Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  collapse section
   
ཤོག་ལྷེབ་ ༢༠༣ ནས་ ༣༠༠ བར།
   
   
   
   
   
   
   
   


 
previousཤོག་ལྷེབ་ ༢༠༣ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༣ ནས་ ༣༠༠ བར།


JLD009_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་རྒྱ་ཆེར་བཤད་པ་འདོད་པ་འཇོ་བ་ཞེས་བྱ་བ་བཞུགས། །


JLD009_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པས་མཛད་པའི་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི ། མངོན་པར་རྟོགས་པའི་རྒྱ་ཆེར་བཤད་པ་འདོད་པ་འཇོ་བ་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པ་རྣམས་དང་མགོན་པོ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པད་མོ་ལ་གུས་པས་ཕྱག་འཚལ་ལོ། །རྒྱ་ཆེན་མཁྱེན་པ་ནམ་མཁའི་ཁྱོན་བཞིན་ཏེ། །དམིགས་མེད་བརྩེ་བས་འགྲོ་ལ་འཁྱུད་པ་བཞིན། །གང་གི་དྲིན་གྱིས་བློ་མིག་བསླད་པ་ཀུན། །འཇོམས་མཛད་འཇམ་དབྱངས་བླ་མས་རྗེས་སུ་སྐྱོངས། །བདེ་བའི་མཆོག་གྱུར་ལྷན་སྐྱེས་གཅིག་པུ་ཉིད། །དམ་ཚིག་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །རབ་འབྱམས་འཁོར་ལོ་ལྔ་ཡི་ལྷ་ཚོགས་སུ། །


JLD009_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་མཛད་ཧེ་རུ་ཀ་དཔལ་ཞབས་ལ་འདུད། །གདུལ་བྱའི་རྒྱུད་ལ་ལྷན་སྐྱེས་བདེ་བ་ཆེ། །རྒྱས་པར་བྱེད་པའི་ཐབས་ལ་མཁས་པ་ནི། །བསྒྲུབ་ཕྱིར་ཉིད་སྐུ་ཡིད་འཕྲོག་མཛེས་མའི་སྐུར། །སྤྲུལ་པའི་རྗེ་བཙུན་མ་ཡིས་རྟག་ཏུ་སྐྱོངས། །མཁའ་འགྲོ་བྱེ་བའི་ཐུགས་ཀྱི་གསང་ཆེན་བཅུད། །རྣལ་འབྱོར་མ་ཡི་བརྡ་ཡིས་ལེགས་བཅིངས་པས། །ཆེ་བའི་བློས་ཀྱང་ཤིན་ཏུ་རྒལ་དཀའ་ཞིང༌། །དངོས་གྲུབ་རླབས་ཀྱི་ཕྲེང་བ་འཁྲིགས་གྱུར་པའི། །བདེ་མཆོག་རྒྱ་མཚོའི་ཕ་རོལ་སུ་ཡིས་བགྲོད། །འོན་ཀྱང་ཚུལ་འདི་ཉམས་པ་གསོ་ཕྱིར་དང༌། །རང་ཉིད་གོམས་དང་སྐལ་མཉམ་གཞན་གྱི་ཕྱིར། །ལམ་འདི་འགྲེལ་ལ་མི་རིགས་ཅི་ཞིག་ཡོད། །སྐོམ་པས་


JLD009_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་པ་ཆུ་ཀླུང་འགྲམ་སོན་པས། །ཆུ་དེ་མ་ལུས་འཐུག་པར་མི་ནུས་ན། །ཕྱོགས་གཅིག་ཙམ་གྱིས་སྐོམ་པ་མི་སེལ་ཞེས། །སྨྲ་བ་ཤེས་ལྡན་རྣམས་ཀྱི་ལུགས་ཡིན་ནམ། །འཕགས་པའི་ཡུལ་གྱི་མཁས་པའི་སྐྱེ་བོ་ཡིས། །བདེ་མཆོག་དགོངས་འགྲེལ་རྣམས་ཀྱི་རྩ་བ་ནི། །དཔལ་ལྡན་ལཱུ་ཨི་པ་ཡི་ལུགས་སུ་གྲགས། །དེ་ཕྱིར་རྒྱ་གར་འཕགས་པའི་ཡུལ་བགྲོད་པའི། །སྒྲ་བསྒྱུར་དམ་པ་རིན་ཆེན་བཟང་པོ་སོགས། །སྐད་གཉིས་སྨྲ་བའི་བཤད་སྲོལ་བཅུ་བཞི་ཡིས། །ལུགས་དེ་གངས་རིའི་ཁྲོད་དུ་གསལ་བྱས་ཞེས། །ཕྱོགས་འདིའི་བདེ་མཆོག་མང་དུ་ཐོས་རྣམས་སྨྲ། །དེ་དག་ཀུན་ཀྱང་བསྔགས་པའི་གནས་ཡིན་མོད། །༈ གྱི་ཇོ་ཟླ་འོད་འགོས་དང་ཟངས་དཀར་དང༌། །མལ་གྱོ་མར་དོ་ལོ་ཆང་རྭ་ལོ་དང་། །སྨོན་གྲོའི་མར་ལོ་བྲ་བོ་ལོ་ཙཱ་དང༌། །བ་རི་མང་ནད་རྩ་མི་འཛིམ་ལོའི་ལུགས། །འོན་ཀྱང་ལྭ་བའི་ན་བཟའ་ཅན་དང་ནི། །ནཱ་རོ་ཏ་པའི་ལུགས་འཛིན་མཁས་པ་ནི། །པྲཛྙཱ་རཀྵི་ཏ་དང་ཕམ་མཐིང་མཆེད། །སུ་མ་ཏི་དང་ཀ་ཤྲཱི་རྣམས་གཉིས་ལས། །བརྒྱུད་པའི་མལ་གྱོ་མར་དོ་ལོ་ཆུང་སོགས། །ལོ་དྲིལ་ནག་པོའི་ལུགས་ཀྱི་མན་ངག་ལས། །འཁོར་ལོ་སྡོམ་པ་འཆད་པའི་བཤད་སྲོལ་མཆོག །དེ་ཕྱིར་དེ་དག་བཤད་སྲོལ་ལ་བརྟེན་ནས། །རྣལ་འབྱོར་དབང་ཕྱུག་གཞུང་མཆོག་འདིར་བཤད་བྱ། །རྩ་བཤད་ལེགས་པར་འབྱོར་དང་བསྐྱེད་རིམ་གྱི། །གནད་དོན་ཀུན་གསལ་ཡོངས་སུ་རྫོགས་པ་ནི། །གསལ་བར་འཆད་ཕྱིར་གྲུབ་ཟིན་སྒྲུབ་མིན་པས། །དཔལ་ལྡན་འཁོར་ལོ་སྡོམ་པའི་ལམ་གྱིས་ནི། །བགྲོད་པར་འདོད་པའི་རྣམ་


JLD009_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ལྡན་པ་རྣམས། །དགའ་བ་བསྐྱེད་དེ་རྩེ་གཅིག་ཡིད་ཀྱིས་ཉོན། །འདིར་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་སྒྲུབ་ཐབས་རྒྱས་པ་ནི། གང་བཤད་པར་བྱ་བ་ཡིན་ལ་དེ་འཆད་པའི་ཚུལ་ལ་གཉིས། བདེ་མཆོག་སྤྱིའི་རྣམ་གཞག་དང༌། སྒྲུབ་ཐབས་ཀྱི་གཞུང་དངོས་བཤད་པའོ། །དང་པོ་ལ་གསུམ་སྟེ། གཞུང་འདི་གང་ལས་བཏུས་པའི་གཞི་རྩ་བ་དང་བཤད་པའི་རྒྱུད་ཇི་ལྟར་གནས་པ་དང༌། དེ་ལས་བཏུས་པའི་གཞུང་འདིས་རྩ་རྒྱུད་ཀྱི་དོན་ཇི་ལྟར་འཆད་པ་འཕྲོས་དང་བཅས་པ་དང༌། གྲུབ་ཆེན་གསུམ་གྱི་གཞུང་འགྲེལ་བའི་གཞུང་གཞན་ཇི་ལྟར་བྱུང་བའོ། །དང་པོ་ལ་གཉིས། རྩ་བཤད་ཀྱི་རྒྱུད་ངོས་བཟུང་བ་དང༌། བཤད་རྒྱུད་ཀྱིས་རྩ་རྒྱུད་ཇི་ལྟར་བཤད་པའོ། །དང་པོ་ནི། སྤྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐམས་ཅད་བསྡུ་ན། ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་དང༌། ཐེག་ཆེན་ནི་རྒྱུ་ལམ་དུ་བྱེད་པ་ཕར་ཕྱིན་གྱི་ཐེག་པ་དང༌། འབྲས་བུ་ལམ་དུ་བྱེད་པ་སྔགས་ཀྱི་ཐེག་ཆེན་གཉིས་སུ་འདུ་བ་དང༌། དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་པར་དང༌། ཕྱི་མ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཞིར་གུར་ནས་གསུངས་པ་ལྟར་ངེས་པ་དང༌། དེ་རྣམས་ཀྱི་ཁྱད་པར་ནི། རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་རྒྱས་པར་བཤད་པ་ལས་ཤེས་པར་བྱའོ། །ཤཱནྟི་པ་དང་ཨ་བྷྱ་ཀ་རས། འདུས་པ་སོགས་རྣལ་འབྱོར་བླ་མ་དང༌། རྣལ་འབྱོར་མའི་རྒྱུད་རྣལ་འབྱོར་བླ་མེད་དུ་བྱས་ཏེ། རྒྱུད་སྡེ་ལྔར་བཤད་པ་ནི་རྣལ་འབྱོར་བླ་མའི་རྒྱུད། བླ་མེད་ཀྱིས་རྒྱུད་དུ་


JLD009_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཞེད་པའི་དོན་དུ་བཟུང་ན། གུར་ལས། རྣལ་འབྱོར་བླ་མེད་དེ་ལྟག་ལའོ། ཞེས་རྣལ་འབྱོར་གྱི་རྒྱུད་ཀྱི་ལྟག་མ་སྟེ་གོང་མ། རྣལ་འབྱོར་བླ་མེད་དུ་བཤད་པ་དང༌། དྲི་མེད་འོད་ལས། གསང་འདུས་དང་ཀྱཻ་རྡོར་གྱི་རྒྱུད་རྣམས་ཀྱང༌། ངེས་དོན་ལ་གཉིས་མེད་ཀྱི་རྒྱུད་དུ་གསུངས་པ་སོགས་ཀྱི་གནོད་པ་མང་དུ་ཡོད་པས། དེ་ལྟར་མི་བྱའི་དེ་གཉིས་དོན་གཅིག་ལ་མིང་གི་རྣམ་གྲངས་སུ་བྱའོ། །ཕམ་མཐིང་པ་ནས་བརྒྱུད་པ་ལ། བླ་མ་མལ་གྱོ་ནས་བརྒྱུད་པ་རྣམས་ཕ་བླ་མེད་དང༌། མ་བླ་མེད་དང༌། མའི་ཡང་མ་བླ་མེད་གསུམ་དུ་བྱས་པའི་གཉིས་པ་ནི། ཀྱཻ་རྡོར་སོགས་དང༌། གསུམ་པ་ནི་འཁོར་ལོ་སྡོམ་པར་འཆད་ཅིང༌། དེ་ལྟར་རྒྱུད་སྡེ་དྲུག་བྱེད་པ་ཡང་ལྭ་བ་པའི་དགོངས་པར་འཆད་མོད་ཀྱང༌། དེའི་དགོངས་པར་ཡང་མི་སྣང་ལ། སྔར་བཤད་པ་ལྟར་གྱིས་གནོད་པས་མི་ལེགས་སོ། །རྩ་རྒྱུད་ལས། མདོ་སྡེ་བྱ་བ་སྤྱོད་པ་དང༌། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། ཅེས་པས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་དང༌། གསང་བས་རྣལ་འབྱོར་བླ་མེད་དང༌། གསང་མཐས་མ་བླ་མེད་དང༌། དབྱེ་བས་མའི་ཡང་མ་བླ་མེད་བསྟན་པར་འདོད་པ་ཡང་མི་རིགས་ཏེ། ཐ་མ་ནི་གོང་དུ་སྨོས་པ་དེ་རྣམས་སུ་དབྱེ་ཞེས་པའི་དོན་དུ་གསལ་བས། ཐ་མའི་བཤད་པ་གཞུང་ལ་མ་ཞུགས་ལ། གསང་མཐའི་དོན་ནི་གསང་སྔགས་ཀྱི་མཐར་ཐུག་བླ་མེད་སྟོན་པས། རྒྱུད་བཞིར་འབྱེད་པའི་དོན་ཡིན་པའི་ཕྱིར་དང༌། འགྲེལ་པ་སུས་ཀྱང་དེ་ལྟར་བཤད་པ་མེད་པའི་ཕྱིར་རོ། །དེས་ན་མར་དོ་ནས་བརྒྱུད་པ་རྣམས་ཀྱིས་རྒྱུད་སྡེ་བཞིར་བྱེད་ཅིང༌། རྣལ་འབྱོར་བླ་མེད་ལ་ཕ་མའི་རྒྱུད་


JLD009_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འབྱེད་པ་ལྟར་ལེགས་སོ། །དེ་ཡང་གུར་ལས། རྡོ་རྗེ་མཁའ་འགྲོ་དང༌། ནམ་མཁའ་དང་མཉམ་པ་དང༌། འཁོར་ལོ་བདེ་མཆོག་རྣམས་རྣལ་འབྱོར་མའི་རྒྱུད་དུ་གསལ་བར་བཤད་ཅིང༌། རྣམ་བཞག་རིམ་པར་ཡང་སྡོམ་འབྱུང་ལ། ཤེས་རབ་ཀྱི་མདོ་ཞེས་གསུངས་ཤིང༌། གསང་བའི་དེ་ཉིད་གསལ་བ་ལས་ཀྱང༌། དེ་ནས་རྣལ་འབྱོར་མ་རྒྱུད་ཀྱི། །རིམ་པ་གཞན་ཡང་བཤད་པར་བྱ། ཞེས་མཚམས་སྦྱར་ནས། བདེ་མཆོག་གི་དོན་རྣམས་བཤད་པས། བདེ་མཆོག་གི་རྣལ་འབྱོར་མའི་རྒྱུད་དོ། །ཡང་དེ་ལས། རྒོད་པ་ལ་སོགས་པའི་རྒྱུད་བཞིར་བཤད་པའི་གཉིས་སྤྲོད་དམ་གཉིས་འདུས་ཀྱི་རྒྱུད་ལ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་གཉིས་སུ་ཕྱེའོ། །སློབ་དཔོན་རྡོ་རྗེའི་འགྲེལ་པ་ལས། རྩ་བའི་རྒྱུད་ལེའུ་འབུམ་པ། རྒྱུད་ཕྱི་མ་ནམ་མཁའ་དང་མཉམ་པ་ཤླཽ་ཀ་འབུམ་པ། ཕྱི་མའི་ཕྱི་མ་ལེའུ་ལྔ་བཅུ་རྩ་གཅིག །ཤླཽ་ཀ་བདུན་བརྒྱ་བའོ། །ཞེས་བཤད་ལ། བོད་ཀྱི་བླ་མ་ཁ་ཅིག་ཀྱང་དེ་ལྟར་བཞེད་དོ། །མཁའ་འགྲོ་རྒྱ་མཚོ་ལས། དེ་ལྟར་ངེས་བརྗོད་འབུམ་གསུམ་ལས། །ཕྱུང་བ་བདེ་མཆོག་ཉུང་ངུ་སྟེ། །ཨ་ཡིག་ལ་སོགས་ཀྵ་ཡིག་མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་ཁོ་ན་ཉིད་ལྡན་པར་སྦྱར། ཞེས་ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པའི་ལེའུ་ལྔ་བཅུ་པ་ཉུང་ངུའི་རྒྱུད། མངོན་བརྗོད་འབུམ་ཕྲག་གསུམ་པ་ལས་ཕྱུང་བར་བཤད་དོ། །ལེའུ་ང་གཅིག་པ་ནི་ཡི་གེ་ལྔ་བཅུ་སྤྱིའི་དེ་ཉིད་དང་ལྡནཔར་སྦྱར་བའི་དོན་དུ་བྱའོ། །ཀུན་སྤྱོད་ལས། འབུམ་དུ་བརྗོད་པའི་རྒྱུད་ལས་ནི། །བདེ་མཆོག་


JLD009_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཏུས་པར་གྱུར་པ་དང༌། །ནམ་མཁའ་དང་ནི་མཉམ་པའི་རྒྱུད། །འབུམ་གཅིག་ནའང་འདི་དག་བཤད། ཅེས་ནམ་མཁའ་དང་མཉམ་པའི་རྒྱུད་འབུམ་ཕྲག་གཅིག་ཏུ་བཤད་པ་ནི་སྔ་མ་དང་མཐུན་ལ། འབུམ་ཕྲག་གཅིག་པའི་མངོན་བརྗོད་ལས། བདེ་མཆོག་ཉུང་ངུའི་རྒྱུད་བཏུས་པར་བཤད་དོ། །དེ་ལྟར་བཤད་པ་ནི། ཧེ་རུ་ཀ་མངོན་འབྱུང་ལས། འབུམ་ཕྲག་འབུམ་ཕྲག་གསུམ་ལས་བཤད། །རྒྱུད་ཀྱི་སྙིང་པོ་བསྡུས་པ་ཡིན། ཞེས་པའི་འགྲེལ་པ་ལས། མངོན་བརྗོད་རྒྱས་པ་འབུམ་ཕྲག་གསུམ་པ་དང༌། བསྡུས་པ་འབུམ་ཕྲག་གཅིག་པར་བཤད་པས། མི་འགལ་ཞེས་གསུངས་པ་ལྟར་ཡིན་པས། དེ་གཉིས་ཀ་ལས་བཏུས་པའོ། །རྩ་རྒྱུད་ལས། རིག་པ་རྒྱ་མཚོ་ལས་ཇི་བཞིན། །དཔའ་བོས་མདོར་བསྡུས་གསུངས་པ་ཡིན། ཞེས་གསུངས་པའི་རིག་པ་རྒྱ་མཚོ་ནི། རྒྱལ་བ་བཟང་པོ་དང་དཔའ་བོ་རྡོ་རྗེས་རྒྱུད་ཆེན་པོར་བཤད་ལ། བོད་ཁ་ཅིག་རྩ་རྒྱུད་འབུམ་ཕྲག་གཅིག་པར་འཆད་དོ། །དེ་རྣམས་ལས་ད་ལྟ་ནི། ཕྱོགས་འདིར་ཉུང་ངུའི་རྩ་རྒྱུད་ང་གཅིག་པ་ཁོ་ནའོ། །བཤད་རྒྱུད་མང་པོ་ཡང་རང་རང་གི་རྒྱུད་རྒྱས་པ་ལས་བསྡུས་པའི་བསྡུས་རྒྱུད་ཡིན་པས། བསྡུས་རྒྱུད་གང་ཡིན་རྩ་རྒྱུད་མིན་ཡང༌། ང་གཅིག་པ་ལྟ་བུ་ནི་རྩ་རྒྱུད་དོ། །བཤད་པའི་རྒྱུད་ནི། མི་ཐུབ་ཟླ་བས། མཁའ་འགྲོ་འབྱུང་བ་ཀུན་སྤྱོད་དང༌། །དེ་བཞིན་མཚན་མཆོག་བླ་མའི་རྒྱུད། །ཁ་སྦྱོར་རྒྱུད་དང་བཞི་པོ་ནི། །བཤད་པའི་རྒྱུད་དུ་ཤེས་པར་བྱ། ཞེས་བཤད་པའི་མཁའ་འགྲོ་ནི་རྡོ་རྗེ་མཁའ་འགྲོ་དང༌། བླ་མ་ནི་མངོན་བརྗོད་བླ་


JLD009_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། ཁ་སྦྱོར་ནི་སམ་བྷུ་ཊ་དང༌། འབྱུང་བ་ལ་སྤྱིར་ཧེ་རུ་ཀ་མངོན་འབྱུང་དང༌། ཕག་མོ་མངོན་འབྱུང་དང་། སྡོམ་པ་འབྱུང་བ་གསུམ་ཡོད་དོ། །དེ་ལྟར་བྱས་ན་བཤད་རྒྱུད་ལྔ་ཡོད་པས་རྒྱུད་དང་ཞེས་པའི་དང་ནི་སོ་སོར་འབྱེད་པའི་དང་དུ་བྱའོ། །ཇོ་བོའི་འགྲེལ་པར་བཤད་རྒྱུད་བཞིར་བཤད་པའི་གསུམ་ནི། འབྱུང་བ་དང་མངོན་བརྗོད་དང༌། རྡོ་རྗེ་མཁའ་འགྲོར་བཤད་ལ། བཞི་པ་ནི་ཀུན་སྤྱོད་ལ་བྱེད་པ་དགོངས་པའོ། །མལ་གྱོའི་རྗེས་འབྲང་དག །ཕམ་མཐིང་པ་སོགས་རྒྱལ་དཀའ་ཟླ་བའི་རྗེས་སུ་འབྲངས་ནས་བཤད་རྒྱུད་ལྔར་བྱེད། པཎྜི་ཏ་ཐད་ཆུ་བའི་བླ་མ། ནཱ་རོ་བའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ནི། རྣལ་འབྱོར་མ་བཞི་ཞལ་སྤྱོར་བ་དང་མཁའ་འགྲོ་རྒྱ་མཚོ་གཉིས་ལྔའི་སྟེང་དུ་བསྣན་ནས། བཤད་རྒྱུད་བདུན་དུ་བྱེད་ཟེར། བོད་ཀྱི་མཁས་པ་དག །སྡོམ་འབྱུང་འགྲེལ་པར་བསྡུས་རྒྱུད་ཡིན། རྒྱུད་ཕྱི་མའང་ཡིན། བཤད་རྒྱུད་ཀྱང་ཡིན་པར་བཤད་པས་སྡོམ་འབྱུང་དང༌། ཕག་མོ་མངོན་འབྱུང་ནི། རྒྱུ་ཉིད་ལས། བཤད་རྒྱུད་དུ་བཤད་པས་བཤད་རྒྱུད་དགུར་བྱའོ་ཞེས་ཟེར་རོ། །དེ་ལ་བདེ་མཆོག་གི་རྒྱུད་ལ་ནི་རྩ་བ་དང་བཤད་པའི་རྒྱུད་གཉིས་སུ་མ་ངེས་ཏེ། ཨ་ལང་ཀ་ཀ་ལ་ཤས་བཤད་རྒྱུད་དང་ཡན་ལག་གི་རྒྱུད་གཉིས་སོ་སོར་བགྲངས་ཤིང༌། སངས་རྒྱས་གསང་བས་ཀྱང༌། བཤད་རྒྱུད་དང་ཆ་མཐུན་ཀྱི་རྒྱུད་གཉིས་སོ་སོར་མཛད་པ་ལྟར་འདིར་ཡང་མི་འགལ་བས། དེ་བཞིན་དུ་བྱའོ། །དེ་ལྟར་བྱས་ན་ཀུན་སྤྱོད་ཁ་སྦྱོར་རྡོ་རྗེ་མཁའ་འགྲོ་གསུམ་ནི་བཤད་པ་ལྟར་ཡིན་ལ། མངོན་བརྗོད་ལ་ནི་འགྲེལ་པར་རེས་བཤད་རྒྱུད་དང༌། རེས་རྩ་རྒྱུད་


JLD009_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ཀྱང་བཤད་རྒྱུད་དུ་བྱའོ། །ཕག་མོ་མངོན་འབྱུང་ནི་དེ་ཉིད་ལས། བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་འབྱུང་བ་ཞེས་བྱ་བ་ཞེས་གསུངས་ལ། བཤད་པའི་རྒྱུད་ཕྱི་མ་ནི་མངོན་བརྗོད་ལ་བྱ་སྟེ། འདི་མངོན་བརྗོད་ཀྱི་སྟོད་འགའ་ཞིག་མ་གཏོགས་པ་དེའི་ལེའུ་བཅུ་གཉིས་པ་དང་འདྲ་བར་སྣང་བས་དེ་ལས་ཕྱུང་བའི་དོན་ནོ། དེའི་ཕྱིར་མངོན་བརྗོད་ལས་ལོགས་པའི་བཤད་རྒྱུད་མིན་ནོ། །མི་ཐུབ་ཟླ་བ་དང་ཇོ་བོས་འབྱུང་བ་ཞེས་པ་མ་གཏོགས་པ་གསལ་ཁ་མེད་ལ། བོད་སྔ་མ་ཁ་ཅིག་ཧེ་རུ་ཀ་མངོན་འབྱུང་དུ་འདོད་ཅིང༌། དེ་ཡང་དབང་བསྐུར་བའི་བཤད་རྒྱུད་ཡིན་ཟེར་མོད་ཀྱང༌། རྩ་རྒྱུད་ལས་མི་འབྱུང་བའི་དབང་གི་རྣམ་གཞག་ཆེར་མེད་པ་དང༌། གཞན་ཡང་བཤད་རྒྱུད་དུ་འགྲོ་བའི་རྒྱུ་མཚན་གསལ་བར་མི་སྣང་བས་ཕྱོགས་མཐུན་གྱི་རྒྱུད་དུ་བྱའོ། །སྡོམ་པ་འབྱུང་བ་ནི་རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་ལས། ལྷན་སྐྱེས་ཀྱི་རྟོག་པ་བཤད་པ་འཆད་པའི་ཤིན་ཏུ་གལ་ཆེ་བ་ཅིག་ཡོད་པས་འགྲེལ་པས་བཤད་རྒྱུད་དུ་མཛད་པ་ལྟར་བྱའོ། །མཁའ་འགྲོ་རྒྱ་མཚོ་ལས་ཚོགས་ཀྱི་བཤད་རྒྱུད་ཡིན་ཟེར་བ་ནི། དེ་ཉིད་ལས། རྡོ་རྗེ་མཁའ་འགྲོ་སྡོམ་པ་དང༌། །གཞན་ཡང་རྣལ་འབྱོར་རྒྱུད་རྣམས་ནི། །འདུས་པ་ལ་སོགས་དོན་ཆེན་པོ། །དེ་རྣམས་ཀྱིས་ནི་རྒྱུད་འདི་ཡི། །སྣ་ཚོགས་དོན་ནི་མངོན་བརྗོད་པ། །དེ་ཐམས་ཅད་ཀྱི་ལས་ཀྱི་ཚོགས། །ལྡན་པར་རབ་ཏུ་གསལ་བར་བྱེད། ཅེས་འཁོར་ལོ་སྡོམ་པའི་ལས་ཚོགས་གསལ་བར་བྱེད་ཅེས་བཤད་མོད་ཀྱང༌། དེ་ཙམ་གྱིས་བཤད་རྒྱུད་དུ་འཇོག་ན། རྡོ་རྗེ་མཁའ་འགྲོ་དང་གསང་འདུས་སོགས་ཀྱིའང་བཤད་རྒྱུད་དུ་


JLD009_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེས་ན་འདི་ཡང་ཕྱོགས་མཐུན་གྱི་རྒྱུད་དུ་བྱས་ན་ལེགས་པར་སེམས་སོ། །རྣལ་འབྱོར་མ་བཞི་ཞལ་སྦྱོར་བ་ཡང་དེ་དང་འདྲ་བར་སེམས་སོ། །དེ་ལྟར་ན་བཤད་པའི་རྒྱུད་ཡིན་པར་བཤད་པ་ནི་དྲུག་གོ །བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་བཤད་རྒྱུད་ར་ལི་ཉེར་བཞི་འཕྲོས་པའི་རྒྱུད་བརྒྱད་དེ་སོ་གཉིས་ལ། བོད་ཀྱི་མཁས་པ་དག་འཕྲོས་པའི་རྒྱུད་ལ། ཁ་ཅིག་རྙོག་པ་མེད་པའི་རྒྱུད་བསྣན་ནས་བརྒྱད་དུ་འདོད་པ་དང༌། ཁ་ཅིག་སྟོབས་ཆེན་ཡེ་ཤེས་རྒྱལ་པོའི་རྒྱུད་གྲངས་སུ་མི་བགྲང་བས་རྙོག་མེད་དང༌། རི་གི་ཨ་ར་ལི་གཉིས་བསྣན་ནས་བརྒྱད་དུ་བྱེད་པ་ལ། རི་གི་ཨ་ར་ལི་ནི་བདེ་མཆོག་གི་བཤད་རྒྱུད་ཡིན་རྒྱུ་ཡང་མེད་ཅིང༌། དེ་རྣམས་ཀྱི་ཟླ་ལ་སྲེ་བར་ཕངས། རྙོག་མེད་ནི་རྒྱུད་ཡང་དག་ཅིག་ཡིན་པ་འདྲ། འདི་རྣམས་སྔ་ནས་ཀྱང་རྒྱུད་རྩོད་པ་ཅན་དུ་གྲགས་ཤིང༌། རྒྱུད་ཡང་དག་མིན་པར་ངེས་པ་འགའ་ཞིག་སྣང་ལ། གཞན་རྣམས་ཐེ་ཚོམ་གྱི་གཞིར་སྣང་བས་དཔྱད་པར་བྱའོ། ཞེས་དང༌། ནམ་མཁའ་དང་མཉམ་པའི་རྒྱུད་ཀྱང་ཐེ་ཚོམ་ཟ་བ་དང༌། མཁའ་འགྲོ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ། བསམ་གྱིས་མི་ཁྱད་པའི་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྩ་རྒྱུད་ལ་ལེའུ་བཅུ། རྒྱུད་ཕྱི་མ་ལ་ལེའུ་གཉིས་བྱས་པ་དང༌། ཕག་མོ་མངོན་འབྱུང་གི་རྒྱུད་ལེའུ་ཉེར་གཉིས་བྱས་པ་ལོ་ཙཱ་བ་ཡེ་ཤེས་བཟང་པོས་བསྒྱུར་ཟེར་བ་གཉིས། རྒྱུད་རྫུན་མར་སྣང་གསུང་ཞིང༌། འབུམ་ཕྲག་གསུམ་པ་ལས་ཕྱུང་བའི་སྒྱུ་འཕྲུལ་དྲ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད། སྒྱུ་


