤྱི་བོར་ཐིག་ལེ་དང་ནཱ་ད་སྦྱར་བའི་ཧཱུཾ་ནི། དོན་ཀུན་སྒྲུབ་པར་བྱེད་ཅེས་བྱ་བའི་སྔགས་ཀྱི་ཚིག་ནི་རྐང་པ་གཉིས་པ་ཡིན་པར་བཤད་དོ། །གསུམ་པ་ནི། ཨ་ནས་ཀྱི་རེའུ་མིག་བཅུ་དགུ་པ་ག་ཉིད་ལ། ཀ་ནས་ཀྱི་ཉི་ཤུ་རྩ་བདུན་པ་ར་ཡིས་ཕྱེ་བས་གྲའོ། །དེ་ལ་དབྱངས་ཀྱི་གསུམ་པ་ཨི་དག་དང་ཡང་དག་པར་ལྡན་པར་བྱས་པས་བྲིའོ། །བོད་ཁ་ཅིག་རྐང་པ་གཉིས་པ་དང་གསུམ་པའི་གྲི་ནི་


JLD008_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བཏུ་བ་ན། ར་ལ་ཨི་ཞུགས་པ་བཏུས་ནས། བཏུས་ཟིན་པ་ནག་ལ་རྀ་ཞུགས་པ་རྒྱ་དཔེ་ཕལ་ཆེ་བ་ལ་འབྱུང་བས། ག་ལ་དབྱངས་ཀྱི་རྀ་ཞུགས་པར་ཤེས་པར་བྱའོ། །ཞེས་ཟེར་མོད་ཀྱང༌། རྩ་བ་རང་ལས་ར་དང་ཨི་སོ་སོར་བཏུས་ཤིང༌། དེ་ཇི་བཞིན་དུ་འགྲེལ་པ་ལས་ཀྱང་བཤད་པས་སྔར་ལེའུ་ལྔ་པར་བཤད་པ་ཉིད་ལེགས་སོ། །ག་ནས་ཀྱི་སུམ་ཅུ་རྩ་གསུམ་པ་ཧ་ལེགས་པར་བླངས་ཏེ། དབྱངས་ཀྱི་རེའུ་མིག་གི་ནི་གཉིས་པ་ཨཱ་རིང་པོར་སྦྱར་རོ། །ཀ་ནས་ཀྱི་ཉི་ཤུ་པ་ན་དང་ཡང་དག་པར་ལྡན་པ་སྟེ་ཧ་ལ་བཏགས་པ་ནི། ཡི་གེ་མཛེས་པའི་མཆོག་ནི་ཡིན་པར་འདོད་དོ། །འདིར་ལང་ཀས། ར་དང་ཧའི་དབང་གིས་དེ་ཎར་འགྱུར་ཏེ་གྲི་ཧའི་སྒྲའི་འོག་ཏུ་གནས་པའི་ན་ནི་ཎར་འགྱུར་རོ། །ཞེས་གོང་གི་ར་དང་དེའི་འོག་གི་ཧའི་དབང་གིས་ན་དེ་ཎར་འགྱུར་བར་བཤད་པས། ན་ལོག་ཏུ་བྱ་སྟེ་སྔགས་རྐང་གཉིས་ཕར་ཡང་དེ་བཞིན་དུ་བྱའོ། །དེ་བཞིན་དུ་ཀ་ནས་ཀྱི་ཡི་གེ་ཉི་ཤུ་གཅིག་པ་པ་ཉིད་དང༌། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ལ་བཏུ་བ་ཡིན་ནོ། །གྲིཧྞཱ་པ་ཡ་ལན་གཉིས་སུ་བཟླས་པའི་ཚིག་ཏུ་ནི། ཧེ་རུ་ཀའི་ང་རྒྱལ་ལ་ཤིན་ཏུ་མཉམ་པར་བཞག་སྟེ་བཏུའོ། །དེ་ནས་གསལ་བྱེད་ཀྱི་གོ་རིམ་བཟློག་པའི་དང་པོ་ཧ་ཉིད་གཟུང་ངོ༌། ། རེའུ་མིག་ལས་ནི་ཞེས་པ་རེའུ་མིག་གི་ནང་ནས་ཞེས་པའོ། །ཀྵ་ནི་དབུས་སུ་སོང་བས་ཧ་མཐའ་མར་འོང་ངོ༌། །སྔགས་རྐང་བཞི་ཀ་ལ་ཧ་བཏུས་ལ་དེ་རེའུ་མིག་དང་པོར་བཤད་པ་ནི། གསལ་བྱེད་ཀྱི་ལུགས་བཟློག་ཡིན་པ་དང༌། གཞན་ཡང་གསལ་བྱེད་


JLD008_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བཏུས་པ་རྣམས་ཕལ་ཆེར་སྨད་ནས་བཏུས་པས། གསལ་བྱེད་ལུགས་བཟློག་ཏུ་བཤད་ལ། དེའི་རིགས་པས་དབྱངས་ཕལ་ཆེར་ལུགས་མཐུན་དུ་བཏུས་པ་ཡང་ཤེས་པར་བྱའོ། །དབྱངས་ཀྱི་བཞི་པ་ནི་ཨཱི་རིང་པོའོ། །དེའི་མཐའ་ནི་ཨུ་ཐུང་ངུ་སྟེ། ཧ་དེ་དེ་དང་ཡང་དག་པར་ལྡན་པས་ཧུའོ། །དེ་བཞིན་དུ་ཧུ་དེ་དབྱངས་ཀྱི་བཅོ་ལྔ་པ་ཨཾ་གི་ཨ་ཕྱིས་ནས། ཐིག་ལེ་དང་བཅས་པར་བྱས་པས་ཧུཾ་མོ། །མངོན་མཐོ་སྒྲུབ་པའི་ཆོས་དང༌། དོན་ཏེ་ནོར་རམ་ལོངས་སྤྱོད་དང༌། འདོད་པ་ལ་བརྟེན་པ་དང༌། ངེས་ལེགས་ཐར་པ་སྒྲུབ་པ་ཡི་སྔགས་ཀྱི་ཚིག་ནི་རྐང་པ་གསུམ་པ་ཡིན་པར་བཤད་དོ། །ཆོས་ལ་སོགས་པ་བཞི་ལ་གཞན་ནས་སྡེ་བཞིའི་འབྲས་བུ་ཞེས་ཟེར་རོ། །བཞི་པ་ནི། དབྱངས་ཀྱི་རེའུ་མིག་གཉིས་པའི་ས་བོན་ཨཱ་རིང་པོ་དང༌། རེའུ་མིག་སུམ་ཅུ་རྩ་དྲུག་པ་ན་ཉིད་དང༌། དེ་བཞིན་དུ་ཀ་ནས་ཀྱི་ཉི་ཤུ་དྲུག་པ་ཡ་དང༌། ཨ་ནས་ཀྱི་སུམ་ཅུ་གསུམ་པ་ཧ་ཡང་དག་པར་བླངས་ལ། ཨ་ནས་ཀྱི་རེའུ་མིག་བཅུ་གསུམ་པ་ཨོ་ཡིས་ཏེ་ཨོ་དང་ལྡན་པར་བྱས་པས་ཧོའོ། ། གསལ་བྱེད་ཀྱི་གོ་རིམ་བཟློག་པས་ཧ་ནས་ཡར་ལ་བགྲང་བའི་བཅུ་པ་བྷ། སྒྲུབ་པ་པོས་བླང༌། ཨ་ནས་ཀྱི་རེའུ་མིག་ལས་ནི་བཅུ་དགུ་པ་ག་དང༌། དེ་བཞིན་དུ་རེའུ་མིག་ཉི་ཤུ་རྩ་དགུ་པ་ཝ་ནི། ཨ་ནས་ཀྱི་རེའུ་མིག་གཉིས་པ་ཨཱ་རིང་པོ་དང་ལྡན་ཞིང༌། སྒྲ་སྟེ་ནཱ་ད་དང་ཐིག་ལེས་རྣམ་པར་བརྒྱན་པས་ཝཱཾ་མོ། །དེ་ནས་ཆུ་ཡི་ས་བོན་བ་དང༌། ཀ་ནས་ཀྱི་བརྒྱད་པ་ཛ་ཡང་ནི་དེ་བཞིན་དུ་གཟུང་ངོ༌། །མེ་ཡི་བུ་ར་ཡིས་ཁྱད་པར་དུ་དབྱེ་བ་སྟེ་ཛ་ལ་གདགས་སོ། །སྡོམ་འབྱུང་ལས། བྷ་ག་ཝཱན་དང༌། བཛྲ་


JLD008_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏུས་པར་བིདྱཱ་རཱ་ཛ་བཏུས་སོ། །ཡི་གེ་ཧུཾ་གིས་ནི་སྔགས་དེའི་མཐའ་རུ་སྦྱར་ཏེ། འདི་ནི་ཁམས་གསུམ་སྟེ་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་གསུམ་ལས་རྒྱལ་བར་བྱེད་པ་ཞེས་བྱ་བའི་སྔགས་ཀྱི་ཚིག་རྐང་པ་བཞི་ཡིས་རྣམ་པར་བརྒྱན་པའོ། །རྐང་པ་བཞི་པོ་དེ་ལ་ཨོཾ་ནི་བཞི་པོ་ཀུན་ལ་གསལ་བྱེད་དེ་ཐོག་མ་དང༌། ཧུཾ་དང་ཕཊ་ནི་རྐང་པ་རེ་རེའི་མཐའ་རུ་སྦྱར་ཏེ། འདིའི་ཧུཾ་རྣམས་ཀྱི་མགོར་ཟླ་ཕྱེད་མེད་ལ་ཐིག་ལེ་ནི་ཐམས་ཅད་ལ་ཡོད་དོ། །སྔར་ཧུཾ་རེ་རེ་སོང་ཡོད་པས་འདིར་སྦྱར་བའི་ཧུཾ་དང་བཅས་པས། ཧུཾ་གཉིས་གཉིས་དང་ཕཊ་རེ་རེ་ཡོད་དོ། །གཉིས་པ་ལ་གཉིས། སྔགས་ཀྱི་ཆེ་བ་དང༌། སྔགས་ཀྱི་ཆོ་གའོ། །དང་པོ་ནི། རིག་པ་ནི་ལྷ་རྣམས་དང༌། དེ་རྣམས་ཀྱི་རྒྱལ་པོ་ནི་འཁོར་ལོ་སྒྱུར་བ་ཧཱུཾ་མཛད་དང༌། གནོད་མཛེས་ཀྱི་སྔགས་འདི་ནི་གཞན་དུ་སྔར་མ་བྱུང་ཞིང་ཕྱིས་འབྱུང་བར་མི་འགྱུར་རོ། །གཞན་གང་དུ་མ་བྱུང་བ་ནི། རྩ་རྒྱུད་དེ་ཉིད་བསྡུས་པ་དང༌། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་དང༌། སྒྱུ་མ་བདེ་མཆོག་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་དུ་མ་བྱུང་བའོ། །དེའི་དོན་ནི་སུམྦྷ་ནིའི་སྔགས་ཀྱི་བཏུ་གཞི་དང་བཏུས་པའི་སྔགས་ཟློ་བའི་ངེས་དོན་སྔར་བཤད་པ། རྒྱུད་དེ་རྣམས་སུ་མ་བྱུང་བའོ། །འཁོར་ལོ་ཞེས་པ་འགྱུར་གཞན་དང་མངོན་བརྗོད་ལ་མེད་དོ། །འཇིགས་བྱེད་དུ་ཞེས་པ་མ་བྱུང་ཞེས་སོགས་དང་སྦྱར་རྒྱུ་ཡིན་གྱི། རྒྱུད་དེ་རྣམས་སུ་སྔགས་ཀྱི་ཚིག་བཞིས། ཁྲོ་བོ་བཞི་དང་ལྡན་པར་འཆད་པ་ནི་དོན་མིན་ནོ། །གཉིས་པ་ནི། ཁྲོ་བོ་བཞི་དང་


JLD008_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ལྡན། ཞེས་པ་ལ་འགྲེལ་པ་གསུམ་ལས། སྔགས་བཞིས་མཚན་ནས་མ་སྨོས་པའི་ཁྲོ་བོ་བཤད་པ་ཡིན་ཞེས་ཟེར་མོད་ཀྱང༌། དཀའ་རྒྱལ་གྱིས་མངོན་བརྗོད་ཀྱི་ལེའུ་དྲུག་ཅུ་པ་ལས། པདྨའི་ལྟེ་བའི་དབུས་སུ་ཧཱུཾ་མཛད་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལ། འདོད་རྒྱལ་དང་དབྱུག་སྔོན་ཅན་དང༌། སྟོབས་པོ་ཆེ་དང་མི་གཡོ་བ་སྟེ། དེ་བཞིས་བསྐོར་བ་ལ་བཤད་པ་དྲངས་ནས་འཆད་པ་ལྟར་ལེགས་སོ། །ལྭ་བ་པའི་འགྲེལ་པར། དཀྱིལ་འཁོར་བསྲུང་བའི་དོན་དུ་ནི། །གདུག་པ་ཐམས་ཅད་ངེས་གནོན་པ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། ཞེས་འབྱུང་ཞིང་རྐང་པ་གསུམ་པའི་དོན་ལ། མངོན་བརྗོད་ལེའུ་བཞི་པ་ནས་གསུངས་པ་ལྟར་གྱི་ཧཱུཾ་མཛད་ལ། ཁྲོ་བོ་བཅུས་བསྐོར་བའི་བསྲུང་འཁོར་བཤད་པ་ནི། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་བཤད་པར་རྒྱས་པར་བཤད་ཟིན་ཏོ། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། ཞེས་པ་ནི་སྐད་ཅིག་གིས་ནི་སྟེ་སྔགས་རྐང་བཞི་པོ་རེ་རེའི་སྔགས་བརྗོད་པ་ལས། སྒོ་མཚམས་མ་བརྒྱད་ཀྱི་གཉིས་གཉིས་སྤྲོས་ཏེ་དེ་བརྒྱད་ཀྱིས་བགེགས་འགུགས་པར་ལྭ་བ་པས་བཤད་དེ། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ལྭ་བ་པས་མཛད་པ་དང་མི་འདྲ་བ་ཡོད་དོ། །དཀའ་རྒྱལ་གྱིས། གཟུགས་ནི་བརྒྱད་པོ་ཡང་དག་ལྡན། ཞེས་བཏོན་ནས། དམ་ཚིག་གི་འཁོར་ལོར་གནས་པའི་ཕོ་ཉ་མོ་བརྒྱད་དང་ལྡན་པར་འཆད་དོ། །འགྲེལ་པ་གཉིས་ལས། སྐུ་བརྒྱད་དང་ནི་བཅས་པ་རུ། ཞེས་བཏོན་ནས། འབྱུང་བ་བཞི་ཉི་ཟླ་གཤིན་རྗེ་གནོད་སྦྱིན་གྱི་སྐུ་བརྒྱད་ཀྱི་ཚུལ་དུ། སྔགས་བཞི་གནས་


JLD008_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་མོད་ཀྱང༌། སྔ་མ་གཉིས་ལེགས་སོ། །བདེ་བའི་ཞེས་པ་ལྟར་ན་བདེ་བ་ཆེན་པོའོ་ངོ་བོའི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དང༌། གཞན་ཡང་བསྲུང་བའི་དོན་དུ་ཁྲོ་བོ་བཞི་དང་སྐུ་བརྒྱད་བྱེད་པའོ། །དེའི་དཀྱིལ་འཁོར་ཞེས་ཀྱང་འབྱུང་ངོ༌། །གདུག་པ་ཐམས་ཅད་ངེས་པར་ཟིལ་གྱིས་གནོད་པ་འདི་ནི་རྙེད་པ་ཙམ་གྱིས་ཀྱང༌། བརྟག་མི་དགོས་པ་སྟེ་ཐེ་ཚོམ་མེད་པར་གདུག་པ་རྣམས་འཆི་བར་འགྱུར་རོ། །རང་གི་ལུས་ལས་ཤེས་རབ་ཀྱི་ལུས་སུ་ཞུགས་ཏེ། སླར་ཡང་རང་གི་ལུས་སུ་ཞུགས་པས་འཁོར་ལོའི་སྦྱོར་བ་བདག་ཉིད་ཀྱིས་སྔགས་དེ་བཟླས་ན་དངོས་གྲུབ་ཀུན་གྱི་འབྲས་བུ་བགེགས་མེད་པར་བསྐྱེད་པར་འགྱུར་རོ། །གསུམ་པ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝཱཾ་བཛྲ་ཧུཾ་ཧུཾ་ཕཊ། ཅེས་པའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྫ་རྔ་བཅིངས་པའི་དབྱིབས་ལྟ་བུ་ལ་དབྱངས་གསལ་བཀོད་པ་ལས། སྔགས་རྐང་པ་བཞིའི་བཏུ་བའི་ཆོ་གའི་ལེའུ་སྟེ་སུམ་ཅུ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་པའི་བཤད་པའོ།། ༈ །།བདུན་པ་བཟའ་བའི་དམ་ཚིག་རྒྱས་པར་བཤད་པ་ལ་གསུམ། ལག་པའི་བརྡའི་ཆོ་གའི་ལེའུ་དང༌། ཕྱུགས་དང་རོ་ལངས་སྒྲུབ་པ་དང་བསྐྱེད་རིམ་གྱི་ཆོ་གའི་ལེའུ་དང༌། གསང་བ་དང་བསྙེན་བཀུར་གྱི་མཆོད་པའི་ལེའུའོ། །དང་པོ་ལ་བཞི། གཡོན་


JLD008_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་སྤྱོད་འཇུག་པའི་ཡུལ་བཤད་པ། གཡོན་པའི་ཀུན་སྤྱོད་རྒྱས་པར་བཤད་པ། ཚུལ་དེ་སྦས་ཏེ་བསྟན་པར་བྱ་བ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། སུམ་ཅུ་པའི་རྗེས་དེ་ནས་སོ་གཅིག་པ་བཤད་པར་བྱ་བ་ལ། གདུག་པ་ཅན་ཐམས་ཅད་ཀྱི་སྲོག་འཇིག་པར་བྱེད་པ། ཤ་ཆེན་པོ་སྟེ་མིའི་ཤའི་སྦྱིན་སྲེག་སོགས་ནི། རྡོ་རྗེ་ལས་སྐྱེས་པ་སྟེ་མི་སླུ་བར་བཤད་དོ། །རྡོ་རྗེ་དབྱེར་མེད་པའི་ཡེ་ཤེས་ཏེ་དེ་ལས་སྐྱེས་པའི་རྡོ་རྗེ་འཛིན་པའི་སྐུའི་ཏིང་ངེ་འཛིན་གྱིས་དེ་དག་བྱེད་པ་ལ་ཡང་བཤད་དོ། །མིའི་ཤའི་སྦྱིན་སྲེག་འདི་ནི་གདུག་པ་ཅན་ཐམས་ཅད་ཀྱི་སྲོག་འཇིག་པར་བྱེད་པ་མི་བཟད་པ་སྟེ་མཐུ་དང་ལྡན་པ་ཅན་དུ་བཤད་དོ། །མི་ཤ་ཁོ་ན་དགོས་སམ་སྙམ་ན། འདི་ལྟར་མིའི་ཤ་དེ་བཞིན་དུ་ཁྱི་དང་ཕག་གི་ཤ་དང༌། ཟངས་ཀྱི་གཙུག་ཕུད་ཅན་ཁྱིམ་བྱའི་ཤས་ཀྱང༌། དྲག་པོའི་སྦྱིན་སྲེག་དང༌། ལྷ་ལ་གཏོར་མ་དབུལ་བ་བྱས་ནའང་གདུག་པ་ཅན་འཇིག་པར་བྱེད་དོ། །འོན་ཀྱང་མི་ཤ་ནི་ལས་དེ་ལ་སྟོབས་ཆེའོ། །དེ་གསུམ་བྱེད་པ་ལ་ཡང་ལག་པ་གཡོན་པའི་བྱ་བ་གཙོ་བོར་འཇུག་གོ། དེ་ལྟར་བྱེད་པ་ལ་ནི་རུང་ངམ་མི་རུང་སྙམ་པའི་རྣམ་པར་དཔྱད་པ་མེད་པར་རང་བཞིན་གྱིས་འོད་གསལ་བར་རྟོགས་ནས་བྱས་ན། རལ་གྲི་ལ་སོགས་པའི་དངོས་གྲུབ་ཆེན་པོ་མ་ལུས་པ་དང༌། དངོས་གྲུབ་ལྷག་མ་ལུས་པ་མེད་པའི་སངས་རྒྱས་ཉིད་འགྲུབ་ཅིང༌། འཁོར་ལོ་སྒྱུར་བའི་འམ་ཕྱོགས་སྐྱོང་བའི་བདག་པོའི་རྒྱལ་སྲིད་ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར་རོ། །ཤ་དེ་དག་ཀྱང་རང་གིས་སྲོག་བཅད་པ་ལས་བྱུང་བ་མ་ཡིན་པ་གཟུང་ངོ༌། །རིག་བྱེད་པ་རྣམས་དུང་ལ་སོགས་པ་


JLD008_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནི་དག་བྱེད་ཡིན་ལ། ཐོད་པ་ནི་མི་གཙང་བ་ཡིན་པས་གཟུང་བར་མི་བྱའོ། །ཞེས་ཟེར་བའི་ལན་དུ་དུང་དང་ཉ་ཕྱིས་དང་མུ་ཏིག་རྣམས་ཏེ་གསུམ་ཆར་རྒྱུ་སྟེ་ལས་མི་དགེ་བས་ལས་བྱུང་བ་ཡིན་ན། དེ་ལ་དག་བྱེད་དོ་ཞེས་བསྟོད་ཅིང༌། བསོད་ནམས་ཀྱི་ཚོགས་ཆེན་པོ་ལས་བྱུང་ཞིང༌། ཤིན་ཏུ་རྙེད་དཀའ་བའི་ལུས་ཅན་ཏེ། མིའི་ཐོད་པ་ལ་དག་བྱེད་མ་ཡིན་ནོ་ཞེས་སུ་ཞིག་སྨོད་དེ་སྨད་པར་མི་བྱའོ། །ཅིའི་ཕྱིར་མིའི་ལུས་མཆོག་ཡིན་ཞེ་ན། ཆོས་ཀྱི་སྐུའི་ཐར་པ་དང༌། བདེ་བ་ཆེན་པོའི་ཡི་ཤེས་རབ་ཏུ་སྒྲུབ་པའི་གནས་ཁྱད་པར་ཅན་ཡིན་པས་མིའི་རྟེན་མཆོག་གོ། ཞེས་གསུང་ངོ༌། །འདི་ལ་གསུམ་ཆར་རྒྱུ་ལས་བྱུང་བ་ཡིན་ན། ཆོས་ཀྱི་ཡེ་ཤེས་ལུས་ཅན་གྱི། ཞེས་འདོན་ནོ། །དུང་དང་ཉ་ཕྱིས་མུ་ཏིག་གི། རྒྱུ་མཚན་གསུམ་པོ་འབྱུང་བ་ཡིས། ཞེས་པ་ལྟར་ན་མུ་ཏིག་གི་གསུམ་པོ་རྒྱུ་མཚན་ཏེ་རྒྱུ་ལས་འབྱུང་བ་ཡིས་ཞེས་སྦྱར་རོ། །འགྱུར་གཞན་ལས། དུང་དང་ཉ་ཕྱིས་མུ་ཏིག་སྟེ། །གསུམ་ཆར་རྒྱུ་མཚན་བྱུང་ཡིན་ནོ། ཞེས་འབྱུང་ངོ༌། །སྐལ་ལྡན་གྱིས་ཕུང་པོ་ལ་སོགས་པའི་རྒྱུ་ལས་བྱུང་བར་འདྲ་བ་ལ། དུང་ལ་སོགས་པ་དག་བྱེད་ཡིན་ལ་ཐོད་པ་ནི་མ་ཡིན་ནོ། ཞེས་བྱ་བའི་རྒྱུ་མཚན་གྱི་ཁྱད་པར་མེད་ཅེས་ཟེར་ལ། དཔའ་བོས་ཀྱང་རྒྱུ་ཤ་ཡིན་པར་དབྱེར་མེད་ཅེས་འཆད་ཀྱང༌། ལྭ་བ་པའི་ལུགས་ལེགས་སོ། །མི་ཐོད་ཀྱང་དག་བྱེད་དུ་འགྲོ་བའི་ཕྱིར། དཔའ་བོ་བཅོམ་ལྡན་འདས་ནི་མིའི་ཐོད་པ་སྐམ་རློན་གྱི་ཕྲེང་བ་ཅན་དུ་མཛད་ལ། ཟླ་བ་ཕྱེད་པས་དབུ་


JLD008_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱན་དུ་བྱས་པའོ། །ཡར་ངོའི་ཟླ་བ་ཕྱེད་པའི་རྣམ་པ་དེ་ལྟ་བུར་གྱུར་པ་ཉིད་ལས་ཟླ་བ་རྒྱས་པར་འབྱུང་བ་བཞིན་དུ། དཔའ་བོ་ཐོད་པའི་དུམ་བུ་ལ་སོགས་ཀྱང་དཔའ་བོ་ཧེ་རུ་ཀ་ལས་འབྱུང་བ་ཡིན་པར་བཤད་དོ། །གཉིས་པ་ལ་གཉིས། གཡོན་པའི་ཀུན་སྤྱོད་སྤྱི་དང༌། ཁྱད་པར་དུ་ལག་པ་གཡོན་པའི་མཆོད་པའོ། །དང་པོ་ནི། བརྡ་ནི་ལྔ་པོ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་མོ་ལྔ་ཡིན་ལ། དེ་ནི་རལ་པའི་ཅོད་པན་གྱི་ཐོད་པ་ལྔ་ལ་བརྟེན་པ་སྟེ་བསྒོམ་པར་བྱའོ། །ཞེས་འཆད་དེ། ལྷ་མོ་ལྔའི་ངོ་བོའི་ཐོད་སྐམ་ལྔ་བསྒོམ་པར་བྱ་ཞེས་པའི་དོན་ནོ། །ཡང་ན་སོར་མོ་ལྔ་པོ་ཡི་བརྡ་ནི་འོག་ནས་བསྟན་པ་དག་གི་སྒོ་ནས་ཕྱག་རྒྱའི་དངོས་གྲུབ་སྒྲུབ་པར་བྱེད་པའི་སྒྲུབ་པ་པོའི་ལག་པ་གཡོན་གྱིས་བཟའ་བཏུང་སོགས་དམ་ཚིག་ཅན་ལ་སྦྱིན་པར་བྱ་ཞིང༌། དེ་ཉིད་ཀྱིས་ལག་པའི་བརྡ་རྣམས་ལ་ནི་རབ་ཏུ་འཇུག་པའོ། །དེའི་རྒྱུ་མཚན་ནི། ལག་པ་གཡོན་པ་འདི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཔའ་བོ་དང་དཔའ་མོའི་གནས་ཡིན་པའི་ཕྱིར་རོ། །ཁམས་གསུམ་གྱི་རྒྱུ་བ་བཅུད་དང༌། མི་རྒྱུ་བ་སྣོད་ཀྱིས་བསྡུས་པའི་འགྲོ་བ་ཀུན་ནི། གཡོན་པ་ལས་བྱུང་བ་ཡིན་པས་གཡོན་པའི་ཀུན་སྤྱོད་བྱའོ། །ལྭ་བ་པས། གཡོན་པ་ནི་ཤེས་རབ་སྟེ་རང་བཞིན་མེད་པའི་ངོ་བོའོ། །དེ་ཉིད་ཀུན་རྫོབ་པ་ཡོངས་སུ་འདྲིས་པ་ནི་ཆོས་རྣམས་ཀྱི་གཉིས་སུ་མེད་པའི་དེ་བཞིན་ཉིད་ཉེ་བར་མཚོན་པར་བྱེད་པའོ། །ཞེས་གསུངས་སོ། །སྐལ་ལྡན་གྱིས། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོད་པའི་ཆོས་ནི་འབྱུང་བ་ཡིན། ཞེས་ཀླུའི་ལུང་དྲངས་པ་ལྟར་བརྟན་གཡོ་མ་


JLD008_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་ནི། རང་བཞིན་མེད་པའི་སྟོང་པ་ཉིད་ལ་བྱ་ལ། དོན་ཕྱོགས་རེ་བ་ནི་གཡོན་པ་བུད་མེད་དུ་བཤད་པ་ལ་ཡོད་དེ། སྔར་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ནི། འོ་ན་ལག་པའི་མཆོད་པ་བྱེད་པ་ན་ལག་པ་གཡོན་པའི་སོར་མོ་སོགས་ལ་ལྷ་གང་འགོད་སྙམ་ན། རྡོ་རྗེ་སེམས་དཔའ་ནི་ལག་པ་གཡོན་པའི་སྦོམ་པོའམ་སྡོང་པོ་ཞེས་པ་མཐེ་བོང་སྟེ་དེ་ལ་གནས་སོ། །དེ་བཞིན་དུ་ལྕུག་མ་སྟེ་མཛུབ་མོར་རྣམ་པར་སྣང་མཛད་གནས་སོ། །ཆོ་གའི་རྣམ་པ་དེ་ལྟ་བུར་ཞེས་པ་འགྱུར་གཞན་ལ་མེད་ལ། ཡོད་པ་ལྟར་ན་སོར་མོ་གཉིས་ལ་ལྷ་འགོད་པའི་ཆོ་གའི་རྣམ་པ་དེ་ལྟ་བུར་ཏེ་བཞིན་དུ། ལྷག་མ་ལ་ཡང་ལྷ་དགོད་ཅེས་པའོ། །གཙོ་བོར་ཏེ་གུང་མོ་ལ་པདྨ་གར་མཛད་དེ་གར་དབང་དང༌། བརྟན་པར་ཏེ་སྲིན་ལག་ལ་དངོས་གྲུབ་ཐམས་ཅད་ནི་རབ་ཏུ་སྩོལ་བའི་དཔའ་བོ་ཧེ་རུ་ཀ་བཞུགས་སོ། །མཐའ་མ་སྟེ་མཐེའུ་ཆུང་ལ་ནི། ནམ་མཁའ་ཡི་སྙིང་པོ་སྟེ་རྡོ་རྗེ་ཉི་མ་མི་བཟད་པའི་སྐུ་དང་ལྡན་པ་ཉིད་དོ། །ལོ་ཆེན་གྱི་འགྱུར་ལ་མཐེ་བོང་སོགས་ལྔ་རང་མིང་ནས་སྨོས་སོ། །སེན་མོའི་ངོས་ལྔ་བསྡོམས་པ་ནི་རྟ་མགྲིན་ནམ་རྟ་མཆོག་གི་གནས་སུ་གྱུར་པ་ཡིན་ནོ། །དཔའ་བོ་འདི་དག་ཐམས་ཅད་ལག་པ་གཡོན་པ་ལ་འགོད་པ་ནི། བརྡ་སྟོན་པ་དང་ཟས་སྟེར་བ་སོགས་ལག་པ་གཡོན་པ་ལས་འབྱུང་བའི་རྒྱུ་མཚན་ཡིན་ནོ། །ལག་པ་གཡོན་པའི་མཐིལ་དུ་ཁ་དོག་བཞི་པའི་པདྨ་འདབ་མ་ལྔ་པ་བསམས་ལ། ཟེའུ་འབྲུ་སྟེ་ལྟེ་བ་ལ་ཤྲཱི་ཧེ་རུ་ཀ་དང་དེ་ཡི་ཡུམ་ཕག་མོ་གཉིས་འདུས་


JLD008_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཆོག་ཏུ་དགའ་བ་བྱེད་པ་ཡིན་ནོ། །མདུན་དུ་གཤིན་རྗེ་མ། གཡོན་དུ་རྨོངས་བྱེད་མ། གཡས་སུ་སྐྱོང་བྱེད་མ། རྒྱབ་ཏུ་སྐྲག་བྱེད་མ། གཏུམ་མོ་ནི་སྙོམས་པར་འཇུག་པར་འདོད་པ་སྟེ་དབང་ལྡན་གྱི་མཚམས་སུ་བསྒོམ་མོ་ཞེས་དཔའ་བོས་བཤད་དོ། །སྐལ་ལྡན་དང་ལང་ཀས་གཡས་སུ་སྐྲག་བྱེད་མ་རྒྱབ་ཏུ་སྐྱོད་བྱེད་མ་འགོད་དོ། །ལག་པ་གཡོན་པའི་རྒྱབ་ཏུ་ཡང་ལྷ་བཅུ་གཉིས་སམ་འཁོར་ལོ་གསུམ་གྱི་ལྷ་ཚོགས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ། ཤིན་ཏུ་ངེས་པ་སྟེ་བསྒོམ་པར་བྱའོ། །འདི་དག་ནི་ལག་པ་གཡོན་དུ་ལྷ་འགོད་པ་སྟེ་མཛའ་བ་སྟེ་སེམས་མཐུན་པའི་རྣལ་འབྱོར་མ་ཐམས་ཅད་འདུས་པ་ན། རྣམ་པ་དེ་ལྟ་བུའི་ཆོ་གས་དཔའ་བོ་དམ་པ་སྟེ་མཆོག །ལག་མཆོད་ཀྱི་བརྡ་ཉིད་རྣམ་པ་ལྔ་དྲི་ཆེན་ལ་སོགས་པའི་བདུད་རྩི་ལྔས་མཆོད་པར་བྱ་བ་ཡིན་ནོ། །ལག་པ་གཡོན་གྱི་འབྱུང་བ་བཞི་སྤྱན་སོགས་བཞིར་སྒོམ་པ་ནི། ས་ནི་སྤྱན་ཞེས་པའི་རྐང་པ་བཞིས་བསྟན་ཏེ། སྐལ་ལྡན་དང་ལང་ཀས་སྤྱན་ལ་སོགས་པ་ནི་མཁའ་འགྲོ་མ་ལ་སོགས་པ་བཞི་ལ་བྱའོ། ཞེས་འབྱུང་བས། སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་ནི་རིམ་པ་བཞིན་དུ། མཁའ་འགྲོ་མ་དང་གཟུགས་ཅན་མ་དང་དུམ་སྐྱེས་མ་དང་ལཱ་མ་ཡིན་ཏེ། ས་སོགས་བཞི་དེ་རྣམས་ཀྱི་ངོ་བོར་བསྒོམ་མོ། །དཔའ་བོ་སྤྱན་མ་ལ་སོགས་པ་གཟུང་བས་གཟུགས་ཅན་མ་ལ་སོགས་པ་བཞི་གཟུང་བའོ། །ཞེས་འཆད་མོད་ཀྱང་སྔ་མ་གཉིས་ཀྱི་ལུགས་ལེགས་སོ། །སྟོང་པ་སྟེ་ནམ་མཁའི་


JLD008_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནི་ཙུམ་པི་ཀ་སྟེ་འོད་བྱེད་མར་བསམ་མོ། །དེ་ནི་རྡོ་རྗེ་ཕག་མོར་བཤད་དོ། །དེ་བཞིན་དུ་ལྷ་མོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནོ། །དབུས་སུ་ཞེས་པ་ནི་སྟོང་པ་ནམ་མཁའི་དབྱིངས་ཏེ། དཔའ་བོ་ཀུན་གྱིས་རོལ་པའི་གནས་ཀྱང་ཡིན་ནོ། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ་བ་ནི། ལག་པ་ལ་བཀོད་པའི་ལྷ་རྣམས་ལག་པའི་རྒྱབ་ཏུ་གཟུགས་བརྙན་ཤར་བ་བཞིན་དུ། དེར་གཤེགས་པ་ལ་འཆད་དོ། རྒྱབ་ཏུ་ངེས་བྱས་ཞེས་པ་དང་དོན་གཅིག་ཏུ་འཆད་དོ། །ལག་མཆོད་ཀྱི་རྣམ་གཞག་རྒྱས་པར་ནི་ལཱུ་ཨི་པའི་རྣམ་བཤད་དུ་ཞིབ་ཏུ་བསྟན་པ་ལས་ཤེས་པར་བྱའོ། །གསུམ་པ་ནི། ལག་པའི་མཆོད་པ་སོགས་གསང་བ་འདི་ནི་སྣོད་མིན་ལ་མི་བཤད་ཅིང༌། རབ་ཏུ་འབད་དེ་སྦ་བར་བྱའོ། །དེ་ལྟར་ལག་མཆོད་ལ་དུང་ཆེན་པོ་མི་ཐོད་ལ་གནས་པའི་རྫས་བདུད་རྩི་ལྔ་ལ་སོགས་པས། འཁོར་ལོ་སྡོམ་པ་ལ་སོགས་པའི་དཔའ་བོ་རྣམས་བརྡར་བྱས་པ་སྟེ་མཆོད་ཅིང༌། ཟས་ལ་ལོངས་སྤྱོད་པའི་ཚེ་སྣོད་སོ་སོར་མི་བགོ་བར་སྣོད་གཅིག་ཏུ་ཟས་ལ་བརྩམ་པར་ཏེ་ལོངས་སྤྱོད་པར་བྱའོ། །དེ་ལྟར་བྱས་པས་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མའི་དྲ་བ་སྟེ་ཚོགས་ཀུན་གྱི་གཙོ་བོ་འཁོར་ལོ་བདེ་མཆོག་ཉིད་དུ་འགྱུར་བ་ཡིན་ནོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། བཟའ་བ་དང་སྦྱིན་སྲེག་དང༌། གཏོར་མའི་བྱ་བ་ལ་འཇུག་པ་ན། ལག་པ་ལ་བརྟེན་པའི་བརྡ་ཡིས་


JLD008_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་གཅིག་པའི་བཤད་པའོ།། ༈ །།གཉིས་པ་ཕྱུགས་དང་རོ་ལངས་སྒྲུབ་པ་དང་བསྐྱེད་རིམ་གྱི་ཆོ་གའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། སོ་གཅིག་པའི་རྗེས་དེ་ནས་ལག་མཆོད་ལས་གཞན་ཡང་བཤད་པར་བྱའོ། །དེ་གང་ཡིན་ཞེ་ན། བཟའ་བའི་རྒྱུ་ཕྱུགས་དང༌། ལོངས་སྤྱད་པར་བྱ་བས་ན་སྟོན་མོ་སྟེ། དེ་རྣམས་བསགས་པ་ནི་འདུས་པ་སྟེ། དེ་རྣམས་མཛེས་པར་བྱེད་པའི་ལྷའི་རྣལ་འབྱོར་ལ་སོགས་པའི་ཡང་དག་པའི་ཆོ་ག་གང་གིས་ཤེས་པ་ནི། མྱུར་དུ་སྟེ་ཚེ་འདི་ཉིད་ལ་དངོས་གྲུབ་རབ་ཏུ་འཇུག་པར་བྱེད་པའོ། །གཉིས་པ་ལ་གསུམ། སྦྱིན་སྲེག་སོགས་ཀྱི་དོན་དུ་ཕྱུགས་ཀྱི་སྒྲུབ་པ་དང༌། དངོས་གྲུབ་ཆེན་པོའི་དོན་དུ་རོ་ལངས་ཀྱི་སྒྲུབ་པ་དང༌། དེ་ཀུན་ལ་དགོས་པའི་བསྐྱེད་རིམ་གྱི་རྣལ་འབྱོར་བསྟན་པའོ། །དང་པོ་ནི། སྒྲུབ་པ་པོས་སྔར་བསྟན་པའི་རིམ་པ་དེས་སངས་རྒྱས་ལྔ་རྣམ་པར་དག་པའི་བོང་བུ་ལ་སོགས་པ་ལྔའི་ཕྱུགས་རྣམས་ཀྱི་ནི་ཤ་རང་གི་གནོད་པ་བྱས་པ་མིན་པ་དགུག་པ་སྟེ་བསྒྲུབ་པར་བྱའོ། །སྔར་བསྟན་པ་ནི་བཅུ་བཞི་པར་སྐྱེ་བདུན་གྱི་བརྟག་པ་བསྟན་པ་དེས། སྐྱེ་བདུན་ཤེས་པར་བྱ་བའམ། །ཡང་ན་ཐུན་མོང་བ་སྟེ་ནད་ཀྱིས་མ་སྙོམས་པ་དང༌། ཤུ་བ་དང་མཛེ་ལ་སོགས་པ་དང་བྲལ་བའི་ཤ་རྙེད་ན་ཡང་ངོ༌། །ཡང་ན་སྔར་ལག་པའི་བརྡ་ཇི་ལྟར་བསྟན་


JLD008_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱ་བས་སོ། །ཞེས་གསུང་སྟེ་ཕྱི་མ་ནི་གནས་དང་ཉེ་བའི་གནས་ལ་སོགས་པར་ཚོགས་ཀྱི་དཀྱིལ་འཁོར་བྱེད་པའི་དུས་སུ་བརྡ་སྟོན་པའོ། །སྐྱེ་བདུན་གྱི་ཕྱུགས་རྣམས་ལ་བརྟེན་ནས་སྒྲུབ་པ་དེ་བཞིན་དུ་སྡེར་མོ་ལྔ་པ་ལས་ཀྱང་བསྒྲུབ་པར་བྱ་སྟེ། འགྲེལ་པ་གཉིས་ལས། སེན་མོ་ལྔ་པ་ནི་ཁྱི་དང་བྱི་ལ་དང་རི་བོང་ལ་སོགས་པའོ། ཞེས་འཆད་པ་ལྟར་ན། ཕྱུགས་རྣམས་པ་དང་ནི་སེན་མོ་ལྔ། ཞེས་པ་ཡོད་དོ། །དཔའ་བོས། སྡེར་མོ་ཅན་ནི་དེ་བཞིན་དང༌། ལྔ་ནི་རུས་སྦལ་དང་རྔ་མོ་དང་ཁྱི་དང་ཅེ་སྤྱང་དང་རྟ་དང་ལྔ་ལ་འཆད་དོ། །ཁ་ཅིག་རྟའི་སྐད་དོད་ལ་རྒྱ་དཔེ་ཁ་ཅིག་ལས། སེན་མོ་ཞེས་འབྱུང་ལ། དེའི་དོན་སྡེར་མོ་ཅན་ལྔ་ཡིན་ཞེས་གསུང་མོད་ཀྱང༌། ཕྱུགས་རྣམས་དང་ནི་དེ་བཞིན་ལྔ། ཞེས་པའི་བཤད་པར་མི་འགྲིག་ཅིང༌། སྡེར་མོ་ཅན་ལྔ་ཞེས་པ་ནི་འགྲེལ་པ་རྣམས་ལས། སེན་མོ་ལྔ་པ་ཞེས་འབྱུང་བས་སྡེར་མོ་ལྔ་པ་ཅན་དུ་བྱ་དགོས་སོ། །བོང་བུ་དང་རུས་སྦལ་དང་མི་དང་རྔ་མོ་དང༌། ཅེ་སྤྱང་དང་རྟ་དང་སོགས་ཀྱིས་བ་ལང་ཡང་གཟུང་ངོ༌། །ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚོགས་ཀྱི་དཀྱིལ་འཁོར་དུ་ཕྱུགས་འདི་དག་གི་ཤ་ནི་སྒྲུབ་པའི་ཡན་ལག་ཏུ་སྟེ་གྲོགས་སུ་འགྱུར་རོ། །བོང་བུ་ལ་སོགས་པ་ཕྱུགས་ཡིན་མོད་མི་ཕྱུགས་སུ་ཇི་ལྟར་བརྗོད་ཅེ་ན། ཕྱུགས་ཀྱི་སྐད་དོད་ནི་དམ་པའམ་མཆོག་ལ་ཡང་འཇུག་ལ། དེ་ལྟར་ན་རིགས་རང་དགའ་བའི་རིགས་རྣམས་ལས་ཏེ་དེ་དག་གི་ནང་ནས་རིགས་ཀྱི་མཆོག་གི་ཕྱུགས་མི་ཡིན་ཏེ།


JLD008_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྒྲུབ་པའི་རྟེན་དུ་བསྔགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཞེས་གསུང་ངོ༌། །བོང་བུ་ལ་སོགས་པའི་རྐང་བཞི་པ་རྣམས་ལས་གླང་པོ་ཆེ་མཆོག་དང༌། ཁྲ་ལ་སོགས་པའི་འདབ་ཆགས་རྣམས་ལས་ངང་པ་ཉིད་མཆོག་དང༌། དུད་འགྲོ་ཞེས་པའི་རྐང་པ་ལ། བྱོལ་སོང་རྣམས་ལས་རུས་སྦལ་རྒྱལ། ཞེས་འབྱུང་ཞིང༌རུས་སྦལ་རྒྱལ་ནི་ནོར་བུ་ཡོད་པའི་སྦྲུལ་ལ་འཆད་དོ། །ཁ་ཅིག་ཆུ་ལས་སྐྱེས་པའི་དུད་འགྲོ་རྣམས་ལས་རུས་སྦལ་ནི་རྒྱལ་པོ་སྟེ་གཙོ་བོའོ་ཟེར་རོ། །དེ་རྣམས་ནི་ཕྱུགས་ཀྱི་སྐད་དོད་མཆོག་ལ་འཇུག་པའི་སྟེང་ནས་བཤད་པའོ། །ལྷ་ནི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་རྣམས་སོ། །དེ་རྣམས་སྔགས་དང་ཕྱུགས་ལྔའི་ཤ་ལ་ཕྱི་ནང་གི་སྦྱིན་སྲེག་བྱས་པས། གདོང་འགུལ་བ་སྟེ་རང་གི་དབང་དུ་འགྱུར་རོ། ཞེས་ཁ་ཅིག་འཆད་ལ། ཁ་ཅིག་ནི། ལྷ་རྣམས་ཀྱི་ནི་ཁ་གཡོ་བ། ཞེས་བཏོན་ནས། ར་དང་མ་ཧེ་དང་ཁྱིམ་བྱ་རྣམས་ཀྱིས། སྣ་ཚོགས་ཀྱི་གཟུགས་ཀྱིས་རོལ་པས་ན་ལྷ་སྟེ་ལྷ་མ་ཡིན་གྱི་ཁ་གཡོ་བར་བྱེད་དོ། །ཞེས་འཆད་དོ། །ལྷ་རྣམས་ལས་ནི་ཞེས་པ་འགྱུར་གཞན་གཉིས་དང་འགྲེལ་བ་རྣམས་ལ་མེད་དོ། །ཤའི་རིགས་རྣམས་ནི་སྔར་བརྗོད་པའི་རྣམ་པ་དེ་ལྟར་ཡིན་ནོ། །ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ་ཚོགས་ལ་ལོངས་སྤྱོད་པ་ནི། ཕྱུགས་དེ་དག་གི་ཤ་ནི་ཡིན་པར་བཤད་དེ། ཁྭ་དང་ཆུ་སྐྱར་དང་བཞད་དང་སྐྱེ་གཉིས་བློན་པོ་ཆེན་པོ་སྟེ་ནེ་ཙོ་དང༌། ཁྲུང་ཁྲུང་དང་རི་སྐེགས་དང་ཀ་ཏམ་པའི་ཤ་རྣམས་ལས།


JLD008_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བ་དང་སྦྱིན་སྲེག་དང་ལྷ་ལ་གཏོར་མ་བྱས་པས། འདོད་པའི་དངོས་གྲུབ་ཀུན་ནི་འགྲུབ་པར་འགྱུར་རོ། །འདིར་ཅེ་སྤྱང་འདབ་ཆགས་ཀྱི་གསེབ་ཏུ་བགྲངས་པ་ནི། དཔེ་མ་དག་པ་ལས་བསྒྱུར་བའི་སྐྱོན་ཡིན་ཏེ། བྷ་བའི་འགྲེལ་པར་ཡང་མེད་དོ། །གཉིས་པ་ནི། གནོད་མཛེས་ཀྱི་སྔགས་སམ། རྩ་བའི་སྔགས་སམ། །སྙིང་པོའི་སྔགས་འབུམ་བཟླས་ཏེ། འགྲུབ་པའི་མཚན་མ་ཐོབ་པའི་སྔགས་པས་བགེགས་པའི་རོའམ་རོ་གཞན་ཡང་རུང༌། རྨ་མེད་ཅིང་མ་རུལ་བ་མཛེས་པ་རྙེད་ནས། མར་ངོའི་བརྒྱད་དམ་བཅུ་བཞི་ལ་རི་རྩེའམ་དུར་ཁྲོད་དུ། དཀྱིལ་འཁོར་བཞེངས་པའི་དབུས་སུ་རོ་མགོ་ཤར་དུ་བསྟན་པ་གན་རྐྱལ་དུ་བཞག་པའི་སྙིང་ཁར་སྒྲུབ་པ་པོ་ཁ་ཤར་དུ་བལྟས་ལ་འདུག་སྟེ། ཁྱི་ནག་མོ་དང་བ་ནག་མོ་ཡི་འོ་ཐུག་སྲན་མ་མ་ཤ་ནག་པོ་དང༌། འབྲས་ནག་པོར་ལྡན་པའི་བསྲེག་རྫས་ཀྱིས། དངོས་གྲུབ་འདོད་པས་དོགས་པ་སྟེ་འཇིགས་པ་མེད་པ་རུ། གནོད་མཛེས་ཀྱི་སྔགས་སམ་སྙིང་པོའི་སྔགས་ཀྱིས་ཇི་སྲིད་བརྒྱ་རྩ་བརྒྱད་དམ། བརྒྱད་བརྒྱའི་བར་དུ་རོའི་ཁར་ནི་ཕུལ་བར་མོས་ནས་སྦྱིན་སྲེག་བྱའོ། །དེ་ལྟར་བྱས་པས་ཡི་དྭགས་རོ་དེ་ལངས་ནས་ནི་སྒྲུབ་པ་པོ་དེ་ལ་འདྲི་བར་བྱེད་དེ་བདག་གིས་ཅི་བགྱི་ཞེས་ནི་སྨྲ་བར་འགྱུར་རོ། །རོ་ལ་ཡི་དྭགས་ཞེས་པ་ནི་སྐད་དོད་ཐུན་མོང་བ་ཅིག་ཡོད་པར་སྣང་བས། ཁ་ཅིག་གིས་རོར་བསྒྱུར་ལ། ཁ་ཅིག་གིས་ཡི་དྭགས་སུ་བསྒྱུར་རོ། །དེ་ནས་དེ་ལ་མཆོད་ཡོན་བྱིན་ནས། དཔའ་བོ་ཆེན་པོ་ལེགས་སོ་ཀྱེ། །རྡོ་རྗེ་


JLD008_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བདག་བརྟུལ་ཞུགས་བཟང༌། །གྲུབ་པ་བདག་དེ་བདེ་ལེགས་ཀྱི། །དངོས་གྲུབ་བདག་ལ་རབ་ཏུ་སྩོལ། ཞེས་བརྗོད་ལ་འདོད་པའི་དོན་ལ་གསོལ་བ་བཏབ་པས་ས་འོག་སྟེ་ས་ཡི་བུག་པར་འཇུག་པའི་དངོས་གྲུབ་དང༌། ལངས་པ་སྟེ་བར་སྣང་ལ་འགྲོ་བ་དང༌། རལ་གྲིའི་རིག་འཛིན་དང༌། འམ་གྱི་སྒྲས་འཁོར་ལོའི་རིག་འཛིན་ལ་སོགས་པ་བསྡུའོ། །ཚར་གཅོད་པ་གདུག་པ་ཅན་གཞོམ་པ་དང༌། ཕན་འདོགས་པ་རི་ལུའི་རིག་འཛིན་དང༌། མིག་སྨན་མིག་ལ་བསྐུས་པས་ས་འོག་གི་གཏེར་མཐོང་བ་རྣམས་སམ། ཤིང་ལྷམ་ལ་སོགས་པའི་རྐང་མགྱོགས་དག་གམ། ཚེ་བསྐལ་པར་གནས་པའི་བཅུད་ཀྱིས་ལེན་དང༌། དེ་བཞིན་ཞེས་པས་དངོས་གྲུབ་གཞན་སྡུད་དེ་དངོས་གྲུབ་འདི་རྣམས་ཀྱི་ནང་ནས་དངོས་གྲུབ་གང་རུང་གཅིག་བྱིན་ནས། རང་གི་གནས་སུ་འགྲོ་བར་འགྱུར་གྱི་གཞན་དུ་མིན་ཞེས་པ་ངེས་པ་མེད་པའི་ཕྱིར་རོ། །ཞེས་འཆད་པའི་ཕྱི་མ་ནི་ངེས་པ་མེད་པ་མིན་ཞེས་པའི་དོན་དུ་བྱ་སྟེ། དངོས་གྲུབ་གང་རུང་གཅིག་མ་བྱིན་པར་མི་འགྲོ་བའི་དོན་ནོ། །སྟེང་གི་ཕོ་ཉ་མོ་མཁའ་ལ་སྤྱོད་པ་དང༌། འོག་གི་ཕོ་ཉ་མོ་ས་དང་ས་འོག་ན་སྤྱོད་པའི་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་གྲུབ་ནས། དེ་རྣམས་ཀྱིས་རང་གི་གནས་སུ་འཁྱེར་བའམ། དེའི་ཐབས་སྟོན་པར་འགྱུར་བ་ནི་བདེ་མཆོག་གི་རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན་ནོ། །རོ་ལངས་ཀྱི་གྲུབ་པ་ཞིབ་ཏུ་ཤེས་པར་འདོད་ན། ལྭ་བ་པ་དང་ལྷ་སྦས་ཀྱི་འགྲེལ་པ་དང་བཤད་སྦྱར་ལས་ཤེས་པར་བྱའོ། །གསུམ་པ་ལ་གཉིས། རྟེན་བསྐྱེད་པ་དང༌། བརྟེན་པ་ལྷ་


JLD008_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའོ། །དང་པོ་ནི། བ་ལང་གནས་ཞེས་པའི་རྐང་པ་བཞི་ལ། གཞན་ལས། ལྕི་བའི་ཐལ་བ་ཉིད་དག་དང༌། །དེ་བཞིན་ལྷག་མ་མགོ་བོ་སྐམ། །དུང་ཆེན་པོ་ལས་བྱུང་བས་བྱ། །ཡང་ན་རུས་སྦལ་གྱིས་ནི་བྱ། ཞེས་འབྱུང་ལ། དེའི་དོན་ནི། ཀོང་ཀ་ན་དང༌། སྐལ་ལྡན་གྲགས་པ་དང༌། ལང་ཀ་དང༌། དཔའ་བོ་རྡོ་རྗེ་རྣམས་ཀྱིས་འབྱུང་བ་རིམ་རྩེགས་དང་རི་རབ་སྐྱེད་པ་ལ་མི་སྦྱོར་ཞིང༌། དང་པོས་མི་མགོའི་དུམ་བུ་སྐམ་པོ་བླངས་ལ། དུང་ཆེན་པོ་བྱའོ་ཞེས་དང༌། གཉིས་པས་བ་ལང་དང་མ་ཧེ་སོགས་ཀྱི་རུས་པ་བླངས་ལ་ལས་སོ་སོའི་ཕྲེང་བ་བྱའོ། ཞེས་དང༌། གསུམ་པས་མགོ་བོ་སྐམ་པོ་ཆག་གྲུགས་མེད་པ་བླངས་ལ་དུང་ཆེན་པོ་བྱ་བའམ་ཡང་ན་རུས་སྦལ་གྱི་ཐོད་པ་ལ་བྱའོ་ཞེས་དང༌། བཞི་པས་མི་མགོ་སྐམ་པོ་བླངས་ནས་བདེ་བ་ཆེན་པོ་བྱེད་དོ། །རུས་སྦལ་ནི་ཐོད་པའོ་ཞེས་འཆད་དོ། །སློབ་དཔོན་གཞན་གཉིས་ནི་ལྕི་བ་ས་དང༌། ཐལ་བ་ཆུ་དང༌། མགོ་སྐམ་མེ་དང༌། དེ་བཞིན་ནམ་མཚོན་ཆ་རླུང་དང༌། དུང་ཆེན་པོ་རི་རབ་དང༌། རི་ཆེན་པོའི་ངོ་བོར་བྱ། ཞེས་ཀྱང་འདོན་དེ་དོན་འདྲའོ། །བ་ལང་གནས་ཞེས་སོགས་འདིར་འབྱུང་བ་བཞིན་དུ། དྲིལ་བུ་པའི་ལྷ་ལྔ་ལས་འདི་དང་རྐང་པ་བཞི་འདྲ་ཞིང་ནག་པོ་སྤྱོད་པའི་གཞུང་ལས་ཀྱང་རྐང་པ་གསུམ་འདྲ་བར་འབྱུང་སྟེ། དེ་ཡང་རྟེན་གྱི་དཀྱིལ་འཁོར་གྱི་འོག་གི་འབྱུང་བ་རིམ་རྩེགས་ལ་སྦྱོར་བ་ལྟར་འདིར་བཤད་ན། བ་ལང་གནས་ནི། ཞིབ་མོ་རྣམ་འཐག་ལས། ངག་ཕྱོགས་ས་དང་འོད་ཟེར་དང༌། །


JLD008_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་དང་མིག་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གཽ་སྒྲ་ངེས་གཟུང་བྱ། ཞེས་གསུངས་པ་ལྟར་ཕྱུགས་ཏེ་བ་ལང་ལའང་འཇུག་པའི་གཽ་སྒྲ་ནི་ས་ལ་ཡང་འཇུག་པའི་འདིར་སའོ། །གང་དུ་མེ་ཏོག་སོགས་བཞག་ན་སྟེང་དུ་ལྡིང་བ་ནི་ཆུའོ། །གང་གིས་ལྷག་མ་མེད་པར་སྐམ་པར་བྱེད་པ་ནི་མེའོ། །རྩ་ནང་ནས་རྒྱུ་བ་ནི་རླུང་ངོ༌། །དེ་ནས་ནི་དུང་ཆེན་པོའི་སྐད་དོད་མཧཱ་ཤཾ་ཁ་ཞེས་པ་ལ། ཤཾ་སུ་ཁ་དང་སཾ་སུ་ཁ་གཉིས་ག་བདེ་བ་ལ་འགྲོ་བས་བདེ་བ་ཆེན་པོའི་རང་བཞིན་དུ་བྱ་བའི་དོན་ཏེ། བདེ་ཆེན་མཚོན་པའི་མངོན་བྱང་ལྔ་བྱ་བ་དང༌། འབྱུང་བ་རིམ་རྩེགས་སོགས་བདེ་བ་ཆེན་པོའི་ངོ་བོར་མོས་པར་བྱ་བའོ། །ཡང་ན་རུས་སྦལ་དག་གིའོ་ཞེས་པས་ལྷ་སྒོང་སྐྱེས་ཀྱི་སྐྱེད་ཆོག་སྟོན་པར་འགྲེལ་པ་གཞན་ལས་བཤད་ཀྱང༌། ནག་པོ་པ་དང་དྲིལ་བུ་པའི་ལུགས་ཀྱིས་རྟེན་བསྐྱེད་པའི་སྐབས་ཁོ་ན་ལ་སྦྱོར་བར་འདུག་པས། ཡང་ནའི་དོན་ཡང་ནིའི་དོན་དུ་བཤད་པ་ཡང་ཡོད་པས་རུས་སྦལ་གྱི་བརྡས་བསྟན་པའི་རི་རབ་ཀྱང་བསྒོམ་ཞེས་པའི་དོན་ནོ། །སྤྱོད་པ་པས། མི་ཕྱེད་པ་དང་རུས་སྦལ་ལོ། ཞེས་ཡང་ནའི་སྒྲ་མེད་པར་ཡང་འདོན་ནོ། །འདིར་རྟེན་གཞལ་ཡས་ཁང་སྐྱེད་པ་མ་བཤད་པ་ནི། སྔར་ལེའུ་གཉིས་པར་བཤད་པ་ལ་དགོངས་སོ། ཞེས་སུ་མ་ཏི་ཀཱིརྟི་གསུང་ངོ༌། །དེ་ལྟར་སྒོམ་པ་འདིས་ནི་དངོས་གྲུབ་སྦྱིན་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། ཕྱག་བཞི་ཞེས་སོགས་འདི་ནག་པོ་སྤྱོད་པས་རྒྱུ་རྡོ་རྗེ་འཛིན་པ་ཧེ་རུ་ཀ་ཡབ་ཡུམ་ལ་འཆད། ལྭ་བ་པ་དང་ལྷ་སྦས་ཀྱིས་རྒྱུ་རྡོ་རྗེ་


JLD008_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་ཞུ་བ་ལ། གླུས་བསྐུལ་བ་ལས་བཞེངས་པའི་འབྲས་བུའི་ཧེ་རུ་ཀ་ལ་འཆད་ཅིང༌། བྷ་བས་རོ་ལངས་སྒྲུབ་པའི་ལྷའི་རྣལ་འབྱོར་དུ་འཆད་དོ། །ཧེ་རུ་ཀ་རྩ་ཞལ་དཀར་གཡོན་ལྗང་རྒྱབ་དམར་གཡས་སེར་བའམ། ཡང་ན་བཞི་ཀ་དཀར་བའི་ཞལ་བཞི་པ་ཕྱག་བཞི་པའི་ཕྱག་མཚན་ནི། རོ་ལངས་སྒྲུབ་པ་ལ་རྡོ་རྗེ་དང་མདུང་དང་ཐོད་པ་དང་ཁ་ཊཱཾ་ག་འཆང་བ་ཞེས་བྷ་བས་བཤད། ཇི་སྲིད་ཕྱག་ནི་འབུམ་གྱི་བར་ཞེས་པས་ནི་ཞལ་དང་ཕྱག་ངེས་པ་མེད་པར་དགོངས་ཏེ། འོན་ཀྱང་གདམས་ངག་ལ་ལྟོས་སོ། །སྐུ་མདོག་ནི་དཀར་བའི་ཁྲོ་བོ་ཆེན་པོ། དེ་ནས་ཏེ་དེ་བཞིན་དུ་དྲག་ཤུལ་གྱི་གཟུགས་འཆང་བ་སྤྱན་རྡོ་རྗེ་ཕག་མོ་ལ་གཟིགས་པ། ཕག་མོ་ཡང་ཡབ་དེའི་སྐུ་མདོག་འཆང་བ་སྟེ་དཀར་པོ་ཞལ་བཞི་པ། ཕྱག་ན་མཚོན་ཆ་སྟེ་རྡོ་རྗེ་དང་ཐོད་པ་འཆང་བ། དཔའ་བོ་ཡབ་ནི་དབུ་ལ་ཐོད་པའི་འཕྲེང་བ་ཅན། སྐུ་ལ་དུར་ཁྲོད་ཀྱི་ཐལ་བས་ཉེ་བར་བྱུགས་པ། རལ་པ་ཅོད་པན་དུ་བཅིངས་པ། ཕྱག་གཡས་ཀྱི་གཉིས་པ་ན་མདུང་དང་ལྡན་པ། སྤྱི་བོའི་ནོར་བུ་ལ་སོགས་པའི་ཕྱག་རྒྱ་ཡིས་ནི་སྐུ་ལ་བརྒྱན་པ། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས་པ། ཡི་དྭགས་ཆེན་པོ་སྟེ་འབྱུང་པོའི་བདག་པོ་གདན་དུ་བྱས་པ་ལྷ་སོ་དྲུག་དང་བཅས་པ། སྒྲུབ་པ་པོ་ཡིས་དུས་གསུམ་དུ་རྟག་ཏུ་སྔགས་ཀྱི་ལྷ་དེ་རྣམས་ཤེས་ནས་བསྒོམ་པར་བྱའོ། །ཕྱག་དང་ཞལ་འབུམ་ལ་སོགས་པ་ལ་ནི་གཡས་ཐམས་ཅད་དུ་རྡོ་རྗེ་དང༌། གཡོན་དུ་མདུང་ངམ་ཡང་ན་


JLD008_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁ་ཊཱཾ་ག་དང་ཐོད་པའོ། །ཞལ་ཐམས་ཅད་ནི་དཀར་པོའོ། ཞེས་བྷ་བས་བཤད་དོ། །མར་དོའི་ལུགས་ཀྱིས་འབྱུང་བ་རིམ་རྩེག་སྒོམ་པ་སྔར་དང་འདྲ། དུང་ཆེན་པོ་རི་རབ་ལ་བྱས་ནས། གཞལ་ཡས་ཁང་བསྐྱེད་པའི་ནང་དུ། མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་སྐྱེད་པ་ནག་པོ་པ་ལྟར་བྱེད་པ་ནི། ཕྱག་བཞི་པ་དང་ཞེས་པ་ནས་མཚོན་ཆ་འཆང་ཞེས་པའི་བར་གྱིས་སྟོན་ནོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། ཞེས་པ་ནས་འབྲས་བུ་རྡོ་རྗེ་འཆང་ལ་སྦྱོར་ཏེ་མངལ་སྐྱེས་དང་སྦྱོར་རོ། །ཡང་ན་ཞེས་པས་བརྫུས་སྐྱེས་དང་སྦྱོར་བ་ལཱུ་ཨི་པ་ལྟར་བྱེད་དོ། །དེའི་ལྟར་ན་དུང་ཆེན་པོ་ཞེས་པ་མངོན་བྱང་ལྔས་རྟེན་དང་བརྟེན་པ་དུས་གཅིག་ཏུ་སྐྱེད་པ་ལ་བྱ་དགོས་ཤིང༌། འབྲས་བུའི་ཧེ་རུ་ཀ་སྐུ་མདོག་དཀར་པོར་མི་སྒོམ་ཟེར་ལ། དཀའ་རྒྱལ་གྱིས་རོ་ལངས་ཆེན་པོ་སྒྲུབ་པའི་ཐུན་མོང་མ་ཡིན་པའི་ལྷ་ལ་སྦྱོར་བ་དང༌། སྐལ་ལྡན་སོགས་ཀྱིས་ཕྲེང་བ་ལ་འཆད་པ་གཉིས་མི་འཐད་དེ། ལེའུ་ཡི་མཚན་ལ་བསྐྱོད་པའི་རིམ་པ་ཞེས་བཤད་པས་གསལ་བའི་ཕྱིར་རོ། ཞེས་འཆད་དེ། མལ་གྱི་ལུགས་འཛིན་པ་དག་གིས་ཀྱང་དེ་ལྟར་འགོག་གོ། དེ་ལ་དཀའ་རྒྱལ་གྱི་འགྲེལ་པར་དེ་ལྟར་སྦྱར་བ་མེད་ལ། བྷ་བས་རོ་ལངས་སྒྲུབ་པ་ལ་སྦྱར་ཡང༌། དེའི་ཐུན་མོང་མ་ཡིན་པར་བཤད་པ་མེད་ཅིང༌། དེ་དང་ཕྲེང་བ་སོགས་ལ་སྦྱོར་བ་བསྐྱེད་རིམ་དུ་བཤད་པ་དང་འགལ་བ་མེད་དོ། ནག་པོ་པའི་ལུགས་ཀྱིས་ཀྱང་རྡོ་རྗེ་འཆང་གཉིས་སྐྱེད་པའི་གཞུང་གི་གཅོད་མཚམས་དེ་ལྟར་མི་བྱེད་པ་དེའི་སྒྲུབ་ཐབས་ལ་ཤིན་ཏུ་གསལ་ལ།


JLD008_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་དམར་མོར་འཆད་པ་ཡང་དེའི་དགོངས་པ་མིན་ནོ། །ལཱུ་ཨི་པའི་ལུགས་བརྫུས་སྐྱེས་སུ་འཆད་པ་ཡང་སྐབས་གཞན་དུ་སྒོང་སྐྱེས་སུ་རང་ཉིད་འདོད་པ་དང་འགལ་ལོ། །དེ་ལྟར་བརྗོད་པའི་རིམ་པས་ཧེ་རུ་ཀ་བསྒོམས་པས་ཡོན་ཏན་ཁྱད་པར་དུ་འཕགས་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ལས། དུད་འགྲོ་སྟེ་འདབ་ཆགས་དང་བོང་བུ་ལ་སོགས་པའི་ཕྱུགས་ཀྱི་ཤ་དགུག་པ་དང༌། རོ་ལངས་ཆེན་པོ་སྒྲུབ་པ་དང༌། དེ་དག་ལ་སོགས་པ་ལ་ཉེ་བར་མཁོ་བའི་བསྐྱེད་པའི་རིམ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་གཉིས་པའི་བཤད་པའོ།། ༈ །།གསུམ་པ་གསང་བ་དང༌། བསྙེན་བཀུར་གྱི་མཆོད་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་བའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། སོ་གཉིས་པའི་རྗེས་དེ་ནས་སྒྲུབ་པ་པོ་ཀུན་ལ་ནི། སྦྱོར་བ་སྟེ་རྣལ་འབྱོར་ཀུན་ལ་འདི་ལས་མཆོག་ཏུ་གྱུར་པ་གཞན་མེད་པའི་སྦྱོར་བ་བཤད་པར་བྱའོ། །གཞན་ལས། དེ་ནས་སྒྲུབ་པ་པོ་རྣམས་ཀྱི། །སྦྱོར་བ་ཀུན་ལ་མེད་པ་བཤད། ཅེས་འབྱུང་ངོ༌། །གཉིས་པ་ལ་གསུམ། བསྙེན་བཀུར་གྱི་མཆོད་པ། གསང་བའི་མཆོད་པ། མཆོད་པའི་ཕན་ཡོན་ནོ། །དང་པོ་ནི། གལ་ཏེ་དེ་ལྟ་ཡིན་ན་རྣལ་འབྱོར་དེ་