JLD009_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆེན་མོ་ཞེས་བྱ་བ་འདི་ནི། མཻ་ཏྲི་མཁའ་སྤྱོད་ཀྱི་རྒྱུད་ཆུང་ངུ་ཞིག་ལོགས་སུ་བཀོལ་བར་སྣང་ཞེས་གསུང་ངོ༌། །བདེ་མཆོག་གི་རྒྱུད་གསུངས་པའི་གནས་ལ་མངོན་བརྗོད་ཀྱི་འགྲེལ་པ་ནས། རི་རབ་ཀྱི་རྩེར་གསུངས་པར་བཤད། གདུལ་བྱ་བཏུལ་བའི་གནས་ནི། འཛམ་བུ་གླིང་ཡིན་ཞེས་ཟེར། རྩ་རྒྱུད་ཀྱི་འགྲེལ་པ་ཨིནྡྲ་བྷཱུ་ཏིས་མཛད་ཟེར་བར། དང་པོར་རི་རབ་ཀྱི་རྩེར་གསུངས་ནས། ཕྱིས་འབྲས་སྤུངས་སུ་གསུངས་པར་བཤད་དོ། །དུས་ནམ་གྱི་ཚེ་གསུངས་པ་ནི། སློབ་དཔོན་རྡོ་རྗེས་མཛད་ཟེར་བའི་འགྲེལ་པར་གཉིས་ལྡན་གྱི་དུས་ཀྱི་དབང་ཕྱུག་བཏུལ་བའི་ཚེ་གསུངས་པར་འདོད་ཀྱང༌། བོད་ཀྱི་བླ་མ་རྣམས་རྩོད་ལྡན་གྱི་དུས་སུ་གསུངས་པར་བཞེད་པ་ནི། མཁའ་འགྲོ་རྒྱ་མཚོ་ལས། རྩོད་པའི་དུས་ཀྱི་སའི་ནང་དུ། །བཅོམ་ལྡན་མཐའ་ཡས་པས་འདི་གསུངས། །ཤཱཀྱ་སེང་གེས་གསུངས་པའི་རྒྱུད། ཅེས་གསུངས་ཤིང་འགྲེལ་པར་ཡང་མཁའ་འགྲོ་རྒྱ་མཚོའི་རྒྱུད་རྒྱས་པ་རྩོད་ལྡན་གྱི་དུས་སུ་ཤཱཀྱ་སེང་གེས་གསུངས་པར་བཤད་ལ། དེས་གཞན་ཡང་མཚོན་ནོ། །རྩ་རྒྱུད་ཀྱི་འགྲེལ་པ་ཁ་ཅིག་ནས་བསྐྱར་ནས་མ་གསུངས་པར་ཡང་བཤད་མོད་ཀྱང༌། སྔ་མ་ལྟར་རིགས་ཏེ། གུར་ལས། སྙིགས་མའི་དུས་སུ་ཚེ་ཐུང་ཞིང༌། ཉོན་མོངས་ཤས་ཆེ་བ་རྣམས་ཀྱི་དོན་དུ། རྩ་རྒྱུད་རྒྱས་པ་ལས་བསྡུས་ནས་གསུངས་པར་བཤད་པས་ཤེས་སོ། །སྟོན་པ་པོ་ནི་ཧེ་རུ་ཀས་གསུངས་པར་བདེ་མཆོག་སྟོད་འགྲེལ་དུ་གསུངས་པ་ལྟར། རྩ་རྒྱུད་ལས་ཀྱང༌། དཔའ་བོས་བསྡུས་ནས་གསུངས་པ་ཡིན།


JLD009_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ཞུ་བ་པོ་ནི་ཕག་མོ་ཡིན་པར་དེ་ཉིད་ལས་བཤད་ལ། ཕྱག་ན་རྡོ་རྗེས་ཞུས་པའི་ཚུལ་ཡང་ཡོད་དོ། །སྡུད་པ་པོ་ནི་མཁའ་འགྲོ་རྒྱ་མཚོ་ལས། བསྡུ་བ་མཛད་པ་སོགས་རྣམས་ཀྱིས། །བདག་ལས་བགྲོད་པ་དེ་ཐོབ་བོ། །མ་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །གཅིག་ལ་གཅིག་གིས་བཞེད་པ་ནི། །གསོལ་བ་འདེབས་ཤིང་གསོལ་འདེབས་མཛད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །ཚིག་འདི་ལ་ནི་མངོན་པར་དགའ། ཞེས་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གནས་སུ་བསྡུས་པར་གསུངས་པའི་གནས་ནི། ཨྱོན་དུ་འཆད་དེ། སྡུད་པ་པོ་ལ་ཡང་མི་འདྲ་བ་མང་དུ་གསུངས་སོ། །གཉིས་པ་ནི། རྩ་རྒྱུད་ང་གཅིག་པའི་དོན་གང་བཤད་རྒྱུད་གང་གིས་ཇི་ལྟར་འཆད་སྙམ་ན། བཤད་བྱ་རྩ་རྒྱུད་ཀྱི་དོན་གྱི་གཙོ་བོ་ནི་བསྡུ་ན་གསུམ་སྟེ། རྒྱུད་སྣོད་རུང་དུ་བྱེད་པ་དབང་གི་སྐོར་དང༌། ལམ་རིམ་གཉིས་བསྒོམ་པ་དང༌། དེ་གཉིས་ཀྱི་འབྲས་བུའོ། །དེ་ཡང་རྩ་རྒྱུད་ལས། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་རྡེག་དང༌། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། ཞེས་དཀྱིལ་འཁོར་དུ་བཅུག་ནས་ལྷ་ངོ་བསྟན་པ་དང༌། ཞུགས་པ་ལ་དབང་མ་བསྐུར་བར་ལམ་སྒོམ་པའི་རྣལ་འབྱོར་པར་འདོད་པ་ནི། སྨིག་རྒྱུའི་ཆུ་ལ་འཐུང་བ་དང་འདྲ་བར་འདོད་དོན་གཏན་མི་འགྲུབ་པར་གསུངས་པས། དབང་བསྐུར་བ་གལ་ཆེ་ལ། དེ་ཡང་རྩ་རྒྱུད་


JLD009_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་གཉིས་པ་དང༌། གསུམ་པ་དང་བཞི་པ་རྣམས་ཀྱིས་བསྟན་པ་ལ། མ་ཚང་བ་སྐོང་བ་ནི་རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་དང༌། སྡོམ་འབྱུང་གི་བཅུ་བདུན་པ་དང་བཅོ་བརྒྱད་པས་སྟོན་པས། བདེ་མཆོག་གི་དབང་བསྐུར་བའི་ཆོ་གའི་གཞི་ནི་འདི་དག་ལ་བྱ་སྟེ། རྒྱུད་རྡོར་ཕྲེང་ན་ཡང་གནད་ཆེ་བ་མང་དུ་ཡོད་དེ་གོ་སླ་བས་ཞིབ་ཏུ་མ་བྲིས་སོ། །ལོ་ནག་དྲིལ་གསུམ་གྱི་མན་ངག་ལ་བརྟེན་ནས་རྩ་བའི་རྒྱུད་འཆད་པ་འདི་ལ། རྩ་རྒྱུད་ཀྱི་གཞུང་གང་གིས་རྫོགས་པའི་རིམ་པ་བསྟན་པ་དང༌། དེ་བཤད་རྒྱུད་གང་གིས་འཆད་པ་དང་། དེ་ཡང་གྲུབ་ཆེན་གསུམ་གྱི་གཞུང་གང་གིས་ཟིན་པ་ལེགས་པར་ཤེས་པ་གལ་ཆེ་བར་སྣང་ནའང༌། ཚུལ་དེ་སྔ་མ་རྣམས་ཀྱིས་གསལ་བར་མ་མཛད་འདུག་པ་འདིར་བཤད་ན། རྩ་རྒྱུད་ཀྱི་གཞུང་གང་གིས་རྫོགས་རིམ་སྟོན་པ་ནི། ལོ་དྲིལ་གཉིས་ཀྱི་གཞུང་ན་མི་གསལ་ཞིང༌། ནག་པོ་སྤྱོད་པའི་གཞུང་གསལ་ཏེ། དཔྱིད་ཐིག་ལས། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་དཀྱིལ་འཁོར་དང༌། སྦྱིན་སྲེག་དང་མཆོད་སྦྱིན་དང༌། བཟླས་པ་དང་སྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་ཕྱི་རོལ་དང་མཐུན་པར། ནང་གི་ངོ་བོས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། ཞེས་སོ། །དེ་ལ་དེ་བཞིན་གཤེགས་པའི་སྐུ་གང་ཡང་རུང་བ་ནི། སྒྲུབ་པ་པོ་གང་ཡང་རུང་བའི་ལུགས་སོ། །དེའི་སྐུའི་དཀྱིལ་འཁོར་ནི་ལུས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ན་དཀྱིལ་འཁོར་ནས་སྒོམ་པའི་བར་ལ། ཕྱི་བསྐྱེད་རིམ་དང་ནང་རྫོགས་རིམ་གཉིས་གཉིས་ཡོད་ལ། སོགས་ཀྱིས་བསྡུས་པ་སྔགས་བཏུ་བ་ལ་ཡང་གཉིས་སོ། །དེ་ཡང་རྡོ་རྗེ་མཁའ་


JLD009_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལས། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་བསྒོམས་པ་དང༌། །བཅོས་མ་ཡི་ནི་བཟླས་པ་བྱ། ཞེས་གསུངས་པ་ལྟར་བསྒོམ་བཟླས་སོགས་ལ་རྣལ་མ་དང་བཅོས་མ་གཉིས་གཉིས་སུ་བྱ་སྟེ། སྔ་མ་དང་དོན་གཅིག་གོ །དེ་དག་གིས་ནི་རྩ་རྒྱུད་ཀྱི་གཞུང་འདིས་ནང་མ་བཅོས་པའི་རྫོགས་རིམ་འདི་བསྟན་ཟེར་བ་མ་བྱུང་ཡང༌། རྩ་རྒྱུད་ཀྱིས་དཀྱིལ་འཁོར་སོགས་བསྟན་པའི་དོན་ལ་རིམ་པ་གཉིས་ཀའི་བཤད་པ་རེ་དགོས་པར་ཤེས་ལ། རྩ་རྒྱུད་ལས། མན་ངག་ཤིན་ཏུ་རྙེད་དཀའ་སྟེ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །ང་ཡིས་རྒྱུད་དུ་སྤས་པ་ཡིན། ཞེས་དང༌། གང་དུ་སྤས་པའི་རྒྱུད་ཀྱང་རིམ་ལྔ་ལས། འཁོར་ལོ་སྡོམ་པར་སྤས་པ་ཡི། །བྱིན་བརླབས་རིམ་པ་བཤད་པར་བྱ། ཞེས་འཁོར་ལོ་སྡོམ་པའི་རྒྱུད་ལ་གསུངས་ཏེ་རྩ་རྒྱུད་དོ། །དཀྱིལ་འཁོར་ལོ་གཉིས་ལས། རྟེན་གྱི་དཀྱིལ་འཁོར་རྫོགས་རིམ་གྱི་དབང་དུ་བྱས་ཏེ་འཆད་པ་ནི། སམ་བྷུ་ཊ་ནས་རྒྱས་པར་བསྟན་ལ། དེ་ཡང་དཔྱིད་ཐིག་ལས། བྱང་ཆུབ་ཆེན་པོའི་ཕྱོགས་ཆོས་ནི། ཞེས་པ་ནས། འཁོར་ལོའི་དཀྱིལ་འཁོར་དུ་འདོད་དོ། ཞེས་པའི་བར་གྱིས་སྟོན་ནོ། འོན་ཀྱང་དེར་དཀྱིལ་འཁོར་བསྐྱེད་པའི་དུས་ཀྱི་དབྱངས་གསལ་འགོད་པའི་གཞིའི་པད་མ་སྤྱི་བོའི་རྩ་འདབ་སོ་གཉིས་དང༌། དབྱངས་གསལ་ནི་རྩ་འདབ་དེ་ནས་རྒྱུ་བའི་བྱང་སེམས་དཀར་དམར་དང༌། དབྱངས་གསལ་འགྱུར་བའི་ཟླ་བ་ཀླད་པ་ལ་བཤད་པ་ནི། བརྟེན་པའི་དཀྱིལ་འཁོར་གྱི་ཕྱོགས་ཡིན་ལ། མན་སྙེར། ཧཾ་ཡིག་ལུས་ཀྱི་


JLD009_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གཡོའི་རྩ་བར་བཤད་པ་ཡང༌། ཟླ་བའི་སྟེང་གི་ཧཱུཾ་ཡིག་ནང་ལ་སྦྱར་བ་ལ་འཆད་དོ། །དེ་རྣམས་མ་གཏོགས་པ་རྟེན་གྱི་དཀྱིལ་འཁོར་ནང་ལ་སྦྱར་བས་ནི། རྫོགས་རིམ་པའི་ལུས་ལ་གནད་དུ་བསྣུན་པའི་བསྣུན་ས་བསྟན་ནོ། །ཚུལ་འདི་མངོན་བརྗོད་ལས་ཀྱང༌། དེ་ཙམ་དུ་མི་རྒྱས་པ་ཞིག་བསྟན་ཏེ། ལཱུ་ཨི་པ་སོགས་ཀྱི་རྫོགས་རིམ་ལ་གནད་ཆེ་བ་ཞིག་ཡོད་དོ། །སྦྱིན་སྲེག་ནང་ལ་སྦྱར་བ་ཡང༌། སཾ་བྷུ་ཊ་ནས་འཆད་པ་དཔྱིད་ཐིག་ལས། ཤེས་རབ་མེ་ནི་ཆེར་འབར་བ། ཞེས་པ་ནས། སྒྲ་ནི་སྔགས་ཞེས་བརྗོད་པ་སྟེ། ཞེས་པའི་བར་གྱིས་སྟོན་ཏེ། མཆོད་སྤྱིན་ནང་ལ་སྦྱར་བ་ཡང་དེར་བསྟན་ནོ། །འདི་ནི་ལུས་ལ་གནད་དུ་བསྣུན་ས་སྤྱི་དང་བྱེ་བྲག་ཏུ་གཏུམ་མོའི་གནད་སྟོན་པ་ལ་མཁོའོ། །དེ་ནས་བཟླས་པ་དང་བསྒོམ་པ་ནང་ལ་སྦྱར་བ་ཡང་སཾ་བྷུ་ཊ་ལས་གསུངས་སོ། །དཀྱིལ་འཁོར་སོགས་རྩ་རྒྱུད་ཀྱི་གཞུང་གང་ནས་བསྟན་པ་ནི་རྟོགས་པར་སླ་བས་མ་བྲིས་སོ། །སཾ་བྷུ་ཊར། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་ར་ལི་རྣམ་པར་འབྱུང༌། ཞེས་སོགས་ཀྱིས་ལྟེ་བའི་རྩ་འཁོར་གྱི་དབུས་ན་ཨ་ཡིག་དང༌། འདབ་མ་ལ་དབྱངས་གསལ་སྡེ་ཚན་བརྒྱད་གནས་པར་གསུངས་པ་སོགས་ནི། དཔྱིད་ཐིག་ལས་སྔགས་བཏུ་བར་གསུངས་ཏེ། དེ་ནི་རྫོགས་རིམ་པའི་སྔགས་བཏུའོ། །འདིར་རྩ་རྒྱུད་ལས། ཆོས་འབྱུང་བྲིས་པའི་དབུས་སུ་དབྱངས་གསལ་བཀོད་ནས། བསྐྱེད་རིམ་པའི་སྔགས་བཏུ་བ་གསུངས་པ་དེ། བཤད་རྒྱུད་ཀྱིས་རྫོགས་རིམ་ལ་སྦྱར་ཏེ་འཆད་པའོ། །དེ་ལྟར་ན་སྔགས་བཏུ་བའི་གཞི་དང༌། བཏུས་པའི་སྔགས་ཟློ་བ་གཉིས་སུ་བྱ་ལ།


JLD009_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་བཏུ་གཞི་དབྱངས་གསལ་འགོད་པའི་གནས་སུ་ཆོས་འབྱུང་བྲིས་པའི་ནང་བཤད་ནི། ལྟེ་བའི་རྩ་འཁོར་གྱི་ཕྱི་དབྱིབས་ཨེའི་དབྱིབས་ཅན་གྲུ་གསུམ་དུ་རྒྱུད་དེར་བཤད་པའོ། །མན་སྙེར། འདིས་ནི་ལྟེ་བའི་པདྨ་ལ་སོགས་པ་ཡང་གསུངས་སོ། ཞེས་བཤད་པས་དེས་ལྟེ་བའི་པད་མ་བསྟན་པ་མཚོན་ནས། རྩ་འཁོར་གཞན་གསུམ་ཡང་བསྟན་པར་གཟུང་ངོ༌། །དེས་ན་དབྱངས་གསལ་འགོད་པས་ནི་ལྟེ་བའི་རྩ་འཁོར་དུ་མ་ཟད་འཁོར་ལ་གཞན་གྱི་ལྟེ་བ་དང་འདབ་མ་ལ་ཡི་གེ་འགོད་པ་ཡང་བསྟན་པར་ཤེས་པར་བྱའོ། །དེ་ལྟར་བྱས་ནས་གཏུམ་མོ་སྒོམ་པ་རྒྱས་པར་ནི། སཾ་བྷུ་ཊའི་བརྟག་པ་དྲུག་པའི་རབ་བྱེད་གསུམ་པ་དང༌། བཞི་པ་དང༌། རྡོ་རྗེ་མཁའ་འགྲོའི་བཅོ་ལྔ་པ་ནས་འཆད་དེ། རོ་རྐྱང་གི་ནང་དུ་དབྱངས་གསལ་འགོད་པ་ཡང་གསུངས་སོ། །མངོན་བརྗོད་ཀྱི་བཅུ་བཞི་པ་ལས་ཀྱང་གསུངས་ཏེ། དེ་ནི་རིམ་པ་བཞི་པར་ཡང་བཀོད་དོ། །སྡོམ་འབྱུང་གི་སོ་གཅིག་པ་ལས་ཀྱང༌། འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་སྒོམ་པ། གནད་ཤིན་ཏུ་ཟབ་པ་རྣམས་བསྟན་ཡོད་ལ། ཚུལ་དེ་ལོ་དྲིལ་གཉིས་ཀྱིས་གསལ་བར་མ་བཤད་ཀྱང༌། ནག་པོ་སྤྱོད་པའི་གཞུང་དུ་རྩལ་དུ་བཏོན་ནས་འཆད་དེ། མ་རྒྱུད་སྤྱི་དང་བྱེ་བྲག་ཏུ་བདེ་དགྱེས་ལ་ཤིན་ཏུ་གལ་ཆེའོ། །བཏུས་པའི་སྙིང་པོ་སོགས་ཀྱི་སྔགས་ཟློ་བ་ལ། ལྟེ་བར་སྔགས་ཕྲེང་བཀོད་ནས་ཟློ་བ། ལྭ་བ་པས་བཤད་པ་བཞིན་འགྲེལ་པ་གཞན་གཉིས་ཀྱིས་ཀྱང་བཤད་ནས། དེ་ནད་ལ་སྦྱར་བའི་ངེས་དོན་གྱི་བཟླས་པ། རྡོ་རྗེ་བཟླས་པ་ལྟེ་བ་


JLD009_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱེད་པ་ཡང་འགྲེལ་པ་གསུམ་གྱིས་བཤད་དོ། །བདེ་མཆོག་རིམ་ལྔའི་ལུགས་ནི། སྙིང་ཁ་ནས་རླུང་གི་བཟླས་པ་བྱེད་པ་ཡིན་ཏེ། དེ་ལྟར་བྱས་ན་སྙིང་ཁར་སྔགས་ཕྲེང་བཀོད་ནས་ཟློ་བ་ནང་ལ་སྦྱར་བའོ། །རྡོར་བཟླས་ཀྱང་བདེ་མཆོག་གི་རྒྱུད་རྣམས་ཀྱི་ནང་ནས། སྡོམ་འབྱུང་གསལ་ཏེ་དེར་རྫོགས་རིམ་མང་དུ་ཡོད་དོ། །བརྟེན་པའི་དཀྱིལ་འཁོར་ལ་གཉིས་ལས། ཕྱི་དཀྱིལ་སྐྱེད་པའི་མངོན་བྱང་དང༌། ཆོས་སོ་བདུན་སྒོམ་པ་སོགས་ཀྱིས་མཚོན་པའི་རྫོགས་རིམ་ནི། འོག་ནས་ཀྱང་འཆད་པར་འགྱུར་ལ། སྐབས་གཞན་དུ་ཡང་འཆད་པར་འདོད་དོ། །ལུས་དཀྱིལ་སྒོམ་པས་མཚོན་པའི་རྫོགས་རིམ་ཡང་འཆད་པར་འགྱུར་རོ། །རྩ་རྒྱུད་ལས། དཀྱིལ་འཁོར་པའི་ལྷ་རེ་གཉིས་ཀྱི་མིང་ཙམ་ལས་སྐུ་མདོག་ཕྱག་མཚན་སོགས་གསལ་པར་མ་བཤད་པ་འཆད་པ་ནི། མངོན་བརྗོད་ལས་ཤིན་ཏུ་རྒྱས་པར་གསུངས་ལ། སྡོམ་འབྱུང་ལ་སོགས་པའི་བཤད་རྒྱུད་གཞན་ལས་ཀྱང་གསུངས་ཤིང༌། བྱེ་བྲག་ཏུ་ལོ་དྲིལ་སོགས་ཀྱི་བསྐྱེད་རིམ་ད་ལྟ་ལག་ལེན་དུ་ཡོད་པ་རྣམས་ཀྱི་བསྟན་ཚུལ་ནི་འཆད་པར་འགྱུར་རོ། །བསྐྱེད་རིམ་གྱི་འབྲས་བུ་འཇིག་རྟེན་པའི་དངོས་གྲུབ་ཞི་རྒྱས་སོགས་རྩ་རྒྱུད་དུ་བཤད་པ་རྣམས་ཀྱི་དོན་ཡང་རྡོ་རྗེ་མཁའ་འགྲོ་སོགས་ལས་འཆད་དོ། །རིམ་པ་གཉིས་ཀའི་འབྲས་བུ་མཆོག་གི་དངོས་གྲུབ་ནི་ཕལ་ཆེར་རྫོགས་རིམ་གྱི་ལམ་ཞིབ་ཏུ་བཤད་པ་ན། དེ་ཉིད་གོང་ནས་གོང་དུ་སོང་བའི་རིམ་པས་འཐོབ་པ་རྟོགས་པར་ནུས་ལ། མཆོག་གྲུབ་པའི་ཚེ་ཇི་ལྟར་འོང་བ་སོགས་ནི། ཁ་སྦྱོར་ལས་རྒྱས་པར་


JLD009_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ལོ་དྲིལ་གྱི་རྫོགས་རིམ་གྱི་རྣམ་གཞག་གཞན་ནི་གཞན་དུ་འཆད་པར་འགྱུར་རོ། །གཞན་ཡང་མཁའ་འགྲོ་རྒྱ་མཚོ་ལས། སྦྱོར་བ་ཡན་ལག་དྲུག་དང༌། རིམ་པ་ལྔའི་རྫོགས་རིམ་གསུངས་ཤིང༌། སྡོམ་འབྱུང་ལས་རྡོ་རྗེ་བཟླས་པ་དང༌། སྒྱུ་ལུས་དང༌། མངོན་པར་བྱང་ཆུབ་པ་དང༌། ཟུང་འཇུག་གི་རིམ་པ་རྣམས་གསུངས་པ་ནི་གཞན་དུ་བཤད་པར་བྱའོ། །མངོན་བརྗོད་ཀྱི་འགྲེལ་པ་ལས། རྫོགས་པའི་རིམ་པ་ནི་རྒྱུད་འདི་ནས་རྩ་སྒོམ་པ་དང༌། རླུང་སྒོམ་པ་དང༌། ཐིག་ལེ་སྒོམ་པ་དང༌། དྲོད་སྒོམ་པ་དང༌། བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། མཚན་བཅས་སྒོམ་པ་ལྔ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་དོན་དམ་པའི་བདེན་པ་སྒོམ་པ་ནི། སྒྱུ་མ་ལྟ་བུ་དང་འོད་གསལ་སྟོང་པ་ཉིད་སྒོམ་པ་དང༌། ཟུང་འཇུག་སྒོམ་པ་དང་གསུམ་སྟེ་སྲོག་ཨ་བ་དྷཱུ་ཏཱིར་འཇུག་པའི་ཐབས། བསམ་གཏན་སྒོམ་པ་ནི་ལྔ་ཡིན། ཡེ་ཤེས་ཀྱི་ཚོགས་དོན་དམ་པའི་བདེན་པ་སྒོམ་པ་ནི་གསུམ་ཡིན། ཞེས་རྫོགས་རིམ་ལ་དྷཱུ་ཏཱིར་སྲོག་ཚུད་པའི་ཐབས་ཅིག་དང༌། ཚུད་པ་ལ་བརྟེན་ནས་སྒོམ་པའི་སྐབས་གཉིས་སོ་སོར་བྱས་ཏེ། བདེ་མཆོག་ཏུ་མ་ཟད་བླ་མེད་ཀྱི་རྫོགས་རིམ་གཞན་སྒོམ་པ་ལ་ཡང་དེ་གཉིས་ཤེས་དགོས་སོ། །རྣལ་འབྱོར་མ་ཀུན་སྤྱོད་ཀྱིས་བསྐྱེད་རིམ་ཇི་ལྟར་བཤད་པ་ནི། སྐབས་སྐབས་སུ་འཆད་པར་འགྱུར་ཞིང༌། ལཱུ་ཨི་པའི་གཞུང་དུ་བཀོད་པའི་རྫོགས་རིམ་ནི་ཀུན་སྤྱོད་ཀྱི་ལེའུ་བཅུ་གཉིས་པ་ནས་འབྱུང་ལ། འདིའི་རྫོགས་རིམ་གྱི་གཞུང་གིས་རྩ་རྒྱུད་ཀྱི་རྫོགས་རིམ་གང་སྟོན་པ་སོགས་


JLD009_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གཞུང་འདིའི་རྫོགས་རིམ་གྱི་བཤད་པར་ཞིབ་ཏུ་འཆད་པར་འགྱུར་ལ། མངོན་བརྗོད་དང་སྡོམ་འབྱུང་སོགས་ཀྱི་རྫོགས་རིམ་གྱིས་རྩ་རྒྱུད་ཀྱི་དོན་གང་སྟོན་པ་རྒྱས་པར་ནི། དྲིལ་བུ་པའི་རྫོགས་རིམ་གྱི་བཤད་པར་འཆད་པར་འདོད་པས་འདིར་ཞིབ་ཏུ་མ་བྱས་སོ། །དེ་ལྟར་བཤད་པ་ནི་ལུགས་མཆོག་ཏུ་གྱུར་པ། ལོ་དྲིལ་ནག་གསུམ་གྱི་མན་ངག་ལ་བརྟེན་ནས་རྩ་རྒྱུད་ཀྱི་དོན་གྱི་གནད་ཆེ་བ་རྣམས། བཤད་རྒྱུད་ཀྱིས་ཇི་ལྟར་འགྲེལ་པ་ལ། ཤིན་ཏུ་མཁོ་བ་རྣམ་དཔྱོད་ཅན་ལ་འདི་ལྟར་ཡོད་དོ་ཞེས་འཕྲིག་བསྐུར་བ་ལ་བརྟེན་ནས། རྩ་བཤད་ཀྱི་རྒྱུད་དོན་རྙེད་པའི་ཐབས་དམ་པར་ཤེས་པར་གྱིས་ཤིག །གཉིས་པ་ནི། རྩ་རྒྱུད་ལས་སྔར་དྲངས་པ་ལྟར་སྟོན་པས་བརྡའི་སྐད་ཀྱིས་རྒྱུད་དུ་སྤས་པས། མན་ངག་ཤིན་ཏུ་རྙེད་དཀའ་བར་གསུངས་པའི་མཇུག་ཏུ། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་གུར། །ཨཱ་ལི་ཀཱ་ལི་ཞེས་བརྗོད་ནས། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བས། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྤྱོར་ལྡན་པ། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པ་དབང་བསྐུར་བ། །གོ་ཆ་ཆེན་པོས་ཡང་དག་བསྲུངས། །སྔགས་རྣམས་ཀུན་གྱིས་མཆོད་པར་བྱ། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། ཞེས་གསུངས་པས་རྩ་རྒྱུད་ཀྱི་དོན་དེ་ཉིད་བཅུ་བཞིར་བསྡུས་པ་འདི་ལ་བརྟེན་ནས། རྒྱུད་ཀྱི་མན་ངག་རྙེད་སླ་བར་སྟོན་པས། ལཱུ་ཨི་པ་ལ་སོགས་པས་ཀྱང་གཞུང་དེ་ལྟར་དྲངས་ཏེ་བཤད་མ་བཤད་གང་ཡིན་ཀྱང༌། དོན་གྱི་རིམ་པ་དེའི་


JLD009_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་བཀྲལ་བ་ཞིག་དགོས་སོ། །རྩ་རྒྱུད་ལེའུ་ང་གཅིག་པའི་དང་པོས་རྒྱུད་དོན་ཐམས་ཅད་མདོར་བསྟན། གཉིས་པ་ནས་ལྔ་བཅུ་པའི་བར་གྱིས་རྒྱས་པར་བཤད། ཐ་མའི་ལེའུ་ང་གཅིག་པས་མདོ་རྒྱས་གཉིས་གཅིག་ཏུ་བསྡུས་ནས་དེ་ཉིད་བཅུ་བཞིར་བཤད་པ་འདི་བླ་མ་ནཱ་རོ་པའི་མན་ངག་ཡིན་ཏེ། སྡོམ་པའི་རྒྱུད་ཆུང་ངུའི་ལེའུའི་མཚམས་སྦྱོར་ལས། དང་པོར་རེ་ཞིག་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ཀྱིས་བསྡུས་པའི་དོན་ཐམས་ཅད་ལེའུ་དང་པོས་མདོར་བསྟན་ནས། གཉིས་པ་ནས་ལེའུ་ལྔ་བཅུ་པའི་བར་གྱིས་རྒྱས་པར་བསྟན་ཏེ། ཀུན་གྱི་ཐ་མའི་ལེའུ་ནི་དེ་རྣམས་གཅིག་ཏུ་མཛད་དེ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། ཞེས་རྒྱུད་ཆུང་དུ་འདི་གསུམ་དུ་སྦྱར་བའི་བཤད་པ་འདི་ནི་ནཱ་རོ་བའི་དགོངས་པའོ་ཞེས་སུ་མ་ཏི་ཀཱི་རྟིས་བཤད་པས་ནཱ་རོ་བའི་རྗེས་སུ་འབྲངས་ཏེ་རྩ་རྒྱུད་འཆད་པ་ལ་སྔོན་དུ་ཤེས་དགོས་པའི་གནད་ཅན་ཞིག་གོ །དེ་ཉིད་བཅུ་བཞིའི་གྲངས་འདི་ལྟར་བྱེད་རྩ་རྒྱུད་ཀྱི་འགྲེལ་པ་ཁུངས་མ་རྣམས་ནས་མ་བཤད་ཀྱང་དངོས་སུ་གསུངས་པ་རྣམས་དེ་ཉིད་རྣམས་ཀྱི་གྲངས་ཡིན་ནོ། །གོས་ཀྱི་སྐད་དོད་ནི་བ་ས་ན་ཞེས་པ་གནས་དང༌། གོས་གཉིས་ཀ་ལ་འཇུག་པར་མར་དོ་སོགས་བཞེད་དོ། །འགྲེལ་པ་རྣམས་ནས་གོས་ལ་སྟག་ལྤགས་དང༌། གཞལ་ཡས་ཁང་གི་བཤད་པ་གཉིས་བྱུང་བ་ནི་སྐད་དོད་ཀྱི་སྟེང་ནས་ཡིན་ལ། གནས་ལ་ནི་སྒྲུབ་པ་པོའི་གནས་དང༌། དཀྱིལ་འཁོར་པའི་ལྷའི་གནས་གཉིས་སོ། །དཔའ་བོ་རྡོ་རྗེས་གོས་ནི་གཅེར་བུའི་གཟུགས་སོ་ཞེས་པ་ནི་དོན་མིན་ནོ། །


JLD009_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ལ་སོགས་པའི་དེ་ཉིད་ནི་འཁོར་ལོ་སོགས་ཀྱི་ཕྱག་རྒྱ་ལྔ་དང་སོགས་ཀྱིས་ཐལ་བ་སྡུད་པར་འགྲེལ་པ་གསུམ་ལས་བཤད། ནག་པོའི་དཀྱིལ་ཆོག་ལས་མགོ་ཕྲེང་དང༌། རལ་བའི་ཅོད་པན་དར་དང་བཅོས་མའི་སྐྲ་ལ་སོགས་པས་བརྒྱན་པར་བཤད་པ་ཡང་བསྡུའོ། །དེ་ནི་གོས་དང་ཕྱག་རྒྱ་སོགས་ཀྱི་དེ་ཉིད་དེ། སྒྲུབ་པའི་གནས་སུ་སྒྲུབ་པ་པོ་ཆས་སུ་འཇུག་པའི་ཚུལ་ལོ། །ཤེས་རབ་ཡན་ལག་གི་དེ་ཉིད་ནི། འགྲེལ་པ་རྣམས་ལས་ཁ་ཊྭཱཾ་གའམ། ཤེས་རབ་མའི་ཡན་ལག་གིས་འཁྱུད་པ་དང༌། ཕྱི་མ་ཉིད་ལ་བཤད་པ་གཉིས་སོ། །ནག་པོའི་དཀྱིལ་ཆོག་ལས། ཤེས་རབ་ཡན་ལག་སྟན་གྱི་སྟེང༌། ཞེས་གསུངས་པ་ལ་མར་དོས་ཤེས་རབ་ཡན་ལག་ནི་ཕྱག་རྒྱ་དང་ལྷན་ཅིག་ཏུའོ་ཞེས་བཤད། ཁ་ཅིག་གིས་དེ་གཉིས་གཞི་མཐུན་དུ་བསྡུས་ནས་རོ་གདན་ལ་འཆད་དོ། །སྒྲུབ་ཐབས་ཐུན་བཞིར་སྒོམ་པའི་སྐབས་སུ་རོ་གདན་ལ་འདུག་པར་བཤད་ཀྱང་འདི་ནི་བུམ་བཟླས་བྱེད་པའི་སྐབས་ཡིན་པའི་ཕྱིར་མི་འགྲིག་པས་བཤད་པ་སྔ་མ་ལྟར་ཡིན་ནོ། །ཕུར་བུ་དང་གུར་གྱི་དེ་ཉིད་ནི་བསྲུང་འཁོར་སྒོམ་པའོ། །ཨཱ་ལིའི་དེ་ཉིད་དང་ཀཱ་ལིའི་དེ་ཉིད་ཅེས་གཉིས་སུ་བྱའོ། །རྒྱུ་སོགས་སྟོང་པ་སྔོན་འགྲོའི་དེ་ཉིད་དང༌། འཇུག་པ་སྒྲ་ལ་སོགས་པའི་དེ་ཉིད་དང༌། བསྡུས་པའི་སྦྱོར་བ་དང་ལྡན་པའི་དེ་ཉིད་ཅེས་གཉིས་སུ་བྱའོ། །བདུད་རྩི་ཚིམ་བྱེད་ཀྱི་དེ་ཉིད་དང༌། མྱ་ངན་ལས་འདས་པའི་དེ་ཉིད་དང༌། ལག་མཆོད་ཀྱི་དེ་ཉིད་དང༌། དབང་བསྐུར་བའི་དེ་ཉིད་དང༌། གོ་ཆ་ཆེན་པོའི་དེ་ཉིད་དང༌། སྔགས་ཀུན་གྱིས་མཆོད་པའི་དེ་ཉིད་དེ་དེ་ཉིད་བཅུ་བཞིའོ། །འདི་མདོར་བསྟན་དང་རྒྱས་བཤད་


JLD009_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་རྒྱུད་དོན་བསྡུས་ཏེ་བསྟན་པ་ཡིན་པས། འདི་ལ་རྒྱུད་ཀྱི་དབུ་ཞབས་ཀྱི་དོན་ཀུན་སྡུད་པ་ལ་སྦྱར་བ་ཞིག་དང༌། བསྐྱེད་རིམ་ལ་སྦྱར་བ་ཞིག་དང༌། རྫོགས་རིམ་ལ་སྦྱར་བ་ཞིག་སྟེ། གསུམ་གྱིས་བཤད་དགོས་ཞེས་བླ་མ་འགའ་ཞིག་གསུང་ངོ༌། །འདི་ལ་མར་དོས་ནི་འཆད་ཚུལ་གཉིས་ལས། ནག་པོ་པའི་སྒྲུབ་ཐབས་ལྟར་བཤད་པ་ནི། བསྐྱེད་རིམ་ཙམ་དང༌། ལཱུ་ཨི་པའི་སྒྲུབ་ཐབས་ལྟར་བཤད་པ་ལ་ནི་མྱང་འདས་ཞེས་པས་རྫོགས་རིམ་སྟོན་ལ། དེ་མ་གཏོགས་པ་ལྷག་མས་བསྐྱེད་རིམ་ཉིད་སྟོན་པ་དང༌། རྫོགས་རིམ་ལ་ཡང་སྟོང་པ་སྔོན་དུ་བཏང་ནས་བདེ་བ་བསྒོམ་པ་དང༌། དེ་ལས་བཟློག་ནས་སྒོམ་པ་གཉིས་བསྟན་པར་བཞེད་དེ། སྔ་མ་ནི་ཨཱུ་ཨི་པ་ལྟར་སྣོད་བཅུད་རིམ་གྱིས་སྡུད་པ་དང༌། གཉིས་པ་ནི་དཔྱིད་ཐིག་གི་རྫོགས་རིམ་ཡིན་ཞེས་ལ་ཡག་པ་ཟེར་རོ། །མལ་གྱི་རྗེས་འབྲང་དག་མྱང་འདས་ཀྱི་དེ་ཉིད་ཀྱིས་ཕྱག་རྒྱ་བཞི་དང༌། རྡོར་སེམས་བསྡུ་བ་ལ་སོགས་པའི་རྫོགས་རིམ་བསྟན་ཞེས་པ་མ་གཏོགས་པ་འཆད་ཚུལ་གཉིས་ལ་སོགས་པ་སྔར་དང་འདྲའོ། །དེ་ལ་རྩ་རྒྱུད་ལས། དེ་ཉིད་བཅུ་བཞིའི་ཆིངས་བྱས་པའི་སྟེང་ནས་མན་ངག་རྙེད་སླ་བར་སྟོན་པ། དེ་ཡང་རྩ་བཤད་ལེགས་པར་མ་སྦྱར་པ་ལས་རྙེད་པར་མི་སླ་སྟེ། བཤད་རྒྱུད་ནི་རྩ་རྒྱུད་ཀྱི་མན་ངག་ལེགས་པར་རྙེད་པའི་ཆེད་ཡིན་པའི་ཕྱིར་རོ། །དེ་སྦྱོར་བ་ཡང་ལོ་དྲིལ་ནག་གསུམ་ལྟ་བུའི་གྲུབ་ཆེན་གྱི་མན་ངག་ཤེས་པའི་བླ་མས་བཤད་པ་ལས་ཡིན་གྱི་དེ་མེད་པར་མིན་ཏེ། སྡོམ་འབྱུང་ལས། ཆོས་ཀྱི་དེ་


JLD009_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་འཇུག་ཕྱིར། །དེ་རྣམས་ལས་ཕྱི་རབ་བསྟན་པ། །བླ་མ་དམ་པའི་གདམས་ངག་ལས། །གསལ་བར་འགྱུར་གྱི་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར་རོ། །རྩ་བཤད་སྦྱར་ཏེ་རྩ་རྒྱུད་ཤིན་ཏུ་མི་གསལ་པ་འཆད་པ་ལ་ནི། བཤད་ཐབས་རྒྱལ་བས་གསུངས་པ་དགོས་ལ། ཕམ་མཐིང་པ་སྐུ་མཆེད་རྣམས་ཀྱིས་འཆད་པ་འདི་ལ་ཡང་བདེ་མཆོག་ལ་ཚོགས་བཤད་དང༌། སློབ་བཤད་ཅེས་པའི་ཚུལ་གཉིས་ཀྱིས་འཆད་དོ། །ཞེས་གྲགས་ཆེའོ། །དེ་ལྟ་ཡིན་ན་ནི་རྡོ་རྗེ་འཛིན་པ་ཉིད་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སུ་བཤད་ཐབས་མཐར་ཐུག་པ་གསུངས་པའི་དོན། སྒྲོན་གསལ་དུ་བསྡུས་པ་ལས། ཇི་བཞིན་སྒྲ་དང་དགོངས་མིན་དང༌། །དྲང་བའི་དོན་དུའང་གང་འགྱུར་དང༌། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་པ་ལ་བཤད་ཡིན་པར་བརྗོད། །ཇི་བཞིན་མིན་སྒྲ་ངེས་དོན་དང༌། །དེ་བཞིན་དགོངས་ཏེ་བཤད་པ་དང༌། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་གསུངས་པ་ལྟར་ཤེས་དགོས་ཤིང༌། ཚུལ་དེས་བཤད་ན་རྒྱུད་དོན་རྫོགས་པར་རྙེད་པས། དེ་ཉིད་བཅུ་བཞི་བཤད་བྱར་བཀོད་ནས་དེ་ལྟར་བཤད་ན་ལེགས་པས་སྤྱིར་དེ་ལྟར་ཤེས་དགོས་སོ། །བཤད་པ་སྔ་མ་གཉིས་ཙམ་ལས་མ་ཐོན་ན་ནི་གྲུབ་ཆེན་གསུམ་གྱི་མན་ངག་གིས་འཆད་པའི་ནུས་པ་མི་རྫོགས་པས་ལེགས་པར་བཤད་དགོས་སོ། །དེ་ལ་དབང་བསྐུར་བའི་དེ་ཉིད་ཀྱི་བྱེ་བྲག་རྒྱུད་སྣོད་རུང་དུ་བྱེད་པ་ནི་ཐོག་མར་འབྱུང་ངོ༌། །ལག་མཆོད་ཀྱི་དེ་ཉིད་ནི་དབང་གི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲུང་བ་ལ་ཐུན་མོང་ཡིན་མིན་གཉིས་ལས་ཕྱི་མ་དང༌། དེའི་ཡང་གཙོ་བོ་


JLD009_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་ཀུན་སྤྱོད་སྤྱི་ལ་སློབ་པ་དང༌། དེའི་ནང་ནས་ཀྱང་གཙོ་བོར་གྱུར་པའི་དམ་ཚིག་ཡིན་ཏེ། འདི་རྩ་རྒྱུད་ལས་གསུངས་པ་བཞིན་དུ་བདེ་མཆོག་གི་རྒྱུད་དུ་མ་ཞིག་ལས་གསུངས་ལ། ཇི་ལྟར་བྱེད་པའི་ཆོ་གའི་རིམ་པ་ནི་སླ་ཡང་འདི་ལྟར་བྱེད་པའི་གནད་རྟོགས་དཀའ་བའི་འདི་བའི་ཁྱད་ཆོས་ཆེན་པོ་ཞིག་གོ །གོས་དང་ཕྱག་རྒྱ་སོགས་ཀྱི་དེ་ཉིད་དང་སྔ་མ་གཉིས་ཏེ་གསུམ་ནི། རིམ་པ་གཉིས་ཀའི་ཐུན་མོང་བའོ། །ཤེས་རབ་ཀྱི་ཡན་ལག་གི་དེ་ཉིད་ནི། དབང་དུས་དང༌། རིམ་པ་གཉིས་ཀྱི་དུས་ཏེ་སྐབས་གསུམ་དུ་དགོས། ལྷན་སྐྱེས་ཀྱི་བདེ་བ་འདྲེན་པ་ལ་ཕུལ་དུ་བྱུང་བའི་ཕོ་ཉ་མོ་རྣམས་དང༌། འདུ་བའི་ཚུལ་ཤིན་ཏུ་རྒྱས་པར་རྩ་རྒྱུད་ལས་མང་དུ་བཤད། དེའི་གསལ་བྱེད་ཕོ་ཉ་མོ་རྣམས་ལ་བརྟེན་ནས། བདེ་བ་འཕེལ་བའི་ཡན་ལག་སྒྱུ་རྩལ་གྱི་སྦྱོར་བ་དང༌། རྩའི་ཀུན་སྦྱོར་སོགས་ནི་རྡོ་རྗེ་མཁའ་འགྲོ་ལས་འཆད་ལ། ཕོ་ཉ་མོ་རིགས་བཞི་ལ་ཇི་ལྟར་ལོངས་སྤྱོད་པའི་ཚུལ་ལ་སོགས་པ་རྒྱུད་གཞན་ནས་མི་འབྱུང་བ་རྣམས་ནི་སྡོམ་འབྱུང་ལས་གསལ་བར་གསུངས་སོ། །དེ་ནས་བསྐྱེད་རིམ་ལ་སྦྱར་ཏེ་བཤད་པ་ལ་མངོན་བརྗོད་ནས་འབྱུང་བ་ལྟར་བསྐྱེད་རིམ་མཐའ་ཡས་པ་ཞིག་བཤད་པ་སོགས་བསྐྱེད་རིམ་ཀུན་ལ་འཇུག་མོད་ཀྱང༌། འདིར་གཙོ་བོར་ཉེ་བར་མཁོ་བའི་ལོ་དྲིལ་ནག་གསུམ་གྱི་གཞུང་ལ་བརྟེན་ནས་བཤད་ན། ཕུར་བུ་དང་གུར་གྱི་དེ་ཉིད་ཀྱིས་ནི་བསྲུང་འཁོར་རྒྱས་འབྲིང་བསྡུས་གསུམ་བསྡུས་ལ། དེས་མཚོན་ནས་སྦྱོར་བ་ཚོགས་བསག་པ་སོགས་སྒྲུབ་ཐབས་དངོས་གཞིའི་སྔོན་དུ་འགྲོ་བ་རྣམས་ཀྱང་ཤེས་


JLD009_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི་མངོན་བརྗོད་སོགས་བཤད་རྒྱུད་ལས་ཤེས་སོ། །རྒྱུ་སོགས་སྟོང་པ་སྔོན་འགྲོའི་དེ་ཉིད་ལ་མར་དོའི་ལུགས་ཀྱིས་སོགས་ཀྱི་སྐད་དོད་དང་པོ་ལའང་འཇུག་པས། རྒྱུ་བསོད་ནམས་ཀྱི་ཚོགས་དང་པོར་བྱས་ནས་སྟོང་པ་སྒོམ་པ་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ་ལ་འཆད་ཀྱང༌། འགྲེལ་པ་རྣམས་ལས་སོགས་ཀྱི་སྟེང་ནས་བཤད་ཅིང༌། དཔའ་བོ་རྡོ་རྗེ་དང་གཉིས་ཀའི་བཤད་སྦྱར་ལས། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། ཅེས་སོགས་གསུངས་པའི་དོན་དུ་འཆད་པས་རྟེན་སྐྱེད་པའི་སྔོན་གྱི་སྟོང་ཉིད་སྒོམ་པ་ལ་ཡང་སྦྱར་རོ། །དེ་ལྟར་བྱས་ན་རྟེན་དང་བརྟེན་པ་སྐྱེད་པའི་སྔོན་དུ་འགྲོ་བའོ། །དེས་ནི་དེ་ལས་ལངས་ནས་ནམ་མཁར་ནཱ་ད་སོགས་འཇོག་པ་ནས། གཞལ་ཡས་ཁང་གདན་བཅས་སྐྱེད་པ་ཡང་རྒྱུད་དང་ལོ་ནག་གི་མན་ངག་ལས་ཤེས་པར་བྱའོ། །དེ་ནས་ཨཱ་ལི་དང་ཀཱ་ལིའི་དེ་ཉིད་གཉིས་ནི། དེ་གཉིས་བརྗོད་ནས་ཉི་ཟླའི་གཟུགས་སུ་སྒོམ་པ་ལ་ལྭ་བ་པ་དང་ལྷ་སྦས་སོགས་ཀྱིས་བཤད་དེ། དབྱངས་གསལ་འགོད་པ་འདི་ལཱུ་ཨི་པ་ལྟ་བུ་རྟེན་བརྟེན་པ་གཉིས་དུས་གཅིག་ཏུ་སྐྱེད་པ་ལྟར་ན་གཞལ་ཡས་ཁང་མ་བསྐྱེད་པའི་སྔོན་དུ་དང༌། རིམ་གྱིས་སྐྱེད་ན་ནི་ཁང་བརྩེགས་སོགས་གདན་བཅས་བསྐྱེད་ཟིན་པའི་སྐབས་སུ་བྱའོ། །ཟླ་ཉི་སོགས་གང་སྐྱེད་པ་ནི་འཆད་པར་འགྱུར་རོ། །ལྭ་བ་པ་དང་ལྷ་སྦས་ཀྱིས་རྒྱུ་སྟེ་བསྐྱེད་པའི་བྱེད་པ་དང་སོགས་ཀྱིས་བསྡུས་པ་བསྐྱེད་པར་བྱ་བ་སོགས་ཐམས་ཅད་སྟོང་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སུ་འཆད་དེ། སྟོང་པ་ནི་ཟླ་ཉི་དང་ས་བོན་རྣམས་སོ་སོར་གནས་པས་སྟོང་པ་གཅིག་ཏུ་འདྲེས་པ་ལ་བསམས་སོ། །


JLD009_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྔོན་དུ་འགྲོ་བ་ནི་སོར་རྟོག་ཡེ་ཤེས་ལ་བཤད་དོ། །འཇུག་པ་སྒྲ་ལ་སོགས་པའི་དེ་ཉིད་ལ། ལྷ་སྦས་ཀྱིས་སྒྲ་སྟེ་ཧཱུཾ་ཡིག་དང༌། ལ་སོགས་པས་བསྡུས་པ་ཟླ་ཉི་དང་ཕྱག་མཚན་རྣམས་རྒྱུ་རྡོ་རྗེ་འཛིན་པ་ཇི་སྲིད་པ། དེ་སྲིད་ཀྱི་བར་དུ་འཇུག་པར་བཤད་དེ། སྒྲུབ་ཐབས་ཀྱི་གླེང་གཞི་ཡང་འགྱུར་ཁྱད་ཙམ་མ་གཏོགས་པ་འདྲའོ། །འགྲེལ་པ་གཞན་ལས་ཀྱང་མི་འདྲ་བ་མང་དུ་བཤད་ཀྱང་སྒྲ་ནི་ནཱ་ད་དང༌། སོགས་ཀྱིས་ནི་བར་སྲིད་མཚོན་པའི་ཡི་གེ་གཞན་ཡང་སྡུད་ལ། འཇུག་པ་ནི་རྟེན་བརྟེན་པ་དུས་གཅིག་ཏུ་བསྐྱེད་པ་ལ་ནི། ཟླ་བའི་སྟེང་དུ་བབས་པ་དང༌། རྒྱུ་རྡོར་འཛིན་ཡབ་ཡུམ་མཉམ་པར་སྦྱོར་བ་ལ་ནི། ཡབ་ཀྱི་ཞལ་ལམ། སྙིང་ཁ་སོགས་ནས་ཞུགས་ཏེ་ཡུམ་གྱི་པད་མར་འགྲོ་པའོ། །ནས་ཞེས་པ་ནི་དེ་ནས་བཟུང་སྟེ་ཞེས་པའོ། །བསྡུས་པའི་སྦྱོར་བ་དང་ལྡན་པའི་དེ་ཉིད་ནི། དེ་ནས་བཟུང་སྟེ་ཇི་སྲིད་དམ་ཚིག་པ་དང་ཡེ་ཤེས་པའི་ལྷ་གཉིས་གཅིག་ཏུ་བསྡུས་པའི་སྦྱོར་བ་དང་ལྡན་པ་དེ་སྲིད་དུ་ཞེས་པ་སྟེ། དྲིལ་བུ་པའི་ལུགས་ཀྱང་དེ་དང་འདྲའོ། །ནག་པོ་བ་ལྟར་ན་སྔར་བཤད་པ་ནས་བཟུང་སྟེ། ལྷ་སོ་བདུན་དང་བྱང་ཕྱོགས་སོ་བདུན་གཅིག་ཏུ་བསྡུས་པའི་སྦྱོར་བའི་བར་ལ་བྱའོ། །རྩ་རྒྱུད་ཀྱི་འགྲེལ་པ་རྣམས་ནས་མངོན་བྱང་གི་སྐབས་ཀྱི་ཟླ་ཉི་མཚན་མ་གསུམ་བསྡུས་པ་དང༌། ཡི་གེ་གསུམ་ལས་སྤྲོས་པའི་འཁོར་ལོ་གསུམ་གྱི་ལྷ་ཡི་གེ་གསུམ་ལ་སྡུད་པ་དང༌། མཐར་འཁོར་ལོ་གསུམ་གྱི་ལྷ་སྡུད་པ་ལ་འཆད་པ་སོགས་མི་མཐུན་པ་དུ་མ་ཞིག་གོ །དབང་བསྐུར་གྱི་ཕྱོགས་གཅིག་ལྷ་དབང་བསྐུར་ནས་རིགས་བདག་གིས་རྒྱས་གདབ་


JLD009_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་འདིར་སྦྱར་རོ། །བདུད་རྩིས་ཚིམ་བྱེད་ཀྱི་དེ་ཉིད་ནི། ནང་མཆོད་དང་གཏོར་མས་མཆོད་པ་དང༌། སྔགས་ཀྱིས་མཆོད་པ་གཞུང་ན་གསལ་ལ། དེ་དག་གིས་མཆོད་པ་གཞན་ཡང་མཚོན་ནོ། །མྱང་འདས་ཀྱི་དེ་ཉིད་ནི། མཐར་ཉེ་བར་སྡུད་པ་ལ་བཤད་པ་མང་ངོ༌། །གོ་ཆའི་དེ་ཉིད་ནི་དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས་དང༌། ལུས་ཀྱི་གནས་རྣམས་སུ་པཱུ་ཛ་སོགས་འགོད་པ་སྟེ་གསུམ་ཡོད་ལ། དེས་ནི་ལུས་དཀྱིལ་སྒོམ་པ་ཡང་མཚོན་ནོ། །དེ་རྣམས་ཀྱང་གཞུང་གསུམ་གའི་ཐུན་མོང་བའོ། །རྫོགས་རིམ་ལ་སྦྱར་ཏེ་བཤད་པ་གལ་ཆེ་ལ། དེ་ཡང་རྟེན་རྫོགས་རིམ་གྱི་དབང་དུ་བྱས་ཏེ་བཤད་པས་ནི། སྔར་བཤད་པ་ལྟར་ལུས་སྤྱི་དང༌། ཁྱད་པར་དུ་ལུས་ཀྱི་རྩ་འཁོར་བཞི་ལ་སོགས་པ་སྟོན་ནོ། །སཾ་བྷུ་ཊ་ལས། དབྱངས་གསལ་གང་དུ་བཀོད་པའི་པད་མ་རྫོགས་རིམ་ལ་སྦྱར་བ་ན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བཤད་པ་ནི་མཚོན་པ་ཙམ་སྟེ། འཁོར་ལོ་གཞན་ཡང་གཟུང་ངོ༌། །དེར་བཀོད་པའི་དབྱངས་གསལ་སྤྱི་བོའི་རྩ་འདབ་ནས་རྒྱུ་བའི་བྱང་སེམས་ལ་བཤད་པ་ཡང་མཚོན་པ་ཙམ་སྟེ། འཁོར་ལོ་བཞི་ཀར་དབྱངས་གསལ་བཀོད་ནས་གཏུམ་མོ་སྒོམ་པར་བཤད་པ་བཞིན་ནོ། །པད་མར་བཀོད་པའི་དབྱངས་གསལ་ལམ། དེ་ལས་བྱུང་བའི་ཟླ་ཉིའམ། ཟླ་བ་དཀར་དམར་ཧཱུཾ་ཡིག་དང་བཅས་པ་རྫོགས་རིམ་ལ་བཤད་ན། ལྟེ་བའི་པད་མ་རེ་བཞི་སོགས་ཀྱི་འཁོར་ལོའི་དབུས་སུ་ཐིག་ལེ་དང་ཡི་གེ་སྒོམ་པ་སོགས་སྲོག་དྷཱུ་ཏཱིར་སྡུད་ཐབས་གྲུབ་ཆེན་གསུམ་གྱི་གཞུང་ལས་འབྱུང་བ་སོགས་མཐའ་ཡས་ཤིག་ལ་ངེས་པ་རྙེད་ནས།


JLD009_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་རྒྱུད་སོ་སོ་ལ་བརྟེན་ནས་རྩ་རྒྱུད་ཀྱི་རྫོགས་རིམ་དུ་མ་ཞིག་རྙེད་དེ་བློ་ཡོངས་སུ་རྒྱས་པར་འགྱུར་རོ། །གསུམ་པ་ནི། གསང་བདག་ཕྱག་ན་རྡོ་རྗེས་སུ་བཟུང་བའི་བྲམ་ཟེ་ཆེན་པོ་དཔལ་ས་ར་ཧ་དང༌། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་མགོན་པོ་ཀླུ་སྒྲུབ་རྗེས་སུ་བཟུང་ཞིང༌། དེ་དང་དེའི་བླ་མ་བྱང་སེམས་བློ་གྲོས་རིན་ཆེན་གྱིས་ལྷོ་ཕྱོགས་ལྡོ་བར་གྱི་རྔོན་པ་དཔལ་ཤ་བ་རི་དབང་ཕྱུག་རྗེས་སུ་བཟུང་ངོ༌། །དེ་ནས་ཨྱོན་གྱི་ཡུལ་ན་ཡབ་ཡིག་མཁན་གྱི་རྒྱལ་པོ་ཟླ་བ་རོལ་པ་དང༌། ཡུམ་ཟླ་བའི་དཔལ་ཞེས་པའི་སྲས་སུ་སྐུ་འཁྲུངས་པ། མཚན་ཀུན་ཏུ་དགེ་བ་ཞེས་པ་གཅིག་རིག་གནས་དུ་མ་ལ་བསླབས་སོ། །དེའི་ཚེ་དཔལ་རི་ཁྲོད་དབང་ཕྱུག་དང་ཞལ་མཇལ་ནས་བསྙེན་བཀུར་དང་མཆོད་པ་དང་གུས་པའི་སྤྱོད་ལམ་གྱིས་མཉེས་པར་བྱས་ནས་རྗེས་སུ་བཟུང་བར་ཞུ་ཞེས་ཞུས་པས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད་གདམས་པ་གནང་སྟེ། སྒྲུབ་པ་ལ་བརྩོན་པར་བཞུགས་པའི་ཚེ་ཨྱོན་པའི་ཡུལ་ཆོས་ཀྱིས་ཚེས་བཅུ་རྣམ་གཉིས་ལ་དུར་ཁྲོད་དུ་མཆོད་པ་ལ་འགྲོ་བས་དེའི་ཚེ་ཁོང་ཚོའི་རྗེས་ལ་སློབ་དཔོན་གྱིས་ཀྱང་བྱོན་པས། གཞན་ཚོ་གྱིས་ཚར་བའི་རྗེས་སུ་ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཐ་མལ་པའི་ཆ་ལུགས་བཟུང་ནས་འཚོགས་པའི་དབུས་ན་སྐྱེ་བདུན་གྱི་རོ་གཅིག་བཞག་སྒེག་ཅིང་རོལ་བའི་ཆ་བྱད་དུ་འདུག་པ་ལ། ཕྱག་དང་མཆོད་པ་བྱས་པས་མཉེས་ཏེ་དེ་རྣམས་ཀྱི་ཞལ་ནས་དམ་ཚིག་གི་རྫས་དེ་ལ་ཆོད་ལ་ངེད་རྣམས་ལ་


JLD009_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དྲོངས་ཟེར་ནས་དྲངས། ཁ་ན་མ་ཐོ་བ་མེད་ཅིང་ཉོན་མོངས་པ་དང་མ་འདྲེས་པའི་ཟས་ཡིན་པས། ཁྱེད་རང་ཡང་ཁམ་གཅིག་ཟོ་གསུང་བས་ཚམ་ཚོམ་མེད་པར་ཟོས་པས་དེ་རྣམས་མཉེས་ཏེ་མི་སྣང་བར་གྱུར་པའི་རྗེས་སུ་ནམ་མཁར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྫོགས་པར་གྱུར་ནས། དེར་སློབ་དཔོན་བཅུག་དབང་རྫོགས་པར་བསྐུར། རང་བྱིན་གྱིས་རློབ་པའི་ཉམས་མྱོང་གི་བདེ་བའི་མཚོན་བྱེད་དཔེའི་ཡེ་ཤེས་རྒྱུད་ལ་བསྐྱེད་ནས་དེ་ཉིད་བརྟན་ཞིང་བོགས་དབྱུང་བའི་ཕྱིར་གདམས་པ་ཕོག་སྟེ། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པའི་ཕྱིར་བསྐུལ་བའི་ཚིག །རྐང་པ་བརྐྱང་བ་སྤངས་ནས་ནི། །འཁོར་བའི་མངག་གཞུག་དོར་ནས་སུ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེའི་དོན་བསམས་པས་སྒྲུབ་པ་ལ་རྩེ་གཅིག་ཏུ་འབད་དགོས་པར་གཟིགས་ནས། འཚོ་བ་གང་ལ་བརྟེན་ནས་བསྒྲུབ་སྙམ་པ་ན་བསོད་སྙོམས་ལ་སོགས་པ་ཆགས་སྡང་སྐྱེ་ཞིང༌། ཤིང་ཐོག་སོགས་དགུན་དཀོན། ལག་གི་བླ་སོགས་ནི་སྒྲུབ་པའི་བར་ཆད་དུ་འགྱུར་བར་དགོངས་ནས་རིམ་གྱིས་ལྗོངས་དང་དབེན་གནས་ཀུན་ཏུ་རྒྱུ་ཞིང་བྱོན་ཏེ། མཐར་རྒྱ་གར་ཤར་ཕྱོགས་བྷཾ་ག་ལ་རུ་བྱོན་པས། དེ་དང་ཉེ་བ་ཆུ་བོ་གངྒཱའི་འགྲམ་ན་ཉ་བ་མང་པོས་ཉ་བསད་ནས་ནས་ལྡི་ལྡོའི་ཕུང་པོ་ཆེན་པོ་སྤུངས་ནས་དེ་ལ་བྱ་དང༌། ཁྱིས་ཟ་ཞིང་འདུག་པ་མཐོང་སྟེ་བདག་པོ་མེད་ཅིང་རྩོལ་བ་ཆུང་བར་གཟིགས་ཏེ། དེའི་ཕྱོགས་གཅིག་ཏུ་བཞུགས་ནས་འཚོ་བ་ཉ་རྒྱུ་ལ་མཛད་ཅིང༌།