JLD008_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། བཟའ་བ་ནི་ལོངས་སྤྱོད་པར་བྱ་བ་སྟེ་གཽ་ཀུ་ད་ཧ་ན་ལ་སོགས་པའི་སྨན་རྣམས་སོ། །བཅའ་བ་སྟེ་སྟོན་མོ་ནི་ཞོ་དང་མར་དང་སྦྲང་རྩི་དང༌། ཁ་ར་དང་ལ་དུ་ལ་སོགས་པའོ། །ཞོ་ལ་སོགས་པ་མང་བ་ལ་སྟོན་མོར་བཤད་དེ། བཅའ་བ་ནི་སྟོན་མོར་བསྒྱུར་རོ། །ཉ་ནི་རོ་ཧི་ཏ་སོགས་དང༌། ཤ་ནི་རའི་ཤ་དང༌། སོགས་ཀྱིས་ནི་གཞན་ཡང་ཇི་ལྟར་རྙེད་པའི་བཟའ་བ་སོགས་ཀྱི་ཁྱད་པར་གཟུང་ངོ༌། །དེ་དག་ཀྱང་ནུས་པ་སྟེ་རང་གི་འབྱོར་པ་ཇི་ལྟ་བ་བཞིན་དུ་དེ་དང་འཚམ་པར་བྱའོ། །བདུད་རྩི་ལྔར་སྐྱེད་པར་མི་ནུས་ཤིང་བདུད་རྩི་ལྔ་པོ་མེད་པར་གྱུར་ཀྱང་བཟའ་བ་དང་བཏུང་བ་ཐམས་ཅད་ནི། བདུད་རྩི་ལྔ་པོ་ཉིད་དུ་བསྒོམ་པར་བྱ་བ་ཡིན་ནོ། །ཚོགས་ཀྱི་ཡོ་བྱད་ཀྱི་བཟའ་བ་དང་བཅའ་བ་རྒྱ་ཆེ་ཞིང་བཟང་བ་རྣམས། རྟག་པར་ཏེ་རྒྱུན་དུ་མཚན་མོ་ཉིད་དུ་བྱ་བ་ཡིན་ཞེས་གསུངས་ཏེ། ཉིན་མོ་ཡང་བྱེད་མོད་ཀྱང་ནུབ་མོ་ནི་ངེས་པར་བྱ་བ་ཡིན་པས་མཚན་མོ་སྨོས་སོ། །ལྭ་བ་པས། བསོད་ནམས་ཆེན་པོ་གསོག་པའི་ཐབས་མཆོག་ཡིན་པས་ཚོགས་ཀྱི་དཀྱིལ་འཁོར་བརྩམ་པར་བྱ་སྟེ། འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་སྤྱོད་པ་བསྡུས་པའི་སྒྲོན་མེ་ལས་ཇི་སྐད་གསུངས་པ་བཞིན་ནོ། །ཞེས་གསུངས་ཤིང༌། ལྙ་སྦས་ཀྱིས་ཀྱང་སྤྱོད་བསྡུས་ལ་ཁ་འཕངས་པས་སྤྱོད་བསྡུས་ལས་གསུངས་པ་བཞིན་དུ་ཚོགས་འཁོར་བྱའོ། །དེ་ནས་ཕོ་ཉ་རབ་སྦྱིན་ཞིང་། ཞེས་པ་ནི་དཀའ་རྒྱལ་གྱིས་བླ་མས་སློབ་མ་ལ་ཕོ་ཉ་མོ་སྦྱིན་པ་འཆད། སྐལ་ལྡན་སོགས་ཀྱིས་བདག་ཉིད་གཅིག་པུས་མི་བཟའ་ཡི། རིགས་བཟང་ངན་གྱི་རྣལ་


JLD008_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་རྣམས་ལ་སྦྱིན་པར་བྱ་ཞེས་ཕོ་ཉ་ལ་ཟས་སྦྱིན་པའི་དོན་དུ་བྱེད་དོ། །གཉིས་པ་ནི། ཚོགས་མཆོད་བྱ་བ་ལ་ཁྱད་པར་དུ་ནི་སྒྲུབ་པ་པོས། རང་གི་པང་པར་མགོ་བོ་བཞག་པ་སྟེ། ཕོ་ཉ་མོ་རང་གི་གཡོན་ལོགས་སུ་བཞག་པ་ལ་ལག་པ་གཡོན་པས་འཁྱུད་ནས། དཔའ་བོ་ཧེ་རུ་ཀ་དང་གཉིས་སུ་མེད་པ་སྟེ་མཉམ་པར་སྦྱོར་བས་མཆོད་པར་བྱ་བར་འཆད་དེ། རང་གི་པང་བར་མགོ་བཞག་སྟེ། ཞེས་འདོན་ནོ། །དེ་དག་གི་ལྟར་ན་པང་བར་མགོ་བཞག་པ་དང༌། གཡོན་གྱིས་འཁྱུད་པ་གཉིས་ལ་སྐད་དོད་ཐུན་མོང་བ་ཅིག་ཡོད་པ་འདྲ་སྟེ། བོད་སྐད་ལྟར་ན་འབྲུ་གནོན་རྣམས་འབྲེལ་མེད་དུ་འགྲོ་བའི་ཕྱིར་རོ། །དཔའ་བོའི་འགྲེལ་པར། རང་གིས་འཁྱུད་ཅིང་མགོར་བྱས་ལ། ཞེས་འབྱུང་ཞིང༌། སློབ་མས་གཡོན་པའི་བརླའི་དབུས་སུ་མགོ་བོ་བྱས་ལ་ཞེས་པ་ལྟར་ན་གཡོན་པ་ནི་ཕོ་ཉ་མོ་དང༌། དེའི་བརླ་གཉིས་ཀྱི་དབུས་སུ་མགོ་བོ་བྱས་པ་ནི་རྡོ་རྗེའི་མགོ་པདྨར་བཞག་པའོ། །ཕོ་ཉ་མོ་ནི་མ་ལ་སོགས་པ་བཞི་སྟེ། དེ་དག་གི་དོན་ནི་བཤད་ཟིན་ཏོ། །ཕོ་ཉ་མོ་བསྟེན་པ་ན་རང་ཧེ་རུ་ཀ་དང་ཕྱག་རྒྱ་རྡོ་རྗེ་ཕག་མོར་སྒོམ་པ་རྣམ་པར་འདི་ལྟ་བུའི་ཆོ་ག་ཡིས་བསྟེན་ནས་སྲིད་པར་བཅིངས་པའི་བག་ཆགས་ལས་ནི་རབ་ཏུ་གྲོལ་བར་བྱའོ། །ཕོ་ཉ་མོ་ལ་གསང་མཆོད་བྱས་པ་དེ་ནས་ཏེ་དེ་ལ་བརྟེན་ནས་ཡིད་སྐྱོབ་པས་སྔགས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །དེ་འདྲ་བ་དེ་ཇི་ཙམ་པར་དུ་བྱ་ན། ཇི་སྲིད་དུ་ཉོན་མོངས་པའི་འབྱུང་བ་ཡོད་


JLD008_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་གནས་མ་གྱུར་གྱི་བར་དུའོ། །རྐང་པ་འདི་ལ། ཤིན་ཏུ་བཅིངས་ལས་གྲོལ་བའོ། ཞེས་ཀྱང་འདོན་པར་ལྷ་སྦས་ཀྱིས་བཤད་དེ། འཆིང་བའི་བག་ཆགས་མ་ཟད་ཀྱི་བར་དུའོ། །མངོན་སུམ་དུ་མ་བྱས་པའི་རྡོ་རྗེ་འཛིན་ཇི་ལྟར་འགྲུབ་ཅེ་ན། རྡོ་རྗེ་འཆང་བདག་གི་སློབ་དཔོན་གྱི་ལུས་སུ་ལེགས་པར་གནས་པ་སྟེ། སློབ་དཔོན་གྱི་རྣམ་པ་ཅན་དུ་བྱས་ནས་སྒྲུབ་པ་པོ་རྣམས་ལས་ཕྱི་དང་ནང་གི་མཆོད་པ་ལེན་པས་རྡོ་རྗེ་འཛིན་མངོན་སུམ་དུ་གྱུར་པ་དང་འདྲའོ། །ཞལ་ལུང་ལས་ཀྱང༌། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་སུ་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། ཞེས་གསུངས་པས་ཐེག་པ་འདིའི་བླ་མ་ནི། ཚོགས་སོག་པའི་ཞིང་དུ་སངས་རྒྱས་ལས་ཀྱང་ལྷག་པར་གསུངས་པ་ལྟར་ཡིན་ནོ། །དེས་ན་དེ་མཆོད་ན་རྡོ་རྗེ་འཆང་མཆོད་པར་འགྱུར་བས་རྒྱལ་བ་ཐམས་ཅད་ལ་མཆོད་པར་འགྱུར་རོ། །འདིའི་སྒྲུབ་པ་པོ་རྣམས་ལ་བཅོམ་ལྡན་འདས་འདི་རྟག་ཏུ་མ་བྲལ་བ་ཁོ་ན་ཡིན་ནོ། །ཞེས་བསྟན་པའི་ཕྱིར་དཔའ་བོ་ཞེས་གསུངས་ཏེ། དཔའ་བོ་ཧེ་རུ་ཀ་ལ་སོགས་པ་རྣམས་ཀྱི་སྟན་པ་སྟེ་བཞུགས་པའི་གནས་ནི། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མོ་ཉིད་དུ་ཐེ་ཚོམ་མེད་པས་དེ་བསྟན་པ་ནི། ཧེ་རུ་ཀས་བྱིན་གྱིས་རློབ་པ་དང་མི་འབྲལ་ལོ། །ཀོང་ཀ་ནས་སྟན་པ་དང་ཕྱག་རྒྱ་གཅིག་ཏུ་བཤད་པ་ལ། སྐལ་ལྡན་གྱིས་དེ་གཉིས་སོ་སོར་གསུངས་པས་གཅིག་ཏུ་བྱེད་པ་མི་འཐད་པས་སྟན་ནི་བཟའ་བཏུང་དང༌། ཕྱག་རྒྱ་ནི་རིག་མ་ཡིན་ནོ་ཞེས་


JLD008_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་མོད་ཀྱང༌། དཀའ་རྒྱལ་གྱིས། དཔའ་བོ་རྣམས་ཀྱི་སྟན་དག་ནི། །ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། ཅེས་ཀྱང་འདོན་པས་གཞུང་གཅིག་ཏུ་མ་ངེས་སོ། །དེ་ལྟར་ན་རྡོ་རྗེ་འཆང་སློབ་དཔོན་གྱི་ལུས་ལ་གནས་ནས་སློབ་མའི་མཆོད་པ་ལེན་པས། ཚོགས་རྫོགས་སླ་བ་བཞིན་དུ་ཕྱག་རྒྱའི་ལུས་ལའང་གནས་ནས་བྱིན་གྱིས་རློབ་པས་ལམ་མྱུར་བ་ཡིན་ནོ། །དེའི་ཕྱིར་སྒྲུབ་པ་པོས་ཐ་མལ་གྱི་སྣང་ཞེན་སྤངས་པའི་མཆོག་གི་སྣང་བ་དང་ང་རྒྱལ་ལ་ཤིན་ཏུ་མཉམ་པར་བཞག་པས། གླུ་དང་གར་ལ་སོགས་པའི་མཆོད་པས་རང་དང་ཕྱག་རྒྱ་ལ་མཆོད་པར་བྱའོ། །ཇི་སྲིད་དུ་ལུས་ཅན་ཐམས་ཅད་ཀྱང་ཐབས་ཤེས་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་གྱི་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ཞེན་པ་སྟེ་དགའ་བར་མ་གྱུར་པ་དེ་སྲིད་དུ། འཁོར་བར་རིང་དུ་འཁོར་བར་འགྱུར་ཞིང༌། ལུས་ཀྱི་སྡུག་བསྔལ་དང༌། མྱ་ངན་ཏེ་ཡིད་མི་བདེ་བས་ཡོངས་སུ་གཡེངས་པར་འགྱུར་རོ། །ཞེས་པ་འཁོར་བ་དང་དེའི་བག་ཆགས་ལས་ལམ་གཞན་གྱིས་གྲོལ་བ་ཆེས་རིང་ངོ་ཞེས་པའི་དོན་ནོ། །དེ་ནས་ཏེ་རྒྱུ་མཚན་དེའི་ཕྱིར་སྒྲུབ་པ་པོས་ཕྱི་ནང་སོགས་ཀྱི་མཆོད་པའི་དངོས་པོ་ཀུན་གྱིས་རང་དང་ཕྱག་རྒྱ་མཆོད་པར་བྱས་པ་ལས་མྱུར་དུ་གྲོལ་བར་བྱའོ། །མཆོད་པས་ནི་མཆོད་པར་འདོད་པ་སྟེ་ཕོ་ཉ་མོ་ཁྱད་པར་ཅན་རྣམས་ཀྱི་རྗེས་སུ་འཛིན་ལ། དེ་རྣམས་ལ་བརྙས་པ་ཡིས་ནི། དམྱལ་བར་ངེས་པར་བསྲེག་པར་བྱེད་དོ། །ཕོ་ཉ་མོ་རྣལ་འབྱོར་གྱི་རྒྱུད་དང་ཐུན་


JLD008_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

མོང་བར་སྟོན་པ་ནི། རྣལ་འབྱོར་གྱི་རྒྱུད་གསང་འདུས་སོགས་སུ་བཤད་པ་ལྟར་སྒྲུབ་པའི་མི་སྟེ་རྣལ་འབྱོར་པས། ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཕུན་སུམ་ཚོགས་པ་གྲུབ་པའི་མའམ་སྲིང་མོ་ལ་སོགས་པའི་ཕོ་ཉ་མོ་བླངས་ལ། རྣལ་འབྱོར་ཕོ་མོའི་ཚོགས་ཐམས་ཅད་འདུས་པའི་དབེན་ཞིང་ཉམས་དགའ་བར། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་བྲིས་ལ། རང་གི་ལྷའི་གཟུགས་སུ་བདག་ཉིད་བསམས་ཏེ། ཉི་མ་ནུབ་ནས་བཟུང་སྟེ་མཚན་ཧྲིལ་པོར་དང་པོར་རབ་ཏུ་འབད་པས་མཆོད་པར་བྱའོ། །དང་པོར་དེ་ལྟར་སྤྱད་པས་འོད་གསལ་དུ་ཞུགས་པའི་ཕྱི་ནས། འོད་གསལ་གཉིས་སུ་སྣང་བ་མེད་པ་ལས་ལངས་ནས་དཔའ་བོ་རྣམས་ཀྱི་ནི། དཔའ་བོ་ཉིད་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཟུང་འཇུག་གི་རིམ་པས་སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་བྱས་ནས་སྤྱད་པར་བྱ་བ་སྟེ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་བྱའོ། །གསུམ་པ་ནི། སྔར་བཤད་པ་དེ་ལྟར་བསྙེན་བཀུར་དང་གསང་མཆོད་བྱས་པ་དེ་ལ་བརྟེན་ནས་ནི། སྒྲུབ་པ་པོས་ས་འོག་གི་དངོས་གྲུབ་དང༌། ལངས་པའམ་འགྲོ་བ་ཞེས་པ་ནམ་མཁའ་ལ་འགྲོ་བ་དང༌། ནད་དང་གདོན་ལ་སོགས་པ་ཞི་བ་ཉིད་དང༌། ཚེ་དང་ཤེས་རབ་སོགས་རྒྱས་པ་དང༌། །མ་དད་པ་སོགས་དབང་དུ་བྱ་བ་དང༌། །སྐྱེས་པ་དང་བུད་མེད་དགུག་པ་དག་དང༌། དཀོན་མཆོག་ལ་གནོད་པ་སོགས་བསད་པ་དང༌། གནས་ནས་བསྐྲད་པ་དང༌། སོགས་ཀྱིས་སྨྱོ་བ་དང༌། རིམས་ཀྱིས་འདེབས་པར་བྱེད་པ་དང༌། རྨུགས་པར་དང་རེངས་


JLD008_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང༌། དེ་བཞིན་དུ་མཛའ་བ་དང་དབྱེ་བ་དང༌། ཚར་གཅོད་པ་དང་རྗེས་སུ་འཛིན་པའི་ལས་ཀྱི་དངོས་གྲུབ་གང་ཅི་ཡང་རུང་བའི་ལས་ཀུན་སྒྲུབ་པ་ལ། ཉོན་མི་མོངས་པ་སྟེ་སྡུག་བསྔལ་བ་མེད་པར་འགྲུབ་པར་འགྱུར་རོ། །ལས་ཀྱི་ཞེས་པའི་རྐང་པ་གཅིག་ལ་སྐད་དོད་ལ། ཇི་བཞིན་ལས་རྣམས་ཐམས་ཅད་ནི། ཞེས་པ་ཡོད་གསུང་ངོ༌། །མདོར་ན་ཐེ་ཚོམ་མེད་པ་སྟེ་ངེས་པར་ཕྱག་རྒྱ་མཆོད་པའི་སྒྲུབ་པ་པོའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བས། བསྙེན་བཀུར་དང་གསང་བའི་མཆོད་པ་བྱའོ། །དེ་ལྟར་སོ་གཅིག་པ་སོ་གཉིས་པ་སོ་གསུམ་པ་གསུམ་གྱིས་ནི་བཟའ་བ་དང་མཆོད་པའི་དམ་ཚིག་རྒྱས་པར་འཆད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཕོ་ཉ་མོ་བསྟེན་པའི་གསང་བའི་མཆོད་པ་དང༌། བཟའ་བཏུང་གི་བསྙེན་བཀུར་གྱི་མཆོད་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་གསུམ་པའི་བཤད་པའོ།། ༈ །།བརྒྱད་པ་མཆོད་པ་བཞིའི་གསང་བ་རྒྱས་པར་བཤད་པ་ལ་བཞི། ཕྱག་རྒྱ་ཆེན་པོ་སྟོན་པའི་ལེའུ། ཆོས་ཀྱི་ཕྱག་རྒྱ་སྟོན་པའི་ལེའུ། དམ་ཚིག་དང་ལས་རྒྱ་གཉིས་འཇུག་པ་གཅིག་གིས་སྟོན་པའི་ལེའུ། ལས་རྒྱ་དབང་དུ་བྱ་བའི་ལེའུ་འོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅའ་བའི་དོན་


JLD008_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། སོ་གསུམ་པའི་རྗེས་དེ་ནས་རབ་གཏུམ་མ་ལ་སོགས་པའི་མཁའ་འགྲོ་མ་ཡི་དྲ་བ་སྟེ་ངོ་བོའི་འཁོར་ལོ་བདེ་མཆོག་གི། ཞི་བ་དང་རྒྱས་པ་ལ་སོགས་པའི་ཆོ་ག་རྒྱས་པ་སྔར་བཤད་པའི་ལས་རྣམས་གང་ཡང་མྱུར་བ་སྟེ་རིང་བོར་མི་ཐོགས་པར་སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད་པར་འགྲུབ་པའི་ཐབས་བཤད་པར་བྱའོ། ཞེས་སྦྱར་རོ། །རྐང་པ་གསུམ་པ་ལ་ལྭ་བ་པས། སྒྲུབ་ཐབས་ཡིད་ལ་བརྟེན་པ་སྟེ། ཞེས་འདོན་ལ། དོན་ནི་ཨ་བ་དྷཱུ་ཏཱིའི་གནས་ལ་བརྟེན་པའི་སྒྲུབ་ཐབས་ཡིད་ལ་རྙེད་པ་ལ་བཤད་དོ། །བླ་མ་སྔ་མ་རྣམས་ནི་རྐང་པ་བཞི་པོ་དེས་རྫོགས་རིམ་སྒོམ་པའི་དོན་དུ། ལྷའི་འཁོར་ལོ་རྒྱས་པར་སྒོམ་པ་དང༌། སྦྱིན་སྲེག་གི་སྔོན་དུ་ལྷ་རྣམས་རྒྱས་པར་བསྒོམས་ནས། རང་ལ་བསྡུས་པའི་འོག་ཏུ་སྦྱིན་སྲེག་བྱེད་པར་འདོད་དོ། །གཉིས་པ་ལ་གཉིས། བཤད་བྱའི་དོན་རྒྱས་པར་བཤད་པ་དང༌། བཤད་པའི་དོན་བསྡུ་བའོ། །དང་པོ་ལ་གཉིས། དྲང་བའི་དོན་དུ་བཤད་པ་དང༌། ངེས་པའི་དོན་དུ་བཤད་པའོ། །དང་པོ་ནི། ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཀུན་དང༌། རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་ཉེར་བཞི་ལྟེ་བའི་པདྨ་སྟེ་འདབ་མར་ངེས་པར་སྦྱར་བ་སྟེ་ངེས་པར་དགོད་དེ་རྡོ་རྗེ་མཁའ་འགྲོར། པདྨ་འདབ་མ་བརྒྱད་པ་སུམ་རིམ་ལ་དཔའ་བོ་དང་དཔའ་མོ་ཉེར་བཞི་དགོད་པར་བཤད་དོ། །སྨིན་མ་ཞེས་པ་གཉིས་ཀྱིས་ལྷ་ཐམས་ཅད་ཀྱི་སྤྱན་གསུམ་པ་བསྟན་པ་ཡིན་ཏེ། སྨིན་མ་གཡས་གཡོན་གྱི་འོག་ཏུ་སྤྱན་རེ་རེ་ཡོད་པ་དེ་བཞིན་དུ། གཡས་


JLD008_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་སྨིན་མའི་བར་དུ་སྟེ་དབུས་སུ་ཡང་སྤྱན་དབུས་མ་གཞུག་པ་སྟེ་ངེས་པར་བཞག་གོ། དེ་ནི་ཨ་བ་དྷཱུ་ཏཱི་རྫོགས་པའི་གནས་ཏེ་དབུ་མའི་ཡར་སྣའོ། །འདི་ནི་ཀོང་ཀ་ན་པ་ལ་སོགས་པའི་ལྔའི་དགོངས་པའོ། །འགྲེལ་པ་གཉིས་ལས། ཨ་བ་དྷཱུ་ཏཱིའི་གནས་དེ་བཞིན། །སྨིན་མའི་བར་དུ་ངེས་པར་བཞག །ཅེས་འབྱུང་ངོ༌། །མཚན་མ་ཐོབ་པའི་རྣལ་འབྱོར་པས། དཔའ་བོ་སྟེ་དཔལ་ཧེ་རུ་ཀའི་འཆོལ་བ་སྟེ་གཙང་སྨེ་མེད་པའི་སྦྱོར་བར་བདག་ཉིད་བྱས་པའམ། འདོད་ཆགས་དང་ཞེ་སྡང་གཉིས་འཆོལ་བ་སྟེ་འདྲེས་པའི་ཉམས་ཅན་གྱི་དཔལ་ཧེ་རུ་ཀའི་ཁྲོ་བོར་བསྒྱུར་བའི་ཏིང་ངེ་འཛིན་གྱིས། ཤའི་སྦྱིན་སྲེག་བྱ་བའམ། ཡང་ན་རེ་ཤིག་དང་པོར་བདག་ཉིད་ཁྲོ་བོའི་ང་རྒྱལ་དང་ལྡན་པས། ཇི་ལྟར་རྙེད་པའི་ཤ་ཡིས་ཚིམ་པར་བྱས་ལ། དེ་ནས་ཏེ་དེའི་འོག་ཏུ་ལས་དང་རྗེས་སུ་མཐུན་པའི་བཟའ་བ་ཡང་ནི་སྟེ། བསྲེག་རྫས་གཽ་སྟེ་བ་ལང་གི་མཾ་ས་སྟེ་ཤ་དང༌། རུ་དྷི་ར་སྟེ་ཁྲག་གིས་འབད་པས་ཏེ་ལྷའི་ང་རྒྱལ་ལས་མ་ཡེངས་པར། བསྲེག་བྱ་སྟེ་བསྲེག་བླུགས་ལྔ་དག་འཇིག་རྟེན་པའི་མེ་ལྷ་ལ་དབུལ་བར་བྱའོ། །འགྱུར་ཁ་ཡར་ལ། བྱས་ཆགས་པར། ཞེས་འབྱུང་ཞིང༌། ཆགས་པ་ཞེས་པ་འགྲེལ་པ་ཀུན་དང་ལོ་ཆེན་གྱི་འགྱུར་ལ་མེད་ཅིང༌། འགྲེལ་པ་རྣམས་ལས་བྱས་པ་ཡིས། ཞེས་དང༌། ཞལ་གྱིས་ནི། ཞེས་འབྱུང་ངོ༌། །ཆགས་པ་ཡོད་པ་ལྟར་ན་ནི། ལོ་ཆེན་གྱིས་འཆོལ་བ་དྲག་པོར་བསྒྱུར་བ་ལྟར། ཞལ་དྲག་པོ་དང་ཆགས་པའི་ཉམས་འདྲེས་པར་བྱའོ། །བསྲེག་བླུགས་ལྔ་ཕུལ་བ་དེ་ནས་ཐབ་ཁུང་


JLD008_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

གི་འབར་བའི་མེ་ལ་ནི་བདུད་རྩི་ལྔ་ལ་སོགས་པའི་བསྲེག་རྫས་ཀྱི་བསྲེག་བླུགས་དགུ་ནི་འཇིག་རྟེན་པའི་མེ་ལྷའི་ཞལ་དུ་སྦྱིན་པར་བྱའོ། །དེ་དག་གིས་འཇིག་རྟེན་པའི་མེ་ལྷའི་སྦྱིན་སྲེག་བསྟན་ནས། འཇིག་རྟེན་ལས་འདས་པའི་ལྷ་ལ་སྦྱིན་སྲེག་འབུལ་བ་ནི། ཐབ་ཁུང་དུ་འབར་བའི་ཕྲེང་བ་རྒྱ་མཚོ་ལྟར་འཁྲིགས་པ་དེར་བལྟ་བ་སྟེ་བསྒོམ་པར་བྱའོ། །འགྱུར་གཞན་ལས། དེ་ནས་འབར་ཕྲེང་རྒྱ་མཚོར་ནི། ཞེས་འབྱུང་བ་འགྲེལ་པ་རྣམས་དང་མཐུན་ནོ། །ཇི་ལྟར་དུ་བསྒོམ་པར་བྱ་ཞེ་ན། མེའི་དབུས་དེར་ཕྱོགས་བཞི་པོ་ཀུན་ནས་སྒོ་རེ་རེ་ཡོད་པའི་སྒོའི་འཁོར་ལོར་ཏེ་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པའི་དཀྱིལ་འཁོར་ངེས་པ་སྟེ་བསམ་པར་བྱ་སྟེ། རྟེན་བསྐྱེད་པའོ། །བརྟེན་པ་བསྐྱེད་པ་ནི་གཞལ་ཡས་ཁང་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ། དཔའ་བོའི་དབང་པོ་ཧེ་རུ་ཀ་ཞལ་བཞི་པ་དང༌། དཔའ་བོའི་གནས་འཁོར་ལོ་རིམ་པ་གསུམ་པ་རྩིབས་ཀྱི་འདབ་མ་ཉེར་བཞི་པ་དང༌། གདན་ཉེར་བཞི་ཡོད་པ་དེ་བཞིན་དུ་ཐོད་པའི་དུམ་བུ་པ་ལ་སོགས་པའི་དཔའ་བོ་ཉེར་བཞི་དང༌། པདྨའི་ཕྱོགས་ཀྱི་འདབ་མ་བཞི་ལ་མཁའ་འགྲོ་མ་སོགས་ཕོ་ཉ་མོ་བཞི་དགོད་དོ། །དཔའ་བོ་གཅིག་པུར་མ་ཟད་ཀྱི་དཔའ་བོ་ཉེར་བཞི་པོ་ཀུན་དང་གཉིས་སུ་མེད་པའི་སྦྱོར་བས་བདེ་བ་ཆེན་པོ་ལ་རོལ་པའི་རབ་གཏུམ་མ་སོགས་ཉེར་བཞི་ཡང་རྩིབས་ལ་དགོད་དོ། །དེ་རྣམས་ཀྱིས་མཚོན་ནས་ཐོད་པའམ་བུམ་ཐོད་བཞི་མཚམས་ཀྱི་འདབ་མ་ལ་དགོད་པ་དང༌། སྒོ་བཞི་དང་མཚམས་བཞིར་ཁྭ་གདོང་མ་སོགས་བརྒྱད་


JLD008_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པ་ཡང་ཤེས་པར་བྱའོ། །ཆོ་ག་ཞེས་པའི་རྐང་པ་གཅིག་ནི་འགྱུར་གཞན་དང་འགྲེལ་པ་རྣམས་ལ་མེད་ལ། ཡོད་པ་ལྟར་ན་དུམ་སྐྱེས་མའི་སྒོ་ནས་ལས་སྒྲུབ་པའི་ཆོ་ག་ཇི་བཞིན་དུ་བཤད་པའི་རྣམ་པ་ཡིས། ཁཎྜ་རོ་ཧི་སྦྱིན་པ་སྟེ་སྦྱར་བར་བྱའོ། །རྒྱབ་ཀྱི་འདབ་མ་ལ་གནས་པའི་དུམ་སྐྱེས་མ་དེ་བཞིན་དུ་བཞག་ལ། རང་གི་ལུས་ལས་དུམ་སྐྱེས་མ་གཉིས་པ་ཅིག་ཕྱིར་རོལ་དུ་ཕྱུང་ནས་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །ཞི་བ་སོགས་ཀྱི་ལས་སོ་སོ་ལ་དཀར་པོ་སོགས་ཀྱི་རང་གི་གཟུགས་སུ་རྣམ་པར་ཞུགས་པ་སྟེ་གནས་པར་བྱའོ། །དེ་ཁོ་ན་མིན་གྱི་ཐབ་ཀྱི་དབུས་སུ་འཁོར་ལོའི་ལྷ་རྣམས་བལྟ་བར་བྱ་སྟེ། བརྟེན་པའི་འཁོར་ལོ་འདི་དག་གསལ་བར་ནི་ཞི་སོགས་ཀྱི་ལས་ཀྱི་རིམ་པ་ལ། སྐུ་མདོག་དཀར་པོ་སོགས་དང་རང་རང་གི་ཉམས་ལ་སོགས་པ་ཇི་ལྟར་གསུངས་པ་བཞིན་བྱ་སྟེ། འདི་ཡང་སྦྱིན་སྲེག་ཁོ་ནའི་སྐབས་མིན་གྱི། ལས་སྒྲིབ་པའི་སྐབས་གཞན་དུ་ཡང་ངོ༌སྦྱིན་སྲེག་གི་ཆོ་ག་ནི་རྒྱས་པར་གཞན་དུ་བསྟན་པ་ལས་རྟོགས་པར་བྱ་སྟེ། འདིར་ཚིག་མངས་སུ་དོག་ནས་མ་བྲིས་སོ། །གཉིས་པ་ལ་རྡོ་རྗེ་མཁའ་འགྲོར་འདིའི་ངེས་དོན་ཕྱོགས་གཅིག་ཙམ་ཞིག་བཤད་པ་ནི། དེའི་འགྲེལ་པ་ལས་ཤེས་པར་བྱ་ལ་ངེས་དོན་གཞན་བཤད་པ་ལ་གཉིས། བླ་མ་སྔ་མའི་མན་ངག་ལས་འབྱུང་བ་དང༌། ལྭ་བའི་ན་བཟའ་ཅན་གྱིས་བཤད་པའོ། །དང་པོ་ནི། འདིའི་སྒྲུབ་ཐབས་བསྒོམས་ནས་ཡབ་ཡུམ་སྙོམས་པར་ཞུགས་པས། བདེ་བ་ཆེན་པོ་ཁྱབ་པར་ཉམས་སུ་


JLD008_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བར་བསམས་ལ། བདེ་བའི་བྱང་ཆུབ་ཀྱི་སེམས་ནོར་བུའི་རྩེ་མོར་ཨཱ་ལི་ཀཱ་ལི་དཀར་དམར་འོད་འབར་བཞིན་པར་གྱུར་ཏེ། སྟེང་དུ་འོངས་པ་སྣ་བུག་གཡས་པ་ནས་བྱུང་ནས་བདེ་ཆེན་གྱི་འཁོར་ལོ་ནས་བརྩམས་ཏེ་དམ་ཚིག་གི་འཁོར་ལོའི་བར་དང༌། གནས་གསུམ་གྱི་སེམས་ཅན་དཀྱིལ་འཁོར་བར་བྱས་པ་རྣམས་ཀྱི་བར་དུ་སྣང་བར་བྱས་པས། དེ་དག་ཐམས་ཅད་ཀྱིས་བདེ་བ་ཆེན་པོ་མྱོང་བར་བསམ་མོ། །བདེ་བ་མྱོང་བས་ཕྱིའི་གནས་གསུམ་གྱི་དཔའ་བོ་དཔའ་མོ་ཞུ་བར་གྱུར་པ་དུར་ཁྲོད་ལ་དང༌། དུར་ཁྲོད་ཞུམ་གཞལ་ཡས་ཁང་ལ་བསྡུ་བ་ནས། མཁའ་འགྲོ་མ་ལ་སོགས་པ་བཞིའི་བར་དུ་བསྡུ་བ་ནི། དཔའ་བོ་ཀུན་དང་ཞེས་པའི་རྐང་པ་གཉིས་ཀྱི་དོན་ནོ། །དེ་རྣམས་ཞུ་བ་ཞལ་བཞིའི་སྣ་བུག་གཡོན་པ་ནས་ཞུགས་ཏེ། སྨིན་མཚམས་ནས་དྷཱུ་ཏཱིར་ཞུགས་ནས་བྱང་སེམས་བབས་པས་འཁོར་ལོ་བཞི་ལ་ཡང་ཁྱབ་པ་ནི། སྨིན་མའི་བར་དུ་ཞེས་པའི་རྐང་པ་གཉིས་ཀྱི་དོན་ནོ། །དེ་ནས་རང་དང་ཕག་མོ་བདེ་བ་ཆེན་པོར་ཞུ་བ་རྡོ་རྗེའི་པདྨའི་རྩེ་མོར་ཐིག་ལེ་དཀར་ལ་དམར་བ་ཅིག་ཏུ་གྱུར་པར་དམིགས་ལ། བདེ་བ་ཆེན་པོའི་ངོ་བོར་བསྒོམ་མོ། །ལྷན་སྐྱེས་དེ་ནི་ཆགས་སོགས་ཀྱི་རྟོག་པ་དང་བྲལ་བས་དཔའ་བོ་འཆོལ་བ་སྟེ་ཨུཏྐ་ཊ་ཞེས་པ་གསལ་བའོ། ཚོགས་པ་ནི་གཞན་དུ་བསྒྱུར་བར་བྱེད་པའོ། །བསྲེག་པ་ནི་སྣང་བ་མེད་པར་བྱེད་པའོ། །གཽ་མཾ་ས་ནི་ས་ལ་སོགས་པའོ། །བསྲེག་བྱ་ལྔ་ནི་ཕུང་པོ་ལྔའོ། །འབར་བའི་མེ་ནི་མེ་དང་འདྲ་བའི་ལྷན་སྐྱེས་སོ། །བསྲེག་བླུགས་དགུ་སྦྱིན་པ་ནི་ཕུང་པོ་ལྔ་དང་ཁམས་བཞི་སྣང་བ་མེད་


JLD008_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའོ། །དེ་ལྟར་ཐིག་ལེ་ལ་དམིགས་པ་ལས་སེམས་གཡེང་བ་ལྟ་ན། འོད་ཀྱི་གོང་བུ་འབར་བའི་ཕྲེང་བ་ཅན་དེ་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེ་ཇི་ལྟར་སྒོམ་སྙམ་པ་ལ་ཀུན་ནས་སྒོ་ཡི་ཞེས་པའི་རྐང་པ་ལྔས་སྒོམ་ཚུལ་བསྟན་ཏོ། །དེ་ལྟར་བརྩོན་པ་དྲག་པོས་བསྒོམས་ན་ཞག་ཉེར་ལྔ་ན་དུ་བ་ལ་སོགས་པའི་རྟགས་མཐོང་ངོ༌། །ཐུན་མཚམས་སུ་བདེ་བའི་ཐིག་ལེ་ཧཱུཾ་ཡིག་ཏུ་གྱུར་པ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས། རང་ཉིད་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་རྒྱན་གྱིས་བརྒྱན་པ་སྙིང་ཁར་ཉི་མ་ལ་ཧཱུཾ་གནས་པར་བསམ་པར་བྱའོ། །དེ་ལྟར་བསྒོམས་པས་རྟགས་ལྔ་མཐོང་ནས་ནི་དཀྱིལ་འཁོར་སྒོམ་པ་མིག་སྔར་སྣང་བར་འགྱུར་ལ། བདེ་བ་ཆེན་པོ་ཡང་མངོན་སུམ་དུ་འགྱུར་རོ། །འདི་ནི་ལས་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་པ་ཡང་མིན་ལ། ཡི་གེ་ལ་དམིགས་པ་ཆོས་ཀྱི་ཕྱག་རྒྱ་ཡང་མིན་པས་ཕྱག་ཆེན་སྒོམ་པའོ། །ཞེས་འཆད་དེ། ཕྱག་རྒྱ་བཞི་གང་རུ་གཅིག་ཏུ་གཞག་དགོས་ལ་གཞན་གསུམ་གང་ཡང་མིན་པས་སོ་སྙམ་དུ་བསམས་པའོ། །འདི་ལ་སྨོན་གྲོའི་མར་ལོའི་ལུགས་དམར་ཆོས་རྒྱལ་གྱིས་བཤད་པ་ལས། སྔར་བཞིན་བསྡུས་པའི་ཐིག་ལེ་དཀར་དམར་ལ་སེམས་བརྟན་པ་དང༌། ཐིག་ལེ་ནཱ་དར་བཏང་ལ་སེམས་གཟུང༌། དེ་ལ་བརྟན་པ་དང་ནཱ་ད་ཡང་མི་དམིགས་པར་བྱས་ལ། སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་སེམས་གཏད་དེ་བསྒོམ། དེ་ལས་ལངས་ནས་རྟེན་དང་བརྟེན་པའི་འཁོར་ལོ་བསྒོམ། དེ་འདྲ་བ་ཐུན་གཅིག་


JLD008_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལན་གསུམ་བྱ་ཞེས་འཆད་དོ། །དེ་ཡང་ནཱ་རོ་པའི་ལུགས་སུ་བྱེད་དེ་མི་མཐུན་པར་སྣང་ངོ༌། །དེ་ལ་སྡུད་རིམ་དངོས་སུ་བྱེད་མི་བྱེད་གང་ཡིན་ཀྱང་བསྐྱེད་རིམ་བརྟེན་ནས་རྫོགས་རིམ་ལ་ནུས་པ་སྐྱེས་པའི་མཚམས་ནས་ཕྱག་རྒྱ་གཞན་གསུམ་ལ་བརྟེན་པ་ནི། ལྷན་སྐྱེས་ཀྱི་བདེ་སྟོང་གི་འོད་གསལ་སྒོམ་པ་ཤིན་ཏུ་ཡང་འོང་བས། འདིའི་སྡུད་རིམ་གྱི་མཐར་བདེ་སྟོང་སྦྱོར་བ་བྱུང་ཡང༌། དེས་ཕྱག་རྒྱ་གཞན་གསུམ་སྒོམ་པ་ལས་ཁྱད་པར་དབྱེ་བར་མི་ནུས་ཤིང༌། ལྷའི་འཁོར་ལོར་ལྡང་བ་བསྐྱེད་རིམ་ལ་བྱེད་པར་སྣང་བས། དེ་ལྟ་ཡིན་ན་དེའི་སྟེང་ནས་ཀྱང་རྫོགས་རིམ་གྱི་ཕྱག་རྒྱ་ཆེན་པོ་སྒོམ་པ་མེད་པས། ལེའུ་འདིས་རྫོགས་རིམ་གྱི་ཕྱག་རྒྱ་ཆེན་པོ་སྒོམ་པ་བསྟན་ཟེར་བ་ནི་ཚིག་ཙམ་མོ། །དེས་ན་ལེའུ་འདིར་རྫོགས་རིམ་པའི་ཕྱག་ཆེན་བསྟན་ཚུལ་ནི། རྫོགས་རིམ་པའི་ཡེ་ཤེས་ཀྱི་ལྷའི་སྐུ་སྐྱེད་ནུས་པ་ནས་ཡིན་ཏེ། དེ་ཡང་རྗེས་གཞིག་གི་སྡུད་རིམ་ལ་བརྟེན་ནས་འོད་གསལ་དུ་འཇུག་པ་ནི། དཔའ་བོ་ཀུན་དང་ཞེས་སོགས་དང་སྦྱིན་སྲེག་གི་ངེས་དོན་དུ་བྱ། འོད་གསལ་གྱི་རླུང་སེམས་ཙམ་ལས་དཀྱིལ་འཁོར་གྱི་འཁོར་ལོ་ལངས་པ་ནི། ཀུན་ནས་སྒོ་ཡི་ཞེས་སོགས་རྐང་པ་ལྔའི་ངེས་དོན་དུ་བྱ་ལ། དེ་ཡང་རྫོགས་རིམ་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པས། ལེའུ་འདིས་རྫོགས་རིམ་པའི་ཕྱག་ཆེན་བསྟན་པར་བྱས་ན་ལེགས་སོ། །ཐིག་ལེ་མི་སྡུད་པ་དང་ལྷ་སྒོམ་པ་བསྐྱེད་རིམ་ལ་འཆད་པ་དང༌། སེམས་གཡེང་བ་ལྟ་ན་ཞེས་སོགས་ལེགས་པར་མི་སྣང་ངོ༌། །ད་ལྟའི་གང་ཟག་ལྟ་བུ་དམའ་མོ་


JLD008_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་སྡུད་རིམ་སྔར་ལྟར་བྱས་ནས། ཡབ་ཡུམ་ཞུ་བའི་ཐིག་ལེ་དཀར་དམར་གསང་གནས་ཀྱི་རྩེར་དམིགས་ན། དབུ་མའི་མར་སྣ་རུ་རོ་རྐྱང་གི་རླུང་སྡུད་པའི་གདམས་པ་ཟབ་མོ་ཞིག་ཏུ་མཐོང་ངོ༌། །གཉིས་པ་ལ་གཉིས། ཐིག་ལེའི་རྣལ་འབྱོར་ལ་བཤད་པ་དང༌། ཕྲ་མོའི་རྣལ་འབྱོར་ལ་བཤད་པའོ། །དང་པོ་ནི། ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉེར་བཞི་པོ་ཐམས་ཅད་ནི། རབ་གཏུམ་མ་ལ་སོགས་པ་རྣལ་འབྱོར་མ་ཉེར་བཞིར་འདུས་ཏེ། ཤེས་རབ་མ་གཙོ་བོར་བྱས་པའི་རྒྱུད་ཀྱི་དབང་དུ་བྱས་པའོ། །རྣལ་འབྱོར་མ་རྣམས་ཀྱང་ཕག་མོར་འདུས་ལ། དེ་ཡང་ལྟེ་བའི་ཐིག་ལེ་ལ་བཤད་པས་གཏུམ་མོ་ཨ་ཐུང་དུ་འདུས་པས། སྤྲུལ་པའི་འཁོར་ལོའི་པདྨའི་ལྟེ་བར་ཨ་གནས་པ་དེར་སྦྱར་བ་སྟེ་དེར་འདུས་པའོ། །རྐང་པ་དེ་གཉིས་ཀྱི་བཤད་པ་འགྲེལ་པ་གཉིས་སུ་མི་གསལ་ཡང༌། དེའི་དོན་དཀའ་རྒྱལ་གྱིས་བཤད་པ་ལྟར་བྱས་ཏེ། ལྟེ་བར་གཏུམ་མོའི་ཨ་ཐུང་སྒོམ་པའོ། །ལྭ་བ་པས། རྣམ་པར་རྟོག་པའི་སྡིག་བ་སྐྱོད་པས་ན། ཨ་ཝ་དྷཱུ་ཏཱི་སྟེ་ཞེས་གསུངས་པ་ལ། ཨ་ཝ་ནི་རྣམ་རྟོག་གི་སྡིག་གོ། དྷཱུ་ནོ་ཏཱི་ནི་སྡིག་པ་དེ་བསྐྱོད་པའམ་སེལ་བར་བྱེད་པ་སྟེ། མེ་འབར་བའི་གཟུགས་ཅན་ཡིན་ལ། མེ་དེའི་བདག་པོ་རྩ་ལ་ཡང་ཨ་བ་དྷཱུ་ཏཱི་ཞེས་བརྗོད་དོ། །དྷཱུ་ཏཱི་དེའི་གནས་ནི་དེ་ལ་གནས་པ་སྟེ་དེ་ལ་བརྟེན་པའོ། །དེའི་སྦྱོར་བ་ཡིས་རྣལ་འབྱོར་པ་ལ་ཡང་དྷཱུ་ཏཱིའི་གནས་ཞེས་བྱའོ། །དྷཱུ་ཏཱིའི་གནས་གང་དུ་ཞེ་ན། སྨིན་མ་གཡས་གཡོན་གཉིས་


JLD008_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུའོ། །དེར་ངེས་པར་བཞག་པ་ནི། ཟླ་བ་ལྟ་བུའི་ཐིག་ལེ་དབུ་མའི་ནང་དུ་སེམས་པའོ། །ཟླ་བ་དེ་དང་རྩ་འཁོར་གྱི་མཐའི་པདྨའི་དབུས་སུ་སྟེ་བར་དུ་རྩ་འདབ་བཅུ་དྲུག་གིས་བསྐོར་བ་སྟེ། ཇི་སྐད་དུ། སྨིན་མཚམས་ཟླ་བའི་པད་མར་ནི། །བཅུ་དྲུག་ཆ་ཡིས་ཡོངས་སུ་བསྐོར། །ཐབས་དང་ཤེས་རབ་ཀུན་སྦྱོར་བས། །ཁ་སྦྱར་ཞེས་ནི་མངོན་པར་བརྗོད། །དང་པོའི་དབྱངས་ཡིག་ཡང་དག་ལྡན། །བསམས་ན་མྱུར་དུ་འབར་བར་འགྱུར། །ཞེས་གསུངས་སོ། ། ཐབས་དང་ཞེས་པ་གཉིས་ཀྱི་དོན་ནི། ཟླ་བ་ལྟ་བུའི་ཐིག་ལེ་ཐབས་དང༌། ལྟེ་བའི་ཨ་ཡིག་ཤེས་རབ་གཉིས་འབར་འཛག་ཏུ་སྦྱོར་བས་ཁ་སྦྱར་དུ་བརྗོད་པའོ། །དང་པོ་ཞེས་པ་གཉིས་ཀྱིས་ནི་ལྟེ་བའི་གཏུམ་མོ་བསྒོམས་ན་འབར་བའོ། །སྨིན་དབུས་ཀྱི་དྷཱུ་ཏཱིའི་ཡར་སྣ་རྫོགས་མཚམས་ཀྱིས་ནི། དྲིལ་བུ་པས་གསུངས་པའི་ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་རྩ་རྒྱུད་ཀྱི་གང་དུ་སྦས་པ་ཡང་ཤེས་པར་བྱའོ། །ལྟེ་བའི་ཨ་ཐུང་ལས་གྱེན་དུ་ལངས་པ་སྟེ་འབར་བའི་མེ་ནི། དཔའ་བོ་འཆོལ་བ་སྟེ་འཇིགས་སུ་རུང་བའི་ཞལ་ལོ། །དེར་བསྲེག་བྱ་ལྔ་སྲེག་པ་ནི། དེ་བཞིན་གཤེགས་པ་ལྔ་དག་པའི་གཽ་མཾ་སས་མཚོན་པའི་ཤ་ལྔས་དབང་པོ་ལྔ་དང༌། རུ་དྷི་རས་མཚོན་པའི་བདུད་རྩི་ལྔས་ཁམས་ལྔའི་རྟོག་པ་རྣམས་སྲེག་པའོ། །ལྔ་པོ་དེ་རེ་རེའི་རྟོག་པ་ལ་ཕུང་པོ་ལྔ་དང་ཁམས་བཞིའི་རྟོག་པས་བསྒྱུར་བས་དགུ་ཚན་ལྔ་སྲེག་པ་ནི་བསྲེག་བླུགས་དགུ་སྦྱིན་པའོ། །དེ་ནས་འབར་ཕྲེང་རྒྱ་མཚོར་ནི། ཞེས་པ་ནི་གཏུམ་མོ་རབ་ཏུ་འབར་བ་དང་ལྡན་པས་རྣམ་རྟོག་བསྲེགས་པའོ། །ཀུན་ནས་སྒོ་


JLD008_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འཁོར་ལོ་བསམ། ཞེས་པ་ནི་བསྲེགས་པ་དེར་སྔགས་པས་འཁོར་ལོ་བསམ་མོ། །འཁོར་ལོ་དེ་ཇི་ལྟ་བུ་ཞིག་ཅེ་ན། ཁམས་གསུམ་མ་ལུས་པ་ཀུན་གྱི་སྒོར་གྱུར་པའི་དཀྱིལ་འཁོར་ཏེ། རང་བྱུང་ལྷག་པའི་ལྷ་ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་གང་དུ་འཇུག་པའི་སྒོ་འོད་གསལ་དེ་ནས་སྒྱུ་མའི་སྐུའི་ལྷག་པའི་ལྷར་ལྡང་བ་བསྟན་ཏོ། །རང་གི་ལྷག་པའི་ལྷ་དེའི་རྣལ་འབྱོར་གྱིས་གནས་པའི་ཚུལ་ནི། དཔའ་བོའི་དབང་པོ་ཞེས་སོགས་རྐང་པ་ལྔས་སྟོན་ཏེ། སྒྱུ་མའི་སྐུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བཞེངས་པའོ། །གཉིས་པ་ནི། འཁོར་ལོ་འདི་དག་ཅེས་པའི་རྐང་པ་གཉིས་ཀྱིས་སྟོན་པ་ལ། འཁོར་ལོ་འདི་དག་བསྟན་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། ཞེས་བཏོན་ནས་འཆད་དེ། ཡེ་ཤེས་སེམས་དཔའི་ཐུགས་ཀར་དཀྱིལ་འཁོར་གྱི་འཁོར་ལོ་འདི་དག་རིག་པ་རྒྱ་མཚོ་ལས་བསྟན་པ་དེ་བཞིན་དུ་སྒོམ་པ་ནི། དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་པ་ཡིན་ནོ། །འཁོར་ལོ་སྒོམ་ཚུལ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་དཀར་པོ་ལ་རིགས་གང་ཡིན་གྱི་མཚན་མ་ཕྱག་མཚན་དང༌། དེའི་དབུས་སུ་རིགས་སོ་སོའི་ས་བོན་གྱི་ཡི་གེ་དང༌། དེའི་ཐིག་ལེའི་ནང་དུ་སོ་སོའི་ས་བོན་ཧཱུཾ་ལ་སོགས་པ་ལས་གྱུར་པའི་དཀྱིལ་འཁོར་བདེ་ཆེན་གྱི་རང་བཞིན་རྡུལ་ཕྲ་མོ་ཙམ་དུ་བསྡུས་པ་ལས་འཕྲོས་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བ་ལས། སྣ་ཚོགས་པའི་སངས་རྒྱས་ཀྱི་སྐུ་འཕྲོས་པས་སེམས་ཅན་ཐམས་ཅད་རྡོ་རྗེ་མཁའ་


JLD008_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དམ་ཚིག་གིས་བྱིན་གྱིས་བརླབས་པར་བསམས་ལ། རླུང་བུམ་པ་ཅན་གྱིས་སེམས་ཤིན་ཏུ་བརྟན་པར་བྱེད་པ་ཞག་བདུན་དུ་བསྒོམས་པ་ན། འདར་བ་དང་བསྐྱོད་པ་དང༌། འབེབས་པ་དང་གཡོ་བ་དང༌། འབར་བར་མངོན་སུམ་དུ་མཐོང་བར་འགྱུར་བ་ལ་ཐེ་ཚོམ་མི་བྱའོ། །ཡེ་ཤེས་སེམས་དཔའ་གང་དུ་སྒོམ་མི་གསལ་ཡང་ལུགས་དེའི་མན་ངག་ཡོད་པ་རྣམས་སྙིང་ཁར་སྒོམ་པར་འདོད་པ་ལྟར་སྙིང་ཁའི་དྷཱུ་ཏཱིའི་ནང་དུ་བསྒོམ་ཞིང༌། བུམ་པ་ཅན་ཡང་སྙིང་ཁར་བྱའོ། །དེ་ལྟར་ན་སྤྱི་བོ་དང་ལྟེ་བའི་དྷཱུ་ཏཱིའི་ནང་དུ་ཐིག་ལེ་དཀར་པོ་དང་དམར་པོའི་ངོ་བོ་ཨ་ཡིག་སྒོམ་པའི་ཐིག་ལེ་གཉིས་ཀྱིས། གནས་དེར་སྲོག་དྷཱུ་ཏཱིར་བསྡུས་པ་ལས་རྣམ་རྟོག་སྲེག་པའི་ངེས་དོན་གྱིས་སྦྱིན་སྲེག་འོད་གསལ་དུ་ཞུགས་པ་དང༌། དེ་ལས་སྒྱུ་མའི་སྐུར་ལྡང་བ་བསྟན་ཞིང༌། ཡང་སྙིང་ཁའི་དྷཱུ་ཏཱིའི་ནང་དུ་ཕྲ་མོའི་རྣལ་འབྱོར་རླུང་སྦྱོར་དང་སྦྲགས་པ་སྒོམ་པ་རིག་པ་རྒྱ་མཚོའི་རྒྱུད་ཀྱི་ལེའུ་དང་པོ་ལས་གསུངས་པ། ལྭ་བའི་ན་བཟའ་ཅན་གྱིས་བཀོད་པ་ཤིན་ཏུ་ཟབ་པ་གཉིས་སོ། །ཁ་སྦྱོར་ལས་ཀྱང་སྦྱིན་སྲེག་གི་ངེས་དོན་རྒྱས་པར་བཤད་པ་ནི་གཞན་དུ་སྦྱར་ཟིན་ཏོ། །གཉིས་པ་ནི། རིག་པ་རྒྱ་མཚོ་ཞེས་པའི་རྒྱུད་ཆེན་པོའི་ལེའུ་དང་པོ་ལས་འཁོར་ལོ་བསྟན་པ་ཇི་ལྟ་བ་བཞིན་དུ། དཔའ་བོ་ཧེ་རུ་ཀས་འདིར་ཡང་མདོར་བསྡུས་ཏེ་གསུངས་པ་ཡིན་པས་ཐེ་ཚོམ་མི་བྱའོ། །ལང་ཀས་ཀྱེ་དཔའ་བོ་ཞེས་བོད་པའི་དོན་དུ་འཆད་མོད་ཀྱང༌། ལྭ་བ་པ་སོགས་ཀྱི་འགྲེལ་བ་རྣམས་ཀྱི་དགོངས་པས་དཔའ་བོ་ཞེས་འཆད་པ་ལྟར་ལེགས་སོ། ཕོ་ཉ་མོ་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་བའི་


JLD008_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཅན། ཤིན་ཏུ་རྙེད་པར་དཀའ་བའི་སྔགས་ཀྱི་གཞུང་རྙེད་ནས། བཟླས་བརྗོད་དང་སྒོམ་པ་ལ་བརྩོན་པ་དེས་ནི་དངོས་གྲུབ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །བྷ་བས་ཕོ་ཉ་མོ་དང་སྙོམས་པར་ཞུགས་པ་ལས་སྦྱིན་སྲེག་བྱའོ་ཞེས་འཆད་པ་ནི། ལེའུའི་མཚན་གྱི་སྐབས་དང་མཐུན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཕོ་ཉ་མོ་དང་གཉིས་སུ་མེད་པའི་སྦྱིན་སྲེག་ཅེས་པའི་ཚིག་སྔ་མའི་དོན་ནི། དཀའ་རྒྱལ་གྱིས་ཕོ་ཉ་མོ་རྣལ་འབྱོར་མ་ཐམས་ཅད་འདུས་པའི་ཨ་ཐུང་ལྟེ་བར་སྒོམ་པ་ལ་བཤད་ཅིང༌། ཚིག་ཕྱི་མའི་དོན་ནི་སྦྱིན་སྲེག་གི་ངེས་དོན་ལ་བཤད་དེ། ངེས་དོན་གྱི་སྟེང་ནས་ཡིན་ལ། དྲང་དོན་ལྟར་ན་ཕོ་ཉ་མོ་དང་སྦྱོར་བཞིན་དུ་སྦྱིན་སྲེག་བྱེད་པ་བྷ་བ་བཞིན་དུ་བཤད་དོ། །དེ་འདྲ་བའི་དྲང་ངེས་གཉིས་ཀྱི་སྦྱིན་སྲེག་གི་ལས་ཀྱི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་བཞི་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་བཞི་པའི་བཤད་པའོ།། ༈ །།གཉིས་པ་ཆོས་ཀྱི་ཕྱག་རྒྱ་སྟོན་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། ལེའུ་སོ་བཞི་པ་བཤད་པ་དེ་ནས་ལས་རྣམས་ཀྱི་རབ་ཀྱི་མཆོག་སྒྲུབ་པ་བཤད་པར་བྱའོ། །ཞེས་སྦྱར་རོ། །ལས་སྒྲུབ་པ་དེ་ཇི་ལྟ་བུ་ཞེ་ན། བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་གྱིས་གཞུང་ལུགས་མ་ཉམས་པ་ཇི་ལྟ་བ་


JLD008_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མཚོན་པ་སྟེ་ཤེས་པར་བྱེད་པའོ། །དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མཆོད་པ་ལ་སྦྱོར་བའི་བདག་ཉིད་ཀྱི་སྔགས་པས་ཞི་བ་ལ་སོགས་པའི་ལས་སོ་སོ་བསྒྲུབ་ཚུལ་གྱི་ལས་ན་སོ་སོར་སྦྱར་བར་བྱ་སྟེ། ལས་གང་དག་རབ་ཏུ་སྒྲུབ་པའམ་འགྲུབ་པར་བྱེད་པའི་སྔགས་དེའི་རབ་ཏུ་དབྱེ་པ་སྟེ། ལས་སོ་སོས་ཕྱེ་བ་རྣམས་རིམ་པ་བཞིན་དུ་བཤད་པར་བྱའོ། །གཉིས་པ་ལ་གཉིས། དྲང་བའི་དོན་དུ་བཤད་པ་དང༌། ངེས་པའི་དོན་དུ་བཤད་པའོ། །དང་པོ་ལ་གཉིས། བཟླས་པ་བྱེད་ཚུལ་དང༌། དུམ་སྐྱེས་མས་ལས་སྒྲུབ་ཚུལ་ལོ། །དང་པོ་ནི། ཝརྞ་ཞེས་པ་ཁ་ཅིག་གིས་ཁ་དོག་དང༌། ཁ་ཅིག་གིས་ཡི་གེ་དང༌། ཁ་ཅིག་གིས་རིགས་སུ་བསྒྱུར་བ་ལས། འདིར་ཡི་གེར་བསྒྱུར་བ་གཟུང་སྟེ། རྡོ་རྗེ་མཁའ་འགྲོར་ཡི་གེ་ཞེས་འབྱུང་བ་ལ་འགྲེལ་པས་ཀྱང་ཡི་གེའི་བཤད་པ་བྱས་ལ། ལྭ་བ་པས་ཀྱང་ཡི་གེའི་བཤད་པ་མཛད་པའི་ཕྱིར་རོ། །དེ་ལྟར་ན་ཡི་གེ་ནི་དབྱངས་བཅུ་དྲུག་དང༌། གསལ་བྱེད་སོ་གསུམ་མོ། །ཕོ་ཉ་ནི་རྩའི་རང་བཞིན་གྱི་རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མའོ། །སོགས་ཀྱིས་ནི་དཔའ་བོ་ཉེར་བཞི་གཟུང་སྟེ། དེ་རྣམས་ཀྱི་སྔགས་སོ། །བཤད་སྦྱར་ལས། སོགས་ཀྱིས་གཙོ་བོ་ཡབ་ཡུམ་ཡང་གཟུང་བ་དང༌། དེ་གཉིས་ཀྱི་སྔགས་ཀྱང་གཟུང་བར་བཤད་པ་བཞིན་དུ་བྱ་སྟེ། སྔགས་དེ་རྣམས་ལས་སོ་སོའི་དབྱེ་བ་ཤེས་པས་བཟླས་པར་བྱའོ། །བཟླས་པའི་དམིགས་པ་ནི། ཇི་ལྟར་གཞུ་བཀང་སྟེ་མདའ་རྒྱང་འཕངས་པའི་ཤུགས་ཀྱིས་མྱུར་དུ་འཇུག་པ་བཞིན་དུ། གང་གི་ཚེ་གདུག་པ་ཚར་གཅོད་པའི་ཆོ་ག་རྩོམ་པ་དེའི་ཚེ།


JLD008_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སྲད་བུ་ལེགས་པར་བསྒྲིལ་བ་བཞིན་དུ་གསང་སྔགས་ཀྱི་ཡི་གེ་ཕན་ཚུན་གཅིག་ལ་གཅིག་མདུད་པ་སྟེ་སྦྱར་ཏེ། ཡབ་ཡུམ་གཉིས་ཀའི་ཞལ་ནས་ཅིག་ཅར་འབྱུང་བ་ཟོ་ཆུན་གྱི་བུམ་པ་ལྟ་བུར་ཡོངས་སུ་འཁོར་བ་བསམ་པར་བྱའོ། །ཞི་བ་ལ་རང་གི་ཁའི་ནང་གི་ཡུལ་ནས་འཇུག་པ་ཉིད་ཀྱིས་ཏེ་ཞུགས་པའི་སྔགས་ཀྱི་ཡི་གེ་ལུ་གུ་རྒྱུད་ཀྱི་ཕྲེང་བའི་ཚུལ་ཅན། རྡོ་རྗེ་ལམ་ནས་བྱུང་བ་སླར་ཡང་ལྷ་མོའི་པདྨར་ཆུད་པར་བྱ་སྟེ། ལྷ་མོའི་ཁ་ནས་རང་གི་ཁར་འཇུག་པའི་རིམ་པས་ཡི་གེ་རྣམས་ལྷོད་ལ་དྲག་ཅིང་རྩུབ་པ་མ་ཡིན་པར་འཁོར་བས་རབ་ཏུ་ཕྱེ་བའོ། །དྲག་པོ་ལ་ནི་རང་གི་ཁ་ནས་ཡུམ་གྱི་ཁར་འཇུག་པའི་ཚུལ་གྱིས་བྱ་བ་སྟེ་ཁྱད་པར་ནི་དེ་ཙམ་མོ། །འདིར། ཞི་བ་ལ་ནི་ལྷོད་པ་སྟེ། དྲག་ཅིང་རྩུབ་པ་མ་ཡིན་ནོ། །ཞེས་པའི་རྐང་པ་གཉིས་འགྲེལ་པ་མང་པོ་ལས་འབྱུང་བ་བཞིན་དུ། འགྱུར་གཞན་ལས་ཀྱང་འབྱུང་ངོ༌། །ཚིག་རྐང་པ་གཉིས་པོ་དེ་པཎྜི་ཏ་སྔ་མ་རྣམས་ཀྱི་དཔེ་ལ་ཡོད་ལ། སུ་མ་ཏིའི་དཔེ་ལ་མེད་ཅེས་མལ་གྱི་ལུགས་འཛིན་པ་དག་ཟེར་རོ། །རྒྱས་པ་ལ་ནི་ས་བོན་ཏེ་སྔགས་ཀྱི་ཡི་གེའི་ཕྲེང་བས་གཟུང་བ་སྟེ་ཕན་ཚུན་གཅིག་ལ་གཅིག་སྦྲེལ་བའི་ཚུལ་གྱིས་བཟླའོ། ། དེ་ནས་ནི་ཡི་གེ་སྔ་མའི་རྗེས་དེ་ནས་ཡི་གེ་ཕྱི་མ་ལ་དམ་པོར་སྦྲེལ་བའོ། །འདི་བྷ་བས་རྒྱས་པ་ལ་སྦྱར་རོ། །དབང་ལ་གསལ་བར་མ་བྱུང་ཡང༌། མལ་གྱི་ལུགས་འཛིན་པ་དག་ལྕགས་སྒྲོག་གི་རྣམ་པ་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་འཁོར་བར་འདོད་དོ། །ལས་སོ་སོ་ལ་སྔགས་ཀྱི་ཁ་དོག་


JLD008_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་སོགས་སོ་སོར་བྱའོ། །དྲག་པོ་ལ་ནི་ཧཱུཾ་ནི་བསྒྲུབ་བྱའི་མིང་གི་ཐོག་མ་དང་མཐའ་རུ་གནས་པར་བྱ་བ་ཡིན་ཏེ། ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཞེས་པ་ཧཱུཾ་ཧཱུཾ་ཕཊ་ཀྱི་སྔོན་དུ་སྦྱར་བར་བྱའོ། །དེ་ལྟར་བྱས་པས་བསྒྲུབ་བྱ་ནི་གོམ་པ་གཅིག་ཀྱང་འགྲོ་བའི་ལོང་མེད་པར་འགོག་པ་སྟེ་འཆི་བར་འགྱུར་རོ། །ཁ་སྦྱར་སྦྱར་བར་གྱུར་པ་ནི་ཞི་བ་ལ། ཨོཾ་ལྷ་སྦྱིན་སྭཱ་ཧཱ། ཨོཾ་ཞེས། ཨོཾ་གཉིས་ཁ་སྦྱར་བའོ། །དྲག་པོའི་ལས་ལ་ནི་བསྒྲུབ་བྱའི་མིང་གི་ཐོག་མཐར་རྡོ་རྗེ་སྟེ་ཧཱུཾ་ཁ་སྦྱར་བྱིན་ནས་ལུ་གུ་རྒྱུད་དེ་ལྕགས་སྒྲོག་བཅིངས་པ་ལྟ་བུས། རྡོ་རྗེ་སྟེ་ཧཱུཾ་གིས་དབྱེ་བ་སྟེ་གཞོམ་པ་ཉིད་བྱའོ། །དེ་བཞིན་དུ་བུང་བའི་སྐད་དོད་པ་ཙྪི་ཀ་ཞེས་པ་འགྲེལ་པ་གསུམ་དུ། སྒྲོའི་ཆུན་པོར་བསྒྱུར་བ་བཤད་པ་ཡང་དེ་ལ་མཛད་པས། ཇི་ལྟར་རྨ་བྱའི་སྒྲོའི་ཆུན་པོས་བསྐོར་བ་ན་བར་མཚམས་མི་སྣང་བ་བཞིན་དུ། སྔགས་ཞལ་ནས་ཞལ་དུ་འཁོར་བ་ནའང་བར་མེད་པར་འཁོར་བར་བསམ་པར་བྱའོ། །གཉིས་པ་ནི། གང་གི་ཚེ་བསྒྲུབ་བྱ་དགུག་པར་འདོད་ན། ཛ་ཆེ་གེ་མོ་ཨཱ་ཀརྵ་ཡ་ཛཿ ཞེས་སྤེལ་ཏེ་དུམ་སྐྱེས་མ་ལྕགས་ཀྱུ་ཐོགས་པ་ཉིད་ཀྱིས་བསྒྲུབ་བྱ་དགུག་པར་བྱའོ། །གང་གི་ཚེ་གཞན་གྱི་དཔུང་ལ་སོགས་པ་དཀྲུག་ཅིང་བསྐྱོད་པར་འདོད་པ་དེའི་ཚེ། ཧཱུཾ་ཆེ་གེ་མོ་ཀྵོ་བྷ་ཡ་ཧཱུཾ་ཞེས་ཟློས་ཤིང༌། དུམ་སྐྱེས་མ་ཕྱག་ཏུ་གཏུན་ཤིང་བསྣམས་པས་དཔུང་ལ་སོགས་པ་ཐམས་ཅད་དཀྲུག་པར་བྱའོ། །དེ་བཞིན་ནི་འགུགས་པ་དུམ་སྐྱེས་མས་བྱེད་པ་དེ་བཞིན་དུ་ཞེས་པའི་དོན་ནོ། །ཕཊ་ཆེ་གེ་མོ་བྷཀྵ་ཡཾ་ཞེས་བཟླས་ལ། དུམ་སྐྱེས་མ་ཕྱག་ན་རྡོ་རྗེ་བསྣམས་པ་ཉིད་ཀྱིས་འདེབས་


JLD008_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཟ་བར་བཤད་དོ། །རྡོ་རྗེ་ཡིས་ནི་བཟའ་བར་བྱ། ཞེས་འགྲེལ་པ་རྣམས་ལས་འབྱུང་ངོ༌། །གཞན་གྱི་ལུས་དབུག་པར་བྱ་བ་འབིགས་ཤིང་འདར་བར་བྱ་བ་ལ་ནི། ཕཊ་ཆེ་གེ་མོ་བེ་དྷ་ནཾ་ཕཊ་ཅེས་ཟློ་ཞིང༌། དུམ་སྐྱེས་མ་མདའ་བསྣམས་པ་ནི་སྦྱར་བར་བྱའོ། །དུས་མིན་པའི་འཆི་བ་ལས་རྒྱལ་བར་བྱ་བ་ལ། དུམ་སྐྱེས་མ་དཀར་མོ་ཡན་ལག་སྟེ་ཕྱག་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ། ཧཱུཾ་དཀར་པོ་ལས་བདུད་རྩིའི་རྒྱུན་སྟོང་ཕྲག་འཛག་པ་བསམས་ལ། ཧཱུཾ་ཆེ་གེ་མོ་ཛྲ་བི་ཡཱ་ཧཱུཾ་ཞེས་བཟླའོ། །དུམ་སྐྱེས་མས་ལས་སྒྲུབ་པ་ཐམས་ཅད་ལ་ཐོག་མར་ཐོད་པའི་སྣོད་དུ་བདུད་རྩི་ལྔས་བཀང་བས་དུམ་སྐྱེས་མའི་ཞལ་དུ་མཆོད་ཡོན་ཕུལ་ལ། དེའི་འོག་ཏུ་མཚོན་ཆ་སྟེ་ལྕགས་ཀྱུ་ལ་སོགས་པའི་མཚོན་ཆས་བསྒྲུབ་བྱའི་ཡན་ལག་ལ་སྦྱར་བར་བྱའོ་ཞེས་འཆད་དོ། །ཁ་སྦྱར་ཞེས་པ་ནས་ངེས་པར་སྦྱར་ཞེས་པའི་བར་དབུག་ལ་ཞེས་པའི་རྐང་པ་གཅིག་མ་གཏོགས་པ། རྒྱུ་རྡོ་རྗེ་འཛིན་པ་ཧེ་རུ་ཀ་ལ་ནག་པོ་སྤྱོད་པས་སྦྱར་བ་ཡང་ཡོད་དོ། །གཉིས་པ་ནི། མདའི་ཤུགས་ཀྱིས་ཞེས་པ་ནས་འདེབས་པར་བཤད། ཅེས་པའི་བར་ལ། ལྭ་བ་པས་ངེས་དོན་གྱི་བཤད་པ་མཛད་པ་ནི། མདའ་ནི་རླུང་ཡིན་ལ་དེའི་ཤུགས་ཀྱིས་འགྲོ་བ་དང་འོང་བ་བྱེད་པ་ནི་ཡོངས་སུ་འཁོར་བའོ། །དེ་ཡང་ཕན་ཚུན་ཏེ་ཕར་འགྲོ་བ་དང་ཚུར་འོང་བ་ན་དབྱངས་གསལ་གྱི་སྔགས་ཀྱིས་མདུད་པ་སྟེ་འདུས་པའམ་སྦྱོར་བའོ། །དབྱངས་གསལ་དེ་རྣམས་ལྟེ་བ་དང༌། སྙིང་ཁ་དང་མགྲིན་པ་དང་སྤྱི་བོའི་


JLD008_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཉིད་ཀྱིས་ནི་ཕྱེ་བ་སྟེ། འཁོར་ལོ་བཞི་རྣམས་སུ་བཀོད་པའོ། །འཁོར་ལོ་བཞི་ལ་ཡི་གེ་བཀོད་པ་དེ་ནས་རྩ་གཡས་གཡོན་གཉིས་ལ། ས་བོན་ཏེ་དབྱངས་གསལ་གྱི་ཕྲེང་བས་ཟིན་པར་བྱ་སྟེ། རྡོ་རྗེ་མཁའ་འགྲོ་ལས། གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དབྱངས་ཡིག་བཅུ་གཉིས་སྟེང་བལྟས་བྲི། །ཀ་སོགས་འོག་ཏུ་བལྟས་པ་ནི། །ངོས་གཉིས་དག་ཏུ་སྤེལ་བ་སྟེ། །དབུས་སུ་དེས་ནི་སྦྱར་བར་བྱ། ཞེས་གསུངས་སོ། །གཡོན་དང་ཞེས་པའི་རྐང་པ་བཞིའི་དོན་ནི། རྩ་གཉིས་ཀ་ལས་རླུང་ཕྱིར་རྒྱུ་བ་ན་དབྱངས་ཡིག་བཅུ་གཉིས་ཀྱི་སྐུད་པར་རྒྱུ་ཞིང༌། དབྱངས་ཀྱི་སྐུད་པ་དེ་ཉིད་ལ་དེའི་རྗེས་སུ་འཇུག་པ་ཡིན་པས། ཀ་ལ་སོགས་པའི་ཕྲེང་བ་ནི་ཀ་ལ་སོགས་པ་དང་སྤེལ་བའོ། །སྣ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པའི་ཚེ་དབྱངས་གསལ་གྱི་ཕྲེང་བ་ཁ་འོག་ཏུ་བལྟས་པར་བྲི་སྟེ། དེས་ན་རླུང་ཕྱིར་རྒྱུ་བ་ལ་ནི་དེ་དག་སྟེང་དུ་བལྟ་བ་དང༌། ནང་དུ་འཇུག་པ་ལ་ནི་འོག་ཏུ་བལྟ་བར་ཤེས་པར་བྱའོ། །ཞེས་འགྲེལ་པར་འཆད་དོ། །རྐང་པ་ཐ་མའི་དོན་ནི་ལྭ་བ་པས། དེའི་དབུས་སུ་ཆུད་པར་བྱའོ་ཞེས་གསུངས་པ་ཡིན་ལ། དེ་ཡང་དབུས་མར་གཡས་གཡོན་གྱི་རླུང་ཆུད་པར་བྱེད་པའི་དོན་ནོ། །མཐར་རུ་སྟེ་གནས་གང་དུ་ཡི་གེ་ཧཱུཾ་གནས་པ་དེ་རུ་དགུག་ཅིང་གཞུག་པར་བྱ་བ་ཡིན་ཏེ། དེ་ཡང་སྔར་འཁོར་ལོ་བཞི་ལ་ཡི་གེ་དགོད་པར་བཤད་པའི་ཧཱུཾ་ཡིག་གི་སྙིང་ཁར་བཀོད་པ་དེར་རླུང་སེམས་རྣམས་འགུགས་པའོ། །འགོག་པར་འགྱུར་བ་ཞེས་པ་ནི། རྒྱུ་བ་གཉིས་རྣམ་པར་བཅིངས་པའོ། །ཞེས་གསུངས་


JLD008_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དཀའ་རྒྱལ་གྱིས་འགོག་པ་ནི་འགྲོ་བ་དང་འོང་བ་རེངས་པའོ། ཞེས་རླུང་འགྲོ་འོང་བྱེད་མི་ནུས་པ་ལ་བཤད་པ་ལྟར་ཡིན་ལ་དེ་ཡང་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་གྱི་སྟོབས་ཀྱིས་བྱེད་དེ། འདིའི་ལུས་ལ་གནད་དུ་བསྣུན་པ་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ལྟར་རླུང་གཉིས་བཅིངས་པ་ལས་བསྒྲུབ་བྱ་སྟེ་དངོས་གྲུབ་ཏུ་འགྱུར་བ་སྟེ། རྟེན་དེ་དམིགས་པ་མེད་པ་ཟག་པ་མེད་པ་བདེ་བ་ཆེན་པོའི་རང་བཞིན་དུ་འགྱུར་བའོ། །གོམ་པ་གཅིག་ཀྱང་མི་འགྲོའོ་ཞེས་པ་ནི། རླུང་གི་དབང་གིས་བགྲོད་པར་བྱ་བའི་ཡུལ་མེད་པ་སྟེ། ཀུན་རྟོག་གཡོ་བའི་རླུང་ཐིམ་པའི་དབང་གིས། འོད་གསལ་གྱི་རླུང་དེ་དང་སེམས་དེ་ཉིད་རང་བཞིན་གྱིས་རོ་གཅིག་ཏུ་གྱུར་པའི་ཕྱིར་རོ། །ཁ་སྦྱར་ནི། ཁ་སྦྱར་བར་གྱུར་པ་ནི། །ཟླ་བ་ཉི་མར་རྣམ་པར་བཤད། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །སྟེང་གི་སྒོ་རུ་རྟག་གནས་པའི། །སྣང་བྱེད་འབར་བའི་ཕྲེང་བ་ཅན། ཞེས་གསུངས་པའོ། །དེའི་དོན་ནི། ཟླ་བར་བཤད་པ་དབུ་མའི་གཡོན་ངོས་སུ་གནས་པའི་རྐྱང་མ་དང༌། ཉི་མར་བཤད་པ་གཡས་ངོས་སུ་གནས་པའི་རོ་མ་གཉིས་འཁོར་ལོ་སོ་སོའི་ཐད་དུ་དབུ་མ་ལ། རྡོ་རྗེ་ལུ་གུ་རྒྱུད་དེ་ལྕགས་སྒྲོག་ལྟར་འཁྲིལ་བའི་ཁ་སྦྱར་རོ། །སྦྱར་བར་གྱུར་པ་ནི་དེ་གཉིས་ཀྱི་རླུང་དྷཱུ་ཏཱིར་བཅིངས་པའོ། །ལྟེ་བར་སྟེང་གི་སྒོར་ཏེ་ཁ་གྱེན་དུ་ཕྱོགས་ཏེ་རྟག་ཏུ་གནས་པའི་སྣང་བྱེད་དམ། ཉིན་བྱེད་འོད་ཟེར་འབར་བའི་ཕྲེང་བ་ཅན། གཏུམ་མོ་སྤྱི་གཙུག་ཏུ་རྣམ་པར་


JLD008_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས་བྱང་སེམས་ཕབ་པའི་རྒྱུན་གྱིས་མཆོག་ཏུ་དགའ་བ་ལ་སྦྱོར་བས་སོ། །ཡང་ལས་རྒྱ་དང་སྦྱོར་བ་ལ་བཤད་པ་ནི། རྡོ་རྗེ་མཁའ་འགྲོ་ལས། ཤེས་རབ་ཐབས་ཀྱི་མཉམ་སྦྱོར་གྱིས། །ཁ་སྦྱོར་ཞེས་བྱར་བརྗོད་པ་ཡིན། །ལག་གཉིས་ཀུན་ཏུ་འཁྱུད་པ་ནི། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད། ཅེས་གསུངས་པ་ལྟར་རོ། །ཐབས་ཀྱི་རྡོ་རྗེ་ཤེས་རབ་ཀྱི་པདྨ་དབྱེ་བ་ཉིད་དང༌། དེ་བཞིན་དུ་ཕྱེ་ནས་པདྨའི་ནང་དུ་བུང་པ་ལྟར་འཁོར་བ་སྟེ་བསྐྱོད་པར་བྱའོ། །ཞགས་པ་སྟེ་རྡོ་རྗེ་པདྨར་བཅུག་པའི་འདོད་པ་ལ་ཆགས་པའི་ལྕགས་ཀྱུས་དེ་བཞིན་གཤེགས་པ་སྟེ། བྱང་ཆུབ་ཀྱི་སེམས་ཐམས་ཅད་དགུག་པར་བྱ་ལ། གཏུན་ཤིང་སྟེ་རྡོ་རྗེས་རྩ་ཐམས་ཅད་དཀྲུག་པར་བྱའོ། །རྡོ་རྗེས་འདེབས་པའམ་བཟའ་བ་ནི། དེ་བཞིན་གཤེགས་པ་སྟེ་བྱང་སེམས་རྡོ་རྗེའི་རྩེར་འདུས་པ་ལ་ལོངས་སྤྱོད་པའོ། །དེ་ཡང་ལྭ་བ་པའི་འགྲེལ་པར་དྲངས་པ་ལས། རྡོ་རྗེས་པདྨ་ཕྱེ་བ་ནི། །སྒྲོ་ཆུན་སྦྲང་རྩིར་བྱེད་པར་བཤད། །བསྐོར་བ་འདིར་ནི་བསྐྱོད་པའོ། །བདེ་དང་དགའ་བའི་རང་བཞིན་གྱིས། །ཞགས་པ་པདྨར་བཅུག་པ་སྟེ། །འདོད་ལ་ཆགས་པའི་ལྕགས་ཀྱུ་ཡིས། ། དེ་བཞིན་གཤེགས་པ་ཐམས་ཅད་དགུག །མི་འཁྲུག་འཁྲུག་བྱེད་རྡོ་རྗེ་སྟེ། །དེ་ནི་གཏུན་ཤིང་རབ་ཏུ་གྲགས། །བཟའ་བ་རྡོ་རྗེ་འདེབས་པ་ལ། །དེ་བཞིན་གཤེགས་པ་འདུས་པའོ། །ཞེས་གསུངས་ཏེ་རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་འཁོར་ལོ་བཞིའི་གཏུམ་མོ་དང༌། ལས་རྒྱའི་རྫོགས་རིམ་བསྟན་པའོ། །བླ་མ་སྔ་མ་རྣམས་ཀྱིས་ཀྱང་ལེའུ་འདི་ངེས་དོན་དུ་བཤད་པ་ལ། རིམ་པ་བཞི་


JLD008_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རིམ་པ་བཞི་ཀ་འཆད་ཅིང༌། རྩ་གནས་སུ་ཡི་གེ་བཀོད་པ་ལ་ཆོས་ཀྱི་ཕྱག་རྒྱར་བྱས་ནས། དེ་སྒོམ་པ་ལ་ཆོས་ཀྱི་ཕྱག་རྒྱ་སྒོམ་པར་འཆད་དོ། །འོན་ཀྱང་ཆོས་རྒྱ་ནི་ཡི་གེ་ལ་དམིགས་ནས་སྒོམ་པ་ཁོ་ན་ལ་མི་བྱ་བར་དེ་ལ་བརྟེན་ནས་སྐྱེས་པའི་རྫོགས་རིམ་དངོས་ལ་ཡང་བྱའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་ལས་དང༌། དུས་མ་ཡིན་པར་འཆི་བ་བླུ་བ་སོགས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་ལྔ་པའི་བཤད་པའོ།། ༈ །།གསུམ་པ་དམ་ཚིག་དང་ལས་རྒྱ་གཉིས་འཇུག་པ་གཅིག་གིས་སྟོན་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། །དམ་བཅས་བའི་དོན་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དུས་མ་ཡིན་པར་འཆི་བ་སླུ་བ་བཤད་པའི་རྗེས་དེ་ནས། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་མཆོད་པ་ཆེན་པོ་བཤད་པར་བྱའོ། །ཕྱག་རྒྱ་ལ་བརྟེན་པ་དེ་མཆོད་པ་ཆེན་པོར་འཇོག་པ་ཅིའི་ཕྱིར་ཞེ་ན། སྔགས་ཀྱི་གཙོ་བོའི་དོན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེའི་རྣམ་པར་དག་པ་མཚན་མ་གཉིས་ལ་ཡི་གེ་དགོས་པ་ཡང་སྔགས་ཡིན་ཞིང༌། དེ་བཀོད་ནས་དེའི་ལས་ལ་སྦྱོར་བ་ནི་མཆོད་པ་ཆེན་པོར་རབ་ཏུ་གྲགས་པ་སྟེ་བཤད་པའི་ཕྱིར་རོ། །ཕྱག་རྒྱའི་མཆོད་


JLD008_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིས་མྱུར་དུ་སྟེ་རིང་པོར་མི་ཐོགས་པར་དངོས་གྲུབ་འགྲུབ་པར་བྱེད་པར་ནི་ཐེ་ཚོམ་མེད་པས། དངོས་གྲུབ་འདོད་པ་རྣམས་ཀྱིས་ཕྱག་རྒྱའི་མཆོད་པ་དེ་བསྟེན་པར་བྱའོ། །གཉིས་པ་ལ་གཉིས། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། དེ་ལ་བརྟེན་ནས་ལས་སྒྲུབ་པའི་ཆོ་གའོ། །དང་པོ་ལ་གཉིས། ཕྱག་རྒྱ་གཉིས་ལ་བརྟེན་པའི་མཆོད་པ་དང༌། ཕྱག་རྒྱ་བཞིའི་རྣམ་གཞག་ཅུང་ཟད་བཤད་པའོ། །དང་པོ་ནི། རང་དང་ལས་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་ཞེས་པ་ཡེ་རྒྱ་གཉིས་གཙོ་བོ་ཡབ་ཡུམ་དུ་བྱས་པའི་གསང་གནས་ཀྱི་མཚན་མ་གཉིས་ལ་སྔགས་རབ་ཏུ་སྦྱར་ཏེ། ཧཱུཾ་གིས་རྡོ་རྗེ་དང་ཨཱཿ པདྨ་དང་བཾ་གྱིས་པདྨའི་ཟེའུ་འབྲུ་ལྟེ་བ་བསྐྱེད་ཅིང༌། ཕཊ་ཀྱིས་བུ་ག་གཉིས་བཀག་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པར་བྱ་བར་ལྭ་བ་པས་རྩ་རྒྱུད་ཀྱི་འགྲེལ་པར་བཤད། ཡང་དེས་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པར། བྱཱ་དམར་པོ་ལས་ནོར་བུ་དམར་པོ་བསྐྱེད་པའི་རྩེ་མོར་བྱཱ་ཡིག་སེར་པོས་མཚན་པོ་དང༌། བྱཱ་དཀར་པོ་ལས་པདྨའི་ཟེའུ་འབྲུ་དཀར་པོ་བསྐྱེད་པའི་རྩེ་མོར། བྱཱ་ཡིག་སེར་པོས་མཚན་པར་བཤད་དོ། །ཚུལ་གཉིས་ཀས་འགྲུབ་པར་མངོན་ནོ། །ཀུན་སྤྱོད་ལས། སྔགས་པས་དཔའ་བོ་རྣལ་འབྱོར་མ་བྱིན་བརླབ། །ཡི་གེ་བྱཱ་ནི་སྣ་རྩེར་ཡང་དག་སྦྱར། །བྱཱ་ནི་མཚན་གྱི་ལྟེ་བར་རྣམ་པར་དཀོད། །ཞེས་གསུངས་ཏེ་སྣ་རྩེ་ནི་པདྨའི་སྣ་རྩེ་དང༌། མཚན་ནི་རྡོ་རྗེ་དང༌། ལྟེ་བ་ནི་ནོར་བུའི་དབུས་ཀྱི་རྩེར་དགོད་པའོ། །འདི་དག་གིས་ནི་དྲིལ་བུ་པས་གསུངས་པའི་ས་བོན་དང་བཅས་པའི་སྣ་ཚོགས་རྗོ་རྗེའི་རིམ་པ་


JLD008_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་ཀྱི་གང་དུ་སྦས་པ་ཡང་ཤེས་པར་བྱའོ། །མཁའ་འགྲོ་ནི་རྡོ་རྗེ་ཕག་མོའོ། །དཔའ་བོ་ནི་ཧེ་རུ་ཀ་སྟེ་གཉིས་སུ་མེད་པར་སྦྱོར་བའོ། །དེ་བཞིན་དུ་སྙིང་པོ་རྣམས་ཀྱིས་ཞེས་པ་ནི། ཡབ་ཡུམ་གྱི་གནས་བཞིར་སྙིང་པོ་གཉིས་དང༌། ཉེ་སྙིང་གཉིས་ཀྱི་སྔགས་རྣམས་འགོད་པ་སྟེ། ཀུན་སྤྱོད་ལས། ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ། །ལྟོ་བ་སྙིང་གར་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོ་མ་ཡིས་ཏེ། །ལྕེ་དང་སྤྱི་བོ་གཉིས་སུ་ནི། །དཔའ་བོ་བྱིན་གྱིས་བརླབ་པར་བྱ། །རྣལ་འབྱོར་མ་དང་དཔའ་གཉིས་མེད། །ཅེས་གསུངས་སོ། །དེ་ལ་ལྟེ་བ་ཞེས་པའི་རྐང་པ་གཉིས་ཀྱིས་གཙོ་མོའི་གནས་བཞིར་སྔགས་ཀྱིས་བྱིན་གྱིས་རློབ་པ་དང༌། དེ་ནས་ལྟེ་བ་ཞེས་པ་ནས་བྱིན་གྱིས་བརླབ་པར་བྱ། ཞེས་པའི་བར་གྱིས་ཡབ་ཀྱི་གནས་བཞིར་སྔགས་ཀྱིས་བྱིན་གྱིས་རློབ་པ་སྟེ། དཔའ་བྱིན་བརླབ་ཅེས་དཔའ་བོ་གཙོ་བོའི་ལྟེ་བ་ལ་སོགས་པ་རྣམས་སུ་བྱའོ་ཞེས་དང༌། ལྕེ་དང་ཨ་ཝ་དྷཱུ་ཏཱི་གཉིས། ཞེས་འགྲེལ་པར་འདོན་ཞིང་བཤད་དོ། །ལྕེ་དང་ཨ་ཝ་དྷཱུ་ཏཱི་ཞེས་པ་ལྟར་ན་ལྕེ་ནི་མགྲིན་པ་སྟེ་ཁ་ཡང་དེ་བཞིན་ནོ། །དྷཱུ་ཏཱི་ནི་དེའི་ཡར་སྣ་སྨིན་མཚམས་སོ། །ཡབ་ཀྱི་ལྟེ་བར་རྣལ་འབྱོར་མ་སྟེ་ཡུམ་གྱི་སྙིང་པོ་དང༌། སྙིང་གར་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་བྱིན་གྱིས་བརླབ། ལྕེ་དང་སྤྱི་བོ་གཉིས་སུ་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་གིས་བྱིན་གྱིས་རློབ་པ་མར་དོའི་


JLD008_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལེགས་སོ། །སྔགས་པས་མཁའ་འགྲོ་མ་ཕག་མོ་དང་སྦྱར་ལ། སྔགས་རྣམས་གནས་བཞིར་འགོད་པ་དེ་བཞིན་དུ་བྱའོ། ཞེས་བྱ་སྟེ། སྐལ་ལྡན་ལ་སོགས་པས། སྔགས་པས་མཁའ་འགྲོ་མ་སྦྱོར་ལ། །སྙིང་པོ་རྣམས་ཀྱིས་དེ་བཞིན་བྱ། །ཞེས་འདོད་ནོ། །དེ་ལྟར་བྱས་པའི་འོག་ཏུ་བློ་ལྡན་ཏེ་སྙོམས་འཇུག་གི་ལས་ལ་མཁས་པས། རྣལ་འབྱོར་མ་ལས་དང་དམ་ཚིག་གི་ཕྱག་རྒྱའི་པདྨར་བསྲུབ་པར་བྱས་ལ། དེ་ཁོ་ན་ཉིད་ཀྱི་མཆོད་པར་བྱའོ། །ཐ་མལ་པའི་གཟུང་འཛིན་ལས་གྲོལ་བའི་དག་པ་ལྷའི་ལུས་སུ་བྱས་པས་ནི། རང་འདོད་པ་སྟེ་རྣལ་འབྱོར་པ་རང་གི་ཕྱག་རྒྱའི་རིགས་དང་མཐུན་ཞིང༌། དམ་ཚིག་ལེགས་པར་སྲུང་པའི་ཚུལ་ཁྲིམས་དང་ལྡན་པའི་མ་དང་བུ་མོ་ལ་སོགས་པ་ལྟ་བུ། སྔར་བཤད་པ་རྣམས་ཀྱི་ནང་ནས་ཕྱག་རྒྱ་གང་རུང་གཅིག་གཟུང་བ་ལ་བརྟེན་ནས། དཔའ་བོ་ཧེ་རུ་ཀ་མཆོད་པ་རྣམས་བྱས་ནས། ཞི་ཟ་ལ་སོགས་པའི་ལས་ཐམས་ཅད་ནི་འབད་པ་ཉིད་ཀྱིས་བྱའོ། །ཞེས་ལས་སྒྲུབ་པ་རྣམས་ཕྱག་རྒྱ་ལ་བརྟེན་ནས་བྱས་ན་མྱུར་དུ་འགྲུབ་པར་བསྟན་ཏོ། ། ཕྱག་རྒྱ་གཉིས་ལ་བརྟེན་ནས་སྒོམ་པ་ནི་འདིར་བསྐྱེད་རིམ་མིན་གྱི། རྫོགས་རིམ་ལ་སྦྱོར་བ་ནཱ་རོ་པའི་དགོངས་པ་ཡིན་པས། ལས་རྒྱ་ལ་བརྟེན་ནས་སྒོམ་པ་ནི་དེའི་རྐྱེན་གྱིས་སྲོག་དྷཱུ་ཏཱིར་བཙུད་པ་ལ་བརྟེན་ནས་སྒོམ་པ་ཡིན་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྒོམ་པ་ཡང་སྔར་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་བྱེད་པ་ལ་བྱང་བ་ཅིག་ཡིན་ན། དེས་ཀྱང་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་


JLD008_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་སྲོག་དྷཱུ་ཏཱིར་སྡུད་ནུས་པས་དེའི་དབང་དུ་བྱས་པ་ཡིན་པར་ཤེས་པར་བྱ་བ་ནི་གནད་ཀྱི་དོན་ནོ། །གཉིས་པ་ནི། དེ་ལྟར་སོ་བཞི་པ་དང་སོ་ལྔ་པས་ཕྱག་ཆེན་དང་ཆོས་རྒྱ་བསྟན། ལེའུ་འདིའི་འདི་ཡན་ཆད་ཀྱིས་དམ་ཚིག་དང་ལས་རྒྱ་བསྟན་པར་བྱེད་པའི་ལུགས་ཀྱིས་ཕྱག་རྒྱ་བཞི་སོ་སོའི་ངོས་འཛིན་ནི་བཤད་ཟིན་ཏོ། །ཕྱག་རྒྱ་བཞི་ཡང་བཤད་རྒྱུད་ལས། དེ་ཕྱིར་ཡེ་ཤེས་སྐྱེད་པ་ཡིས། །ཕྱག་རྒྱ་བཞི་ནི་སྦྱར་བར་བྱ། ཞེས་གསུངས་པའི་དོན་ལ། མན་སྙེ་ལས་རིམ་གཉིས་ཀྱི་ཕྱག་རྒྱ་བཞི་ཚན་གཉིས་བཤད་པའི་བསྐྱེད་རིམ་པའི་ཕྱག་རྒྱ་བཞི་ནི། ཕྱི་རོལ་གྱི་ཤེས་རབ་མ་ཁོ་ན་འདོད་པའི་ལྷ་མོའི་གཟུགས་སུ་སྒོམ་པ་ནི་ལས་རྒྱ་དང༌། ལུས་ལ་སྒོམ་པའི་ཧཱུཾ་ཡིག་ལ་སོགས་པ་ནི་ཆོས་རྒྱ་དང༌། ས་བོན་ལ་སོགས་པ་ལས་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་འདུས་པའི་སྤྲོ་བསྡུ་སོགས་བྱེད་པ་ནི་དམ་རྒྱ་དང༌། རང་ཉིད་གཙོ་བོའི་ལྷ་སྐུར་སྒོམ་པ་ནི་ཕྱག་ཆེན་ནོ། །རྫོགས་རིམ་པའི་ཕྱག་རྒྱ་བཞི་ལ་ཡང་གཉིས་ལས་ལམ་གྱི་སྐབས་སུ་བཞག་པ་ནི། ཕྱིའི་ཤེས་རབ་མ་ནི་ལས་རྒྱ་སྟེ། འཁྱུད་པ་ལ་སོགས་པའི་ལས་ཀྱིས་དགའ་བ་སྟེར་བའི་ཕྱིར་རོ། །ནང་གི་ཤེས་རབ་མ་ཨ་ཝ་དྷཱུ་ཏཱི་ནི་ཆོས་ཀྱི་ཕྱག་རྒྱའོ། །བདེ་བ་ཆེན་པོའི་བྱང་སེམས་ཀྱི་ཕྱག་རྒྱ་དེ་དག་གི་འབྲས་བུ་ནི་ཕྱག་ཆེན་ནོ། །ལྷ་རྣམ་པ་སྣ་ཚོགས་པ་སྤྲུལ་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །འབྲས་བུ་ལ་བཞག་པ་ནི་སྤྲུལ་སྐུ་ནི་ལས་རྒྱ་དང༌། ཆོས་སྐུ་ནི་ཆོས་


JLD008_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དང༌། ལོངས་སྐུ་ནི་ཕྱག་ཆེན་དང༌། བདེ་སྟོང་གི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་སྐུ་ནི་དམ་རྒྱ་དང༌། ཕྱག་རྒྱ་བཞི་པོ་རེ་རེ་ཡང་ཕྱག་རྒྱ་བཞི་བཞིའི་བདག་ཉིད་དོ་ཞེས་འཆད་དོ། །བླ་མ་སྔ་མ་རྣམས་ཀྱི་ལས་རྒྱ་དང་དམ་རྒྱའི་ངོས་འཛིན་དྲིལ་བུ་ཞབས་དང་མཐུན་ལ། ཕྱག་རྒྱ་གཞན་གཉིས་ལ་མི་འདྲ་བ་ཆེན་པོ་ཡོད་དེ། བདེ་མཆོག་རིམ་ལྔའི་བཤད་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། ཚོགས་ཀྱི་དཀྱིལ་འཁོར་པ་ཐམས་ཅད་ལ་རང་གང་ལ་དགའ་བའི་ཚུལ་གྱིས་སྔགས་པས་ནི། ཚོགས་ཀྱི་རྫས་རྣམས་རྣམ་པར་དབྱེ་བ་སྟེ་སོ་སོར་བགོ་བར་བྱ་ཞིང༌། ཕྱག་རྒྱ་བསྟེན་པའི་དུས་སུ་ཕྱིན་ཅི་ལོག་པ་སྟེ་རྣལ་འབྱོར་མ་སྐྱེས་པ་ལྟར་སྟེང་དུ་འདུག་པ་ལ་ངེས་པར་སྦྱར་བར་བྱའོ། །དེ་ལྟར་བྱེད་པ་དགོས་པ་ཅིའི་ཕྱིར་སྙམ་ན། ཉོན་མོངས་པ་རྣམས་ཚར་གཅོད་པ་དང༌། སེམས་ཅན་ལ་ཕན་འདོགས་པའི་དོན་རྣམས་ལ་སྟེ་དོན་གྱི་ཕྱིར་དུའོ། །ལས་ནི་དེ་བཞིན་གཤེགས་པ་རྣམས་རྣམ་པར་དག་པའི་སོ་སོར་རང་གིས་རིག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཡིན་ལ། འདི་ཡི་དངོས་པོར་རྣམ་པར་བསྒོམ་པ་ནི་ཕྱིན་ཅི་ལོག་གི་གཡེང་བ་ཐམས་ཅད་སྤངས་ཏེ་སྒོམ་པའོ། །དེ་ཉིད་ནི་རིགས་ལྔའོ། །དེའི་དབྱེ་བར་ཏེ་དབྱེ་བས་ཕྱེ་བའི་མིག་ལ་སོགས་པ་དག་པའི་གཏི་མུག་རྡོ་རྗེ་ལ་སོགས་པར་མིག་ལ་སོགས་པ་བལྟས་ལ། མིག་ལ་སོགས་པའི་རྩ་ལ་སྟེ་རྩ་ཡི་ལམ་དུ་སྟེ་ཡུལ་རྣམས་སུ་སྦྱར་བར་བྱའོ། །སྦྱོར་ཚུལ་ནི། དབང་པོའི་རྩའི་སྒོ་ནས་ཡུལ་རྣམས་ལ་འཁོར་བའི་དེ་ཁོ་ན་ཉིད་འོད་གསལ་རིག་པས།


JLD008_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དབང་རྣམས་དེའི་ངོ་བོར་སྦྱར་བའམ། ཡང་ན་དབང་ཡུལ་རྣམས་སྒྱུ་མ་ལྟ་བུའི་རང་བཞིན་དང་གཉིས་སུ་མེད་པར་རིག་ནས་སྦྱར་རོ། །སྐལ་ལྡན་ལ་སོགས་པས་ནི་ལས་སྒྲུབ་པ་དེ་ཉིད་ནི། ལས་སོ་སོའི་དབྱེ་བས་ཕྱེ་བའི་སྔགས་དེ་རྡོ་རྗེ་དང་པདྨའི་རྩ་ལ་སྟེ་རྩའི་ལམ་དུ་ངེས་པར་སྦྱར་ཞས་འཆད་དེ། གསང་གནས་གཉིས་ནས་སྔགས་འཁོར་བའི་ཚུལ་གྱིས་ལས་སྒྲུབ་པའོ། །ཕྱི་རོལ་ཇི་ལྟར་ཞེས་པའི་རྐང་པ་འདི་ལོ་ཆེན་དང་མལ་དང་གཉིས་འདུས་ཀྱི་འགྱུར་ལ་མེད་ཅིང༌། འགྲེལ་པ་གཞན་རྣམས་སུའང་མེད་ཀྱང༌། ལྭ་བ་པ་དང་ལྷ་སྦས་ཀྱི་འགྲེལ་པར་སྦྱར་བར་བྱ། ཞེས་པའི་དེ་མ་ཐག་ཏུ་འབྱུང་ངོ༌། །དབང་པོས་ཡུལ་ལ་ལོངས་སྤྱོད་པ་འོད་གསལ་གྱི་ངོ་བོ་སྦྱོར་བའམ། སྒྱུ་མ་ལྟ་བུ་དང་སྦྱོར་ཚུལ་དེ་ཇི་ལྟར་བྱ་སྙམ་ན། ཇི་ལྟར་ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་འདྲེན་པ་དེ་བཞིན་དུ། ནང་མིག་ལ་སོགས་པས་ཡུལ་ལ་སྤྱོད་པ་ནའང༌། བདེ་ཆེན་འབར་བར་བྱས་པ་ལ་བརྟེན་ནས་སྦྱོར་ཚུལ་གཉིས་པོ་དེ་བྱའོ། ། བླ་མ་མར་དོས་ཕྱི་ལས་རྒྱ་ལ་བརྟེན་ནས་སྒྲུབ་པ་དེ་བཞིན་དུ། ནང་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས་ཀྱང་སྒྲུབ་པའི་དོན་དུ་འཆད་དོ། །དངོས་གྲུབ་རབ་ཏུ་སྒྲུབ་པའི་སྦྱོར་བ་སྟེ་རྣལ་འབྱོར་གྱི་དོན་ལ་ནི། ཕྱག་རྒྱ་གཉིས་ལ་བརྟེན་པ་འདི་ཡིས་མྱུར་དུ་ལྷ་དང༌། ལྷ་མིན་དང་མིར་བཅས་པ་རྣམས་ཚར་བཅད་པ་དང་ཕན་འདོགས་པའི་ཚུལ་གྱིས་བསྒྲུབ་པར་བྱ་བ་སྟེ་འགྲུབ་པ་


JLD008_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། །གཞན་རྣམས་ལྟ་ཅི་སྨོས་ཞེས་དགོངས་སོ། །གསུམ་པ་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཕྱག་རྒྱ་གཉིས་ལ་བརྟེན་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། ཞི་སོགས་ཀྱི་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་དྲུག་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་དྲུག་པའི་བཤད་པའོ།། ༈ །།བཞི་པ་ལས་རྒྱ་དབང་དུ་བྱ་བའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། སོ་དྲུག་པ་བཤད་པ་དེ་ནས་སྔར་བཤད་པ་ལས་གཞན་ཡང་བཤད་པར་བྱའོ། །དེ་གང་ཞེ་ན། སྐལ་ལྡན་ལ་སོགས་པས། གཟུགས་གནོན་པའི་ཆོ་ག་སྟེ། ཞེས་འདོད་པ་ལྟར་ན། གཟུགས་ནི་ལུས་ཏེ་བུད་མེད་ལ་སོགས་པའི་སྐྱེ་བོའོ། །དེ་གནོན་པའི་ཆོ་ག་ནི་དེ་རྣམས་དབང་དུ་བྱ་བ་ཡིན་ལ། དེ་བཤད་པར་བྱ་ཞེས་པའོ། །ཚར་གཅོད་ཅེས་པ་ལྟར་ན། སྨན་བཟང་པོ་དང་བཅས་པའི་སྔགས་ཀྱིས་ཚར་གཅད་པར་བྱ་བ་བསྒྲུབ་བྱའི་ལུས་སོ། །གནོན་པ་ནི་སྒྱུ་ཅན་དང་གཡོ་ཅན་དང་གདུལ་དཀའ་བའི་བུད་མེད་ཐབས་ཅད་དབང་དུ་བྱས་ནས། དེ་རྣམས་དང་ལྷན་ཅིག་སྒྲུབ་པ་པོ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པའོ། །གཉིས་པ་ལ་གསུམ། ཁ་ཟས་ལ་བརྟེན་ནས་བསྒྲུབ་བྱ་དབང་དུ་བྱ་བ་དང༌། སྤྱིན་སྲེག་ལ་བརྟེན་ནས་བསྒྲུབ་བྱ་དབང་དུ་བྱ་བ་དང༌། དབང་དུ་བྱ་བའི་ཆོ་གའི་སྔགས་པ་བསྟན་པའོ། །


JLD008_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་མི་འདུག་༽དང་པོ་ནི། ཕན་ཚུན་ཞེས་སོགས་ཀྱིས་ལས་སྒྲུབ་པའི་སྒྲུབ་ཐབས་གསུངས་ཏེ། ཕན་ཚུན་ནི་ཕྱི་དང་ནང་ངོ༌། །མཁའ་འགྲོ་མ་ཉེར་བཞི་ནི་སྔགས་དང་འདྲ་བས་གསང་སྔགས་སོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར་བ་ནི། ཕྱི་དཀྱིལ་འགོད་པ་དང༌། ནང་ལུས་དཀྱིལ་འགོད་པ་གཉིས་ཀ་བསྡུས་ཏེ་སྒོམ་པ་ལ་འཆད་དོ། །སྐལ་ལྡན་ལ་སོགས་པ་ནི། ཡབ་ཡུམ་ཕན་ཚུན་གྱི་རྩ་བའི་གསང་སྔགས་གཉིས་སྦྱར་བ་སྟེ་ཕྱོགས་གཅིག་ཏུ་བྱ་སྟེ། ད་ནི་མཁའ་འགྲོ་མ་ཡུམ་གྱི་རྩ་སྔགས་དང་གཅིག་ཏུ་སྦྱར་བའི་དོན་ནོ། །དེ་ལྟར་སྔགས་གཉིས་ཞག་བདུན་གྱི་བར་དུ་ཐུན་བཞིར་བཟླས་ལ། མར་ལ་སོགས་པའི་བཟའ་བ་ཟོས་ཤིང་མིད་ནས་ནི། །སྔགས་བཟླས་པའི་མཐར་ནི་ཐོད་པའི་ནང་དུ་སྐྱུག་པར་བྱའོ། །ཟས་དེ་མཚན་མོ་སྟེ་ཞག་བདུན་རྫོགས་པའི་འོག་ཏུ། བུད་མེད་ལ་སོགས་པའི་བསྒྲུབ་བྱ་གང་ཡིན་གྱི་བཟའ་བཏུང་དག་ལ་སྦྱར་ཏེ་བྱིན་པ་འདི་ཡིས། བསྒྲུབ་བྱ་དེ་ཇི་སྲིད་འཚོ་བ་ཡི་བར་དུ་རང་གི་དབང་དུ་འགྲོ་བར་ཐེ་ཚོམ་མེད་དོ། །སྔར་བཤད་པའི་ཞག་གྲངས་བཞིན་དུ་བ་སེར་སྐྱའི་མར་ནི་ཟོས་ཤིང་མར་ཁུ་འཐུངས་ནས་སུ། སྔགས་བཟླས་པའི་མཐར་ནི་སྐྱུག་པར་བྱ་ལ་སྐྱུགས་པ་དེ་ཡིས་རང་གི་གདོང་ལ་བསྐུས་ནས། བསྐུས་པའི་མར་དེ་བཟའ་བཏུང་ལ་སྦྱར་ཏེ་བྱིན་ན། གལ་ཏེ་རྟག་ཏུ་བསྒྲུབ་བྱ་ཁྲོས་པར་གྱུར་པ་ཡིན་ནའང༌། རང་ཉིད་བསྒྲུབ་བྱས་མཐོང་བ་ཙམ་གྱིས་རང་གི་དབང་དུ་འགྱུར་རོ། །གཞན་དང་པོ་དང་འདྲ་བ་ལ་ཁྱད་པར་


JLD008_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཏིལ་དམར་པོའི་མར་གྱིས་ས་ལུ་དམར་པོ་བཏགས་པ་དང་ལྡན་པས་ལུས་ཀྱི་དྲི་མ་དྲིལ་བས་ལུས་ནི་བསྐུལ་པར་གྱུར་ཅིང༌། ས་ལུའི་ཁམ་སྐྱོང་མར་གྱིས་བཙོས་པའི་སྣུམ་འཁུར་སྔགས་པས་བྱས་ནས་ནི། དེ་བཟའ་བ་ལ་རབ་ཏུ་སྦྱར་ཏེ་བྱིན་ན། གལ་ཏེ་ལས་སྦྱོར་འདི་མ་བཏང་ན་ཇི་སྲིད་འཚོ་བ་ཡི་བར་དུ་བསྒྲུབ་བྱ་དེ་རྟག་ཏུ་རང་གི་དབང་དུ་འགྱུར་རོ། །ཏིལ་ནག་སྐེ་ཆོ་དང་བཅས་པ་དག་ནི་ཟོས་ནས་སུ་སྐེ་ཆོར་བཅས་པ་སྐྱུགས་པ་དང༌། རུ་རྟ་བཤང་ལམ་ནས་ལན་བདུན་བཏོན་པ་དང་ལྡན་པ་དང༌། ལག་སྐྱེས་སེན་མོ་དང་ལྟོ་བར་གནས་པའི་སྲིན་བུ་བཤང་ལམ་ནས་བྱུང་བའི་འབུ་དང༌། རང་གི་ཁྲག་དང་ལྷན་ཅིག་བཏགས་ནས་ནི་སྭ་སྟེ་རང་གི་ཤུ་ཀྲ་སྟེ་ཁུ་བ་ཉིད་དང་སྦྱར་ཏེ། བཟའ་བཏུང་དང་མིག་སྨན་དང་གོས་ལ་བྱུག་པ་ཉིད་དུ་རབ་ཏུ་སྦྱར་ན། སྦྱོར་བ་འདི་ཡིས་ཇི་སྲིད་འཚོ་བའི་བར་དུ་རང་གི་དབང་དུ་འགྱུར་བར་གདོན་མི་ཟའོ། །འདི་ཡང་བཟླས་པའི་མཐར་བྱ་བ་སྔར་བཤད་པ་དང་འདྲའོ། །གཉིས་པ་ནི། དབང་དུ་བྱ་བའི་ལས་སོ་སོ་བའམ་ལས་ཐམས་ཅད་པའི་ཐབ་ཁུང་དུ་བ་ལང་གི་ཤ་བ་ལང་གི་ཁྲག་གིས་བསྐུས་པས། ཞག་བདུན་དུ་བསྒྲུབ་བྱའི་མིང་ནས་སྨོས་ཏེ་ཐུན་བཞིར་སྦྱིན་སྲེག་བརྒྱ་རེ་བྱས་ནས། བསྒྲུབ་བྱའི་ལྷ་རྣམས་ནི་དེའི་མོད་ལ་དབང་དུ་འགྱུར་རོ། །འམ་གྱིས་སྒྲས་གལ་ཏེ་བསྒྲུབ་བྱ་བདག་གི་གམ་དུ་མ་འོངས་ན་འཆི་བར་འགྱུར་རོ། །ཐབ་ཁུང་གི་དབུས་སུ་ཧེ་རུ་ཀ་འཁོར་བཅས་བསྐྱེད་ནས། བདག་ཉིད་ཧེ་རུ་ཀ་དེའི་མདུན་དུ་འདུག་པར་བསྒོམས་ནས་ལས་སྦྱོར་ལ་མཁས་


JLD008_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྔར་བཤད་པའི་སྦྱིན་སྲེག་རྫོགས་པའི་མཐར་བ་ལང་གི་ཤ་ཁྲག་གིས་ནི་གཏོར་མ་དབུལ་བ་བྱས་ན་ནི། ཁམས་གསུམ་པ་རྣམས་སྐད་ཅིག་གིས་ཏེ་མྱུར་དུ་འགུགས་པ་མཚོན་ཏེ་ཞག་བདུན་གྱིས་ནི་འགྲུབ་པར་འགྱུར་རོ། །ལྭ་བ་པས། ལྟེ་བའི་ཐབ་ཁུང་དུ་པདྨའི་དབུས་སུ་ལྷ་མཐེ་པོའི་ཚད་ཙམ་མམ། ནས་ཙམ་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཉི་གདན་ལ་བཞུགས་པ། འོད་ཀྱིས་སྣང་བས་བསམས་ནས། བསྒྲུབ་བྱ་དབུགས་ཀྱིས་བཀུག་སྟེ་ལྟེ་བའི་མེ་ལ་སྲེགས་ན་བསྒྲུབ་བྱ་དབང་དུ་འགྱུར་རོ་ཞེས་འཆད་དོ། །གསུམ་པ་ནི། ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ན་རྙེད་པར་དཀའ་བའི་རྣལ་འབྱོར་པ་དམ་ཚིག་སྤྱོད་པའི་མཚན་ཉིད་ཅན་གྱིས། ལས་རྒྱ་དབང་དུ་བྱ་བ་འདི་ནི་རྟག་ཏུ་རང་གི་སྔགས་ཀྱི་ཀུན་སྤྱོད་སྦས་པ་ཡིས་རབ་ཏུ་འབད་དེ་སྣོད་མིན་ལ་གསང་བར་བྱ་སྟེ། སྐལ་མེད་ལ་བྱིན་ཡང་སྦས་དོན་ཟབ་མོ་རྙེད་པར་མི་འགྱུར་ཞིང་ཡིད་ཆེས་པར་མི་འགྱུར་ལ། སྐལ་བ་དམན་པས་སྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། དམུས་ལོང་གི་ལག་ཏུ་ནོར་བུའི་མཆོག་བཞག་པ་བཞིན་དུ། ཆོ་ག་ཁྱད་པར་ཅན་འདི་ཡང་སྐལ་པ་དམན་པས་མི་མཐོང་ངོ༌། །སྐལ་པ་མི་དམན་ན་ནི་སྔོན་གྱི་བསོད་ནམས་བསགས་པ་ཆུང་བ་སྟེ་ཧ་ཅང་མི་ཆེ་བའི་སྒྲུབ་པ་པོས་ཀྱང༌། ད་སྟེ་ཧེ་རུ་ཀ་དང་ཐ་མི་དད་པའི་བླ་མ་མཉེས་པར་བྱས་པས། རྒྱུད་དུ་སྦས་པའི་ཟབ་མོའི་དོན་རྣམས་རྙེད་པ་སྟེ་ཁོང་དུ་ཆུད་པར་འགྱུར་ཞིང༌།


JLD008_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པས་ཀྱང་འགྲུབ་པར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བ་ནི། ལྭ་བའི་ན་བཟའ་ཅན་གྱིས་ནང་གི་སྦྱིན་སྲེག་གིས་དབང་དུ་བྱེད་པ་གསུངས་པ་ལྟ་བུ་སྟེ། གཙོ་བོའི་མིང་གིས་བཏགས་པའོ། །དེ་འདྲ་བའི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་བདུན་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་བདུན་པའི་བཤད་པའོ།། ༈ །།དགུ་པ་སྤྱོད་པ་ལྷག་མ་གཉིས་རྒྱས་པར་བཤད་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཕྱག་རྒྱ་དབང་དུ་བྱ་བ་བསྟན་པ་དེ་ནས་འོག་ནས་འཆད་པ་ལྟར་གྱི་ལུས་དང་ངག་གི་བརྡ་དང་རབ་གཏུམ་མ་ལ་སོགས་པའི་མཁའ་འགྲོ་མ་ཉེར་བཞི་ཡི་རྣལ་འབྱོར་གྱི་ལུས་ཀྱི་མཚན་ཉིད་གང་ཡིན་པ་དང༌། དཔའ་བོ་ཧེ་རུ་ཀར་སྒོམ་པའི་ཡན་ལག་གི་དབྱེ་བ་ནང་གི་ཡུལ་ཉེར་བཞི་དང༌། དེར་ལྷའི་འཁོར་ལོ་འགོད་པའི་སྐུ་མདོག་ཞལ་ཕྱག་ལ་སོགས་པའི་དབྱེ་བ་ནི། ཇི་སྐད་བཤད་པ་དེ་བཞིན་དུ་ནི་ཕྱི་དང་ནང་ལུས་ལ་དགོད་པ་འགྲུབ་པར་འགྱུར་བ་སྦ་བ་དེ་བཤད་པར་བྱའོ། །འགྱུར་གཞན་ལས། དེ་བཞིན་དུ་ནི་བཤད་པར་བྱ། ཞེས་ཀྱང་འབྱུང་ངོ༌། །གཉིས་པ་ལ་གཉིས། སྤྱོད་པ་བྱེད་པ་སོགས་ཀྱི་བསྲུང་བའི་དམ་ཚིག་དང༌། སྤྱོད་པ་བྱེད་པ་གནས་དང་བཅས་པ་བསྟན་པའོ། །དང་པོ་ལ་གཉིས། རྣལ་འབྱོར་པས་མི་བྱ་བའི་ཆ་ཡི་དམ་


JLD008_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང༌། བྱ་བའི་ཆ་ཡི་དམ་ཚིག་བསྟན་པའོ། །དང་པོ་ནི། སྦ་བར་བྱ་བའི་དམ་ཚིག་ནི། དཔའ་བོའི་དབང་ཕྱུག་ཧེ་རུ་ཀ་དང་དེས་མཚོན་ནས། ཕག་མོ་ལ་སོགས་པའི་སྐུ་མངོན་གསལ་ཅན་དུ་མི་བྲི་བར་རྣམ་པ་ཀུན་ཏུ་སྦས་ཏེ་བྲི་བར་བྱ་བ་དང༌། བྲིས་པ་ཡང་སྦ་བར་བྱའོ། །དེ་ལྟར་ཡང་བཤད་རྒྱུད་ལས། གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་བ་མེད་མཐོང་ན། །སྐྱེ་བ་འདིར་ནི་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། ཞེས་གསུངས་ཤིང་བཤད་རྒྱུད་རྡོ་རྗེ་ཕྲེང་བར་ཡང་ནན་ཏན་ཆེ་བར་གསུངས་ཏེ་བྲིས་སྐུ་སྣོད་མིན་ལ་སྟོན་པ་སོགས་ཀྱིས་ཀྱང་དངོས་གྲུབ་འགྲུབ་པ་ཆེས་རིང་དུ་བྱེད་དོ། །དེ་བས་ན་ཤིན་ཏུ་འབྱུང་ཉེ་བ་འདི་བསྲུང་བ་ལ་འབད་པར་བྱའོ། །འགྲེལ་པ་གསུམ་དུ། དཔའ་བོའི་དབང་ཕྱུག་མི་དགོངས། ཞེས་འདོན་ཞིང༌། དམ་ཚིག་ལས་འདའ་བར་བྱེད་པ་ལ་བཅོམ་ལྡན་འདས་ཀྱིས་མི་གཟིགས་སོ། །ཞེས་འཆད་དོ། །དབང་མ་བསྐུར་བ་དང་དམ་ཚིག་མི་སྲུང་བ་གང་གི་ཐད་དུའང་རྒྱུད་འདི་མི་འདོན་ཞེས་པ་དེའི་ལམ་ཡང་མི་འཆད་པའོ། །རྒྱུད་འདིའི་གཡོན་པའི་ཀུན་སྤྱོད་རྣམས་ནི་ལེགས་པར་སྦས་པས་བསྟེན་པར་བྱའོ། །བྷ་བས། གཡོན་པའི་ཀུན་སྤྱོད་ལེགས་སྦས་པས། ཞེས་འདོན་ཏེ། སྒྲུབ་པ་པོ་ཞེས་པའི་སྐད་དོད་དེ་གཉིས་ཀ་ལ་འཇུག་པར་གསལ་ཡང༌། འདིར་བྷ་པའི་འགྲེལ་པ་ལྟར་ལེགས་སོ། །གསང་བར་བྱ་བའི་མཚན་ཉིད་མཁའ་འགྲོ་མའི་སྔགས་ཏེ་གླེང་བམ་བག་མེད་པས་འདོན་པར་བྱེད་ན། དེ་འདྲ་དེ་ལ་ཧེ་རུ་ཀ་


JLD008_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་མི་ལྟ་བ་སྟེ་ཐུགས་རྗེས་མི་འཛིན་ནོ། །འོག་ཏུ་འདི་ཡི་བཟློག་ཕྱོགས་ལ། ཧེ་རུ་ཀ་དཔལ་བལྟ་དཀའི་རྒྱུད། །གང་ཞིག་སྲུང་བར་བྱེད་པ་ནི། ཞེས་གསུངས་པས་སྔགས་མི་གསང་བར་འདོན་པ་རྐྱང་པ་མིན་གྱི། འདིའི་དམ་ཚིག་སྤྱིར་མི་སྲུང་བ་དང་། ཁྱད་པར་དུ་གསང་བར་བྱ་བ་མི་སྲུང་བར་སྣོད་མིན་ལ་གསང་བ་སྟོན་པ་ཀུན་ལ་བྱའོ། །ཐུགས་ཀྱིས་མི་འཛིན་པ་ཙམ་དུ་མ་ཟད། དམ་ཚིག་སྲུང་བ་དང་བྲལ་བའི་ངན་པའི་བདག་ཉིད་ཅན་དེ་མཁའ་འགྲོ་མ་སྟོང་ཕྲག་དུ་མ་ཡིས་ཟ་བར་བྱེད་དོ། །དམ་ཚིག་འཇོམས་པ་སྟེ་རལ་བར་བྱེད་ཅིང་རྡོ་རྗེ་འཆང་གིས་བཀག་པའི་བྱ་བ་ངན་པ་ལ་སྤྱོད་པ་དེ། བྲམ་ཟེ་སྟེ་སངས་རྒྱས་གསོད་པ་དང་འདྲ་བའི་སྡིག་སོག་པར་ཐེ་ཚོམ་མེད་དོ། །སྡིག་པ་དང་ལྟུང་བ་ལ་སྤྱོད་པ་ལས་འབྲས་ལ་རྨོངས་པའི་བདག་ཉིད་ཅན་རང་གིས་རང་བསླུས་པར་གྱུར་པ། སྐྱེ་བོ་ངན་པའི་བདག་ཉིད་དེ་གདུག་པའི་མཁའ་འགྲོ་མ་ཡིས་ཟོས་པར་གྱུར་ཀྱང་དེ་ལ་ཧེ་རུ་ཀ་ངས་ནི་སྐྱོབ་པར་མི་བྱེད་དོ། །ཟླ་གསང་ཐིག་ལེ་ལས་ཀྱང༌། སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱིས། །སྔགས་ལ་སོགས་པའི་དོན་མི་འགྲུབ། །ལྷ་རྣམས་ཀྱང་ནི་དམ་ཚིག་གི། གསོལ་ཡང་རྗེས་སུ་མི་གནང་སྟེ། །འཇིག་རྟེན་འདི་རུ་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་པ་འདས་པ་ཡི། །རྨོངས་པའི་བདག་ཉིད་དེས་འཐོབ་བོ། །སློབ་མ་དེ་ཡང་དེ་བཞིན་དུ། །བློ་ཞན་སྡུག་བསྔལ་འཐོབ་འགྱུར་ཏེ། །དེ་ན་སྔགས་ཀྱི་དོན་མི་སྨིན། །


JLD008_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཀྱི་ནི་མཆོག་ཏུ་བདེ། །དམ་ཚིག་མེད་པའི་སློབ་མ་ལ། །ནམ་ཡང་སྦྱིན་པར་མི་འགྱུར་རོ། ཞེས་གསུངས་ལ། ལྷ་རྣམས་ཀྱང་ནི་ཞེས་སོགས་ཀྱི་དོན་ནི། །ཛྙཱ་ན་བོ་དྷིས། སྤོས་དང་མེ་ཏོག་ལ་སོགས་པ། །ཕུལ་ཡང་བཞེས་པར་མི་འགྱུར་རོ། །ཞེས་དྲངས་པ་ལྟར་དམ་ཚིག་རྣམས་ལས་འདས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་ཕུལ་ཡང་མི་བཞེས་པའོ། །སྔགས་པས་འདི་ལྟར་གསུངས་པ་ཤེས་ནས་དམ་ཚིག་སྲུང་པ་ལ་འབད་པ་ནི་གལ་ཤིན་ཏུ་ཆེའོ། །གསང་བ་པ་སྟེ་གསང་སྔགས་ལ་སྤྱོད་པའི་ནང་ན་ནི། དམ་ཚིག་མི་སྲུང་བའི་སྒྲུབ་པ་པོ་དེ་ནི་ཕྱུགས་དང་འདྲ་བར་ཤིན་ཏུ་བླུན་པ་ཡིན་ནོ། །བླ་མ་དང་རང་གི་དམ་ཚིག་ལ་འཁུ་བ་སྟེ་གནོད་པ་བྱེད་པ་དེ་ནི། སངས་རྒྱས་ཀྱིས་ཐུགས་རྗེས་འཛིན་པའི་གདུལ་བྱའི་འཇིག་རྟེན་ལས་ལྷུང་བ་སྟེ་དེའི་ནང་ནས་ཕྱིར་འཐོན་པར་འགྱུར་རོ། །གཉིས་པ་ནི། དཔལ་ཧེ་རུ་ཀའི་རྒྱུད་བལྟ་དཀའ་བ་སྟེ་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ཀྱིས་མཐོང་ན། འཇིགས་པ་སྐྱེ་བར་བྱེད་པའི་དམ་ཚིག་རྣམས་རྣལ་འབྱོར་པ་གང་ཞིག་ལེགས་པར་སྲུང་ཞིང་སྐྱོང་བར་བྱེད་པ་ལ་ནི། མཁའ་འགྲོ་མ་སྟེ་དཔའ་མོ་རྣམས་དང་བཅས་པའི་དཔའ་བོ་རྣམས་ཀྱིས་འདི་ནི་དགེ་བའི་གདོང་སྟེ་སྒོའོ་ཞེས་དགོངས་པར་མཛད་དོ། །མུ་ཁཱ་ཞེས་པ་གདོང་དང་སྒོ་གཉིས་ཀ་ལ་འཇུག་པའི་ཕྱི་མ་ལྟར་བྱའོ། །ཧེ་རུ་ཀ་ང་ནི་དམ་ཚིག་སྲུང་བ་དེ་ལ་ཕན་འདོགས་པར་བྱེད་དོ། །བླ་མ་ལ་ནི་


JLD008_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་བསྙེན་བཀུར་བར་བྱེད་པ་དང༌། གསང་བའི་གནས་སྲུང་པར་བྱེད་པའི་སྒྲུབ་པ་པོ་ལ། མཁའ་འགྲོ་མ་རྣམས་རྟག་ཏུ་དགའ་བར་འགྱུར་ཞིང༌། དེ་ལ་དངོས་གྲུབ་ཐམས་ཅད་འབྱུང་བ་སྟེ་སྩོལ་པར་འགྱུར་རོ། །ལོ་ཆེན་གྱིས། གསང་བ་སྲུང་པའི་སྒྲུབ་པོ་ལ། །མཁའ་འགྲོ་མ་རྣམས་རྟག་དགའ་བ། ཞེས་བསྒྱུར་རོ། །དངོས་གྲུབ་ནི་སྒྲུབ་པ་པོ་དཔའ་བོ་ཧེ་རུ་ཀ་ཉིད་དུ་འགྱུར་བའོ། །དེ་ནི་ཁམས་གསུམ་དང་ནམ་མཁའ་ལ་རྒྱུ་བའི་བདག་པོ་སྟེ་གཙོ་བོའོ། །སྒྲུབ་པ་པོ་དཔའ་བོ་ཉིད་ཐོབ་པར་འདོད་ནས་ཚུལ་བཞིན་དུ་སྒྲུབ་པ་ནི། ཐམས་ཅད་དུ་ནི་མཆོད་པར་བྱ་བའི་འོས་སུ་འགྱུར་རོ། །དམ་ཚིག་སྲུང་བ་དེ་ནི་ཐབས་ཤེས་དབྱེར་མེད་པའི་རྣལ་འབྱོར་ལ་རབ་ཏུ་འཇུག་པ་ལ་དགའ་བར་འགྱུར་ཞིང་ཡང་དག་པའི་མན་ངག་བླ་མས་སྤྱིན་པའང་ལེགས་པར་རིག་པར་འགྱུར་རོ། །ཡང་ན། ཡང་དག་འགྲོ་བ་རིག་པར་འགྱུར། ཞེས་འདོན་པ་ལྟར་ན་ཁམས་གསུམ་ན་འགྲོ་བ་སྟེ་སྤྱོད་པའི་བདེ་བ་ཀུན་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་ཀོང་ཀ་ན་པ་སོགས་བཞེད་དོ། །ཧེ་རུ་ཀའི་བརྟུལ་ཞུགས་འཛིན་པ་སྟེ་དེའི་གཞུང་གི་ལུགས་སྐྱོང་བའི་སྒྲུབ་པ་པོས་ནི་རང་གི་སློབ་དཔོན་དང་དཔའ་བོ་ཧེ་རུ་ཀའི་སྐུ་གཟུགས་མཐོང་བར་གྱུར་ན། འོག་ནས་འབྱུང་བའི་སྔགས་འདི་དག་ཀུན་ཏུ་དགའ་བས་བརྗོད་པར་བྱའོ། །དགའ་ཚུལ་ནི་སློབ་དཔོན་མཐོང་ཞིང་སྐུ་གཟུགས་མཐོང་ཞིང་སྟེ་མཐོང་བ་ཙམ་གྱི་རྐྱེན་གྱིས་ཡིད་དགའ་བའོ། །སྔགས་གང་འདོན་ན་དཔའ་བོ་ཧེ་རུ་ཀའི་རྩ་བའི་གསང་སྔགས་ཀྱི་ཆ་ཤས་མཆོག་


JLD008_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་བརྒྱད་པ་ལན་བདུན་དུ་ནི་བརྗོད་པར་བྱའོ། །ལོང་ཡོད་ན་དེ་ལྟར་བྱ་མེད་ན་ལན་ཅིག་གིས་ཀྱང་འགྲུབ་ཅེས་མར་དོ་གསུང་ངོ༌། །རབ་སྟེ་མཆོག་གི་སྔགས་རྐང་བརྒྱད་ལ་མཐར་ཧཱུཾ་དང༌། ལ་སོགས་པས་ཧཱུཾ་གཉིས་པ་དང་ཕཊ་དང༌། མགོར་ཨོཾ་བརྗོད་པས་རབ་ཏུ་ཕྱེ་བ་བརྗོད་ལ། དེ་ནས་འབད་དེ་ཕྱག་བྱས་ན་སངས་རྒྱས་དང་ལ་སོགས་པས་བྱང་སེམས་ཐམས་ཅད་ལ་མཆོད་པར་འགྱུར་རོ། །དེ་ལྟར་བྱས་པས་རྟག་པ་ཉིད་དུ་དཔའ་བོ་ཆེན་པོ་ཧེ་རུ་ཀ་དང་ལྡན་པར་ཏེ་ལྷན་ཅིག་ཏུ་རོལ་པར་ཐེ་ཚོམ་མེད་དོ། །གཞན་ཡང་སྒྲུབ་པ་པོ་དེའི་ཐུགས་ཀར་ཏེ་སྙིང་ལ་རྡོ་རྗེ་ཕག་མོ། ང་སྟེ་ཧུ་རུ་ཀ་དང་ལྷན་ཅིག་པ་དང༌། དཔའ་བོ་ཉེར་བཞི་དང་རྣལ་འབྱོར་མ་ཉེར་བཞི་དང༌། ཕོ་ཉ་མོ་བཅུ་གཉིས་རྣམས་དང་བཅས་པར་གནས་ནས་བྱིན་གྱིན་རློབ་པར་འགྱུར་རོ། །སྒྲུབ་པ་པོ་དེ་དང་སེམས་ཅན་གང་ཞིག་དུས་མཉམ་དུ་ལེགས་པར་ཏེ་བདེ་འགྲོར་སྐྱེས་པར་གྱུར་པའི་སྲོག་ཆགས་སྒྲུབ་པ་པོ་མཐོང་བ་དེས་ཀྱང་བསོད་ནམས་རྒྱ་ཆེན་པོ་སོག་པ་ཡིན་ནོ། །གཉིས་པ་ནི། དེ་འདྲ་བའི་དམ་ཚིག་རྣམས་དང་ལྡན་པའི་རྣལ་འབྱོར་པ་སྤྱོད་པ་དང་བསྒྲུབ་པ་བྱ་བར་འདོད་པས། དེ་ལྟར་བྱ་བའི་གནས་ནི་ཆུ་བོ་དང་རྒྱ་མཚོ་དང༌། རྫིང་བུའི་འགྲམ་དང༌། རི་བོ་དང་དེ་བཞིན་དུ་ལམ་བཞི་མདོ་དང་ལྟེང་ཀ་དང་མཚེའུ་དང་ཁྲོན་པའི་འགྲམ་དང༌། ཁང་སྟོང་དང་གྲོང་ཁྱེར་གྱི་ལམ་སྲང་ཐམས་ཅད་དུ་ནི་སྤྱོད་པ་དང་བསྒྲུབ་པ་བྱའོ། །དེ་ལྟར་བྱས་ན་དེ་ལ་མཁའ་འགྲོ་མ་


JLD008_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་ཏུ་ཞེན་པར་ཏེ་རྗེས་སུ་ཆགས་པར་ལྟ་བ་སྟེ་དེ་ལ་ཐུགས་བརྩེ་བས་ལྟ་བ་ལ་གནས་པར་མཛད་དོ། །འཇིགས་པ་ཆེན་པོ་སྟེ་འཇིགས་སུ་རུང་བའི་དུར་ཁྲོད་དུ། རྣལ་འབྱོར་མ་མཁའ་ལ་སྤྱོད་པ་དང༌། དེ་བཞིན་དུ་ས་འོག་ན་སྤྱོད་པ་དེ་གཉིས་ཀྱིས་མཚོན་ནས་ས་ལ་སྤྱོད་པའི་རྣལ་འབྱོར་མ་དང༌། རོ་ལངས་ཀྱང་ནི་དུ་མ་ཞིག་འཇིགས་པའི་གཟུགས་དང་སྟོབས་ཆེན་པོས་གནས་པ་དེ་རྣམས་དང་ལྷན་ཅིག་ཏུ་དཔའ་བོ་ཆེན་པོ་སྟེ་སྒྲུབ་པ་པོ་དང༌། ཅི་བདེ་བར་ཏེ་བག་ཚ་བ་མེད་པར་རོལ་བར་མཛད་དོ། །རིའི་སུལ་དང་ཚང་ཚིང་གི་གནས་གསང་བ་རུ་སྟེ་ཤིན་ཏུ་དབེན་པའི་གནས་སུ་རྣལ་འབྱོར་མ་ཁྱད་པར་ཅན་དང༌། གསང་བ་སྒྲུབ་པའི་མེ་སྟེ་སྒྲུབ་གྲོགས་དང་ལྷན་ཅིག་ཏུ་སྔར་བཤད་པའི་ཕྱོགས་ཏེ་གནས་ནི་དེ་དང་དེ་དག་ཏུ་སྒྲུབ་པ་པོ་ལྷན་ཅིག་ཏུ་སའི་སྟེང་དུ་རོལ་པར་མཛད་དོ། །སྤྲོས་མེད་ནི་སྤྲོས་བཅས་ཀྱི་སྤྱོད་པ་ལས། བྱ་བའི་སྤྲོས་པ་ཉུང་བས་སྤྲོས་མེད་ཅེས་ཟེར་ལ། དེ་ལ་དཀྱིལ་འཁོར་གྱི་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་ཕོ་མོ་འདུས་ནས་བྱེད་པ་དང༌། ལས་རྒྱའི་རྣལ་འབྱོར་མ་ལྔའམ་བཞི་དང༌། གཅིག་དང་འདུས་ཏེ་སྤྱོད་པ་བྱེད་པའི་སྤྲོས་མེད་རྒྱས་བསྡུས་འབྲིང་གསུམ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་པ་དམ་ཚིག་གི་ཕྱག་རྒྱ་ཉིད་ལ་བརྟེན་ནས་བྷུ་སུ་ཀུའི་སྤྱོད་པ་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པར་སྤྱོད་བསྡུས་ལས་བཤད་ཅིང༌། སྤྱོད་པ་བྱེད་ཚུལ་ལྭ་བའི་ན་བཟའ་ཅན་གྱིས་སྤྱོད་བསྡུས་ལ་ཞལ་འཕངས་པ་ལྟར་བྱའོ། །ལེའུ་འདིར་ནི་ཕལ་ཆེར་རྣལ་འབྱོར་མ་མཐུ་ལྡན་


JLD008_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བཤད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣལ་འབྱོར་མ་མཐུ་ལྡན་རྣམས་ལ་བརྟེན་ནས་སྤྱོད་པ་སྒྲུབ་པ་དང༌། གསང་བའི་ལམ་སྒྲུབ་པའི་དཔའ་བོ་སྒྲུབ་པ་པོ་ཡི་གང་དུ་སྒྲུབ་པའི་གནས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་བརྒྱད་པའི་བཤད་པའོ།། ༈ །།བཅུ་པ་དངོས་གྲུབ་འགྲུབ་པའི་མཚན་མ་བརྟག་པ་ལ་བཞི། བལྟ་བ་དང་ཧ་ཧ་ཞེས་རྒོད་པའི་ལེའུ། རིགས་ལྔ་པོ་དབང་དུ་བྱ་བ་དང་ཕྱག་རྒྱ་ཆེན་པོ་བསྟེན་པའི་ལེའུ། ཡི་གེ་ཉེར་བཞིའི་དཀྱིལ་འཁོར་དགོད་པའི་ལེའུ། རྒོད་པའི་སྔགས་དང་མཁའ་འགྲོའི་གཟུགས་ཀྱི་རྒྱུའི་ལེའུའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། རྣལ་འབྱོར་མ་དང་སྒྲུབ་པ་པོ་ས་སྟེང་དུ་རོལ་པ་བཤད་པ་དེ་ནས་བཞད་པ་བརྒྱད་ཀྱི་སྔགས་ཀྱི་མཐོང་བ་རྩོལ་བ་བཤད་པར་བྱའོ། །གཉིས་པ་ལ་གསུམ། རྒོད་པ་ལས་བལྟ་བ་འབྱུང་ཚུལ། མཐོང་བ་ན་འཇིགས་པའི་ཉེས་དམིགས། མཐོང་བ་ན་མི་འཇིགས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། སྒྲུབ་པ་པོའི་རྣལ་འབྱོར་པ་ཆེན་པོ་རྣལ་འབྱོར་ལ་བརྟན་པ་ཐོབ་པས། སྤྱོད་པ་བྱེད་པའི་དུས་སུ་དུར་ཁྲོད་ལ་སོགས་པར་ཕྱིན་ནས་ཆོས་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་