JLD009_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་མཛད་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ། གསོལ་ཟས་ལ་མཚན་དུ་བཏགས་པ་ལཱུ་ཨི་པ་ཞེས་གྲགས་སོ། །རྡོ་རྗེ་གདན་པས་ཀྱང༌། ཡིག་མཁན་རིགས་ལས་སྐལ་བར་ལྡན། །ཉ་ལྟོ་ཟ་ཞིང་དངོས་གྲུབ་བརྙེས། །ལཱུ་ཨི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་འདྲ་བའི་གྲུབ་ཆེན་དེ་ལ། རང་གི་སློབ་མ་རྒྱལ་པོ་དཱ་རི་ཀ་པ་དང༌། བློན་པོ་ཌ໊་གི་པ་ཞེས་པ་གཉིས་ཀྱིས་མངོན་པར་རྟོགས་པ་ཇི་ལྟར་སྒོམ་པ་ཞུས་པའི་དོན་དུ་དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ་འདི་མཛད་དོ། །འདི་ལ་འགྱུར་གཞན་ལས་མི་འབྱུང་བར། འགོས་དང་ཟངས་དཀར་གྱི་འགྱུར་ལ། དུར་ཁྲོད་བརྒྱད་དང་ཤིང་བརྒྱད་ལ་སོགས་པའི་མིང་མང་པོ་བྱས་པ་ཞིག་ཡོད་པ་ལ་སྔོན་གྱི་བོད་ཁ་ཅིག་ལཱུ་ཨི་པའི་རྒྱ་དཔེ་གཞན་ལ་མེད། ཁ་ཆེའི་དཔེ་ལས་བསྒྱུར་བ་ལ་བྱུང་བ་ཡིན། དེ་ལ་འོང་བ་ཡང་ཁ་ཅིག་ནཱ་རོ་པས་བཅུག་ཟེར། ཁ་ཅིག་ཁ་ཆེ་བྱངཆུབ་བཟང་པོས་བཅུག་ཟེར་རོ། ཞེས་སྨྲ་སྟེ། སྔ་མ་ནི་མི་བདེན་ལ་གཞན་ཞིག་གིས་བཅུག་པར་མངོན་ནོ། །ལོ་ཆེན་གྱི་འགྱུར་ལ་འགོས་ཀྱིས་འགྱུར་བཅོས་མཛད་པ་ལ། མར་དོས་འགྱུར་བཅོས་བྱས་པ་ལ་སྔ་མ་ལྟར་བྱུང་ཡང་ཡུལ་དབུས་ཀྱི་དཔེ་ལ་གཏུགས་ནས་བསྒྱུར་བ་ལ་ནི་མ་བྱུང་ངོ༌། །སློབ་དཔོན་འདིས་མཛད་ཟེར་བའི་བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཆུང་བ་ཞིག་ཀྱང་ཡོད་དེ་བདེ་མཆོག་གི་ཕྱོགས་ལ་གཉིས་སོ། །གཞུང་སྔ་མ་ལ་ལྭ་བའི་ན་བཟའ་ཅན་གྱིས་མཛད་


JLD009_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲེལ་པ་མཆོག་ཏུ་གྱུར་པ་ཞིག་ཡོད་དོ། །དེ་ནས་པྲཛྙཱ་རཀྵི་ཏས་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་དཀའ་འགྲེལ་ཞིག་མཛད་ལ། འདི་རྔོག་ལོ་ཙཱ་བ་ཆེན་པོས་བསྒྱུར་བ་ལས། གྲུབ་ཐོབ་ཆེན་པོ་ལྭ་བའི་ན་བཟའ་ཅན་གྱི་རྗེས་སུ་འབྲངས་ནས་སློབ་དཔོན་ཆེན་པོ་པྲཛྙཱ་རཀྵི་ཏས་མཛད་པ། ཞེས་འབྱུང་ལ། དེ་ནི་ལྭ་བ་པའི་འགྲེལ་པ་ཉིད་གཞིར་བཞག་འདུག་པས། སློབ་དཔོན་དེས་ཀྱང་ལྭ་བ་པའི་འགྲེལ་པར་བཞེད་དོ། །པྲཛྙཱ་རཀྵི་ཏ་དང་རྟག་པའི་རྡོ་རྗེས་མཛད་པའི་ཕྱི་རོལ་མཆོད་པ་དང༌། ལག་མཆོད་སོགས་ཀྱི་གཞུང་ཆུང་མང་དུ་སྣང་བ་ཡང་ལྭ་བ་པའི་འགྲེལ་པ་ནས་འབྱུང་བ་ཉིད་བཀོད་པར་སྣང་ངོ༌། །སློབ་དཔོན་འདིས་ནཱ་རོ་པའི་སྤྱན་སྔར་ལོ་གཉིས་བཞུགས་ཏེ་ཚོགས་བཤད་ལས། སློབ་བཤད་མ་ཐོབ་ཅེས་མལ་གྱོའི་རྗེས་འབྲང་འགའ་ཞིག་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། དེ་ནས་བརྒྱུད་པའི་སློབ་བཤད་ཡོད་པར་འདོད་པ་རྣམས་ལ་ཡོད་ཅིང༌། ཁོང་ལ་མེད་པའི་བཤད་པ་ཁྱད་པར་ཅན་ཅི་ཡང་མི་འདུག་ལ། དེའི་འགྲེལ་པ་ཡང་ལྭ་བ་པའི་དགོངས་པ་ཇི་བཞིན་པར་སྣང་བའི་ཕྱིར་རོ། །སུ་མ་ཏི་ཀཱིརྟིའི་སློབ་མ་མཁས་པ་མར་དོ་ཡང་ཤས་ཆེར་སློབ་དཔོན་དེའི་ལུགས་ལ་བརྟེན་པར་སྣང་བས་ལུགས་དེའི་སློབ་བཤད་དེ་ལ་མེད་པ་མིན་ནོ། །དེ་བཞིན་གཤེགས་པའི་རྡོ་རྗེས་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་སྡོམ་པ་འབྱུང་བ་ཞེས་པ་ཚིགས་བཅད་དུ་བསྒྲིགས་པ་ཞིག་མཛད། དེའི་རང་འགྲེལ་ཁྱད་པར་གསལ་བྱེད་ཅེས་པ་རྒྱས་པ་ཞིག་མཛད་དེ། དེ་ཡང་ལྭ་བ་པའི་འགྲེལ་པ་གཞིར་བཞག་པ་ཞིག་སྣང་ངོ༌། །དེ་བཞིན་གཤེགས་པའི་རྡོ་རྗེ་ནི་


JLD009_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བི་བྷཱུ་ཏི་ཙཎྜའི་གསང་མཚན་ནོ། །ཨ་བྷྱ་ཀ་རའི་ལཱུ་ཨི་པའི་སྒྲུབ་ཐབས་འཁྲུལ་སྤོང་ཡང་ལྭ་བ་པའི་འགྲེལ་པ་དང་མཐུན་ཤེས་ཆེ་ལ། ཇོ་བོ་ཆེན་པོ་རྗེས་མཛད་པའི་ལཱུ་ཨི་པའི་འགྲེལ་པ་ནི། སྔ་མ་རྣམས་བཞིན་དུ་མཐུན་ཤས་མི་ཆེ་ཡང་བཤད་པ་མང་པོ་སྣང་ངོ༌། །སློབ་དཔོན་ཀུ་མཱ་ར་བོ་དྷིས་མཛད་པའི་ལཱུ་ཨི་པའི་རྒྱ་ཆེར་འགྲེལ་པ་ཡེ་ཤེས་སྒྲོན་མ་ཞེས་པ་ཞིག་ཀྱང་ཡོད་དེ། ནུས་པ་མི་ཆེ་ཞིང་འགྲེལ་པ་སྔ་མ་རྣམས་དང་མི་མཐུན་པ་ཤིན་ཏུ་མང་ངོ༌། །བཱི་ར་བཛྲས་མཛད་ཟེར་བའི་སྒྲུབ་ཐབས་ཀྱི་དཀའ་འགྲེལ་ཞིག་ཀྱང་ཡོད་དེ། དཔའ་བོ་རྡོ་རྗེས་མཛད་ཟེར་བ་འདི་རྣམས་དེ་ཤྲཱད་དྷའི་གསང་མཚན་ཡིན་པས་དེས་མཛད་ཟེར་བ་དང༌། ཁ་ཅིག་ཟངས་དཀར་གྱི་གསང་མཚན་ལ་དེ་སྐད་ཟེར་བས་དེས་བྱས་ཞེས་པ་དང༌། ལ་ལ་རྩ་རྒྱུད་ཀྱི་འགྲེལ་པ་རྩོམ་མཁན་གྱི་དཔའ་བོ་རྡོ་རྗེ་ལ་ཁ་གཡར་བྱས་ཟེར་བར་སྣང་ལ། སྒྲུབ་ཐབས་ཀྱི་འགྲེལ་པ་ནི་ཁ་གཡར་བྱས་པ་ཞིག་ཏུ་འདུག་གོ །དེ་ལ་སྔོན་གྱི་ལོ་ཙཱ་བ་མར་དོ་དང་པུ་རངས་པ་སོགས་ཀྱི་ལུགས་ཀྱི་ལཱུ་ཨི་པའི་སྒྲུབ་ཐབས་ནི་པྲཛྙཱ་རཀྵི་ཏ་དང་མཐུན་ཤས་ཆེ་བས་ལྭ་བ་པའི་འགྲེལ་པ་དང་མཐུན་ཤས་ཆེའོ། །ཕྱིས་ཀྱི་མཁས་པ་བུ་སྟོན་ཐམས་ཅད་མཁྱེན་པ་ཡང་པྲཛྙཱ་རཀྵི་ཏ་དང་དེ་བཞིན་གཤེགས་པའི་རྡོ་རྗེའི་ལུགས་གཞིར་འཇོག་པར་སྣང་བ་ནི་སྲོལ་ཁྱད་པར་དུ་འཕགས་པར་གོའོ། །ལཱུ་ཨི་པའི་དངོས་སློབ་གྲུབ་ཆེན་དཱ་རི་ཀ་པས་རྗེས་སུ་བཟུང་བའི་རྡོ་རྗེ་དྲིལ་བུ་པ་ཞེས་གྲགས་པ། ཕྱག་རྒྱ་ཆེན་པོ་གྲུབ་


JLD009_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས་ནི་རྒྱུད་སྣོད་རུང་དུ་བྱེད་པ་ལུས་དཀྱིལ་གྱི་དབང་ཆོག་དང༌། རྒྱུད་སྨིན་བྱེད་ལ་ཕྱི་དཀྱིལ་ལ་ལྷ་ལྔའི་སྒྲུབ་ཐབས་དང༌། ནང་ལུས་དཀྱིལ་སྒོམ་པ་ལ་གཙོ་བོར་བསྐྱེད་རིམ་དང༌། མཇུག་ཏུ་རྫོགས་རིམ་བསྡུས་པ་ཞིག་ཀྱང་སྟོན་པའི་གཞུང་གཅིག་དང༌། ལུས་དཀྱིལ་གྱི་སྒྲུབ་ཐབས་ཆུང་བ་ཞིག་ཀྱང་ཡོད་དེ། དྲིལ་བུ་པའི་གཞུང་ཆུང་ཞེས་གྲགས་སོ། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཤིག་ཀྱང་མཛད་དེ། མར་དོའི་འགྱུར་ལས་སྐུ་མདོག་ལ་གསལ་ཁ་མེད། འགྱུར་གཞན་ལས་ཕག་མོ་དཀར་མོར་བཤད་དེ། བསྐྱེད་རིམ་གྱི་སྒྲུབ་ཐབས་བཞིའོ། །བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཤིག་མཛད་དོ། །འདི་ནི་གཞུང་དེར་ལྷ་སྐྱེད་པའི་རྣལ་འབྱོར་གསུམ་གསུངས་པའི་གཟུགས་རྫོགས་པའི་རྣལ་འབྱོར་ཡིན་ལ། དེ་ནི་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་སྐྱེད་པ་ཡིན་པར་སྒྲོན་གསལ་ལས་ཤེས་ཤིང༌། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དོན་ཀྱང་བསྐྱེད་རིམ་རྣམས་བྱིན་གྱིས་བརླབས་པ་དང༌། ཡོངས་སུ་བརྟགས་པའི་རྣལ་འབྱོར་གྱིས་བསྟན་པ་ཡིན་པའི་ཕྱིར་དང༌། གཞུང་ཉིད་ལས་ཀྱང༌། དབུགས་ཀྱི་རླུང་ནི་མེ་ལོང་ལ། ཞེས་པའི་ཚིགས་བཅད་གཅིག །གསང་འདུས་རིམ་ལྔ་ཇི་བཞིན་དུ་བཀོད་ནས་འོད་གསལ་དུ་འཇུག་པ་དང༌། བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའོ། །ཞེས་གསུངས་པས་བདེ་མཆོག་རིམ་ལྔའི་རིམ་པ་ལྔ་པ་བསམ་མི་ཁྱབ་ཀྱི་རིམ་པར་འོང་རྒྱུ་ཡིན་པས་རྫོགས་རིམ་ཡིན་གྱི་བསྐྱེད་རིམ་མིན་ནོ། །ལྷན་སྐྱེས་


JLD009_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་འགྱུར་ཆེར་མི་མཐུན་པ་གཉིས་ཡོད་ཅིང༌། འགྱུར་ལ་ཡོད་པ་གཉིས་ལའང་བཟང་ངན་ཅི་རིགས་པ་ཡོད་ཀྱང་གཞུང་ཆུང་བ་དེ་དག་པར་མངོན་ནོ། །བདེ་མཆོག་རིམ་ལྔའི་རྫོགས་རིམ་ཡང་མཛད་དེ། འདི་ལ་རྔོག་འགྱུར་དང༌། འགོས་ཀྱི་འགྱུར་གཉིས་ལ་མང་ཉུང་ཆེན་པོ་སྣང་ངོ༌། །འདིའི་རང་འགྲེལ་ཡིན་ཟེར་བ་ཞིག་སྣང་བ་ལ་ཕྱིས་ཀྱི་བླ་མ་ཁ་ཅིག་དེ་ཡི་རང་འགྲེལ་དུ་བྱེད་པ་ནི་མ་བརྟགས་པ་ཆེན་པོ་སྟེ། དེར་རིམ་ལྔ་རེ་རེ་ལ་སྔོན་དུ་བསྐྱེད་རིམ་རེ་སྒོམ་པར་བཤད་པ་ནི། ལྷར་སྒོམ་པ་ཐམས་ཅད་བསྐྱེད་རིམ་དུ་བཟུང་ནས་བསྐྱེད་རིམ་པའི་ལྷ་སྐུ་སྔགས་དང༌། རྫོགས་རིམ་དངོས་ཀྱི་ལྷ་སྐུ་ཡེ་ཤེས་ཀྱི་སྐུར་བྱེད་པའི་ཁྱད་པར་མ་ཕྱེད་འདུག་ཅིང༌། སྣ་ཚོགས་རྡོ་རྗེའི་གཞིར་གནས་པའི་རྡོ་རྗེ་དང༌། ཞེས་པའི་ཤླཽ་ཀའི་དོན་རང་བདེ་མཆོག་ཏུ་སྒོམ་པའི་བསྐྱེད་རིམ་ལ་བཤད་པའི་ཕྱིར་དང༌། བསམ་མི་ཁྱབ་ཀྱི་རིམ་པར་བསྐྱེད་རིམ་གྱི་ལྷ་སྐུ་སྔར་བཤད་པ་བཞིན་སྒོམ་པར་བཤད་ཅིང༌། སྔར་ནི་ཧཱུཾ་ཡིག་དང་ཐིག་ལེ་ལས་སྐྱེད་པར་བཤད་པ་ནི། ལྷན་སྐྱེས་ཀྱི་སྒྲུབ་ཐབས་སུ་བསམ་མི་ཁྱབ་ཀྱི་རིམ་པའི་ལྷའི་གཟུགས་རྫོགས་པར་བྱེད་པ་ལ་ས་བོན་མེད་པར་སྒོམ་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །ཡང་དེར་སོ་ཐར་གྱི་སྡོམ་ལྡན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སྡོམ་པ་དེ་བྱང་སེམས་ཀྱི་ཚུལ་ཁྲིམས་སུ་གནས་གྱུར་ཏེ་གནས་པ་དང༌། སྔགས་ཀྱི་དམ་ཚིག་ཉམས་ན་སྡོམ་པ་གསུམ་ག་འཇིག་ཅེས་འདོད་པ་ཡང་མི་འཐད་དེ། སྡོམ་པ་ཕྱི་མ་བླངས་


JLD009_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་སྔ་མ་གནས་གྱུར་དགོས་ན་སྡོམ་པ་གསུམ་ཅིག་ཅར་དུ་ལྡན་པ་མི་སྲིད་པ་དང༌། སྔགས་སྡོམ་བླངས་པ་དེའི་རྟེན་ལ་སྡོམ་པ་གཞན་གཉིས་གནས་གྱུར་པས་ན། སྔགས་ཀྱི་རྩ་ལྟུང་གཞན་གཉིས་ཀྱི་འཇིག་རྒྱུར་འདོད་པ་རང་གི་ཁས་བླངས་དང་འགལ་ཞིང༌། སྡོམ་པ་རྣམས་ཀྱི་ཐོབ་གཏོང་གི་རྒྱུ་སོ་སོ་བ་ཡིན་པའི་ཕྱིར་རོ། །དེས་ན་དཔེ་ཁ་ཅིག་ལས། འདི་དོན་ཡོད་རྡོ་རྗེ་ཞེས་པ་ཞིག་གིས་བྱས་ཞེས་འབྱུང་བ་དག་གོ །དྲིལ་བུ་ཞབས་ལ་ཁ་གཡར་བྱས་པ་གཞན་ཡང་སྣང་ངོ༌། །བདེ་མཆོག་རིམ་ལྔའི་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་པ་ཀུན་མཱ་ར་བོ་དྷིས་བྱས་པ་ནི། སྔར་བཤད་པའི་ལཱུ་ཨི་པའི་འགྲེལ་པ་རྩོམ་མཁན་དེ་དང་གཅིག་ལ་ནུས་པ་ཆེ་རྒྱུ་མེད་དོ། །དྲིལ་བུ་ཞབས་ཀྱིས་རྗེས་སུ་གཟུང་བའི་རུས་སྦལ་ཞབས་དང༌། ལྭ་བ་པ་གཉིས་ཀའི་སློབ་མ་ཛཱ་ལནྡྷ་རི་པའི་དངོས་སློབ་ནག་པོ་སྤྱོད་པ་ལ་ནི། ཧེ་རུ་ཀས་དངོས་སུ་ཚེ་འདིར་མཆོག་མིན་གཞན་དོན་གཞུང་དྲུག་རྩོམས་ཤིག་བར་དོར་སངས་རྒྱས་འགྲུབ། ཅེས་ལུང་བསྟན་པར་གོང་མ་རྣམས་ལ་གྲགས་པའི་གཞུང་ལྔ་ནི་དཀྱིལ་འཁོར་གྱི་ཆོ་ག་དང༌། གཙོ་བོར་བསྐྱེད་རིམ་དང་ཞར་ལ་གཏུམ་མོ་འཁོར་ལོ་བཞི་ལ་བརྟེན་པ་སྒོམ་པའི་རྫོགས་རིམ་ཡང་སྟོན་པའི་སྒྲུབ་ཐབས་དང༌། རྫོགས་རིམ་ལ་གསང་བའི་དེ་ཉིད་གསལ་བ་དང༌། དཔྱིད་ཀྱི་ཐིག་ལེ་དང་རིམ་པ་བཞི་པ་སྟེ་གསུམ་མོ། །མལ་གྱོ་ནས་བརྒྱུད་པ་རྣམས་སྦྱིན་སྲེག་བསྣན་ནས་གཞུང་དྲུག་ཏུ་བྱེད་ལ། མར་དོས་མཛད་པའི་སྦྱིན་སྲེག་ལས། སྡོམ་པའི་


JLD009_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་ཆོ་ག་ནི། སྤྱོད་པ་པ་ཡིས་མཛད་ཅེས་གྲག །དེ་ཡིས་ངེས་པར་མ་མཛད་པར། །ཆོ་ག་དེ་ཉིད་ཀྱིས་རབ་བསྟན། །འཇིག་རྟེན་སོང་བའི་རྗེས་འཇུག་ཅིང༌། །བློ་ཡིས་ངེས་པར་མ་དཔྱད་པར། །བ་ལང་ཁྱུ་བཞིན་འཇུག་པར་སྣང༌། །དེ་ལྟར་མཁས་པ་འཇུག་པ་མིན། ཞེས་འབྱུང་ལ། སྦྱིན་སྲེག་གི་གཞུང་དེ་ལ་གཟེ་བ་དོན་གྲུབ་ཡེ་ཤེས་ཀྱི་མཚན་ཡང་ཡོད་པས་གཞུང་དེ་མར་དོས་མཛད་པ་ཡིན་ལ། མར་དོ་ནི་ཕྱོགས་འདི་ལ་རྒྱུས་ཆེ་ཞིང་མཁས་པར་སྣང་བ་དང༌། ནག་པོ་པས་མཛད་ལ་སྤྱོད་པ་པས་མ་མཛད་པ་ཡང་མང་བས་དཔྱད་པར་བྱའོ། །ཡི་གེ་བདུན་པའི་སྒྲུབ་ཐབས་ནག་པོ་པས་མཛད་པ་ནི་ལོ་ཙཱ་བ་སྔ་མ་ཁ་ཅིག །སྤྱོད་པ་པས་མཛད་པར་བཞེད་པ་ནི་དེ་ལྟར་ཡིན་ནམ་སེམས་སོ། །ཕྱིས་ཀྱི་མཁས་པ་དག །ཁ་ཅིག །དཔྱིད་ཀྱི་ཐིག་ལེ་རྩ་ཡི་སྡོམ། །གསང་བའི་དེ་ཉིད་ཚིག་གི་སྡོམ། །ཨོ་ལ་པ་ཏི་མངོན་རྟོགས་སྡོམ། །སྙིང་པོ་རྫོགས་པ་དོན་གྱི་སྡོམ། །སྡོམ་པ་བཤད་པ་རྣལ་འབྱོར་སྡོམ། །ཕྱག་ཆེན་ཐིག་ལེ་ཕྱག་ཆེན་སྡོམ། །སྟེ་སྡོམ་དྲུག་ཏུ་བྱས་ནས་གཞུང་དགུ་རུ་བཞེད་དེ། སྡོམ་པ་བཤད་པ་སོགས་ནག་པོ་སྤྱོད་པས་མཛད་པ་མ་ཡིན་གྱི། པཎྜི་ཏ་ཀྲྀ་ཥྞ་པཨ་བྱས་པ་ཡིན་པས་ནག་པོ་པའི་མིང་དོན་མི་འདྲ་གསུངས་སོ། དེ་ལྟར་བྱས་པས་སྡོམ་གྱི་མིང་ཡང་ལེགས་བར་མི་སྣང་ལ། ཁྱད་པར་དུ་སྡོམ་པ་བཤད་པར། བརྟུལ་ཞུགས་ཞལ་སྔ་ནས་ཀྱི་གཞུང༌། །ཕྱག་གཉིས་དང་ནི་ཞལ་གཅིག་མ། ཞེས་


JLD009_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་གཞུང་དེའི་མཛད་བྱང་ལ་སྤྱོད་པ་པས་མཛད་པར་བྱས་ཀྱང་དེས་མཛད་པ་མིན་ནོ། །དེ་ལ་དཔྱིད་ཀྱི་ཐིག་ལེ་ལ་ནི་རྒྱ་འགྲེལ་ཞིག་སྔོན་བྱུང་འདུག་ནའང་ད་ལྟ་མ་རྙེད་པས་བཙལ་བར་བྱ། རིམ་པ་བཞི་པ་ལ་ཤྲཱི་དྷ་རས་བྱས་པའི་འགྲེལ་པ་ཡོད་ལ། དེ་ནི་སྔོན་གྱི་དུས་སུ་བོད་དུ་བྱོན་པ་དེ་ཡིན་གྱི། གྲུབ་ཐོབ་དཔལ་འཛིན་ནི་མིན་ནོ། །དེ་ལྟར་ན་རི་ཁྲོད་དབང་ཕྱུག་གིས་བདེ་མཆོག་ལ་གཞུང་ཁ་ཡར་མཛད་ཀྱང་རིམ་གཉིས་མི་རྒྱས་ཤིང༌། གཞན་ཕལ་མོ་ཆེ་ནི་འདི་གསུམ་ལ་ཚད་མར་འཛིན་པར་སྣང་ཡང་འདི་དག་གི་ལུགས་ལ་སྔར་སྨོས་པ་རྣམས་མ་གཏོགས་པ་གསལ་ཁ་བཏོད་ནས་རྒྱས་པར་བཤད་པ་ནི་མི་སྣང་ངོ༌། །རྩ་རྒྱུད་ཀྱི་འགྲེལ་པ་རྣམས་ནས་ཀྱང་ལུགས་འདིའི་གདམས་ངག་གིས་གསལ་ཁ་བཏོན་ནས་རྒྱས་པར་འཆད་པ་མ་བྱས་པར་སྣང་སྟེ། ཕལ་ཆེར་གདམས་ངག་ལོགས་སུ་བྱེད་པར་མངོན་ནོ། །ནཱ་རོ་པ་ནས་ཕམ་མཐིང་པ་ལ་བརྒྱུད་དེ་རྩ་བཤད་ཀྱི་རྒྱུད་འཆད་པའི་བོད་ཀྱི་བཤད་སྲོལ་རྣམས་ལ་ད་ལྟ་འགྱུར་བའི་རྩ་རྒྱུད་ཀྱི་འགྲེལ་པ་འདི་ཡི་སྟེང་ནས། འཆད་ཟེར་རྒྱུ་མི་སྣང་ནའང་སྒྲུབ་ཐབས་ཀྱི་འགྲེལ་པ་ལྭ་པ་པས་མཛད་པའི་བཤད་སྲོལ་ལ་བརྟེན་ཞིང༌། ལོ་དྲིལ་ནག་གསུམ་གྱི་མན་ངག་ལ་བརྟེན་ནས་འཆད་པར་སྣང་བ་ནི། བདེ་མཆོག་གི་བཤད་པའི་སྲོལ་མཆོག་ཏུ་གྱུར་པར་སྣང་ངོ༌། །འདི་ལ་ཡང་བསྐྱེད་རིམ་འཆད་པའི་སྐབས་སུ་ལོ་ནག་གི་ལུགས་གཉིས་མང་དུ་འོང་ལ། རྫོགས་རིམ་གྱི་སྐབས་སུ་རིམ་པ་བཞི་པའི་མན་ངག་


JLD009_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་མང་ཞིང༌། ལཱུ་ཨི་པའི་རྫོགས་རིམ་ཡང་ལན་རེ་ཟུང་ཙམ་ལས་མི་འབྱུང་ལ། དྲིལ་བུ་པའི་མན་ངག་གིས་རྩ་རྒྱུད་འཆད་ཚུལ་མ་བྱུང་ཞིང༌། རྩ་རྒྱུད་ཀྱི་རྫོགས་རིམ་འཆད་ཚུལ་ཆ་ཤིན་ཏུ་ཆུང་བ་ཞིག་ལས་མི་སྣང་ཡང༌། སྔར་བཤད་པ་དང་འཆད་འགྱུར་གྱི་གྲུབ་ཆེན་གསུམ་གྱི་མན་ངག་གིས་རྒྱུད་དོན་གྱི་གནད་ཆེ་བ་ཀུན་རྫོགས་པར་བཤད་པ་ཞིག །བླ་མ་གོང་མ་རྣམས་ཀྱི་བཤད་སྲོལ་ལ་གཞི་བྱས་གྲུབ་ཆེན་གསུམ་གྱི་གཞུང་དང༌། དེ་དང་མཐུན་པར་བཀྲལ་བའི་རྒྱ་གཞུང་ལ་ཞིབ་ཏུ་དཔྱད་ཏེ། རྩ་བཤད་ལེགས་པར་འབྱོར་པ་ངེས་པར་དགོས་པར་རྣམ་དཔྱོད་ཅན་དོན་གཉེར་ཆེ་བ་རྣམས་ཀྱིས་ཤེས་པར་གྱིས་ཤིག །བདེ་མཆོག་སྟོད་འགྲེལ་གྱིས་ལེགས་པར་བཀྲལ་བའི་ལམ་སྲོལ་ཆེན་པོ་ཞིག་ཀྱང་ཡོད་པ་ནི། རྫོགས་རིམ་གྱི་གནད་རྣམས་རྒྱུད་དེ་ནས་ཇི་ལྟར་བསྟན་པའི་འཆད་ཚུལ་མ་གཏོགས་པ་རྫོགས་རིམ་གྱི་ངོ་བོ་ནི་དུས་ཀྱི་འཁོར་ལོ་ནས་བཤད་པའི་ཡན་ལག་དྲུག་ཉིད་དུ་ཟད་པས་དེ་རྟོགས་པ་ཉིད་ཀྱིས་དེ་དག་ཀྱང་རྟོགས་པར་འགྱུར་བ་སྟེ། ལུགས་གཉིས་ཀའང་མ་འདྲེས་པར་ལེགས་པར་ཤེས་པར་བྱ་ལ། འདིར་དེའི་བཤད་པ་ཆེར་མ་བྲིས་པ་ནི་དེ་ནི་ཕྱོགས་གཞན་དུ་རྟོགས་པར་བྱ་བ་ལ་བསམས་སོ། །གཉིས་པ་སྒྲུབ་ཐབས་ཀྱི་གཞུང་དངོས་བཤད་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ལས་མཚན་བསྒྱུར་བ་ནི། རྒྱ་གར་གྱི་ཡུལ་ན་སྐད་རིགས་མང་དུ་ཡོད་པ་ལས་


JLD009_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སྦྱར་བའི་སྐད་དུ་ནི། སྒྲུབ་ཐབས་འདིའི་མཚན་ནི་ཤྲཱི་ཙ་ཀྲ་སོགས་སོ། །དེ་བོད་ཀྱི་སྐད་དུ་བསྒྱུར་ན། བྷ་ག་བ་ཏེ་ནི་བཅོམ་ལྡན་འདས་སོ། །ཤྲཱི་ཙ་ཀྲ་སཾ་བ་ར་ནི་དཔལ་འཁོར་ལོ་བདེ་མཆོག་གོ །ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པའོ། །མཚན་བཤད་པ་ནི། བྷ་ག་ནི་སྐལ་བ་དང༌། བ་ཏེ་ནི་ལྡན་པ་ཡིན་པས་དབང་ཕྱུག་སོགས་ཀྱི་སྐལ་བ་དྲུག་དང་ལྡན་པའོ། །དེ་ལ་དབང་ཕྱུག་ཕུན་ཚོགས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཤིང་གཞན་དབང་དུ་མ་གྱུར་བའོ། །གཟུགས་བཟང་ནི་གོང་ན་མེད་པའི་མཚན་དཔེའོ། །གྲགས་པ་ནི་ཕྱོགས་དུས་ཀུན་ཏུ་སྙན་པས་ཁྱབ་པའོ། །དཔལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་འདོད་པ་ཐམས་ཅད་ཀྱིས་བསྟེན་པར་བྱ་བའོ། །ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པར་འཇུག་པའོ། །བརྩོན་འགྲུས་ནི་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པར་གསུང་གིས་འདོམས་པའོ། །ཕུན་ཚོགས་ནི་གཟུགས་བཟང་སོགས་ལྔ་ལའང་སྦྱར་རོ། །ཡང་བྷ་གྣ་ཞེས་པ་བཅོམ་པ་ལ་ཡང་འཇུག་པས་བདུད་བཞི་དང་སྒྲིབ་གཉིས་ཀྱི་མི་མཐུན་ཕྱོགས་བཅོམ་པ་དང་ལྡན་པས་བཅོམ་ལྡན་ནོ། །སྐལ་ལྡན་དང་བཅོམ་ལྡན་ནི་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ལའང་འཇུག་པས་དེ་རྣམས་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་འདས་ཞེས་བོད་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་བསྣན་བའོ། །དཔལ་ནི་ཚོགས་གཉིས་སམ་གཉིས་སུ་མེད་པའི་ཡེ་ཤེས་ལ་སོགས་པའོ། །སཾ་བ་ར་ནི་བདེ་མཆོག་དང་སྡོམ་པ་


JLD009_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ལ་འཇུག་པས་འགྱུར་ཡང་གཉིས་ཀ་ཡོད་དོ། །སྔ་མ་ལྟར་ན་སཾ་མམ་ཤཾ་ནི་བདེ་བ་དང༌། བ་ར་མཆོག་ཏུ་གསུངས་པ་ལྟར་ཡིན་ལ། དེ་ཡང་སྡོམ་འབྱུང་ལས། བདེ་མཆོག་སངས་རྒྱས་ཐམས་ཅད་ཀྱི། །ཨེ་བཾ་ཡི་གེ་ལ་རབ་གནས། ཞེས་གསུངས་པ་ལྟར་ཨེས་མཚོན་པའི་དོན་རྣམ་ཐར་གསུམ་གྱི་སྟོང་ཉིད་དང༌། བཾ་གྱིས་མཚོན་པའི་དོན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་གཉིས་ཡུལ་དང་ཡུལ་ཅན་དུ་དབྱེར་མེད་པར་སྦྱར་བ་སྟེ། དེ་ཉིད་ཀྱིས་ན་ཐེག་པ་དང་རྒྱུད་སྡེ་གཞན་གྱི་ཚུལ་ལས་མཆོག་གོ །ཡང་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་སོགས་ཀྱི་རྣམ་པ་ཅན་ལ་ཡང་བདེ་མཆོག་ཅེས་བྱ་སྟེ། དེ་གཉིས་ཀ་ལ་ལམ་དང་འབྲས་བུའི་དུས་ཀྱི་བདེ་མཆོག་གཉིས་གཉིས་སུ་ཡོད་ཅིང༌། འཁོར་ལོ་ནི་དེ་དག་གི་ཚོགས་སོ། །ཕྱི་མ་ལྟར་ན་སྡོམ་འབྱུང་ལས། སྐུ་གསུང་ཐུགས་ཀྱི་ཡང་དག་ལས། །རྣམ་པ་ཐམས་ཅད་གཅིག་སྡོམ་པ། །སྡོམ་པ་བདེ་མཆོག་བྱང་ཆུབ་སྟེ། །བརྗོད་པར་བྱ་མིན་བསྟན་དུ་མེད། །གསང་བ་སངས་རྒྱས་ཐམས་ཅད་ཀྱི། །འདུས་པ་སྡོམ་པ་དག་གི་མཆོག །ཅེས་གསུངས་ཏེ། སྡོམ་པ་ནི་འདུས་པ་མཆོག་གོ །སྡོམ་རྒྱུ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་ལས་སོ། །དེ་ཉིད་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡང་ཡིན་ནོ། །སྡོམ་ཚུལ་ནི་སྡོམ་རྒྱུ་དེ་ཐམས་ཅད་དབྱེར་མི་ཕྱེད་པར་གཅིག་ཏུ་སྡོམ་པ་སྟེ། བདེ་སྟོང་གཅིག་ཏུ་སྡོམ་པ་དང༌། སྐུ་གསུང་ཐུགས་གསུམ་ལྷན་སྐྱེས་ཀྱི་ཧེ་རུ་ཀ་གཅིག་གི་ངོ་བོར་


JLD009_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པའོ། །དེ་ལྟར་ན་སཾ་བ་རའི་དོན་ནི་གཉིས་ཀའི་སྟེང་ནས་ཤེས་དགོས་སོ། །མངོན་པར་ནི་འབྲས་བུའི་བདེ་མཆོག་ལ་མངོན་དུ་ཕྱོགས་ཏེ་འགྲོ་བའི་ལམ་མོ། །རྟོགས་པ་ནི་ཡུལ་ཁོང་དུ་ཆུད་པའི་དོན་མིན་གྱི། སྔར་བཤད་པའི་བདེ་མཆོག་གཉིས་ཡན་ལག་དང་བཅས་པའི་དོན་རྒྱུད་ལ་སྐྱེ་བའི་རིམ་པ། ལུང་དང་རྟོགས་པ་ཞེས་གཉིས་སུ་གྲགས་པའི་རྟོགས་པའི་ཡོན་ཏན་ནོ། །མངོན་རྟོགས་ཀྱི་གཞུང་ལ་ནི་དེ་གཉིས་བརྗོད་བྱའི་སྒོ་ནས་བཏགས་སོ། །ལོ་ཙཱ་བའི་ཕྱག་འཚལ་བའི་དོན་ནི་རྟོགས་པར་སླའོ། །གཉིས་པ་ལ་གཉིས། གཞུང་ནས་དངོས་སུ་འབྱུང་བ་དང༌། མ་ཚང་བ་ཁ་སྐོང་བའི་ཡན་ལག་གོ །དང་པོ་ལ་གསུམ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་དང༌། མཐོང་ཆོས་ཀྱི་ཕན་ཡོན་ནོ། །དང་པོ་ལ་གསུམ། གང་གིས་སྒོམ་པའི་རྟེན་དང༌། གང་དུ་བསྒོམ་པའི་གནས་དང༌། ཇི་ལྟར་དུ་བསྒོམ་པའི་ཚུལ་ལོ། །དང་པོ་ནི། སྔགས་དང་ཕ་རོལ་ཏུ་ཕྱིན་པ་ཐུན་མོང་བའི་ལམ་གྱི་རིམ་པ་ལ་སྔོན་དུ་བློ་སྦྱངས་པ་ཞིག་དགོས་ཏེ། སྡོམ་འབྱུང་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །མི་དགེ་བཅུ་ནི་ཡོངས་སུ་སྤངས། །སེམས་ཅན་རྣམས་ལ་བྱམས་པར་ལྟ། །འབར་བའི་མེ་དང་དུག་བཞིན་དུ། །གཞན་གྱི་ནོར་ལ་མི་རེག་ཅིང༌། །རྟག་པར་རྒྱུན་དུ་བླ་མ་མཆོད། །དམ་ཆོས་ལྟ་བར་སྤྲོ་བ་དང༌། །རྟག་ཏུ་སྦྱིན་པ་ལ་སོགས་དགའ། །འཇིག་རྟེན་ཕ་རོལ་མངོན་པར་འདོད། །དེ་དག་སློབ་མར་རབ་བསྔགས་ཏེ། །དཀྱིལ་འཁོར་དགེ་བ་བསྟན་པར་བྱ། ཞེས་ཐོག་མར་


JLD009_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་འཇུག་པ་ལ། མི་དགེ་བཅུ་སྤངས་པ་དང༌། རྟག་ཏུ་བླ་མ་ལ་མཆོད་པ་དང༌། སྤྱོད་པ་སྦྱིན་སོགས་ཕྱིན་དྲུག་སྤྱོད་པ་ལ་དགའ་ཞིང༌། བསམ་པ་འཇིག་རྟེན་ཕྱི་མའི་དོན། མཆོག་གི་དངོས་གྲུབ་དོན་དུ་གཉེར་བ་ཞིག་དགོས་པར་བཤད་ལ། དེ་ནི་སྔ་རོལ་ཏུ་བློ་མ་སྦྱངས་པ་ལ་རང་ལ་འཁྲུངས་སུ་མི་འབྱུང་བའི་ཕྱིར་དང༌། དེ་འདྲ་བ་ལ་བློ་སྦྱོང་བ་ཉིད་ཐེག་ཆེན་གཉིས་ཐུན་མོང་བའི་ལམ་རིམ་ལ་སྦྱོང་བ་ཡིན་པའི་ཕྱིར་རོ། །དེས་ན་དེ་འདྲ་བ་དེས་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལ་འདིའི་དབང་རྫོགས་པར་ཐོབ་ནས་སྔགས་ཀྱི་ལམ་སྒོམ་པ་ལ་སྣོད་རུང་དུ་བྱས་ཤིང༌། དེའི་དུས་སུ་བླ་མས་ཇི་ལྟར་བསྟན་པ་དེ་བཞིན་དུ་དབང་ཐོབ་པའི་འོག་ཏུ་དམ་ཚིག་དང་སྡོམ་པ་སྲུང་བ་ལ་བརྩོན་པ་ཞིག་གིས་རྩ་བཤད་ལེགས་པར་སྦྱར་བའི་མན་ངག་ཕུན་ཚོགས་ལ་བརྟེན་ནས་བསྒོམས་ན་འགྲུབ་ཀྱི། དེ་ལས་བཟློག་པས་ནི་མི་འགྲུབ་སྟེ། སྡོམ་འབྱུང་ལས། ཇི་ལྟར་ཉེ་བར་བསྟན་པ་བཞིན། །ཕྱི་ནས་དམ་ཚིག་སྤྱོད་པར་བརྩོན། །སྣོད་དུ་བྱས་པའི་རྒྱུན་ལས་ནི། །འཁོར་ལོ་ལ་སོགས་སྒོམ་རིམ་གྱིས། །ཡང་དག་མན་ངག་ཕུན་ཚོགས་རྣམས། །འགྲུབ་པར་འགྱུར་རོ་གཞན་དུ་མིན། ཞེས་གསུངས་པས་མཚན་ཉིད་དེ་དག་དང་ལྡན་པ་ལ་འབད་པར་བྱའོ། །གཉིས་པ་ནི། མངོན་བརྗོད་ལས། རི་སུལ་དང་ནི་རི་རྩེ་དང༌། །ཆུ་བོ་ཆེན་པོའི་ངོགས་དག་དང༌། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང༌། །ཤིང་གཅིག་དང་ནི་དགེ་བའི་གནས། །མ་མོའི་ཁྱིམ་


JLD009_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མམ་དུར་ཁྲོད་དང༌། །སྣ་ཚོགས་དབེན་པའི་ས་ཕྱོགས་སམ། །ལྷ་ཁང་དམ་ནི་མཆོད་རྟེན་ནམ། །ཁྱིམ་མམ་བཞི་མདོ་དག་ཏུ་ནི། །སྒྲུབ་པ་པོ་ཡིས་སྦྱོར་བསྒྲུབས་ན། །འདོད་པ་ཀུན་གྱི་འབྲས་བུ་སྟེར། ཞེས་གསུངས་པའི་གནས་གང་རུང་ཡིད་དང་མཐུན་པར་བསྒོམ་མོ། །ཡང་དེ་ཉིད་ལས། ཡེ་ཤེས་ལྔ་ཡི་བདུད་རྩིས་ནི། །ས་ནི་བྱུག་པ་བྱས་ནས་ཀྱང༌། །བཟོད་པར་བྱས་པའི་མེ་ཏོག་གིས། །འབད་པ་ཡིས་ནི་གཏོར་བར་བྱ། ཞེས་གསུངས་པ་ལྟར་སྒྲུབ་ཁང་དུ་བདུད་རྩི་ལྔས་བྱུགས་པ་དང༌། མེ་ཏོག་གཅལ་དུ་དགྲམ་མོ། །གཞན་ཡང་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་དང་རྡོར་དྲིལ་སོགས་འཚོགས་པར་བྱའོ། །གསུམ་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་སྔ་ཕྱིའི་བར་དུ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། ཐུན་གྱི་མགོར་ཇི་ལྟར་བྱ་བ་དང༌། ཐུན་གྱི་དངོས་གཞི་ལ་ཇི་ལྟར་བྱ་བ་དང༌། ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། སྔོན་དུ་བྱ་བའི་རིམ་པ་དང༌། རྣལ་འབྱོར་གྱི་ཡན་ལག་རྣམས་རྒྱུད་ནས་གསུངས་ཚུལ་དང༌། གསུངས་པ་དེ་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། ལྭ་བ་པའི་འགྲེལ་པ་དང༌། པྲཛྙཱ་རཀྵི་ཏ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེའི་འགྲེལ་པ་ལས། སྐྲ་གྲོལ་ཞིང་ཁ་ལྷོར་བལྟས་ཏེ། རོའི་སྟེང་དུ་འདུག་ནས་བདུད་རྩི་ལྔའི་རིལ་བུ་ཁར་བཅུག་སྟེ་ཁ་དག་པར་བྱེད་པ་བཤད་ལ། འགྲེལ་པ་གསུམ་པ་ཁྱད་པར་གསལ་བྱེད་ལས། སྔོན་དུ་གཏོར་མའང་བྱ་བར་བཤད་དོ། །དེ་ལ་རོ་གདན་ནི་དངོས་


JLD009_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སམ་བསྒོམས་པ་གང་རུང་དང༌། བདུད་རྩི་རིལ་བུ་དངོས་སུ་མེད་ན་ནང་མཆོད་བསྒྲུབས་པ་ལྕེ་ཐོག་ཏུ་འཇོག་པ་དང༌། སྐྲ་ནི་དངོས་སམ་བཅོམ་མ་གང་རུང་ངོ༌། །སྔོན་འགྲོའི་གཏོར་མ་བཏང་ནས་སྒྲུབ་པའི་བར་ཆད་ཞི་བའི་འཕྲིན་ལས་བཅོལ་བ་ནི། ཐུན་བཞི་ཀའམ་ཐུན་དང་པོའི་མགོར་བྱའོ། །སྐབས་འདིའི་གཏོར་མ་ནི་ཞིང་སྐྱོང་ལ་སྟེར་བར་མཁའ་འགྲོ་རྒྱ་མཚོ་ལས་གསུངས་པས་འཇིག་རྟེན་པའི་གཏོར་མའོ། །ལུས་གནད་ནི་བདེ་བའི་སྟན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་ཅིང༌། ལག་པ་གཉིས་མཉམ་གཞག་བྱ་བར་གུར་འགྲེལ་ལས་གསུངས་ལ། མིག་སྣ་རྩེར་དབབ་ཅིང་སོ་ཅུང་ཟད་མ་འབྱར་བར་ལུས་མི་གཡོ་བར་གནས་པར་བྱ་བར་བྲམ་ཟེ་བྲིཾ་ཀ་རས་བཤད་དོ། །དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ལ། མཆོད་པའི་རྫས་ནི་སྡོམ་འབྱུང་ལས། བསང་གཏོར་ཞབས་བསིལ་མཆོད་ཡོན་དག །ཅེས་དང༌། མེ་ཏོག་བདུག་པ་མར་མེ་དྲི། །དེ་བཞིན་ཞལ་ཟས་དབུལ་བར་བྱ། ཞེས་དང༌། དེར་ཞལ་བསིལ་ཡང་གསུངས་པས་ཆུ་བཞི་དང༌། ཉེར་སྤྱོད་སོགས་སོ། །བཤམ་པའི་ཚུལ་ནི་མངོན་བརྗོད་ལས། གཡོན་སྐོར་དུ་ནི་བསྐོར་བ་ཡིས། །མཆོད་པ་དགོད་དང༌། ཞེས་གཡོན་སྐོར་དུ་དགོད་པར་གསུངས་པ་ལྟར་རོ། །མཆོད་པ་བསང་བ་ལ། བིར་ཝ་པས། དེ་རྗེས་ཡིག་གསུམ་སྔགས་ཀྱིས་ནི། །མངོན་པར་བསྔགས་པའི་དམ་ཚིག་ཆུས། །མཆོད་རྫས་དག་ལ་བསང་གཏོར་བྱ།


JLD009_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། བྷུ་བ་བློ་ལྡན་གྱིས། བི་མུ་མ་ར་འདི་ལེགས་བཀང༌། །བགེགས་ཀུན་རྣམ་པར་སེལ་བར་བྱེད། ཅེས་བཤད་པ་ལྟར། བདུད་རྩི་ལྔའི་རིལ་བུ་དང་སྦྱར་བའམ་དེ་མེད་ན་ནང་མཆོད་བསྒྲུབས་པའི་རྫས་དང༌། སུམྦྷ་ནི་ལ་སོགས་པའི་སྔགས་སམ་དུམ་སྐྱེས་མའི་སྔགས་ཀྱིས་བསང་གཏོར་བྱས་ལ། མ་དག་པ་དང་བགེགས་བསལ་ལོ། །སྦྱང་བ་ནི་སྭ་བྷཱ་ཝའི་སྔགས་བརྗོད་ལ། ཐ་མལ་གྱི་སྣང་བ་འོད་གསལ་དུ་སྡུད་པའི་ཚུལ་གྱིས་བྱའོ། །བསྐྱེད་པ་ནི་ཨའམ་ཀཾ་ལས་སྣོད་གང་ཡིན་ཐོད་པའི་སྣོད་དང༌། རྫས་རྣམས་ཧཱུཾ་ལས་རང་བཞིན་སྟོང་ཉིད་རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་བསམ་སྟེ། བརྟག་གཉིས་ལས། སྣ་ཚོགས་ཧཱུཾ་ལས་རྫོགས་པ་དང༌། །མེ་ཏོག་ལ་སོགས་དབུལ་བར་བྱ། ཞེས་གསུངས་ཤིང༌། དེའི་འགྲེལ་པ་པད་མ་ཅན་ལས་ཀྱང༌། སྣ་ཚོགས་ཧཱུཾ་ལས་སྐྱེས་པ་ཡི། ཞེས་པ་ནི་སོ་སོར་མེ་ཏོག་ལ་སོགས་པ་ཧཱུཾ་ལས་སྐྱེས་པའོ་ཞེས་གསུངས་སོ། །བྱིན་གྱིས་བརླབ་པ་ནི་སོ་སོའི་སྔགས་དང་ཕྱག་རྒྱས་བྱེད་པར་བླ་མ་རྣམས་བཞེད་དོ། །དེ་ནས་ཡི་གེ་བརྒྱ་པའི་བཟླས་པ་ནི་ཐུན་གྱི་མཐར་གསུངས་པ་མང་ཡང་བླ་མ་རྣམས་སྐབས་འདིར་མཛད་པ་ཡང་མི་འགལ་ལོ། །དེ་ཡང་སྙིང་པོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་ཤིང༌། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་


JLD009_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། ཞེས་ཐུན་མཚམས་སུ་རྡོ་རྗེ་སེམས་དཔའ་བསྒོམས་ནས་ཡིག་བརྒྱ་ཉེར་གཅིག་རེ་མ་ཆག་པར་བཟླས་ན་ལྟུང་བ་མི་འཕེལ་བ་དང༌། འབུམ་ཕྲག་གཅིག་བཟླས་ན་ཉེས་པ་རྣམས་འདག་པར་གྲུབ་པ་མཆོག་བརྙེས་པ་རྣམས་ཀྱིས་གསུངས་པས་དེ་ལྟར་བྱའོ། ཞེས་གསུངས་པ་བཞིན་དུ་དགོས་པ་དེ་གཉིས་ཀྱི་ཕྱིར་དུ་རྡོར་སེམས་ཀྱི་བསྒོམ་བཟླས་བྱའོ། །འདི་ལ་རང་ཉིད་རྡོར་སེམས་སུ་བསྒོམས་ནས་བྱས་པས་ཆོག་མོད་ཀྱང༌། བླ་མ་རྣམས་ཀྱི་ཕྱག་བཞེས་ལ་སྤྱི་བོར་བསྒོམས་ནས་མཛད་དོ། །གཉིས་པ་ནི། ཕུང་སོགས་བྱིན་གྱིས་རློབ་པ་ནས་ཚོགས་ཞིང་གི་མཐར་སྟོང་ཉིད་སྒོམ་པའི་བར་འདི་རྣམས་དང༌། གོ་རིམ་ཀྱང་རྒྱུད་གང་ནས་གསུངས་སྙམ་ན། འདི་ལ་ཉུང་ངུའི་རྩ་རྒྱུད་ལས་ནི་གསལ་བར་མེད་ལ། བཤད་རྒྱུད་མངོན་བརྗོད་ལས། དང་པོར་ཚོགས་ཞིང་སྤྱན་དྲངས་ཏེ། ཚོགས་གསོག་པ་དང༌། དེ་ནས་ས་བོན་བཅུ་བདུན་ལས་ལྷ་བཅུ་བདུན་སྒོམ་པ་དང༌། དེ་ནས་བསྲུང་འཁོར་རྒྱས་པ་བསྒོམས་པའི་མཐར་རྣམ་ཐར་གསུམ་གྱི་སྔགས་དོན་སྒོམ་པ་བཤད་ལ། སྡོམ་འབྱུང་ལས། དང་པོར་ཧེ་རུ་ཀ་ཕྱག་གཉིས་པ་སྒོམ་པ་དང༌། དེ་ནས་ཕུང་སོགས་ཀྱི་ང་རྒྱལ་དང༌།


JLD009_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསྲུང་འཁོར་དང༌། དེ་ནས་ཚོགས་ཞིང་སྤྱན་དྲངས་ཏེ། ཚོགས་བསགས་པའི་མཐར་སྟོང་ཉིད་སྒོམ་པར་བཤད་དེ། ལཱུ་ཨི་པའི་སྒྲུབ་ཐབས་ནས་འབྱུང་བའི་རིམ་པ་ནི་རྒྱུད་དེའི་ལུགས་སུ་ཤེས་དགོས་པར་སྣང་ངོ༌། །ཕུང་སོགས་བྱིན་གྱིས་རློབ་པ་གཞུང་འདིར་བཀོད་པ་ནི། ཀུན་སྦྱོད་ཀྱི་རྒྱུད་བཞིན་ཡིན་མོད་ཀྱང༌། རྒྱུད་རང་ན་དེ་རྣམས་སྐབས་འདིར་བྱེད་པ་མི་གསལ་བ། གྲུབ་ཆེན་གྱིས་འདིར་བྱེད་པར་བཤད་པས། རྒྱུད་དེའི་དགོངས་པ་ཡང་དེ་ལྟར་རོ། །གསུམ་པ་ལ་བཞི། སྒོ་གསུམ་དག་པར་བྱས་ནས་ཚད་མེད་པ་སྒོམ་པ་དང༌། ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། འགལ་རྐྱེན་འགོག་པའི་བསྲུང་འཁོར་སྒོམ་པ་དང༌། མཐུན་རྐྱེན་བསྟེན་པའི་ཚོགས་བསགས་པའོ། །དང་པོ་ནི། བསྒོམ་པར་བྱའོ་ཞེས་བཤད་གཞིར་དྲང་ངོ༌། །དུས་ནས་གྱི་ཚེ་ན་ཚད་མེད་སོགས་སྒོམ་པའི་དང་པོར་རོ། །གང་སྒོམ་པ་དང༌། གང་གིས་སྒོམ་ན་སྒོ་གསུམ་དག་པར་བྱེད་པའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་གྱི་དབང་ཕྱུག་གིས་བསྒོམ་པར་སྟོན་པས། སྔོན་དུ་རྣལ་འབྱོར་གསུམ་བསྒོམས་ནས། དེ་ནས་ལྷག་མ་རྣམས་སྒྲོམ་པ་རེ་ཤིག་ཅེས་རིམ་པ་སྟོན་པའི་དོན་དུ་བྱའོ། །དེ་ལྟར་ན་སྔོན་དུ་རྣལ་འབྱོར་གསུམ་སྒོམ་དགོས་པ་ལ་ཡིད་དག་པར་བྱེད་ཚུལ་ནི། ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་མངོན་དུ་བྱེད་པ་ཡིནལ། དེ་ཡང་ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཡིན། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པ། ཞེས་གསུངས་པ་ལྟར་ཡིད་ལ་བྱེད་པའོ། །དེ་ལྟར་


JLD009_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་ལ་འཆད་ཚུལ་མང་དུ་ཡོད་ཀྱང༌། སྒྲུབ་ཐབས་ཀྱི་མགོར་ཡི་གེ་བཞིའི་དོན་ཡིད་ལ་བྱེད་པ་འདི་མཁའ་འགྲོ་རྒྱ་མཚོར་གསུངས་པས་དེ་ལྟར་བྱས་ནས་ལེགས་སོ། །དེར། ཨེ་བཾ་ལ་སོགས་གཉིས་མེད་པའང་། །ཤྲཱི་ཞེས་བྱ་བའི་ཡིག་དེས་བརྗོད། །ཧེ་ཡིག་སྙིང་ཁ་ནས་ཀུན་ཏུ། །ཧེ་རུ་ཀ་སོགས་རང་འཁོར་འགྲོ། །སྒོམ་པ་ཀུན་གྱི་འབྱུང་གནས་ལས། །འཛིན་པ་ལ་སོགས་རྣམ་སྐྱེད་འགྱུར། །དེ་ནི་རྒྱུ་སྟོང་བདག་ཉིད་དེ། །རྒྱུའི་བདག་ཉིད་དུ་མི་རྟོག་པའོ། །རང་བཞིན་ཆོས་བདག་མེད་པ་ཉིད། །དེ་ནི་སྟོང་པའི་རྣལ་འབྱོར་གནས། །བཀོད་པ་གང་ཟག་བདག་མེད་པ། །རྟོག་པའི་དྲ་བ་ཆེན་པོ་ནི། །རུ་ཡིག་རྐྱེན་གྱི་བདག་ཉིད་ཅན། །དེ་ནི་བདག་གི་བཀོད་བྲལ་བའོ། །སླར་བརྗོད་ཀ་ནི་མ་ལུས་པའི། །བདག་གིས་གཉིས་བྱར་མེད་ཤེས་གང༌། གང་ཕྱིར་ཅི་ལའང་མི་གནས་པ། །དེ་ཕྱིར་ཀ་ཞེས་བྱ་བར་བརྗོད། ཅེས་གསུངས་སོ། །དེའི་དོན་ནི་ཧེས་ཆོས་ཀྱི་བདག་མེད་དང༌། རུས་གང་ཟག་གི་བདག་མེད་དེ། ཡུལ་བདག་མེད་གཉིས་དང༌། ཀས་ཡུལ་ཅན་གྱི་ཡེ་ཤེས་དང༌། ཤྲཱིས་དེ་གཉིས་དབྱེར་མི་ཕྱེད་པ་སྟོན་ནོ། །དེ་ལ་ཧེ་རུ་ཀ་ལ་སོགས་པའི་རང་གི་འཁོར་ལོར་འགྲོ་བ་ནི་སྐྱེད་པའོ། །ཧེ་རུ་ཀ་སོགས་སྒོམ་པ་ཀུན་གྱི་འབྱུང་གནས་སུ་གྱུར་པ་ལས་འཛིན་པ་པོ་ལ་སོགས་པའི་དཀྱིལ་འཁོར་སྐྱེད་པ་ནི། རང་གི་སྙིང་ཁ་ན་རྒྱུན་ཏུ་གནས་པའི་སེམས་ཏེ་ཧེའོ། །རྒྱུ་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པས་རྒྱུའི་ངོ་བོ་དེར་བརྟག་ཏུ་མེད་པ་ནི། རྒྱུ་སྤངས་པའམ་རྒྱུས་སྟོང་


JLD009_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ནོ། །སོགས་ཀྱི་སྒྲ་འདིར་མ་བྱུང་ཡང་གཞན་ལས་མང་དུ་འབྱུང་བ་ལྟར་ན། རང་གི་ངོ་བོ་དང་འབྲས་བུ་གཉིས་རང་བཞིན་མེད་པ་ལ་བྱ་བའམ། ཡང་ན་སོགས་ཀྱི་སྐད་དོད་དང་པོ་ལའང་འཇུག་པས། དང་པོར་སྐྱེ་བའི་རྒྱུས་སྟོང་བའོ། །དང་པོ་ལྟར་ན་ཕུང་པོ་དང་སྐྱེ་མཆེད་ཀྱི་ཆོས་ཀུན་ལ་འགྲོ་ལ། ཕྱི་མ་ལྟར་ན་རྩ་ཤེ་ལས། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། ཅེས་གསུངས་པའི་རིགས་པས་འདུས་བྱས་མ་བྱས་ཀྱི་ཆོས་ཀུན་རང་བཞིན་མེད་པར་འགྲུབ་བོ། །དམིགས་པ་གང་ཟག་ལ་དམིགས་ནས་བདག་ཏུ་འཛིན་པའི་རྣམ་རྟོག་འཁོར་བར་འཆིང་བྱེད་ཀྱི་དྲ་བ་ཆེན་པོས་བདེན་པར་བཀོད་པ་སྟེ་བཏགས་པའི་བདག་གི་བཀོད་པ་དང་བྲལ་བ་ནི་རུ་ཡིག་གི་དོན་ནོ། །དེ་འདྲ་བའི་ཡུལ་གྱི་གནས་ཚུལ་དང༌། དེ་ཁོ་ན་ཉིད་ཀྱི་འཛིན་སྟངས་གཉིས་མི་མཐུན་པར་བྱར་མེད་པའི་ཤེས་པ་ནི་ཀའི་དོན་ཏེ། གང་གི་ཕྱིར་ན་དེ་ཁོ་ན་ཉིད་ལ་འཇུག་པའི་བློ་ནི་བདེན་པའི་དམིགས་གཏད་ཅི་ལ་ཡང་མི་གནས་པ་དེའི་ཕྱིར་རོ། །དེ་ལྟར་ཡུལ་གང་ལ་ཡང་བདེ་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ་དེ་བཞིན་དུ་བློས་ཀྱང་བདེན་འཛིན་གྱི་དམིགས་གཏད་སྤངས་པ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་གཉིས་མེད་ཀྱི་ཡེ་ཤེས་སུ་སོང་བ་ནི། ཤྲཱི་ཡིག་གི་དོན་ཏེ། དེ་ནི་ཨེ་བཾ་གྱི་དོན་ཐབས་ཤེས་དབྱེར་མེད་དོ། །དེ་འདྲ་བའི་ཚུལ་གྱིས་ཡི་གེ་བཞིའི་དོན་སྒོམ་པ། རང་ལྷར་སྒོམ་པའི་ལུས་དག་པའི་སྔོན་དུ་གསུངས་པ་ནི། གཞུང་གཞན་ནས་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲའི་སྔགས་དོན་སྒོམ་པར་