JLD008_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བལྟས་ལ། བཞད་པ་བརྒྱད་ཀྱི་སྔགས་ནི་བརྒྱད་པོ་ཡན་ལག་བརྒྱད་ལ་དགོད་ཅིང༌། རྒོད་པ་སྟེ་ངག་ཏུ་ཡང་བཟླས་པར་བྱའོ། །དེ་བྱས་པའི་དགོས་པ་ནི། གད་མོ་བརྒྱད་བྱས་པ་དེ་ནས་ཏེ་རྒྱུ་དེ་ལས་སྒྲུབ་པ་པོ་འདི་ལ་མཁའ་འགྲོ་མ་རྣམས་ཀྱིས། རང་གི་གཟུགས་ཡང་དག་པར་མཐོང་བ་རྩོལ་བས་འགྱུར་བ་གདོན་མི་ཟའོ། །བཞད་པ་བརྒྱད་ནི་འགྲེལ་པ་མང་པོས་ཡབ་ཀྱི་རྩ་སྔགས་ཀྱི་ཆ་ཤས། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི་ཚན་པ་བརྒྱད་དང༌། ཡུམ་གྱི་ཧ་ཧ་ཧི་ཧི་ཧུ་ཧུ་ཧུཾ་ཧུཾ་བརྒྱད་ལ་འཆད་ལ། བླ་མ་སྔ་མ་རྣམས་ཧ་ཧ་སོགས་དྲུག་དང༌། ཧེ་ཧེ་བརྒྱད་ལ་འཆད་དོ། །གཉིས་པ་ནི། དེ་ལྟར་མཐོང་བའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་འཇིགས་པའི་སྒྲ་ནི་རྣམ་པ་མང་པོ་མི་བཟད་པ་འཇིགས་པར་བྱེད་པ་སྒྲོག་པར་འགྱུར་རོ། །བསྒྲགས་པ་དེ་ལ་དཔའ་བོ་སྟེ་སྒྲུབ་པ་པོ་འཇིགས་པར་གྱུར་ན་ནི། སྐྲག་ཅིང་སྟེ་བག་མི་འབེབས་པས་ཕྱོགས་ཕྱོགས་སུ་རྣམ་པར་འབྱོར་བར་བྱེད་པས་དངོས་གྲུབ་མི་སྟེར་རོ། །གསུམ་པ་ནི། གལ་ཏེ་དཔའ་བོ་སྟེ་སྒྲུབ་པ་པོ་མཐོང་བ་དེ་ལ་མི་འཇིགས་ན་ནི། དེ་རྣམས་ཀྱིས་ལག་པ་གཡོན་པས་བཟུང་ནས་ནི། དེ་དག་གི་རང་གི་གནས་སུ་ཁྱེར་ནས་ནི་མཁའ་འགྲོ་མ་ནི་དེ་དག་དང་རྟག་ཏུ་མངོན་པར་ཏེ་མངོན་སུམ་དུ་རྩེ་བ་དང་རོལ་བར་བྱེད་ཅིང༌། བདེ་བ་ཅན་གྱི་སྟེ་བདེ་བ་ཆེན་པོའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པའི་གནས་སུ་འགྲོ་བར་འགྱུར་ལ། ཧེ་རུ་ཀ་དཔལ་ལ་ཤིན་ཏུ་གུས་ཤིང་འདོད་པ་སྟེ་དོན་དུ་གཉེར་བ་ཆེན་པོས་དེ་


JLD008_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་མཁའ་ལ་འགྲོ་བ་སྟེ་སྤྱོད་པའི་གནས་སུ་འཁྱེར་བར་བྱེད་དོ། །སྒྲུབ་པ་པོ་ནི་སྔགས་ཏེ་ཡེ་ཤེས་ཀྱི་ལུས་ཅན་དུ་འགྱུར་བས་འཁོར་བར་འཆི་བ་དང་རྒ་བ་སོགས་མེད་པར་འགྱུར་རོ། །ལེའུ་འདིར་བཞད་པ་བརྒྱད་ཀྱི་སྔགས་ཀྱི་སྒོ་ནས་འཇིགས་མི་འཇིགས་བརྟགས་པས་དངོས་གྲུབ་ཀྱི་མཚན་མ་རྟོག་པ་སྟོན་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། མཁའ་འགྲོ་མས་གཟུགས་བསྟན་པ་བལྟ་བ་དང༌། ཧ་ཧ་ཞེས་རྒོད་པ་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་སུམ་ཅུ་རྩ་དགུ་པའི་བཤད་པའོ།། ༈ །།གཉིས་པ་རིགས་ལྔ་པོ་དབང་དུ་བྱ་བ་དང་ཕྱག་རྒྱ་ཆེན་པོ་བསྟན་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་བའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་བཞི་བཅུ་པ་འཆད་པའི་སྐབས་ལ་བབ་པས་ད་ནི་རབ་ཏུ་བཤད་པར་བྱའོ། །གང་བཤད་པར་བྱ་ན། དཔལ་པོ་ཧེ་རུ་ཀའི་རྣལ་འབྱོར་དང་དེའི་རྐང་པ་བརྒྱད་པའི་སྔགས་ཀྱི་བཟླས་པ་ཡིས་སྤྱིན་སྲེག་གི་ཆོ་ག་གང་གིས་ས་སྟེང་ན་གནས་པའི་མི་ལ་སོགས་པ་དབང་དུ་འགྱུར་བ་རྣམས། ཧེ་རུ་ཀའི་རྣལ་འབྱོར་གྱི་ཆོ་གར་གནས་པས་འགྲུབ་པར་འགྱུར་བ་བཤད་པར་བྱའོ། །གཉིས་པ་ལ་གསུམ། ཕྱི་དང་ནང་གི་སྦྱིན་སྲེག །བསྒྲུབ་བྱ་སོ་


JLD008_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ལ་ལྟོས་པའི་གྲངས། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། དངོས་གྲུབ་གསལ་པར་བྱེད་པས་ན་སྒྲོན་མ་སྟེ་ཤ་དང༌། ལོ་ཆེན་དང་མར་དོ་རྐྱང་པའི་འགྱུར་ལ་སྨྱོ་བྱེད་ཅེས་དང༌། གཉིས་འདུས་དང་མལ་གྱི་འགྱུར་ལ་མྱོས་བྱེད་ཅེས་པ་གཉིས་ཀ་ཡོད་ཀྱང༌། འདིར་ཕྱི་མ་ལྟར་བཤད་ན་མྱོས་བྱེད་ཆང་དང་བཅས་པ་དང༌། ཉ་ཡི་ཤ་དང་ལྡན་པར་བྱས་ཏེ། དཔའ་བོའི་དབང་ཕྱུག་འཁོར་དང་བཅས་པ་གནས་སྐབས་ཐམས་ཅད་དུ་ཉི་མ་བདུན་གྱིས་སྒྲུབ་པ་པོས་ཐུན་གསུམ་དུ་ཕྱི་ནང་གི་དབང་གི་སྦྱིན་སྲེག་བྱེད་པ་ལ་གཞོལ་བས་དབང་དུ་བྱ་བ་དབང་དུ་བྱེད་པའི་དངོས་གྲུབ་རྒྱ་ཆེན་པོ་གསོལ་བ་སྟེ་སྩོལ་བར་འགྱུར་རོ། །མཚན་མོ་ནི། རྣལ་འབྱོར་མ་ནི་མཚན་མོར་བརྗོད། ། ཅེས་པའི་ཚུལ་གྱིས་རྣལ་འབྱོར་མ་དང་སྙོམས་པར་ཞུགས་ནས་སྦྱིན་སྲེག་བྱེད་པས་ནི། ཕྱི་ནང་གཉིས་ཀའི་སྦྱིན་སྲེག་ཏུ་འགྱུར་ལ། བཟའ་བཏུང་ལ་ལོངས་སྤྱད་པའི་ནང་གི་སྦྱིན་སྲེག་ཀྱང་བྱའོ། །གཉིས་པ་ནི། སྦྱིན་སྲེག་བརྒྱ་དང་རྩ་བརྒྱད་ལྡན་པ་སྟེ་བཅས་པ་ཉིད་ཀྱིས་ཐུན་གསུམ་དུ་ནི་དབང་གི་སྦྱིན་སྲེག་སྒྲུབ་པར་བྱེད་ན། རྒྱལ་པོ་དཔུང་དང་བཅས་པར་ནི་ཉི་མ་བདུན་གྱིས་ནི་རང་གི་དབང་དུ་འགྱུར་རོ། །བརྒྱ་རྩ་བརྒྱད་ཀྱི་ཕྱེད་ལྔ་བཅུ་རྩ་བཞིས་དཔའ་བོ་ཆེན་པོ་སྟེ་གྲོང་དཔོན་དང༌། ལྔ་བཅུ་རྩ་བཞི་པོ་དེ་ཡི་ཕྱེད་ཉེར་བདུན་གྱིས་བློན་པོ་དང༌། སུམ་ཅུ་རྩ་གཉིས་སུ་བསྲེག་པའི་སྦྱིན་སྲེག་བྱ་བའི་རིམ་པས་རྒྱལ་ཕྲན་ཏེ་ཡུལ་དཔོན་སོགས་དབང་དུ་འགྱུར་རོ། །བྲམ་ཟེ་ཉིད་ལ་ནི་སྦྱིན་སྲེག་ཉི་ཤུས་

ཤོག་ལྷེབ་ ༨༠༡ ནས་ ༩༠༩ བར།


JLD008_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མཚམས་གསུམ་དུ་ཉི་མ་བདུན་གྱི་བར་དུ་སྦྱིན་སྲེག་བྱའོ། །དེ་བཞིན་དུ་རྒྱལ་རིགས་དག་ལ་སྦྱིན་སྲེག་བདུན། རྗེའུ་རིགས་ལ་སྦྱིན་སྲེག་ལྔ༌། དམངས་རིགས་ལ་ནི་སྦྱིན་སྲེག་གསུམ། ཐ་མ་གདོལ་པ་ལ་སོགས་པ་ལ་ནི་སྦྱིན་སྲེག་གཅིག་བྱའོ། །དེ་ལྟར་དཔའ་བོས་རིགས་ཀྱི་རིམ་གྱིས་དུས་ཟླ་བ་གཅིག་ནི་ཞེས་པ་སྔར་ལས་ཚོགས་རྣམས་ཉི་མ་བདུན་གྱིས་འགྲུབ་པར་བཤད་པ་དང་མི་མཐུན་པས། རྒྱ་དཔེ་དང་འགྲེལ་པར། སྟན་གཅིག་ལ་ནི་མཉམ་བརྟེན་ནས། །ཞེས་འབྱུང་བ་ལྟར་ཏེ་སྟན་དེ་གདན་གཅིག་ལ་ཡབ་ཡུམ་གཉིས་ཀ་མཉམ་པར་བརྟེན་ནས་སྔགས་ཀྱི་ནུས་པ་སྒྲུབ་པ་པོས་བྲམ་ཟེ་ལ་སོགས་པའི་འགྲོ་བ་རིགས་ལྔ་པོ་ཐམས་ཅད་དགུག་པར་བྱའོ། །གསུམ་པ་ནི། དཔའ་བོ་སྟེ་སྒྲུབ་པ་པོས་ཆོ་ག་སྔ་མ་སྟེ་ལྷའི་རྣལ་འབྱོར་དང་སྦྱིན་སྲེག་གི་ཆོ་ག་སྔོན་དུ་འགྲོ་བས། གཟུགས་སྒྲ་སོགས་ཀྱི་འདོད་ཡོན་ལ་བརྟེན་པའམ། རང་གང་དབང་དུ་བྱེད་འདོད་པའི་བསྒྲུབ་བྱ་དབང་དུ་བྱེད་པའི་ཐབས་བསྟེན་ན་དབང་དུ་བྱ་བ་ཐོབ་པར་འགྱུར་རོ། །ས་སྟེང་དུ་འདོད་པའི་དབང་ཕྱུག་སྟེ་དབང་ཕྱུག་ཆེན་པོ་བཞིན་དུ་བསོད་ནམས་ཀྱི་དཔལ་དང་ལྡན་ཞིང༌། གཟུགས་ལ་སོགས་པའི་སྐལ་བ་བཟང་པོར་སྐྱེ་བར་འགྱུར་ལ། སྒྲུབ་པ་པོ་ནི་མཁའ་འགྲོ་མ་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བར་ཐེ་ཚོམ་མེད་དོ། །ལེའུ་འདིར་རྫོགས་རིམ་བརྟན་པོར་སོང་བ་ན་དབང་དུ་བྱ་བ་ལ་སོགས་པའི་ལས་རྣམས། ཞག་


JLD008_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཚུན་ཆད་ཀྱིས་འགྲུབ་མི་འགྲུབ་བརྟགས་པས། འགྲུབ་པར་སྣང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་འགྲུབ་པའི་མཚན་མ་རྟོག་པ་སྟོན་ནོ། །གོང་མ་རྣམས་བསྐྱེད་རིམ་བརྟན་པ་ན་ཡང་དེ་ལྟར་རྟོགས་པར་བཞེད་དོ། །གསུམ་པ་ནི། དཔའ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྒྱལ་རིགས་ལ་སོགས་པའི་རིགས་ལྔ་དང་ཕྱག་རྒྱ་རིགས་ལྔ་པོ་དབང་དུ་བྱ་བ་དང༌། དེ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་བསྟེན་པའི་ལེའུ་སྟེ། བཞི་བཅུ་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་བཞི་བཅུ་པའི་བཤད་པའོ།། ༈ །།གསུམ་པ་ཡི་གེ་ཉེར་བཞིའི་དཀྱིལ་འཁོར་དགོད་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་བཞི་བཅུ་པ་བཤད་པ་དེ་ནས་ལས་རྣམས་ཀྱི་རབ་མཆོག་རྫོགས་རིམ་ལ་གནས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་སྟོན་པ་སྔགས་ཀྱི་རྣལ་འབྱོར་གང་གིས་ཤེས་ནས་སྒྲུབ་པ་པོས་བསྒྲུབས་པས་འགྲུབ་པ་བཤད་པར་བྱའོ། །འདི་བསྐྱེད་རིམ་པས་ཀྱང་སྒྲུབ་མོད་ཀྱང༌། འདིར་རྫོགས་རིམ་པས་མཆོག་གི་དངོས་གྲུབ་འགྲུབ་པའི་མཚན་མ་རྟོག་པ་ཡིན་པས། འགྲེལ་པ་གསུམ་ལས་རྫོགས་རིམ་པ་ལ་སྦྱར་རོ། །གང་གིས་ཏེ་དེས་སྔགས་ཀྱི་སྒྲུབ་པ་རྙེད་དཀའ་ཞིང་གསང་བར་གྱུར་པ་བཤད་པའི་རྒྱུད་ཕྱི་མ་དང༌། བླ་མའི་ཁ་ལས་ཤེས་པར་བྱ་བ་ཞེས་གསུང་ངོ༌། །གཉིས་པ་ལ་


JLD008_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། བསྒྲུབ་པར་བྱ་བའི་ལས་ཀྱི་དབྱེ་བ། དེ་འགྲུབ་པའི་རྒྱུ་བསྟན་པའོ། །དང་པོ་ནི། བསྒྲུབ་པར་བྱ་བའི་ལས་ལ་ནི་ལས་ཆེན་བཅུ་གཉིས་ཏེ། དབང་དུ་བྱ་བ་དང་དགུག་པ་གཉིས་གཅིག་ཏུ་བྱས་པ་དང༌། མཛའ་བ་དབྱེ་བར་བྱ་བ་དང༌། བསད་པ་དང་བསྐྲད་པ་གཉིས་གཉིས་སུ་བྱས་པ་དང༌། ལ་སོགས་པས་ཞི་རྒྱས་གཉིས་བསྡུས་ཏེ་དེ་གཉིས་སོ་སོར་བྱའོ། །སེམས་རྨུགས་པར་བྱེད་པ་དང༌། རེངས་པར་བྱ་བ་དང༌། དྲན་པ་ཉམས་པར་བྱེད་པ་རྨོངས་པར་བྱེད་པ་གསུམ་དང༌། ཕུར་བུས་གདབ་པ་དང༌། ཚིག་གི་སྦྱོར་བ་ཁྱད་པར་ཅན་བྱེད་པ་འཕྲོག་པ་དང་ངག་ལྐུགས་པར་འགྱུར་བ་དང་རྣ་བ་འོན་པ་དང་དེ་བཞིན་དུ་མིག་ལོང་བ་སྟེ་བཞི་ནི་དབང་པོ་རེངས་པར་བྱེད་པ་ཞེས་གཅིག་ཏུ་བྱའོ། །མ་ནིང་ཉིད་དུ་བྱ་བ་དང་གཟུགས་ནི་སྣ་ཚོགས་པར་ཡོངས་སུ་འགྱུར་བ་སྟེ་བཅུ་གཉིས་སུ་བྱེད་པ་ནི་བླ་མ་གོང་མའི་ལུགས་སོ། །སྐལ་ལྡན་ལ་སོགས་པའི་ལུགས་ཀྱིས་དབང་དགུག་གཉིས་གཅིག །བསད་བསྐྲད་གཉིས་གཅིག །ཚིག་འཕྲོག་ལྐུགས་པར་འགྱུར་བ་གཅིག་ཏུ་བྱས་ནས་བཅུ་གཉིས་སུ་བྱེད་པར་མངོན་ནོ། །སྐབས་འདིར་ཞལ་བཞི་པ་ལ་སོགས་པའི་སྔགས་ཀྱིས་འཁྲུལ་འཁོར་ལ་བརྟེན་ནས་ལས་སྒྲུབ་པ་བཤད་དེ། ཚིག་མངས་སུ་དོགས་ནས་མ་བྲིས་སོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བསྟན་པའོ། །དང་པོ་ནི། ལས་ཆེན་བཅུ་གཉིས་པོ་འདི་དག་ནི་རྟག་ཏུ་སྒྲུབ་


JLD008_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་ཡིས་བསྒྲུབས་ན་ནི། འདོད་པའི་དངོས་གྲུབ་སྒྲུབ་པ་པོ་ལ་ནི་དྲན་པ་ཙམ་གྱིས་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །འདི་ནི་གང་ཟག་རབ་ལ་དགོངས་ཏེ། འཁྲུལ་འཁོར་གྱིས་སྒྲུབ་པ་ནི་འབྲིང་པོ་དང༌། དམན་པའི་དབང་དུ་བྱས་པའོ། །གཉིས་པ་ལ་གསུམ། མཁའ་འགྲོ་མས་གནས་ཀུན་ཏུ་ཁྱབ་པར་བསྟན། གནས་ཀྱི་གཙོ་བོ་ངོས་གཟུང་བ། བསྒོམས་ཤིང་མཆོད་པས་བསྲུབ་པར་བསྟན་པའོ། ། དང་པོ་ནི། དྲན་པ་ཙམ་གྱིས་དངོས་གྲུབ་འཐོབ་པའི་ཆོ་ག་དེ་དག་གང་ཞེ་ན། ཡུལ་ཐམས་ཅད་ཀྱི་བླ་མ་སྟེ་གོང་མ་ནི། འཛམ་བུ་གླིང་གི་ཡུལ་གྱི་གནས་དང༌། ལ་སོགས་པས་ཉེ་བའི་གནས་ནས་ཉེ་བའི་དུར་ཁྲོད་ཀྱི་བར་བསྡུ་སྟེ། ཡུལ་ཉེར་བཞིའི་མཁའ་འགྲོ་མས་ནི། ཡུལ་ཐམས་ཅད་ཁྱབ་པར་གནས་སོ། །མཁའ་འགྲོ་མ་དེ་དག་ཀྱང་གང་ཞེ་ན། པུལླི་ར་མ་ལ་ཡ་ལ་སོགས་པའི་ཡུལ་དང་ཡུལ་དུ་མངོན་པར་སྐྱེ་བ། བདེ་བ་ཆེན་པོའི་ཡེ་ཤེས་དང་ལྡན་པའི་རང་རང་གི་དཔག་ཏུ་མེད་པའི་སྐྱེ་གནས་ཏེ། དོན་དམ་པའི་བྱང་ཆུབ་སེམས་ཀྱི་རྒྱ་མཚོའོ། །དེས་བསྐྱེད་པ་ཅི་ཞིག་ཅེ་ན། རྡོ་རྗེ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱི་གཙོ་མོ་རྣམས་བསྡུས་པར། རབ་གཏུམ་མ་ལ་སོགས་པ་དེ་རྣམས་ནི། རྡོ་རྗེའི་ལུས་ཀྱི་ཁམས་ཉེར་བཞིའི་ངོ་བོར་བསྟན་པའི་མཁའ་འགྲོ་མ་ཉེར་བཞི་རུ་བཤད་དོ། །བསྡུ་ན་དྲན་པ་ཙམ་གྱིས་ལས་ཀྱི་དངོས་གྲུབ་སྟེར་བའི་མཁའ་འགྲོ་མ་ནི། རབ་གཏུམ་མ་ལ་སོགས་པ་ཡིན་ནོ། །དེ་དྲན་པ་ཙམ་གྱིས་ཞི་ལ་སོགས་ཀྱི་དངོས་གྲུབ་སྟེར་ན་ནི། མཆོག་གི་


JLD008_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མྱུར་དུ་འགྲུབ་པའི་མཚན་མར་ཤེས་པར་བྱའོ། །གཉིས་པ་ལ་གསུམ། ཡུལ་ཉེར་བཞི་བསྟན་པ་དང༌། དེ་རྣམས་ཀྱི་རྣལ་འབྱོར་མའི་བྱིན་རླབས་འཇུག་ཚུལ། དེ་རྣམས་རྣལ་འབྱོར་མ་གང་གིས་བསྡུས་པའོ། །དང་པོ་ནི། ལེའུ་བཞི་པར་རྣལ་འབྱོར་མ་ཉེར་བཞི་མས་རིམ་ནས་བཟློག་སྟེ་བསྟན་པ་བཞིན་དུ། འདིར་དེ་དག་གི་གནས་ཉེར་བཞི་ཡང་བཟློག་སྟེ་སྟོན་པ་ནི། ཀུ་ལུ་ཏ་དང་མ་རུ་ཞེས་པ་མྱ་ངན་གྱི་ཡུལ་དང༌། སིན་དྷུའི་ཡུལ་དང་ན་ག་ར་དང༌། སུ་ཝརྞ་དྷི་པ་དང༌། སོ་རཥྚ་དང་། གྲྀ་ཧ་དེ་བ་ཏ་དང༌། པྲེ་ཏ་པུ་རི་དང༌། ཧི་མ་ལ་ཡ་དང༌། ཀཉྩི་དང༌། ལཾ་པ་ཀའི་ཡུལ་དང༌། ཀ་ལིང་ག་དང༌། ཀོ་ས་ལ་དང༌། ཏྲི་ཤ་ཀུ་ནེ་དང༌། ཨོ་ཏྲེ་དང༌། ཀ་མ་རཱུ་པ་དང༌། མཱ་ལ་ཝ་དང༌། དེ་བི་ཀོ་ཊི་དང༌། ར་མེ་ཤྭ་རི་དང༌། གོ་ད་བ་རི་དང༌། ཨརྦུ་ཏ་དང༌། ཨུ་རྒྱན་དང༌། ཛཱ་ལནྡྷ་ར་དང༌། པུ་ལླི་ར་མ་ལ་ཡ་སྟེ་སྐུའི་འཁོར་ལོ་ནས་བརྩམས་ནས། ཐུགས་ཀྱི་འཁོར་ལོའི་མཐར་ཐུག་པའོ། །སོགས་ཀྱི་གྲོང་མཐའ་དང་ཉེ་བའི་གྲོང་མཐའ་ལ་སོགས་པའི་མཐར་ཐུག་པ་བསྡུས་ཏེ་གནས་སུམ་ཅུ་རྩ་གཉིས་སོ། །གཙོ་མོ་ཉེར་བཞི་གནས་པའི་ཡུལ་ནི་འདི་དག་སྟེ། དཔའ་བོ་ཉེར་བཞིའི་གནས་ཀྱང་དེ་རྣམས་སོ། །གཉིས་པ་ནི། ཡུལ་ཉེར་བཞི་པོ་འདི་དག་གི་བུ་མོ་གང་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་དང་གཉིས་སུ་མེད་པ་སྟེ་སྙོམས་པར་འཇུག་པའི་རྣལ་འབྱོར་མ་དེ་ཀུན་ནི་རང་གི་འདོད་པ་ཙམ་གྱིས་གཟུགས་མི་འདྲ་བ་དུ་མ་སྤྲུལ་པ་ཅན་ནོ། །རྣལ་འབྱོར་མ་ཉེར་


JLD008_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་དེ་རྣམས་ཅིའི་ཕྱིར་དཀྱིལ་འཁོར་དུ་དགོད་པར་བྱ་སྙམ་ན། ཉེར་བཞི་པོ་འདི་རྣམས་ཕྱི་དང་ལུས་ཀྱི་དཀྱིལ་འཁོར་ལ་བཀོད་ནས་བསྒོམས་པས། ཡིད་ཀྱི་ཤུགས་ཀྱིས་ཏེ་ཡིད་ཀྱི་ཤུགས་ལྟར་ཤིན་ཏུ་མགྱོགས་པར་སོང་ནས་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པ་ལ་འཇུག་པ་ཡིན་ནོ། །འདི་རྣམས་བསྒོམས་པས་ཡུལ་ཁྱད་པར་ཅན་དེ་རྣམས་ན་གནས་པའི་དཔའ་མོ་དང་མྱུར་དུ་འཕྲད་ལ། དེ་ལ་བརྟེན་ནས་ལམ་ཚེགས་མེད་པར་ཆེས་ཤིན་ཏུ་མྱུར་བར་འགྱུར་རོ། །གསུམ་པ་ནི། རྣལ་འབྱོར་མ་དྲུག་ཅེས་པ་ནས་གཙོ་མོ་ཡིན་ཞེས་པའི་བར་ལ་ནཱ་རོ་པའི་མན་ངག་གིས་ལོ་ཙྪ་བ་གཉིས་ཀྱིས་འཆད་ཚུལ་ནི། རྣལ་འབྱོར་མ་དྲུག་ནི་ལཱ་མ་དང་གཟུགས་ཅན་མ་དང་བྱིས་བཅས་མ་དང་ཡོངས་གྱུར་མ་དང་ཨེ་ཧི་ཀ་དང་མི་ལྡོག་མ་སྟེ། དེ་དྲུག་གིས་ཡུལ་ཉེར་བཞི་ན་གནས་པའི་རྣལ་འབྱོར་མ་རྣམས་བསྡུས་སོ། །ཇི་ལྟར་བསྡུས་ཤེ་ན། ཀུ་ལུ་ཏ་ནི་སྐུ་འཁོར་གྱི་བྱང་ཤར་ན་གནས་པའི་བརྩོན་འགྲུས་ཆེན་མོའོ། །མ་རུའི་ཡུལ་ན་མ་མོ་རྣམས་ཞེས་པ་དེ་རྣམས་ཀྱི་གཙོ་མོ་ནུབ་བྱང་གི་འཁོར་ལོ་སྒྱུར་མའོ། །སིན་དྷུའི་ཡུལ་ན་གནས་པ་ལྷོ་ནུབ་ཀྱི་སྟོབས་ཆེན་མའོ། །རིགས་ཀྱི་གཙོ་མོ་ན་ག་རར་ཞེས་པ་དེ་ན་གནས་པ་ཤར་ལྷོའི་ཤིན་ཏུ་དཔའ་མོ་སྟེ། སྐུ་འཁོར་གྱི་མཚམས་མ་བཞི་པོ་དེ་རྣམས་ལཱ་མའི་བདག་ཉིད་ཀྱིས་བསྡུས་སོ། །ལཾ་པ་ཀ་སུ་ཝརྞ་དྷི་པ་ན་གནས་པ་ལྷོའི་འཁོར་ལོའི་གོ་ཆ་མ་དང༌། སཽ་རཥྚར་རིགས་ཀྱི་ལྷ་མོ་རྣམས་ཡིན་ནོ་ཞེས་པ་དེ་རྣམས་ཀྱི་གཙོ་མོ་ནུབ་ཀྱི་ཆང་འཚོང་མ་དང༌། ཀཏྱ་ཆེ་གྲི་ཧ་དེ་བ་ཏར་གནས་


JLD008_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་གི་དུམ་སྐྱེས་མ་དང༌། པྲེ་ཏ་པུ་རི་ན་གནས་པ་ཤར་གྱི་འཁོར་ལོའི་ཤུགས་ཅན་མའོ། །མཁའ་འགྲོ་གཟུགས་ཅན་མ་རུ་བཅས་ཞེས་པ་སྐུ་འཁོར་གྱི་ཕྱོགས་བཞི་པོ་ན་གནས་པ་དེ་རྣམས་ནི་གཟུགས་ཅན་མའི་བདག་ཉིད་ཀྱིས་བསྡུས་སོ། །ཧི་མ་ལ་ཡའི་རིར་གནས་པ། གསུང་འཁོར་གྱི་བྱང་ཤར་གྱི་མཁའ་འགྲོ་གདོང་མ་དང༌། ཀཉྩི་ན་གནས་པ་ནུབ་བྱང་གི་རྟ་སྣ་མ་དང༌། པཉྩ་ལ་ལཾ་པ་ཀ་ན་གནས་པ་ལྷོ་ནུབ་ཀྱི་ཤིན་ཏུ་བཟང་མོ་དང༌། ཀ་ལིང་ག་ན་གནས་པའི་བརྟུལ་ཞུགས་འཛིན་པ་ཁྱིམ་ལྷ་མོ་ཞེས་པ་ཤར་ལྷོའི་སྔོ་བསངས་ལྷ་མོ་སྟེ། གསུང་འཁོར་གྱི་མཚམས་མ་དེ་རྣམས་བྱིས་བཅས་མོས་བསྡུས་སོ། །མལ་གྱིས་ནི་ཡོངས་གྱུར་མས་བསྡུས་པར་འཆད་དོ། །ཀོ་ས་ལར་གནས་པའི་ཤ་ཟན་མ་ལྷོའི་ཆ་འཐུང་མ་དང༌། ཡི་དྭགས་གྲོང་ཨོ་ཌེ་ན་གནས་པའི་རྡོ་རྗེ་མཁའ་འགྲོ་ནི་བྱང་གི་འཇིགས་བྱེད་ཆེན་མོ་དང༌། སྤོམ་དབང་ཕྱུག་ཀ་མ་རཱུ་པ་ན་གནས་པ་ཤར་གྱི་ས་བསྲུངས་མ་དང༌། ཏྲི་ཤ་ཀུ་ནེར་གནས་པ་ནུབ་ཀྱི་རླུང་ཤུགས་མ་སྟེ། གསུང་འཁོར་གྱི་ཕྱོགས་ན་གནས་པ་བཞི་པོ་ནི་ཁཎྜ་རོ་ཧི་ཡོངས་གྱུར་མས་བསྡུས་སོ། །མལ་ནི་བྱིས་བཅས་མོས་བསྡུས་པར་འཆད་དོ། །པུལླི་ར་མ་ལ་ཡར་གནས་པ་ཐུགས་འཁོར་གྱི་ཤར་གྱི་རབ་གཏུམ་མ་དང༌། དེ་བཞིན་ཞེས་པ་ཨུ་རྒྱན་ན་གནས་པ་ནུབ་ཀྱི་འོད་ལྡན་མ་དང༌། ཨརྦུ་ཏ་ན་གནས་པ་ལྷོའི་སྣ་ཅན་མ་དང༌། གསེར་རི་ཛཱ་ལནྡྷ་རར་གནས་པ་བྱང་གི་གཏུམ་


JLD008_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

མིག་མ་སྟེ། ཐུགས་འཁོར་གི་ཕྱོགས་མ་བཞི་པོ་དེ་རྣམས་ནི་སྨེ་ཤ་ཅན་རིགས་སྐྱེས་ཞེས་པ་ཨེ་ཧི་ཀས་བསྡུས་སོ། །བུད་མེད་སྟོང་ཕྲག་ཉེ་ཤུ་གཅིག་ནི་ཡུལ་དེ་རྣམས་ཀྱི་རྣལ་འབྱོར་མ་རེ་རེ་ལ་ཡང་འཁོར་དེ་སྙེད་ཡོད་ཅེས་པའོ། །ལྷག་མ་གཞན་དག་ནི་མཱ་ལ་ཝ་ན་གནས་པ་བྱང་ཤར་གྱི་ཤིང་གྲིབ་མ་དང༌། དེ་བི་ཀོ་ཊི་ན་གནས་པ་ནུབ་བྱང་གི་བྱང་གི་ལང་ཀའི་དབང་ཕྱུག་མ་དང༌། ར་མེ་ཤྭ་རིར་གནས་པ་ལྷོ་ནུབ་ཀྱི་མིའི་ཐུང་མ་དང༌། གོ་ད་བ་རིར་གནས་པ་ཤར་ལྷོའི་དཔའ་བློ་མ་སྟེ། ཐུགས་འཁོར་གྱི་མཚམས་མ་བཞི་པོ་དེ་རྣམས་ནི་མི་ལྡོག་མའི་རིགས་ཡིན་ནོ། །བསྲུབ་པ་ཆེ་ནི་རྡོ་རྗེ་ཕག་མོའོ། །དེའི་ནི་ཤྲཱི་ཧེ་རུ་ཀའོ། །གཙོ་མོ་ཡིན་ན་ནི་ཕག་མོ་སྟེ། དེའི་ཁོངས་སུ་གཏོགས་པ་ནི་མཁའ་འགྲོ་མ་སོགས་བཞི་དང་ཁྭ་གདོང་མ་སོགས་བརྒྱད་དོ། །དེ་ལྟར་ན་རྣལ་འབྱོར་མ་སོ་དྲུག་པོ་ཐམས་ཅད་ཀྱང་ཕག་མོས་བསྡུས་ལ། དེ་ཉིད་ཀྱང་བཅོམ་ལྡན་འདས་ལས་ཐ་དད་པ་མ་ཡིན་ནོ། །མཁའ་འགྲོ་ཞེས་སོགས་ནི་མཁའ་སྤྱོད་མ་དང་ས་སྤྱོད་མ་དང་ས་འོག་སྤྱོད་མ་ཡིན་པས་འདི་རྣམས་ཀྱིས། མཐོ་རིས་དང་ས་སྟེང་དང་ས་འོག་གི་འཇིག་རྟེན་གསུམ་པོ་ཀུན་ལ་ཁྱབ་པར་བཞུགས་སོ་ཞེས་འཆད་དོ། །སྐལ་ལྡན་གྱིས་མཁས་པ་གཞན་གྱི་བཞེད་པ་བཀོད་པ་ལ་གཉིས་ལས། ཀོང་ཀ་ན་པའི་བཞེད་པ་ནི། རྣལ་འབྱོར་མ་དྲུག་ནི་ཡུམ་གྱི་གོ་ཆའི་དཔའ་མོ་དྲུག་གོ། མ་རུའི་ཡུལ་ན་གནས་པའི་མ་མོ་ནི་སྒོ་མཚམས་མ་བརྒྱད་དེ་ཐམས་ཅད་ཀྱང་གདུག་པ་རྨོངས་པར་བྱེད་པའོ། །སིན་དྷཱུའི་ཡུལ་གྱི་ལཱ་མ་ནི་དེའི་རིགས་སུ་


JLD008_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི་རྣལ་འབྱོར་མ་དྲག་མོ་རྣམས་སོ། །རིགས་ཀྱི་གཙོ་མོ་ནི་མཁའ་འགྲོ་མའོ། །གཟུགས་ཅན་མ་ནི་ཙུམྦི་ཀ་སོགས་ལས་ཐ་དད་པའི་གཟུགས་ཅན་མའོ། །པཉྩ་ལ་ནི་ལྔ་ལེན་གྱི་ཡུལ་ཏེ་གནས་དང་ཉེ་བའི་གནས་ལས་གཞན་པའི་གྲུབ་པའི་གནས་ཀྱི་ཁྱད་པར་རོ། །དེ་དག་ལ་སོགས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། རྒྱ་ཆེར་ནི་གྲུབ་པའི་རྣལ་འབྱོར་མ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡོད་དོ། །ཞེས་བཞེད་དེ་རེ་རེ་ཙམ་མ་གཏོགས་པ་ལང་ཀ་དང་དཔའ་བོ་ཡང་དེ་དང་འདྲའོ། །ལོ་ཆེན་གྱིས། ཀ་ཏྱ་ཆེ་ལ། ཡི་དྭགས་ཡུལ་དུ་ནག་མོ་ཆེ། ཞེས་དང༌། ཡི་དྭགས་གྲོང་དུ་ཞེས་པ་ལ་ཡི་དྭགས་གྲོང་དུ་ཤ་ཆེན་ཟ། ཞེས་བསྒྱུར་རོ། །དཔལ་ཨུ་རྒྱན་པའི་ཞལ་སྔ་ནས་ཀྱི་བཞེད་པ་བཀོད་པ་ནི་མངས་པས་འཇིགས་ནས་མ་བྲིས་སོ། །དཀྱིལ་འཁོར་གྱི་གཙོ་མོ་ནི་འཁོར་ལོ་གསུམ་ན་བཞུགས་པའི་མཁའ་འགྲོ་མ་ཉེར་བཞི་དང༌། ཉེར་བཞི་པོ་འདིས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གསུམ་གྱི་སྣོད་དང༌། འགྲོ་བ་ཀུན་ལ་འདི་ཡིས་ཁྱབ་པ་སྟེ་དེ་ཐམས་ཅད་དུ་རྒྱུ་བའོ། །གསུམ་པ་ནི། མཁའ་འགྲོ་མ་ཡི་འདའ་བར་མི་བྱ་བའི་དམ་ཚིག་འདི་ནི་ཏིང་ངེ་འཛིན་གྱི་སྤྲུལ་པའི་ཕྱི་དང་ནང་ལུས་ལ་མཁའ་འགྲོ་མ་རྣམས་སྒོམ་པ་ཉིད་ཡིན་ཏེ། རིམ་པ་གཉིས་ཀྱི་བསམ་གཏན་དང་སོགས་ཀྱིས་བཟླས་པ་ལ་སོགས་པས་ཞི་སོགས་ཀྱི་ལས་གང་ཅི་ཡང་རུང་བ་རྣམས། ས་སྟེང་ན་ནི་རྫོགས་པ་སྟེ་འགྲུབ་པར་འགྱུར་བའོ། །སྔགས་པས་རྟག་ཏུ་ཏིང་ངེ་འཛིན་


JLD008_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉམ་པར་བཞག་པས་མཚན་མོ་ནམ་མཁའི་གོས་ཅན་ཏེ་གཅེར་བུར་བྱས་ལ་གསང་སྤྱོད་བྱ་ཞིང༌། རྟེན་གྱི་གང་ཟག་སྐྱེས་པའམ་གལ་ཏེ་གཡོན་པ་རུ་སྟེ་བུད་མེད་ཀྱང་རུང་རྣལ་འབྱོར་མ་ཀུན་དང༌། དཔའ་བོ་རྣམས་མཉེས་པའི་ཐབས་ཕྱག་རྒྱ་གར་གྱི་མཆོད་པ་ཡིས། རང་བྱུང་ལྷན་ཅིག་སྐྱེས་མ་རྟག་ཏུ་མཆོད་ན་ནི་དངོས་གྲུབ་མ་ལུས་ཤིང་ལུས་པ་མེད་པ་འགྲུབ་ཅིང་སྟེ་འགྲུབ་པའི་ཐབས། གཡོན་པ་ཤེས་རབ་མའི་མཆོད་པ་ལ་རབ་ཏུ་འཇུག་པར་བྱའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། པུ་ཛ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞིས་མཚོན་པའི་གནས་ཉེར་བཞི་དཔའ་བོའི་དཀྱིལ་འཁོར་དགོད་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་གཅིག་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་བཞི་བཅུ་རྩ་གཅིག་པའི་བཤད་པའོ།། ༈ །།བཞི་པ་རྒོད་པའི་སྔགས་དང་མཁའ་འགྲོའི་གཟུགས་ཀྱི་རྒྱུའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། བཤད་པ་དངོས། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་ཞེ་གཅིག་པ་བཤད་པ་དེ་ནས་ལེའུ་ཞེ་གཉིས་པ་བཤད་པར་བྱའོ། །ཞེས་ཁོང་ནས་བླང་སྟེ། དེ་ནས་ཞེས་པའི་ཚིག་གི་ནུས་པ་ལས་སོ། །གཉིས་པ་ལ་གཉིས། བཤད་ཚུལ་དང་པོ་དང༌། བཤད་ཚུལ་གཉིས་པའོ། །དང་པོ་ལ་གཉིས། བཞད་པ་བྱ་ཚུལ་དང༌། གསང་བའི་མཚན་མ་འཕྲོས་དང་བཅས་པའོ། །དང་པོ་ནི། སྔར་ལེའུ་སོ་དགུ་པར་བཞད་པ་བརྒྱད་ཀྱིས་རྒོད་པ་


JLD008_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དེ་འདིར་གསལ་བར་བྱེད་པ་ནི། དཔའ་བོ་སྟེ་སྒྲུབ་པ་པོས་བུ་མོ་མིག་བཟང་མ་རྙེད་ནས་དེ་དང་ལྷན་ཅིག་སྦྱར་བའི་རང་བྱུང་གི་མེ་ཏོག་གི་ཆུ་རྡོ་རྗེས་འཐུངས་ནས་ཧ་ཧ་སོགས་ཀྱི་སྔགས་འདིས་བཞད་པ་རྗེས་སུ་དྲན་ནས་བརྒད་པར་བྱའོ། །ཕྱག་རྒྱ་དང་ལྷན་ཅིག་ཏུ་སྒྲུབ་པ་པོས་སྙོམས་པར་ཞུགས་ནས། སྔགས་བརྒྱད་ཀྱིས་རྒོད་པ་འདི་ལྟར་བྱ་བ་ཉིད་ནི་རྟག་ཏུ་བྱ་ཞིང༌། དེ་ཡང་མཚན་མོ་རྟག་ཏུ་ཤ་ཟ་བ་དང་ཆང་འཐུང་བ་དང་བཅས་པར་བྱའོ། །སྔགས་གསུམ་བྱ་བ་འདི་ཡིས་ནི། ཞེས་ལྭ་བ་པའི་འགྲེལ་པར་འདོན་པས། ཨོཾ་སརྦ་བཛྲ་ཀ་མི་ནི། སརྦ་བྷ་ཀྵ་ཤོ་དྷ་ཡ། གུ་ཧྱ་བཛྲེ་ནི་སྭཱ་ཧཱ། ཞེས་པའི་སྔགས་ལན་གསུམ་དུ་བཟླས་པར་བྱ་བ་འདི་ཡིས་སྙོམས་པར་ཞུགས་ན་མྱུར་དུ་བདེ་བ་ཆེན་པོའི་དངོས་གྲུབ་འཐོབ་པར་འགྱུར་རོ། །དེ་ལྟར་ཞུགས་པའི་བྱང་ཆུབ་ཀྱི་སེམས་པ་དམར་གནས་པ་རང་གིས་འཐུངས་པ་དང༌། དེ་བཞིན་དུ་ཕྱག་རྒྱ་མ་དེ་ལ་བྱིན་པ་དང༌། པད་མའི་མཆོག་ཆེན་པོའི་གནས་དེར་རང་གི་དངོས་གྲུབ་གྲུབ་པར་བྱ་བའི་སེམས་ཀྱིས་རེག་པ་སྟེ་རྡོ་རྗེ་སྦྱར་བར་བྱས་ལ། རྣམ་པ་བརྒྱད་པའི་སྔགས་བཏོན་ནས་བཞད་པར་བྱའོ། །གཙོ་མོ་ཆེ་ཞེས་པ་ལ། གཙོ་བོ་ཆེ་ཞེས་དང༌། ཆང་གི་མྱོས་པའི་སྔགས་པ་ཞེས་པ་ནི། རིགས་ལྡན་ཆེན་མོ་ཞེས་པ་ནི་སྔགས་དང་ལྡན་མ་བཅུད་ཀྱིས་མྱོས་མ་ཅན་ནོ། །ཞེས་བསྒྱུར་བ་ལེགས་པས། རང་གི་ཕྱག་རྒྱ་རིགས་ལྡན་མཚན་མོར་བྱས་པ་བྱང་


JLD008_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་འབབ་པའི་བཅུད་ཀྱིས་མྱོས་པ་ཅན་མ་ཞེས་པའི་དོན་ནོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་དུ་འདུས་ཤིང༌། དེ་བཞིན་དུ་ལྷ་མོ་ཐམས་ཅད་ཀྱང་རང་གི་ཕྱག་རྒྱ་རིགས་ལྡན་མ་ཆེན་མོ། རེག་བྱ་རྡོ་རྗེ་མར་བསྒོམས་པའི་ལུས་ཀྱི་དཀྱིལ་འཁོར་དུ་འདུས་པ་དེའི་ཕྱིར། ཕྱག་རྒྱ་མོ་དེ་ཉིད་མཆོད་པར་བྱའོ། །རེག་རྡོ་རྗེ་མ་ཉིད་ཇི་འདྲ་བ་ཞེ་ན། བདེན་པར་སྨྲ་བས་ཚངས་པར་སྤྱོད་པ་དང༌། ཐོག་མཐར་ཞེས་པའི་རྐང་པ་ལ། བལྟ་དང་བཞད་པའི་ཕྱག་རྒྱས་བསྒྲུབ། ཅེས་འབྱུང་བས། མིག་གིས་བལྟ་བའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་ནི་བསྙེམས་པ་སྟེ་འགྱིང་བ་དང་བཅས་པས་མིག་གཡོན་གྱིས་སྒྲུབ་པ་པོ་ལ་བལྟ་བའི་གྲགས་ལྡན་མ་སྟེ། འདིས་སྒྲུབ་པ་པོ་ལ་བདེ་བ་ཆེན་པོ་སྟེར་བ་གྲགས་པ་དང་ལྡན་པ་ལ་བརྟེན་ཏེ་བཞད་པ་བརྒྱད་ཀྱི་སྒོ་ནས་ཡེ་ཤེས་ཆེན་པོ་བསྒྲུབ་པར་བྱའོ། །མཚན་མོའམ་དེ་བཞིན་དུ་ཉིན་མོར་ནི། ཕྱག་རྒྱ་དང་སྦྱོར་བ་འདིས་ནི་བཞད་པ་དག་ཏུ་སྟེ་དེ་ལ་ཡིད་ནང་དུ་ཆུད་པས་གོམས་པར་བྱས་ན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པའི་རྟགས་སམ་མཚན་མ་སྐྱེ་བར་འགྱུར་རོ། །གཉིས་པ་ནི། དངོས་གྲུབ་མཆོག་ལ་མངོན་དུ་ཕྱོགས་པའི་གཟུགས་དང་ལས་ཀྱི་གསང་བའི་མཚན་མ་གང་ཇི་ལྟར་གནས་པ་ནི། དཔའ་བོ་ཕྱག་ན་རྡོ་རྗེ་ཉོན་ཞེས་བཀའ་སྩལ་ཏོ། །ལེའུ་བཅུ་གཉིས་པར་རི་ལུ་འདི་ནི་དཔའ་བོ་རང་ཉིད་ཀྱིས་གསུངས་པ་ཡིན་ནོ། ཞེས་པའི་དཔའ་བོ་ནི་ཧེ་རུ་ཀ་ཡིན་ལ།


JLD008_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དཔའ་བོ་ཞེས་པ་ནི་ཉོན་ཞེས་པ་ཕྱག་ན་རྡོ་རྗེ་ལ་གསུངས་པར་ལྭ་བ་པས་བཤད་པ་ལྟར་ཡིན་ནོ། །གཟུགས་དང་ལས་ཀྱི་གསང་བའི་མཚན་མ་ནི། ལྭ་བ་པས་དབང་ཕྱུག་གི་ཡོན་ཏན་བརྒྱད་ལ་བཤད་ལ། ཡོན་ཏན་བརྒྱད་ནི་སྤྱོད་བསྡུས་ལས། གཟུགས་ཕྲ་བ་དང་རེག་པ་ཡང༌། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་འགྱུར། ཞེས་པའོ། །དེའི་དོན་བོད་སྔ་མ་རྣམས་ཀྱིས་བཤད་པ་ནི། དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་བཤད་པ་མ་མཐོང་བར་སྣང་བས། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དབང་ཕྱུག་གི། ཡོན་ཏན་བརྒྱད་བཤད་པ་དང་སྦྱར་བར་བྱའོ། །དེ་ལ་དབང་ཕྱུག་གིས་སེམས་ཅན་གྱི་སྐྱེ་འཇིག་བྱེད་པ་ཕྲ་བ་དང༌། སྣོད་ཀྱི་སྐྱེ་འཇིག་བྱེད་པ་ཡང་བ་དང༌། དེ་གཉིས་ཀ་སྐྱེ་འཇིག་བྱེད་པ་བདག་པོར་གྱུར་པ་ཡིན་ལ། འདིར་ནི་རྣལ་འབྱོར་པས་དེ་རྣམས་སྤྲུལ་པ་དང་སྡུད་པ་བྱེད་ནུས་པའོ། །ཕྱི་མ་ནི་ཡང་དག་པར་ཐོབ་པས་བསྟན་ཏོ། །འབྱུང་པོ་ཀུན་གྱིས་མཆོད་པར་བྱ་བ་ནི་འོད་དང་གཟི་བརྗིད་ཀྱིས་གཞན་རྣམས་ཟིལ་གྱིས་གནོན་པའི་རབ་ཏུ་གསལ་བའམ་སྣང་བས་བསྟན་ཏོ། །སེམས་ཅན་རྣམས་ལ་ཚར་བཅད་དང་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའོ། །ཡོན་ཏན་ལ་འདོད་དགུར་དབང་སྒྱུར་བ་ནི་འདོད་དགུར་ལྡན་པའོ། །གང་ཐོབ་པར་འདོད་པའི་དོན་དེ་ལྟར་ཐོབ་ནུས་པ་ནི་དགའ་དགུར་གནས་པ་སྟེ་དེ་ནི་བརྟན་པས་བསྟན་ཏོ། །དེ་


JLD008_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གཟུགས་མི་འདྲ་བ་དུ་མ་སྟོན་པ་ནི་གཟུགས་ཀྱི་ཡིན་ལ། ཁྱབ་པ་དང་དབང་དུ་གྱུར་བ་སོགས་ནི་ལས་ཀྱི་གསང་བའོ། །དེ་ཡང་སྤྱོད་བསྡུས་ལས། སྤྱོད་པ་རྣམ་པ་གསུམ་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ་ཟླ་བ་དྲུག་བསླབས་པར་གྱུར་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་མ་ཉེ་བར་འབྱུང་བར་འགྱུར་ཏེ། དེ་ལ་མཚན་མ་ནི་འདི་དག་ཡིན་ནོ། །ཞེས་གསུངས་པའི་དོན་དུ་སྣང་བས་ཟླ་བ་དྲུག་ཚུན་ཆད་དུ་མཆོག་འགྲུབ་པའི་མཚན་མའོ། །དབང་ཕྱུག་གི་ཡོན་ཏན་བརྒྱད་ཐོབ་པ་དེའི་ཚེ་བཀྲེས་སྐོམ་གྱིས་གནོད་པར་མི་འགྱུར་ཞིང༌། བཤང་གཅི་ལ་སོགས་པ་ཡང་ལྡོག་གོ། འདི་དག་ཐམས་ཅད་རྨི་ལམ་དང་ཁྱད་པར་མེད་པར་དམིགས་པས། དུས་རྟག་ཏུ་རྣལ་འབྱོར་པ་དེ་ནི་མིག་གཉིས་ནས་མཆི་མ་འཕྱུང་སྟེ། དེ་ཡང་ཀྱེ་མ་སེམས་ཅན་འདི་ཀུན་ནི། འཁོར་བ་ལས་ཐར་པའི་ཐབས་དམ་པ་འདི་ལྟ་བུ་སྐད་ཅིག་ཀྱང་མི་སྒོམ་པར། སྡུག་བསྔལ་མི་བཟད་པ་ཅན་གྱི་འཁོར་བ་སྐྱབས་མེད་པ་འདིར། སྐྱེ་རྒ་ན་འཆི་ལ་སོགས་པའི་འཇིགས་པས་འཁྲུགས་ཤིང༌། གཡོ་བ་དང་ལྡན་པ་འདི་ལ་སྙིང་རྗེ་དྲག་ཏུ་སྐྱེའོ། །རིག་མའི་པདྨ་ལ་བརྟེན་ནས་བདེ་བའི་བདུད་རྩི་ལངས་པ་སྟེ་འཛགས་པ་ལས། ལྷན་སྐྱེས་ལ་དད་པས་དེ་ཡི་ལུས་ཀྱི་སྤུ་ཡང་ལྡང་བ་དང༌། གཞིག་པར་དཀའ་བས་རྡོ་རྗེ་དང་འདྲ་བའི་ཁམས་གསུམ་པའི་འཁོར་བ་ལས་འགོམ་པ་སྟེ་འདའ་བར་བྱའོ་སྙམ་པའི་བསམ་པས་རིག་མས་སྐྱེས་པ་ལྟར་བྱེད་པའོ། །འདི་ལྭ་བ་པའི་འགྲེལ་པ་ལས། ལྷ་


JLD008_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ཀྱི་འགྲེལ་པའི་འགྱུར་བཟང་བར་སྣང་བས་དེ་བཞིན་དུ་བཤད་དེ། འགོམ་པར་བྱ། ཞེས་འབྱུང་ངོ༌། །དེ་བཞིན་དུ་རིག་མ་གཅེར་བུར་བྱས་ཏེ་ནུ་མ་དང༌། མཚན་ཁུང་དང་བྱིན་པ་དང༌། པདྨ་ལ་བལྟ་ཞིང་གནས་དེ་དག་ཏུ་ལག་པས་མཉེས་ནས་སྦྱོར་ཐབས་ཀྱིས་མཆོད་པར་བྱའོ། །འདི་ནི་འདོད་པའི་དབང་ཕྱུག་མ་ཕྱག་རྒྱ་མ་ཀུན་གྱི་དབང་པོའི་ཚོགས་ཐམས་ཅད་ཀྱི་བདེ་བའི་རོ་རིམ་པ་ཉིད་དེ་བཞིན་དུ་ཉམས་སུ་མྱོང་བར་བྱའོ། །དབུགས་འབྱིན་ནི། ལྭ་བ་པས་ཤེས་རབ་ཀྱི་རླུང་རྣམས་ཀྱིས་འབབ་པའོ་ཞེས་གསུངས་པའི་དོན་ནོ། །ཕོ་ཉ་མོའི་རྩ་དབུ་མའི་རླུང་ཐབས་ཀྱི་རྩ་དབུ་མའི་སྒོར་ཞུགས་པས་རྐྱེན་བྱས་ནས། བྱང་ཆུབ་ཀྱི་སེམས་འབབ་པའི་གནད་ཤིན་ཏུ་ཟབ་པ་ཅིག་ཡིན་ཏེ། བློ་གྲོས་ཆེ་ལ་ཞིབ་པས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལ་བརྟེན་ནས་ཤེས་དགོས་པར་ཡོད་དོ། །བསྒུལ་བ་ནི་བྱང་ཆུབ་ཀྱི་སེམས་བབ་པས་ལུས་འདར་བའོ། །རྒོད་པ་ནི་བཞད་པའི་ལུས་ཀྱིས་རིག་མ་གནོན་པའོ། །སྒེག་པའི་གར་ནི་གར་གྱི་འགྲོས་ཀྱིས་རིག་མ་ལ་འཇུག་པའོ། །ངོ་མཚར་བ་ནི་སོ་སྐྱེ་རྣམས་རྨད་དུ་གྱུར་པར་མཛད་པའོ། །དེ་ལྟར་མཛད་པས་རྣལ་འབྱོར་མ་གང་དག་སྣ་ཚོགས་པ་སྟེ་ཐམས་ཅད་ཀྱི་མདུན་དུ་འདི་ལྟར་བརྒད་པར་བྱའོ། །ཞེས་པའི་དོན་ནོ། །དེ་ཡང་ཕྱག་རྒྱ་མོ་དང་བཞད་པའི་སྔགས་ནི་རྗེས་སུ་དྲན་པར་བྱས་ལ་བརྒད་པར་བྱའོ། །བཞད་པའི་སྔགས་བརྒྱད་ནི་ཧ་ཧཱ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ རྣམ་པ་བརྒྱད་དེ་འདི་དག་གིས་རྒོད་པའོ། །


JLD008_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེ་རྣམས་ནི་ལྭ་བ་པའི་འགྲེལ་པར་གསལ་བར་འབྱུང་བས་ཁ་བསྐངས་པའོ། །གཉིས་པ་ནི། སྐལ་ལྡན་ལ་སོགས་པ་ནི་མེ་ཏོག་ཆུ་ནི་སྔར་དང་འདྲ། སྔགས་ནི་རྩ་སྔགས་སམ་ཡི་གེ་བདུན་པ་དང༌། དེ་བཞིན་སྦྱིན་ནི་འཁོར་ལོ་གསུམ་ལ་གནས་པ་ལ་སྦྱིན་པ་དང༌། གཙོ་མོ་ཆེ་ཞེས་པ་ལ་ནག་མོ་ཆེ་ཞེས་འདོན་ཞིང༌། དོན་ནི་རྡོ་རྗེ་ཕག་མོ་ལ་འཆད་དེ་ལས་རྒྱ་དེར་སྒོམ་པའོ། །ཐོག་མ་ཞེས་སོགས་ལ་ཐོག་མ་བར་དང་ཐ་མར་ཕྱག་རྒྱ་རང་གི་དབང་དུ་འགྱུར་བ་དང༌། བཞད་པ་ཉིད་ཕྱག་རྒྱ་ཡིན་པས་ན་རོལ་ཞིང་རྒོད་པ་གཙོ་བོར་གྱུར་པ་ནི་དགའ་བར་བྱེད་པ་དང༌། ཕྱག་རྒྱ་དེས་ལྟ་བའི་བསྙེམས་པར་སྟོན་ཞིང༌། རང་གི་བཞད་པའི་བསྙེམས་པ་དང་ལྡན་པའི་ལྷ་མོ་ནི་གྲགས་པ་དང་ལྡན་པར་འགྱུར་རོ། །བཞད་པ་དེ་ནི་ཉེ་བར་མཚོན་པ་ཙམ་མོ་རབ་ཏུ་དགའ་བའི་བདེ་བ་ཐམས་ཅད་ཀྱང་མཚན་མོའམ་ཉིན་མོར་བྱའོ་ཞེས་སྦྱར་རོ། །གཟུགས་དང་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོ་མཐོང་བ་དང༌། གྲུབ་པའི་ལྷ་མོ་རྣམས་སྔོན་མ་བྱུང་བའི་གཟུགས་དང་བྱ་བ་དག་སྟོན་པར་བྱེད་དེ། དེའི་ལས་བསྟན་པ་དང༌། ལས་ཀྱི་ལན་བསྟན་པ་ནི་རྟག་ཏུ་ཞེས་སོགས་ཏེ། ལྷ་མོའི་བྱེ་བ་ནི་རྡོ་རྗེ་ལ་ནི་ཞེས་སོགས་སོ། །སྒྲུབ་པ་པོའི་བྱ་བ་ནི་དབུགས་འབྱིན་ཞེས་སོགས་ཏེ། དབུགས་འབྱིན་ནི་རླུང་རྒྱུ་བ་མེད་པར་བྱེད་པའོ། །སྒེག་པ་དང་ཞེས་བྱ་བ་ནི་གར་གྱི་ཁྱད་པར་རོ། །སྣ་ཚོགས་ནི་སྒྲུབ་པ་པོའི་ལས་སོ། །ཞེས་འཆད་དོ། །ཕོ་ཉ་མོ་ལས་སྣ་


JLD008_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ལ་དབང་བྱེད་པའི་དབང་ཕྱུག་མ་རྣམས་མཆོག་ཏུ་དགའ་བར་ཏེ་རྗེས་སུ་ཆགས་པར་བྱེད་པའོ། །ཧ་ཧཱ་ཞེས་སོགས་བྱ་བར་གསུངས་པ་འདི་རྣམས་ཉེ་བར་ཏེ་ཕོ་ཉ་མོ་ཁྱད་པར་ཅན་རྣམས་ཀྱི་མངོན་སུམ་དུ་སྒྲུབ་པ་པོས་བྱའོ། །རྟག་ཏུ་སྟེ་སྒྲུབ་པ་པོ་ལ་གནས་པ་དེ་སྲིད་དུ་ངུ་ཞིང་མཆི་མ་འབྱུང་བར་བྱེད་པ་དེ་དག་བསྔགས་ལ། ངུ་བ་དང་མཆི་མ་འབྱུང་བ་དང་བཞད་པ་བརྒྱད་ཀྱི་སྔགས་ཟློ་བ་དེ་ཉིད་ཀྱིས་ཕོ་ཉ་མོ་དེ་དག་དགའ་བར་འགྱུར་ཞིང༌། བསམ་གཏན་ཏེ་ལྷའི་རྣལ་འབྱོར་དང༌། སྔགས་ཀྱིས་བཟླས་པས་ལེགས་པར་སྦྱོར་བ་སྟེ་ཤིན་ཏུ་མནན་པ་ནི་རང་གི་རིག་མ་རྣལ་འབྱོར་མའོ། །གཙོ་མོ་སྟེ་རབ་གཏུམ་མ་ལ་སོགས་པའི་དཔའ་མོ་རྣམས་དང༌། ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་བོ་རྣམས་དང་ལྷན་ཅིག་ཏུ། ལུས་ཀྱི་བ་སྤུ་ལྡང་བ་དང༌། ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །རྡོ་རྗེ་ལ་ནི་འགོམ་མི་བྱ། ཞེས་པ་ལྟར་ན་རང་གི་རྡོ་རྗེ་པདྨར་གཞུག་པ་ལས་འགོམ་པར་མི་བྱ་བའོ། །དེ་ནི་གཡོན་པ་སྟེ་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་བརྟགས་པ་སྟེ་ངེས་པར་དགོངས་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྒོད་པའི་སྔགས་རྣམ་པར་བརྒྱད་དང༌། མཁའ་འགྲོ་མའི་གཟུགས་ཀྱི་རྒྱུ་སྟེ་རབ་གཏུམ་མ་ལ་སོགས་པའི་གཟུགས་ཀྱི་སྤྲུལ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་


JLD008_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གསལ་བ་ལས། ལེའུ་བཞི་བཅུ་རྩ་གཉིས་པའི་བཤད་པའོ།། ༈ །།བཅུ་གཅིག་པ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་གཞན་བསྟན་པ་ལ་ལྔ། ཡབ་ཀྱི་ཉེ་སྙིང་དང་གོ་ཆས་ལས་བསྒྲུབ་པ། དཔའ་མོའི་གོ་ཆ་དང་ཧ་ལྔ་ལ་བརྟེན་ནས་ལས་བསྒྲུབ་པ། སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་སྒྲུབ་པ་དང་ལྷ་སྒོམ་པ་རྟག་ཏུ་བྱ་བ། སྐྱེ་བདུན་བརྟག་པ་རྒྱས་པར་བསྟན་པ། ཡུམ་གྱི་སྙིང་པོའི་སྔགས་ཀྱིས་ལས་བསྒྲུབ་པའོ། །དང་པོ་ལ་གཉིས། ཡབ་ཀྱི་ཉེ་སྙིང་ལ་བརྟེན་ནས་བསྒྲུབ་པ་དང༌། དེ་དང་ཡུམ་གྱི་གོ་ཆ་ལ་བརྟེན་ནས་བསྒྲུབ་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཞེ་གཉིས་པ་བཤད་པ་དེ་ནས་སྒྲུབ་པ་པོ་རྣམས་རྣལ་འབྱོར་མ་རྣམས་ཀྱིས་རྗེས་སུ་གཟུང་བའི་དོན་དུ། སྤྱན་རས་ཀྱིས་གཟིགས་པའི་ཐབས་བཤད་པར་བྱའོ། །དགོས་པ་གང་གི་དོན་དུ་རྣལ་འབྱོར་མ་རྣམས་ཀྱིས་སྤྱན་རས་ཀྱིས་གཟིགས་པའི་ཐབས་འཆད་ཅེ་ན། རྣལ་འབྱོར་མས་སྤྱན་རས་ཀྱིས་གཟིགས་ན། སྒྲུབ་པ་པོས་མི་རྣམས་དཔའ་བོ་ཐོད་པའི་དུམ་བུ་ལ་སོགས་པ་ལྟར། རྣལ་འབྱོར་མ་རབ་གཏུམ་མ་སོགས་དང༌། གཉིས་སུ་མེད་པར་སྙོམས་པར་འཇུག་པར་འགྲོ་བར་འགྱུར་བའི་ཕྱིར་དུའོ། །སྒྲུབ་པ་པོ་ཇི་འདྲ་བ་ཞིག་ལ་སྤྱན་རས་ཀྱིས་གཟིགས་པར་འགྱུར་ཞེ་ན། པུ་ལླི་ར་ལ་སོགས་པའི་གནས་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པའི་དབྱེ་བའི་ཆོ་ག་ཕྱི་དཀྱིལ་དང༌། ནང་ལུས་དཀྱིལ་ལ་ཇི་ལྟར་སྒོམ་པ་ཤེས་པ་དང༌།


JLD008_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་ཀྱང་དེ་དག་སྒོམ་པ་ལ། དུས་རྟག་ཏུ་མངོན་པར་དགའ་ཞིང་སྒོམ་པ་ལ་སྤྱན་རས་ཀྱིས་གཟིགས་པར་འགྱུར་རོ། །འདིས་ནི་ཕོ་ཉ་མོ་མཆོག་རྣམས་དང་འདུས་ཏེ་ལམ་བགྲོད་པ་ལ། ལུགས་འདིའི་སྒྲུབ་ཐབས་ཕྱིན་ཅི་མ་ལོག་པར་ཤེས་ནས་དུས་རྒྱུན་དུ་སྒོམ་དགོས་པར་སྟོན་ཏེ། འདི་ལ་ངེས་པ་ཆེན་པོ་རྙེད་དགོས་སོ། །གཉིས་པ་ལ་ལྔ། གང་དུ་གཟིགས་པའི་གནས། གཅེར་བུའི་མཆོད་པ། བར་ཆད་བསྲུང་བའི་སྔགས། སྔགས་ཀྱི་ནུས་པ་ཐོབ་པ་ལ་བརྟེན་ནས་ལས་བསྒྲུབ་པ། ལས་ཀྱི་ནུས་པ་འགྲུབ་པའི་ཐབས་སོ། །དང་པོ་ནི། འོ་ན་གནས་གང་དུ་གནས་པ་ལ་རྣལ་འབྱོར་མས་གཟིགས་པར་འགྱུར་ཞེ་ན། ལམ་བཞི་འདུས་པའི་མདོའམ་རང་གི་ཁྱིམ་དག་གམ། དཔའ་བོ་སྟེ་ཕྱོགས་སྐྱོང་ལ་སོགས་པའི་གནས་དང་རི་བོར་ནི་གནས་ཤིང༌། བཟའ་བ་དང་བསྲུང་བ་དང་བསྟེན་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་བ་ལ་གནས་པ་ལ། མཁའ་འགྲོ་མ་ཡིས་པདྨའི་མཚོ་ལ་ངང་པའི་ཚོགས་འདུ་བ་བཞིན་དུ། ཡུལ་ཐག་རིང་པོ་ནས་ཀྱང་ཐུགས་རྗེའི་སྤྱན་གྱིས་གཟིགས་པར་འགྱུར་ཏེ། གདུལ་བྱ་སྣོད་དང་ལྡན་ཞིང་རྣལ་འབྱོར་མ་རྣམས་ཐུགས་རྗེ་ཆེན་པོས་ཐུགས་གདུངས་པའི་ཕྱིར་རོ། །དམ་ཚིག་གནས་ལ་མཁའ་འགྲོ་མ། །རིང་པོ་ནས་ཀྱང་གཟིགས་པར་འགྱུར། ཞེས་འབྱུང་བ་གོ་བདེའོ། །གཉིས་པ་ནི། རྣལ་འབྱོར་པ་གོས་མེད་པ་གཅེར་བུར་བྱས་ཏེ། ཕྱག་རྒྱ་མོ་མཆོད་པ་ནི་གཅེར་བུའི་མཆོད་པའོ། །མཆོད་པའི་ལས་ཉིད་ཀྱིས་ནི་ཡོངས་