JLD009_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་དོན་གཅིག་སྟེ། ཧེ་དང་རུའི་དོན་ནི་ཤཱུ་ནྱ་ཏཱའི་དོན་དང༌། ཀའི་དོན་ནི་ཛྙཱ་ནའི་དོན་དང༌། ཤྲཱིའི་དོན་ནི་བཛྲ་སྟེ་རྡོ་རྗེ་ལྟར་མི་ཕྱེད་པའི་དོན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འཁྲུལ་སྤོང་ལས། ཡི་གེ་བཞིའི་དོན་མངོན་དུ་བྱས་ལ། ཅིག་ཅར་དུ་སྟོང་པའི་དང་ལས་ཐ་མལ་པའི་ང་རྒྱལ་སྤངས་ལ། ཤེས་རབ་མ་དང་བཅས་པའི་སྡོམ་པ་ཕྱག་གཉིས་པའི་ང་རྒྱལ་གྱིས་ཞེས་བཤད་པ་ལྟར་ལེགས་ཀྱི། ཁ་ཅིག་གིས་ལུས་དག་པ་སྔོན་དུ་བླངས་ནས། ངག་ཡིད་དག་པ་རྗེས་སུ་བྱེད་པ་ནི་དོན་ལེགས་པར་མ་རྟོགས་པ་ཡིན་པས། གོ་རིམ་ནི་འགྲེལ་པ་གསུམ་དང་འཁྲུལ་སྤོང་ལྟར་བྱའོ། །ཡི་གེ་བཞིའི་དོན་ཡིད་ལ་བྱས་པའི་དགོས་པ་ནི། ཡིད་བདག་གཉིས་སུ་འཛིན་པའི་ཀུན་རྟོག་གི་དྲི་མས་དག་པར་བྱ་བའི་དོན་ཏོ། །དེ་ནས་ལུས་དག་བྱེད་ཀྱི་རྣལ་འབྱོ་ནི། སྟོང་པའི་ངང་ནས་རང་ཉིད་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་པ། ཕྱག་གཉིས་ཀྱིས་རྡོར་དྲིལ་འཛིན་པ། གཡས་བརྐྱང་གིས་བཞུགས་པར་བསྐྱེད་ལ། སེམས་ཅན་ཐམས་ཅད་ལ་ཕན་བདེའི་སེམས་ཀྱིས་ཤྲཱི་ཧེ་རུ་ཀོ྅ཧཾ་ཞེས་ལན་གསུམ་བརྗོད་དོ། །ལྭ་བ་པའི་འགྲེལ་པར་ཡུམ་བཤད། པྲཛྙཱ་རཀྵི་ཏའི་འགྲེལ་པར་ཡུམ་དང་བཅས་མ་བཅས་གདམ་ང་ཅན་དུ་བཤད་ལ། འཁྲུལ་སྤོང་དང་ཁྱད་པར་གསལ་བྱེད་དུ་ཡུམ་བཅས་སུ་བཤད་དོ། །བོད་ཀྱི་བླ་མ་ཁ་ཅིག་ཡབ་རྐྱང་དུ་བྱེད་མོད་ཀྱང་ལྭ་བ་པའི་བཞེད་པ་ལ། ཡུམ་ཡོད་པས་ཁ་བསྐངས་པ་ཉིད་ལེགས་པར་རྟོགས་སོ། །ཡི་གེ་བཞིའི་


JLD009_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཨ་ཧཾ་སྦྱར་བ་ནི། སྟོང་པར་ཞུགས་པའི་ལྷན་སྐྱེས་ཀྱི་སེམས་ཡི་གེ་བཞིའི་དོན་དུ་གནས་པ་དེ་ཉིད་ཕྱག་གཉིས་པའི་སྐུར་ཤར་བ་ཡིན་པས། སྔར་གྱི་དེ་ནི་སྟོང་པའི་ཡེ་ཤེས་ཙམ་ཡིན་ལ། འདིར་ནི་ཧེ་རུ་ཀའི་སྐུར་ཤར་བ་དང་གཉིས་ཚོགས་སོ། །འགྲེལ་པ་གཞན་གཉིས་ལས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། ཡི་གེ་བཞི་དང་བཅས་པའི་ང་རྒྱལ་འཛིན་པར་བཤད་པ་ནི། ཁྱད་པར་གསལ་བྱེད་དུ་སེམས་ཅན་ཐམས་ཅད་ལ་ཕན་བའི་སེམས་ཀྱིས་ང་རྒྱལ་ལན་གསུམ་བྱ་བར་བཤད་པ་ལྟར་བྱས་ན་བདེའོ། །སྔོན་དུ་ཡི་གེ་བཞིའི་དོན་ཡིད་ལ་བྱེད་པ་ལ། འགྲེལ་པ་རྣམས་ནས་ཐོག་མར་ༀ་དང་མཐར་ཨ་ཧཾ་སྦྱར་བ་མེད་དོ། །ལུས་དག་པར་བྱས་པའི་དགོས་པ་ནི། ལུས་ཀྱི་བྱ་བ་ཐམས་ཅད་དག་པར་བྱེད་པར་གསུངས་པ་ནི། ཐ་མལ་པའི་ལུས་ཀྱི་བྱ་བ་དག་པར་བྱེད་པའོ། །འགྲོ་བ་ཐམས་ཅད་ཀྱང་ཐོག་མ་མེད་པ་ནས་གྲུབ་ཅིང༌། རང་བཞིན་གྱིས་ཡོངས་སུ་དག་པའི་ཧེ་རུ་ཀའི་གཟུགས་སུ་ཡང་མཚོན་པའོ། །ཞེས་གསུངས་པ་ནི་ཁྱད་པར་གསལ་བྱེད་དུ་ཐོག་མེད་ནས་གྲུབ་པའི་ཞེས་འབྱུང་བ་ལྟར་ཡིན་ལ། གཟུགས་ནི་འགྲེལ་པ་གཞན་གཉིས་སུ་རང་བཞིན་དང༌། ཚུལ་དུ་བསྒྱུར་རོ། །དོན་ནི་ཧེ་རུ་ཀ་དང་སེམས་ཅན་རྣམས་རང་བཞིན་རྣམ་དག་འདྲ་བར་སྟོན་པའོ། །དེ་ནས་ངག་དག་པར་བྱེད་ཚུལ་ནི། མགོར་ༀ་དང་མཐར་ཧཱུཾ་ཧཱུཾ་ཕཊ་དང་ལྡན་པའི་ཨཱ་ལི་ཀཱ་ལིའི་ཕྲིང་བ་འོད་ཟེར་ལྔ་དང་བཅས་པ་ཡོངས་སུ་བསྐོར་ནས་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་ཏེ།


JLD009_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བརླག་པར་བྱ་བར་ལྭ་བ་པའི་འགྲེལ་པར་བཤད། པྲཛྙཱ་རཀྵི་ཏས། འོད་ཟེར་ལྔ་དང་ལྡན་པ་ལན་གསུམ་དུ་བརྗོད་པས་ཡོངས་སུ་བསྐོར་ནས་གནས་པ་ལས་སྔ་མ་བཞིན་སྤྲོས་ཏེ། བགེགས་རྣམས་བསྐྲད་པར་བསམ་ཞེས་བཤད་དེ། སྔ་མའི་དཔེ་ཁ་ཅིག་ལས་ཀྱང་དེ་ལྟར་འབྱུང་ངོ༌། །ཁྱད་པར་གསལ་བྱེད་ལས་གཡོན་སྐོར་གྱིས་ལྟེ་བའི་ཕྱོགས་སུ་ལན་གསུམ་བསྐོར་ནས་གནས་པ་ལས་སྤྲོ་བར་བཤད་པ་ལྟར། བསྐོར་ས་ནི་ལྟེ་བའི་ཕྱོགས་ཡིན་ལ། དེའི་སྒོམ་ཚུལ་ནི་ཚར་གསུམ་བརྗོད་པའི་རེ་རེའི་དུས་སུ་འཁོར་བར་སེམས་པ་ལ་བྱས་ན་སྔ་མ་དང་མཐུན། ལྷ་རྣམས་ཕྱིར་སྤྲོ་བ་ན་སྣ་བུག་གཡས་པ་ནས་དང༌། མཐར་གཡོན་པ་ནས་ཞུགས་ཏེ་ཐིམ་པར་བསམ་མོ། །ངག་དག་པར་བྱས་པའི་དགོས་པ་ནི། ཐ་མལ་གྱི་ངག་གི་བྱ་བ་ཐམས་ཅད་དག་པར་འགྱུར་པའོ། །འདིར་ལྭ་བ་པས་སྒོ་གསུམ་དག་པའི་རྣལ་འབྱོར་སྔོན་དུ་བྱས་ནས། དེའི་རྗེས་སུ་ཚད་མེད་སྒོམ་པར་གང་ལས་ཤེས་ཞེས་པའི་ལན་དུ་བླ་མའི་མན་ངག་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཅེས་པའི་ཚིག་ལས་ཀྱང་ངོ༌། ཞེས་གསུངས་པའི་དང་པོ་དོན་ནི། ལཱུ་ཨི་པའི་གཞུང་ན་དངོས་སུ་མི་གསལ་ཡང་བླ་མའི་མན་ངག་གིས་སྦྱོར་ཅེས་པ་ཡིན་ལ། གཉིས་པའི་དོན་ནི་དང་པོར་རེ་ཤིག་རྣལ་འབྱོར་གྱི་དབང་ཕྱུག་གིས་ཞེས་པའི་ཚིག་གིས་ཀྱང་ཅུང་ཟད་ཙམ་ཟིན་ཏེ། དེའི་དོན་ནི་རེ་ཞིག་དང་པོར་སྒོ་གསུམ་དག་བྱེད་ཀྱི་རྣལ་འབྱོར་གྱིས་རྣལ་འབྱོར་གྱི་དབང་ཕྱུག་ཏུ་


JLD009_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ། དེ་ནས་དེས་ཚད་མེད་བསྒོམ་པར་བྱའོ་ཞེས་པའི་དོན་དུ་ཡང་བཤད་ནུས་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །དེ་རྣམས་ཀྱང་ལཱུ་ཨི་པའི་གཞུང་གི་དབང་དུ་མཛད་པ་ཡིན་གྱི་གཞུང་གཞན་ནས་ཤེས་བྱེད་གསལ་བ་མེད་པ་ནི་མིན་ཏེ། ཡིད་དག་པ་སྔོན་དུ་སྒོམ་པ་ནི། མཁའ་འགྲོ་རྒྱ་མཚོ་ལས་བཤད་ལ། ལུས་དག་པ་ནི། །སྡོམ་འབྱུང་ལས། ཕྱག་གཉིས་ཧེ་རུ་ཀ་སྦྱོར་ལྡན། ཞེས་མངོན་རྟོགས་སྒོམ་པའི་ཐོག་མར་ཧེ་རུ་ཀ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པར་བྱ་བར་ཤིན་ཏུ་གསལ་བར་གསུངས་ལ། འགྲེལ་པས་ཀྱང་ཕྱག་གཉིས་པ་ཡུམ་དང་བཅས་པ་སྒོམ་པར་བཤད་དོ། །ངག་དག་པ་ནི་ཀུན་སྤྱོད་ལས། ཨཱ་ལི་ཀཱ་ལི་བཤད་པའི་སྐབས་སུ། རྣལ་འབྱོར་པ་ཡིས་དང་པོར་བརྗོད། །ཧེ་རུ་ཀ་དཔལ་གཉིས་མེད་འགྱུར། ཞེས་གསུངས་པ་ལས་ཤེས་སོ། །ཁ་ཅིག་ངག་དང་ཡིད་དག་པ་གཉིས་ཀྱི་ཁུངས་སུ་རྩ་རྒྱུད་ལས། ཨཱ་ལི་ཀཱ་ལི་ཞེས་བརྗོད་ནས། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བས། ཞེས་གསུངས་པ་འདྲེན་མོད་ཀྱང་ཤིན་ཏུ་མི་གསལ་བས། འདི་གསུམ་གྱི་ཁུངས་ནི་སྔར་དྲངས་པ་ཉིད་གསལ་ཞིང་སྐབས་དང་འབྱོར་རོ། །དག་པ་གསུམ་པོ་འདི་ཕམ་འཐིང་པ་སྐུ་མཆེད་ནས་བརྒྱུད་པའི་ལཱུ་ཨི་པའི་སྒྲུབ་ཐབས་ལའང་བྱེད་པ་དང་མི་བྱེད་པ་གཉིས་སུ་སྣང་ཡང༌། སྔོན་གྱི་མཁས་པ་མར་དོ་ལ་སོགས་པ་དང༌། ཕྱིས་ཀྱི་མཁས་པ་ཁ་ཅིག་མཛད་པར་སྣང་བ་ལེགས་སོ། །དག་པ་གསུམ་པོ་འདི་ནི་ལཱུ་ཨི་པའི་སྒྲུབ་ཐབས་ཁོ་ན་ལ་མིན་གྱི་དྲིལ་བུ་པ་དང་ནག་པོ་པ་སོགས་ཀྱི་


JLD009_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་སུ་ཡང་ཤེས་པར་བྱ་སྟེ། མ་ན་ཀ་ཤྲཱིས། བདེ་མཆོག་རེ་གཉིས་པའི་ལུས་དཀྱིལ་དང༌། ཀྵནྟི་ཤྲཱིས་སྡོམ་འབྱུང་གི་བཅུ་གསུམ་མ་ལ་ཡང་སྦྱར་བ་བཞིན་ནོ། །དེ་ལྟར་དག་པ་གསུམ་བསྒོམས་ནས་གང་སྒོམ་སྙམ་ན། ཚངས་པ་སྟེ་ཤིན་ཏུ་དག་པའི་མྱང་འདས་ཀྱི་གནས་ཏེ་རྒྱུ་བྱམས་སོགས་བཞི་བསྒོམ་མོ། །ལྷ་ཚངས་པར་སྐྱེ་བའི་རྒྱུ་ལའང་བཤད་པ་ཡོད་དེ། ཚངས་པ་ཕལ་པའོ། །དབང་པོ་རྣོན་པོས་བྱམས་སོགས་བསྡུས་ཏེ་བསྒོམ་པ་ནི། བདག་གིས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བཏོན་ཏེ། དེ་བཞིན་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་ལ་དགོད་པར་བྱའོ་ཞེས་པ་ཡིན་ལ་སོ་སོར་ཕྱེ་སྟེ་སྒོམ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འདོན་པ་དང༌། བདེ་བ་ཆེན་པོ་ལ་འགོད་པ་དང༌། ཐོབ་ཟིན་གྱི་བདེ་བ་བརྟན་པར་འདོད་པ་ནི་རིམ་པ་བཞིན་དུ་སྙིང་རྗེ་དང༌། བྱམས་པ་དང་དགའ་བའོ། །བཏང་སྙོམས་ནི་དེ་བཞིན་ཉིད་ལ་རོ་གཅིག་ཏུ་གནས་པར་འདོད་པའོ། །འདི་བཞི་སྒོམ་པར་མངོན་བརྗོད་ལས་ཀྱང་བཤད་ལ། སྡོམ་འབྱུང་ལས་ཀྱང༌། གཞན་ཕན་བསམ་པ་བྱམས་པ་སྟེ། །སྙིང་རྗེ་གཞན་གྱི་སྡུག་བསྔལ་འཇོམས། །གཞན་བདེས་ཚིམ་པ་དགའ་བ་སྟེ། །སེམས་ཅན་གཞན་སྙོམས་བཏང་སྙོམས་སོ། ཞེས་གསུངས་ཏེ་གཞན་ལ་བདེ་བ་བྱུང་བས་རང་ཚིམ་པ་དགའ་བ་དང༌། སེམས་ཅན་གཞན་རྣམས་སེམས་སྙོམས་པར་འདོད་པ་བཏང་སྙོམས་སུ་བཤད་དོ། །འདི་བཞི་བསྒོམས་པའི་དགོས་པ་ནི་ལྭ་བ་པས། བྱང་ཆུབ་ཏུ་


JLD009_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པས་ནི་དགེ་བའི་རྩ་བ་ཐམས་ཅད་འཕེལ་བའོ། ཞེས་གསུངས་པས་ཚད་མེད་བཞིའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྒྲུབ་པར་འདོད་པ་བསྐྱེད་ནས། དེ་ནས་དོན་དེ་སྒྲུབ་པའི་ཕྱིར་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས་བསྐྱེད་དགོས་སོ། །བོད་ཀྱི་བླ་མ་སྔ་མ་མང་པོས་ཚད་མེད་བསྒོམ་པ་རྣལ་འབྱོར་སྲུང་བ་དང༌། ཕུང་སོགས་བྱིན་གྱིས་རློབ་པ་བདག་སྲུང་དང༌། བསྲུང་འཁོར་སྒོམ་པ་གནས་སྲུང་དུ་བཞེད་པའི་དང་པོ་ནི། ཇོ་བོ་ཆེན་པོའི་འགྲེལ་པ་དང་མཐུན་ནོ། །གཉིས་པ་ནི། ཕུང་ཁམས་སྐྱེ་མཆེད་དག་པར་བྱས་པས་ཀུན་ནས་བསླང་བའི་མཆོད་པ་ལ་སོགས་པ་ནི་མྱུར་དུ་བྱང་ཆུབ་འགྲུབ་པར་བྱེད་པས་དེ་ནས་ཞེས་སོ། །འདི་ལ་གཉིས། བྱིན་གྱིས་བརླབ་ཚུལ་སོ་སོར་བཤད་པ་དང༌། ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ལ་གསུམ། ཕུང་པོ་བྱིན་གྱིས་བརླབ་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། ཁམས་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཚད་མེད་བསྒོམས་པའི་རྗེས་དེ་ནས་ཕུང་པོ་ལྔ་བྱིན་གྱིས་རློབ་པའི་ལྷའི་ང་རྒྱལ་བསྐྱེད་པར་བྱ་སྟེའོ། །གཟུགས་ཀྱི་ཕུང་པོ་ནས་རྣམ་ཤེས་ཀྱི་ཕུང་པོའི་བར་ལྔ་བྱིན་གྱིས་རློབ་པ་ལ་ནི། རིམ་པ་བཞིན་དུ་རྣམ་པར་སྣང་མཛད་ནས་རྡོ་རྗེ་སེམས་དཔའི་བར་ལྔ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏེ་ཕུང་པོ་ལྔ་ཀའི་དེ་བཞིན་ཉིད་བྱིན་གྱིས་རློབས་པ་ལ་ནི། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེའོ། །འདི་དྲུག་གི་ཁ་དོག་ནི། མངོན་བརྗོད་ལས། རིམ་པ་བཞིན་དཀར་སེར་དམར་ལྗང་དཀར་ནག་པོར་བཤད་དེ། ས་བོན་དྲུག་


JLD009_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁ་དོག་ཀྱང་དེ་བཞིན་དུ་བཤད་དོ། །མངོན་བརྗོད་ལས། བསྲུང་འཁོར་གྱི་སྔོན་དུ་ཕུང་པོ་བྱིན་གྱིས་རློབ་པ་དང༌། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་བསྐྱེད་པའི་རྗེས་སུ་ཕུང་པོ་བྱིན་གྱིས་རློབ་པ་དང༌། གོ་ཆའི་ལྷ་རྡོར་སེམས་སོགས་དྲུག་བཤད་པའི་སྐབས་དང༌། ལེའུ་ཉེར་བཞི་པར་དེ་བཞིན་གཤེགས་པ་རིགས་དྲུག་གི་འཁོར་ལོར་བསྒྱུར་བ་དྲུག་གི་དཀྱིལ་འཁོར་གྱི་གཙོ་བོ་བཤད་པའི་སྐབས་བཞི་ལས། དང་པོ་གཉིས་ཀྱི་སྐབས་དང༌། ཀུན་སྤྱོད་དང༌། ཕག་མོ་མངོན་འབྱུང་དང་སཾ་བུ་ཊར། རིགས་དྲུག་གཟུགས་ཕུང་སོགས་དྲུག་དང་སྦྱོར་ཚུལ་དང༌། གོ་རིམ་གཞུང་འདི་བཞིན་དུ་བཤད་ལ། ས་བོན་ནི། བཤད་རྒྱུད་གཞན་དང་དེའི་འགྲེལ་པ་གཉིས་སུ་མི་གསལ་ཡང༌། མངོན་བརྗོད་དང་ཕག་མོ་མངོན་འབྱུང་དང༌། ཁྱད་པར་གསལ་བྱེད་ལས་འབྱུང་ངོ༌། །དེ་ཡང་ཁྱུང་པའི་འགྱུར་ལོ་ཆུང་གིས་བཅོས་པའི་མངོན་བརྗོད་ཀྱི་སྐབས་དང་པོར། ༀ་བྲུཾ་ཨཾ་ཧྲི་ཧོ་ཧཱུཾ་ཞེས་འབྱུང༌། མངོན་བརྗོད་རིག་པ་གཞོན་ནུས་བསྒྱུར་བ་འབྲོག་མིས་བཅོས་པའི་སྐབས་དང་པོར། བྲུཾ་ཨཾ་ཧྲིཿ ཧོ་ཧཱུཾ་ཧི་ཞེས་འབྱུང་ཞིང༌། མངོན་བརྗོད་ཁ་ཅིག་དང༌། ཕག་མོ་མངོན་འབྱུང་དུ་ཡང་དྲུག་པ་མེད་པར་དང་པོ་ལྔ་དེ་བཞིན་དུ་འབྱུང་ངོ༌། །སྐབས་གཉིས་པར་ནི་འགྱུར་གཉིས་ཀ་ལས། རྣམ་སྣང་གི་ས་བོན་ༀ་དུ་བཤད་པ་མ་གཏོགས་པ་གཞན་ལྔ་འདྲའོ། །སྐབས་གསུམ་པར་ནི། ༀ་ཧ་ལ་སོགས་པ་དྲུག་ཏུ་བཤད་ཅིང༌། རྣམ་སྣང་སེར་པོ་དང༌། རྡོ་རྗེ་ཉི་མ་དམར་སེར་དུ་བཤད་པས།


JLD009_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་དང་སྐུ་མདོག་ཀྱང་མི་འདྲའོ། །སྐབས་བཞི་པར་ནི་ས་བོན་དྲུག་ཀྱང་ཇི་བཞིན་མི་འདྲ་ལ། གོ་རིམ་ཀྱང་མི་བསྐྱོད་པ་རྣམ་སྣང་རིན་འབྱུང་འོད་དཔག་མེད་རྡོར་སེམས་ཀྱི་རིམ་པས་བཤད་ལ། ཧེ་རུ་ཀ་ཟུར་པ་མེད་དོ། །དེ་ལྟར་མང་དུ་ཡོད་ཀྱང་སྐབས་འདིའི་རིགས་དྲུག་གི་ས་བོན་ནི། བསྲུང་འཁོར་གྱི་སྔོན་དུ་ཕུང་པོ་བྱིན་གྱིས་རློབ་པའི་ས་བོན་བཤད་པ་ལྟར་བྱེད་རྒྱུ་ཡིན་ལ། དེ་ནི་འབྲོག་མིས་བསྒྱུར་བ་ལྟར་ཁྱད་པར་གསལ་བྱེད་ལས་ཀྱང་འབྱུང་བ་ལེགས་ཀྱི། དྲུག་ཀ་མ་ཚང་བ་དང༌། ༀ་དང་བྲུཾ་གཉིས་འབྱུང་བ་མ་དག་པར་གསལ་ལོ། །དྲུག་པོ་དེ་ལུས་ཀྱི་གནས་གང་དུ་སྒོམ་པ་ནི། རྒྱུད་དང་འདིའི་འགྲེལ་པ་གཞན་རྣམས་ནས་མི་གསལ་ཡང༌། ཁྱད་པར་གསལ་བྱེད་ལས། རིམ་པས་དཔྲལ་བ་ལྟེ་བ་མགྲིན། །རྐང་པ་སྙིང་དང་སྦྱི་བོ་རུའོ། ཞེས་བཤད་ལ། རྣམ་སྣང་སོགས་གནས་དེ་དག་ཏུ་སྒོམ་པའི་རྒྱུ་མཚན་ནི། ཁྱད་པར་གསལ་བྱེད་ལས་གཟུགས་ཕུང་གི་ས་བོན་གྱི་རྟེན་ཡིན་པས། གཟུགས་ཕུང་གི་གནས་ཀྱི་གཙོ་བོ་ནི་མགོ་པོའི་དབུས་སུ་བཤད་དེ། དཔྲལ་བ་ཐིག་ལེའི་གནས་སུ་བཤད་པ་ལ་བསམས་སོ། །ཚོར་ཕུང་དྲོད་ལ་བརྟེན་པས་དེའི་གནས་ཀྱི་གཙོ་བོ་ནི་ལྟེ་བ་དང༌། འདུ་ཤེས་ནི་མིག་ལ་སོགས་པའི་རྣམ་ཤེས་དྲུག་དང་མཚུངས་ལྡན་དུ་འབྱུང་ལ། དབང་པོ་རྣམས་ཕལ་ཆེ་བའི་གནས་མགྲིན་པ་ཡིན་པས། འདུ་ཤེས་ཀྱི་གནས་མགྲིན་པ་དང༌། འདུ་བྱེད་ཀྱི་ཕུང་པོའི་རྩ་ཉོན་དང་ཉེ་ཉོམ་སོགས་ཀྱི་སེམས་བྱུང་གི་རྟེན་རླུང་ཡིན་ལ། དེའི་གནས་ནི་རྐང་པ་གཉིས་ཀྱི་ལོང་བུའི་འོག་དང༌།


JLD009_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ཀྱི་ཕུང་པོ་སེམས་ཀྱི་རྟེན་སྲོག་འཛིན་གྱི་རླུང་སྙིང་ཁར་གནས་པས། རྣམ་ཤེས་ཀྱི་ཕུང་པོའི་གནས་སྙིང་ཁར་བཤད་ཅིང༌། ཧི་ཡིག་སྤྱི་གཙུག་ཏུ་འགོད་པར་བཤད་པ་ཙམ་ལས་རྒྱུ་མཚན་མ་བཤད་དོ། །གནས་དེ་དྲུག་ཏུ་ཡི་གེ་དྲུག་བཀོད་ནས་དེ་རྣམས་ཡོངས་སུ་གྱུར་པ་ལས། རྣམ་སྣང་སོགས་དྲུག་ཏུ་གྱུར་པའི་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པའོ། །ཕྱག་མཚན་ནི་ཁྱད་པར་གསལ་བྱེད་ལས། དང་པོ་གཡས་ན་འཁོར་ལོ་འཕྱར། །གཡོན་པ་དྲིལ་བུ་དཀུར་བརྟེན་པ། །གསུམ་པོ་རིན་ཆེན་པད་མ་དམར། །གཡས་པ་སྣ་ཚོགས་རྡོ་རྗེ་འཕྱར། །གཡོན་རྣམས་དྲིལ་བུ་ཐུགས་ཀར་བསྣམས། །ལྔ་པ་ཐུགས་ཀར་ཕྱག་གཡས་ན། །རྡོ་རྗེ་གཡོན་པ་དྲིལ་བུ་དཀུར། །བརྟེན་པའོ་དེ་བཞིན་གཡོན་པ་གཞན། །མི་བསྐྱོད་པ་ནི་ཕྱག་གཡས་ཀྱིས། །ས་གནོན་ཕྱག་རྒྱས་རྡོ་རྗེ་འཛིན། ཞེས་གསུངས་པ་ལྟར་ཏེ་ཐ་མའི་གཡོན་པས་ཀྱང་དྲིལ་བུ་དཀུར་བརྟེན་པའོ། །ལྭ་བ་པ་དང་པྲཛྙཱ་རཀྵི་ཏས་དྲིལ་བུ་དཀུར་བརྟེན་པ་གསུམ་ནི་བསྙེམས་པ་དང་བཅས་པར་བཤད་ལ། སྒེག་པ་དང་ཞེས་འབྱུང་བ་རྣམས་ནི་སྔ་མ་དང་དོན་འདྲ་བའི་འགྱུར་ཁྱད་ཙམ་སྟེ། དོན་ནི་འགྱིང་བ་དང་བཅས་པའོ། །རིན་འབྱུང་དང་སྣང་མཐའ་དང་དོན་གྲུབ་གསུམ་ནི། ལྭ་བ་པས་གཡས་གསུམ་རོལ་བ་དང་བཅས་པས་འཛིན་ཞིང༌། གཡོན་གསུམ་ལ་ཐུགས་ཀར་འཛིན་པ་ཙམ་ལས་ཁྱད་པར་མ་བཤད་ལ། པྲཛྙཱ་རཀྵི་


JLD009_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཏས་གཡས་གསུམ་གདེངས་པ། གཡོན་གསུམ་རོལ་པ་དང་བཅས་པས་ཐུགས་ཀར་འཛིན་པར་བཤད་པའི་དང་པོ་ནི། ཕྱག་མཚན་འཕྱར་བ་དང་དོན་གཅིག་ལ། རོལ་པ་ཡང་འགྱིང་བའི་དོན་ནོ། །དེ་གསུམ་གྱི་གཡས་པ་གསུམ་གྱིས་དཀུར་འཛིན་ཅིང༌། གཡོན་གསུམ་ཐུགས་ཀར་ཕྱོགས་པ་དང༌། ཧེ་རུ་ཀའི་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་དུ་པྲཛྙཱ་རཀྵི་ཏའི་འགྲེལ་པའི་འགྱུར་ཁ་ཅིག་ལས་འབྱུང་བ་མི་ལེགས་ལ། དེའི་འགྲེལ་པ་རྡོག་འགྱུར་ལས། སྔར་བཤད་པ་བཞིན་འབྱུང་བ། ལྭ་བ་པའི་འགྲེལ་པ་དང་མཐུན་པས་ལེགས་སོ། །མངོན་བརྗོད་ཀྱི་སྐབས་བཞི་པར། མི་འཁྲུགས་པ་དང་རྟག་པའི་རིགས། །རྡོ་རྗེ་ཉི་མ་དེ་བཞིན་ཏེ། །འོད་དཔག་མེད་དང་དོན་ཡོད་གྲུབ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ཞེས་དང༌། དྲུག་པ་རྡོ་རྗེ་སེམས་དཔའ་ཡིན། །ལྔ་བོ་ཧེ་རུ་ཀར་ཤེས་བྱ། །རྡོ་རྗེ་དཔའ་བོ་ཡང་དེ་ཉིད། ཅེས་དང་། གདན་གྱི་རིམ་པ་ཡང་དེ་ཉིད་ལས། གླང་པོ་སེང་གེ་རྟ་དང་ནི། །རྨ་བྱ་དང་ནི་མཁའ་ལྡིང་དང༌། །དེ་ཡི་སྟེང་དུ་ཡི་དྭགས་གདན། ཞེས་འབྱུང་སྟེ། གཞུང་ཁ་ཅིག་ལས། རོ་སྟེང་དེ་དག་རིམ་བཞིན་དུ། །རིགས་དྲུག་གཙོ་བོ་བསྒོམ་པར་བྱ། ཞེས་ཀྱང་འབྱུང་བ་དང༌། ཡང་དེ་ཉིད་ལས། རྡོ་རྗེ་ལག་གིས་ས་ལ་རེག །རྡོ་རྗེ་དྲིལ་བུ་དཀུར་བརྟེན་ཅིང༌། །ཞལ་གྱི་མཆུ་ནི་རྣམ་པར་བསྒྱུར། །འཁོར་ལོ་དྲིལ་བུ་འགྱིང་དང་བཅས། །རིན་ཆེན་དྲིལ་བུ་དེ་བཞིན་ཏེ། །པད་མ་དྲིལ་བུའི་རིམ་པ་དང༌། །དྲིལ་བུ་སྣ་ཚོགས་རྡོ་རྗེ་ཉིད། །ཐམས་ཅད་བསྙེམས་པར་