JLD008_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲོལ་བར་འགྱུར་རོ། །ཕྱག་རྒྱ་གཅེར་བུར་མཆོད་པ་ཡི། །ལས་ཉིད་ཀྱིས་ནི་ཡོངས་སུ་གྲོལ། ཞེས་འབྱུང་ངོ༌། །དེ་ཡང་སྟག་ལྤགས་ཀྱི་གོས་ཉིད་ཀྱིས་ནི་བཀབ་པ་སྟེ་སྨད་དཀྲིས་པ་དང༌། འམ་གྱི་སྒྲས་གཅེར་བུ་དང༌། གཞན་ནི་རུས་རྒྱན་ཡན་ལག་ལ་བཞག་པས། ཇི་ལྟར་པདྨ་ལ་ཆུས་མི་གོས་ཤིང༌། མཁའ་ལ་ཉི་མའི་གདུང་བས་མི་གནོད་པ་བཞིན་དུ། འདོད་པ་རྣམས་ལ་ལོངས་སྤྱད་པ་ཉིད་ཀྱིས་རྣལ་འབྱོར་པ་ལ་གོས་པར་མི་འགྱུར་ཏེ། རྒྱུད་རྡོར་ཕྲེང་ལས། བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམ་སྤངས་ཏེ། །པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། ཞེས་གསུངས་སོ། །གོས་པར་མི་འགྱུར་བ་ནི་སེམས་རྒྱུད་ལ་ཉོན་མོངས་མི་སྐྱེ་བའི་དོན་མིན་ཏེ། ལམ་འདི་ཉོན་མོངས་པ་ཆགས་པ་ལམ་དུ་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་དེའི་དུས་ཀྱི་ཉོན་མོངས་ཀྱི་ཉེས་དམིགས་ངན་འགྲོར་འཁྲིད་པའི་ཉེས་པས་མི་གོས་ཞེས་པའི་དོན་ནོ། །དེ་ཡང་ངོ་བོ་ཉིད་ཤེས་ཞེས་གསུངས་པས། བྱང་སེམས་མི་འཕོ་བར་འཛིན་ནུས་པ་ཙམ་གྱི་མི་ཆོག་གི ། དེ་ཁོ་ན་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་སོགས་མང་པོ་ཞིག་དགོས་སོ། །བྲམ་ཟེ་ཆེན་པོས་ཀྱང༌། འཁོར་འདས་མ་ལུས་པའི་རང་བཞིན་སྟོང་ཉིད་ཤེས་པའི་སྟོང་པ་དང་སྦྱོར་རྒྱུ་མེད་པར། དབང་པོ་གཉིས་སྦྱོར་ལས་བྱང་སེམས་མི་འཕོ་བར་བདེ་བ་གྲུབ་པ་ཙམ་ནི། སྲིད་པའི་རྩ་བ་བདེན་འཛིན་གྱི་མ་རིག་པ་ལ་ཅི་ཡང་མི་གནོད་པས། བདེ་བ་དེ་ཇི་ཙམ་སྤྱད་བཞིན་བདེ་འཛིན་དེས་དྲངས་པའི་སྲེད་པ་ཇེ་


JLD008_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་དུ་འགྲོ་བས། སྐོམ་སྲེད་ཅན་གྱིས་སྨིག་རྒྱུ་ལ་ཆུར་འདུ་ཤེས་ནས་ཞུགས་པ་དང་འདྲ་བས། དེ་འདྲ་བ་ནི་སྨད་ལ། སྔར་བཤད་པ་ལྟར་གྱི་བདེ་སྟོང་སྦྱོར་ནུས་པ་ལ་ནི། ཐབས་དེ་མེད་ན་ས་གསུམ་གྱི་འགྲོ་བའི་རེ་བ་སྐོང་བའི་སངས་རྒྱས་མྱུར་དུ་མི་འཐོབ་པས། མྱུར་ལམ་གྱི་སྒོ་ནས་བསྔགས་པ་མཛད་དེ། ས་ར་ཧས། མ་ལུས་རང་བཞིན་གང་གིས་མི་ཤེས་པ། །ཀུན་ཏུ་རུ་ཡི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྐོམ་པས་སྨིག་རྒྱུ་སྙེག་པ་བཞིན། །སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་རྙེད་དམ། །རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །བདེ་བ་གང་གིས་རྣམ་པར་རོལ་པ་ནི། །ཅི་སྟེ་བདེ་བསྟེན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། ཞེས་གསུངས་སོ། །གཅེར་བུ་དང་པགས་པའི་གོས་བགོས་ནས་འདོད་པ་སྤྱོད་པ་དེ་བཞིན་དུ་སྐྲ་ཡང་གྲོལ་བས་ཕྱག་རྒྱ་མཉེས་པའི་ལས་རྣམས་ཐམས་ཅད་བརྩམ་པར་བྱའོ། །ཡང་ན་གཅེར་བུ་སྐྲ་གྲོལ་བས་དེ་ལ་གུས་པར་བྱས་ནས་ལས་ཐམས་ཅད་བསྒྲུབ་པར་བྱ་བའམ། བསླབ་པ་དང་དབང་བསྐུར་བ་སོགས་ཀྱི་ལས་ཐམས་ཅད་བརྩམ་པར་བྱའོ། །ཞེས་གསུང་ངོ༌། །གཙོར་གྱུར་ཞེས་པ་འགྱུར་གཞན་གཉིས་ལ་མེད་ཅིང༌། འགྲེལ་པ་རྣམས་ལས་ཀྱང་མི་འབྱུང་ངོ༌། །གསུམ་པ་ནི། གཅེར་བུར་སྙོམས་འཇུག་ལ་སོགས་པའི་ལས་བྱེད་པ་ལ་བགེགས་སྐྱེ་བར་མི་འགྱུར་རམ་སྙམ་ན། ལས་ཐམས་ཅད་རྩོམ་པ་ལ་ཡབ་ཀྱི་རྩ་བའི་སྔགས་དང༌། དེ་


JLD008_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གཞན་ཏེ་ཞལ་བཞི་པའི་སྔགས་ཀྱིས་ར་བ་དང་འདྲ་བ་དང་། གུར་དང༌བླ་རེ་དང་མདའི་དྲ་བ་དང༌། མེའི་དྲ་བའི་སྔགས་རྣམས་ཀྱིས་ཕྱོགས་རྣམས་བཅིང་བར་ནི་འཇུག་པ་ཡིས་བསྲུངས་ནས་བྱེད་པ་ནི། ལྷ་ཡུལ་བའི་ལྷའི་ཚོགས་རྣམས་ཀྱིས་ཀྱང་མ་མཐོང་བར་ཏེ་མི་མཐོང་ན། མི་རྣམས་ཀྱིས་ལྟ་ཅི་སྨོས་པས་དེ་བྱས་ནས་གཅེར་བུའི་མཆོད་པ་སོགས་ཀྱིས་ཤིག་ཅེས་པའོ། །ལོ་ཆེན་གྱིས། ལྷ་ཡུལ་ལྷ་ཡི་ཚོགས་ཀྱིས་ཀྱང༌། །མ་མཐོང་བར་ནི་མཆོད་པ་གྱིས། །ཞེས་བསྒྱུར་པ་ལྟར་ལྷ་སྦས་ཀྱི་འགྲེལ་པར་ཡང་འབྱུང་བ་ལེགས་སོ། །བཞི་པ་ལ་གཉིས། སྔགས་ཀྱི་ནུས་པ་ཁྱད་པར་བ་རྙེད་པའི་ཚུལ་དང༌། དེ་ལ་བརྟེན་ནས་ལས་རྣམས་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། སྙིམ་པ་མེ་ཏོག་གིས་བཀང་སྟེ་དེ་ལ་སྔགས་ཀྱིས་བསྔགས་ནས་ནམ་མཁའ་ལ་གྱེན་དུ་འཐོར་བ་ན། དེ་རྣམས་མཁའ་ལ་སྤྱོད་པ་སྟེ་ནམ་མཁར་གནས་ནས་མེ་ཏོག་དེ་དག་གཅིག་ཀྱང་ས་ལ་མ་ལྷུང༌ཞིང༌། མེ་ཏོག་ས་ལ་ལྷུང་བ་མ་མཐོང་ན་ལས་ཐམས་ཅད་བྱེད་པར་ནུས་ལ། སའི་གནས་ཀྱི་ཁྱད་པར་ཏེ་ཁྱད་པར་བ་རྣམས་ལ་གནས་པ་དང༌། མཁའ་ལ་འགྲོ་བ་སྟོང་ཕྲག་གིས་མཚོན་ནས་སྟེང་གི་ཕྱོགས་ན་གནས་པ་ཐུགས་པ་མེད་པ་རྣམས་ཀྱི་གནས་ལ་དབང་ནི་བྱེད་པར་འགྱུར་ཞིང༌། ངག་གི་དབང་ཕྱུག་མ་སྟེ་དབྱངས་ཅན་མ་ལ་སོགས་པའི་ལྷའི་བུ་མོ་རྣམས་དང༌། གསུང་གི་དབང་པོ་སྟེ་སྨྲ་མཁས་པ་ལྷའི་བླ་མ་ཕུར་བུ་དང༌། དེས་མཚོན་པའི་ལྷ་ཆེན་པོ་གཞན་རྣམས་འགུགས་པར་འགྱུར་རོ། །ལྷ་དང་ལྷ་ཞེས་པ་ནི་མང་པོ་སྡུད་པའི་ཟློས་སྒྲ་སྟེ། དེ་ཀུན་གྱི་


JLD008_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་སྟེ་སྐད་ཤེས་ཤིང༌། སྐར་མའི་རྒྱུ་བ་རྣམས་ཀྱང་ཤེས་པར་འགྱུར་རོ། །གོ་རིམ་ཞེས་སོགས་ནི་འགྲེལ་པ་རྣམས་ལ་མེད་ལ། ཡོད་པ་ལྟར་ན་སྐད་རྣམས་གོ་རིམ་མི་འཆོལ་བར་ཤེས་པའི་དོན་ནོ། །གཉིས་པ་ལ་གསུམ། མི་སྣང་བ་དང་ཤིང་དགུག་པ། རྨི་ལམ་བརྟག་པ་དང་པྲ་དབབ་པ། ནད་ཞི་པ་ལ་སོགས་པའི་ལས་སྒྲུབ་པའོ། །དང་པོ་ནི། གྲོང་གྲོང་ནི་གྲོང་མང་པོ་སྡུད་པའི་ཟློས་སྒྲའོ། །དེ་བཞིན་དུ་དགོན་པ་དབེན་པ་དང༌། གྲོང་ཁྱེར་དང་ནི་ལམ་གྱི་བཞི་མདོ་དང༌། ཤིང་གཅིག་ནི་ཤིང་གཞན་གྱི་གྲིབ་མས་ཤིང་དེ་མི་ནོན་ཞིང༌། ཤིང་དེའི་གྲིབ་མས་ཀྱང་ཤིང་གཞན་མི་ནོན་པའི་ཤིང་ངོ༌། །ཞིང་སྐྱོང་ལ་སོགས་པ་ལྷག་པར་གནས་པའི་དཔའ་བོའི་ཁྱིམ་དང༌། རི་རྩེ་དང་དབང་ཕྱུག་ཆེན་པོའི་མཚན་མ་སྟེ་ལིང་གའི་དྲུང་དུ་སྙིང་པོ་ལ་ཉེ་བས་ཉེ་བའི་སྙིང་པོ་ཡི་གེ་བདུན་པ་རྟག་ཏུ་དྲན་ཏེ། མི་སྣང་བ་སྒྲུབ་པའི་སྒོ་ནས་ཟློས་ན། ལྷ་དང་མི་གཞན་གྱིས་མཐོང་བར་མི་འགྱུར་བས་མི་སྣང་བ་འགྲུབ་བོ། །སྔར་བཤད་པའི་གནས་དེ་དག་ཏུ་བསྒྲུབས་ན་འགྲུབ་པ་དེ་བས་ན། གྲོང་ལ་སོགས་པའི་ཡུལ་ཕྱོགས་འདི་དག་ཏུ་སྒྲུབ་པ་པོ་ནི་རྟག་ཏུ་གནས་པ་ཡིན་ནོ། །རང་ཧེ་རུ་ཀར་གསལ་བའི་སྙིང་ཁར་པདྨ་འདབ་མ་དྲུག་པ་ལ་ཉེ་སྙིང་ཡི་གེ་བདུན་གྱི་བདག་ཉིད་ཅན་ཁ་དོག་དམར་པོ་བསམས་ནས། སྔགས་ཁ་དོག་དམར་པོ་བུང་བ་འཁྲིགས་པ་ལྟ་བུར་འཕྲོས་པ་ཤིང་སྡོང་གི་རྩེ་མོར་བསམས་ནས། ཡི་གེ་བདུན་པ་དང་དབྱེར་མི་ཕྱེད་པར་འདྲེས་


JLD008_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ན་ཤིང་སྡོང་དེ་དམའ་བ་སྟེ་འགྱེལ་པར་འགྱུར་རོ། །ཤིང་དྲུང་ཞེས་པ་ལྟར་ན་ཤིང་གི་རྩ་བར་སེམས་པ་ཡིན་མོད་ཀྱང་བྷ་བས་རྩེ་མོར་ཡི་གེ་བདུན་སེམས་པར་བཤད་དོ། །ས་རྣམས་ཞེས་པ་ལ་ས་འཛིན་ཞེས་འབྱུང་ཞིང༌། དེའི་དོན་རྡོ་ཡི་རི་བོ་ལ་བཤད་དེ་སྔར་ལྟར་བྱས་ན་དེ་རྣམས་ཀྱང་ནི་འགྱེལ་བར་འགྱུར་བ་ལས་གཞན་དུ་མིན་ནོ། །གཉིས་པ་ནི། རང་ཧེ་རུ་ཀར་གསལ་བའི་ལུས་ཀྱི་སྙིང་གར་པདྨ་དམར་པོ་འདབ་མ་དྲུག་པ་ཅིག་བསམ། དེའི་ལྟེ་བ་འདབ་མ་དང་བཅས་པ་བདུན་ལ། ཉེ་སྙིང་གི་ཡི་གེ་རེ་རེ་རྣམ་པར་བཀོད་དེ། མལ་འོག་གི་ས་ལ་བདུད་རྩི་ལྔས་བྱུགས་ཏེ། ཀུ་ཤ་སྟན་དུ་བྱས་པ་ལ་ཉལ་ལ། ཡི་གེ་བདུན་གྱི་བདག་ཉིད་ཅན་གྱི་སྔགས་གྲངས་བརྒྱ་རྩ་བརྒྱད་པ་ཉིད་དུ་བཟླས་ཏེ། རང་ལས་མཁའ་འགྲོ་མའི་འཁོར་སྤྲོས་ནས་འཇིག་རྟེན་གསུམ་དང་ལྷན་ཅིག་འདྲེས་ནས། སླར་ཡང་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། ཉལ་བའི་ཆོ་ག་བཞིན་དུ་ཉལ་ན་རྨི་ལམ་དུ་ནི་བྱ་བ་ཀུན་རང་གི་ཡིད་ལ་འདོད་པ་ཐམས་ཅད་སྟོན་པར་འགྱུར་རོ་ཞེས་གསུང་ངོ༌། །བཤད་སྦྱར་ལས། རང་གི་ལུས་ལ་དཀྱིལ་འཁོར་གྱི་འཁོར་ལོ་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམས་ལ། བདུད་རྩི་ལྔས་བྱུགས་པའི་ཀུ་ཤའི་སྟན་ལ་ཉལ་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཉལ་བས་རྣལ་འབྱོར་མས་རྨི་ལམ་དུ་སྟོན་ནོ་ཞེས་འཆད་དོ། །དཔའ་བོས་རང་གི་ལུས་ལ་རྣམ་བཀོད་ཀྱི་དོན། རང་གི་སྤྱི་བོ་དང༌། དཔྲལ་བ་དང༌། མིག་གཉིས་དང༌། ཁ་དང་ཕྲག་པ་དང༌། སྙིང་གར་ཟླ་བའི་དཀྱིལ་


JLD008_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྟེང་དུ་ཁ་དོག་དཀར་པོའི་ཡི་གེ་བདུན་དགོད་ཅེས་འཆད་དོ། །བྷ་བས་བདག་གི་ལུས་ལ་བཀོད་པའི་དོན། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ། ཨོཾ་ནས་བགྲངས་པའི་ཡི་གེ་དྲུག་དང༌། ཡིད་ལ་ཧཱུཾ་བཀོད་པའི་མཐར་ཕཊ་དགོད་པར་འདོད་དོ། །རྨི་ལམ་རྟོག་པ་འདི་ནི་བྱ་སླ་ཞིང་དོན་ཆེ་བ་དང༌། གྲུབ་ཆེན་སོ་སོའི་མན་ངག་ལས་འབྱུང་བ་ཡིན་པས་ཀུན་ཤེས་ན་གཅིག་ལ་མ་བྱུང་ཡང་བརྟག་པ་གཞན་ལ་བྱས་པས་ཆོག་པས་བཀོད་དོ། །བླ་མ་གོང་མའི་མན་ངག་ནི། འབབ་ཆུའི་འགྲམ་གྱི་བྱེ་མ་དང་ཀུ་ཤ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་བདུད་རྩི་ལྔ་གཏོར་ལ། ས་ཕྱོགས་གཙང་མར་བྱེ་མའི་སྟེང་དུ་འདུག་སྟེ་རང་གི་སྙིང་གར་འཁོར་ལོ་བསམས་ལ། བཟླས་བརྗོད་ཀྱི་སྔགས་བདག་གི་ཁ་དང་མིག་དང་རྣ་བ་དང་སྣ་ནས་འཕྲོས་ཏེ། སེམས་ཅན་ལ་ཁྱབ་པར་བྱས་ཤིང་སླར་བསྡུ་པའི་སྦྱོར་བས་གསང་སྔགས་ཟློ་ཞིང༌། གློ་གཡས་པ་ཕབ་ནས་ཉལ་ན་ཇི་སྐད་བཤད་པ་དེ་བཞིན་དུ་འགྱུར་རོ། ཞེས་གསུང་ངོ༌། །རྨི་ལམ་དུ་ཡིད་ལ་འདོད་པ་སྟོན་ཚུལ་ནི། དུས་མིན་པར་འཆི་བ་དང༌། བཅོམ་པ་དང་ཉམས་པ་སོགས་ཀྱི་བྱ་བ་ཀུན་ཏུ་གང་གྱུར་པ་དང༌། བྱ་བ་དང་མི་བྱ་བ་རྣམ་པ་སྣ་ཚོགས་པ་སྔར་བཤད་པ་ལས་གཞན་དག་ཐམས་ཅད་ཀྱང་རྨི་ལམ་དུ་རྣལ་འབྱོར་མས་སྟོན་ནོ། །དུས་མིན་ཞེས་པའི་རྐང་པ་གཅིག་ལ་དུས་མ་ཡིན་པར་འཆི་བ་བཅོམ་པ་སྟེ་སེལ་བར་བྱེད་ཅིང༌། ཉམས་པ་འཕེལ་


JLD008_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པར་འགྲེལ་པ་གསུམ་ལས་འཆད་དེ། དུས་མིན་དུ་འཆི་བ་སོགས་ཀྱི་མཚན་མ་མཐོང་ན། འདི་ལ་འདི་ལྟར་གྱིས་ཞེས་ཐབས་བསྟན་པས་དུས་མིན་གྱི་འཆི་བ་སེལ་བ་སོགས་བྱེད་པའོ། །ལྷས་རྨི་ལམ་དུ་ལུང་སྟོན་པ་དེ་བཞིན་དུ་ལྷའི་མཐུས་པྲ་ཕབ་པས་བྱ་བ་དང་མི་བྱ་བ་སྟོན་པ་ནི། མཛེས་པའི་གཞོན་ནུ་མའམ་ཁྱེའུ་གཞོན་ནུ། དུས་ཚོད་མིན་པ་ཞེས་པ་དགོངས་མོ་བོས་ཏེ་མིག་བཀབ་ལ་ཉེ་སྙིང་གི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་པས་བསྔག་གོ། ཐོ་རངས་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་ཏེ། ཁང་པའི་ནང་དུ་མར་མེ་སྤར་ལ། དྲི་བཟང་པོའི་ཆུས་བཀང་བའི་བུམ་པས་བྲིས་སྐུ་དང་སྐུ་གཟུགས་རྣམས་ལ་ཡང་དག་པར་མཆོད་དོ། །རལ་གྲིའམ་ཆུ་དང་མར་མེ་དང་མེ་ལོང་བསྟན་ལ། སྔགས་པས་བདག་ཉིད་རྟག་ཏུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པས། པྲ་སེན་ནི་འབེབས་པར་བྱེད་ཅིང༌། དཔལ་ཧེ་རུ་ཀ་བསྒོམས་ནས་ཉེ་སྙིང་ལན་བདུན་དུ་བཟླས་བརྗོད་བྱས་པས་དགེ་བ་སྟེ་བྱར་རུང་བ་དང༌། མི་དགེ་བ་སྟེ་བྱར་མི་རུང་བ་རྣམས་ལྷའི་མཐུས་སྟོན་པར་འགྱུར་རོ། །ཡང་ན་མཐེ་བོང་ཏིལ་མར་གྱིས་བཀྲུས་ལ། སེན་རྩི་ཞེས་པ་རྒྱ་སྐྱེགས་ཀྱི་ཁུ་བས་བྱུགས་ཏེ། གཞོན་ནུའམ་གཞོན་ནུ་མ་ལ་བསྟན་ན་སུ་ཞིག་གིས་ནོར་ཁྱེར་བ་སྨྲ་བར་འགྱུར་ཞིང༌། བཅོམ་པ་དང་ཉམས་པ་ལ་སོགས་པ་ཡང་སྟོན་པར་འགྱུར་ཏེ་མཐེ་བོང་ལ་པྲ་དབབ་པའོ། །གསུམ་པ་ལ་ལྔ། སྔགས་དང་འཁོར་ལོ་ལ་བརྟེན་ནས་ནད་ཞི་བར་བྱ་བ། དབང་གི་སྦྱིན་སྲེག་གདམ་ང་དང་བཅས་པ།


JLD008_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་དབྱེ་བས་ཁ་དོག་གི་དབྱེ་བ་བསྟན་པ། དུག་དང་རིམས་ལ་སོགས་པ་འཇིག་ཚུལ། རྒྱན་པོ་དང་གཡུལ་ལས་རྒྱལ་བ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། པྲ་འབེབས་པ་བཤད་པ་དེ་ནས་དཔའ་བོ་ཧེ་རུ་ཀའི་ཉེ་སྙིང་ཡི་གེ་བདུན་པའི་སྔགས། འཁོར་ལོ་ལ་དགོད་པའི་དབྱེ་བ་མི་འདྲ་བ་ཉིད་ཀྱི་ལས་སྒྲུབ་ཚུལ་བཤད་པ་ནི། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཉེ་སྙིང་གི་ཧཾ་ལ་སོགས་པས་དངོས་སུ་དགོད་པ་སྟེ་བྲི་བའམ་ཡིད་ཀྱིས་བསམས་ནས་ནི། དེའི་དབུས་སུ་ནད་པ་བསམས་ཏེ་སྦེལ་ཚིག་དང་བཅས་པས་ཉེ་སྙིང་སྟོང་གི་བར་དུ་བཟླས་པར་བྱ་ཞིང༌། ལག་པ་ལ་སྔགས་ཀྱི་ཡི་གེ་ཤེལ་གྱི་རྣམ་པ་ལྟ་བུར་ནི་བསྒོམས་ལ་ནད་ཀྱིས་གདུངས་པའི་ནད་པ་ལ་བསྟན་པར་བྱས་ན། ལག་པ་མཐོང་བ་ཙམ་གྱི་མོད་ལ་ནི་ནད་ཀུན་འཇོམས་པར་ཐེ་ཚོམ་མེད་དོ། །སྐབས་འདིར་བསྒྲུབ་བྱའི་སྙིང་ཁར་དེའི་རྣམ་ཤེས་མཐེ་བོང་གི་ཚད་ཙམ་དྲི་མ་མེད་པའི་ཤེལ་ལྟར་བསྒོམས་ན་ནད་ལས་གྲོལ་བར་འགྱུར་རོ་ཞེས་འགྲེལ་པ་མང་པོས་འཆད་དེ་གཞུང་གིས་ཟིན་པར་འདོད་དོ། །སྟོན་ཀའི་དུས་ཀྱི་ཟླ་བ་འདྲ་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེ་ལ་ཟླ་བའི་དབུས་སུ་ཕྱོགས་བཞི་དང་དེའི་དབུས་སུ་རེའུ་མིག་ལྔ་བྱས་པས། མཚམས་སུ་བཞི་དང་བཅས་པའི་རེའུ་མིག་དགུ་རྣམ་པར་བཀོད་ཅིང༌། དེའི་དབུས་སུ་ཨོཾ། ཤར་དུ་ཧྲིཿ ལྷོར་ཧ། ནུབ་ཧ། བྱང་དུ་ཧུཾ། ཡང་དབུས་སུ་ཧུཾ། མཚམས་བཞིར་ཕཊ་བཞིའམ། ཊ་མ་གཏོགས་


JLD008_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་བཞི་དགོད་དེ། ཡི་གེ་ཤེལ་གྱི་མདོག་ལྟར་དཀར་པོར་སྣང་ཞིང་གསལ་བའི་འཁོར་ལོར་ནད་རྣམས་ཀུན་སེལ་བ་ལ། བསྒྲུབ་བྱ་དབུས་སུ་གནས་པའི་འཁོར་ལོ་ལག་པ་གཡོན་པར་བསྒོམས་ཏེ། རྒྱུ་བ་དང་མི་རྒྱུ་བའི་དུག་གིས་ཟིན་པའི་མགོ་བོར་བཞག་ལ། དེ་ལས་བདུད་རྩིའི་རྒྱུན་བབ་པས་ལུས་ཐམས་ཅད་ལ་དུག་མེད་པར་བསམས་ན་དུག་མེད་པར་འགྱུར་རོ། །དེ་བཞིན་དུ་རིམས་དང་གདོན་དང་སོགས་ཀྱི་སྒྲས་རྒྱུ་བ་དང་མི་རྒྱུ་བའི་དུག་དང༌། བརྗེད་བྱེད་དང་གཟེར་ནད་ཀྱི་སྒྲས་ལྷོག་པ་སོགས་དང༌། མཛེ་ཅན་དང་མཆེ་བའི་དུག་གིས་ཟིན་པ་སོགས་ཀྱི་ནད་རྣམས་དང༌། དེ་དག་ལས་གཞན་པའི་ནད་ཀུན་ཐེ་ཚོམ་མེད་པར་ནི་ཟླ་བའི་གཟུགས་ལ་ཡི་གེ་བདུན་པ་བཀོད་པ་ལག་པ་གཡོན་པར་བསམས་ནས་ནད་ཀྱིས་གདུངས་པ་ལ་བསྟན་པའམ་བྱབ་པར་བྱས་ཤིང༌། སྔགས་ཀྱི་ཡི་གེ་དེ་རྣམས་ཀྱི་འོད་ཟེར་བདུད་རྩིའི་རང་བཞིན་ཅན་བྱུང་སྟེ། ཤར་ལ་སོགས་པའི་ཕྱོགས་བཅུར་རྣམ་པར་འབྱེར་བ་སྟེ་ཁྱབ་པར་བསྒོམས་ན་དུག་ལ་སོགས་པ་སེལ་ལོ། །གཉིས་པ་ནི། སྦྱིན་སྲེག་གི་དུས་ནི་མཚན་མོ་གསང་བ་སྟེ་དབེན་པ་ལ་གནས་ཏེ། གཽ་ནི་དོན་མང་པོ་ལ་འཇུག་ཀྱང་འདིར་ནི་བ་ལང་ངོ༌། །མཾ་ས་ནི་ཤའོ། །དེ་ནི་བུ་རམ་དང་སྦྲང་རྩི་དང་ཤ་ཁ་རའི་མངར་གསུམ་ལ་བཏགས་པ་སྟེ། དེ་གསུམ་གྱིས་སྦགས་པའི་བསྲེག་རྫས་ཡི་གེ་བདུན་གྱི་གསང་སྔགས་ཀྱིས་སྦྱིན་སྲེག་བྱེད་ལུགས་ཤེས་པས། དབང་གི་ལས་ཐམས་ཅད་


JLD008_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབ་ཏུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན། སྔགས་པས་ནང་བར་གྱི་དུས་སུ་ནི། གསེར་སྲང་སྟོང་ནི་རྙེད་པར་འགྱུར་ལ། སྦྱིན་སྲེག་སྟོང་ཕྲག་བཅུ་ཡིས་ནི་ཡུལ་འཁོར་དམ་པ་སྟེ་མཆོག་རྙེད་པར་འགྱུར་རོ། །སྦྱིན་སྲེག་གིས་སྒྲུབ་པ་ལས་ཡང་ན་སྔར་བཤད་པའི་གནས་གང་དང་གང་དུ་གསང་སྔགས་ཀྱི་རྒྱལ་པོ་ཉེ་སྙིང་ནི། ཞི་བ་ལ་སོགས་པའི་དོན་དུ་བསམས་ནས་ཟློ་བ་དེ་ཡི་ཚེ། གནས་དེ་དང་དེར་ནི་དོན་དེ་སྐྱེ་བ་སྟེ་འབྱུང་བར་འགྱུར་བར་ཐེ་ཚོམ་མེད་དོ། །བོད་ཁ་ཅིག་ན་རེ་ཞིང་གང་དུ་སྐྱེ་འདོད་པའི་གནས་སུ་སྐྱེ་བར་བྱའོ་སྙམ་ནས། ཉེ་སྙིང་བརྒྱ་རྩ་བརྒྱད་རེ་བཟླས་ན་གནས་གང་དུ་སྐྱེ་འདོད་པ་དེར་སྐྱེའོ་ཞེས་འཆད་པ་ནི་དོན་མིན་ཏེ། ལས་སྒྲུབ་པ་ལ་སྦྱིན་སྲེག་བྱེད་མི་བྱེད་གཉིས་ཀྱི་ཚུལ་སྟོན་པར་སྣང་བའི་ཕྱིར་རོ། །གསུམ་པ་ནི། དཀྱིལ་འཁོར་གྱི་ལྷ་དང་མེ་ལྷ་དང༌། སྔགས་ཀྱི་ཁ་དོག་དང༌། ཆས་གོས་དང༌། མེ་ཏོག་ལ་སོགས་པའི་མཆོད་རྫས་རྣམས་ཁ་དོག་དཀར་པོར་བྱས་པ་ཡིས་ནི། ནད་དང་གདོན་ལ་སོགས་པ་ཞི་བར་འགྱུར་བའི་ལས་འགྲུབ་ཅིང༌། དེ་རྣམས་ཁ་དོག་ནག་པོར་བྱས་པས་སྐད་ཅིག་དག་གིས་ཏེ་མྱུར་དུ་གསོད་པར་བྱེད་དོ། །དེས་མཚོན་ནས་བསྐྲད་པ་དང་དབྱེ་བ་སོགས་ཀྱང་ཤེས་པར་བྱའོ། །དེ་རྣམས་དམར་པོར་བྱས་པས་ནི་བསྒྲུབ་བྱ་དབང་དུ་འགྱུར་པ་སྟེ་དེ་ཡང་འཕྲལ་དུ་ངེས་པར་འགུགས་པར་འགྱུར་རོ། །ལྷ་ལ་སོགས་པ་རྣམས་ཀྱི་ཁ་དོག་སེར་པོ་བྱས་པ་ཡིས་གཞན་གྱི་དཔུང་ལ་སོགས་


JLD008_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་གནོན་པ་སྟེ་རེངས་པར་འགྱུར་ཏེ། ལས་སོ་སོ་ལ་ཁ་དོག་གི་དབྱེ་བ་སོ་སོར་བཤད་པ་འདི་ནི་བསྟན་བཅོས་ཏེ་རྒྱུད་རྣམས་ལས་ངེས་པ་ཡིན་ནོ། །ཐམས་ཅད་གནོན་ཞེས་པའི་གནོན་བྱ་སྟོན་པ་ནི་ལྷ་ལ་སོགས་པ་ཁ་དོག་སེར་པོ་ཡིས་ནི་གཞན་གྱི་དཔུང་ནི་གནོན་པ་དང༌། ཆུ་ལ་འགྲོ་བའི་གྲུ་དང༌། གཞན་གྱིས་བྱས་པའི་འཁྲུལ་འཁོར་དང༌། གླང་པོ་ཆེ་ལ་སོགས་པ་གནོན་པ་སྟེ་རེངས་པར་བྱེད་དོ། །དེ་རྣམས་ཁ་དོག་དཀར་པོ་ཡིས་ནི། ཡིད་ལ་བསམས་པ་ཙམ་གྱིས་ནི་དུས་མ་ཡིན་པའི་འཆི་བའི་རྒྱུ་ཡང་ཞི་བར་བྱས་ཏེ། འཆི་བ་དེ་ལས་ངེས་པར་སློང་བ་སྟེ་ཐར་བར་འགྱུར་རོ། །དུག་སྦྲུལ་ཆེན་པོ་བརྒྱའི་མཆེ་བའི་དུག་གིས་ཟིན་པའི་དུག་གི་ནད་དེ་ཡང་དེ་ལས་མྱུར་དུ་སློང་བ་སྟེ་ཐར་བར་བྱེད་དོ། །བཞི་པ་ནི། དུག་གིས་བརྒྱལ་བ་རྣམས་སྒྲུབ་པ་པོས་མཐོང་ནས་བརྒྱལ་བ་དེ་ལས་རབ་ཏུ་སད་པའི་ཐབས་བྱས་པས། བརྒྱལ་བ་ལས་རབ་ཏུ་སད་བར་འགྱུར་ལ། ཉིན་གཅིག་པ་ལ་སོགས་པའི་རིམས་དང༌། གཟའ་ལ་སོགས་པའི་གདོན་དང༌། བརྗེད་བྱེད་ཀྱི་གདོན་གྱིས་ཟིན་པ་རྣམས་ནི། སྔགས་པའི་ལག་པ་གཡོན་པར་འཁོར་ལོ་བྲིས་པ་མཐོང་བས་འཇིག་པ་སྟེ་དེ་རྣམས་ཉམས་པར་འགྱུར་རོ། །ལྔ་པ་ནི། རྒྱན་པོ་སྟེ་ཤོ་འདེབས་པ་དང༌། གཡུལ་དུ་འཇུག་པའི་དུས་སུ་ཉེ་སྙིང་གི་འཁོར་ལོ་དང་བཅས་པའི་ལག་པའི་ཁུ་ཚུར་བཅིངས་ཏེ། ཡིད་ལ་ཉེ་སྙིང་གི་སྔགས་སྤེལ་ཚིག་དང་བཅས་པ་རྟག་ཏུ་ཟློས་པར་བྱེད་ན། ཁུ་ཚུར་མ་བཀྲོལ་བ་དེ་སྲིད་དུ་རང་གང་འདོད་པའི་བྱ་བ་ཐམས་ཅད་སྒྲུབ་པ་སྟེ་འགྲུབ་པར་འགྱུར་ལ།


JLD008_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དགྲ་བོ་ལག་ན་ནི་མཚོན་ཆ་འཕྱར་པར་བྱེད་པ་ཡང༌། ཇི་སྲིད་ཁུ་ཚུར་མ་བཀྲོལ་བར་དུ་མཚོན་ཆ་གཏོང་བར་མི་ནུས་སོ། །ལས་སྦྱོར་འདི་ལ་ལཱ་བ་པས། ལྡོང་རོས་སམ་ཡུང་བས་ལག་པ་གཡོན་པའམ་ཟངས་ལེབ་ལ་འཁོར་ལོ། ཆེ་གོ་མོའི་ལུས་ལ་འཁོར་ལོ་ཐམས་ཅད་ཟློག་ཅིག་ཅེས་པ་སྤེལ་ཚིག་དང་བཅས་པ་བྲིས་ལ། སྔགས་སྟོང་བཟླས་ནས་ཁ་བསུབས་ལ་རྡོ་རྗེའི་ཆུ་རུ་གཞུག །དེ་ནས་བླངས་ཏེ་སྔགས་བཟླས་ཤིང་ཁུ་ཚུར་གྱི་ནང་དུ་བཅུག་ན། ཁུ་ཚུར་མ་བཀྲོལ་བར་དུ་མཚོན་ཆས་མི་ཚུགས་སོ། །འགེགས་ནས་ཤི་བའི་རོའི་ཁར་རྡོ་རྒྱུས་བཅུག་དེ་ནས་བླངས་ཏེ། རང་ཁ་ནུབ་ཕྱོགས་མིན་པར་བལྟས་ནས་འཁོར་ལོ་འདི་བྲིས་ན་བྲིས་པ་ཙམ་གྱིས་རྒྱན་པོ་ལས་རྒྱལ་བར་འགྱུར་རོ་ཞེས་འཆད་དོ། །ཡང་ན་ལ་གཞན་ཡང་ཞེས་འབྱུང་བ་ལེགས་པས་སྔར་བཤད་པའི་དཔུང་གནོན་པ་སོགས་ལས་གཞན་པའི་ཕ་རོལ་པོའི་ལུས་ངག་རེངས་པར་བྱེད་པའི་བྱ་བ་ཐམས་ཅད་ནི། འཁོར་ལོ་ལག་པར་བཅུག་ནས་ཁུ་ཚུར་བཅིངས་པས་སྔར་བཤད་པ་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་སྟེ་བསྒྲུབ་པར་བྱའོ། །སྔགས་པ་རང་ཉིད་ཀྱིས་འབྲས་བུ་དང༌། མེ་ཏོག་དང༌། དེའི་འདབ་མ་དང་སོ་རྩི་དང་དེ་བཞིན་དུ་ཁ་ཟས་གཞན་རྣམས་ལའང་ལག་པ་གཡོན་པར་ཟླ་བ་དང༌། འཁོར་ལོ་རེའུ་མིག་དགུ་པ་ལ་ཉེ་སྙིང་སྔར་བཞིན་བཀོད་ནས། དེ་ལས་བདུད་རྩི་འཛགས་པས་དེ་ཐམས་ཅད་ལ་ཁྱབ་པར་བསམས་ཏེ་ལོངས་སྤྱོད་པར་བྱ་བ་ནི་


JLD008_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་གོ་ཞེས་འཆད་པ་ལྟར་བྱའོ། །ལྔ་པ་ནི། དེ་ལྟར་སྔར་བཤད་པའི་ལས་སྒྲུབ་པའི་ནུས་པ་འགྲུབ་པའི་ཐབས་ནི། སྔར་བཤད་པའི་གནས་སུ་གནས་ནས་ལུས་ཏེ་སྐུའི་སྦྱོར་བ་སྟེ་རྣལ་འབྱོར་བྱེད་པ་ནི་དང་པོ་སྟེ། དཔལ་འཁོར་ལོ་བདེ་མཆོག་གི་གཟུགས་ཀྱི་བདག་ཉིད་དུ་རྫོགས་པར་བྱེད་པའོ། །དེ་བཞིན་དུ་གཉིས་པ་ནི་ཡིད་ཀྱིས་ལྷ་མོ་ཕག་མོ་སྒོམ་པའོ། །ནུས་པ་ཡིན་ཞེས་པ་སྐད་དོད་ལ་ཡིད་ཀྱི་ཡིན་ཞེས་པར་ཡོད་གསུངས་པ་ལྟར་རོ། །གསུམ་པ་དག་ནི་ངག་ཉིད་དེ་ཞེས་པ་ནི་མཁའ་འགྲོ་མ་ནས་གཤིན་རྗེ་བརྟན་མ་ལ་ཐུག་པར་མཆོད་པ་དང་བསྟོད་པ་ནས་གཟུང་བ་སྔོན་དུ་འགྲོ་བས། རིམ་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་ནས་སྔགས་ཀྱི་བཟླས་པ་ལས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་པའི་དོན་ནོ་ཞེས་ཏ་ཐཱ་ག་ཏ་རཀྵི་ཏས་འཆད་དེ། སྔོན་དུ་སྒྲུབ་ཐབས་བཟླས་པ་དང་བཅས་པ་ལ་གོམས་པར་བྱས་ནས་ཕྱིས་ལས་བསྒྲུབ་ཅེས་པའི་དོན་ནོ། །བཞི་པ་དམིགས་པར་མི་འགྱུར་ཏེ་ཞེས་པ་འགྲེལ་པ་རྣམས་དང་ལོ་ཆེན་གྱི་འགྱུར་ལ་མེད། ཡོད་པ་རྣམས་ཀྱི་ལུགས་ཀྱིས་ལུས་ངག་ཡིད་ཀྱི་སྦྱོར་བ་གསུམ་ལས་གཞན་མེད་པའི་དོན་དུ་འཆད་དོ། །སྔར་བཤད་པ་ལྟར་གོམས་པའི་མཐར་ལས་རྣམས་བསྒྲུབས་ན། སྔགས་ཀྱི་རྒྱལ་པོ་ཉེ་སྙིང་གིས་འགྲུབ་པར་འགྱུར་རོ། །གང་འགྲུབ་པ་ནི་ས་གཞི་ཤིང་གིས་མཚོན་པ་དང་བཅས་པ་ཕྱིའི་ཕྱོགས་བཞིའི་རྒྱ་མཚོ་ཆུ་ཡི་སྐ་རགས་བཏགས་པ་སྟེ་བཅིངས་པ་དེ་ལ་གནས་པའི་དངོས་གྲུབ་འགྲུབ་པ་འདིར་ནི་ཐེ་ཚོམ་མེད་དོ། །ས་གསུམ་གྱི་ཁམས་གསུམ་གྱི་རྒྱུ་བ་


JLD008_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱི་སེམས་ཅན་དང༌། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་དང་བཅས་པར་དམོད་པ་འདེབས་པ་སྟེ། ངག་ཙམ་གྱིས་ཚར་གཅོད་པ་དང་ཕན་འདོགས་པའི་རྗེས་སུ་འཛིན་པར་ནུས་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཉེ་བའི་སྙིང་པོའི་སྒོ་ནས་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་གསུམ་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་བཞི་བཅུ་རྩ་གསུམ་པའི་བཤད་པའོ།། ༈ །།གཉིས་པ་དེ་དང་ཡུམ་གྱི་གོ་ཆ་ལ་བརྟེན་ནས་བསྒྲུབས་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་ཞེ་གསུམ་པ་བཤད་པའི་རྗེས་དེ་ནས་ལས་རྒྱའི་ཕོ་ཉ་མོ་ལ་བརྟེན་ཏེ། ཡི་གེ་བདུན་པ་གོ་ཆའི་རྣལ་འབྱོར་མ་དྲུག་གི་སྔགས་དང་ལྡན་པས། བསྒྲུབ་བྱ་གང་དུ་སྟེ་ལ་དབང་ལ་སོགས་པའི་ལས་ཡང་དག་པར་བརྩམས་ན་བརྩམས་པ་དེ་ཡི་མོད་ལ་ལས་རྣམས་མྱུར་དུ་འགྲུབ་པ་བཤད་པར་བྱའོ་ཞེས་སྦྱར་རོ། །གཉིས་པ་ལ་གསུམ། དབང་གི་སྒོ་ནས་དགུག་པའི་ལས། གནོན་པའི་ལས་སླར་དགྲོལ་བ་དང་བཅས་པ། སྨྱོ་བྱེད་ཀྱི་ལས་སླར་དགྲོལ་བ་དང་བཅས་པའོ། །དང་པོ་ལ་གཉིས། འཁོར་ལོ་ལ་བརྟེན་ནས་དགུག་པ་དང༌། སྦྱིན་སྲེག་ལ་བརྟེན་ནས་དགུག་པའོ། །དང་པོ་ནི། ལག་པ་གཡོན་པའི་དབུས་སུ་སྟེ་མཐིལ་དུ་འཁོར་ལོ་རྩིབས་དྲུག་པའི་དབུས་སུ་སྣ་ཚོགས་


JLD008_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་མ་དྲུག་པ་བྲི། དེའི་ལྟེ་བ་ལ་ཨོཾ། འདབ་མ་ལ་ཧྲིཿཧ་ཧ་ཧུཾ་ཧུཾ་ཕཊ་ཅེས་པ་དགོད། འཁོར་ལོའི་རྩིབས་དྲུག་ལ་རྣལ་འབྱོར་མའི་གོ་ཆའི་སྔགས་ཨོཾ་བཾ་ལ་སོགས་པ་དྲུག་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན། བསྒྲུབ་བྱའི་མིང་དང་སྤེལ་བ་རྣམ་པར་དགོད། ཡི་གེ་བདུན་པའི་ཆོ་ག་ཡིས་ཞེས་པ་དང༌། རྣལ་འབྱོར་མ་དྲུག་ཡང་དག་གནས། ཞེས་པ་ལ། ལག་དབུས་ཡི་གེ་བདུན་དགོད་བྱ། །རྣལ་འབྱོར་མ་དྲུག་རྩིབས་དྲུག་གནས། ཞེས་དཀའ་རྒྱལ་གྱི་འགྲེལ་པར་འབྱུང་བ་ལྟར་གོ་བར་བྱའོ། །ལག་པ་གཡོན་པའི་འཁོར་ལོ་དང་མིང་སྤེལ་བའི་བསྐུལ་ཚིག་དང་ལྡན་པར་ཟློས་ཤིང༌། སྔགས་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། བསྒྲུབ་བྱ་གང་ཞིག་རང་གི་གཟུགས་འཛིན་པ་ཅན་བཀུག་པར་བསམས་ནས། ཁ་ནས་གསང་སྔགས་ཀྱི་རྒྱལ་པོ་ཡི་གེ་བདུན་པ་ཟློས་བཞིན་པས། བསྒྲུབ་བྱ་གང་ལ་རང་གི་ལག་པ་དེ་བསྟན་པའི་བསྒྲུབ་བྱ་དེ་ནི་ངེས་པར་འགུགས་པར་འགྱུར་རོ། །གཉིས་པ་ནི། ཙན་དན་དམར་པོའི་རྡུལ་ཏེ་བྱེ་མ་དང༌། དེ་བཞིན་དུ་སྐེ་ཚེ་དང་ལན་ཚྭ་དང་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་གཅིག་ཏུ་སྡོམ་པར་བྱས་ནས་ཞིབ་ཏུ་བཏག་པར་བྱ། ཟླ་བ་དང་ཉི་མ་བཀོད་པའི་ལག་པ་གཉིས་ཀྱིས་མཉེས་ལ་ཐབ་ཁུང་དུ། གོ་ཆའི་རྣལ་འབྱོར་མ་དྲུག་གི་འཁོར་ལོ་བྲིས་ཏེ་མཚན་མོའི་དུས་སུ། སྨེ་ཤ་ཅན་གདོལ་པའི་མེའམ་དུར་ཁྲོད་ཀྱི་མེ་ལ། རྣལ་འབྱོར་མའི་སྔགས་བསྐུལ་ཚིག་དང་ལྡན་པས་ཕྱེ་མ་སྲེག་པའི་སྦྱིན་སྲེག་བྱའོ། །དེ་ནས་ཐལ་བ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། གྲོ་ག་ལ་འཁོར་ལོ་ཇི་


JLD008_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་བཞིན་བྲིས་ནས་དེའི་སྙིང་གར་བཅུག་སྟེ། བདག་ཉིད་ལ་མངོན་དུ་ཕྱོགས་པར་བཞག་ལ། བསྒྲུབ་བྱ་མྱོས་པ་བཀུག་གཟུགས་བརྙན་ལ་བཅུག་སྟེ། མིང་སྤེལ་དང་བཅས་པའི་སྔགས་བཟླས་པའི་སྦྱོར་བ་འདི་ནི་བརྩམ་པར་བྱས་ལ། ཇི་སྲིད་བརྒྱ་ཕྲག་གཅིག་གི་བར་དུ་བཟླས་ན་དེས་ནི་ངེས་པར་ཏེ་གདོན་མི་ཟ་བར་འགུགས་པར་འགྱུར་རོ། །གང་ལ་དགུག་པའི་ལས་བྱེད་པའི་བསྒྲུབ་པར་བྱ་བའི་བདག་ཉིད་ནོར་བདག་དང་ནོར་དང་འཁོར་གྱི་སྐྱེ་བོ་རྣམས་རང་གི་དབང་དུ་འགྱུར་རོ། །ལས་ཀྱི་སྦྱོར་བ་འདི་ནི་གྲུབ་པ་སྟེ་གཞན་དུ་མི་འགྱུར་བར་རྟག་པ་སྟེ་རྣམ་པ་གཞན་དག་ཏུ་འགྱུར་བར་ནི་ང་མི་སྨྲའོ། །གཉིས་པ་ནི། རྡུལ་དེ་ཉིད་ནི་སྔར་བཤད་པའི་ཙནྡན་དམར་པོ་ལ་སོགས་པའི་ཕྱེ་མ་མང་པོ་སྟེ་དེ་བླངས་ནས་སུ་ལྕགས་ཀྱི་ཕྱེ་མ་དང་ནི་རྣམ་པར་བསྲེའོ། །དེ་ནས་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་མིང་སྤེལ་ཚིག་དང་བཅས་པ་བྲིས་པར་གཏུམས་ནས་ནི། སྤེལ་ཚིག་དང་བཅས་པའི་སྔགས་ལན་བདུན་བཟླས་ལ་ལམ་བཞི་མདོ་རུ་ཟབས་སུ་སོར་བརྒྱད་ཙམ་དུ་ས་བརྐོས་ནས། དགྲ་ཡི་མིང་དང་བཅས་པར་ནི་བསྒྲུབ་བྱ་གང་གི་མིང་སྨོས་པའི་སྔགས་བཟླས་ཏེ། ས་བརྐོས་པ་དེར་སྦས་པར་གྱུར་པ་དེ་ནི་མྱུར་དུ་གནོན་པ་སྟེ་རེངས་པར་འགྱུར་རོ། །སླར་གསོ་བར་འདོད་ན་འཁོར་ལོ་ས་འོག་ནས་བཏོན་ནས་འཁོར་ལོའི་ནང་གི་ཕྱེ་མ་དེ་ཉིད་ལ། དགྲོལ་བའི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ནས་ནི། འབད་དེ་བ་ཡི་འོ་མ་གཙང་མ་ཡིས་འཁོར་ལོ་བཀྲུས་པ་ཡིས།


JLD008_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

རེངས་པ་དེ་ནི་སླར་ཡང་གསོས་པར་གྱུར་ན། སླར་སོས་པ་འགྲུབ་པ་ཉིད་དུ་ཐེ་ཚོམ་མེད་དོ། །གསུམ་པ་ནི། སྔར་བཤད་པའི་ཕྱེ་མ་བཞི་པོ་དེ་ནི་བླངས་ནས་ནི་སྨྱོ་བྱེད་ཐང་ཁྲོམ་པའི་རྩ་བ་སྡོང་བུ་འདབ་མ་མེ་ཏོག་འབྲས་བུ་ལྔ་དང་ལྡན་པ་རུ་བྱས་པ་དེས་ནི། དུར་ཁྲོད་ཀྱི་རས་ཏེ་རོ་རས་ལ་དགྲ་ཡི་མིང་སྤེལ་ཚིག་དང་བཅས་པའི་འཁོར་ལོ་སྔར་བཤད་པ་བྲིས་པ་བཅུག་ལ། རས་དེས་བཅིངས་པ་སྟེ་གཏུམས་ནས། བསྒྲུབ་བྱའི་མིང་སྤེལ་ཚིག་དང་བཅས་པའི་སྔགས་ལན་བརྒྱར་བཟླས་བརྗོད་བྱས་ནས་ནི། དུར་ཁྲོད་དུ་ནི་ས་བརྐོས་ནས་ངེས་པར་སྦས་ན། བསྒྲུབ་བྱ་དེ་འཕྲལ་དུ་སྨྱོ་བ་ཉིད་དུ་འགྱུར་རོ། །སླར་གསོ་བར་འདོད་ན་བཏོན་པ་ཉིད་ཀྱིས་ཐར་བར་འགྱུར་ཏེ། དེ་ཡང་འཁོར་ལོ་ས་འོག་ནས་བཏོན་ནས་བ་ཡི་འོ་མ་གཙང་མ་ཡིས་འབད་པས་བཀྲུ་བར་བྱས་ཏེ། སླར་ཡང་གསོ་བར་བྱེད་པ་དག་བྱས་ན། སོས་པ་འགྲུབ་པ་ཉིད་དུ་ཐེ་ཚོམ་མེད་དོ། །དེ་བཞིན་ཞེས་པ་ནི་སྔར་དང་འདྲ་བར་བསྟན་ཏོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣལ་འབྱོར་མ་དྲུག་གི་གོ་ཆ་དང་ཉེ་སྙིང་ཡི་གེ་བདུན་གྱིས་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་བཞི་པའོ། ། འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུལ་གསལ་བ་ལས། ལེའུ་བཞི་བཅུ་རྩ་བཞི་པའི་བཤད་པའོ།། ༈ །།གཉིས་པ་དཔའ་མོའི་གོ་ཆ་དང་ཧ་ལྔ་ལ་བརྟེན་ནས་ལས་བསྒྲུབ་པ་ལ་གཉིས། དཔའ་མོའི་གོ་ཆ་དང་ཚིག་གི་དངོས་གྲུབ་སྒྲུབ་པའི་ཆོ་ག་དང༌། ཧ་ལྔ་


JLD008_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་ལས་བསྒྲུབ་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་ཞེ་བཞི་པ་བཤད་པ་དེ་ནས་བཤད་པའི་ལས་རྣམས་ལས་ཕུལ་དུ་བྱུང་བའི་ལས་ཀྱི་རབ་མཆོག་ནི། ངག་གི་ནུས་པ་ཁྱད་པར་ཅན་གྱི་དངོས་གྲུབ་གྲུབ་པ་ལ་བརྟེན་ནས་ལས་བྱེད་པ་བཤད་པར་བྱའོ། །གཉིས་པ་ལ་བཞི། ཚིག་གི་དངོས་གྲུབ་བསྒྲུབ་པའི་ཐབས། དེ་ལ་བརྟེན་ནས་དགུག་པའི་ལས་དུ་མ་བསྒྲུབ་པ། ཐབས་གཞན་ལ་བརྟེན་ནས་ཚིག་གི་དངོས་གྲུབ་བསྒྲུབ་པ། དེ་ཐོབ་ནས་ལས་མི་འདྲ་བ་དུ་མ་ཚིག་གིས་བསྒྲུབ་པའོ། །དང་པོ་ནི། ཀ་ར་བཱི་ར་ནི་རྟ་བོང་གི་རྔོ་གསོད་པར་བྱེད་པས་རྟ་གསོད་དུ་གྲགས་པ་སྟེ། དོན་རེ་ལྗགས་པ་ཡིན་ལ། དེ་ལ་དཀར་ནག་གཉིས་ཡོད་པའི་ནག་པོ་ལ་མེ་ཏོག་དམར་པོ་འོང་བས། དེའི་མེ་ཏོག་དམར་པོ་བརྒྱ་རྩ་བརྒྱད་ནི་བླངས་ནས་སུ་འབད་དེ་བ་ཡི་འོ་མས་བཀྲུས་ལ། དཔའ་མོའི་གོ་ཆའི་སྔགས་ཀྱིས་བཟླས་བརྗོད་བརྒྱ་ཡང་བྱ་བ་ཡིན་ནོ། །དེ་ལྟར་སྔགས་ལན་རེ་བཟླས་པའི་མེ་ཏོག་གིས་རང་བྱུང་གི་ལིང་གའི་སྤྱི་བོར་བསྣུན་པར་བྱའོ། །དེ་ལྟར་ལྷའི་རྣལ་འབྱོར་ལ་ཤིན་ཏུ་མཉམ་པར་བཞག་པས་ཉི་མ་སྟེ་ཞག་བདུན་དུ་འོ་མ་འཐུང་ཞིང་ཁྲུས་བྱ་བ་ཡིན་ནོ། །ཞག་བདུན་སོང་བ་དེ་ནས་ཞག་གསུམ་སྨྱུང་བར་གནས་པ་བྱས་ཏེ་ཉིན་ཞག་བཅུ་གཅིག་པ་ལ་མེ་ཏོག་དེ་དག་ནི་བླངས་ནས་སུ། ཀ་ར་བཱི་རའི་ཤིང་ཤུན་ལ་བརྒྱུས་ཏེ་རྒྱ་མཚོར་འགྲོ་བའི་ཆུ་བོ་ཆེན་པོའི་


JLD008_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་དུ་སོང་ནས་ནི་རྣལ་འབྱོར་མའི་འཁོར་ལོ་མཆོད་དེ། མེ་ཏོག་རྣམས་རེ་རེ་ནས་ནི་ཆུ་ལ་དོར་རོ། །དེ་དག་ཐམས་ཅད་ཀྱང་རིམ་པ་བཞིན་དུ་མེ་ཏོག་རེ་ལ་སྔགས་ལན་རེ་རབ་ཏུ་བཟླས་ནས་བྱའོ། །ཆུ་བོར་མེ་ཏོག་ཐ་མ་དོར་བའི་དུས་སུ་ནི། ཆུ་བོ་རྒྱུན་ལས་བཟློག་སྟེ་རབ་ཏུ་འབབ་ན། སྙིམ་པས་མེ་ཏོག་ཆུ་དང་བཅས་པར་བླངས་ནས་ནི། སོས་མ་རེག་པར་མེ་ཏོག་ཆུ་བཅས་དེ་འཐུངས་ན། འདི་ཡི་གསང་བའི་རྒྱུད་འབུམ་པ་ལས་འབྱུང་བའི་ཚིག་གི་དངོས་གྲུབ་ནི། སྒྲུབ་པ་པོ་ཡིས་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གསུམ། སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་པ་ལ་བརྟེན་ནས་དགུག་པ། སྦྱིན་སྲེག་ལ་བརྟེན་ནས་དགུག་པ། ཀ་ར་བཱི་རའི་མེ་ཏོག་ལ་བརྟེན་ནས་ལས་བསྒྲུབ་པའོ། །དང་པོ་ནི། ཚིག་གི་དངོས་གྲུབ་གྲུབ་པ་དེ་ནས་སྐྱེ་གནས་ཀྱི་ཕྱག་རྒྱ་ནི། དཀའ་རྒྱལ་གྱིས་ནམ་མཁའི་དབུས་སུ་སྣ་ཚོགས་པདྨ། དེའི་ཕྱི་རོལ་ཏུ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་ཟུར་གསུམ་པ་ལ་འཆད་དོ། །ཆོས་འབྱུང་གི་ཕྱག་རྒྱར་མངོན་ནོ། །བྷ་བས། སྐྱིལ་ཀྲུང་བྱས་ལ་རྡོ་རྗེ་བསྡམས་པ་བྱས་ནས། གུང་མོ་གཉིས་ཀྱི་ཁ་དང་མཐེ་བོང་གཉིས་ཀྱི་ཁ་སྦྱར་ཏེ། མཛུབ་མོ་གཉིས་བསྒྲེངས་ཏེ་ཕན་ཚུན་སྦྱར་བ་ནི་སྐྱེ་གནས་ཀྱི་ཕྱག་རྒྱར་འཆད་དོ། །འགྲེལ་པ་གཞན་ནས་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིང་བ་ནི། ཕྱིའི་རིག་མ་དང་ཁ་སྦྱར་གྱི་སྦྱོར་བ་ལ་འཆད་དེ། ཆོས་འབྱུང་གི་ཕྱག་རྒྱ་འཆིང་བ་དང༌། རིག་མ་ལ་བརྟེན་པ་གཉིས་ཀ་ལ་བརྟེན་ནས་སྒྲུབ་པའོ། །ཆོས་འབྱུང་གི་ཕྱག་རྒྱ་དེ་བཅིངས་ལ། དགུག་པའི་སྔགས་སྤེལ་ཚིག་དང་བཅས་པ་བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། སྔགས་པ་བསྒྲུབ་བྱའི་


JLD008_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་གྱི་ཕྱོགས་སུ་མངོན་པར་ཕྱོགས་ནས། བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་ལྟོ་བར་འཁོར་ལོ་གནས་པ་སྟེ་བཅུག་པ་དེ་ལ་ཡིད་ཀྱིས་དམིགས་པ་ལས་གནས་བཞིན་དུ། བློ་དང་ལྡན་པ་སྟེ་སྒྲུབ་པ་པོས་ཐུན་གསུམ་དུ་ལག་པ་གཡོན་པའི་མཐེ་བོས་སྐུད་པ་མནན་ལ་མཐེའུ་ཆུང་གིས་གསང་གནས་ཀྱི་སྐུད་པ་བསྐྱོད་པར་བྱ་སྟེ་གཟུགས་བརྙན་བྱ་ཚུལ་སོགས་ནི་འཆད་པར་འགྱུར་རོ། །དེ་ལྟར་བྱས་ན་བྲམ་ཟེ་གསོད་པས་མཚོན་པའི་སྡིག་ཆེ་བ་དག་གིས་ཀྱང༌། ཞག་བདུན་གྱིས་བརྒྱ་བྱིན་དང་སོགས་པས་དབང་ཕྱུག་ལ་སོགས་པ་ཡང་ངེས་པར་འགུགས་སོ། །འདི་འདྲའི་རིགས་རྣམས་སྔར་སྡིག་ཆེན་པོ་བྱས་ཀྱང་ཕྱིས་ཐེག་པ་འདིར་ཞུགས་ནས། སྡིག་སྤངས་པའི་ནུས་པ་ཁྱད་པར་ཅན་རྙེད་པ་ལ་དགོངས་སོ། །སྔར་བཤད་པའི་བསྒྲུབ་བྱའི་གཟུགས་གང་ལས་བྱེད་པ་སོགས་བཤད་པ་ནི། ཙནྡན་དམར་པོའི་རྡུལ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལ་ནི། གང་འགུགས་པའི་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། སྒྲ་དང་པི་པི་ལིང་དང་ཕོ་བ་རིས་ཏེ་ཚ་བ་གསུམ་གྱིས་གཟུགས་བརྙན་དེའི་ལུས་ལ་བསྐུ་ཞིང༌། དེར་མ་ཟད་སྤྲ་ཚིལ་གྱིས་ཀྱང་དེའི་ལུས་ལ་རབ་ཏུ་བྱུག་གོ། འགྲེལ་པ་གཞན་རྣམས་ནས་སྤྲ་ཚིལ་ལ་གཟུགས་བརྙན་བྱས་ཏེ། ཙནྡན་དམར་པོའི་ཕྱེ་མ་དང་ཚ་བ་གསུམ་གྱིས་བྱུག་ཅེས་འཆད་དོ། །འདིའི་ལྟོ་བར་གཞུག་རྒྱུའི་འཁོར་ལོ་ནི་འཆད་པར་འགྱུར་རོ། །དེ་ནས་སྒྲུབ་པ་པོ་ཡིས་གཟུགས་བརྙན་གྱི་གསང་གནས་སུ་སྟེ་མོ་ཡིན་ན་སྐྱེ་གནས་དང༌། ཕོ་ཡིན་ན་ལིང་ག་ནས་ཟངས་མའི་ཁབ་


JLD008_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕུག་ནས་ནི། དེའི་ཤུལ་ནས་སྐུད་པ་བརྒྱུས་ལ་སྐུད་པ་དེ་མཐེའུ་ཆུང་གིས་བསྐྱོད་པ་ཡིན་ནོ། །བཤད་སྦྱར་ལས་གཟུགས་བརྙན་གྱི་མདུན་དུ་ཡབ་ཡུམ་ཁ་སྦྱར་དུ་བྱས་ཏེ། སྔགས་སྤེལ་ཚིག་དང་བཅས་པ་བཟླ་ལ། དེའི་རྗེས་སུ་མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་ནི། དེ་ལ་ཡིད་ཀྱིས་གནས་ཞེས་པའི་མཐར་ཏེ། རྡོ་རྗེས་གཡོན་པའི་མཐར་རྩ་བའི་སྒྲར་བརྗོད་དོ། །དེ་ཡིད་ཀྱིས་ཐུན་གསུམ་དུ་བསྐྱོད་པར་བྱའོ་ཞེས་འཆད་པ་ལྟར་ན། བཟླས་པ་ལ་ཡིད་ཀྱིས་གནས་པར་བྱས་པའི་མཐར་གསང་གནས་ཀྱི་རྡོ་རྗེས། གཡོན་པ་སྟེ་བུད་མེད་ལ་ལོངས་སྤྱད་པའི་མཐར། རྩ་བ་སྟེ་འོག་མའི་སྒྲར་བརྗོད་པ་མཐེའུ་ཆང་གིས་གསང་གནས་ཀྱི་སྐུད་པ་བསྐྱོད་པ་ན། ཡིད་ཀྱིས་བསྒྲུབ་བྱའི་པདྨ་བསྐྱོད་པར་སེམས་པ་ཐུན་གསུམ་དུ་བྱའོ། །ཡང་དེ་ལས། འདིས་ནི་རྣལ་འབྱོར་པ་སྒྲུབ་པ་པོས་ཆགས་པ་ཅན་གྱི་ཐམས་ཅད་ཀྱི་ཐམས་ཅད་རྫོགས་པར་འགྱུར་བར་བསྟན་པ་ཡིན་ནོ། ཞེས་འབྱུང་སྟེ། དེ་ལྟར་བྱས་པ་དེས་བསྒྲུབ་བྱ་རང་ལ་ཆགས་པ་ཅན་གྱི་འདོད་པ་ཐམས་ཅད་རྫོགས་པར་བྱས་པས་ཡུན་རིང་པོར་རང་གི་དབང་དུ་འགྱུར་བའི་དོན་ནོ། །བྷ་བས་ནི་མཐེའུ་ཆུང་ནི་གོ་ཆའི་རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་ཡི་གེའི་ཕྲེང་བ་སྤེལ་ཚིག་དང་བཅས་པ་ཤོག་བུ་ལ་བྲིས་པ། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལ་སོགས་པ་ལས་བྱས་པའི་གཟུགས་བརྙན་གྱི་ལྟོ་བར་གཞུག་གོ། བསྐྱོད་པ་ནི་སྔགས་དེ་བཟླས་པར་བྱ་བ་སྟེ་དེ་ཡང་གཟུགས་བརྙན་གྱི་མདུན་དུ། ཐུན་གསུམ་དུ་དེ་ཡིད་ལ་གནས་པར་བྱས་ཏེ་ཟློས་པའོ་ཞེས་འཆད་དོ། །སྔར་བཤད་པའི་གཟུགས་བརྙན་དེ་སེང་


JLD008_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེང་གི་མེའི་འདག་མ་དུ་བ་མེད་པ་ལ། ལས་སྦྱོར་ལ་མཁས་པས་ཉི་མ་བདུན་དུ་ཐུན་རེ་ལ་སྔགས་ལན་བརྒྱར་བཟླས་ཏེ་སྤྲ་ཚིལ་མ་ཞུ་ཙམ་བྱས་ཏེ་བསྲོ་བར་བྱའོ། །དེ་ལྟར་བྱས་པས་བཟླས་པའི་མཐར་ནི། མིའི་བདག་པོ་དང་མདུན་ན་འདོན་ཏེ་བློན་པོ་ཆེན་པོ་དང༌། བཙུན་མོ་འཁོར་དང་བཅས་པ་ནི་ངེས་པར་འགུགས་པར་བྱེད་པ་ཡིན་ནོ། །མིའི་བདག་པོ་འཁོར་དང་བཅས་པའི་མིང་སྔགས་དང་སྤེལ་བའི་ཚིག་གོ་ཆའི་སྔགས་ཀྱིས་འཁོར་ལོ་སྔར་བཤད་པ་གྲོ་གའི་འདབ་མར་བྲི་བར་བྱ་སྟེ། དེ་ཡང་ཡི་དྭགས་ནི་རོའོ། །དེའི་སེན་རྩི་ནི་དེའི་སེན་མོ་ལ་བསྐུས་པའི་རྒྱ་སྐྱེགས་སོ། །རོ་ཙ་ན་ནི་གི་ཧཾ་སྟེ་དེ་གཉིས་ཀྱི་སྣག་ཚས་མཉམ་པར་བཞག་པ་སྟེ་ཡིད་མ་ཡེངས་པས་བྲིས་ནས་ནི། བསྒྲུབ་བྱའི་གཟུགས་བརྙན་གྱི་ལྟོ་བར་གཞུག་ལ། དེ་ནས་བསྒྲུབ་བྱའི་མིང་དང་སྔགས་སྤེལ་ནས་གང་གཟུགས་བརྙན་ལ་མངོན་པར་ཕྱོགས་ཏེ་བརྒྱ་ཞག་བདུན་དུ་བཟླས་ནས་སེང་ལྡེང་གི་མེ་དུ་བ་མེད་པ་ལ་གཟུགས་བརྙན་དེ་བདུགས་ཤིང་སྟེ་བསྲོ་བར་བྱ་ཞིང༌། ཡང་དུར་ཁྲོད་ཀྱི་མེ་སྟེ་དུར་ཁྲོད་ཀྱི་སོལ་བའམ་ཐལ་བའི་མེ་ལ་གདུང་པར་བྱ་སྟེ། དགུག་པའི་ལས་བསྒྲུབ་པའི་ཕྱིར་དུ་བཤད་དོ། །བསྲོ་བའི་ཚད་ནི་ཇི་སྲིད་དུ་གཟུགས་བརྙན་གྱི་སྤྲ་ཚིལ་མ་ཞུ་བར་བསྲོས་པར་གྱུར་ན། ཞག་བདུན་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་པའི་མཐར་ནི། རྒྱལ་པོ་ཕལ་པ་དང༌། དེར་མ་ཟད་འཁོར་ལོ་སྒྱུར་བ་དང་བཅས་པར་ཡང་ངེས་པར་འགུགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང༌།


JLD008_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་དམར་པོ་ཉིད་དང་ནི། དུར་ཁྲོད་ཀྱི་ཐལ་བར་བསྲེགས་པ་ཞེས་བྱ་སྟེ། མལ་གྱི་འགྱུར་ལས། དུར་ཁྲོད་ཐལ་བར་བསྲེགས་པ་རྣམས། ཞེས་འབྱུང་བ་ལེགས་སོ། །རྫས་དེ་རྣམས་སྒྲུབ་པ་པོ་ཡིས་གཅིག་ཏུ་བསྡུས་ལ། གང་འགུགས་པའི་གཟུགས་བརྙན་བྱའོ། །དེ་ནས་གཟུགས་དེ་སེང་ལྡེང་གི་མེ་དུ་བ་མེད་པ་ལ་རབ་ཏུ་འབད་པས་བསྲོ་བར་བྱའོ། །དེ་ནས་རྡུལ་ཏེ་གཟུགས་བརྙན་དེ་ལག་པ་གཉིས་ལ་སྔར་བསྟན་པའི་འཁོར་ལོ་གཉིས་བཀོད་དེ། མཉེས་ནས་གཟུགས་ཕྱེ་མར་བཀྲུམས་པ་དེས་སྦྱིན་སྲེག་བྱའོ། །ཇི་སྲིད་དུ་དགུག་པ་མ་གྲུབ་ཀྱི་བར་དེ་སྲིད་དུ་སྦྱིན་སྲེག་བྱས་པས་འགྲུབ་པར་འགྱུར་རོ། །རྡུལ་དེ་བླངས་ནས་ཞེས་པའི་རྐང་པ་གཉིས། གཉིས་འདུས་ཀྱི་འགྱུར་ལ་མེད་ལ། འགྱུར་གཞན་གཉིས་ལས་ཀྱང་མེད་པ་ནི་བཤད་སྦྱར་དང་མཐུན་ནོ། །ཡོད་པ་ལྟར་ན་རྡུལ་ཏེ་གཟུགས་བརྙན་དེ་བླངས་ནས་མ་ཡེངས་པར་དབུགས་ཕྱིར་མི་འབྱིན་པར་ནང་དུ་བསྡམས་ཏེ་དུར་ཁྲོད་དུ་སྦས་ན་ཞེས་པ་ཏེ་སྦྱིན་སྲེག་མི་བྱེད་པའི་ལུགས་སོ། །དེ་ལྟར་བྱས་ན་ནི་བསྒྲུབ་བྱ་དེ་བརྒྱལ་ཞིང་སེམས་དང་བྲལ་བ་དང་འདྲ་བ་དང༌། ཅི་ཡིན་མི་ཤེས་པར་རྣམ་པར་རྨོངས་ཤིང་དེར་མ་སོང་ན་ཉོན་མོངས་པ་སྟེ་སྡུག་བསྔལ་གྱིས་གདུངས་པ་དང་ལྡན་པར་མཐོང་ནས། རླུང་གི་ཤུགས་ལྟར་མགྱོགས་པར་འོངས་ནས་ནི། སྒྲུབ་པོ་པོའི་སྟེང་ནས་འོག་ཏུ་ལྷུང་བར་འགྱུར་རོ། །གསུམ་པ་ནི། སྦྱིན་སྲེག་བཤད་པ་དེ་ནས་ལས་ཀྱི་ཕོ་ཉ་མོ་ཞེས་པ་སྐྱེས་པའི་རོ་སྲེག་སར་བུད་མེད་མཆོངས་ཏེ་མཉམ་དུ་བསྲེགས་པའི་སར་སོང་ནས། བུད་མེད་དེའི་མིང་ནས་བོས་ལ་


JLD008_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་བདག་གི་བྱ་བ་འདི་ནི་རྟག་ཏུ་གྱིས་ཤིག་ཅེས་ལན་གསུམ་དུ་བསྒོ་བ་འཛིན་དུ་གཞུག་པར་བྱའོ། །ཀ་ར་བཱི་རའི་ལྕུག་མ་ནི་རླན་དང་བཅས་པ་གྲུ་མོ་ནས་དཔུང་པ་རྫོགས་པའི་བར་གྱི་ཚད་དང་མཉམ་པའམ་ལག་པ་ཕྱེད་དང་གཉིས་ཀྱིས་ཚད་ཙམ་བླངས་ལ། འབར་བར་འགྱུར་བའི་རོ་བསྲེགས་པའི་མེ་ལ་དོར་ཏེ། ཇི་སྲིད་དུ་ལྕུག་མ་དེ་ནི་མ་ཚིག་པར་མྱུར་དུ་སོང་སྟེ་དེ་བླངས་ལ་རེག་པ་སྟེ་དཔའ་མོའི་གོ་ཆའི་སྔགས་ལན་བདུན་བཟླས་ནས་ནི། གང་ཞིག་བཟླས་ཏེ་ཞེས་པ་ནི་ཆེ་གེ་མོ་འདིར་ཤོག་ལ། ཁྱེའུ་འམ་བུ་མོ་ཆེ་གེ་མོ་འདིར་ཁྲིད་ལ་ཤོག་ཅིག་ཅེས་བཟླས་ཏེ། ལག་པ་གཡོན་པས་གཡོན་ཕྱོགས་སུ་བསྐོར་ན་ནི། བསྐོར་བ་དེས་ནི་སྐོར་བ་དེའི་སྐད་ཅིག་ལ་སྐྱེས་པའམ་བུད་མེད་རང་གི་གཟུགས་མཛེས་པ་ཅན་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །ཆེ་གོ་མོ་འདིར་ཤོག་ལ་ཞེས་པ་ནི་སྔར་གྱི་བུད་མེད་ཤི་བ་དེར་མངོན་པས་སྔ་མ་དང་འདི་གཉིས་སྦྲེལ་རྒྱུའོ། །གསུམ་པ་ནི། ཀ་ར་བཱི་རའི་མེ་ཏོག་དམར་པོ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་པུ་ཤྱ་སྟེ་རྒྱལ་གྱི་སྦྱོར་བ་ལས་མེ་ཏོག་བླངས་ཏེ། སྒྲུབ་པ་པོས་གི་ཧཾ་གིས་བྱུགས་ལ་མེ་ཏོག་མྱོས་བྱེད་ཀྱི་ཆུ་ལ་ཡང་དག་པར་གནས་པ་ལ་བརྒྱ་རྩ་བརྒྱད་བཟླས་ནས། རང་ཆུ་བོ་ཆེན་པོར་ཞུགས་ནས་ནི་ལྟེ་བ་མན་ཆད་ཆུར་བཅུག་སྟེ་སྔགས་སྟོང་ཕྲག་གཅིག་བཟླས་པར་བྱའོ། །དེའི་རྗེས་སུ་སྒྲུབ་པ་པོ་རང་ལག་པ་ཐལ་མོ་སྦྱར་བའི་དབུས་སུ་སྒྲུབ་གྲོགས་ཀྱིས་མེ་ཏོག་འདབ་མ་རྒྱས་ཤིང༌། ཟེའུ་འབྲུ་སོགས་ཉམས་


JLD008_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་གནས་པ་སྟེ་གཞུག་པར་བྱའོ། །ཕྱིར་ཀླགས་ཏེ་ཞེས་པ་ལ་ལེགས་བཀང་སྟེ་ཞེས་འབྱུང་བས་ལག་པ་གཉིས་སྒྲུབ་གྲོགས་ཀྱིས་བཅུག་པའི་མེ་ཏོག་གིས་ལེགས་པར་བཀང་སྟེ་ཆུ་དང་བཅས་པ་སོ་ལ་མ་རེག་པར་བཏུང་བར་བྱའོ། །འཐུངས་པའི་རྗེས་དེ་ནས་སྒྲུབ་པ་པོ་དེ་ཡིས་ཚིག་ཙམ་གྱིས་ལས་ཐམས་ཅད་འགྲུབ་པའི་ཚིག་གི་དངོས་གྲུབ་ཐོབ་པར་འགྱུར། །ལྷ་སྦས་ཀྱིས། སྐྱེ་གནས་དབུས་གནས་མེ་ཏོག་དེ། ཞེས་འདོན་པ་ལྭ་བ་པ་ཡི་ཡང་དགོངས་པར་སྣང་བས། དེ་གཉིས་ལ་ལག་པ་སྦྱར་བའི་དབུས་གནས་ཞེས་པ་མེད་དོ། །དེ་དག་གི་ལྟར་ན་ཉི་ཟླ་གཟས་ཟིན་པའི་ཚེ། སྐྱེ་གནས་གཉིས་ཏེ་གསང་གནས་གཉིས་ཁ་སྦྱར་བའི་དབུས་སུ་མེ་ཏོག་དམར་པོ་གཞུག་པར་བཞེད་དེ། ཉི་ཟླ་གཟའ་ལས་གྲོལ་བ་དང་བཏོན་ནས་ཆུ་དང་བཅས་པ་འཐུང་བར་མངོན་ནོ། །བཞི་པ་ལ་གཉིས། དགུག་པ་དང་དྲག་པོའི་ལས། དགུག་པའི་ལས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཚིག་གི་དངོས་གྲུབ་གྲུབ་པའི་དགོས་པ་ནི། རྒྱལ་པོའམ་རྒྱལ་པོའི་ཆུང་མ་ནི་དགུག་པའི་ཡིད་ཀྱིས་མིང་ནས་སྨོས་ཏེ་ཁུག་ཅིག་ཅེས་བརྗོད་ན་ངེས་པར་འགུགས་པར་འགྱུར་རོ། །དེ་བཞིན་དུ་བརྗོད་པས་ལྷར་བཅས་པའི་ལྷ་མིན་དང་མི་རྣམས་ནི་མྱུར་དུ་དབང་དུ་བྱེད་པར་འགྱུར་རོ། ཁྲོས་པའི་བསམ་པས་ཆེ་གེ་མོ་སོད་ཅིག་ཅེས་པའི་ཚིག་གིས་གསོད་པར་འགྱུར་ཞིང༌། མཛའ་བ་དབྱེ་བ་དང་གནས་ནས་བསྐྲད་པ་ཉིད་ཀྱང་བྱེད་དེ། མདོར་ན་སྒྲུབ་པ་པོ་ཡིས་ཚིག་ཙམ་གྱིས་ཚར་གཅོད་པ་ཉིད་བྱེད་པར་འགྱུར་རོ། །འདི་དང་འདི་རེངས་པར་གྱུར་ཅིག་ཅེས་པའི་ཚིག་ཙམ་གྱིས་ནི་ཆུ་བོ་དང་ཤིང་རྟ་དང་


JLD008_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་དང་རྒྱ་མཚོ་དང༌། གླང་པོ་དང་རྟ་དང་དེ་བཞིན་དུ་སྤྲིན་དང་སྐྱེས་བུ་སྟེ་སྐྱེས་པ་དང༌། འམ་གྱི་སྒྲས་བུད་མེད་དང་ཡང་ན་བྱ་ཡང་གནོན་པ་སྟེ་རེངས་པར་བྱེད་དེ། མདོར་ན་ཡིད་ཀྱིས་བསམས་ནས་ཡིད་ལ་ལས་གང་བྱ་བར་འདོད་པ་ཐམས་ཅད་ཚིག་ཙམ་གྱིས་བྱེད་པར་འགྱུར་བ་ནི། ཚིག་གི་དངོས་གྲུབ་གྲུབ་པའི་མཐུ་ཡིན་ནོ། །གཉིས་པ་ནི། བསྒྲུབ་བྱ་དགུག་པ་ཡི་ནི་སྦྱོར་བ་དག་ཁྱད་པར་དུ་བཤད་པར་བྱ་སྟེ། དེ་ནི་བུད་མེད་ཐམས་ཅད་རྨོངས་པ་སྟེ་མྱོས་པར་བྱེད་པ་ཞེས་པ་ནི་མཚོན་པ་ཙམ་མོ། །དེ་སྟོན་པ་ནི་ཀ་ར་བཱི་རའི་མེ་ཏོག་དམར་པོ་ཁྲོས་པའི་ཚེ་ཡང་དག་པར་བླངས་ནས་སུ། རིག་པ་སྟེ་དཔའ་བོའི་གོ་ཆའི་སྔགས་ལན་བརྒྱ་བཟླས་པ་དང་ཕྱག་རྒྱའི་སྐྱེ་གནས་ཀྱི་དབུས་སུ་གཞུག་པར་བྱ་སྟེ། དེའི་དོན་མེ་ཏོག་དེ་ནི་ཕྱིའི་ལས་རྒྱ་དང་ཁ་སྦྱར་བྱས་པའི་ཕྱག་རྒྱའི་གསང་བའི་གནས་སུ་ངེས་པར་སྦྱར་བ་སྟེ་དེར་བཅུག་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་དང་ལྡན་པའི་སྔགས་པས། གོ་ཆའི་སྔགས་མིང་སྤེལ་དང་བཅས་པ་བརྒྱ་ཕྲག་གཅིག་ཏུ་བཟླས་ནས། སྐྱེ་གནས་ཀྱི་དབུས་ཀྱི་མེ་ཏོག་དེ་ལས་སྒྲུབ་པ་པོ་ཡིས་མེ་ཏོག་གཅིག་བླངས་ལ། མེ་ཏོག་དེ་ཡིས་ནི་གང་ལ་བསྣུན་པ་དེ་ནི། བསྣུན་པའི་མོད་ལ་རང་གི་དབང་དུ་འགྱུར་རོ། །དབང་དུ་འགྱུར་ཚུལ་ནི། མེ་ཏོག་བསྣུན་པའི་མཐུས་བསྒྲུབ་བྱ་དེ་བརྒྱལ་ཞིང་སེམས་དང་བྲལ་བ་སྟེ་དྲན་པ་ཉམས་པ་དང༌། ཡན་ལག་གི་ཚིགས་ཀུན་གྱི་བྱ་བ་བྱེད་པ་ལ་རང་དབང་མེད་པར་སྒྲུབ་པ་པོ་ཡི་གཞན་དབང་དུ་འགྱུར་བ་སྟེ། སྔར་གྱི་སེམས་ན་


JLD008_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་གྱུར་དུ་ལྡོག་པ་རུ་སྟེ་ལོག་ནས། སྐད་ཅིག་གིས་ནི་རང་གི་དབང་དུ་བྱེད་པ་འདི་ནི་སྔགས་ཀྱི་སྦྱོར་བ་ལ་ཡིད་ཆེས་པ་ལས་དངོས་གྲུབ་འགྲུབ་པ་སྟེ། དབང་དུ་བྱེད་པའི་ལས་དོན་ཡོད་པ་སྟེ་ལས་བརྩམས་པའི་འབྲས་བུ་ཡོད་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ལེའུ་འདི་ཡི་མཚན་ལ། མར་དོ་རྐྱང་པ་དང་གཉིས་འདུས་ཀྱི་འགྱུར་ལས། རྣལ་འབྱོར་མ་དྲུག་དང་ཚིག་གི་དངོས་གྲུབ་ལུང་བསྟན་པ་ཞེས་འབྱུང་ལ། ལོ་ཆེན་གྱིས་རྣལ་འབྱོར་མ་དྲུག་གི་ཚིག་གི་དངོས་གྲུབ་ལུང་བསྟན་པ་ཞེས་བསྒྱུར་མོད་ཀྱང༌། མལ་གྱིས་རྣལ་འབྱོར་མ་དྲུག་གི་ཚིག་གི་དངོས་གྲུབ་དང༌། དགུག་པའི་ཆོ་ག་ཞེས་བསྒྱུར་བ་དཔའ་བོ་རྡོ་རྗེའི་འགྲེལ་པ་དང་མཐུན་ཞིང༌། དོན་ཡང་ལེགས་པས་གོ་ཆའི་རྣལ་འབྱོར་མ་དྲུག་གི་སྔགས་ཀྱིས་ཚིག་གི་དངོས་གྲུབ་སྒྲུབ་པ་དང༌། དེ་གྲུབ་པ་ལས་དགུག་པ་སོགས་ཀྱི་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །། འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་བཞི་བཅུ་རྩ་ལྔ་པའི་བཤད་པའོ།། ༈ །།གཉིས་པ་ཧ་ལྔ་ལ་བརྟེན་ནས་ལས་བསྒྲུབ་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ལེའུ་ཞེ་ལྔ་པ་བཤད་པ་དེ་ནས་ཡི་གེ་ཧ་ལྔ་ལ་བརྟེན་ནས་ནི། བསད་ལས་སོགས་ལས་རྣམས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་བཤད་པར་བྱའོ། །དགོས་པ་ནི། སྒྲུབ་པ་པོ་གང་གིས་ཤེས་ནས་


JLD008_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླངས་བ་ཙམ་གྱིས་ནི། མྱུར་དུ་དངོས་གྲུབ་རབ་ཏུ་འཇུག་པ་སྟེ་འཐོབ་པ་དེའི་ཕྱིར་དུ་བཤད་དོ། །གཉིས་པ་གསུམ། བསད་པའི་ལས། གཟུགས་བསྒྱུར་བའི་ལས། མངལ་འཕོ་བའི་ལས་སོ། །དང་པོ་ནི། ཧ་ལྔ་ནི་མར་དོ་རྐྱང་པའི་འགྱུར་ལ། ཧཻ་ཧོ་ཧཱོ་ཧཾ་ཧ་ཞེས་འབྱུང་ལ། གཉིས་འདུས་ཀྱི་འགྱུར་ལ། ཧཾ་ཧཽ་ཧི་ཧཻ་ཧ་ཞེས་འབྱུང་ཞིང༌། འགྱུར་གཞན་རྣམས་ལ་ཡང་མི་འདྲ་བ་མང་དུ་སྣང་ནའང༌། བྷ་བས་སྔར་དཔའ་བོའི་གོ་ཆ་དྲུག་ལ་ཨ་ཨི་ཨུ་གསུམ་དང་ཨེ་དང་ཨོ་སྟེ་ལྔ། ཧ་ལ་ཞུགས་པའི་ལྷག་མའི་དབྱངས་ལྔ་ཧ་ལ་ཞུགས་པའི་ཧཱ་ཧཱཾ་ཧཱུ་ཧཻ་ཧཽ་ལྔ་ལ་བཞེད་པ་ལྟར་བྱའོ། །དེ་འདྲ་བའི་ཡི་གེ་ཧ་ལྔ་ལག་པར་འཁོར་ལོ་རྩིབས་ལྔ་པ་དངོས་སུ་བྲི་བའམ་བསམས་ལ། ཡི་གེ་ལྔ་བསམས་པའམ་བྲིས་པ་ཡིས། སྔགས་བསྐུལ་ཚིག་དང་ལྡན་པས་མདའ་དང་ལྡན་པའི་ལག་པས་མཉེས་ནས་ནི། སྦྱིན་སྲེག་བྱས་ཏེ་རྩ་ལྔ་ཁབ་ཀྱི་རྣམ་པ་ཅན་གྱི་ཁས་ཕུག་ནས། ཁྲག་འགུགས་བཞིན་པ་ཐོད་པར་འབབ་པར་བསམས་ན། བསྒྲུབ་བྱ་ཁ་ནས་ཀྱང་ནི་ཁྲག་འཛག་ཅིང་དགྲ་བོ་དེ་ཡི་མོད་ལ་འཆིའོ། །འཁོར་ལོ་རྩིབས་ལྔ་པ་བྱེད་ན་ལྟེ་བ་ལ་དབྱངས་རིང་པོ་ལྔའི་ཐ་མ་ཧཿ ཚེག་དྲག་ཅན་བྲིའོ། །རང་གི་ཁྲག་དང་སྲིན་ལག་གི་སྟེ་བུད་མེད་བུ་མེད་པའི་ཁྲག་དང་ལྷན་ཅིག་བསྲེས་ཏེ། ཐོད་པར་གནས་པ་སྟེ་བཞག་ལ། བསྒྲུབ་བྱའི་མིང་སྤེལ་ཚིག་དང་ལྡན་པར་བཟླས་ཤིང༌། ལག་པས་ཁྲག་ཇི་སྲིད་སྐམས་སྐམས་ཀྱི་བར་དུ་དེ་མཉེས་ན། དེས་ནི་བསྒྲུབ་བྱ་རྣམ་པར་འཇིག་པ་སྟེ་འཆིའོ། །གལ་ཏེ་རྫས་གཉིས་པོ་དེ་


JLD008_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཚེ་ཁྲོ་བ་འབར་བ་དང་བཅས་པས་མིག་དམར་པོ་ཡིས། ཧ་ལྔ་མིང་སྤེལ་དང་བཅས་པ་བཟླས་ན་ནི་དཔུང་ཚོགས་བཞོན་པར་བྱས་པ་ཡི་རྒྱལ་པོ་དང༌། དེས་མཚོན་ནས་བསྒྲུབ་བྱ་གང་ཡིན་མྱུར་དུ་འཆི་བར་བྱེད་དོ། །བྱི་ལ་དང་ནི་ནེའུ་ལེ་དང་ཁྭ་དང་ཝ་དང་ཆུ་སྐྱར་ལྔའི་ཤ། ཟླ་བ་ལ་གནས་པའི་ཧ་ལྔ་ལས་བསྐྱེད་ལ། དེ་དག་གིས་མཁའ་འགྲོ་མ་སྟོབས་ཅན་ལ་སྦྱར་བ་སྟེ་གཏོར་མ་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱས་ན། ཤ་འདི་དག་གིས་བསད་པ་སོགས་མྱུར་དུ་འགྲུབ་པ་ཡིན་པར་རྒྱུད་འདི་ལ་ནི་ཐེ་ཚོམ་མེད་དོ། །གཉིས་པ་ནི། རི་བོང་དང་ལ་སོགས་པས་ཅེ་སྤྱང་ལ་སོགས་པའི་སྤུ་ལས་ནི་སྲད་བུ་བྱས་ཏེ་ཧ་ལྔ་ལན་སྟོང་དུ་བཟླས་ནས། བསྒྲུབ་བྱ་གང་གི་མགུལ་དུ་བཅིངས་པར་གྱུར་པ་དེ་ནི། རི་བོང་ལ་སོགས་པ་དེ་དང་འདྲ་བའི་གཟུགས་སུ་འགྱུར་རོ། །གསུམ་པ་ནི། རང་གི་ལག་པར་ཧ་ལྔའི་བཟླ་བརྗོད་སྟོང་བྱས་ཏེ་ཀ་ར་བཱི་རའི་མེ་ཏོག་དང་བཅས་པས་སྦྲུམ་མ་ལ་ནི་རེག་པར་གྱུར་ན་མངལ་ནི་རྣམ་པར་འགྱུར་རོ། །ཡི་གེ་རེ་རེ་མངོན་བཟླས་ནི་ཧ་ལྔའི་ཡི་གེ་རེ་རེའི་གྲངས་ཀྱི་འབུམ་ཕྲག་བཟླས་ལ། དེ་ནས་ལས་ལ་སྦྱར་བའི་དོན་ནོ། །ལག་པས་ལུས་ལ་རེག་པ་བཏང་ན་མངལ་འཕོ་བ་ལས་ཐར་བར་འགྱུར་བ་ཡིན་ནོ། །ཁྲོས་པས་བསྒྲུབ་བྱ་གང་ལ་སྡིགས་མཛུབ་བྱས་ཏེ་དྲག་སྔགས་བཟླས་པའི་བསྒྲུབ་བྱ་དེ་འཆི་ལ། སླར་ཡང་ཞི་བས་སྔགས་བཟླས་ཏེ་སྡིགས་མཛུབ་བཀྲོལ་ན་འཚོ་བར་བྱེད་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་ཡི་གེ་ཧ་ལྔ་ལ་བརྟེན་ནས་


JLD008_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་བཞི་བཅུ་རྩ་དྲུག་པའི་བཤད་པའོ།། ༈ །།གསུམ་པ་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་བསྒྲུབ་པ་དང་ལྷ་སྒོམ་པ་རྟག་ཏུ་བྱ་བ་ལ་གཉིས། སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་ལས་བསྒྲུབ་པ་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་རྟག་ཏུ་བསྒོམ་པར་བྱའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཞེ་དྲུག་པས་ཧ་ལྔའི་ལས་བསྒྲུབ་པ་བསྟན་པ་དེ་ནས་དེ་ལས་གཞན་ཡང་ཡང་དག་པར་བཤད་པར་བྱའོ། །དེ་གང་སྙམ་ན། མཁའ་འགྲོ་མ་ཀུན་འདུས་པ་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོ། འདིའི་ལེའུ་འོག་མ་ནས་གོ་རིམ་བཟློག་སྟེ་བསྟན་པས་ལས་བསྒྲུབ་པའོ། །ཁ་ཅིག་བཻ་རོ་ཙ་ནའི་སྔགས་ལ་འཆད་མོད་ཀྱང༌། འགྲེལ་པ་གཞན་གྱིས་སངས་རྒྱས་མཁའ་འགྲོ་མའི་སྔགས་ལ་བཤད་པ་ལེའུ་འདིའི་མཚན་དང་མཐུན་ནོ། །དགོས་པ་ནི། ཉེ་བའི་སྙིང་པོའི་སྔགས་འདི་ནི་བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་དབང་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བསྐྱེད་པར་བྱེད་པ་ཡིན་པ་དེའི་ཕྱིར་དུ་བཤད་དོ། །གཉིས་པ་ལ་གཉིས། དབང་དང་དྲག་པོའི་ལས་ཀྱིས་བསྒྲུབ་པ་དང༌། གཞན་དུ་བསྒྱུར་བའི་ལས་ཀྱིས་བསྒྲུབ་པའོ། །དང་པོ་ནི། བསྙེན་པ་སྔོན་དུ་སོང་བ་དེ་ནས་མཁའ་འགྲོ་མའི་རིག་པ་


JLD008_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་སྟེ། སངས་རྒྱས་མཁའ་འགྲོ་མའི་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན། རྒྱལ་རིགས་ལ་སོགས་པའི་རིགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །སྔགས་དེ་རྟག་ཏུ་བཟླས་བརྗོད་བྱས་ན་ཚེ་རིང་བ་སོགས་ཀྱི་དཔལ་ཆེན་པོ་སྟེ་ཕུན་ཚོགས་ཐམས་ཅད་སྐྱེད་པར་འགྱུར་རོ། །མི་རུས་ལས་བྱས་བའི་ཕུར་བུ་སོར་དྲུག་པ་བྱས་ལ། ཡུམ་གྱི་སྔགས་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས། བསྒྲུབ་བྱ་གང་གི་སྒོར་སྦས་པ་དེའི་རིགས་བརྒྱུད་རྣམས་རབས་གཅོད་པར་འགྱུར་རོ། །བྷ་བས་སྔགས་བརྒྱད་བརྒྱ་བཟླས་པར་འཆད་ཅིང༌། གཅོད་པ་ཞེས་པ་སྐྲོད་པར་འདོན་ནོ། །ཞིང་དང་བ་ལང་གི་ར་བ་དང་མ་ཧེ་དང་གླང་པོ་ཆེ་དང༌། རྟའི་གནས་སུ་ས་བརྐོས་ཏེ། སྔར་བཤད་པའི་ཕུར་བུ་ལ་སྔགས་བཟླས་ནས་སྦས་ན། ཞིང་ལ་སོགས་པ་ཐམས་ཅད་བརླག་པར་འགྱུར་རོ། །དེ་ནས་རྒྱལ་པོའམ་རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན། ལས་སྦྱོར་ལ་མཁས་པས་ས་ལས་ཏེ་རྫ་མཁན་གྱི་ལག་པ་ལ་འབྱར་བའི་འཇིམ་པ་ལ་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པ་བྱས་ལ། དེའི་སྙིང་གར་གྲོ་ག་སོགས་ལ་སྔགས་བསྒྲུབ་བྱའི་མིང་སྤེལ་དང་བཅས་པ་བྲིས་པ་བཞག་ལ། དེ་རྒྱལ་པོའམ་བློན་པོའི་སྒོར་བཞག་པ་སྟེ་ས་བརྐོས་ཏེ་སྦས་ནས། ཉི་ཞག་དང་པོ་ལ་མ་དུ་ལུང་ཀའི་མེ་ཏོག་དང་འབྲས་བུ་རྣམས་དང༌། ཀུ་སུ་མའི་མེ་ཏོག་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་གསུམ་དང༌། ཕྱི་ནས་དེ་རྣམས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། རྒྱལ་པོ་ལ་སོགས་པ་དེ་དབང་དུ་འགྱུར་རོ། །སངས་རྒྱས་མཁའ་འགྲོ་མའི་སྔགས་འདི་གཉིས་ལྷ་སྒོམ་ཚུལ་དང༌། སྔགས་


JLD008_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁ་དོག་སོགས་ཀྱི་སོ་སོར་བྱས་པ་ཉིད་ཀྱིས་དགུག་པ་དང༌། གནོན་པ་སྟེ་རེངས་པ་དང་རྨོངས་པ་དང༌། སྐེམས་པ་དང་རྨུགས་པ་དང༌། ཚིག་འཕྲོག་པ་སྟེ་ལྐུགས་པར་བྱེད་པ་དང༌། མིག་ལོང་བར་བྱེད་པ་དང༌། ལྕེ་དིག་པ་ཉིད་དུ་བྱེད་ལ། སླར་གསོ་བར་འདོད་ན་དེ་རྣམས་ཞི་བའི་བསམ་པས་སྔགས་བཟླས་ན། གཏོང་བར་བྱེད་པ་སྟེ་སྔགས་ཀྱི་ལས་སྦྱོར་གྱི་ནུས་པ་ལྡོག་པར་བྱེད་དོ། །གཉིས་པ་ལ་དྲུག །མཚན་གཞན་དུ་བསྒྱུར་བ། འགྲོ་བ་གཞན་དུ་བསྒྱུར་བ། རྫས་གཞན་དུ་བསྒྱུར་བ། བསམ་པ་གཞན་དུ་བསྒྱུར་བ། གཟུགས་གཞན་དུ་བསྒྱུར་བ། བདག་པོ་གཞན་དུ་བསྒྱུར་པའོ། །དང་པོ་ནི། དེ་ནས་སྐྱེས་པ་བུད་མེད་དུ་བྱ་བར་འདོད་ན། སྐྱེས་པའི་རོ་ལ་བཏགས་པའི་མེ་ཏོག་དང༌། ལྕགས་ཀྱི་སོ་ཏོག་དང༌། ཀ་ཀཎྜ་ཀཱི་ཡི་འབྲས་བུ་ནི་ནག་པོ་ཆེན་པོའི་འབྲས་བུ་ལ་འཆད་པ་ནི། ལྕུག་མ་ནག་པོ་ཞེས་པའི་འབྲས་བུ་ལ་བཤད་དོ། །ཁྭའི་སེན་མོ་ནི་བྱ་ཁྭ་ཏའི་སེན་མོ་ལ་བཤད། ལྟོགས་པའི་སེན་མོ་ཞེས་ཀྱང་འབྱུང་ལ། དོན་ནི་བྱ་རོག་གི་སེན་མོ་ལ་འཆད་པ་དང༌། ལྟོགས་ནས་ཤི་བའི་སེན་མོ་ལ་ཡང་འཆད་དེ། དེ་དང་རྐང་པའི་འོག་སྟེ་མཐིལ་གྱི་པགས་པ་རྣམས་ཆ་མཉམ་པར་བྱས་ལ། སྔར་བཤད་པའི་བུད་མེད་ཀྱི་ཐོད་པར་བསྐྱེད་པའི་ས་བོན་བླངས་ལ་རི་བོང་གི་ཁྲག་དང་ལྷན་ཅིག་ཏུ་བཏགས་ཏེ། རི་ལུ་བཅུ་གཅིག་བྱས་ལ་གྲིབ་མ་ལ་བསྐམ་མོ། །དེ་བཞིན་དུ་ཉིན་ཞག་བཟང་པོ་སྟེ་ཚེས་གྲངས་དང༌། གཟའ་སྐར་བཟང་པོ་ལ་ལག་པར་བླངས་ནས་ཁུ་ཚུར་བཅིངས་ཏེ། ཉི་མ་རེ་རེ་ཞིང་ཐུན་རེ་རེ་


JLD008_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟོང་ཕྲག་བརྒྱད་བརྒྱད་བཟླས་པའི་ཉི་མ་བཅུ་གཉིས་པ་ལ། སྐྱེས་པ་གང་གི་སྤྱི་བོར་རིལ་བུའི་བྱེ་མ་བཞག་པ་དེ་བུད་མེད་དུ་འགྱུར་རོ། །སྐྲ་བཞར་ན་ནི་སྔར་བཞིན་དུ་འགྱུར་རོ། །གཉིས་པ་ནི། དེ་ནས་སྐྱེས་པ་ཁྱིར་བྱ་བར་འདོད་ན། རྒྱལ་གྱི་ལྕགས་ཏེ་གསེར་ཁ་ན་མ་ཐོ་བ་མེད་པར་རྙེད་པའི་ནེའུ་ལེ་སྟེ་སྲེ་མོའི་མགོ་བོར་ཏེ་ཐོད་པའི་ནང་དུ། གུར་ཀུམ་དང་ལྷན་ཅིག་ཕྱེ་མར་བྱས་པ་བཞག་ལ། མཚན་མོ་སྟེ་ཞག་བདུན་གྱི་བར་དུ་སྔགས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཉིན་ཞག་བརྒྱད་པ་ལ་གུར་ཀུམ་དང་མཉམ་པོར་བྱས་ཏེ། སྔགས་སྤེལ་ཚིག་དང་བཅས་པ་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས། ལས་ཐམས་ཅད་པའི་ཐབ་ཏུ་ཕྱེ་མའི་སྦྱིན་སྲེག་བྱས་ལ། དེའི་ཐལ་བ་གང་གི་སྤྱི་བོར་བཞག་པ་དེ་ཁྱིའི་གཟུགས་སུ་འགྱུར་རོ། །སླར་གསོ་བ་ནི་མཚན་མོའི་དུས་སུ་མཁའ་འགྲོ་མ་རྣམས་ལ་མཆོད་པ་ཆེན་པོ་བྱས་ཏེ་གཏོར་མ་བྱིན་ནས་གསོལ་བ་བཏབ་ན། དེའི་འོག་ཏུ་སྔར་བཞིན་དུ་རྣལ་མར་འགྱུར་རོ། །གསུམ་པ་ནི། གསེར་དངུལ་སོགས་ཀྱི་རིན་པོ་ཆེའི་རྫས་རིན་པོ་ཆེའི་རྫས་མ་ཡིན་པར་བྱ་བར་འདོད་ན། གསེར་ཤིང་སྟེ་དྷ་དུ་རའི་འབྲས་བུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་སྤེལ་ཚིག་དང་བཅས་པ་བྱས་ན་རྫས་རྫས་མ་ཡིན་པར་འགྱུར་རོ། །ཨ་རུ་ར་བརྒྱད་བརྒྱའི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྣལ་མར་འགྱུར་རོ། །བཞི་པ་ནི། ཅི་སྟེ་སྨྱོ་བར་བྱ་བར་འདོད་ན། བྱ་ཆེན་པོ་ནི་སྲིན་བྱའམ་འུག་པའོ། །དེའི་གནས་ཏེ་ཚང་གི་ཤིང་གིས་ཉི་མ་བདུན་གྱི་བར་དུ་སྔགས་སྟོང་ཕྲག་བརྒྱད་བཟླས་པ་སྔོན་དུ་སོང་བས་སྦྱིན་སྲེག་བྱས་ན་ཉི་མ་བདུན་པ་ལ་སྨྱོ་བར་


JLD008_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །སླར་བཟློག་པ་སྟེ་གསོ་བ་ནི་འབྲས་ཀྱི་ཕུབ་མའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཞི་བར་འགྱུར་རོ། །ལྔ་པ་ནི། བྱི་ལའི་སྤུ་ཟླ་བ་གཟས་ཟིན་པའི་ཚེ་བསྡུས་ལ་བླངས་ཏེ། བསྒྲུབ་བྱ་གང་གི་མིང་ནས་བརྗོད་ནས་སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ནས། ཐལ་བ་དེ་གང་གི་སྤྱི་བོར་བཞག་པ་དེ་བྱི་ལར་འགྱུར་རོ། །ཞི་བའི་བསམ་པས་སླར་སྟོང་ཕྲག་བརྒྱད་བཟླས་ན་རྣལ་མར་འགྱུར་རོ། །བྱ་རོག་གི་རྒྱུས་པ་སྟེ་ཆུ་རྒྱུས་ལ་སྲད་བུ་བྱས་པ་གཟུང་ལ་བསྒྲུབ་བྱའི་མིང་སྤེལ་དང་བཅས་པས་སྔགས་ལན་བརྒྱད་བརྒྱར་མངོན་པར་བཟླས་ཏེ་གང་གི་མགུལ་དུ་བཅིངས་པ་དེ་བྱ་རོག་ཏུ་འགྱུར་རོ། །དེས་མཚོན་ནས་སེམས་ཅན་གང་དང་གང་གིས་རྒྱུས་པ་སྲད་བུར་བྱས་པ་ལ་མིང་སྤེལ་དང་བཅས་པའི་སྔགས་བརྒྱད་བརྒྱ་མངོན་པར་བཟླས་ཏེ་མགུལ་དུ་བཅིངས་པ་དེ་སེམས་ཅན་དེ་དང་དེ་འདྲ་བར་འགྱུར་རོ། །དེ་བཞིན་དུ་ཁྭ་དང་ཐི་བ་དང་རྨ་བྱ་དང་ཆུ་སྐྱར་དང་འུག་པ་དང་ཁྲ་དང་བྱ་རྒོད་ཀྱི་གཟུགས་འཛིན་པར་འགྱུར་རོ། །བ་ལང་གི་སྤུ་ལས་སྲད་མ་བྱས་ལ་བསྒྲུབ་བྱའི་མིང་སྤེལ་དང་བཅས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། མགུལ་དུ་བཅིངས་ན་དེ་བ་ལང་དུ་འགྱུར་རོ། །རྐང་བཞི་པ་དང་སོགས་ཀྱིས་རྐང་མངས་དང་རྐང་མེད་ལ་སོགས་པའི་སྲོག་ཆགས་གང་དང་གང་གི་སྤུ་ལས་སྲད་བུ་བྱས་ལ། མིང་སྤེལ་དང་བཅས་པ་སྔར་བཞིན་བཟླས་ཏེ་མགུལ་དུ་བཏགས་ན་སྲོག་ཆགས་དེ་དང་དེའི་གཟུགས་འཛིན་


JLD008_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །སྐུད་པ་དེ་རྣམས་མགུལ་ནས་བཀྲོལ་ན་ཐར་བར་འགྱུར་རོ། །དྲུག་པ་ནི། སོ་བ་ལ་ཉི་མ་བདུན་གྱི་བར་དུ་ཐུན་རེ་རེ་ལ་སྔགས་སྟོང་ཕྲག་བརྒྱད་བཟླས་ནས་ནོར་གྱི་བདག་པོ་ཆེན་པོའི་ཁྱིམ་དུ་བཅུག་ལ། ལྷག་མ་སྟེ་བཅུག་པའི་རྗེས་སུ་སྔགས་ཀྱིས་མངོན་པར་བསྔགས་པའི་ཆུས་བདག་ཉིད་ལ་དབང་བསྐུར་ཞིང་ཞག་བདུན་དུ་བཟླས་ན་མཚན་མོ་བདུན་གྱིས་སོ་བ་ཐམས་ཅད་འགུགས་པར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མ་ནི་སརྦ་བུདྡྷ་ཌཱ་ཀི་ནི་སྟེ་དེའི་སྔགས་ཀྱི་སྒོ་ནས་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་བདུན་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་བཞི་བཅུ་རྩ་བདུན་པའི་བཤད་པའོ།། །།༈ གཉིས་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་རྟག་ཏུ་བསྒོམ་པར་བྱ་བ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཞེ་བདུན་པ་བཤད་པ་དེ་ནས་སྔ་མ་ལས་གཞན་ཡང་བཤད་པར་བྱའོ། །དེ་གང་ཞེ་ན། རྡོ་རྗེ་ཕག་མོ་ལ་སོགས་པའི་མཁའ་འགྲོ་མ་ཀུན་གྱི་སྙིང་པོའི་སྔགས་སྒྲུབ་པ་པོ་གང་དགེ་བར་བྱེད་པ། རྣལ་འབྱོར་མ་ཀུན་གྱིས་སྒྲུབ་པ་པོའི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་བཞིན་དུ་སྔགས་དང་ལྷ་གང་ཞིག་བསྙེན་པའི་རྗེས་སུ་ཡིད་ལ་དྲན་ནས་བཟླས་པ་ཙམ་གྱིས། ས་འོག་ས་སྟེང་ས་བླའི་འཇིག་རྟེན་


JLD008_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་གཡོ་བར་བྱེད་ཅིང༌། སྦྱིན་སྲེག་སོགས་ལ་མི་ལྟོས་པར་རྗེས་སུ་དྲན་པ་ཙམ་གྱིས་རྣལ་འབྱོར་མ་རྣམས་ཀྱི་བསྙེན་པ་ལ་འཇུག་པའི་རིམ་པས། གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུ་འཕྱན་ན། དེའི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང༌། ཡང་དག་པའི་དངོས་གྲུབ་བདེ་མཆོག་གི་གོ་འཕང་རིམ་གྱིས་འཐོབ་པ་དེ་བཤད་པར་བྱའོ་ཞེས་པའོ། །གཉིས་པ་ལ་གསུམ། ལས་སྒྲུབ་པའི་སྔགས་ཕན་ཡོན་དང་བཅས་པ། གསང་བའི་དཀྱིལ་འཁོར་བསྒོམ་པ། དོན་བསྡུ་བའོ། །དང་པོ་ནི། སྔགས་སྟོན་པ་ན་ཧཱ་སྭཱ་ཞེས་སོགས་ལུགས་བཟློག་ཏུ་གསུངས་པ་ནི། རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར་ཡིན་ལ། གོ་རིམ་ལུགས་མཐུན་དུ་བཤད་ན། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའོ། །དེ་ལ་ཨོཾ་ནི་ཕྱག་འཚལ་བའོ། །གང་གི་ཆེད་དུ་ན། སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ནི་སངས་རྒྱས་མཁའ་འགྲོ་མ་ཐམས་ཅད་དང༌། བཛྲ་ཝརྞ་ནི་ཡེ་ནི་རྡོ་རྗེ་རབ་བསྔགས་མ་སྟེ་དེའི་ཆེད་དུའོ། །ཧཱུཾ་གཉིས་ནི་སྐབས་ཀྱི་དོན་གང་ཡིན་པ་ལ་དམིགས་པ། ཕཊ་ནི་དེ་གསལ་བར་བྱེད་པ། སྭཱ་ཧཱ་ནི་དབུགས་འབྱིན་པའོ། །སྔགས་འདི་བཀླགས་པས་འགྲུབ་པ་ཞེས་པ་ནི། སྔོན་བསོད་ནམས་བསགས་པ་དག་གིས་ནི། སྔོན་དུ་བསྙེན་པ་སོགས་ལ་མི་བལྟོས་པར་ལས་རྣམས་ཀུན་བྱེད་ཅིང༌། དགེ་བར་བྱེད་པ་ཡིན་ནོ། །དེ་དག་ལས་གཞན་གྱིས་ནི་སྔོན་གྱི་བསྙེན་པ་སོགས་ལ་བལྟོས་པ་ཁོ་ནའོ། །སྔགས་དེ་གང་གི་ཡིན་ཞེ་ན། མཁའ་འགྲོ་མ་ནི་


JLD008_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་པའོ། །རྣལ་འབྱོར་མ་ནི་དེ་འཆད་པའོ། །དེ་ཡང་གང་ཞེ་ན། དུམ་སྐྱེས་མ་དང་ལཱ་མ་དང༌། སོགས་ཀྱིས་ནི་གཞལ་ཡས་ཁང་ན་བཞུགས་པ་ཐམས་ཅད་གཟུང་ངོ༌། །དེ་ལྟ་བུའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ནི་སངས་རྒྱས་མཁའ་འགྲོ་མའི་སྔགས་འདི་ཉིད་ཡིན་པར་གྲགས་སོ། །སྔགས་དེའི་ཆེ་བ་ནི་ས་འོག་དང་ཡང་ན་མཐོ་རིས་ཏེ་ས་བླ་ལྷའི་ཡུལ་དང༌། དེ་བཞིན་ས་སྟེང་མིའི་ཡུལ་དག་ཏུ་ཡང་སྟེ་འཇིག་རྟེན་གསུམ་ན་ཡོད་པ་ཡི་ཞི་སོགས་ཀྱི་ལས་ནི་གང་དག་ཡོད་པ་རྣམས། སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་དེ་དག་ཐམས་ཅད་འགྲུབ་ཅིང༌། དངོས་གྲུབ་ཀུན་འགྲུབ་པར་བྱེད་པས་དགེ་བར་བྱེད་པ་ཡིན་ནོ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བའི་སྔགས་འདི་ལས་ཆེས་ཤིན་ཏུ་མཆོག་ཏུ་གྱུར་པའི་སྔགས་གཞན་མེད་དེ། རྒྱུ་མཚན་གང་གི་ཕྱིར་ན་སྔགས་འདི་ནི་བླ་ན་མེད་པའི་དངོས་གྲུབ་ཀྱི་ཐབས་བཟང་པོར་ནི་བསྟན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རྟེན་བསྒོམ་པ་དང༌། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་ནི། མཁའ་འགྲོ་མ་ནི་ཀུན་གྱི་བཞུགས་པའི་གནས་ནི་འདིར་མདོར་བསྡུས་ནས་བཤད་པར་བྱ་ཡི། རྒྱས་པར་བཤད་པ་ནི་མ་ཡིན་ནོ། །དེ་ཡང་གང་ཞེ་ན། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་རི་བོ་བཟང་པོ་སྟེ་རི་རབ་རྩེ་མོ་བརྒྱད་པ་མེ་ཏོག་དང༌། འབྲས་བུ་ལ་སོགས་པ་སྣ་ཚོགས་ཀྱིས་བརྒྱན་པ་ཡིད་ཀྱིས་བྲི་བར་བྱའོ། །འདི་གནས་བསྡུས་ཏེ་སྟོན་པ་ཡིན་པས། དེས་མཚོན་ནས་འབྱུང་བ་རིམ་རྩེག་དང་གཞལ་ཡས་ཁང་གི་བར་དུ་བསྒོམ་པར་བྱའོ། །གཉིས་པ་ནི། རི་རབ་དེའི་སྟེང་དུ་གཞལ་


JLD008_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་བསྒོམས་པའི་ནང་གི་དབུས་ཀྱི་པདྨ་འདབ་བརྒྱད་ཀྱི་ཕྱོགས་ཀྱི་འདབ་མ་ལ། རྟག་ཏུ་བསྒོམ་པར་བྱ་བ་ནི། ཤར་དུ་མཁའ་འགྲོ་མ་དང༌། དེ་བཞིན་དུ་བྱང་དུ་ལཱ་མ་དང༌། ནུབ་ཏུ་དུམ་སྐྱེས་མ་དང༌། ལྷོར་གཟུགས་ཅན་མ་དང༌། རྣལ་འབྱོར་མ་སོ་གཉིས་དང༌། འཁོར་གྱི་དཔའ་བོ་ཉིད་དེ་ཧེ་རུ་ཀ་ཤེས་རབ་མ་དང་བཅས་པ་དང༌། ཧ་ཧ་ཧེ་ཧེ་ཞེས་པའི་བཞད་མོ་མཛད་པ་དང༌། དཔའ་བོ་ཉི་ཤུ་རྩ་བཞིའི་མཁའ་འགྲོའི་དྲ་བའི་སྟེ་ཚོགས་ཀྱིས། བཅོམ་ལྡན་འདས་བདེ་མཆོག་གི་ལྷ་ཚོགས་རྟག་ཏུ་བསྒོམ་པར་བྱའོ། །ལེའུ་བཞི་པར་རྣལ་འབྱོར་མ་ཉེར་བཞི་གོ་རིམ་བཟློག་ནས་བསྟན་པ་བཞིན་དུ། དཔའ་བོ་ཉེར་བཞི་ཡང་གོ་རིམ་བཟློག་ནས་སྟོན་པ་ནི། དཔའ་བོ་རྡོ་རྗེ་སེམས་དཔའ་དང༌། རྣམ་པར་སྣང་བྱེད་དེ་སྣང་མཛད་དང་པདྨ་གར་གྱི་དབང་ཕྱུག་དང་དཔལ་ཁྲག་འཐུང་སྟེ་ཤྲཱི་ཧེ་རུ་ཀ་དང༌། ནམ་མཁའི་སྙིང་པོ་དང་རྟ་མགྲིན་དང༌། རིན་ཆེན་རྡོ་རྗེ་དང་སྟོབས་པོ་ཆེ་བརྒྱད་ནི་སྐུ་འཁོར་ལ་གནས་པའི་དཔའ་བོ་བརྒྱད་དོ། །མིག་མི་བཟང་དང་འཇིགས་བྱེད་ཆེན་པོ་དང༌། རྡོ་རྗེ་བཟང་པོ་དང༌། རབ་ཏུ་བཟང་པོ་དང༌། རྡོ་རྗེ་ཧཱུཾ་མཛད་དང༌། དཔའ་བོ་ཆེན་པོ་དང༌། རྡོ་རྗེ་རལ་པ་ཅན་དང་མྱུ་གུ་ཅན་ཏེ་དེ་བརྒྱད་ནི་གསུང་འཁོར་ལ་གནས་པའི་དཔའ་བོ་བརྒྱད་དོ། །རྡོ་རྗེའི་ལུས་ཏེ་སྐུ་དང༌། རྡོ་རྗེའི་འོད་དང༌། འོད་དཔག་མེད་དང་ལྷ་ཡི་དགྲ་དང༌། དེ་བཞིན་དུ་མཆེ་བ་རྣམ་པར་གཙིགས་པ་དང༌། ཀེང་རུས་དང༌། ཀེང་རུས་ཆེན་པོ་དང༌། ཐོད་པའི་དུམ་བུའོ། །འདིར་སོགས་ཀྱི་སྐད་དོད་ནི་བྷ་བའི་


JLD008_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ལས་དང་པོར་མཛད་པ་ལྟར་བྱའི་སོགས་སུ་མི་བྱའོ། །དེ་བརྒྱད་ནི་ཐུགས་འཁོར་ལ་གནས་པའི་དཔའ་བོ་བརྒྱད་དོ། །འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་སོགས་ནི། བཤད་རྒྱུད་ལས་མི་འདྲ་བ་དུ་མར་གསུངས་པ་སློབ་དཔོན་སོ་སོའི་བཞེད་པ་ལྟར། གང་སྐབས་སུ་བབ་པ་ཉམས་སུ་བླང་བར་བྱའོ། །དེ་ལྟར་དཔའ་བོ་ཉི་ཤུ་རྩ་བཞི་ཡིས་འགྲོ་བ་འདི་དག་ཐམས་ཅད་ཀྱི་སྤྱི་བོ་དང༌། སྤྱི་གཙུག་སོགས་ནང་གི་གནས་ཉེར་བཞིར་ཁྱབ་པ་སྟེ་གནས་པར་བསྒོམ་སྟེ་རབ་གཏུམ་མ་སོགས་དང་བཅས་པའོ། །དེ་ལྟར་དཔའ་བོ་ཉེར་བཞི་པོ་རྣམས་དང༌། མཁའ་འགྲོ་མ་ཉིད་དེ་རྣལ་འབྱོར་མ་ནི་རབ་གཏུམ་ལ་སོགས་པ་ཉེར་བཞི་ནི། ཞི་སོགས་ཀྱི་བྱ་བ་སྟེ་ལས་ཀུན་སྒྲུབ་པ་ལ་སྒྲུབ་པ་པོས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་རྩིབས་ལ་བཞུགས་པ་བལྟ་བར་ཏེ་བསྒོམ་པར་བྱའོ། ཞེས་པ་ནི་མཚོན་པ་སྟེ། ལྷ་ལྷག་མ་རྣམས་ཀྱི་འགའ་ཞིག་ཀྱང་ཁ་བསྐངས་ཏེ་ལྷ་རེ་གཉིས་བསྒོམ་པར་བྱའོ། །དངོས་གྲུབ་སྒྲུབ་པར་འདོད་པས་ཤིན་ཏུ་མཉམ་པར་བཞག་པ་སྟེ་བྱ་བ་གཞན་གྱིས་མ་གཡེངས་པས། རྟེན་དང་བརྟེན་པའི་ལྷའི་འཁོར་ལོའི་བདག་ཉིད་འདི་ནི་རྟག་ཏུ་བསྒོམ་པར་བྱ་ཞིང༌། སྔར་ལེའུ་གཉིས་པ་དང་གསུམ་པར་བཤད་པའི་ཆོ་ག་ཡིས་མཁའ་འགྲོའི་དྲ་བ་སྟེ་ཚོགས་ཀྱིས་བསྐོར་བའི་འཁོར་ལོ་བདེ་མཆོག་བརྗོད་པ་སྟེ་མཆོད་པར་བྱའོ། །གསུམ་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོའི་རྣལ་འབྱོར་མ་རྣམས་བསྒོམ་ཞིང༌། སྔར་བཤད་པ་དེ་བཞིན་དུ་མཆོད་པ་འདི་ནི་དངོས་གྲུབ་ཀུན་གྱི་གཞི་ཡིན་པར། རྣམ་སྣང་ལ་


JLD008_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སངས་རྒྱས་བྱེ་བ་དང༌། ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་བྱེ་བས་ལེགས་པར་གསུངས་པའི་ལམ་དེ་ལ་ཤིན་ཏུ་བརྩོན་པར་བྱའོ། །དཔའ་བོའི་ཆེ་བ་སྟོན་པ་ནི། དཔའ་བོ་རེ་རེ་ལ་རྣལ་འབྱོར་མ་རེ་རེ་དེ་འདྲ་བའི་མཁའ་འགྲོ་མ་ནི་རེ་རེ་ཡང༌། བྱེ་བ་གྲངས་མེད་པ་ཡི་འཁོར་གྱིས་བསྐོར་རོ། །རྣལ་འབྱོར་མ་ནི་མཁའ་འགྲོ་མའི་དངོས་པོ་ནི་མཁའ་འགྲོ་མ་ཉིད་དང༌། གཟུགས་ཅན་མ་དང༌། དུམ་སྐྱེས་མ་དང་ལཱ་མ་དང༌། ལ་སོགས་པས་སྒོ་མཚམས་མ་བརྒྱད་དང༌། གཙོ་མོ་རྣམས་ཀྱི་འཁོར་གྱི་གྲངས་ཀྱང་སྔར་བཤད་པ་དེ་བཞིན་ནོ། །དེ་རྣམས་ཐམས་ཅད་ཀྱང་དངོས་གྲུབ་ཀུན་ཏེ་ཐམས་ཅད་སྩོལ་བར་བྱེད་ཅིང་སྒྲུབ་པ་པོ་དགེ་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་གནས་ཏེ་རི་རབ་སོགས་དང༌། དེའི་སྒོམ་པའི་གསང་བ་སྟེ་ལྷའི་དཀྱིལ་འཁོར་སྒོམ་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་བརྒྱད་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས་ལེའུ་བཞི་བཅུ་རྩ་བརྒྱད་པའི་བཤད་པའོ།། ༈ །།བཞི་པ་སྐྱེ་བདུན་བརྟག་པ་རྒྱས་པར་བསྟན་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ནི། ཞེ་བརྒྱད་པ་བཤད་པ་དེ་ནས་དེར་བཤད་པ་ལས་གཞན་ཡང་བཤད་པར་བྱའོ། །


JLD008_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གང་ཞེ་ན། སྔར་བཅུ་བཞི་པར་བཤད་པ་ཇི་ལྟ་བ་དེ་བཞིན་གྱི་ཆོ་ག་སྟེ་བོང་བུའི་རྣལ་འབྱོར་སྔོན་དུ་འགྲོ་བས་ཕྱུགས་ཏེ་སྐྱེ་བདུན་བསྒྲུབ་པར་བྱའོ། །དགོས་པ་ནི་སྒྲུབ་པ་པོ་གང་གིས་རྫས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པ་ཤེས་པ་ཙམ་གྱིས་འོག་ནས་འཆད་པའི་དངོས་གྲུབ་རྣམས་མྱུར་དུ་འགྲུབ་པར་འགྱུར་བ་དེའི་ཕྱིར་དུ་བཤད་དོ། །གཉིས་པ་ལ་གསུམ། འབྲས་ཕྱེ་ལས་ཕྱུགས་ཀྱི་གཟུགས་བརྙན་བྱ་བ། ཕྱུགས་མཆོག་གི་མཚན་ཉིད་དང་དེ་ལ་བརྟེན་པའི་ལས། ལས་སྦྱོར་དེ་མཆོག་ཏུ་བསྟན་པའོ། །དང་པོ་ནི། སྔགས་པས་དགུན་གྱི་དུས་སུ་སྐྱེས་བའི་འབྲུའི་བྱེ་བྲག་འབྲས་ས་ལུའི་ཕྱེ་མ་དང༌། འབྲས་ཕྱེའི་འཁུར་བ་ལ་མི་ལ་སོགས་པའི་ཕྱུགས་ཀྱི་གཟུགས་བརྙན་བྱའོ། །རིམ་བཞིན་ནི་མི་ལ་སོགས་པའི་གཟུགས་རིམ་པ་བཞིན་བྱ་བའོ། །ཕྱུགས་དུ་ཞེ་ན། མི་དང་རུས་སྦལ་དང་རྔ་མོང་དད་བོང་བུ་དང༌། སྤྱང་ཀི་དང་རྟ་དང་ལ་སོགས་པས་ཁྭ་དང་འུག་པ་དང་བྱ་རྒོད་ལ་སོགས་པ་གཟུང་ངོ༌། །དེ་ལྟར་སྣ་ཚོགས་ཕག་ནི་ཁ་དོག་སྣ་ཚོགས་པའི་རི་དྭགས་ཀྱི་ཁྱད་པར་ལ་བཤད་པ་སྟེ། འབྲས་ཕྱེ་ལ་ཕྱུགས་གཟུགས་བྱ་ཞེས་པའི་ཕྱུགས་ནི། ཕྱུགས་འདི་དག་ཏུ་ཤེས་པར་བྱའོ། །འདི་ནི་སྔར་དཀྱིལ་འཁོར་གྱི་དབུས་སུ་བོང་བུའི་གཟུགས་བརྙན། འབྲས་ཕྱེའམ་འབྲས་ཀྱི་འཁུར་བ་ལས་བྱས་པ་བཞག་ཅེས་པའི་ཁ་སྐོང་ངོ༌། །གཉིས་པ་ལ་གསུམ། དོན་གཉིས་བཤད་པར་དམ་བཅའ་བ། ཕྱུགས་མཆོག་གི་མཚན་ཉིད་བསྟན་པ། དེ་ལ་བརྟེན་པའི་ལས་སྦྱོར་བསྟན་པའོ། །དང་པོ་ནི། སྐྱེ་བདུན་


JLD008_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཚན་ཉིད་ཇི་ལྟར་དུ་གྱུར་པ་དང༌། སྐྱེ་བདུན་འདི་རྣམས་ཀྱི་ལས་ནི་བཤད་པར་བྱའོ། །གཉིས་པ་ནི། དང་པོར་མིའི་སྐྱེ་བ་གཅིག་དང༌། དེ་ནས་སྐྱེ་བ་གཉིས་པ་དང༌། དེ་ནས་སྐྱེ་བ་གསུམ་པ་དང༌། བཞི་པ་དང་ལྔ་པ་ཉིད་དང༌། སྐྱེ་བ་དྲུག་པ་དང༌། བདུན་པར་བར་མ་ཆད་དུ་གྱུར་པའི་མི་ནི་ཕྱུགས་རྣམས་ཀྱི་མཆོག་ཏུ་ནི་གདོན་མི་ཟའོ། །འདི་ལ་ཕྱུགས་ཟེར་བའི་རྒྱུ་མཚན་ནི་སྔར་བཤད་ཟིན་ཏོ། །མལ་གྱི་འགྱུར་ལའམ་གཉིས་དང་དམ་མེད་པ་ལེགས་སོ། །མི་གང་གི་ཁའི་དྲི་ཨུལའི་དྲི་ལྟར་ཞིམ་ཞིང༌། མིག་མི་འཛུམས་པར་རྣམ་པར་བལྟ་བ་དང༌། ཚིག་བདེན་པར་སྨྲ་ཞིང་གཞན་གྱིས་མཐོང་ན་དགའ་བ་དང༌། རྟག་ཏུ་དམ་པའི་ཆོས་སྤྱོད་པ་ལ་དགའ་བར་འགྱུར་ཞིང༌། རང་གི་སྐྱེ་བ་ཤེས་པ་དང་ལུས་ཀྱི་དྲི་ནི་རྟག་ཏུ་ཞིམ་པོ་བྲོ་བའི་མཚན་ཉིད་འདི་དག་དང་ལྡན་པ་ནི། མི་ཡི་སྐྱེ་བ་བདུན་དུ་བར་མ་ཆད་པར་འབྱུང་བ་ཡིན་ནོ། །མཚན་ཉིད་རྒྱས་པ་ནི་བཤད་རྒྱུད་ལས། སྐལ་བཟང་ཡིད་འོང་བདེ་བར་འགྲོ། སྐྲ་ཡི་མྱུ་གུ་དེ་བཞིན་རིང༌། །མིག་ནི་དཀྱུས་རིང་མིག་ཀྱང་དམར། །པདྨའི་འདབ་མ་འདྲ་བའི་གཟུགས། །དེ་ཡི་ལུས་ལ་རྡུལ་རབ་འབྱུང༌། །ལུས་ལས་ལྷ་ཡི་དྲི་འབྱུང་ཞིང༌། །ཁ་ཡི་དབུས་ནི་ག་བུར་དྲི། །ལྡན་པས་སྦྲང་མ་རྟག་ཏུ་འཁོར། །གཅིན་དང་ཕྱི་ས་གླ་རྩི་བྲོ། །ཚིག་ནི་འཇམ་པར་གྱུར་བ་དང༌། །ལག་པ་དང་ནི་རྐང་པ་འཇམ། །ཨུཏྤ་ལ་ཡི་དྲི་དང་ལྡན། །སྐྲ་དཀར་གཉེར་མ་ལས་རྣམ་གྲོལ། །ལུས་ཀྱང་སྣུམ་ཞིང་


JLD008_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

མཉེན་པ་དང༌། །སྙིང་དང་ཐོད་པ་ལྟེ་བ་སྟེ། །དེས་ན་རོ་ཙ་ན་རུ་འགྱུར། །གྲིབ་བདུན་ངང་པའི་འགྲོས་སུ་འགྲོ། སྙིང་རྗེའི་བསམ་པ་ཅན་ཡིན་ཏེ། །དཀོན་མཆོག་གསུམ་ལ་རྟག་ཏུ་དད། །སྦྱིན་དང་ཚུལ་ཁྲིམས་དག་དང་ལྡན། །འདི་འདྲ་རྣལ་འབྱོར་པས་རྟོགས་ན། །མི་གསོད་མེ་ཡིས་འཚིག་མི་འགྱུར། །སྲོག་ཆགས་སྣ་ཚོགས་གདུག་པ་དག །གང་ཡང་རུང་པས་ཟ་མི་ནུས། །དེ་ནི་མཚན་མོ་མ་མཐོང་སྟེ། །མི་སྣང་བ་ཡི་དབང་ཕྱུག་མཆོག །འདི་འདྲ་སྔགས་པས་རྟོགས་ནས་ནི། །ཞེས་གསུངས་པ་ལྟར་གྱི་མཚན་ཉིད་ཅན་ཏེ། དེ་མཐོང་ནས་བདག་ལ་སྦྱིན་པ་སྩོལ་ཞེས་ཞུས་པ། དྲི་ཆེན་དྲི་ཆུ་བྱང་ཆུབ་ཀྱི་སེམས་བླངས་ཏེ། རིལ་བུར་བྱས་ལྕགས་གསུམ་གྱིས་དཀྲིས་ལ། དབང་པོ་གཉིས་མཉམ་པར་སྦྱར་ནས་ཉེ་སྙིང་ལན་འབུམ་བཟླས་ནས་རིལ་བུ་དེ་དེའི་ལག་ཏུ་བྱིན་ནས་བདག་ལ་སྦྱིན་པ་བྱིན་ཞེས་སྨྲས་པས། དེ་དེ་མ་ཐག་ཤི་ནས་མི་འཁྲུགས་པའི་ཞིང་དུ་སྐྱེ་ལ། རོ་དེ་དབེན་པར་ཁྱེར་ནས་བསྒྲུབ་པར་བྱའོ། །ཞེས་མངོན་བརྗོད་ལས་གསུངས་སོ། །གསུམ་པ་ལ་གཉིས། ཕྱུགས་མཆོག་ལ་བརྟེན་པའི་ལས་ཀྱིས་བསྒྲུབ་པ་དང༌། ཕྱུགས་གཞན་ལ་བརྟེན་པའི་ལས་ཀྱིས་སྒྲུབ་པའོ། །དང་པོ་ནི། དེ་འདྲ་བའི་སྐྱེ་བདུན་གྱི་ཤ་དེ་ནི་ཟོས་པ་ཙམ་གྱིས་ནི་ལྷ་ཡི་གཟུགས་ནི་འཛིན་པར་འགྱུར་ཞིང༌། དེའི་སྙིང་ཁའི་རོ་ཙ་ནའི་དྲི་བསྣམས་པའམ་དེ་ལ་རེག་པ་ཙམ་གྱིས་སམ། སྒྲུབ་པ་པོ་གང་ཞིག་རང་གི་དཔྲལ་བར་རོ་ཙ་ན་དེའི་ཐིག་ལེ་བྱེད་པ་དེ། ཐིག་ལེ་བྱས་པ་དེའི་མོད་ལའང་དངོས་གྲུབ་རྣམས་འགྲུབ་པར་


JLD008_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་པ་སྟེ། རྣལ་འབྱོར་པ་འདི་ནི་རང་གང་ལ་དགའ་བ་ཡི་གཟུགས་སུ་འགྱུར་རོ། །སྐྱེ་བདུན་དེ་ཡི་སྙིང་ཁ་ན་ཡོད་པའི་རོ་ཙ་ན་སྟེ་གི་ཧཾ། དེའི་ལས་སྦྱོར་ལ་མཁས་པ་ཡིས་ནི་བླང་ངོ༌། །སྔར་དྲངས་པའི་བཤད་རྒྱུད་ལས། སྙིང་ག་དང་ཐོད་པ་དང་ལྟེ་བ་གསུམ་ག་ན་རོ་ཙ་ན་ཡོད་པར་བཤད་དོ། །གི་ཧཾ་དེ་བླངས་ནས་ནི་ཡབ་ཡུམ་གཉིས་ཀྱི་སྙིང་པོའི་སྔགས་ནི་བཟླས་ནས་སུ་དེ་ཡི་ཐིག་ལེ་བྱ་བ་ཡིན་ལ། སེམས་ཅན་གང་དང་གང་གི་ནི་གཟུགས་སུ་བསྒྱུར་བར་བྱ་བར་འདོད་པ་ན། སེམས་ཅན་དེ་དང་དེ་ཡི་གཟུགས་སུ་ནི་སྔར་གྱི་ཐིག་ལེ་བྱས་པས་འགྱུར་བར་ཐེ་ཚོམ་མེད་དོ། །འདིའི་ལས་སྦྱོར་ལ་མཁས་པས་ཤིང་གི་ལོ་མའི་ཁུ་བ་ནི་རོ་ཙ་ན་དང་བཅས་པ་བླངས་ནས་སུ་དཔྲལ་བར་ཐིག་ལེ་བྱས་ན་ནི། ཤིང་དེའི་གཟུགས་སུ་འགྱུར་བར་ཐེ་ཚོམ་མེད་དོ། །ཕྱུགས་ཉིད་ཀྱི་བ་སྤུ་དང༌། ཕྱུགས་དེའི་བ་སྤུའི་མཚོན་ནས་སེན་མོ་དང་སོ་དང༌། པགས་པ་དང་སྐྲ་སྟེ་ཡན་ལག་ལྔ་དང་ལྡན་པ་སྟེ་ལྷན་ཅིག་བྱས་པས་ལག་ངར་གཞན་གྱི་སྤྱི་བོར་བཅིངས་ན་ནི། གང་བཅིངས་པ་དང་དེ་དུད་འགྲོ་དེའི་གཟུགས་སུ་འགྱུར་བར་ཐེ་ཚོམ་མེད་དོ། །ཕྱུགས་ཉིད་ཀྱི་ནི་བ་སྤུ་དག། །དེ་ཡི་ཡན་ལག་ལྔར་ལྡན་ཞིང༌། །ལག་པ་སྤྱི་བོར་བཅིངས་ན་ནི། ཞེས་པ་མ་གཏོགས་པ་རྐང་པ་གཞན་གཉིས་འགྲེལ་པ་རྣམས་ལ་མེད་དོ། །དེ་ཐམས་ཅད་ལ་བཅིངས་པ་དེ་བཀྲོལ་ན་ཐར་བར་འགྱུར་རོ། །ཞེས་པ་མན་ངག་གོ། འདི་རྣམས་ཀྱི་ལས་སྒྲུབ་པ་ལ་ནི་ལྷའི་རྣལ་འབྱོར་ལ་ནི་


JLD008_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བྱང་བར་གོམས་པ་དང༌། སྔགས་མིང་སྤེལ་དང་བཅས་བཟློས་པས་དངོས་གྲུབ་འགྲུབ་བོ། །མི་རྣམས་དུད་འགྲོ་ལ་སོགས་པར་བསྒྱུར་བ་དེ་ཅིའི་དོན་དུ་ཡིན་ཞེ་ན། མི་རྣམས་ལམ་སྒྲུབ་བཞིན་པའི་ནུས་པ་དང་ལྡན་པ་ཡིན་ནའང༌། ཉོན་མོངས་སྡིག་པ་ལ་དགའ་བ། ཞེས་འདོན་པ་ལེགས་པས། མི་རྣམས་ཕལ་ཆེར་སྡིག་པ་སྤྱད་པ་དང༌། ཉོན་མོངས་ཀྱི་ཕྱོགས་ལ་དགའ་བས། དངོས་གྲུབ་ཀྱི་ལམ་ནི་འགོག་པར་བྱེད་པ་ཡིན་པས། དེ་ལས་བཟློག་པའི་ཕྱིར་དུ་གཟུགས་དམན་པར་བསྒྱུར་བར་གསུངས་སོ། །གཉིས་པ་ནི། གླང་པོ་དང་རྟ་དང་བོང་བུ་དང་རུས་སྦལ་དང༌། རྔ་མོ་དང་ཕག་དང་ཝ་དང་ཁྲ་དང་འུག་པ་སོགས་དང༌། བྱ་རྒོད་དང་ཁྲུང་ཁྲུང་དང༌། ཁྲ་དང་ས་ར་ས་སྟེ་བཞད་རྣམས་ཀྱི་ཤ་ཆོ་ག་བཞིན་དུ་བསྒོམ་ཞིང་སྔགས་ཟློས་པས་གཏོར་མར་དབུལ་ཞིང༌། རང་གིས་ལོངས་སྤྱད་ན་གཟུགས་ངན་པ་རྣམས་ཀྱང༌། གཟུགས་བཟང་བ་ལྷའི་གཟུགས་སུ་སྒྲུབ་པ་པོ་དེ་འགྱུར་རོ། །ཁ་ཅིག་གིས་ཝའི་སྐད་དོད་ཅེ་སྤྱང་ལ་བསྒྱུར་རོ། །གཟུགས་བཟང་བ་དང་གཟུགས་ངན་པ། ཞེས་པ་ལ་བཤད་སྦྱར་ལས། གཟུགས་ངན་པ་ཡང་གཟུགས་བཟང༌། ཞེས་བསྒྱུར་བ་ཉིད་ལེགས་སོ། །སྒྲུབ་པ་པོའི་རྣལ་འབྱོར་པ་ཆེན་པོ་ནི། རང་གང་ལ་དགའ་བའི་གཟུགས་སུ་སྐྱེ་བ་སྟེ་འགྱུར་བ་དེ་ནི་ཐེ་ཚོམ་མེད་དོ། །གསུམ་པ་ནི། སྐྱེ་བདུན་གྱི་ལས་སྦྱོར་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་པ་ནི། འཇིག་རྟེན་གསུམ་ན་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། སྐྱེ་བོ་བདུན་པ་ལ་བརྟེན་ནས་