JLD009_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བསྒོམས་ཏེ། ཞེས་མི་བསྐྱོད་པ་ལ་སོགས་པ་ལྔའི་ཕྱག་མཚན་དང༌། པད་མ་དང་ཟླ་ཉིའི་དབུས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དང༌། ཕྱག་རྒྱ་དྲུག་གིས་བརྒྱན་པར་བཤད་དེ། དཀྱིལ་འཁོར་དྲུག་གི་དབུས་སུ་རེ་རེས་གཙོ་བོ་བྱེད་པའི་སྐབས་སུ་བཤད་དོ། །འདིར་ནི་འགྲེལ་པ་གསུམ་གར་སྦྱན་གསུམ་པ། རལ་པའི་ཅོད་པན་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་དུ་བཞུགས་པ་དང༌། ཧེ་རུ་ཀ་མི་བསྐྱོད་པར་བཤད་ཅིང༌། དེའི་ཕྱག་མཚན་འཛིན་ཚུལ་ནི་མངོན་བརྗོད་དང་མཐུན་ནོ། །འདིར་བོད་ཁ་ཅིག་གིས། ཨ་བྷྱ་ཀ་ར་དང༌། བི་བྷུ་ཏི་ཙནྟྲས་རྡོར་སེམས་དྲུག་པ་དང༌། ཧེ་རུ་ཀ་མི་བསྐྱོད་པར་བཞེད་པ། མངོན་བརྗོད་ལས་རྡོར་སེམས་དྲུག་པར་གསུངས་པ་དང༌། གདན་དྲུག་གི་རིམ་པ་དང༌། ཕྱག་མཚན་སྔར་དྲངས་པ་ལྟར་བཤད་པ་དང༌། རྡོ་རྗེ་མཁའ་འགྲོར། རྣམ་ཤེས་རྡོ་རྗེ་སེམས་དཔའ་ཉིད། ཅེས་པའི་འགྲེལ་པར། རྡོ་རྗེ་སེམས་དཔའ་ཉིད་ནི་མི་བསྐྱོད་པའོ་ཞེས་དང༌། ལྭ་བ་པས་རྩ་རྒྱུད་ཀྱི་འགྲེལ་པར་རྡོར་སེམས་མི་བསྐྱོད་པ་དང༌། ཧེ་རུ་ཀ་དྲུག་པར་བཤད་པས་སོ། ཞེས་འགོག་པར་བྱེད་དོ། །དེ་ལ་རྡོར་སེམས་དྲུག་པར་བཤད་པ་ནི། མི་བསྐྱོད་པ་ནས་དོན་གྲུབ་ཀྱི་བར་གྱི་རིགས་ལྔ་ལ་ལྟོས་པའི་དྲུག་པ་རྡོ་རྗེ་འཆང་ཡིན་ལ། དེས་ན་ལུང་དེ་རྡོར་སེམས་དྲུག་པ་ཡིན་པའི་ཤེས་བྱེད་ཡིན་གྱི། གནོད་བྱེད་ག་ལ་ཡིན། གལ་ཏེ་ཤེས་བྱེད་ཡིན་ཀྱང་རྣམ་ཤེས་ཀྱི་ཕུང་པོ་དང་སྦྱར་བའི་རྡོར་སེམས་དྲུག་པར་འདོད་པ་ལ་གནོད་བྱེད་ཡིན་ཏེ། དེ་ནི་རྣམ་སྣང་


JLD009_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བགྲངས་པའི་ལྔ་པ་ཡིན་པས་སོ་སྙམ་ན། རྣམ་སྣང་ནས་བགྲངས་པའི་ལྔ་པ་དང༌། ཐོག་མ་མི་བསྐྱོད་པ་ལ་བྱས་པའི་དྲུག་པ་གཉིས་ལ་འགལ་བ་ཅུང་ཟད་ཀྱང་མེད་ལ། མི་བསྐྱོད་པ་དང་རྣམ་ཤེས་ཀྱི་ཕུང་པོ་གཉིས་སྦྱར་བ་གཞན་དུ་མང་དུ་བྱུང་ཡང་བདེ་མཆོག་གི་རྒྱུད་དུ་མ་ཞིག་ཏུ། རྣམ་ཤེས་ཀྱི་ཕུང་པོ་དང་རྡོར་སེམས་སྦྱར་བས་རྡོ་རྗེ་འཆང་ཕུང་པོ་དེ་དང་སྦྱོར་བ་ལ་ཡང་འགལ་བ་མེད་དེ། དཔེར་ན་གཞུང་མང་པོར་རྣམ་སྣང་དཀར་པོར་བཤད་ཀྱང་གོ་ཆའི་སྐབས་སུ་སེར་པོར་བཤད་པ་བཞིན་ནོ། །གལ་ཏེ་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔ་ནི་ཉི་ཚེ་བ་དང༌། རྡོ་རྗེ་འཆང་ནི་ཁྱབ་བདག་གི་རིགས་སུ་བཤད་ལ། འདིར་ཡང་ཧེ་རུ་ཀ་ཕུང་པོ་ལྔ་ཀ་ཚོགས་པའི་དེ་ཉིད་ལ་བཤད་པས་སྤྱིའི་རྣམ་དག་ཡིན་ལ། ཕུང་པོ་ལྔ་སོ་སོའི་དག་བྱེད་ནི་ཉི་ཚེ་བ་ཡིན་པས། རྡོ་རྗེ་འཆང་ཕུང་པོ་སོ་སོ་བའི་དག་བྱེད་ཀྱི་ནང་དུ་བགྲང་བ་མི་འཐད་པས། རྣམ་ཤེས་ཀྱི་ཕུང་པོ་དང་སྦྱར་བའི་རྡོར་སེམས་ནི། མིང་ལ་དེ་ལྟར་བྱུང་ཡང་དོན་ནི་མི་བསྐྱོད་པ་དང༌། ཧེ་རུ་ཀ་ནི་རྡོ་རྗེ་འཆང་དུ་རིགས་སོ་སྙམ་ན། འདི་ནི་དེ་ལྟར་འདོད་པ་རྣམས་ཀྱི་སྒྲུབ་བྱེད་དངོས་གཞིར་སྣང་མོད་ཀྱང་རྣམ་སྣང་དང་སྣང་མཐའ་དང་མི་བསྐྱོད་པ་གསུམ་སྐུ་གསུམ་ཐུགས་རྡོ་རྗེ་གསུམ་དུ་བསྡུས་པ་ན། དྲུག་པ་རྡོ་རྗེ་འཆང་མི་བསྐྱོད་པའི་ནང་དུ་བསྡུས་པར་སྤྱོད་བསྡུས་ལས་གསུངས་པ་ཡང་ཡོད་པས། མི་བསྐྱོད་པ་རིགས་ཉི་ཚེ་བར་མ་ངེས་ལ། བདེ་སྟོང་གཉིས་ཕན་ཚུན་རྒྱས་འདེབས་པའི་རྒྱུ་མཚན་གྱིས་རྡོ་རྗེ་འཆང་དང་མི་བསྐྱོད་པ་གཉིས་


JLD009_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཕན་ཚུན་དུ་རྒྱས་འདེབས་པའི་ཕྱིར་ཡང་རིགས་ཉི་ཚེ་བར་མ་ངེས་སོ། །སྒྲུབ་ཐབས་ཀྱི་འགྲེལ་པ་ལྭ་བ་པས་མཛད་པ་ལས་ཀྱང༌། སྒྲུབ་ཐབས་འདིར་རྡོ་རྗེ་སེམས་དཔའ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། མི་བསྐྱོད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། ཞེས་གསུངས་པས་རྣམ་ཤེས་ཀྱི་ཕུང་པོ་ལ་རྡོར་སེམས་སུ་བཤད་ནས། ཧེ་རུ་ཀ་ཟུར་དུ་བཤད་པ་སྒྲུབ་ཐབས་འདི་དང་འདི་འདྲ་བ་རྣམས་སུ་ནི། ཡུལ་ཅན་གྱི་ཆོས་དབྱིངས་ཡེ་ཤེས་རྡོ་རྗེ་འཆང་དང༌། ཡུལ་ཆོས་དབྱིངས་མི་བསྐྱོད་པར་འཆད་པ་ཡིན་ལ། རྣམ་ཤེས་ལ་མི་བསྐྱོད་པར་བཤད་ནས་རྡོར་སེམས་ཟུར་དུ་འཆད་པ་ལྟར་ན་དེ་གཉིས་བཟློག་སྟེ་བྱ་དགོས་པས་ཁྱད་པར་གཉིས་པོ་ལེགས་པར་ཕྱེད་པར་བྱའོ། །ཕྱག་མཚན་ཁུངས་སུ་དྲངས་པ་ལྟར་ན་མི་བསྐྱོད་པའི་ཕྱག་མཚན་འཛིན་ཚུལ་ཧེ་རུ་ཀའི་ཕྱག་མཚན་འཛིན་ཚུལ་དུ་འོང་བས་དེ་ཡང་གནོད་བྱེད་དུ་མི་འགྲོའོ། །གདན་གྱི་རིམ་པ་ནི་མི་བསྐྱོད་པ་ནས་རྡོར་སེམས་ཀྱི་བར་དྲུག་གི་རིམ་པའི་དབང་དུ་མཛད་ཀྱི་རྡོར་སེམས་ལྔ་པར་བཤད་པའི་རིམ་པ་དང་མི་འགྲིག་ཅིང༌། རྣམ་ཤེས་ཀྱི་ཕུང་པོ་དང་སྦྱར་བའི་ལྷ་གང་ཡིན་ལ་གླང་པོ་ཆེའི་གདན་དགོས་པར་སྟོན་པ་ཡང་མིན་ལ། ཧེ་རུ་ཀ་ལ་རོ་གདན་སྟོན་པ་ཡང་མིན་ནོ། །རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ཨ་བྷྱཱ་སོགས་ལ་གནོད་བྱེད་དུ་འདྲེན་པ་ནི་ལུང་འདྲེན་པའི་ཡུལ་དེས་ལུང་དེ་ཚད་མར་ཁས་བླངས་དགོས་མི་དགོས་མ་དཔྱད་པའོ། །འཁྲུལ་སྤོང་དང་ཁྱད་པར་གསལ་བྱེད་


JLD009_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མི་བསྐྱོད་པ་རྣམ་ཤེས་ཀྱི་ཕུང་པོ་དང་སྦྱར་ནས། ཕུང་པོ་ལྔའི་དེ་བཞིན་ཉིད་ལ་རྡོར་སེམས་སུ་བྱས་པ་དང༌། ཡང་ན་ཕུང་པོ་ལྔའི་དེ་ཉིད་མི་བསྐྱོད་པ་དང༌། རྡོར་སེམས་རྣམ་ཤེས་ཀྱི་ཕུང་པོ་དང་སྦྱོར་བའི་གདམ་ང་ཅན་དུ་བྱས་ནས། ཕན་ཚུན་ངོ་བོ་གཅིག་ཏུ་རྟོགས་པའི་ཕྱིར་རྣམ་སྣང་སོགས་ལ་ཡང་མི་བསྐྱོད་པས་རྒྱས་བཏབ་པའོ། ཞེས་འདོད་ཀྱི་ཕྱོགས་གཅིག་ངེས་གཟུང་དུ་མི་འདོད་དོ། །ལྭ་བ་པའི་རྩ་རྒྱུད་ཀྱི་འགྲེལ་པར་ཕུང་པོ་བྱིན་བརླབ་ཀྱི་སྐབས་སུ་རྡོར་སེམས་མི་བསྐྱོད་པར་མ་བཤད་ཀྱི་མི་བསྐྱོད་པ་རྣམ་ཤེས་ཀྱི་ཕུང་པོ་དང་སྦྱར་ནས་ཧེ་རུ་ཀ་ཟུར་དུ་འཆད་པ་ལྟར་ན། ཧེ་རུ་ཀ་མི་བསྐྱོད་པར་མི་བྱེད་ཀྱང་ལཱུ་ཨི་པ་ལྟ་བུ་རྣམ་ཤེས་ཀྱི་ཕུང་པོ་ལ་རྡོར་སེམས་སུ་བཤད་ནས། ཧེ་རུ་ཀ་ཟུར་དུ་འཆད་པ་ལྟར་ན་ཧེ་རུ་ཀ་མི་བསྐྱོད་པ་ལ་འཆད་པ་ལ་འགལ་བ་ཅི་ཡང་མེད་དེ། དེ་གཉིས་རྣམ་གཞག་སོ་སོ་བ་ཡིན་པའི་ཕྱིར་རོ། །པྲཛྙཱ་རཀྵི་ཏས་ཕུང་པོ་ལྔ་རིམ་པ་བཞིན་དུ། དབུ་བ་དང༌། ཆུ་བུར་དང༌། སྨིག་རྒྱུ་དང་། ཆུ་ཤིང་དང༌། སྒྱུ་མ་ལྟ་བུ་བཞིན་དུ་སྒོམ་པའམ། ཡང་ན་དེ་རྣམས་ལས་གཞན་རྣམ་སྣང་ལ་སོགས་པའི་ལྷར་མོས་པ་ཉིད་ཀྱིས་དེ་རྣམས་རྣམ་པར་དག་པའོ། ཞེས་བཤད་པ་ནི་ལྭ་བ་པས། གལ་ཏེ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ལྷར་མོས་པ་ཁོ་ན་དེ་རྣམས་རྣམ་པར་དག་པའོ། ཞེས་གསུངས་པའི་དོན་ཡིན་ལ། དེ་ནི་སྔར་དབུ་བ་སོགས་དང་འདྲ་བའི་ཕྱིར་རྣམ་སྣང་ལ་སོགས་པའོ། ཞེས་བཤད་པ་དེ་ལ་ཡང་རྣམ་སྣང་ལ་སོགས་པའི་སྐུར་མོས་པ་དགོས་པར་སྟོན་པའི་དོན་ཡིན་གྱི་ཕུང་པོ་རྣམས་རང་བཞིན་མེད་པར་མོས་


JLD009_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ལྷར་སྒོམ་པ་གང་རུང་གི་ཆོག་པར་སྟོན་པ་མིན་ནོ། །གཉིས་པ་ནི། མིག་གཉིས་སུ་ༀ་དཀར་པོ་ལས་གཏི་མུག་ཟད་པར་བྱེད་པའི་རྡོ་རྗེ་དཀར་པོ་དང༌། རྣ་བ་གཉིས་སུ་ཧཱུཾ་ནག་པོ་ལས། ཞེ་སྡང་འཇོམས་པའི་རྡོ་རྗེ་ནག་པོ་དང༌། སྣའི་བུག་པ་གཉིས་སུ་ཏྲཾ་སེར་པོ་ལས། སེར་སྣ་ཉམས་པར་བྱེད་པའི་རྡོ་རྗེ་སེར་པོ་སྟེ། མངོན་བརྗོད་ལས། སྣ་གཉིས་ནི་སེར་སྣ་རྡོ་རྗེའོ་ཞེས་དང༌། ལྭ་བ་པས། སེར་སྣ་རྡོ་རྗེ་སྣ་བུག་གཉིས་སུ་འགོད་པར་གསུངས་པ་ལྟར་བྱའོ། །ཀུན་སྤྱོད་ལས། ལྕེ་ལ་ནི་འདོད་ཆགས་རྡོ་རྗེའོ། ཞེས་དང༌། ལྭ་བ་པས་ཀྱང༌། ལྕེའི་རྩ་བར་འགོད་པར་བཤད་པས། ཁ་སྟེ་ལྕེའི་རྩ་བར་ཨཾ་དམར་པོ་ལས་འདོད་ཆགས་ཟད་པར་བྱེད་པའི་རྡོ་རྗེ་དམར་པོ་དང༌། ཁྱད་པར་གསལ་བྱེད་ལས། ཕྲག་དོག་རྡོ་རྗེ་ལུས་དཔྲལ་ལ། ཞེས་པ་ལྟར་རེག་ལ་སྟེ་རེག་བྱེད་ལུས་ཀྱི་དཔྲལ་བར་ཁཾ་ལྗང་ཁུ་ལས་ཕྲག་དོག་ཟད་པར་བྱེད་པའི་རྡོ་རྗེ་ལྗང་གུའོ། །འདིར་སྒྲུབ་ཐབས་ཀྱི་གཞུང་ལོ་ཆེན་གྱི་འགྱུར་དང་དེ་མར་དོས་བཅོས་པ་ལ་སྣ་ལ་སེར་སྣ་དང༌། རེག་ལ་ཕྲག་དོག་ཅེས་འབྱུང་ཞིང༌། ཇོ་བོའི་འགྲེལ་པ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེའི་གཞུང་དུ་ཡང་དེ་བཞིན་དུ་འབྱུང༌། ཀུན་སྤྱོད་དང་སཾ་བྷུ་ཊ་དང༌། རྡོ་རྗེ་མཁའ་འགྲོར་ཡང་སྣ་ལ་སེར་སྣ་དང༌། ལུས་ལ་ཕྲག་དོག་རྡོ་རྗེ་ཞེས་འབྱུང་ཞིང༌། མངོན་བརྗོད་ཀྱི་སྐབས་འགའ་ཡར་དུ་ཡང་དེ་བཞིན་དུ་འབྱུང་ལ། པྲཛྙཱ་རཀྵི་ཏའི་འགྲེལ་པར་སྣ་ལ་ཕྲ་མ་རྡོ་རྗེ་ཞེས་བཤད་དོ། །མར་དོ་རྐྱང་པ་དང་ཆག་གི་འགྱུར་དང་། ལྭ་བ་བའི་འགྲེལ་པ་དང་། མངོན་བརྗོད་ཀྱི་


JLD009_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འགའ་དང༌། ཕག་མོ་མངོན་འབྱུང་དུ་ཡང་སྣ་ལ་ཕྲག་དོག་རྡོ་རྗེ་ཞེས་འབྱུང་ཡང་རྒྱུད་དང་བསྟན་བཅོས་གཞན་ནས་འབྱུང་བ་དང་མཐུན་པས། སྣ་ལ་སེར་སྣའམ་ཕྲ་མ་དང་། ལུས་ལ་ཕྲག་དོག་རྡོ་རྗེར་བཤད་པ་བཞིན་བྱས་ན་ལེགས་པར་མངོན་ནོ། །རེག་བྱ་ལ་ཞེས་པ་ནི་འགྱུར་མ་ལེགས་པས། མན་སྙེར་རེག་བྱེད་ལ་ཞེས་བསྒྱུར་བ་ལྟར་བྱ་ལ། རེག་ལ་ཞེས་འབྱུང་བའི་དོན་ཡང་དེའོ། །ཁྱད་པར་གསལ་བྱེད་ལས། བྱང་ཆུབ་སེམས་དཔའ་དབང་ཕྱུག་སྦྱིན། །སྐྱེ་མཆེད་རྣམས་ཀྱི་རང་སྙིང་ལའོ། ཞེས་པ་ལྟར་སྐྱེ་མཆེད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་སྐྱེ་མཆེད་ཐམས་ཅད་དེ་ཡིད་ཀྱི་སྐྱེ་མཆེད་ལ་སྟེ་དེའི་གནས་སྙིང་ཁར་ཧཾ་དཀར་པོ་ལས་དབང་ཕྱུག་ཐམས་ཅད་སྦྱིན་པར་བྱེད་པའི་རྡོ་རྗེ་དཀར་པའོ། །དེ་དག་ནི་རྒྱུད་གཞན་ནས་ས་སྙིང་དང༌། ཕྱག་རྡོར་དང་ནམ་སྙིང་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་སེལ་དང༌། ཀུན་བཟང་ཞེས་གསུངས་པ་རྣམས་སོ། །ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་གཉིས་པ། རལ་པའི་ཅོད་པན་ཅན་སྦྱན་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གིས་བཞུགས་པའི་དང་པོའི་གཡས་ཀྱིས་འཁོར་ལོ་འཕྱར་ཞིང༌། གཉིས་པའི་གཡས་ཀྱིས་ཐུགས་ཀར་རྡོ་རྗེ་དང༌། གཡོན་གཉིས་སྒེག་པ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ་དང༌། དེ་ནས་གསུམ་གྱིས་རིམ་པ་བཞིན་གཡས་ཀྱིས་རིན་པོ་ཆེ་དང༌། པད་མ་དམར་པོ་དང༌། སྣ་ཚོགས་རྡོ་རྗེ་རོལ་པ་དང་བཅས་པས་འཕྱར་ཞིང༌། གཡོན་གསུམ་རོལ་པ་དང་བཅས་པས་དྲིལ་བུ་ཐུགས་ཀར་འཛིན་པ་དང༌། དྲུག་པས་


JLD009_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང༌། གཡོན་སྒེག་པ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པའོ། །མིག་ལ་སོགས་པ་ལ་གནས་ཀྱི་སྒོ་ནས་གཉིས་གཉིས་ཡོད་ཀྱང་ལྷ་རང་གི་ངོ་བོའི་སྒོ་ནས་གཅིག་ཏུ་བགྲང་པས་སྐྱོན་མེད་དོ། །འདི་དྲུག་གི་ས་བོན་དྲུག་ནི། འགྲེལ་པ་གསུམ་ནས་མི་འབྱུང་ཡང་མངོན་བརྗོད་ཀྱི་བསྲུང་འཁོར་གྱི་སྔོན་དུ་བཤད་པའི་སྐབས་སུ་འབྱུང་བ་བཞིན་ཡིན་ནོ། །མངོན་བརྗོད་ལས་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་བསྐྱེད་པའི་སྐྱེ་མཆེད་བྱིན་གྱིས་རློབ་པའི་སྐབས་སུ་བྲུཾ་དཀར་པོ། ཧཱུཾ་ནག་པོ། ཁཾ་སེར་པོ། ཨ་དམར་པོ། ཧཾ་ལྗང་གུ་དང༌། ཧཾ་དཀར་པོ་དྲུག་བཤད་མོད་ཀྱང་སྐབས་འདིར་ནི་སྔ་མ་དྲུག་སྐབས་སུ་བབ་བོ། །གསུམ་པ་ནི། ཁྱད་པར་གསལ་བྱེད་ལས། འདི་རྣམས་རིམ་པས་ལྟེ་བ་སྙིང༌། །མགྲིན་པ་དཔྲལ་བ་གསང་གནས་སུ། ཞེས་གསུངས་པ་ལྟར་རང་ལུས་ཀྱི་སའི་ཁམས་ལ་སྟེ་ལྟེ་བར་ནི་ལཾ་སེར་པོ་ལས་ལྟུང་བྱེད་མ་སེར་མོའོ། །ཆུའི་ཁམས་ལ་སྟེ་སྙིང་ཁ་ལ་ནི་མཱཾ་ནག་པོ་ལས་གསོད་བྱེད་མ་ནག་མོའོ། །མེའི་ཁམས་ལ་སྟེ་མགྲིན་པ་ལ་ནི་པཾ་དམར་པོ་ལས་འགུགས་བྱེད་མ་དམར་མོའོ། །རླུང་གི་ཁམས་ལ་སྟེ་དཔྲལ་བར་ནི་ཏཱཾ་ལྗང་ཁུ་ལས་གར་གྱི་དབང་ཕྱུག་མ་ལྗང་ཁུའོ། །ནམ་མཁའི་ཁམས་ལ་སྟེ་གསང་གནས་ལ་ནི་ཁཾ་དུད་ཁ་ལས་པད་མའི་དྲ་བ་ཅན་མ་དུད་ཁ་སྟེ། དང་པོ་བཞི་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་པ། སྐྲ་གྲོལ་བ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གིས་བཞུགས་པའི་གཡས་པ་ན་ནི། ཁྱད་པར་གསལ་བྱེད་ལས།


JLD009_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྡོ་རྗེ་པད་རལ་གྲི། །གཡས་པའི་གཞན་ན་གྲི་གུག་གོ །ཞེས་པ་ལྟར་དང༌། གཡོན་པ་རྣམས་ན་ནི་གཡོན་ན་ཐོད་པ་ཁ་ཊྭཱཾ་ག །ཞེས་པ་ལྟར་དང༌། ལྔ་པ་ནི་རྩ་ཞལ་དུད་ཁ་གཡས་དཀར་གཡོན་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་གྱིས་གྲི་གུག །ཚངས་མགོ་ལྕགས་ཀྱུ་དང༌། གཡོན་གསུམ་གྱིས་ཐོད་པ་ཁ་ཊྭཱཾ་ག་ཞགས་པ་འཛིན་པ། ལྷག་མ་ནི་གཞན་བཞི་དང་འདྲའོ། །འདི་རྣམས་རང་རང་གི་འབྱུང་བའི་དཀྱིལ་འཁོར་ལ་བཞུགས་པར་མངོན་བརྗོད་ལས་སོ། །འདི་ལྔ་ནི་སྤྱན་སོགས་བཞི་དང་། ཆོས་དབྱིངས་རྡོ་རྗེ་མར་འགྲེལ་པ་གཉིས་ནས་བཤད་ལ། མན་སྙེར་ལྔ་པ་རྡོ་རྗེ་སྙེམས་མར་བཤད་དོ། །ས་བོན་ལྔ་པོ་འདི་ཡང་འགྲེལ་པ་གསུམ་ན་མི་གསལ་ཡང་མངོན་བརྗོད་དང་ཕག་མོ་མངོན་འབྱུང་ལས་བསྲུང་འཁོར་གྱི་སྔོན་དུ་བཤད་པ་བཞིན་ཡིན་ལ། མངོན་བརྗོད་ལས། དཀྱིལ་འཁོར་པའི་གཙོ་བོ་ཡབ་ཡུམ་བསྐྱེད་ནས་ཁམས་བྱིན་གྱིས་རློབ་པའི་སྐབས་སུ། ལཾ་མཱཾ་རཾ་ཡཾ་ཁཾ་ལྔ་བཤད་ཀྱང་འདིར་སྔ་མ་སྐབས་སུ་བབ་བོ། །དེ་ནས་ༀ་པྲ་ཀྲི་ཏ་པ་རི་ཤུདྡྷ་སརྦ་དྷ་རྨ་པྲ་ཀྲི་ཏ་པ་རི་ཤུདྡྷོ྅ཧཾ། ཞེས་བརྗོད་ལ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པ་ནི་ངའོ་སྙམ་དུ་སྔགས་དོན་ལྟར་ང་རྒྱལ་བརྟན་པོ་གཟུང་ངོ༌། །སྔགས་འདི་མངོན་བརྗོད་ཁ་ཅིག་ལས་མི་འབྱུང་ཡང་གཞན་ཁ་ཅིག་དང་ཕག་མོ་མངོན་འབྱུང་ལས་གསུངས་སོ། །འདིར་ཇོ་བོ་ཆེན་པོའི་མན་ངག་བཞིན་ལོ་ཆེན་གྱིས་སྒྲུབ་ཐབས་ཀྱི་དོན་བཤད་པ་ལས། དབང་པོ་ཐ་མས་ཕུང་སོགས་ལྷའི་སྐུར་སྒོམ། འབྲིང་གིས་ཡི་


JLD009_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གེ་རྣམས་བསྒོམ། དབང་པོ་རབ་ཀྱིས་རྣམ་སྣང་ལ་སོགས་པར་མོས་པ་བྱ་གསུང་སྟེ། ལྷའི་སྐུ་སྒོམ་པ་ལ་མ་བྱང་བའི་དུས་སུ་སྐུ་མདོག་ཕྱག་མཚན་སོགས་རེ་རེ་ནས་སྒོམ་པ་དང༌། དེ་ལ་བྱང་བའི་སྐབས་སུ་ཡི་གེ་ལྷའི་རང་བཞིན་དུ་ཤེས་ནས་སྒོམ་པ་དང༌། ཆེས་ཤིན་ཏུ་བྱང་བའི་དུས་གསུམ་ལ་དགོངས་པ་འདྲའོ། །རབ་འབྱོར་ཞི་བས་དབང་པོ་རབ་ཀྱིས་ཕུང་པོ་དང༌། འབྲིང་གིས་དེ་དང་སྐྱེ་མཆེད་གཉིས་དང༌། ཐ་མས་དེ་གཉིས་དང་ཁམས་དང་གསུམ་ག་བྱིན་གྱིས་རློབ་པ་བྱ་ཞེས་ཟེར་རོ། །མར་དོས་ས་བོན་ལ་མི་ལྟོས་པར་བསྐྱེད་གསུང་མོད་ཀྱང་རྒྱུད་ཀྱི་དགོངས་པ་ས་བོན་ལས་སྐྱེད་པ་ཡིན་ནོ། །འདི་རྣམས་སྒོམ་པ་ནི། སྡོམ་འབྱུང་ལས། ཕྱག་གཉིས་ཧེ་རུ་ཀ་སྦྱོར་ལྡན། །ཕུང་པོ་ལ་སོགས་ང་རྒྱལ་བྱ། ཞེས་ལྷ་བཅུ་གསུམ་མ་ལ་ཡང་གསུངས་ཤིང༌། མངོན་བརྗོད་ལས་སྔོན་དུ་ཕུང་སོགས་བྱིན་གྱིས་རློབ་པ་བཤད་པ་འདི་སྐུ་གསུང་ཐུགས་དམ་ཚིག་ཡེ་ཤེས་ཀྱི་བདེ་མཆོག་རིགས་ལྔའི་ལྷ་ལྔ་མའི་བར་དང༌། དཔའ་བོ་གཅིག་པའི་དཀྱིལ་འཁོར་གྱི་ལུས་དཀྱིལ་ཀུན་གྱི་ཐུན་མོང་བར་མངོན་བརྗོད་ཀྱི་འགྲེལ་པར་བཤད་པ་རྒྱུད་ཀྱི་དགོངས་པ་ཡིན་པས་དེ་རྣམས་ཀུན་ལ་ཤེས་པར་བྱོས་ཤིག །གཉིས་པ་ནི། ཕུང་པོ་བྱིན་གྱིས་རློབ་པ་ལ་དྲུག་དང༌། ནང་གི་སྐྱེ་མཆེད་བྱིན་རློབ་ལ་དྲུག་དང༌། ཁམས་བྱིན་གྱིས་རློབ་པ་ལ་ལྷ་ལྔ་སྒོམ་པ་དེ་ལྟར་ན་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་གནས་རྣམས་སུ་དེ་རྣམས་བསྒོམས་ནས་དག་པར་བྱེད་པའི་ལྷ་སོ་སོའི་རྣམ་པར་དག་པ་བཤད་པའོ་ཞེས་དོན་བསྡུས་སོ། །