JLD008_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པར་བཤད་པ་བཞིན་གྱི་དངོས་གྲུབ་ཁྱད་པར་ཅན་བསྒྲུབ་པར་བྱ་བ་དང༌། རང་དང་གཞན་གྱི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་དགུ་པའོ།། །།འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་བཞི་བཅུ་རྩ་དགུ་པའི་བཤད་པའོ།། ༈ །།ལྔ་པ་ཡུམ་གྱི་སྙིང་པོའི་སྔགས་ཀྱིས་ལས་བསྒྲུབ་པ་ལ་བཞི། སྦྱིན་སྲེག་བཤད་པ། གནས་སོགས་བཅུ་བཤད་པ། དོན་བསྡུ་བ། ལེའུ་ཡི་མཚན་བསྟན་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། དོན་བསྡུས་ཏེ་ལས་སྒྲུབ་པའི་སྔགས་བསྟན་པའོ། །དང་པོ་ནི། ཞེ་དགུ་པའི་རྗེས་དེ་ནས་དབང་གི་སྦྱིན་སྲེག་གི་ཚིག་གི་བསྒྲུབ་བྱ་ངེས་པར་དབང་དུ་བྱེད་པར་འགྱུར་བའི་ཡང་དག་པའི་ཆོ་ག་གང་གིས་ནི། མྱུར་དུ་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་བ་བཤད་པར་བྱའོ། །གཉིས་པ་ལ་ལྔ། དབང་གི་སྦྱིན་སྲེག །མངོན་སྤྱོད་ཀྱི་སྦྱིན་སྲེག །རྒྱུན་དུ་བགེགས་ཞི་བའི་ཐབས། རྒྱས་པའི་སྦྱིན་སྲེག །རེངས་པའི་སྦྱིན་སྲེག་གོ ། དང་པོ་ནི། གཽ་མཾ་ས་སྟེ་བ་ལང་གི་ཤ་དང༌། མྱོས་བྱེད་ཆང་གཉིས་བསྲེས་ཏེ་ལག་པ་གཡོན་པས་སྦྱིན་སྲེག་བྱས་ན། སངས་རྒྱས་ཀྱང་ནི་དབང་དུ་འགྱུར་ཞེས་པ་ནི་ཕུལ་བྱུང་བརྗོད་པའོ། །དེ་ལྟར་འགྱུར་ན་ཕྲན་ཚེགས་མི་ནི་སྟེ་རང་དགའ་བའི་མི་རྣམས་དབང་དུ་བྱེད་པ་ནི་སྨོས་ཀྱང་ཅི་དགོས། ཁའི་ཆུ་སྟེ་མཆིལ་མ་དང་སོ་ཤིང་དག་དང༌།


JLD008_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རང་གི་ལུས་མཉེས་པའི་ལུས་ཀྱི་དྲི་མ་དང༌། མྱོས་བྱེད་ཆང་གི་བསྲེག་རྫས་ཀྱིས་སྙིང་པོའི་སྔགས་མིང་སྤེལ་དང་བཅས་པ་ཡིས། དབང་གི་སྦྱིན་སྲེག་བྱས་ན། ཁམས་གསུམ་སྟེ་ས་གསུམ་གྱི་འགྲོ་བ་དག་ནི་རང་གི་དབང་དུ་འགྱུར་རོ། །བུད་མེད་ཀྱི་ཟླ་མཚན་གྱི་ཁྲག་དང་ཟོས་ནས་རློན་པ་སྟེ་ཟོས་ནས་སྐྱུགས་པའི་ཟས་དག་དང༌། མི་ཡི་སྐྲ་དང་ལྡན་པ་ཡིས་སྦྱིན་སྲེག་བྱས་ནས། བྱས་པའི་མོད་ལ་བསྒྲུབ་བྱ་འགུགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་གཉིས། དབྱེ་བའི་སྦྱིན་སྲེག་དང༌། བསད་བསྐྲད་ཀྱི་སྦྱིན་སྲེག་གོ། །དང་པོ་ནི། རང་གི་ལུས་དང་རང་གི་སྐྲ་ལ་བྷ་བས། ཁྱི་ཡི་ལུས་དང་ཁྱི་ཡི་སྤུ། ཞེས་འདོན་པས། ཁྱི་ཡི་ལུས་ཏེ་ཁོག་པ་ནས་སྐྱུགས་པ་དང༌། ཁྱི་ཡི་སྤུས་ནིམ་པའི་ཤིང་ལ་མེ་རབ་ཏུ་སྦར་ནས་དབྱེ་བའི་སྦྱིན་སྲེག་བྱས་ན། དེའི་མོད་ལ་མཛའ་བ་རྣམས་བྱེ་བར་འགྱུར་བ་ཡིན་ནོ། །གཉིས་པ་ནི། དྲག་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ད་དུ་ར་སྟེ་སྨྱོ་བྱེད་ཀྱི་ཤིང་གིས་མེ་སྤར་ཏེ། ཡུངས་མར་ཚན་དེའམ་སྐེ་ཚེའི་མར་ཁུ་ལ་བསྒྲེས་པ་སྟེ་དེས་སྦགས་པའི་བྱ་རོག་གི་གཤོག་པས་སྦྱིན་སྲེག་བྱས་ན། འཕྲལ་དུ་འཆི་བ་ནི་གསད་པའི་སྔགས་ཀྱིས་སོ། །གནས་ནས་སྐྲོད་པར་འགྱུར་བ་ནི་སྔགས་ལ་དེའི་སྤེལ་ཚིག་བཏགས་པས་སོ། །གསུམ་པ་ནི། སྟན་ལ་ཉལ་ཏེ་གཉིད་ལོག་པ་དང༌། མ་ཉལ་བསད་པ་དང་འདུག་པའམ་ལངས་པ་དང༌། ཟས་ཟ་བཞིན་པ་དང་དབང་པོ་གཉིས་སྦྱོར་བ་སོགས་རྣམས་ལ་ཡང༌། སྔགས་པས་རྟག་ཏུ་སྔགས་ཟློས་པར་བྱེད་ན། ཟློས་པ་དེ་ལ་བགེགས་ནི་ཡོད་པ་མ་ཡིན་ནོ། །


JLD008_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་སྤྱོད་ལམ་ཀུན་ཏུ་སྔགས་བཟླས་ན་བགེགས་ཀྱི་གནོད་པ་མི་འབྱུང་བར་བསྟན་ཏོ། །བཞི་པ་ལ་བཞི། ནོར་རྒྱས་པ། དངོས་གྲུབ་རྒྱས་པ། མངའ་ཐང་རྒྱས་པ། ཚེ་རྒྱས་པའོ། །དང་པོ་ནི། ཝ་ཡི་ཤ་ཡི་བསྲེག་རྫས་ཀྱིས་རྒྱས་པའི་བསྲེག་བླུགས་བརྒྱས། ཡང་དག་པའི་སྦྱིན་བླུགས་བྱེད་པའི་མི་དེ་ནི་ཟླ་བ་གསུམ་སོང་བའི་རྗེས་ལ། རིགས་རྒྱུད་ཀྱི་དབུལ་བ་འཇིག་པར་འགྱུར་རོ། །ཤ་ཆེན་གྱིས་སྲེག་རྫས་དག་གིས། གང་ཟག་ལ་ལ་ཞིག་མྱོས་བྱེད་ཆང་དང་ལྡན་པས་སྦྱིན་སྲེག། བརྒྱ་རྩ་བརྒྱད་ཀྱི་བར་དུ་སྒྲུབ་པ་པོས་ནི་ཞག་རེ་ལ་ཐུན་གསུམ་དུ་སྦྱིན་སྲེག་བྱེད་ན། ཟླ་བ་དྲུག་གིས་ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པའི་ཚུལ་གྱིས་དབང་དུ་འགྱུར་རོ། །སྦྱིན་སྲེག་གིས་ཚིམ་པར་གྱུར་པའི་མཁའ་འགྲོ་མས། སྒྲུབ་པ་པོ་དེ་ལ་རྒྱལ་སྲིད་སྟེར་བར་གདོན་མི་ཟའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཐམས་ཅད་སོ་སོར་གསལ་བར་སྣང་བའི་བསམ་གཏན་གྱིས་བསྒོམས་ནས། ཞག་རེ་ལ་ཐུན་གཉིས་ཀྱི་བར་དུ་ཟླ་བ་གསུམ་དུ་སྦྱིན་སྲེག་བྱས་ན། སྒྲུབ་པ་པོ་རང་གི་ལུས་ནི་དེ་ཉིད་ཀྱིས་མཁའ་ལ་འགྲོ་བ་ཉིད་དེ་མཁའ་སྤྱོད་ཐོབ་པར་འགྱུར་རོ། །གོ་མཱ་ཡུ་ནི་ཝར་བསྒྱུར་མོད་ཀྱང༌། འདིར་ཅེ་སྤྱང་ལ་བསྒྱུར་བ་ལྟར་ཏེ་ཅེ་སྤྱང་གི་ཤ་དང༌། ཆང་གིས་ཕྱིའི་སྦྱིན་སྲེག་གི་ཐབ་ཀྱི་ལྷ་ལ་སྦྱིན་སྲེག་དང༌། ནང་གི་སྦྱིན་སྲེག་ཤ་དེ་མཚན་མོ་སྔགས་ཀྱི་བཟླས་བརྗོད་བྱས་ནས་ཟོས་ན། མྱུར་དུ་སྒྲུབ་པ་པོ་དེ་ཡི་ལག་ཏུ་དངོས་གྲུབ་ཐམས་ཅད་རབ་ཏུ་འཇུག་པར་འགྱུར་ཞིང༌། ཡུལ་འཁོར་


JLD008_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡང་ནི་འགུགས་པར་བྱེད་དོ། །དེ་ལྟར་ཉིན་རེ་ཞིང་སྦྱིན་སྲེག་གཉིས་དང་བཟླས་པ་བྱས་ན། སྒྲུབ་པ་པོ་དེ་རྒྱལ་པོ་ཉིད་དུ་བྱེད་པར་འགྱུར་རོ། །ལས་སྦྱོར་འདི་ལས་རྒྱས་པའི་ལས་གཞན་རབ་ཏུ་མཆོག་ཏུ་གྱུར་པ་ནི། ས་གསུམ་ཀྱི་འཇིག་རྟེན་གསུམ་ན་ཡོད་པ་མ་ཡིན་ནོ། །ལས་འདིས་རྣལ་འབྱོར་པ་ཆེན་པོ་རང་དགས་ཏེ་རང་གི་འདོད་པའི་དབང་གིས་འཆི་བ་དང་སྐྱེ་བར་འགྱུར་རོ། །ལྷ་ལ་སོགས་པ་སྣ་ཚོགས་པའི་གཟུགས་དུ་མ་ནི་འཛིན་ཞིང༌། འདོད་པ་ལ་རོལ་བར་བྱེད་དོ། །གསུམ་པ་ནི། བིལ་བ་སྟེ་དཔལ་འབྲས་དང༌། དེ་བཞིན་དུ་པཱ་ལ་ཤ་དང༌། ཨུ་དུམ་ཝ་ར་ཉིད་དག་ནི་སྟེ་དེ་རྣམས་ཀྱི་བསྲེག་རྫས་ཀྱིས་རྒྱས་པའི་སྦྱིན་སྲེག་འབུམ་བྱས་ན། མྱུར་དུ་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །གཽ་མཾ་ས་སྟེ་བ་ལང་གི་ཤ་དང༌། མྱོས་བྱེད་ཆང་གཉིས་ལེགས་པར་བསྲེས་ཏེ། རྒྱལ་སྲིད་འདོད་པས་སྦྱིན་སྲེག་བྱེད་ཅིང༌། རྣལ་འབྱོར་དབང་ཕྱུག་ནི་ལྷའི་དབང་ཕྱུག་སྟེ་དེ་མཉེས་པར་བྱས་ན། དབུལ་བོ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་བར། རྒྱལ་སྲིད་ཀྱི་དཔལ་ལ་སྤྱོད་པར་འགྱུར་རོ། །གོ་མཱ་ཡུ་ཅེ་སྤྱང་གི་ཤས་ནི་སྦྱིན་སྲེག་བྱས་པས། གང་འདོད་པ་རྣམས་ཅི་བདེ་བར་ནི་འགྲུབ་པར་འགྱུར་རོ། །ཞེས་ཤ་དེས་བསྲེག་རྫས་བྱས་པའི་བསྔགས་པ་བསྟན་ཏོ། །གོ་མཱ་ཡུ་ཅེ་སྤྱང་གི་ཤ་ཡི་སྦྱིན་སྲེག་གིས་མྱུར་དུ་ནོར་བདག་རྣམ་ཐོས་ཀྱི་བུ་དང་ནོར་མཉམ་པ་ཐོབ་པར་འགྱུར་རོ། །གོ་མཱ་ཡུའི་ཤས་བསྲེག་རྫས་བྱ་བར་ཡང་ཡང་གསུངས་པ་ནི། ལས་སྦྱོར་བཤད་པ་ལ་འདི་མཆོག་ཡིན་པའི་ཕྱིར་ཏེ། ཅི་བདེ་བར་ནི་ཞེས་གསུངས་པའི་ཕྱིར་རོ། །


JLD008_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་བརྟུལ་ཞུགས་དང་གཙང་སྦྲ་ཡོད་ན་འགྲུབ་པར་མ་ཟད་མེད་པ་ཡིན་ནའང༌། ཇི་སྐད་བསྟན་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །བཞི་པ་ནི། ལྷག་པའི་ཚེར་གྱུར་བ་ནི་ཚེ་དཔག་ཏུ་མེད་པར་འགྱུར་བའོ། །དེ་ལ་ནི་དུར་བའི་བསྲེག་རྫས་ཀྱིས་རྒྱས་པའི་སྦྱིན་སྲེག་བྱས་ན། ཚེ་ཟད་པ་ཡང་ཚེ་དཔག་ཏུ་མེད་པར་འགྱུར་རོ། །འགྲེལ་པ་རྣམས་ལས། ལྷག་པའི་ཚེར་འགྱུར། ཞེས་འདོན་ནོ། །ལྔ་པ་ནི། ཀུཥྨ་ཎྞཾ་སྟེ་དེའི་མིང་ཅན་གྱི་ཤིང་གི་ས་བོན་དང༌། མུད་ག་སྟེ་མོན་སྲན་རྡེའུ་དང༌། མ་ཥཱ་སྟེ་སྲན་མ་མ་ཥཱ་དང༌། སྲན་མ་ཙ་ན་ཀ་དང༌། སྦྲང་རྩིའི་ཚིགས་མ་སྟེ་སྤྲ་ཚིལ་དང༌། སྐེ་ཚེ་དང་ཁྱིམ་གྱི་ཏ་མ་ལའི་འདབ་མ་སྟེ་བ་ཤ་ཀའི་ལོ་མ་ལ་བཤད། ཁ་ཅིག་གིས་ཁྱིམ་གྱི་སྟེང་ནས་འཕྱང་བའི་དུ་བ་ལ་འཆད་དོ། །རེ་རྣམས་ཀྱིས་སྦྱིན་སྲེག་བྱ་ཞིང༌། རྫས་དེ་རྣམས་ཆ་མཉམ་པར་བྱས་ཏེ། བསྒྲུབ་བྱའི་མིང་སྤེལ་དང་བཅས་པའི་སྔགས་བཟླས་ནས་ཁང་པའི་ཕྱོགས་གཅིག་ཏུ་བྱུགས་ན། བསྒྲུབ་བྱ་དེའི་ཁ་བཅིངས་པར་ནི་འགྱུར་བ་ཡིན་ནོ། །པ་ཤ་ཀའི་འདབ་མ་ལ་རོ་བསྲེགས་པའི་སོལ་བས་ཡི་གེ་གའི་ནང་དུ་ཆུད་པར་བསྒྲུབ་བྱའི་གཟུགས་བྲིས་ལ། ཉ་སྐྱོགས་ཀྱི་ནང་དུ་བཅུག་ནས་དུར་བ་དང་འབྲས་ཀྱི་ཕུབ་མས་བཀང་སྟེ། ཉ་སྐྱོགས་ཀྱི་རུས་པས་ཁ་བཅད། སྤྲ་ཚིལ་གྱིས་རྒྱས་བཏབ་ནས། ཕྱི་སའི་ནང་དུ་དབུགས་མི་འབྱིན་པར་བཞག་ན། བསྒྲུབ་བྱ་དེའི་ཁ་འཆིང་ངོ་ཞེས་ལྭ་བ་པ་གསུང་ངོ༌། །འདི་ནི་རྒྱུད་འདིར་ལས་སྦྱོར་གྱི་མཐའ་སྟེ། འདི་ཡན་ཆད་ལེའུ་དགུ་པ་


JLD008_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

མན་ཆད་དུ་ལས་སྦྱོར་ཇི་སྙེད་གསུངས་པ་རྣམས། ཁྱད་པར་འགའ་ཞིག་མ་གཏོགས་པ་རིམ་པ་གཉིས་ཀའི་སྐབས་ཀྱི་ཐུན་མོང་བ་ཡིན་ལ། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་མི་སྒོམ་པར། ཞི་སོགས་ཀྱི་དངོས་གྲུབ་རྣམས་སྒྲུབ་པ་ནི་བསྐྱེད་རིམ་པ་ཁོ་ནའི་ཡིན་ཏེ། དེ་ཡང་རྫོགས་རིམ་ལ་ལྟོས་ཏེ་གང་ཟག་དབང་བོ་དམན་པའི་དབང་དུ་བྱས་པའོ། །གསུམ་པ་ནི། སྔར་བཤད་པའི་དབང་གི་ལས་ལ་སོགས་པ་རྣམས་རང་བྱེད་པར་འདོད་པ་དེའི་ཚེ། ལས་དེའི་ཆོ་ག་ལ་སྤྱོད་པའི་རྣལ་འབྱོར་པ་ནི། གང་དུ་སྟེ་གང་ལ་དགའ་བ་དེ་དང་དེ་གྲུབ་ནས་གནས་པར་འགྱུར་རོ། །གོང་དུ་གསུངས་པའི་ལས་དེ་རྣམས་སྒྲུབ་པའི་སྔགས་ནི། ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་པའོ། །འདི་གྲུབ་ཆེན་ཁ་ཅིག་གིས་ཉེ་སྙིང་དང༌། ཁ་ཅིག་གིས་སྙིང་པོར་བཤད་དེ་ཕྱོགས་རེ་ནས་གཉིས་ཀ་ལ་བཤད་དུ་རུང་བའོ། །གཉིས་པ་ལ་གཉིས། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པའོ། །དང་པོ་ནི། ལས་སྦྱོར་རྣམས་བཤད་པ་དེ་ནས་སྔར་བསྟན་པ་ལས་དོན་གཞན་ཡང་བཤད་པར་བྱའོ། །དེ་གང་ཞེ་ན། རྣལ་འབྱོར་མའི་བརྡས་བསྟན་པའི་རབ་དགའ་སོགས་ས་བཅུ་གནས་དང་ཉེ་བའི་གནས་ལ་སོགས་པའི་བརྡས་བསྟན་པ་བཤད་པར་བྱའོ། །གནས་ལ་སོགས་པ་དེ་ཅི་ཞིག་ཏུ་གྱུར་ནས་གནས་ཤེ་ན། དཔལ་ཧེ་རུ་ཀའི་སྐུའི་ཡན་ལག་ལག་པ་ལ་སོགས་པ་དང༌། ཚིགས་ལ་སོགས་པའི་ཉིང་ལག་ཏུ་གནས་སོ། །དེ་ནི་ཧེ་རུ་ཀའི་སྤྱི་བོ་སོགས་ཉེར་བཞི། གནས་ཉེར་བཞིའི་བདག་ཉིད་དུ་གནས་ལ། དེའི་བརྡས་ས་བཅུ་སྟོན་


JLD008_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནོ། །ཧེ་རུ་ཀའི་ཡན་ལག་ཐམས་ཅད་བརྟན་པ་སྣོད་དང༌། གཡོ་བ་བཅུད་ཀྱི་བདག་ཉིད་ཅན་ནོ་ཞེས་པ་ནི་བརྟན་གཡོ་རྣམས་ས་འོག་ས་སྟེང་ས་བླ་གསུམ་དུ་འདུལ། ས་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ནི་ཧེ་རུ་ཀའི་སྐུའི་ཆ་ཤས་སུ་གནས་པའི་དོན་ནོ། །བརྟན་གཡོའི་བདག་ཉིད་ཅན་ལ། བྷ་བས། ཐམས་ཅད་ཡན་ལག་སྤྱི་བོ་སྟོབས། ཞེས་འདོན་ཞིང༌། དེའི་དོན་སྤྱི་བོ་གཟུགས་ཕུང་དང༌། སྟོབས་ཕུང་པོ་ལྷག་མ་ལ་བྱས་ནས། ས་དང་གནས་ལ་སོགས་པ་ཕུང་པོ་ལ་སོགས་པའི་བདག་ཉིད། དཔལ་ཧེ་རུ་ཀའི་ཡན་ལག་དང་ཉིང་ལག་གོ། ཞེས་འཆད་དོ། །གཉིས་པ་ལ་གཉིས། གནས་སོགས་ས་བཅུར་བསྟན་པ། གནས་སོགས་བཅུས་ཀུན་ལ་ཁྱབ་པར་བསྟན་པའོ། ། དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། རབ་དགའ་སོགས་ཀྱི་ས་མིང་སོ་སོས་གསུངས་ཚུལ། གནས་ལ་སོགས་པ་ལ་མི་མཐུན་པར་གསུངས་པའི་འགལ་སྤོང༌། དེ་རྣམས་གང་གི་ཕྱིར་དུ་གསུངས་པའི་གདུལ་བྱའི་དབྱེ་བའོ། །དང་པོ་ནི། རྩ་རྒྱུད་འདིར་གནས་དང་ཉེ་བའི་གནས་ནས། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་བར་བཅུས་རབ་དགའ་ནས་ཆོས་ཀྱི་སྤྲིན་གྱི་བར་བཅུ་བསྟན་པར་བཤད་ལ། བཤད་རྒྱུད་ལས། གནས་སོགས་བཅུའི་སྟེང་དུ་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་གཉིས་བསྣན་ནས། འདི་རྣམས་ས་ནི་བཅུ་གཉིས་ཏེ། ཞེས་གནས་སོགས་བཅུ་གཉིས་ས་བཅུ་གཉིས་སུ་གསུངས་ཏེ། བརྟག་གཉིས་སུ་ཡང་དེ་བཞིན་དུ་


JLD008_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ས་བཅུ་གཉིས་ནི། བྷ་བ་བྷ་དྲ་དང༌། ཤཱནྟི་པ་དང༌། ནག་པོ་པ་དང༌། པདྨའི་མྱུ་གུས་མཛད་པའི་ཀྱེེ་རྡོར་གྱི་འགྲེལ་པ་དང་མན་སྙེ་རྣམས་སུ། རབ་དགའ་སོགས་བཅུའི་སྟེང་དུ་མོས་སྤྱོད་ཀྱི་ས་དང༌། ཀུན་ཏུ་འོད་གཉིས་བསྣན་པ་ལ་བཤད་དེ། མོས་སྤྱོད་ནི་འཐུང་གཅོད་དང༌། ཀུན་ཏུ་འོད་ནི་ཉེ་བའི་འཐུང་གཅོད་དུ་བཤད་དོ། །ཡེ་ཤེས་ཐིག་ལེས་ས་བཅུ་དྲུག་བཤད་པ་ནི། དེ་ཉིད་ལས། གནས་ལ་སོགས་པ་དགའ་བའི་གནས། །ས་ཡི་སྒྲ་ཡིས་བརྗོད་པ་ཡིན། །མོས་པས་སྤྱོད་པ་ས་དང་པོ། །གཉིས་པ་རབ་ཏུ་དགའ་བ། གསུམ་པ་དྲི་མ་མེད་པ། བཞི་པ་འོད་བྱེད་པ། ལྔ་པ་འོད་འཕྲོ་བ། དྲུག་པ་སྤྱང་དཀའ་བ། བདུན་པ་མངོན་དུ་གྱུར་བ། བརྒྱད་པ་རིང་དུ་སོང་བ། དགུ་པ་མི་གཡོ་བ། བཅུ་པ་ལེགས་པའི་བློ་གྲོས། དེ་རྣམས་ནི་བྱང་ཆུབ་སེམས་དཔའི་སའོ། །ཆོས་ཀྱི་སྤྲིན་ནི་སངས་རྒྱས་ཀྱི་ས། ཀུན་ཏུ་འོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས། ཀུན་ཏུ་སྣང་བ་མཆེད་པའི་འོད་ནི་དཔལ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ས། ཀུན་ཏུ་སྣང་བ་ཐོབ་པའི་འོད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ས། བརྗོད་དུ་མེད་པ་ཚད་མེད་པ་ནི་བདེ་བ་ཆེན་པོའི་ས་སྟེ། དེ་ཀུན་དགའ་བའི་བྱེ་བྲག་ལ། །སར་ནི་ཀུན་ཏུ་བཏགས་པའོ། ཞེས་གསུངས་ལ། ཡང་དེ་ཉིད་ལས། རྟག་ཏུ་སྤྲུལ་པ་ཡི་ནི་སྐུས། །ས་ནི་བཅུ་གཅིག་པ་རུ་དྲན། །ལོངས་སྤྱོད་རྫོགས་སྐུས་བཅུ་གཉིས་པ། །ཆོས་ཀྱི་སྐུ་ས་ནི་བཅུ་གསུམ་མོ། །བདེ་བ་ཆེན་པོའི་བཅུ་བཞི་པ། །གང་ཞིག་བཅོ་ལྔ་ཡི་ནི་ས། །དེ་ནི་ཡེ་ཤེས་ས་ཞེས་


JLD008_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །བཅུ་དྲུག་པ་ནི་བརྟགས་པ་མིན། ཞེས་ཀྱང་གསུངས་པས་ས་བཅུ་དྲུག་གོ། དེ་ལ་མོས་སྤྱོད་ཀྱི་ས་རྡོ་རྗེ་གསང་བས་དྲོད་རྩེ་བཟོད་མཆོག་བཞི་ལ་བཤད་པ་ལྟར་སོ་སྐྱེའི་ས་ཡིན་ལ། དེའི་ལྷག་མ་རྣམས་ནི་འཕགས་པའི་སའོ། །ཡེ་ཤེས་ཐིག་ལེར་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་ལ་ཁྱད་པར་ཕྱེ་བ་ནི། བདག་ཉིད་ཆེན་པོ་སེངྒེ་བཟང་པོས། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ནར་བརྗོད་པར་བྱའི། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་འབྱུང་པའི་ཕྱིར། ཞེས་དེ་གཉིས་ཀྱི་ཁྱད་པར་ཕྱེ་བ་མངོན་རྟོགས་རྒྱན་གྱི་དགོངས་པ་ཡིན་པ་དེ་དང་འདྲ་སྟེ། མན་སྙེ་ལས་ཀྱང་ཁྱད་དེ་བཞིན་དུ་ཕྱེའོ། །རབ་ཏུ་དགའ་བ་ས་དང་པོར་བྱས་ན། ཀུན་ཏུ་འོད་བཅུ་གཅིག་པ་ཡིན་ལ། དེ་ལ་སྐུ་གསུམ་དང་བདེ་བ་ཆེན་པོའི་སྐུ་དང་བཞིར་ཕྱེ་བ་ལ། ས་རེ་རེར་བྱས་པས་ས་བཅོ་ལྔ། ཡང་ཡེ་ཤེས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་ས་ཞེས་པ་ནི། ས་དང་པོ་ནས་བགྲངས་པའི་བཅོ་ལྔ་པ་ཡིན་ཀྱང༌། མོས་སྤྱོད་ནས་བགྲངས་པའི་བཅུ་དྲུག་པའོ། །དེ་ལྟར་བྱས་ན་དྲི་མ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ནི་ཆོས་ཀྱི་སྐུ་ཡིན་ལ། ཡེ་ཤེས་ཀྱི་སྐུ་ནི་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུའོ། །ཡེ་ཤེས་ཐིག་ལེའི་འགྲེལ་པ་ལས་ཀྱང་ས་བཅུ་དྲུག་ཏུ་བཤད་པས། ལུགས་འདི་ལ་ས་བཅོ་ལྔ་ལས་མང་བ་མི་བྱེད་པ་མིན་ནོ། །བཤད་པའི་རྒྱུད་ལས་རབ་དགའ་སོགས་ས་བཅུའི་སྟེང་དུ། དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་སྟེ་བཅུ་གསུམ་


JLD008_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞེས་གསུངས་པའི་དོན་ཡང་མན་སྙེ་ལས། ས་བཅུ་པ་ནི་བཅུ་པ་ཙམ་ལ་བྱས། དཔེ་མེད་ཀྱི་ས་ས་བཅུ་པའི་ཁྱད་པར་གྱི་ལམ། ཡེ་ཤེས་ལྡན་གྱི་ས་ནི་ས་བཅུ་པའི་བར་ཆད་མེད་པའི་ལམ། རྡོ་རྗེ་འཛིན་པའི་ས་ནི་ཀུན་ཏུ་འོད་ལ་བཤད་དོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་བུམ་དབང་བཅུ་གཅིག་དང༌། དབང་གོང་མ་གསུམ་སྟེ་བཅུ་བཞི་པོ་ལ། དབང་བསྐུར་རེ་རེས་རེའོ། །ཞེས་ས་བཅུ་བཞིར་བཤད་པ་ཡང༌། ས་བཅུ་གསུམ་གྱི་སྟེང་དུ་མོས་སྤྱོད་ཀྱི་ས་བསྣན་པའོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བྱང་ཆུབ་སེམས་ནི་འོད་གསལ་བ། །ཀུན་ཏུ་འོད་ཀྱི་ས་ཆེན་པོ། ཞེས་དེ་ལ་ས་དང་པོར་བྱས་ནས། བཅུ་གཉིས་སོ་སོ་བདག་རིག་པ། །རྣལ་འབྱོར་ཡེ་ཤེས་ཡོངས་རྫོགས་ཉིད། །ཅེས་ས་བཅུ་གཉིས་པའི་བར་དུ་གསུངས་པ་ཡང༌། པཎ་ཆེན་མཁས་པས་ས་བཅུ་གཉིས་ཀྱི་འཆད་ཚུལ་ལྟར་བྱས་ན་ལེགས་པར་སེམས་སོ། །ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་དགོངས་པ་དང༌། རྒྱ་གར་གྱི་མཁས་པ་དུ་མ་ཞིག་གིས་བཀྲལ་བ་ལ། བཅུ་གཅིག་ཀུན་ཏུ་འོད་ལས་ལྷག་པའི་ས་ཡོད་པར་མ་བཤད་པས། ཕར་ཕྱིན་ལས་སྔགས་ཀྱི་ཐིག་པར་ས་ཡི་གྲངས་མང་བ་བྱུང་བས་འཁྲུལ་གཞི་བྱས་ནས། ཀུན་ཏུ་འོད་ལ་གནས་པ་དེ་མཐར་ཐུག་པའི་སངས་རྒྱས་མ་ཡིན་ནོ། །ཞེས་ཟེར་བ་ནི་རྫོགས་པའི་སངས་རྒྱས་ལ་སྐུར་འདེབས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་འཛིན་པས་སྤང་བར་བྱའོ། །ས་རྣམས་ལ་ཐེག་པ་འདིའི་ལུགས་ཀྱིས་ནི། ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་ཡུལ་གྱི་དེ་ཁོ་ན་ཉིད་རྟོགས་པའི་སྟེང་ནས་འཇོག་པ་མ་རྟོགས་པ། དེ་


JLD008_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པའི་སྟེང་ནས་སྦྱོར་ལམ་འཇོག་པ་དང༌། ཆོས་ཉིད་མངོན་སུམ་དུ་སྤར་མ་རྟོགས་པ་རྟོགས་པའི་སྟེང་ནས་མཐོང་ལམ་འཇོག་པ་དང༌། དེ་འདྲ་བ་མཐོང་ཟིན་གོམས་པར་བྱེད་པ་ལ་སྒོམ་ལམ་འཇོག་པ་སོགས་ནི། ཐེག་པ་གཞན་དང་འདྲ་སྟེ། དེ་ཡང་ལམ་གྱི་གཙོ་བོ་སྨོས་ཀྱི་ལམ་དེ་རྣམས་ཀྱིས་བསྡུས་པ་ལ་ངེས་པ་མེད་དོ། །ལུགས་འདིས་ལྷན་སྐྱེས་ཀྱི་བདེ་ཆེན་གྱི་བྱེ་བྲག་སོ་སོ་ལ། ས་སོ་སོར་འཇོག་པ་ནི། དེ་ཀུན་དགའ་བའི་བྱེ་བྲག་ལ། །སར་ནི་ཀུན་ཏུ་བཏགས་པའོ། །ཞེས་གསལ་བར་གསུངས་སོ། །འདི་ཡང་རང་གི་སའི་ངོས་འཛིན་ཡིན་གྱི། རབ་དགའ་སོགས་ཀྱི་ས་ཐམས་ཅད་ལ་དེ་ལྟར་འཇོག་པ་མིན་ནོ། །ས་རྣམས་ཀྱི་རྣམ་པར་བཞག་པ་དེ་ལྟར་ཡིན་ན། ལམ་ལྔའི་རྣམ་པར་བཞག་པ་ཇི་ལྟར་སྙམ་ན། ཆོས་ཉིད་མངོན་སུམ་དུ་རྟོགས་མ་རྟོགས་ལ་འཕགས་པའི་ས་ཐོབ་མ་ཐོབ་ཀྱི་སྒོ་ནས་སོ་སྐྱེ་དང༌། འཕགས་པའི་ལམ་གཉིས་སུ་འབྱེད་ཅིང༌། སོ་སྐྱེའི་ལམ་ལ་ཚོགས་སྦྱོར་གཉིས་བྱེད་པ་དང་སྦྱོར་ན། ལམ་ཐུན་མོང་བ་ནས་བཟུང་ནས་བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་བཙུད་པ་ཐིམ་པས། སྟོང་པ་དངོས་སུ་འདྲེན་མི་ནུས་པ་དེ་སྲིད་དུ་ཚོགས་ལམ་དང༌། དེ་ནུས་པ་ནས་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པ་ཚུན་ཆད་སྦྱོར་ལམ་དང༌། དོན་གྱི་འོད་གསལ་ནས་ཟུང་འཇུག་མ་ཐོབ་པར་མཐོང་ལམ་ས་རབ་དགའ་དང༌། སློབ་པའི་ཟུང་འཇུག་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་བར་


JLD008_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལམ་ས་དགུ་དང་སྦྱར་རོ། །གཉིས་པ་ནི། ཁ་སྦྱོར་ལས། པུལླི་ར་མཱ་ལ་ཡ་དང༌། ཛཱ་ལ་ནྡྷ་ར་དང༌། ཨོཌྜི་ཡ་ན་དང༌། ཨརྦུ་ཏ་བཞི་གནས་དང༌། གོ་དཱ་བ་རི་དང༌། ར་མེ་ཤྭ་རི་དང༌། དེ་བཱི་ཀོ་ཊི་དང༌། མཱ་ལ་བ་བཞི་ཉེ་བའི་གནས་དང༌། ཀཱ་མ་རཱུ་བ་དང༌། ཨོ་ཊེེ་གཉིས་ཞིང་དང༌། ཏྲི་ཤ་ཀུ་ནེ་དང༌། ཀོ་ས་ལ་གཉིས་ཉེ་བའི་ཞིང་དང༌། ཀ་ལིང་ཀ་དང༌། ལམ་པ་ཀ་གཉིས་ཚནྔོ་ཧ་དང༌། ཀཉྩི་དང་ཧི་མ་ལ་ཡ་གཉིས་ཉེ་བའི་ཚནྔོ་ཧ་དང༌། པྲེ་ཏ་པུ་རི་དང༌། གྲི་ཧ་དེ་བ་ཧ་གཉིས་འདུས་པ་དང༌། སཽ་རཥྚ་དང་སུ་ཝརྞ་དྭཱི་པ་གཉིས་ཉེ་བའི་འདུས་པ་དང༌། ན་ག་ར་དང་སིནྡྷུ་གཉིས་དུར་ཁྲོད་དང༌། མ་རུ་དང་ཀུ་ལུ་ཏ་གཉིས་ཉེ་བའི་དུར་ཁྲོད་དུ་གསུངས་ཏེ། ལོ་དྲིལ་གཉིས་ལས་ཀྱང་དེ་བཞིན་དུ་འབྱུང་ངོ༌། ། མན་སྙེ་ལས། བོལ་ལ་གི་རི་དང༌། ཀོལླ་གི་རི་དང༌། པུལླི་ར་མཱ་ལ་ཡ་དང༌། རྡོ་རྗེའི་གནས་ཞེས་གསུངས་པ་རྣམས་ནི་མིང་གི་རྣམ་གྲངས་སོ། །ཁ་སྦྱོར་ལས། གསུངས་པའི་ཀཱ་ར་ཎྱ་བཱ་ཊ་ཀྲ་དང༌། ཀརྨ་བཱ་ཊ་ཀ་ཊ་དང༌། ཧ་རི་ཀེ་ལ་དང༌། བིན་དྷྱ་སྟེ་རི་བོ་འབིགས་བྱེད་ཀྱི་ནགས་དང༌། གཞོན་ནུ་མའི་གྲོང་ཁྱེར་ཏེ་ལྔ་དང༌། ཙ་རི་ཊ་དང༌། གྲོང་དང་གྲོང་ཁྱེར་གྱི་མཐའི་ས་ཞེས་རྒྱུད་གཞན་ནས་གསུངས་པ་གཉིས་ཏེ་བདུན་ནི་འཐུང་གཅོད་དང༌། དེ་རྣམས་དང་ཐག་ཉེ་བའི་ས་གཞི་བདུན་ནི་ཉེ་བའི་འཐུང་གཅོད་དང༌། དུར་ཁྲོད་ནི་རོ་འདུས་པའི་དུར་ཁྲོད་ཀྱི་ས་གཞི་དང༌། རྒྱ་མཚོའི་འགྲམ་ཞེས་པ་གཉིས་སོ། །སྐྱེད་ཚལ་དང་རྫིང་བུའི་འགྲམ་ནི་ཉེ་བའི་དུར་ཁྲོད་དེ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་འདི་དག་ཏུ་རྣལ་འབྱོར་མ་རྣམས་རེ་འགའ་འདུའོ། །པུལླི་ར་མཱ་ལ་ཡ་ལ་སོགས་པའི་


JLD008_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྣམས་སུ་དཀྱིལ་འཁོར་པའི་ལྷ་མོ་རྣམས་བྲམ་ཟེ་ལ་སོགས་པའི་སྐྱེ་གནས་རྣམས་སུ་སྐྱེའོ། །དེ་ལྟར་ཡང་རྡོ་རྗེ་མཁའ་འགྲོ་ལས། མཁའ་འགྲོ་མ་ཞེས་ཡང་དག་གྲགས། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་སྟེ། །ཡེ་ཤེས་ལྡན་རྣམས་ཡུལ་ཡུལ་དུ། །རང་ཉིད་སྐྱེ་གནས་རྣམས་སུ་སྐྱེ། ཞེས་དྲངས་ཏེ་འཆད་དོ། །འོ་ན་བརྟག་གཉིས་སུ། གནས་ནི་ཛཱ་ལནྡྷ་ར་དང༌། ཨོ་ཌྜི་ཡ་ན་དང༌། བཱུ་ར་ཎ་གི་རི་དང༌། ཀཱ་མ་རཱུ་པའོ། །ཉེ་བའི་གནས་ནི་མཱ་ལ་ཝ་དང༌། སིནྡྷུ་དང་ན་ག་རའོ། །ཞིང་ནི་མུ་མྨུ་ནི་དང༌། ཀཱ་ར་ཎྱ་པཱ་ཊ་ཀ་དང༌། དེ་བཱི་ཀོ་ཊ་དང༌། ཀརྨ་བཱ་ཊ་ཀའོ། །ཉེ་བའི་ཞིང་ནི་ཀུ་ལུ་ཏཱ་དང༌། ཨ་རྦུ་ཏ་དང༌། གོ་དཱ་བ་རི་དང༌། ཁ་བའི་རིའོ། །ཚནྡོ་ཧ་ནི་ཧ་རི་ཀེ་ལ་དང༌། ལམྦཱ་ཀ་དང༌། ཀཉྩི་དང༌། སཽརཥྚའོ། །ཉེ་བའི་ཚནྡོ་ཧ་ནི་ཀ་ལིང་ཀ་དང༌། གསེར་གླིང་དང༌། ཀོང་ཀ་ཎའོ། །འཐུང་གཅོད་ནི་གྲོང་དང་གྲོང་ཁྱེར་གྱི་མཐའི་ས་གཞི་དང༌། ཙ་རི་ཏྲ་དང༌། ཀོ་ཤ་ལ་དང༌། འབིགས་བྱེད་དང༌། གཞོན་ནུའི་གྲོང་ཁྱེར་ཏེ་ལྔའོ། ། ཉེ་བའི་འཐུང་གཅོད་ནི་འཐུང་གཅོད་དང་ཉེ་བ་ལྔའོ། །དུར་ཁྲོད་ནི་དུར་ཁྲོད་ཀྱི་ས་གཞི་དང་རྒྱ་མཚོའི་འགྲམ་གཉིས་སོ། །ཉེ་བའི་དུར་ཁྲོད་ནི་སྐྱེད་མོ་ཚལ་དང་རྫིང་བུའི་འགྲམ་མོ། །ཞེས་རྒྱ་ཆེར་བཤད་ལ། འདུ་བ་དང་ཉེ་བའི་འདུ་བ་གཉིས་རྒྱས་པར་མ་བསྟན་པ་དང༌། ཕྱག་ཆེན་ཐིག་ལེར་གནས་ནི་ཛཱ་ལན་དྷ་ར་དང༌། ཨོ་ཌྜི་ཡ་ན་དང༌། པཱུ་ར་ཎ་གི་རི་དང༌། ཀཱ་མ་རཱུ་པའོ། །ཉེ་བའི་གནས་ནི་མཱ་ལ་ཝ་དང༌། ན་ག་ར་དང༌། སིན་དྷུ་དང༌། སིང་ཧ་ལའོ། །ཞིང་ནི་མུ་མྨུ་ཎི་དང་དེ་བཱི་ཀོ་


JLD008_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཊའོ། །ཉེ་བའི་ཞིང་ནི་ཀུ་ལུ་ཏ་དང༌། ཨ་རྦུ་ཏའོ། །ཚནྡོ་ཧ་ནི་གོ་དཱ་བ་རཱི་དང༌། ཧ་རི་ཀེ་ལའོ། །ཉེ་བའི་ཚནྡོ་ཧ་ནི་ཀཉྩི་དང༌། ལམྤཱཀའོ། །འདུ་བ་ནི་ཀརྨ་པཱ་ཊ་ཀ་དང༌། གསེར་གླིང་ངོ༌། །ཉེ་བའི་འདུ་བ་ནི་ཀོང་ཀ་ཎ་དང༌། འབིགས་བྱེད་དོ། །དུར་ཁྲོད་ནི་རབ་སོང་གི་ས་གཞི་དང༌། རྒྱ་མཚོའི་ངོགས་སོ། །ཉེ་བའི་དུར་ཁྲོད་ནི་ཙ་རི་ཏྲ་དང༌། གཞོན་ནུའི་གྲོང་ངོ༌། །འཐུང་གཅོད་ནི་ཁ་ཆེ་དང༌། ཀེ་རི་ཏའི་དཀྱིལ་འཁོར་རོ། །ཉེ་བའི་འཐུང་གཅོད་ནི་བལ་པོ་དང༌། ཀཱ་ནྱ་ཀུབ་ཛའོ། ཞེས་གསལ་བར་མཛད་པ་དང༌། རི་གི་ཨ་ར་ལའི་རྒྱུད་དུ། ཤར་ལུས་འཕགས་པོ་དང༌། འཛམ་བུ་གླིང་དང༌། བ་ལང་སྤྱོད་དང༌། སྒྲ་མི་སྙན་ནི་གནས་ཏེ། ཞེས་གསུངས་པ་ཐམས་ཅད་ཕན་ཚུན་འགལ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། གནས་ས་དང་པོ་རབ་དགའ་ལ་བྱས་པ་ནས། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན་ལ་བྱས་པའི་ས་རྣམས་གཅིག་ཡིན་ན། ཅིག་ཤོས་ཡིན་པར་འགལ་མོད་ཀྱང༌། སྤྱིར་གནས་ཀྱི་སྒྲས་བསྟན་པ་དང༌། ཉེ་བའི་གནས་ལ་སོགས་པའི་སྒྲས་བསྟན་པ་རྣམས་ལ། ཚ་གྲང་དང་དངོས་པོ་དང་དངོས་མེད་བཞིན་དུ་འགལ་བ་མིན་ཏེ། དོན་གཅིག་ལ་ཡང་མིང་སྣ་ཚོགས་པ་ཡོད་པའི་ཕྱིར་རོ། །དེས་ན་ཨརྦུ་ཏ་ལ་ཁ་སྦྱོར་དུ་གནས་སུ་བཤད་པ་དང༌། ཀྱཻ་རྡོར་དང་ཕྱག་ཆེན་ཐིག་ལེར་ཉེ་བའི་ཞིང་དུ་བཤད་པ་མི་འགལ་ལ། དེ་བཞིན་དུ་གོ་དཱ་བ་རི་ཕྱག་ཆེན་ཐིག་ལེར་ཚནྡོ་ཧ་ར་དང༌། ཀྱཻ་རྡོ་རྗེར་ཉེ་བའི་ཞིང་དང༌། ཁ་སྦྱོར་དུ་ཉེ་བའི་གནས་སུ་བཤད་པ་རྣམས་མི་འགལ་ཏེ། དེ་དག་གིས་གཞན་རྣམས་ཀྱང་མི་འགལ་


JLD008_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤེས་པར་བྱའོ། །གཞན་ཡང་ཕྱག་ཆེན་ཐིག་ལེར། ཕྱིའི་ཡུལ་རྣམས་ནང་གི་ལུས་ལ་སྦྱོར་བ་ན། བདེ་མཆོག་དང་མི་འདྲ་བ་དུ་མ་བཤད་པ་རྣམས་ཀྱང་མི་འགལ་ཏེ། གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་སྣ་ཚོགས་པ་ཅིག་གསུངས་པའི་ཕྱིར་རོ། །འགལ་སྤོང་འདི་དག་ནི་མན་སྙེའི་དགོངས་པར་བཤད་པའོ། །གསུམ་པ་ནི། མན་སྙེ་ལས། གདུལ་བྱ་ལྔ་ལས་དབང་པོ་རྟུལ་པོའི་དོན་དུ། ཕྱི་རོལ་གྱི་གནས་ལ་སོགས་པ་བསྟན་ཏེ། རྣལ་འབྱོར་སྒོམ་པར་མི་ནུས་པ་རྣམས་ལ་རང་ཡུལ་གྱི་ཞེན་པ་སྤང་བའི་ཕྱིར་དུ་གསུངས་སོ། །དབང་པོ་འབྲིང་པོའི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་གྱི་རྩིབས་ལ་གནས་ལ་སོགས་པར་བཞག་པ་དང༌། གདུལ་བྱ་ཆེན་པོ་ལ་གསུམ་དུ་བྱས་པའི་ཆུང་ངུའི་དོན་དུ། ལུས་ཀྱི་གནས་ཉེར་བཞི་ལ་གནས་ལ་སོགས་པར་བཞག་པ་དང༌། འབྲིང་གི་དོན་དུ་རྫོགས་རིམ་པས་ས་བོན་གྱི་ཡི་གེ་སོགས་ལ་མི་ལྟོས་པར། སྤྱི་བོ་སོགས་གནས་སོགས་སུ་དང༌། རྩ་རྣམས་ལྷ་མོར་མོས་པར་བྱེད་པ་དང༌། ཆེན་པོ་རྫོགས་རིམ་ལ་གནས་པའི་དབང་དུ་བྱས་ནས། སྟོང་ཉིད་སྙིང་རྗེ་དབྱེར་མེད་བའི་བྱང་ཆུབ་ཀྱི་སེམས་རབ་དགའ་སོགས་ལ་གནས་སོགས་སུ་བཞག་པ་སྟེ་ལྔ་དང༌། ཐ་མ་ནི་ངེས་པའི་དོན་དང༌། དང་པོ་བཞི་ནི་ལྔ་པ་ལ་ལྟོས་ནས་དྲང་བའི་དོན་ཏེ། རབ་དགའ་སོགས་གནས་ལ་སོགས་པར་བཞག་པའི་ས་དེ་དང་དེར་མོས་པ་ལས། འཇིག་རྟེན་ལས་འདས་པའི་ས་རྣམས་གསལ་བའི་ཆེད་དུ་འབད་པར་གྱུར་ན་ཅི་མ་རུང་


JLD008_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་དགོངས་པའོ་ཞེས་འཆད་དོ། །དྲང་ངེས་ཀྱི་ཚུལ་དེ་ལྟར་ཡིན་པའི་ཤེས་བྱེད་དུ། མངོན་བརྗོད་ལས། མཁའ་འགྲོ་མ་ཀུན་འདི་ཉིད་དུ། །ཐུགས་རྗེ་ལྡན་རྣམས་རྣམ་པར་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ། འགྲོ་བ་གསུམ་པོའང་འདི་ཉིད་དུ། །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་སོགས་འདི་ཁོ་ན་ལ་གནས། །དེ་བས་དེ་རུ་བསྐོར་བ་ཡི། །སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་རྣམས་བསྐོར་བས་ཅུང་ཟད་མིན། །གལ་ཏེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་བ་ཅི་ཞིག་དགོས། །ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རྣམ་དག་ཡེ་ཤེས་ཅན་རྣམས་ཀྱིས། །རྡོ་རྗེ་རྣལ་འབྱོར་ཅན་རྣམས་གཟིགས། །ཐུགས་རྗེས་ཁྱབ་པའི་ཐུགས་ཀྱིས་ནི། །དེ་རྣམས་དགྱེས་པས་དངོས་གྲུབ་མཆོག །ཇི་ལྟར་འདོད་བཞིན་སྩོལ་བར་མཛད། །ཅེས་དང༌། རང་གི་ལྷག་པའི་ལྷ་དམིགས་ཏེ། །དེ་ཁོ་ན་ཉིད་གཅིག་པུ་བསམ། །ལྐུགས་པའི་དངོས་པོར་རབ་གྱུར་པའི། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་མ་ཡིས་ཉེར་བསྟེན་པའི། །རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཡེ་ཤེས་འོད་ཟེར་མཆོག་མཐོང་ནས། །རྣལ་འབྱོར་མ་རྣམས་ལེགས་འདུ་སྟེ། །པདྨའི་འབྱུང་གནས་ཉམས་དགའ་བར། །ངང་པའི་ཚོགས་འདུ་ཇི་


JLD008_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །དཔལ་ལྡན་རྡོ་རྗེ་འཛིན་དངོས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །མིག་འཁྲུལ་མཁན་བཞིན་འཇིག་རྟེན་དུ། །སེམས་ཅན་ཀུན་གྱི་དོན་བྱེད་རྣམས། །སེམས་ནི་དགའ་བར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། ཞེས་གསུངས་པ་རྣམས་དྲངས་ཏེ། ལྷན་སྐྱེས་ཀྱི་བདེ་སྟོང་སྦྱོར་བའི་ལམ་ལ་ངེས་པ་སྟེར་བར་བྱེད་དོ། །གཉིས་པ་ནི། སྦྱིན་པས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པའི་གནས་ནི་རབ་ཏུ་དགའ་བའི་ས་ས་དང་པོའོ། །བཟོད་པ་རབ་ཏུ་གྱུར་པས་མངོན་ཤེས་སོགས་ཕུལ་བྱུང་སྐྱེ་བའི་ཞིང་ནི་རྒྱུད་འདིར་ས་གསུམ་པ་འོད་བྱེད་པ་ཡིན་པར་ཤེས་པར་བྱ་བ་དང༌། ཚནྡོ་ཧའི་ཚནྡ་འདུན་པ་དང༌། ཨུ་ཡིག་ཕྱུང་པའི་ཨུ་ཧ་རྟོག་པ་སྟེ་འདུན་རྟོག་དང༌། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དོན་དུ་གཉེར་བ་ནི་འདུན་པ་དང༌། འདི་ལྟ་འདི་ལྟར་བདག་གིས་དོན་དེ་བྱའོ་ཞེས་རྟོག་པ་སྟེ་དེ་ནི་ས་ལྔ་པ་སྦྱང་དཀའ་བའོ། །ཐབས་ཀྱི་ཕར་ཕྱིན་རབ་ཏུ་གྱུར་པས་ཏིང་ངེ་འཛིན་དང་མངོན་ཤེས་སོགས་མཚན་མ་མེད་པར་བརྩོལ་བས་འདུ་བ་ནི་ས་བདུན་པ་རིང་དུ་སོང་བ་ཡིན་ཞིང༌། བདག་མེད་པར་དུར་ཁྲོད་དང་མཚུངས་པའི་ཆོས་ཀྱི་དབྱིངས་རྟོགས་ནས། སེམས་ཅན་གྱིས་ཀྱང་དེ་རྟོགས་པའི་ཆེད་དུ་ཆོས་སྟོན་པ་སོགས་ལ་འབད་པ་ནི་དུར་ཁྲོད་དེ་དེ་ནི་ས་དགུ་པ་ལེགས་པའི་བློ་གྲོས་ཉིད་དོ། །ཉེ་བའི་གནས་ས་གཉིས་པ་དྲི་མ་མེད་པ་དང༌། ཉེ་བའི་ཞིང་ནི་ས་བཞི་པ་འོད་འཕྲོ་བ་དང༌། ཉེ་བའི་ཚནྡོ་ཧ་ནི་ས་དྲུག་པ་མངོན་དུ་གྱུར་བ་ཉིད་དང༌།


JLD008_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་འདུ་བ་ནི་ས་བརྒྱད་པ་མི་གཡོ་བ་དང༌། ཉེ་བའི་དུར་ཁྲོད་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །ཉེ་བ་ལྔ་པོ་དེའི་མིང་དོན་ནི། སྔ་མ་ལྔ་དང་ཉེ་བ་ཡིན་ལ། ཉེ་ལུགས་ནི་ཕན་གདགས་བྱ་དང་འདོགས་བྱེད་དུ་འབྲེལ་བ་དང༌། རང་གི་སྔ་མ་ལས་ཕུལ་དུ་བྱུང་བར་གྱུར་པ་ཡང་ཉེ་བའི་དོན་དུ་དང་ཕྱི་རོལ་གྱི་གནས་དང་ཉེ་བའི་གནས་ལ་སོགས་པའི་ཉེ་བའི་དོན་ལྔ་ཡང༌། སྔ་མ་ལ་བརྟེན་ནས་དེ་དང་ཆ་མཐུན་པའི་དོན་ཤེས་པར་བྱའོ། །དེ་ལྟར་ཤཱི་ཧེ་རུ་ཀའི་གཞུང་དུ་སྤྱོད་པ་སྟེ་གནས་དང་ཉེ་བའི་གནས་ལ་སོགས་པ་འདི་ནི། ནང་གི་སྟེ་ངེས་དོན་གྱི་བདག་ཉིད་ཅན་གྱི་ས་བཅུ་ཡིན་ལ། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་བཞིན་ཅན་གྱི་རབ་དགའ་སོགས་ཀྱི་ས་རྣམས་ནི། རྣལ་འབྱོར་མ་ཡི་བརྡ་ཡི་སྐད་ཀྱིས་གནས་ལ་སོགས་པར་བསྟན་ཏོ། །བརྡ་དང་ཀླ་ཀློའི་སྐད་གཉིས་ལ་སྐད་དོད་ཐུན་མོང་གཅིག་ཡོད་པར་འདུག་པས། ཁ་ཅིག་གིས་ཀླ་ཀློའི་སྐད་དུ་བསྒྱུར་མོད་ཀྱང་འགྱུར་མི་ལེགས་སོ། །གཉིས་པ་ནི། ཇི་ལྟར་ཧེ་རུ་ཀའི་སྐུའི་ཡན་ལག་ཐམས་ཅད་གནས་ལ་སོགས་པ་ཡིན་ཞེ་ན། མཐོ་རིས་ཏེ་ནམ་མཁའ་ལ་སྤྱོད་པའི་ཐུགས་ཀྱི་འཁོར་ལོ་དང༌། ས་སྟེང་དུ་སྤྱོད་པ་གསུང་འཁོར་དང༌། ས་འོག་ཏུ་སྤྱོད་པ་སྐུའི་འཁོར་ལོའི་བརྟེན་པ་དང་། རྟེན་འཁོར་ལོའི་རྩིབས་ཉེར་བཞི་པོ་ཐམས་ཅད་དཔའ་བོ་ཧེ་རུ་ཀའི་ཡན་ལག་དང་ངོ་བོ་དབྱེར་མེད་པས། ཧེ་རུ་ཀ་བརྟན་གཡོ་ཀུན་གྱི་བདག་ཉིད་ཅན་དུ་གསུངས་ཏེ་དེ་ལ་དགོངས་ནས་སོ། །པུ་ལླི་ར་མ་ལ་ཡ་དང༌། སོགས་པས་ཡུལ་ལྷག་མ་ཉེར་གསུམ་གང་བསྟན་པ་རྣམས། ཕྱི་རོལ་གྱི་བདག་ཉིད་དང༌། ནང་གི་བདག་ཉིད་ཅན་དུ་གནས་ཏེ། ཕྱི་མ་ནི་ནང་


JLD008_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་གནས་པ་དང༌། དེ་དག་གི་ངེས་དོན་བདེ་སྟོང་དབྱེར་མེད་ལ་བཤད་པའོ། །དཔལ་ལྡན་ཁྲག་འཐུང་གི་རྒྱལ་པོ་ཆེན་པོ་འདོད་པ་ཀུན་ལ་ལོངས་སྤྱོད་པ་ལ་དབང་བསྒྱུར་བས་ན། དབང་ཕྱུག་གི་གཙོ་བོ་ནི་ལམ་འདིས་བསྒྲུབ་པར་བྱ་བའོ། །ཧེ་རུ་ཀ་དེ་ཇི་འདྲ་ཞིག་ཅེ་ན། ཕྱག་དང་ཞབས་དང་ལྡན་ཞིང་སྤྱན་དང་དབུ་དང་ཞལ་དང༌། གསན་པ་སྟེ་ཐོས་པ་དང་ལྡན་པ་ཞིག་གོ། ཕྱག་ལ་སོགས་པ་དྲུག་པོ་ཇི་ལྟ་བུ་དང་ལྡན་ཞེ་ན། ཀུན་ཏུ་ཞེས་པ་དྲུག་ཀ་ལ་སྦྱར་བའི་དོན་ནི། སྐུའི་ཆ་ཀུན་གྱིས་ཕྱག་གི་བྱ་བ་བྱེད་ནུས་པ་ནི་ཀུན་ཏུ་ཕྱག་ཡིན་ལ། དེས་གཞན་ལྔ་ཡང་ཤེས་པར་བྱའོ། །འཇིག་རྟེན་ཐམས་ཅད་གཡོགས་པ་སྟེ་ཁྱབ་པར་རྣམ་པར་བཞུགས་ཞེས་མན་སྙེ་ལས་འཆད་དོ། །དེ་ལྟར་ན་ཕྱག་གིས་ལེན་པའི་བྱ་བ་བྱེད་པ་ཡང་འཇིག་རྟེན་ཐམས་ཅད་དུ་ཡིན་ལ། དེས་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །གཡོགས་པ་ལ་འགྱུར་གཞན་ལས་ཁྱབ་པར་ཞེས་འབྱུང་ངོ༌། །དེ་རྣམས་ཀྱི་ཤེས་བྱེད་དུ། དད་པའི་སྟོབས་བསྐྱེད་པའི་མདོར། དེ་བཞིན་གཤེགས་པས་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛོད་སྤུས་ཀྱང་གཟིགས་སོ། །དེ་ལྟར་མཚན་རེ་རེས་སོ། །དེ་ལྟར་དུས་ཅིག་ཅར་དུ་ཕྱོགས་བཅུ་རྣམས་སུ། འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་གཟིགས་སོ། །ཞེས་གསུངས་པ་མན་སྙེ་དྲངས་སོ། །གསུམ་པ་ནི། དེ་འདྲ་བའི་ཧེ་རུ་ཀའི་རྣལ་འབྱོར་བརྟན་པར་བྱས་པ་དེ་ནས། རིམ་གཉིས་ཀྱི་བསམ་གཏན་དང་ལྡན་


JLD008_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཀྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་བ་ནི། སྒྲུབ་པ་པོ་རྣམས་ལ་ཕན་པར་བྱ་བའི་ཕྱིར་དུ། གསང་བའི་དེ་ཉིད་འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། དབང་གི་སྦྱིན་སྲེག་ལ་སོགས་པའི་སྦྱིན་སྲེག་དང༌། གནས་ལ་སོགས་པའི་བརྡ་བཅུས་ས་བཅུ་བསྟན་པའི་ཆོ་གའི་ལེའུ་སྟེ་ལྔ་བཅུ་པའོ། །འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ལྔ་བཅུ་པའི་བཤད་པའོ།། ༈ །།གསུམ་པ་ལེའུ་ང་གཅིག་པས་སྔ་མ་རྣམས་ཀྱི་དོན་བསྡུས་ཏེ་བསྟན་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་ཡི་གྲངས་བསྟན་པའོ། །དང་པོ་ནི། ལེའུ་ལྔ་བཅུ་པའི་རྗེས་དེ་ནས་སྔར་བཤད་པའི་ལེའུ་སོ་སོའི་དོན་ལས་གཞན། སྔར་བཤད་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་བསྡུས་པ་ཡང་བཤད་པར་བྱའོ། །གཉིས་པ་ལ་ལྔ། རྒྱུད་འདིའི་མན་ངག་ཤིན་ཏུ་རྙེད་དཀའ་བར་བསྟན་པ། རྙེད་སླ་བའི་ཐབས་དེ་ཉིད་བཅུ་བཞི་བསྟན་པ། བཅུ་བཞི་པོ་ལ་སྤྱོད་པའི་ཕན་ཡོན་དང་མ་དད་པའི་ཉེས་དམིགས། དེ་ཉིད་བཅུ་བཞིར་བསྡུས་པ་སྒོམ་པའི་ཚུལ། སངས་རྒྱས་ཀྱི་གསུང་རབ་གང་ཡང་མི་སྤོང་བའི་ཐབས་བསྟན་པའོ། །དང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་མན་ངག་བླ་མ་ཆེན་པོ་ལ་གུས་ཤིང་བསྙེན་བཀུར་བས་རྟོགས་པར་བྱ་བ་མ་གཏོགས་པ། གཞན་


JLD008_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡུག་བསྔལ་བས་ཀྱང་རྙེད་པར་མི་འགྱུར་བས་ན། ཤིན་ཏུ་རྙེད་པར་དཀའ་འོ་ཞེས་ཕྱག་ན་རྡོ་རྗེ་ལ་བོས་ཏེ་གསུངས་སོ། །རྙེད་དཀའ་བའི་གདམས་ངག་ནི། རང་གི་སེམས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་དེ་ལྟར་རྗེས་སུ་ཞུགས་པར་གྱུར་པའི་དོན་དམ་པ་འོད་གསལ་དང༌། ཀུན་རྫོབ་པ་ཡོངས་སུ་དག་པའི་སྐུ་གཉིས་ཟུང་དུ་འཇུག་པའི་ཞིང་ཀུན་ཏུ་རྒྱུ་བའི་ཕྱག་རྒྱ་ཆེན་པོ་ཆེ་སྟེ། བདེན་པ་གཉིས་ལ་ལེགས་གནས་པའི། །ཟུང་དུ་འཇུག་པས་རྒྱུ་བ་སྟེ། །ཕྱག་རྒྱ་ཆེན་པོས་དེ་མངོན་པར། །རྫོགས་སངས་རྒྱས་བྱང་ཆུབ་བའོ། ཞེས་གསུངས་པའི་རྫོགས་སངས་རྒྱས་ནི་སྒྱུ་མའི་སྐུ་དང༌། བྱང་ཆུབ་པ་ནི་འོད་གསལ་ལོ། །ཟུང་འཇུག་དེ་ཡང་མན་ངག་གི་རིམ་པ་ཇི་ལྟ་བ་བཞིན་དུ་ཉམས་པ་མེད་པར། ལྷག་པར་ཁོང་དུ་ཆུད་ཅིང་མཐར་ཐུག་གི་བསྒྲུབ་བྱའི་རྗེས་སུ་འཇུག་པར། སྒྲུབ་པ་པོ་རྣམས་ཀྱི་སྒྲུབ་ཐབས་དང༌། སྤྱོད་པའི་ཆོ་ག་ཤིན་ཏུ་གསལ་བ། བསྐྱེད་པའི་རིམ་པ་ནས་བརྩམས་ནས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་བརྟེན་ནས། དཔལ་ཧེ་རུ་ཀ་དང་གོ་འཕང་མཉམ་པར་འགྱུར་པར་བཤད་དེ། འདིས་ནི་ཟུང་འཇུག་གི་གོ་འཕང་བསྒྲུབ་བྱར་འཇོག་པ་དང༌། དེར་བགྲོད་པའི་རིམ་གཉིས་སྤྱོད་པ་དང་བཅས་པའི་གྲུབ་ཆེན་གྱི་མན་ངག་ཉམས་པ་མེད་པར་ཁོང་དུ་ཆུད་པའི་མན་ངག་རྙེད་དཀའ་བར་བསྟན་ཏེ། ཟུང་འཇུག་ལེགས་པར་ཤེས་པ་ནི་འདུས་པ་དང་དེའི་མན་ངག་ལེགས་པར་ཤེས་པ་ལ་རག་ལས་སོ། །འགྲེལ་པར། སངས་རྒྱས་ཀུན་དང་


JLD008_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་སྡོམ་པ་ལས། །བྱུང་བའི་ཏིང་ངེ་འཛིན་རྫོགས་པའི། །སངས་རྒྱས་བྱང་ཆུབ་ཕྱག་རྒྱ་ཆེའི། །ལས་གནས་རྣལ་འབྱོར་མ་ཡི་བཀའ། །བདེན་ཞིང་ཉེ་བར་སྤྱོད་དང་བཅས། །ལན་དང་བཅས་ཤིང་སངས་རྒྱས་སྤྱན། །མཆོག་ལས་མཆོག་ཏུ་གྱུར་པ་དང༌། །གཅིག་ལས་གཅིག་བརྒྱུད་མན་ངག་སྟེ། །ཐོས་དང་བསམས་དང་བསྒོམས་པ་ཡིས། །ཤེས་རབ་ཡེ་ཤེས་གོམས་པ་ནི། །རྣལ་འབྱོར་རྒྱུན་ཆགས་རབ་འབྲེལ་བས། །རྒྱུན་མི་འཆད་དོན་སྐལ་པ་ཅན། །ཡོངས་སུ་སྨིན་ཅིང་ཡོངས་སུ་བྱང༌། །སྣོད་ལྡན་དེ་ཡི་ཕྱིར་བསྟན་པས། །འོངས་པ་གང་ཡིན་འདིར་གཞུང་ལུགས། །རྒྱུད་རྣམས་ཀུན་ཏུ་གསང་བ་གང༌། །གསང་ཆེན་སངས་རྒྱས་ཀུན་གནས་པ། །འབུམ་ཕྲག་སུམ་འགྱུར་གང་ཡིན་ཉིད། །རབ་རྒྱས་རྒྱུད་ལས་འོངས་པའོ། ཞེས་གསུངས་སོ། །དེའི་རྐང་པ་དང་པོ་གསུམ་གྱི་དོན་ནི། སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་རྣམས་ཀྱི་དྲ་བ་སྡོམ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲུབ་པ་ནི། རྫོགས་པའི་སངས་རྒྱས་ཏེ་ཀུན་རྫོབ་སྒྱུ་མའི་སྐུ་དང་མངོན་པར་བྱང་ཆུབ་པ་དོན་དམ་འོད་གསལ་གྱི་བདེན་པ་གཉིས་དབྱེར་མི་ཕྱེད་པ་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་འཕྲིན་ལས་ཡིན་ནོ། །གནས་ཞེས་སོགས་གཉིས་ལ་ནི་ལྭ་བ་པའི་འགྲེལ་པའི་འགྱུར་གཞན་ལས། གནས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་བཀའ་ལས་འབྱུང་བ་ཉེ་བར་བཏགས་པ་ཞེས་འབྱུང་བ་ལྟར་བྱའོ། །ལན་དང་བཅས་ཞེས་པ་ནི་འགྱུར་གཞན་ལ་མེད་དོ། །སངས་རྒྱས་ཀྱི་སྤྱན་ནི་སྤྱན་དང་འདྲ་བར་


JLD008_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་པའི་དོན་ནོ། །འདིར་གཞུང་ལུགས་ཞེས་པ་ནི། སྔར་བཤད་པའི་མན་ངག་རྙེད་དཀའ་བའོ། །ལྷག་མ་རྣམས་ནི་སླའོ། །འགོས་འགྱུར་ལས་ཚིགས་བཅད་དུ་འབྱུང་ལ། ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར་ལ་ལྷུག་པར་འབྱུང་ངོ༌། །འགོས་འགྱུར་ལས་འབུམ་ཕྲག་གསུམ་དུ་འབྱུང་བ་ལ། འགྱུར་གཞན་དང་ལྷ་སྦས་ཀྱི་འགྲེལ་པར། སྟོང་ཕྲག་གསུམ་ཞེས་བསྒྱུར་བ་ནི་དཔེ་མ་དག་པ་ལས་བསྒྱུར་བའོ། །དེ་ལྟར་རྒྱུད་འབུམ་ཕྲག་གསུམ་པ་ལས་འོངས་པའི་དོན། །བསྐྱེད་རིམ་ལ་བརྟེན་པའི་དེ་ཁོ་ན་ཉིད་བཅུ་བཞི་སྒོམ་པ་ནས། རྫོགས་པའི་རིམ་པའི་མཐར་ཐུག་པར་གྱུར་པ་ནི། ཉོན་མོངས་པ་དང་བྲལ་བས་དཔའ་བོ་སྟེ་དེའི་བརྡ་ཡི་སྐད་དུ་རྡོ་རྗེ་འཛིན་པ་ང་ཡིས་སྦས་པ་ཡིན་ནོ། །གང་དུ་སྦས་ཤེ་ན། རྒྱུད་གཞན་དུ་སྟེ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང༌། རྣལ་འབྱོར་བླ་མ་རྣམས་སུའོ་ཞེས་གསུངས་པ་ལ། རྒྱུད་གཞན་ནི་རྒྱུད་སྡེ་འོག་མ་གསུམ་མོ། །སྦས་པ་ལ་གཉིས་ལས། དེར་ཡེ་མ་བསྟན་པར་སྦས་པ་ནི་རྒྱུད་སྡེ་འོག་མ་གསུམ་དང་མདོ་སྡེའི་ཕྱོགས་སུའོ། །ཚིག་བཞི་པ་ལ་འགྱུར་གཞན་ལས་རྣལ་འབྱོར་མཆོག་རྣམས་སུའོ་ཞེས་ཀྱང་འབྱུང་བས་རྣལ་འབྱོར་བླ་མེད་དོ། །དེར་སྦས་པ་ནི་རྒྱུད་དེའི་དོན་དུ་ཡོད་ཀྱང་ཚིག་མི་གསལ་བར་སྦས་པའོ། །རྒྱུ་མཚན་དེས་ན་ཤིན་ཏུ་རྙེད་དཀའ་བའོ། །དེ་ལྟར་ན་རྙེད་དཀའ་བའི་གདམས་ངག་ནི་སྤྱིར་ཧེ་རུ་ཀའི་རིམ་གཉིས་སྤྱོད་པ་དང་བཅས་པ་ཡིན་ལ། ཁྱད་པར་དུ་ནི་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་གྱིས་ཟུང་


JLD008_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སྒྲུབ་ཚུལ་རྙེད་དཀའ་བར་ལྭ་བའི་ན་བཟའ་ཅན་དང༌། ལྷ་སྦས་ཀྱིས་བཤད་པ་ནི་གནད་ཤིན་ཏུ་ཆེའོ། །གཉིས་པ་ནི། དེ་ལྟར་གང་རྙེད་དཀའ་བ་དང༌། རྙེད་དཀའ་བའི་རྒྱུ་མཚན་བསྟན་པ་དེ། རྙེད་སླ་བའི་ཐབས་ནི་དེ་ཉིད་བཅུ་བཞིར་བསྡུས་པའི་སྟེང་ནས་བཤད་དགོས་པ་ཡིན་པས། འདི་ལ་གཉིས། དེ་ཉིད་བཅུ་བཞིའི་ཚིག་གི་དོན་བཤད་པ་དང༌། དེ་རིམ་པ་གཉིས་ལ་སྦྱར་ཏེ་བཤད་པའོ། །དང་པོ་ནི། དེ་ཉིད་བཅུ་བཞིའི་གྲངས་འདི་ལྟར་བྱེད་རྩ་རྒྱུད་ཀྱི་འགྲེལ་པ་ཁུངས་མ་རྣམས་ནས་མ་བཤད་ཀྱང་དངོས་སུ་གསུངས་པ་རྣམས་དེ་ཉིད་རྣམས་ཀྱི་གྲངས་ཡིན་ནོ། །དེ་ཉིད་དང་པོ་གོས་དང་ཕྱག་རྒྱ་ལྔ་ལ་སོགས་པའི་དེ་ཉིད་ནི། གོས་ཀྱི་སྐད་དོད་ནི་བ་ས་ནཾ་ཞེས་པ་གནས་དང༌། གོས་གཉིས་ཀ་ལ་འཇུག་པར་ལོ་ཙཱ་བ་མཁས་པ་དག་བཞེད་པ་ལེགས་པས། འགྲེལ་པ་རྣམས་ལས་གོས་ལ་སྟག་གི་པགས་པ་དང་གཞལ་ཡས་ཁང་གི་བཤད་པ་གཉིས་བྱུང་བའི་ཕྱི་མ་བོད་སྐད་ལ་འབྲེལ་མེད་འདྲ་བ་ཅིག་བྱུང་ཡང༌། སྐད་དོད་ཀྱི་སྟེང་ནས་ཡིན་ལ། གནས་ལ་ནི་སྒྲུབ་པ་པོའི་གནས་དང༌། དཀྱིལ་འཁོར་བའི་ལྷའི་གནས་གཉིས་སོ། །ཕྱག་རྒྱ་ལྔ་ནི། མགོ་བོའི་ནོར་བུའམ་སྤྱི་བོའི་འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ལག་གདུབ་དང༌། མཆོད་ཕྱིར་ཐོགས་ལྔའོ། །ལ་སོགས་ཀྱིས་ནི་ཐལ་བ་སྡུད་པར་བཤད་དེ། ནག་པོ་པའི་དཀྱིལ་ཆོག་ལས་མགོ་ཕྲེང་དང༌། རལ་པའི་ཅོད་པན་དང་བཅོས་མའི་སྐྲ་ལ་སོགས་པས་བརྒྱན་པར་བཤད་པ་ཡང་བསྡུ་སྟེ། སྒྲུབ་པའི་གནས་སུ་སྒྲུབ་པ་པོ་ཆགས་སུ་འཇུགས་པའི་


JLD008_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལོ། །གཉིས་པ་ཤེས་རབ་ཡན་ལག་གི་དེ་ཉིད་ནི། ཁ་ཊཾ་གའམ་ཤེས་རབ་མའི་ཡན་ལག་གིས་འཁྱུད་པ་ལ་བཤད་དོ། །ནག་པོ་པའི་དཀྱིལ་ཆོག་ལས། ཤེས་རབ་ཡན་ལག་སྟན་གྱི་སྟེང༌། ཞེས་གསུངས་པ་ཡང་ཤེས་རབ་མ་སྟན་དུ་བྱ་བའི་དོན་ཏེ་སྔ་མ་དང་འདྲའོ། །གསུམ་པ་ཕུར་བུ་དང་གུར་གྱི་དེ་ཉིད་ནི། རྡོ་རྗེའི་ཕུར་བུ་དང༌། རྡོ་རྗེའི་གུར་དང༌། དེས་མཚོན་ནས་རྡོ་རྗེའི་ར་བ་དང༌། བླ་རེ་དང༌། རྡོ་རྗེའི་ས་གཞི་དང༌། མདའི་དྲ་བ་དང༌། མེའི་ཕྲེང་བ་ལ་སོགས་པ་སྟེ་བསྲུང་འཁོར་སྒོམ་པའོ། །ཨཱ་ལི་དང་ཀཱ་ལི་ཞེས་པ་དབྱངས་གསལ་གྱི་ཕྲེང་བ་བརྗོད་ནས། དེ་རྣམས་ཁོར་ཡུག་ཏུ་བཀོད་པ་ཡོངས་སུ་གྱུར་པ་ལས། ཟླ་བ་དང་ཉི་མའི་གཟུགས་སུ་སྒོམ་པའོ་ཞེས་བཤད་དེ། ཨཱ་ལི་ལས་ཟླ་བ་དང༌། ཀཱ་ལི་ལས་ཉི་མ་སྒོམ་པའི་ལུགས་ཏེ། དཀའ་རྒྱལ་གྱིས་ཀྱང་དེ་བཞིན་དུ་བཤད་དོ། །དེས་མཚོན་ནས། ཟླ་བ་དཀར་དམར་གཉིས་དང༌། ཟླ་བ་གཅིག་སྐྱེད་པ་ཡང་གཟུང་ངོ༌། །འདི་ལ་ཨཱ་ལིའི་དེ་ཉིད་དང་ཀཱ་ལའི་དེ་ཉིད་གཉིས་སུ་བྱ་བ་ནི་དེ་ཉིད་བཞི་པ་དང་ལྔ་པའོ། །དྲུག་པ་རྒྱུ་སོགས་སྟོང་པ་སྔོན་དུ་འགྲོ་བའི་དེ་ཉིད་ནི། མར་དོའི་ལུགས་ཀྱིས་སོགས་ཀྱི་སྐད་དོད་དང་པོ་ལའང་འཇུག་པས། རྒྱུ་བསོད་ནམས་ཀྱི་ཚོགས་དང་པོར་བྱས་ནས། སྟོང་པ་སྒོམ་པ་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ་ལ་འཆད་ཀྱང༌། འགྲེལ་པ་རྣམས་ལས་སོགས་ཀྱི་སྟེང་ནས་བཤད་ཅིང༌། དཔའ་བོ་རྡོ་རྗེ་དང་གཉིས་ཀའི་བཤད་སྦྱར་ལས། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། ཅེས་སོགས་


JLD008_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་དུ་འཆད་པས། རྟེན་སྐྱེད་པའི་སྔོན་གྱི་སྟོང་ཉིད་སྒོམ་པ་ལ་ཡང་སྦྱར་རོ། །དེ་ལྟར་བྱས་ན་རྟེན་དང་བརྟེན་པ་སྐྱེད་པའི་སྔོན་དུ་འགྲོ་བའོ། །རྒྱུ་སྟེ་སྐྱེད་པའི་བྱེད་པ་དང༌། སོགས་ཀྱིས་བསྡུས་པ་བསྐྱེད་པར་བྱ་བ་སོགས་ཐམས་ཅད་སྟོང་པ་ནི། བཞི་པ་བྱ་བ་བསྒྲུབ་པའི་ཡེ་ཤེས་སུ་འཆད་དོ། སྟོང་པ་ནི་ཟླ་ཉི་དང་ས་བོན་རྣམས་སོ་སོར་གནས་བས་སྟོང་པ་གཅིག་ཏུ་འདྲེས་པ་ལ་དགོངས་སོ། །བྱ་སྒྲུབ་ཀྱི་སྔོན་དུ་འགྲོ་བ་ནི་གསུམ་པ་སོར་རྟོག་ལ་བཤད་དོ། །བདུན་པ་འཇུག་པ་སྒྲ་ལ་སོགས་པའི་དེ་ཉིད་ནི། ལྭ་བ་པའི་འགྲེལ་པའི་འགྱུར་གཞན་ལས། སྒྲ་དང་ལ་སོགས་པས་བསྡུས་པ་ཟླ་ཉི་དང་ཕྱག་མཚན་རྣམས་རྒྱུ་རྡོ་རྗེ་འཛིན་པ་ཇི་སྲིད་པ་དེ་སྲིད་དུ་འཇུག་པ་དང༌། འཇུག་པའི་མཚན་མ་སྟེ་རྒྱུ་ནི་སྒྲ་ཙམ་ཞེས་པ་མངོན་བྱང་བཞི་པའི་སྐབས་སུ་གནས་པའི་ཧཱུཾ་མོ། ཞེས་འཆད་དེ་གཞན་གསུམ་ཡང་རྒྱུའོ། །འགྲེལ་པ་གཞན་ལས། བཟུང་བ་ནཱ་ད་སོགས་པར་གནས། ཞེས་བཏོན་ནས་ཧེ་རུ་ཀ་བཟུང་བ་སྟེ་འཇུག་ཅིང་སྐྱེད་པའི་རྒྱུར་ཡི་གེ་གསུམ་དང་ནཱ་དའི་ངོ་བོ་ཡོངས་སུ་བཟུང་བའོ་ཞེས་འཆད་དོ། །སོགས་པས་ནི་ཡི་གེ་གསུམ་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་སྤྲོ་བའོ། །བརྒྱད་པ་བསྡུས་པའི་སྦྱོར་བ་དང་ལྡན་པའི་དེ་ཉིད་ནི། ས་བོན་དང་ཟླ་ཉི་རྣམས་གོང་བུ་གཅིག་ཏུ་བསྡུས་པ་སྟེ་བྱ་བ་སྒྲུབ་པའི་སྐབས་དང་སྦྱར་རོ་གསུང་ངོ༌། །ཁ་ཅིག་སྤྲོས་པའི་ལྷ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱས་པ་སྔོན་དུ་འགྲོ་བས་ཡི་གེ་གསུམ་ལ་བསྡུས་པའོ། །ཞེས་འཆད་དེ་ཇི་ལྟར་བསྡུས་པའི་ཞེས་


JLD008_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ནོ། །ནས་དང་ཇི་སྲིད་ཀྱི་དོན་ནི་མངོན་བྱང་སྒོམ་པ་ནས་རྫོགས་པའི་བར་ཞེས་པའོ། །དགུ་པ་བདུད་རྩིས་ཚིམ་པར་བྱེད་པའི་དེ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པ་མཉེས་པར་བྱེད་པ་ཡིན་ལ། དེ་ཡང་ཕྱི་ནང་གི་བདུད་རྩིས་མཆོད་པའོ། །བཅུ་པ་མྱ་ངན་ལས་འདས་པའི་དེ་ཉིད་ནི། དཀྱིལ་འཁོར་སྒོམ་པ་རྫོགས་པའི་མཐར་ལྷ་རྣམས་རང་ལ་སྡུད་པའོ། །བཅུ་གཅིག་པ་ལག་པའི་མཆོད་པའི་དེ་ཉིད་ནི། ལག་པ་ལ་མཆོད་པ་དང་ལག་པས་མཆོད་པ་གཉིས་ཡིན་ཏེ། གཞན་དུ་རྒྱས་པར་བཤད་ཟིན་ཏོ། །བཅུ་གཉིས་པ་དབང་བསྐུར་བའི་དེ་ཉིད་ནི། ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང༌། མིང་དང༌། སློབ་དཔོན་དང༌། བརྟུལ་ཞུགས་དང་ལུང་བསྟན་དང༌། དབུགས་དབྱུང་དང་གཟེངས་བསྟོད་དང༌། ཆོས་བཤད་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པ་སྟེ་བཅུ་བཞི་ལ་བཤད་དེ། དེས་ལྷ་དབང་བསྐུར་བ་ཡང་མཚོན་ནོ། །བཅུ་གསུམ་པ་གོ་ཆ་ཆེན་པོས་ཡང་དག་པར་བསྲུང་བའི་དེ་ཉིད་ནི། ལུས་ཀྱི་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་ཉི་གདན་ལ། པུ་ཛ་ལ་སོགས་པའི་ཡི་གེ་ཉེར་བཞི་ཐིག་ལེ་ཅན་འགོད་པ་ནི་གོ་ཆ་ཆེན་པོ་དང༌། དེས་མཚོན་ནས་ཡབ་ཡུམ་གྱི་གོ་ཆ་གཉིས་བཀོད་ནས་སྲུང་བའོ། །བཅུ་བཞི་པ་སྔགས་རྣམས་ཀུན་གྱིས་མཆོད་པའི་དེ་ཉིད་ནི། ལཱུ་ཨི་པས་བཤད་པ་ལྟར་ལྷ་ཀུན་གྱི་སྔགས་བཏོན་ནས་མཆོད་པ་སྟེ། ལྷ་སོ་སོའི་སྐུ་ལ་དམིགས་ནས་སོ་སོའི་སྔགས་ཟློས་པའོ། །ཁ་


JLD008_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་ལ་སྔགས་མཆོད་དུ་བྱེད། གཞན་དག་ཨཱ་ལི་ཀཱ་ལི་ལ་སོགས་པའི་སྔགས་ཀྱི་དོན་དྲན་པ་ལ་འཆད་དོ། །སྔར་བཤད་པ་དེ་ལྟར་དེ་ཉིད་བཅུ་བཞིར་བསྡུས་ནས་བཤད་པ་ནི། སྔར་གྱི་ལེའུ་ལྔ་བཅུའི་དོན་མདོར་བསྡུས་ནས་ནི་ཡང་དག་པར་བཤད་པ་ཡིན་ནོ། ། གཉིས་པ་ནི། རིམ་པ་གཉིས་ཀའི་ཐུན་མོང་གི་དེ་ཉིད་ནི་བཞི་སྟེ། དབང་བསྐུར་པའི་དེ་ཉིད་ཀྱི་བྱེ་བྲག་རྒྱུད་སྣོད་རུང་དུ་བྱེད་པ་ནི་ཐོག་མར་འབྱུང་ངོ༌། །ལག་མཆོད་ཀྱི་དེ་ཉིད་ནི་དབང་གི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲུང་བ་ལ། ཐུན་མོང་ཡིན་མིན་གཉིས་ལས་ཕྱི་མ་དང༌། དེའི་ཡང་གཙོ་བོ་གཡོན་པའི་ཀུན་སྤྱོད་སྤྱི་ལ་སློབ་པ་དང༌། དེའི་ནང་ནས་ཀྱང་གཙོ་བོར་འགྱུར་བའི་དམ་ཚིག་ཡིན་ནོ། །གོས་དང་ཕྱག་རྒྱ་ལྔ་ལ་སོགས་པའི་དེ་ཉིད་དང་སྔ་མ་གཉིས་ཏེ་གསུམ་དང༌། ཤེས་རབ་ཡན་ལག་གི་དེ་ཉིད་ནི་དབང་དུས་དང༌། རིམ་གཉིས་ཀྱི་དུས་ཏེ་སྐབས་གསུམ་དུ་དགོས་ཏེ་དེ་བཞི་ནི་རིམ་པ་གཉིས་ཀའི་ཐུན་མོང་བའོ། །བསྐྱེད་རིམ་ལ་སྦྱར་ཏེ་བཤད་པ་ལ་མངོན་བརྗོད་ལས་འབྱུང་བ་ལྟར། བསྐྱེད་རིམ་མཐའ་ཡས་པ་ཅིག་བཤད་པ་སོགས་བསྐྱེད་རིམ་ཀུན་ལ་འཇུག་མོད་ཀྱང༌། འདིར་གཙོ་བོར་ཉེར་བར་མཁོ་བའི་ལོ་དྲིལ་ནག་གསུམ་གྱི་གཞུང་ལ་བརྟེན་ནས་བཤད་ན། ཕུར་བུ་དང་གུར་གྱི་དེ་ཉིད་ཀྱིས་ནི། བསྲུང་འཁོར་རྒྱས་འབྲིང་བསྡུས་གསུམ་བསྡུས་ལ། དེས་མཚོན་ནས་སྦྱོར་བ་ཚོགས་བསག་སོགས་སྒྲུབ་ཐབས་དངོས་གཞིའི་སྔོན་དུ་འགྲོ་བ་རྣམས་ཀྱང་ཤེས་དགོས་པ་ནི་མངོན་བརྗོད་སོགས་བཤད་རྒྱུད་ལས་ཤེས་སོ། །ཨཱ་ལི་ཞེས་


JLD008_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་རྐང་པ་བཞིས་མངོན་བྱང་ལྔ་བསྟན་པར་ལྭ་བ་པས་གསུངས་པ་ནི། ཁྱད་པར་འགའ་ཡར་ཙམ་མ་གཏོགས་པ་ལོ་ནག་དྲིལ་གསུམ་གསུམ་གའི་སྒྲུབ་ཐབས་ལ་ཡང་སྦྱར་དུ་རུང་ངོ༌། །འགྲེལ་པ་གཞན་གྱི་བཤད་པ་ལྟར་ན་ཡང་དཀྱིལ་འཁོར་གྱི་ལྷ་སྐྱེད་པའི་ཡན་ལན་ལ་སྦྱོར་བ་ནི་སྔར་བཤད་པས་གོ་ནུས་ལ། སྒྲ་ནི་ནཱ་ད་དང་སོགས་ཀྱིས་ནི་བར་སྲིད་མཚོན་པའི་ཡི་གེ་གཞན་ཡང་སྡུད་ལ། འཇུག་པ་ནི་རྟེན་བརྟེན་པ་དུས་གཅིག་ཏུ་སྐྱེད་པ་ལ་ནི་ཟླ་བའི་སྟེང་དུ་བབས་པ་དང༌། རྒྱུ་རྡོར་འཛིན་ཡབ་ཡུམ་མཉམ་པར་སྦྱོར་བ་ལ་ནི་ཡབ་ཀྱི་ཞལ་ལམ། སྙིང་ག་སོགས་ནས་ཞུགས་ཏེ་ཡུམ་གྱི་པད་མར་འགྲོ་བའོ། །ནས་ཞེས་པ་ནི་དེ་ནས་བཟུང་སྟེ་ཞེས་པའོ། །བསྡུས་པའི་སྦྱོར་བ་དང་ལྡན་པའི་དེ་ཉིད་ནི་དེ་ནས་བཟུང་སྟེ་ཇི་སྲིད་དམ་ཚིག་པ་དང༌། ཡེ་ཤེས་པའི་ལྷ་གཉིས་གཅིག་ཏུ་བསྡུས་པའི་སྦྱོར་བ་དང་ལྡན་པ་དེ་སྲིད་དུ་ཞེས་པ་སྟེ། ལོ་དྲིལ་གཉིས་ཀ་ལ་སྦྱར་བས་ཆོག་གོ། ནག་པོ་པ་ལྟར་ན་སྔར་བཤད་པ་ནས་བཟུང་སྟེ། ལྷ་སོ་བདུན་དང་བྱང་ཕྱོགས་སོ་བདུན་གཅིག་ཏུ་བསྡུས་པའི་སྦྱོར་བའི་བར་ལ་བྱའོ། །དབང་བསྐུར་གྱི་ཕྱོགས་གཅིག་ལྷ་དབང་བསྐུར་ནས་རིགས་བདག་གིས་རྒྱས་གདབ་པ་ཡང་འདིར་སྦྱར་རོ། །བདུད་རྩིས་ཚིམ་བྱེད་ཀྱི་དེ་ཉིད་ནི་ནང་མཆོད་དང་གཏོར་མས་མཆོད་པ་སོགས་སོ། །མྱང་འདས་དང༌། གོ་ཆ་དང་སྔགས་མཆོད་ནི་སྔར་དང་འདྲའོ། །རྫོགས་རིམ་བསྟན་ཚུལ་ནི་དེ་ཉིད་བཅུ་བཞིའི་དོན་ཧེ་རུ་ཀ་འཁོར་བཅས་སྐྱེད་པ་འོག་ཏུ་སྟོན་པའི་སྐབས་སུ་འཆད་པར་


JLD008_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ཉིད་བཅུ་བཞིའི་ཆིངས་བྱས་པའི་སྟེང་ནས་མན་ངག་རྙེད་སླ་བར་སྟོན་པ་དེ་ཡང་རྩ་བཤད་ལེགས་པར་མ་སྦྱར་བ་ལས་རྙེད་པར་མི་སླ་སྟེ། བཤད་རྒྱུད་ནི་རྩ་རྒྱུད་ཀྱི་མན་ངག་ལེགས་པར་རྙེད་པའི་ཆེད་ཡིན་པའི་ཕྱིར་རོ། །དེ་སྦྱོར་བ་ཡང་ལོ་ནག་དྲིལ་གསུམ་ལྟ་བུའི་གྲུབ་ཆེན་གྱི་མན་ངག་ཤེས་པའི་བླ་མས་བཤད་པ་ལས་ཡིན་གྱི་དེ་མེད་པར་མིན་ནོ། །གསུམ་པ་ལ་གཉིས། དེ་ཉིད་བཅུ་བཞི་ལ་སྤྱོད་པའི་ཕན་ཡོན་དང༌། ལམ་འདི་ལ་མ་དད་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས། འདི་ཕྱིའི་ཕན་ཡོན་སྤྱིར་བསྟན་པ་དང༌། ཁྱད་པར་དུ་འཆི་བའི་དུས་སུ་འབྱུང་བའི་ཕན་ཡོན་བསྟན་པའོ། །དང་པོ་ནི། མིའི་མཆོག་གང་ཞིག་སྔར་བཤད་པའི་དེ་ཉིད་བཅུ་བཞིའི་རིམ་གཉིས་ལ། ཀུན་ནས་སྤྱོད་པ་ནི་སྔོན་བསགས་པའི་སྡིག་པ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་ཏེ། སྒྲིབ་གཉིས་ཀྱི་དྲི་མ་ཐམས་ཅད་དག་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ས་ཚེ་འདིར་ཐོབ་པར་འགྱུར་རོ། །གལ་ཏེ་སྒོམ་པ་ཕུལ་དུ་བྱུང་བར་འགྲོ་བ་མེད་པས་དེ་འདྲ་བ་དེ་མ་ཐོབ་ན། དེའི་ཚེ་ཅིར་འགྱུར་ཞེ་ན། སྐྱེ་དང་སྐྱེ་བར་བདེ་བར་གཤེགས་པའི་རིགས་ཏེ་སྔགས་སྤྱོད་པའི་རིགས་ཀྱི་བདེ་འགྲོའི་རྟེན་ཁྱད་པར་ཅན་དུ་སྐྱེ་བ་དང༌། དེ་འདྲ་བའི་རིགས་ཀྱི་ཆོས་སྤྱད་པ་དང་ལྡན་པའི་རྒྱལ་པོར་སྐྱེ་བར་འགྱུར་རོ། །གལ་ཏེ་ཤིན་ཏུ་སྡིག་ཆེ་བས་ཀྱང་དེ་ཉིད་བཅུ་བཞི་གོམས་པར་བྱས་ན་དེའི་ཚེ་ཅིར་འགྱུར་ཞེ་ན། སྔོན་སོགས་ནི་མལ་གྱིས་སྔོན་བསགས་སུ་བསྒྱུར་བ་བདེ་བས། ལུས་དང་ངག་དང་ཡིད་ཀྱིས་སྔོན་ཇི་ལྟར་བསགས་པའི་སྡིག་པའི་མཚན་ཉིད་ཐམས་ཅད་དམན་པ་སྟེ་ཟད་པར་བྱས་ནས།


JLD008_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་འདོད་པ་ཀུན་གྱི་དབང་ཕྱུག་ཏུ་འགྱུར་རོ། །གང་གིས་ཟད་པར་འགྱུར་སྙམ་ན། སྒྲུབ་པ་པོ་གང་ཞིག་དེ་ཉིད་བཅུ་བཞི་པོ་འདི་ནི་རྟག་ཏུ་སྒོམ་པའི་བསམ་གཏན་དེ་ཡིས་སྡིག་པ་ཟད་པར་བྱེད་དོ། །ཞལ་ཕྱག་གི་རྣམ་པ་ཅན་གྱི་ཧེ་རུ་ཀ་བསྒོམས་པས། སྔོན་བསགས་པའི་སྡིག་པ་ཇི་ལྟར་འཛད་སྙམ་པ་ལ། དེའི་དཔེ་སྟོན་པ་ནི། དཔེར་ན་མར་གྱིས་གང་བའི་སྣོད་མི་གཙང་བའི་སྙིགས་མས་གོས་པ། མེ་ཡི་དབུས་སུ་བཞག་ན་ནི་མར་སར་སྟེང་དུ་ཞུ་བར་འགྱུར་ཞིང༌། སྣོད་ཀྱི་དྲི་མའི་སྙིགས་མ་འབྱར་བ་རྣམས་འཇིག་པ་སྟེ་གོག་ནས་མར་ཁུའི་འོག་ཏུ་གནས་པར་འགྱུར་བ་དེ་བཞིན་དུ་རང་ཉིད་ཤྲཱི་ཧེ་རུ་ཀ་ཞེས་པ་ཡི་མཚན་ཅན་དུ་སྒོམ་པ། ཞལ་ཕྱག་གི་རྣམ་པ་ཅན་དང་སྟོང་ཉིད་བསྒོམས་པ་ཉིད་ཀྱིས་སྡིག་པ་འཇིག་པ་སྟེ་ཟད་པར་འགྱུར་ཏེ། ཡིད་ལ་ཧེ་རུ་ཀའི་བསམ་གཏན་བསམས་པ་སྟེ་བསྒོམས་པ་ཙམ་གྱིས་སམ། རྩ་རྒྱུད་ཀྱི་གླེགས་བམ་ཀློག་ཅིང་ཁ་ཏོན་ཏུ་བྱེད་པ་དང༌། གླེགས་བམ་བྲིས་པ་ཡིས་ཀྱང་སྡིག་པ་དག་ནས། མཐོ་རིས་ཏེ་བདེ་འགྲོའི་རྟེན་དང་ལོངས་སྤྱོད་ཀྱི་འབྱོར་པ་ཐོབ་པར་འགྱུར་བའམ། ཡང་ན་འཁོར་ལོ་སྒྱུར་བ་འཐོབ་པར་འགྱུར་རོ། །གཉིས་པ་ནི། གལ་ཏེ་གཡེང་བས་ཚེ་འདིར་དངོས་གྲུབ་མ་གྲུབ་ན་འཆི་བའི་ཚེ་ཕན་ཡོན་ནི། ལམ་འདིའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་ཚེ་ནི། དཔལ་ཁྲག་འཐུང་སྟེ་ཧེ་རུ་ཀ་དང༌། སོགས་ཀྱིས་བསྡུས་པ་རྗེ་བཙུན་མ་ཕག་མོ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མ་


JLD008_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་མེ་ཏོག་དང༌། བདུག་སྤོས་སྣ་ཚོགས་པ་དང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་པ་དང༌། རོལ་མོའི་སྒྲ་ནི་སྣ་ཚོགས་པ་དང༌། ཡིད་དུ་འོང་བའི་གླུའི་མཆོད་པ་སྣ་ཚོགས་ཀྱིས་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་བྱེད་དོ། །འགྲེལ་པ་གསུམ་ནས་མཁའ་སྤྱོད་འོད་གསལ་ལ་བྱས་ནས་དེའི་གོ་འཕང་ལ་འགོད་པར་བཤད་པ་ནི། ངེས་དོན་གྱི་བཤད་པ་ཡིན་ཏེ། འཆི་བ་འོད་གསལ་དུ་འཆར་དུ་འཇུག་པའོ། །བཤད་སྦྱར་ལས་དོན་དམ་པར་ནི་སྔོན་གྱི་གནས་ཡོངས་སུ་བཏང་སྟེ། ཁྱད་པར་དུ་འཕགས་པའི་གནས་རྣམས་ལ་བརྟེན་ནས་རྣལ་འབྱོར་པ་འགྲོའོ། །ཞེས་སྒྲས་ཟིན་ཚོད་ཀྱི་སྟེང་ནས་བཤད་པ་ནི། དྲང་དོན་གྱི་མཁའ་སྤྱོད་དེ། དཀའ་རྒྱལ་གྱིས་མཁའ་འགྲོའི་གནས་སུ་འཁྱེར་བར་འགྱུར། ཞེས་འདོན་ཏེ་མཁའ་འགྲོ་མ་བཞུགས་པའི་གནས་མཁའ་སྤྱོད་དོ། །འདིར་མིའི་རྟེན་གྱིས་མཁའ་སྤྱོད་འགྲུབ་པ་མང་དུ་གསུངས་པའི་མཁའ་སྤྱོད་གྲུབ་པ་ནི། འདིའི་ལམ་ཚུལ་བཞིན་དུ་སྒྲུབ་པའི་སྒྲུབ་པ་པོ་མིན་ཀྱང༌། མི་འགའ་ཞིག་སྔགས་དང་རྫས་ལ་སོགས་པའི་མཐུས་ནམ་མཁའ་ལ་འགྲོ་བ་སོགས་ནུས་པ་ཙམ་ལ་མི་ཟེར་གྱི་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་གྱི་མཁའ་འགྲོ་དང༌། མཁའ་འགྲོ་མ་རྣམས་ནམ་མཁའི་དབྱིངས་ཀྱི་གནས་ཁྱད་པར་ཅན་དུ་བཞུགས་ནས་གསང་སྔགས་མཆོག་རྣམས་སྤྱོད་པའི་གནས་ཡིན་ལ། དེར་སྒྲུབ་པ་པོ་མིའི་རྟེན་ཅན་གྱི་ལུས་མ་སྤངས་པར་བགྲོད་ནུས་པ་ནི་མཁའ་སྤྱོད་གྲུབ་པ་ཡིན་ནོ། །དེ་ཚེ་འདིར་མ་གྲུབ་ཀྱང་སྐྱེ་བ་རྟིང་མ་ཉིད་ལ་འགྲུབ་


JLD008_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྐྱེ་བ་གཞན་དུ་མཁའ་སྤྱོད་འགྲུབ་པ་སྟེ་དེ་འདྲ་བའི་མཁའ་སྤྱོད་ལ་རིམ་པ་དུ་མ་ཞིག་ཡོད་དོ། །ཚེ་འདིར་མཁའ་སྤྱོད་འགྲུབ་ལུགས་ཀྱང་རིམ་པ་གཉིས་ཀྱི་ལམ་གྱི་མཐུ་ཉིད་ཀྱིས་འགྲུབ་པ་དང༌། མཁའ་འགྲོ་མ་དང་དཔའ་བོའི་ཁྱད་པར་འགའ་ཞིག་གིས་དེར་དངོས་སུ་འཁྲིད་པའང་ཡོད་དོ། །དེ་བཞིན་དུ་མི་ཡུལ་གྱི་བྱེ་བྲག་གི་ས་ལ་སྤྱོད་པ། རིག་པ་འཛིན་པའི་འགྲོ་བ་དུ་མས་སྔགས་སྤྱོད་པའི་གནས་ཁྱད་པར་ཅན་ཡང་མང་དུ་ཡོད་དོ། །དེས་ན་འཆི་བ་ཞེས་པ་འདི་ནི་འཇིག་རྟེན་པའི་རྣམ་རྟོག་གིས་བཞག་པ་སྟེ། རྣལ་འབྱོར་པ་ཁྱད་པར་ཅན་རྣམས་ཀྱི་འཆི་བ་ནི་གནས་བཟང་པོ་གཅིག་བཏང་ནས་བཟང་པོ་གཅིག་ཏུ་འཇུག་པ་ཡིན་ལ། དེ་ལྟ་ན་ཚེ་འདིར་ཁང་བཟང་གཅིག་ནས་གཅིག་ཏུ་བགྲོད་པ་ལ་འཆི་བ་ཞེས་མི་བརྗོད་པ་བཞིན་ནོ། །དེ་འདྲ་བའི་ཡོན་ཏན་བཤད་པའི་དཔའ་བོ་ཆེན་པོ་དཔལ་བདེ་མཆོག་དང༌། ཐོད་པའི་དུམ་བུ་སོགས་དང༌། རྣལ་འབྱོར་མ་རབ་གཏུམ་མ་ལ་སོགས་པ་དེ་དག་ས་ཡི་སྟེང་ན་ནི་རྙེད་པར་དཀའ་འོ་ཞེས་འཆད་པ་ནི། དཔའ་བོ་དང་རྣལ་འབྱོར་མ་དེ་འདྲ་རྣམས་སྒོམ་པ་ལ་བརྩོན་པ་རྣམས་ཤིན་ཏུ་རྙེད་དཀའ་བའི་དོན་ཏེ། དེ་རྙེད་དཀའ་བར་བསྟན་པས། འདི་འདྲ་བའི་ལམ་ལ་ཉམས་ལེན་བྱ་ས་ཡོད་པའི་དུས་སུ་ནི། ཤིན་ཏུ་རྙེད་དཀའ་བ་ཤེས་པར་གྱིས་ལ། ལམ་འདི་ལ་ཐོས་བསམ་སྒོམ་པ་ལ་འབད་པ་བྱོས་ཤིག་ཅེས་སྟོན་ནོ། །གཉིས་པ་ནི། དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཆེན་པོ་


JLD008_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཤེས་ནས་མ་དད་པ་དེ་ལ་དངོས་གྲུབ་ཀུན་གྱིས་དབུལ་པོ་སྟེ་དབུལ་བ་དང༌། ངན་འགྲོ་ལ་སོགས་པའི་སྡུག་བསྔལ་གྱིས་གདུངས་པར་རྟག་ཏུ་འབྱུང་བར་འགྱུར་ན། མི་ཤེས་པར་མ་དད་པར་བྱེད་པ་ལྟ་ཅི་སྨྲོས། དེའི་ཕྱིར་རྒྱུད་ཆེན་པོ་འདི་ཤེས་པར་བྱ་བ་ལ་འབད་ཅིང༌། ཤེས་ནས་ཀྱང་ཤིན་ཏུ་གུས་པར་བྱའོ། །བཞི་པ་ནི། དེ་ཉིད་བཅུ་བཞིའི་དོན་བསྒོམས་པའི་ཕན་ཡོན་དང༌། མ་དད་པའི་ཉེས་དམིགས་ཤིན་ཏུ་ཆེ་ན། དེའི་དོན་སྒོམ་པའི་ཚུལ་ཇི་ལྟར་བྱ་སྙམ་ན། ཤྲཱི་ཧེ་རུ་ཀ་རྒྱལ་པོ་ཆེན་པོའི་གོ་འཕང་མཆོག་བསྒྲུབ་པའི་ཐབས་དེ་ཉིད་བཅུ་བཞིའི་དོན་ནི་བསྒོམ་པར་བྱའོ་ཞེས་འོག་ཏུ་སྦྲེལ་ལོ། །ཇི་ལྟར་དུ་བསྒོམ་ཞེ་ན། མགུལ་རྒྱན་དང༌། ཕྱག་དང་ཞབས་ཀྱི་གདུ་བུ་དང༌། དཔུང་པ་གཉིས་ཀྱི་རྒྱན་དང༌། རྣ་བ་གཉིས་ཀྱི་རྒྱན་དང༌། ཚངས་པའི་སྐུད་པ་དང༌། མགོ་བོ་རློན་པའི་ཕྲེང་བའི་དོ་ཤལ་དང༌། ཐོད་སྐམ་གྱི་དབུ་རྒྱན་དང༌། སྐེ་རགས་དྲིལ་བུ་གཡེར་ཁའི་སིལ་སིལ་གྱི་སྒྲ་སྒྲོགས་པ་དང་བཅས་པར་ཧེ་རུ་ཀ་ལ་སོགས་པ་བསྒོམ་པར་བྱའོ། །འོ་ན་སྐྱེད་ཆོག་ཇི་ལྟ་བུས་བསྐྱེད་པའི་ལྷ་སྒོམ་སྙམ་ན། ལེའུ་སོ་གཉིས་པར་བཤད་པའི་འབྱུང་བ་རིམ་བརྩེགས་དང༌། རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་ཆེ་བ་དང༌། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་དང༌། དེའི་སྟེང་དུ་སྣ་ཚོགས་པདྨ་ཆུང་བ་དང༌། དེའི་ལྟེ་བར་ཨཱ་ལི་བཅུ་དྲུག་པ་ཕྲག་གཉིས་གཡས་སྐོར་དང་གཡོན་སྐོར་དུ་བཀོད་པ་དང༌། ཀཱ་ལི་བཞི་བཅུ་པ་ཕྲག་གཉིས་གཡས་སྐོར་དང་གཡོན་སྐོར་དུ་བཀོད་


JLD008_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཡོངས་སུ་གྱུར་པ་ལས། ཟླ་བ་དང་ས་བོན་དང་དེ་རྣམས་གཅིག་ཏུ་འདྲེས་པ་ལས་རྟེན་དང་བརྟེན་པ་རྣམས་སྐྱེས་པ་སྟེ། རྟེན་དང་བརྟེན་པ་གཉིས་ཀ་དུས་གཅིག་ཏུ་རྫོགས་པ་ལཱུ་ཨི་པའི་ལུགས་སོ། །རྟེན་དང་བརྟེན་པ་སྔ་ཕྱི་བར་བྱེད་ན་རི་རབ་ཀྱི་སྟེང་དུ་རྟེན་སྔོན་དུ་སྐྱེད་པའི་གཞལ་ཡས་ཁང་གི་དབུས་སུ། ཨཱ་ལི་ཀཱ་ལི་སོགས་ཀྱི་མངོན་བྱང་ལྔ་ལས་ཧེ་རུ་ཀ་སྐྱེད་པ་སྟེ། མངོན་བརྗོད་ལས་གསུངས་པའི་སྒྲུབ་ཐབས་དུ་མ་ཞིག་ལ་སྦྱར་དགོས་པས། ལོ་ནག་གཉིས་ཁོ་ན་ལ་སྦྱོར་བ་མིན་ལ། འོན་ཀྱང་སྐབས་སུ་གང་ཉེ་བར་མཁོ་བ་ཕྱོགས་གཅིག་པ་ལའང་སྦྱར་རོ། །དེ་ལྟར་མངོན་བྱང་ལས་སྐྱེས་པའི་ཧེ་རུ་ཀ་ནི་དཀར་མོ་སྟེ་ལྷ་མོ་ཨུ་མ་དང་དེའི་བདག་པོ་དྲག་པོ་དབང་ཕྱུག་གཉིས་ཞབས་འོག་ཏུ་རྣམ་པར་གནོན་ཞིང༌། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཕག་མོའི་སྐུ་ལ་འཁྱུད་ཅིང༌། ཉི་ཤུ་རྩ་བཞིའི་ཕྱེད་བཅུ་གཉིས་ནི། སྤྱན་བཅུ་གཉིས་དང་མ་མོ་བཅུ་གཉིས་ལ་འཆད་པ་ཡོད་ཀྱང༌། ཕྱག་ལ་འཆད་པ་ལེགས་ཏེ་ཀུན་སྤྱོད་དང་མཐུན་པའི་ཕྱིར་རོ། །དེ་འདྲ་བའི་ཕྱག་དང་ལྡན་པ་སྟེ་ཕྱག་མཚན་ལྷག་མ་ནི་བཤད་རྒྱུད་ལས་གསུངས་པ་ལཱུ་ཨི་པ་དང༌། དྲིལ་བུ་པས་མཛད་པའི་སྒྲུབ་ཐབས་དང་མཐུན་པར་བཀོད་པའི་མངོན་རྟོགས་སུ་ཤེས་པར་བྱའོ། །སྐུ་ལ་འཁྱུད་ཅེས་པས་ཡུམ་ཡང་སྟོན་པས་གཙོ་བོ་ཡབ་ཡུམ་གཉིས་དང༌། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་


JLD008_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསྒོམ་པར་བྱའོ། །ལོ་ཆེན་གྱིས། དཔའ་བོ་རྣལ་འབྱོར་མ་ཚོགས་བསྐོར། ཞེས་བསྒྱུར་རོ། །ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉེར་བཞི་པོ་ཀུན་དང༌། མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་སོ་དྲུག་པོའི་འཁོར་དང་བཅས་པའི་དབུས་སུ། གཙོ་བོ་ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་བ་དང་ལྡན་པས་ལྷ་ཐམས་ཅད་ལ་དགྱེས་པ་སྐྱེད་པའི་བདེ་སྟོང་གཉིས་སུ་མེད་པར་གྱུར་པ། འཁོར་གྱི་ལྷ་རྣམས་འབྱིན་པ་སྟེ་སྦྲུལ་པ་དང༌། སླར་ཡང་དེ་རྣམས་རང་ལ་སྡུད་པར་མཛད་པ་ཡིན་ནོ། །དེ་ལྟར་ན་ཐོག་མར་དབང་རྫོགས་པ་ཐོབ་པའི་སྒྲུབ་པ་པོས་བསྲུང་འཁོར་དང་སྦྱོར་བ་ཚོགས་བསགས་བྱས་ཏེ་རྟེན་དང་བརྟེན་པའི་ལྷ་རྫོགས་པར་བསྐྱེད་ནས་སྒོམ་པ་དང༌། དམ་ཚིག་སྲུང་བ་དང༌། མཆོད་པ་སོགས་ནི་དེ་ཉིད་བཅུ་བཞིའི་དོན་ཡིན་ལ། འདིར་ཡང་དེ་དག་གི་གཙོ་བོ་རྣམས་སྟོན་པས། འདི་ནི་དེ་ཉིད་བཅུ་བཞིའི་དོན་གྱི་གཙོ་བོ་སྒོམ་པ་ཡིན་ནོ། །དེ་འདྲ་བ་དེ་ལ་འབྱུང་བ་རིམ་བརྩེགས་སོགས་རྟེན་གྱི་ངེས་དོན་དང༌། མངོན་བྱང་དང་དེ་ལས་ཧེ་རུ་ཀ་རྫོགས་པ་སོགས་ཀྱི་ངེས་དོན་ཡོད་པ་ནི། ལེའུ་དང་པོར་རྒྱས་པར་བཤད་ཟིན་ཏོ། །ཁྱད་པར་དུ་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་གྱིས་ཟུང་འཇུག་སྒྲུབ་པ་ནི། སྒྱུ་མའི་སྐུ་འོད་གསལ་དུ་ཞུགས་པ་ལས་སྒྲུབ་པ་ཡིན་ཏེ། མཐའ་ཆོད་པར་ཤེས་པར་འདོད་ན་དཔལ་གསང་བ་འདུས་པ་ལས་ཤེས་པར་བྱའོ། །ལྔ་པ་ནི། ཆོས་སྟོན་པའི་སྐུའི་བཀོད་པ་དང༌། བརྗོད་བྱ་མི་འདྲ་བ་སྣ་ཚོགས་པ་ལ་མོས་པའི་སེམས་ཅན་ཏེ་གདུལ་བྱ་དུ་མ་ལ་སྤྱོད་པ་མི་འདྲ་བ་སྣ་


JLD008_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་སངས་རྒྱས་ཀྱིས་སྟོན་པར་མཛད་དེ། ཐབས་སྣ་ཚོགས་པའི་ཚུལ་གྱིས་གདུལ་བར་བྱ་ལ། རང་གི་དབང་པོ་དང་འཚམ་པའི་ཐབས་ནི་སྣ་ཚོགས་པ་སྟོན་པ་ཡིན་ནོ། །དེ་ལྟར་ཤིན་ཏུ་ཟབ་མོའི་ཆོས་ནི་སྟོན་པ་སྟེ་བསྟན་པ་ལ། གལ་ཏེ་མོས་པ་ཐོབ་པར་མ་གྱུར་ཀྱང༌། ཆོས་དེ་ལ་སྨོད་པ་དག་ཏུ་མི་བྱ་སྟེ། གསུང་རབ་ཀྱི་བརྗོད་པར་བྱ་བའི་ཆོས་ཟབ་མོ་ཉིད་བདག་འདྲ་བས་བསམ་གྱིས་མི་ཁྱབ་བོ་སྙམ་དུ་དྲན་པར་བྱའོ། །ཐམས་ཅད་ལ་མོས་པ་མཉམ་པོ་སྐྱེ་བ་དཀའ་བས། མོས་པ་དེ་འདྲ་བ་མ་སྐྱེས་ཀྱང་མི་སྨོད་པར་བཏང་སྙོམས་སུ་བཞག་ན་ཉེས་པ་མེད་པར་གསུངས་ཏེ། མདོ་སྡེའི་རྒྱན་ལས། ཡིད་ཀྱི་ཉེས་པའི་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། ཅེས་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། དེ་བཞིན་གཤེགས་དགོངས་གསུངས་པ་རྣམས། ཤེས་པ་སླ་མིན་དེ་ཡི་ཕྱིར། །ཐེག་གཅིག་ཐེག་པ་གསུམ་གསུངས་པ། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་པས་སྡིག་འགྱུར་དགེ་མི་འགྱུར། ཞེས་གསུངས་སོ། །བསམ་གྱིས་མི་ཁྱབ་པ་ཇི་ལྟར་དྲན་པར་བྱ་ན། གསང་ཆེན་འདིར་བདག་སོ་སོ་སྐྱེ་བོའི་ཡུལ་མིན་པ་གང་གིས་ན། བདག་གིས་ཆོས་རྣམས་ཀྱི་ཆོས་ཉིད་དེ་ངང་ཚུལ་ཇི་ལྟར་ཡིན་པ་མི་ཤེས་པ་ཡིན་ལ། རྫོགས་པའི་སངས་རྒྱས་དང་སངས་རྒྱས་


JLD008_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་སྲས་ནི་བདག་ཉིད་ཆེན་པོ་ས་ཐོབ་པ་རྣམས་ཀྱིས་མཁྱེན་ནོ་སྙམ་དུ་བསམ་པར་བྱའོ། །བྱང་ས་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཟབ་ཅིང་མཆོག་ཏུ་ཟབ་པའི་གནས་དག་ཐོས་ནས། སེམས་མོས་པར་མ་གྱུར་ན། དེ་ལ་བྱང་ཆུབ་སེམས་དཔའ་དད་པ་དང་གཡོ་མེད་པས། འདི་ལྟར་བདག་ནི་ལོང་བར་གྱུར་ཏེ་མིག་མེད་ལ། དེ་བཞིན་གཤེགས་པའི་སྤྱན་གྱིས་རྗེས་སུ་སྤྱོད་པར་ཟད་པས། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་སྤང་བ་ནི། བདག་གི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བསླབ་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ནི་མི་ཤེས་པར་བརྩིས་ལ། དེ་བཞིན་གཤེགས་པ་ཉིད་ཆོས་དེ་དག་ལ་ལྐོག་ཏུ་མ་གྱུར་པར་ཡང་དག་པར་བལྟ་ན། དེ་ལྟ་ན་ཡང་དག་པར་ཞུགས་པ་ཡིན་ནོ། ཞེས་གསུངས་ཏེ། དགོངས་ཏེ་གསུངས་པ་ཡིན་ནམ་མིན་ཡང་རུང་སྟེ། ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་མི་འཛིན་པའི་ཐབས་མཆོག་ཏུ་གྱུར་པ་ཞིག་འདུག་སྟེ། འོན་ཀྱང་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཤིན་ཏུ་ཕྲའོ། ཞེས་རྟོགས་དཀའ་བར་གསུངས་པ་དེ་ལྟའི་དུས་སུ་ཡང་མང་དུ་སྣང་བས་ཆོས་སྤོང་ལེགས་པར་ངོས་ཟིན་པར་བྱས་ལ། དེས་མ་གོས་པ་ལ་འབད་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་ནི། སངས་རྒྱས་རྣམས་ནི་བྱུང་བ་གྱུར་ཏམ། མ་བྱུང་ན་ཡང་རུང་སྟེ་རྣམ་པ་ཀུན་ཏུ་ཆོས་ཉིད་ནི་འཕེལ་བ་དང༌། བྲི་བ་སྤངས་བས་གནས་པ་ཡིན་པས་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །འདིར་ཆོས་ཉིད་ཅེས་པ་གཤིས་ཡིན་ལུགས་ལ་བྱས་ན། ཇི་


JLD008_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་པ་སྟོན་པའི་གསུང་རབ་ཟབ་མོ་རྣམས་སྤང་དུ་མི་རུང་བའི་རྒྱུ་མཚན་དུ་མི་འགྲོ་ལ། གཞན་ཡང་ཆོས་ཉིད་སྐྱེ་འགག་མེད་པར་གནས་པར་ཡང་ཆོས་ཉིད་སྟོན་པ་མི་སྤོང་པའི་རྒྱུ་མཚན་དུ་འབྲེལ་པོ་མི་འོང་ངོ༌། །དེས་ན་ཇི་ལྟ་ཇི་སྙེད་སྟོན་པ་གཉིས་ཀ་མི་སྤོང་བའི་རྒྱུ་མཚན་དུ་བྱ་ལ། དེ་ཡང་གསུང་རབ་ལས་འདི་ལས་འདི་འབྱུང་ཞིང༌། འདི་ལས་འདི་མི་འབྱུང་བ་དང༌། འདི་འདི་ལྟར་ཡིན་མིན་ཞེས་གསུངས་པ་རྣམས་ནི། དེ་ལས་འཕེལ་བ་སྟེ་ལྷག་པ་དང༌། བྲི་བ་སྟེ་ཆད་པ་མེད་པར། ཆོས་དེ་རྣམས་ཀྱི་ཆོས་ཉིད་དེ་དང་ཚུལ་ཇི་ལྟར་གནས་པ་ཙམ་ཞིག་བཤད་པར་ཟད་ལ། དེ་ཀུན་ཀྱང་བདག་གི་སྤྱོད་ཡུལ་མིན་པས་བསམ་གྱིས་མི་ཁྱབ་ཅེས་པའོ། །བདག་གིས་མ་ཤེས་པ་དང་སངས་རྒྱས་ཀྱིས་མཁྱེན་ནོ་ཞེས་དེ་ལྟར་རྣམ་པར་བཞག་པ་བྱས་ནས་ཀྱང༌། འཇིག་རྟེན་པ་ཀུན་ཏེ་གདུལ་བྱའི་ཕྱིར་དུ་གསུངས་པ་རྣམས་ལ་ཡོད་དེ་གཏན་མི་སྨད་དོ། །གདུལ་བྱའི་འཇིག་རྟེན་དེ་ཡི་བགྲོད་པ་སྟེ་འཇུག་པ་བསམ་ཡས་ཤིང༌། དེ་དང་མཐུན་པར་འཇུག་པའི་སངས་རྒྱས་ཀྱི་རོལ་པ་སྟེ་རྣམ་འཕྲུལ་གྱི་མཛད་པ་ཡང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གདུལ་བྱའི་འཇུག་པ་དང་བསྟུན་ནས་གསུངས་པའི་ཆོས་ཀྱང་ཇི་ལྟ་བུ་སྙམ་ན། མདོ་སྡེ་དང་རྒྱུད་སྡེའི་ཕྱོགས་གཉིས་ལས་མདོ་སྡེ་ནི་རྒྱ་ཆེར་རོལ་པ་སོགས་ཏེ། ཕྱིའི་སྡེ་སྣོད་གསུམ་མོ། །རྒྱུད་སྡེ་ལ་བྱ་བའི་རྒྱུད་ནི་དཔའ་བོ་གཅིག་གྲུབ་སོགས་སོ། །སྤྱོད་པའི་རྒྱུད་ནི་འབྱུང་པོ་གདུལ་བྱེད་སོགས་སོ།


JLD008_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འཆད་མོད་ཀྱང་རྣམ་སྣང་མངོན་བྱང་ལ་སོགས་པའོ། །རྣལ་འབྱོར་གྱི་རྒྱུད་ནི་དེ་ཉིད་བསྡུས་པ་ལ་སོགས་པའོ། །གསང་བའི་རྒྱུད་ཀྱི་མཐའ་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་སོ། །དེ་རྣམས་ཀྱི་དབྱེ་བས་ཕྱེ་བ་ཉིད་ནི། གདུལ་བྱའི་སེམས་ཅན་རང་རང་གི་མོས་པས་ལམ་ལ་འཇུག་པ་རྣམས། རང་གི་ལམ་དེ་དང་དེ་ལ་ཇི་ལྟར་དགའ་བ་བཞིན་དུ་གསུངས་པ་རྣམས་ཏེ་དེ་རྣམས་ལ་མི་སྨད་པའོ། །བོད་ཁ་ཅིག་རྒྱུད་སྡེ་གསུམ་སྔར་ལྟར་དང༌། གསང་བས་རྣལ་འབྱོར་ཕ་བླ་མེད་དང༌། གསང་མཐས་མ་བླ་མེད་དང་དབྱེ་བས་མའི་ཡང་མ་བླ་མེད་བདེ་མཆོག་བསྟན་པ་དང༌། དེ་ལྟར་རྒྱུད་སྡེ་དྲུག་བྱེད་པ་ཡང་ལྭ་བ་པའི་ལུགས་སོ་ཞེས་པ་ནི་གཏན་མི་རིགས་ཏེ། དབྱེ་བ་ཞེས་པའི་དོན་གོང་གི་དེ་རྣམས་སུ་དབྱེ་ཞེས་པ་ཡིན་པས། དེའི་བཤད་པ་ཡི་གེའི་དོན་ལ་ཡང་མ་ཞུགས་ལ། གསང་མཐའ་ཞེས་པ་ནི་གསང་སྔགས་ཀྱི་མཐར་ཐུག་བླ་མེད་སྟོན་པས། རྒྱུད་བཞིར་འབྱེད་པའི་དོན་ཡིན་པའི་ཕྱིར་དང༌། འགྲེལ་པ་སུས་ཀྱང་དེ་ལྟར་བཤད་པ་མེད་པའི་ཕྱིར་དང༌། ལྭ་བ་པའི་གཞུང་གང་ནས་ཀྱང་དེ་ལྟར་བཤད་པ་མེད་པའི་ཕྱིར་རོ། །བྷ་བས། དེ་དང་དེ་ལ་དགའ་བ་ཡིན། ཞེས་བཏོན་ནས་རྒྱུད་ཐམས་ཅད་རྫོགས་པར་གསུངས་པ་ལ། སྡུད་པ་པོ་ལ་སོགས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་དོ་ཞེས་པའི་དོན་དུ་འཆད་པ་ནི། འདི་ལ་གཞུང་མི་འདྲ་བ་མང་དུ་འདུག་པས་ཚིག་རྐང་དེའི་གོང་མའི་


JLD008_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གཞན་ཞིག་ཡོད་ན་མ་གཏོགས་པ། བོད་དཔེ་བཞིན་དུ་ཡོད་ན་མི་འགྲིག་གོ། དེ་ལྟར་ན་ལེའུ་དང་པོས་མདོར་བསྟན་པ་ཞེ་དགུས་རྒྱས་པར་བཤད་པའི་དོན་ང་གཅིག་པས་བསྐྱེད་རྫོགས་ཀྱིས་ལམ་གྱི་རིམ་པ་གཅིག་ཏུ་བསྡུས་པ་ལ་ཐོས་བསམ་སྒོམ་གསུམ་བྱས་ལ། དཔལ་བདེ་མཆོག་གི་བསྟན་པ་རང་གཞན་གྱི་རྒྱུད་ལ་རྒྱས་པར་བྱའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་ཞེས་མངོན་པར་བརྗོད་པའི་རྩ་བའི་རྒྱུད་རྒྱས་པ་རྒྱུད་ཀྱི་རྒྱལ་པོ་ཤོ་ལོ་ཀ་འབུམ་པའི་ནང་ན་གནས་པ་སྟེ་དེ་ལས་བཏུས་པ། རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མ་སྟེ་གོང་མ། དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་ཀླགས་པས་འགྲུབ་པ་ནི། རྒྱུད་ཀླགས་པས་ཀྱང་སངས་རྒྱས་མྱུར་དུ་འགྲུབ་པའོ། །ཐམས་ཅད་དུ་གཞན་གྱིས་མི་ཐུབ་པ་ནི་ཐེག་པ་གཞན་དང་རྒྱུད་སྡེ་འོག་མས་མི་ཐུབ་པ་སྟེ། དེ་རྣམས་ཐམས་ཅད་ཟིལ་གྱིས་གནོན་པའོ། །གདོད་ནས་གྲུབ་པ་ནི་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་སྟེར་བར་གྲུབ་པ་སྟེ་གནས་པ་རྩ་རྒྱུད་རྒྱས་པའི་རྒྱུད་ཕྱི་མའོ། །མཚན་བསྡུ་ན་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ཞེས་བྱ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ལེའུ་ལྔ་བཅུ་རྩ་གཅིག་པ་རྫོགས་སོ།། །།དཔལ་འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ལས། ལེའུ་ལྔ་བཅུ་རྩ་གཅིག་པའི་བཤད་པའོ།། །།བཞི་པ་


JLD008_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་གི་དོན་ལ་གཉིས། གཞུང་ཡོངས་སུ་རྫོགས་པའི་ཚུལ་དང༌། བོད་དུ་གང་གིས་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། དཔལ་ཧེ་རུ་ཤློ་ཀ་འབུམ་གྱི་ནང་ནས་ཕྱུང་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་རྟོག་པ། དངོས་གྲུབ་དེ་ཚེ་འདི་ཉིད་ལ་སྒྲུབ་པས་རྨད་དུ་བྱུང་བ་མཁས་པ་རྣམས་ཀྱི་ཡིད་ངོ་མཚར་དང་བཅས་པར་བྱེད་པ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་སྟེ་གཙོ་བོ་དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་ཀླགས་པས་གྲུབ་པ་གཞན་ཐམས་ཅད་ཀྱིས་མི་ཐུབ་པ། གདོད་ནས་གྲུབ་པའི་བླ་མ་ཉུང་ངུའི་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་རྫོགས་པར་གྲུབ་པ་ཡིན་ནོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝར་མ་སྟེ་པདྨ་བྱེད་པའི་གོ་ཆ་དང༌། ཚིག་དོན་གཉིས་ཀའི་ཞུ་ཆེན་གྱི་ལོ་ཙཱ་བ་ནི་ལོ་ཀ་ནི་འཇིག་རྟེན་དང༌། ཙྪན་དོ་ཧ་ནི་འདུན་པ་སྟེ་འཇིག་རྟེན་འདུན་པ་ལ་བཤད་པ་ལྟར་རོ། །དེ་འདྲ་བའི་དགེ་སློང་རིན་ཆེན་བཟང་པོས་རྒྱ་སྐད་ལས། བོད་ཀྱི་སྐད་དུ་བསྒྱུར་ཞིང་སྟེ་གཞི་འགྱུར་མཛད་པ་ལ། ཚིག་དོན་གྱི་སྒོ་ནས་ཞུས་དག་བྱས་ཏེ། འཆད་ཉན་གྱིས་གཏན་ལ་ཕབ་པའོ། །དེའི་རྗེས་སུ་རྒྱ་གར་གྱི་མཁན་པོ་སྦས་པའི་ཉི་མ་སྟེ་ཉི་མ་སྦས་པ་དང༌། བོད་ཀྱི་ལོ་ཙཱ་བ་རྗེས་འགོས་ལྷས་བཙས་ཀྱིས་སློབ་དཔོན་ཆེན་པོ་ལྭ་བ་པའི་འགྲེལ་བ་དང་བསྟུན་ནས་ལོ་ཆེན་གྱི་འགྱུར་བཅོས་པའོ། །ཡང་སླད་ནས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིར་ཏི་དང༌། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་པ་དོ་བ་ཞེས་གྲགས་པ་མར་པ་ཆོས་ཀྱི་དབང་ཕྱུག་གིས་འགོས་འགྱུར་ལ་ཞུ་ཏིག་


JLD008_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཞུས་དག་བགྱིས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །༈ དཔལ་ལྡན་རྒྱུད་སྡེའི་འཁོར་གྱི་དབུས་ན་ཡོན་ཏན་བྱེ་བའི་དཔལ་གྱིས་ལྷག་གེར་འབར། །རྣམ་དག་དབང་དང་དམ་ཚིག་ས་ཆེན་ལ་གནས་རིམ་གཉིས་སྲིད་ལ་དབང་བསྒྱུར་བས། །དངོས་གྲུབ་གཉིས་ཀྱི་དགའ་སྟོན་ཅི་ཡང་རྒྱས་པས་ཡ་མཚན་དགའ་བ་སྐྱེད་བྱེད་པ། །རྣལ་འབྱོར་དབང་ཕྱུག་བྱེ་བའི་འཇུག་ངོགས་དེ་ནི་རྒྱུད་ཀྱི་རྒྱལ་པོ་འཁོར་ལོ་སྡོམ། །འདི་ཡི་ཤིན་ཏུ་ཟབ་པའི་དཀའ་བའི་གནས། །རྣལ་འབྱོར་མ་ཡི་བརྡ་ཡིས་བཅིངས་ནའང༌། །དཔའ་བོ་ཉིད་ཀྱིས་རང་གི་འགྲེལ་པ་མཆོག །བཤད་རྒྱུད་དུ་མས་ཤིན་ཏུ་གསལ་བར་མཛད། །དེ་ནས་ཚུལ་འདི་ཇི་བཞིན་གཟིགས་པ་ལས། །གོ་འཕང་མཐོ་བར་གཤེགས་པའི་གྲུབ་ཆེན་དང༌། །གཞན་ཡང་རྒྱ་གར་མཁས་པ་དུ་མས་ཀྱང༌། །གྲུབ་ཆེན་སོ་སོའི་མན་ངག་བཞིན་དུ་ཕྱེ། །གང་གི་གྲགས་པ་རྒྱུ་སྐར་བདག་པོའི་འོད། །རྒྱ་བོད་མཁས་པའི་མདུན་ས་ཀུན་དའི་ཚལ། ། རབ་ཏུ་འགེངས་བྱེད་ནཱ་རོ་ཏ་པཱ་ཞེས། །དེ་ཡི་དྲི་མེད་ལུགས་བཟང་ལས་འོངས་པ། །གངས་ཅན་གདུལ་བྱ་རྣམས་ཀྱི་མིག་ཏུ་གྱུར། །སྐད་གཉིས་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི། །ལེགས་པར་བཤད་པའི་སྲོལ་ལ་རབ་བརྟེན་ཞིང༌། །རྩོད་དུས་ཐམས་ཅད་མཁྱེན་པ་ལས་བརྒྱུད་པའི། །རྣམ་བཤད་འདི་ནི་རྒྱ་བོད་མཁས་པ་ཡི། །


JLD008_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་ཀུན་གྱི་ཆུ་ཀླུང་གཅིག་འདུས་ཤིང༌། །དངོས་གྲུབ་གཉིས་ཀྱི་རིན་ཆེན་གཏེར་གྱུར་པས། །སྐལ་ལྡན་ཀླུ་དབང་རྣམས་ཀྱི་ཕུན་ཚོགས་གཞི། །དཔལ་ལྡན་ལཱུ་ཨི་པ་དང་དྲིལ་བུ་པ། །ནག་པོ་སྤྱོད་པའི་གདམས་ངག་ལ་བརྟེན་ནས། །བཤད་པའི་རྒྱུད་ཀྱིས་རྩ་རྒྱུད་བཤད་པ་ན། །རྩ་རྒྱུད་གདམས་པའི་མཆོག་ཏུ་འཆར་བ་དང༌། །དྲི་མེད་དབང་དང་དམ་ཚིག་ལ་གནས་ནས། །རིམ་གཉིས་ལམ་གྱིས་ལེགས་པར་བགྲོད་ཚུལ་དང༌། །བགྲོད་ལས་དངོས་གྲུབ་མཐའ་ཡས་འགྲུབ་ཚུལ་གྱིས། །རྡོ་རྗེ་འཆང་གི་ས་རུ་བགྲོད་ཚུལ་རྣམས། །རྒྱུད་ལས་ལེགས་པར་བསྟན་པའི་ཚུལ་ཤེས་ནས། །ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་པ་དེ་ལ། །སྔགས་ཚུལ་ཇི་བཞིན་གཟིགས་པའི་མཁས་པ་རྣམས། །གསང་སྔགས་པ་ཞེས་ཟེར་བ་ཤེས་པར་མཛོད། །གསུང་རབ་དགོངས་འགྲེལ་སྤྱི་དང་ཁྱད་པར་དུ། །བདེ་མཆོག་སྐོར་ལ་རིང་དུ་འདྲིས་བྱས་ནས། །ལེགས་པར་སྦྱར་མོད་སོ་སྐྱེའི་བློར་གྱུར་པས། །ཉེས་པར་གང་གྱུར་བསམ་པ་ཐག་པས་འཆགས། །འབད་པ་ཆེན་པོས་ངལ་བ་བགྱིས་པ་ལས། །ཐོབ་པའི་རྣམ་དཀར་དགེ་བས་རང་གཞན་ཀུན། །འཁོར་ལོ་བདེ་མཆོག་ལམ་བཟང་འདིར་ཞུགས་ནས། །ཧེ་རུ་ཀ་ཡི་གོ་འཕང་མྱུར་ཐོབ་ཤོག །ཅེས་དཔལ་འཁོར་ལོ་བདེ་མཆོག་ཉུང་ངུའི་རྩ་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས།


JLD008_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བདེ་མཆོག་གི་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་དང༌། ཆ་མཐུན་པའི་རྒྱུད་ཀུན་དང༌། བདེ་མཆོག་གི་སྐོར་སྤྱི་དང༌། ཁྱད་པར་དུ་ལོ་དྲིལ་ནག་གསུམ་གྱི་གཞུང་ཀུན་དང༌། བདེ་མཆོག་གི་འགྲེལ་པ་དུ་མ་ལ་རིང་དུ་འདྲིས་པར་བྱས་པའི་མཐར། བདེ་མཆོག་གི་བཤད་སྒྲུབ་ཉམས་པ་གསོ་བའི་དོན་དང༌། རང་གི་བརྗེད་བྱད་དུ་དམིགས་ཏེ། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ།། །།


previousབདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ།next