JLD009_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྤྱོད་ལས། དེ་ལྟར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་ལྷའི་ང་རྒྱལ་བསྐྱེད་པར་བྱའོ། ཞེས་གསུངས་པས་ལྷ་བཅུ་བདུན་པོ་རང་གི་ལུས་ལ་བཀོད་པ་ཙམ་མིན་གྱི་ལྷ་རྣམས་སྐྱེད་པ་ན་རང་ཉིད་ལྷ་དེ་དང་དེའོ་སྙམ་དུ་ང་རྒྱལ་བསྐྱེད་དགོས་སོ། །གསུམ་པ་ལ་གཉིས། བདེ་མཆོག་གི་སྐོར་ནས་བསྲུང་འཁོར་གསུངས་ཚུལ་དང༌། སྐབས་སུ་བབ་པའི་གཞུང་བཤད་པའོ། །དང་པོ་ནི། རྩ་རྒྱུད་ལས། ར་བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུ་མཚོན་ཆ་དགོད་པར་བྱ། །འཁོར་ལོ་གནས་པའི་བདག་ཉིད་མཉམ། །སྟེང་དུ་མདའ་ཡི་དྲ་བ་བྱ། །མཁའ་སྤྱོད་དུ་ནི་གུར་བྱ་སྟེ། །དེ་དག་གིས་ནི་གོ་ཆར་འགྱུར། །དེ་ལྟར་གོ་བགོས་སུམ་ཅུ་ནི། །རྩ་གསུམ་པས་ཀྱང་གཞིག་མི་ནུས། ཞེས་རྡོ་རྗེའི་ས་གཞི་དང༌། ར་བ་རྣམས་དང་། གུར་དང་མདའ་ཡི་དྲ་བ་བྱ་བར་གསུངས་ཏེ། མཚོན་ཆ་ནི་རྡོ་རྗེའི་ས་གཞིར་བཤད་ལ། མཁའ་སྤྱོད་ནི་སྟེང་གི་ནམ་མཁའོ། །རྐང་པ་གསུམ་པ་ལ། འཁོར་ལོ་བདག་ཉིད་མཚོན་ཆ་མཉམ། ཞེས་ཀྱང་འབྱུང་ལ་དེའི་དོན་འཁོར་ལོར་གནས་པ་དང༌། མི་གནས་པའི་རང་ཉིད་གཉིས་མཚོན་ཆའི་དྲ་བས་གོ་བགོ་བ་མཉམ་པར་བྱ་བའི་དོན་དུ་རྒྱལ་བ་བཟང་པོས་བཤད་ལ། གཉིས་ཀའི་བཤད་སྦྱར་དུ། བདག་ཉིད་འཁོར་ལོ་ལ་གནས་པ། ཞེས་འབྱུང་ཞིང༌། དེའི་དོན་བསྲུང་འཁོར་གྱི་ལྟེ་བ་ལ་གནས་པ་ལ་བཤད་དོ། །རྩ་རྒྱུད་ཀྱི་དོན་དེ་བཤད་རྒྱུད་ཀྱིས་འགྲེལ་པ་ལ་ཚུལ་གསུམ་ཡོད་པའི་དང་པོ་མངོན་བརྗོད་ལས་བཤད་ཚུལ་ནི། འོད་ཟེར་ཕྱོགས་བཅུར་སྤྲོས་པ་ལས། རྡོ་རྗེའི་ས་གཞི་དང་ར་བ་དང་དྲ་བ་དང་།


JLD009_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བླ་རེ་དང་མདའི་དྲ་བ་དང༌། རྡོ་རྗེའི་མེ་འབར་བར་བསམས་ནས་མེ་དི་ནི་ལ་སོགས་པའི་སྔགས་དྲུག་བརྗོད། དེ་ནས་ཧེ་རུ་ཀའི་བཀའི་འཁོར་ལོ་རྩིབས་བརྒྱད་པ་འབར་བ་བལྟས་ནས་དེའི་དབུས་སུ་ཉི་མ་ལ་རྡོར་སེམས་དཀར་པོ། རྩ་ཞལ་དཀར་པོ་ཞི་བ་གཡས་སེར་གཡོན་ལྗང་བ་གཉིས་ཁྲོ་བ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོར་དྲིལ། བར་པ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག །ཐ་མ་གཉིས་ཀྱིས་ཞགས་པ་དང་ལྕགས་ཀྱུ་འཛིན་པ། རང་འདྲའི་ཕྱག་རྒྱ་མ་དང་མཉམ་པར་སྦྱོར་བ། སྐྱིལ་ཀྲུང་གིས་བཞུགས་པ། ཐོད་ཕྲེང་དང་མི་བསྐྱོད་པའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་རྫོགས་པ། མཚན་དཔེ་དང་ལྡན་པ་བསམས་ལ། ཤར་ནས་ཕྱོགས་ལུགས་བཟློག་ཏུ་རྡོ་རྗེ་རྟག་པ་དང༌། རྡོ་རྗེ་ཉི་མ་དང༌། རྡོ་རྗེ་གཙུག་ཏོར་དང༌། རྡོ་རྗེ་ཐབ་སྦྱོར་རིམ་པ་བཞིན་དུ་སྔོ་སེར་དམར་ལྗང་བཞི་དང༌། ཤར་ལྷོ་ནས་མཚམས་ལུགས་འབྱུང་དུ་རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་དུས་དང༌། རྡོ་རྗེ་སྟོབས་པོ་ཆེ་དང༌། རྡོ་རྗེ་འཇིགས་བྱེད་རིམ་པ་བཞིན། དུད་ཁ། དཀར་པོ། ནག་པོ། སྔོ་དམར་བཞི་སྟེ་ཁྲོ་བོ་བརྒྱད་སྤྲོའོ། །དེ་ཐམས་ཅད་ཀྱང་ཞལ་གསུམ་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཐོད་པ་དང༌། ཁ་ཊྭཱཾ་ག །བར་པ་གཉིས་ཀྱིས་ཞགས་པ་དང་ལྕགས་ཀྱུ། ཐ་མ་གཉིས་ཀྱིས་དྲིལ་བུ་དང་ཅང་ཏེའུ་འཛིན་པ། རང་འདྲའི་ཤེས་རབ་མས་འཁྱུད་པ། སྣ་ཚོགས་པད་མའི་སྟེང་ན་གཡས་བརྐྱང་གིས་བཞུགས་པས་རིམ་པ་བཞིན་དུ་ཕྱོགས་སྐྱོང་བརྒྱད་མནན་པ། རབ་ཏུ་འཇིགས་པའི་ཐོད་པའི་དབུ་རྒྱན་ཅན། དབུ་སྐྲ་


JLD009_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་གྱེན་དུ་བརྫེས་ཤིང༌། མི་བཟད་པའི་མཆེ་བ་གཙིགས་པ། མིའི་རུས་པའི་རྒྱན་གྱིས་བརྒྱན་ཅིང༌། སྟག་ལྤགས་གོས་སུ་མནབས་པ། སྦྲུལ་རྒྱན་གྱིས་བརྒྱན་པའོ། །དེ་ནས་སྔར་གྱི་རྡོར་སེམས་ཡོངས་སུ་གྱུར་པ་ལས། རང་ཉིད་ཧཱུཾ་མཛད་སྔོན་པོ་སྔོ་སེར་ལྗང་བའི་ཞལ་གསུམ་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོར་དྲིལ། བར་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ཐ་མ་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། འོད་ཟེར་འབར་བའི་ཕྲེང་བ་འཁྲུགས་པ། མཆེ་བ་གཙིགས་ཤིང་ཤིན་ཏུ་འཇིགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། ཐོད་ཕྲེང་གི་སྐ་རགས་ཅན། རྡོ་རྗེ་སེམས་དཔས་དབུ་བརྒྱན་པ། རང་འདྲའི་ཤེས་རབ་མ་དང་སྙོམས་པར་འཇུག་པ། གདུག་པ་ཐམས་ཅད་ཀྱི་བདག་པོ་འཇིགས་བྱེད་དང༌། དུས་མཚན་གཡས་བརྐྱང་གི་སྟབས་ཀྱིས་མནན་པའོ། །དེ་ནས་སྟེང་དུ་གཙུག་ཏོར་དཀར་པོ་དང༌། འོག་ཏུ་རྡོ་རྗེ་ས་འོག་ནག་པོ་ཞལ་གསུམ་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་རྡོར་དྲིལ། གཉིས་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། གསུམ་པ་གཉིས་ཀྱིས་མདུང་རྩེ་གསུམ་དང་འཁོར་ལོ། བཞི་པ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱང་གིས་བཞུགས་པ་བསྒོམ་མོ། །དེ་ནས་སྟོད་ཁྲོ་བོ་བཅུ་ལ་སྨད་ཕུར་བུའི་རྣམ་པ་ཅན་གྱི་ཕུར་པ་བཅུ་ཕྱོགས་བཅུར་སྤྲོས་ལ། བགེགས་མེད་པར་གྱིས་ཤིག་ཅེས་ཁྲོ་བོ་བཅུ་ལ་བཀའ་བསྒོ་སྟེ། ཞལ་བཞི་པའི་སྔགས་བརྗོད་ཅིང༌། མཐེབ་མཛུབ་ཀྱི་སྦྱོར་བས་ཕྱོགས་བཞི་གཡོན་


JLD009_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་དང༌། མཚམས་བཞི་གཡས་སྐོར་དང༌། སྟེང་འོག་སྟེ་ཕྱོགས་བཅུར་སེ་ཁོལ་བརྡབ་བོ། །དེ་ནས་གཡོན་སྐོར་དང་གཡས་སྐོར་གྱིས་ཕུར་བུ་འདེབས་པའི་སྔགས་ཀྱིས་ཕུར་བུ་གདབ། གཡོན་དང་གཡས་སུ་བསྐོར་བས་ཐོ་བས་བརྡུང་བའི་སྔགས་བརྗོད་ལ་བརྡུང་ངོ༌། །དེ་ནས་ༀ་ཁ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཙནྜ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཨ་ན་ལཱརྐ་བཛྲ་ཧཱུཾ་ཕཊ། ༀ་བཛྲོཥྞཱི་ཥ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཀུནྜ་ལི་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཡཀྵ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཀཱ་ལ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་མཧཱ་པཱ་ལ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་བྷཱི་ཥ་ཎ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཨུཥྞཱི་ཥ་ཙཀྲ་བར་ཏི་བཛྲ་ཧཱུཾ་ཕཊ། ༀ་བཛྲ་པཱ་ཏ་ལ་བཛྲ་ཧཱུཾ་ཕཊ། ཅེས་པ་གཙོ་བོ་དང་འཁོར་བཅུའི་བཟླས་པ་བྱ། འཁོར་གྱི་ཁྲོ་བོ་ཞལ་གསུམ་པའི་མདོག་ནི་སེར་པོའི་གཡས་ནག་གཡོན་ལྗང་བ་དང༌། དམར་པོ་དང་དུད་ཁ་དང་དཀར་པོ་གཉིས་ཀྱི་གཡས་སེར་གཡོན་ལྗང་བ་དང༌། ལྷག་མ་ལྔ་ཧཱུཾ་མཛད་དང་འདྲ་བར་གསུངས་སོ། །མངོན་བརྗོད་ཀྱི་འགྲེལ་པར། དང་པོར་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་རྡོར་སེམས་ཡབ་ཡུམ་བསྐྱེད་པའི་ཐུགས་ཀ་ནས་ཁྲོ་བོ་བརྒྱད། རྩིབས་བརྒྱད་ཀྱི་སྟེང་དུ་སྤྲོ། དེ་ནས་རྡོར་སེམས་ཧཱུཾ་མཛད་དུ་བསྒྱུར་བའི་ཐུགས་ཀ་ནས་སྟེང་འོག་གི་ཁྲོ་བོ་གཉིས་སྤྲོ། དེ་ནས་ཧཱུཾ་མཛད་ཀྱི་ཐུགས་ཀ་ནས་ཕུར་བུའི་ཁྲོ་བོ་བཅུ་ཕྱོགས་བཅུར་སྤྲོས་ནས་བགེགས་ལ་ཕུར་བུས་འདེབས། དོ་ནས་ཁྲོ་བོ་བཅུ་ལ་ཕྱོགས་སྐྱོང་སོ་སོའི་བགེགས་མེད་པར་ཀྱིས་ཤིག་ཅེས་ཞལ་བཞི་པའི་སྔགས་ཀྱིས་བཀའ་བསྒོ། དེ་ནས་བགེགས་མི་འཇུག་པར་བྱ་ཕྱིར་ཧཱུཾ་མཛད་ཀྱི་


JLD009_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་རྡོ་རྗེ་ཕྲ་མོའི་འོད་ཟེར་སྤྲོས་པ་ཡོངས་སུ་གྱུར་པ་ལས། འོག་ཏུ་རྡོ་རྗེའི་ས་གཞི་དང༌། འོག་གི་ས་གཞི་གཉིས་དང༌། ལོགས་སུ་རྡོ་རྗེའི་ར་བ་དང་རྭ་བ་ཉིས་རིམ། སྟེང་དུ་རྡོ་རྗེའི་བླ་རེ་དང་མདའི་བླ་རེ་ཉིས་རིམ། ཐམས་ཅད་ཀྱི་ཕྱི་རོལ་ནས་རྡོ་རྗེའི་མེ་འོད་འབར་བ་རྒྱ་ཇི་ཙམ་འདོད་པར་བསྐོར་བར་བསམས་ནས་སྔགས་གཅིག་དང་གཉིས་དང༌། གཉིས་དང་གཅིག་གིས་བྱིན་གྱིས་རློབ་པ་དང་ལྷོའི་ཁྲོ་བོ་ཡང་དབུས་སྔོ་ལ་གཡས་སེར་གཡོན་ལྗང་དང༌། ལྷག་མ་བཞི་ཧཱུཾ་མཛད་དང་འདྲ་བར་འཆད་དེ། ལྷོའི་ཞལ་མདོག་འདི་ད་ལྟའི་རྒྱུད་ན་མི་སྣང་ངོ༌། །བསྲུང་འཁོར་གྱི་སྐབས་སུ་མངོན་བརྗོད་ལ་འགྱུར་མི་འདྲ་བ་མང་དུ་སྣང་ཡང་འགྱུར་བཟང་བའི་ལུགས་སུ་བྱས་སོ། །འཁོར་ལོ་རྩིབས་བརྒྱད་པར་བཤད་པ་ནི་མཐའི་རྩིབས་ལ་དགོངས། སྟེང་འོག་གི་རྩིབས་གཉིས་ནི་དབུས་སུ་ཡོད་དེ་བྷྲུཾ་ལས་བསྐྱེད་དོ། །དེ་ཡང་མན་སྙེ་ལས། འཁོར་ལོ་སེར་པོ་རྩེབས་བཅུ་པའི་ལྟེ་བའི་དབུས་ཀྱི་ནང་དུ་ཞེས་གསུངས་ལ། ནང་དུ་ཞེས་པ་ཙམ་གྱིས་ནི་ལྟེ་བ་སྦུགས་ཅན་དུ་མི་འགྲུབ་སྟེ། སྤྱོད་རྒྱུད་ལས། རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། ཞེས་འབྱུང་བ་ལྟར་རོ། །འོན་ཀྱང་འདིར་ནི་དེ་དང་མི་འདྲ་སྟེ། མན་སྙེ་ལས། འཁོར་ལོ་སེར་པོ་གཡས་སྐོར་དུ་འཁོར་བ་རྩིབས་བཅུ་པའི་ལྟེ་བའི་དབུས་ཀྱི་བར་སྐབས་སུ་གནས་པའི་བདག་ཉིད། ཅེས་ལྟེ་བ་ཁོང་སྟོང་གི་ཕན་ཚུན་གྱི་བར་སྐབས་སུ་རང་ཉིད་ལྷར་སྐྱེད་པར་གསུངས་པས་ལྟེ་བའི་ཁོང་གསེར་གི་ཡར་རྩེ་དང་མར་རྩེ་གཉིས་སྟེང་འོག་གི་རྩིབས་སུ་ཤེས་སོ། །རྩིབས་བརྒྱད་


JLD009_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནི། རྩིབས་ཀྱི་རྩེ་མོའི་སྟེང་དུ་ཁྲོ་བོ་དགོད་པར་ཡང་བཤད་དོ། །འཁོར་ལོ་སེར་པོ་རྩིབས་བཅུ་པ་ཇི་ལྟར་སྒོམ་པ་ནི་རྒྱ་གཞུང་རྣམས་ལ་འདི་ཉིད་གསལ་ལོ། །སྣ་ཚོགས་པད་ཉི་ནི་ཀུན་ལ་བྱ་ལ། རྒྱུད་ནས་བཤད་པའི་རིམ་པ་ལ་དེ་ལྟར་བྱུང་ཡང་ཐོག་མར་རྡོར་སེམས་དང་ཧཱུཾ་མཛད་བསྐྱེད་ནས། དེ་ནས་ཁྲོ་བཅུ་སྒོམ་པར་གཞན་ནས་བཤད་པ་བཞིན་བྱས་ཀྱང་མི་འགལ་ལ། ར་གུར་སོགས་སྔོན་དུ་བཏང་ནས་ཕྱིས་ཁྲོ་བོ་སྒོམ་པ་ཡང་ཁུངས་ཐུབ་མང་པོས་བཤད་དོ། །བསྲུང་འཁོར་གྱི་གཙོ་བོ་སྐྱེད་ཚུལ་འདི་སྐབས་གཞན་དུ་ཡང་མཁོའོ། །འདི་ལ་མངོན་བརྗོད་ནས་བཤད་པའི་སྔགས་རིངས་བཏོན་ནས་ཀྱང་ཕྱིར་ཟློག་བྱས་པས་ཆོག་པ་དང༌། བདེ་མཆོག་ལ་རྣལ་འབྱོར་བྱེད་པ་རྣམས་ཀྱི་བར་ཆད་ཕྱིར་ཟློག་པ་ལ་མཁོ་བར་སྣང་བས་འདིར་བྲིས་སོ། །དེ་ལྟར་རྡོ་རྗེའི་ར་གུར་སོགས་ཀྱི་བསྲུང་འཁོར་ཐུན་མོང་བ་དང༌། ཕུར་གདབ་དང་། ཐུན་མོང་མ་ཡིན་པ་ཁྲོ་བཅུའི་བསྲུང་འཁོར་དང་བཅས་པ་འདི་ནི་བསྲུང་འཁོར་རྒྱས་པའོ། །ཕག་མོ་མངོན་འབྱུང་ལས། ཉི་མའི་འོད་ཟེར་ལྟ་བུ་སྤྲོས་པ་ལས། རྡོ་རྗེའི་ར་བ་དང་དྲ་བ་དང༌། ས་གཞི་དང༌། བླ་རེ་དང་མདའི་དྲ་བ་དང༌། རྡོ་རྗེའི་མེའི་དྲ་བ་སྐྱེད་པ་དང༌། དེ་ནས་སྔགས་དྲུག་གིས་བྱིན་གྱིས་རློབ་པ་དང༌། དེ་ནས་ཕྱོགས་བཅུར་མཐེབ་མཛུབ་ཀྱིས་སེ་གོལ་གཏོག་ཅིང༌། ཞལ་བཞི་པའི་སྔགས་ཤར་ནས་གཡོན་སྐོར་དུ་ཕྱོགས་བཞིར་དགོད་པ་དང༌། དེ་ནས་ཕུར་བུ་འདེབས་པ་དང༌། དེ་བརྡུང་བའི་སྔགས་དང་བཅས་པ་རྣམས་ལུགས་འབྱུང་དང་ལུགས་བཟློག་ཏུ་བྱེད་པར་བཤད་ཅིང༌། ཁྲོ་


JLD009_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་སྒོམ་པ་མ་བཤད་དེ། མངོན་བརྗོད་ལས་བཤད་པའི་སྟེང་ནས་ཐུན་མོང་མ་ཡིན་པའི་བསྲུང་འཁོར་བཞག་པ་འདི་ནི་བསྲུང་འཁོར་འབྲིང་པོ་སྟེ། འབྲིང་པོ་རྣམས་ཀྱང་འདི་ཁོ་ནར་མ་ངེས་སོ། །ལོ་ནག་གཉིས་ཀྱི་གཞུང་ནས་འབྱུང་བའི་བསྲུང་འཁོར་ཡང་བསྲུང་འཁོར་འབྲིང་པོའོ། །སྡོམ་འབྱུང་ལས། ཞལ་བཞི་པའི་སྔགས་བརྗོད་པས་ཕྱོགས་ནི་བཅིང་ཞིང་ར་བ་སྟེ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཤར་དུའོ། །ༀ་གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། བྱང་དུའོ། །ༀ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾཾ་ཕཊ། ནུབ་ཏུའོ། །ༀ་ཨཱ་ན་ཡ་ཧོ་བིདྱཱ་རཱ་ཛཱ་ཧཱུཾ་ཧཱུཾ་ཕཊ། ལྷོ་རུའོ། །ཕྱོགས་སུ་སེ་གོལ་བརྡབས་པ་ཡིས། གདུག་པའི་བདུད་རྣམས་བསྐྲད་པར་བྱ། ཞེས་སྔར་གྱི་དེ་དག་གི་སྟེང་ནས་ཁྲོ་བཅུ་དང༌། ཕུར་གདབ་ཀྱི་སྐོར་དང༌། སྔགས་དྲུག་བཞག་པ་ཞིག་གསུངས་ཏེ་བསྲུང་འཁོར་བསྡུས་པ་ཡང་འདི་ཁོ་ན་ལྟར་མ་ངེས་སོ། །འདི་ལ་གཡོན་གྱི་མཐེབ་མཛུབ་ཀྱིས་ཕྱོགས་རྣམས་སུ་སེ་གོལ་བརྡབས་ནས་སྔགས་བརྗོད་དེ་བགེགས་སྐྲོད་པ་ནི་ཕྱོགས་བཅིང་བ་ཡིན་ལ། སྔགས་བཞི་བརྗོད་ནས་ར་བ་བྱ་བར་ཡང་གསུངས་པས། ར་བ་སྐྱེད་པ་ནི་དེ་རྐྱང་པ་མིན་པས་རྡོ་རྗེའི་ས་གཞི་དང་གུར་དང་བླ་རེ་དང་མདའི་དྲ་བ་དང་མེ་དཔུང་ཡང་བསྒོམ་སྟེ། དེའི་ཚུལ་ནི་དེའི་འགྲེལ་པར་གཡོན་གྱི་མཐེབ་མཛུབ་ཀྱིས་སེ་གོལ་བྱས་པ་དང་དུས་མཉམ་པར་ཤར་ལ་སོགས་པའི་ཕྱོགས་གཡོན་སྐོར་དུ་སྔགས་བཞི་ལས་བྱུང་བའི་སྔོ་ལྗང་དམར་སེར་གྱི་རང་བཞིན་བཞི་དང༌། དེ་དང་དུས་མཚུངས་སུ་འོག་ཏུ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང༌། དེ་ནས་དེའི་འོད་ཟེར་ལས་སྟེང་དུ་རྡོ་རྗེའི་མདའི་དྲ་བ་དང༌། རྡོ་རྗེའི་


JLD009_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གུར་དང༌། བླ་རེ་བསམ་པར་བཤད་དེ། རྡོ་རྗེའི་མེས་བསྐོར་བ་ཡང་དགོས་སོ། །འདི་ནི་ལཱུ་ཨི་པའི་མན་ངག་ལས་འོངས་པ་ལྭ་བ་པས་བཤད་པའི་གདམས་པའོ། །འདི་ལ་བལ་པོ་ཀྵནྟི་ཤྲཱིས་གཞན་སྔར་དང་འདྲ་བ་ལ་ར་གུར་སོགས་བསྒོམས་པའི་འོག་ཏུ་སྔགས་བཞི་པོ་བརྗོད་ཅིང༌། ཕྱོགས་རྣམས་སུ་སེ་གོལ་བརྡབས་པས་གདུག་པ་རྣམས་བསྐྲད་དེ། རྣམ་པ་ཐམས་ཅད་དུ་འགྲོ་བ་བགེགས་དང་བྲལ་བར་མོས་པར་བྱ་བར་བཤད་ཅིང༌། བསྲུང་འཁོར་བསྡུས་པའི་ལུགས་སུ་བཤད་པ་དང༌། འགྲེལ་པའི་ལུགས་གཉིས་རྒྱུད་འདིའི་དོན་ཡིན་པས་ལེགས་སོ། །དེ་ལྟར་བསྲུང་འཁོར་གསུམ་བཤད་པའི་དང་པོ་ནི་མངོན་བརྗོད་ཀྱི་འགྲེལ་པར་”རྒྱུད་དེ་ནས་བཤད་པའི་བདེ་མཆོག་གི་སྒྲུབ་ཐབས་ང་དྲུག་གི་ཐུན་མོང་དུ་བཤད་ལ། ལྷ་ལྔ་དང་ལུས་དཀྱིལ་དཔའ་བོ་གཅིག་པ་ལ་ཡང་བྱེད་པ་རྒྱུད་ཀྱི་དགོངས་པར་སྣང་བས་ལྷ་མང་ཉུང་གིས་བསྲུང་འཁོར་རྒྱས་བསྡུས་སུ་འགྲོ་བ་ཡང་མིན་ལ། ལུས་དཀྱིལ་ལ་བསྲུང་འཁོར་བསྒོམ་མི་དགོས་པ་ཡང་མིན་པས། མ་ན་ཀ་ཤྲཱིས་ལྷ་རེ་གཉིས་པའི་ལུས་དཀྱིལ་ལ་ཡང་བསྲུང་འཁོར་འབྲིང་པོ་བཤད་དོ། །དེས་ན་བསྲུང་འཁོར་གྱི་ཚུལ་གསུམ་པོ་དེ་ལེགས་པར་ཤེས་ན་སྐབས་དང་དགོས་པ་དང་བསྟུན་ནས་རྒྱ་སྐྱེད་ནའང་སྐྱེད་ཤེས་ལ། བསྡུས་ནའང་ངེས་པར་བྱ་དགོས་ཀྱི་ཆོ་ག་མི་འཆད་པ་ཞིག་འོང་བས་འདིར་བཤད་དོ། །གཉིས་པ་ལ་གཉིས། ར་བ་སོགས་ཀྱི་བསྲུང་བ་བཤད་པ་དང༌། བགེགས་ལ་ཕུར་བུས་གདབ་པ་སོགས་བཤད་པའོ། །དང་པོ་ལ་གཉིས། བསྒོམ་པའི་རིམ་པ་བཤད་


JLD009_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྔགས་རྣམས་ཀྱི་དོན་བཤད་པའོ། །དང་པོ་ནི། ལྷ་བཅུ་བདུན་པོ་བསྒོམས་པས་ཕུང་སོགས་སྦྱངས་པའི་མཇུག་དེ་ནས་རྡོ་རྗེའི་གུར་བསམ་པར་བྱའོ་ཞེས་མདོར་བསྟན་པ་ནི། བསྲུང་འཁོར་ཐུན་མོང་བའི་སྤྱི་མིང་ལ་དེའི་ཕྱོགས་གཅིག་གིས་བཏགས་པ་སྟེ། བརྡ་འདི་ནི་རྣལ་འབྱོར་རྫོགས་ཕྲེང་སོགས་ལས་མང་དུ་འབྱུང་ངོ༌། །ལོ་ཆེན་གྱི་འགྱུར་དང༌། ཇོ་བོའི་འགྲེལ་པ་ལས། རྡོ་རྗེའི་ར་བ་ཞེས་འབྱུང་བ་ནི་དྲ་བ་ར་བར་སོང་བ་བོད་དཔེ་མ་དག་པའོ། །གུར་དང་དྲ་བ་གཉིས་སྐད་དོད་གཅིག་པས་འགྱུར་གཉིས་བྱུང་ཡང་གུར་དུ་བསྒྱུར་ན་འཁྲུལ་གཞི་ཆུང་ངོ༌། །ལྭ་བ་པ་དང་པྲཛྙཱ་རཀྵི་ཏའི་འགྲེལ་པ་ལས། ཤར་ལ་སོགས་པའི་ཕྱོགས་སུ་བཞག་པ་སྟེ་དགོས་པར་བྱའོ། ཞེས་པ་ནས་རྡོ་རྗེའི་བླ་རེའོ་ཞེས་པའི་བར་གྱི་ཚིག་བདུན་པོ་འདི་རྣམས་མན་ངག་ཇི་ལྟ་བ་བཞིན་དགྲོལ་བར་བྱའོ། ཞེས་འབྱུང་བའི་ཚིག་བདུན་ནི། སྔགས་ཚན་རེ་རེ་ཕྱོགས་བཞིར་འགོད་པ་བཞི་དང༌། ལྷག་མའི་ཚིག་ཚན་པ་གསུམ་མོ། །ལག་པ་གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་ཕྱོགས་རེ་རེ་གཏོག་པ་སྔོན་དུ་འགྲོ་བས། ༀ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་ཤར་དང༌། ༀ་གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་བྱང་དང༌། ༀ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་ནུབ་དང༌། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་ལྷོའི་ཕྱོགས་སུ་རིམ་པ་བཞིན་དུ་ནག་པོ་དང༌། ལྗང་གུ་དང༌། དམར་པོ་དང༌། སེར་པོའི་མདོག་ཅན་སྟེང་ཚངས་པའི་འཇིག་རྟེན་ནས་འོག་གསེར་གྱི་ས་གཞི་ལ་ཐུག་པར་ཁྱབ་པའི་འབར་བའི་ལུས་ཆེན་པོ་རྣམས་རིམ་གྱིས་དགོད་པར་བྱའོ། །སོགས་


JLD009_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲས་ནི་ཕྱོགས་གཞན་གསུམ་གཟུང་ངོ༌། །འགྲེལ་པ་གསུམ་གར་ཕྱོགས་སུ་འགོད་ལུགས་དེ་བཞིན་དུ་བཤད་ལ། ལུས་ཤིན་ཏུ་ཆེ་བ་བཞི་ནི་ལྷ་དང་སྔགས་ཀྱི་ལུས་གང་ཡིན་གསལ་བར་མ་བཤད་ཀྱང་ལྭ་བ་པས་སྔར་ལྟར་ཕྱོགས་སུ་བཀོད་པའི་མཇུག་ཏུ། སུམྦྷ་ལ་སོགས་པའི་སྔགས་ཀྱི་འོད་ཟེར་ལས། དེའི་ཁ་དོག་ཅན་གྱི་ར་བ་བཞི་དང༌། ཞེས་གསུངས་ཤིང༌། འགྲེལ་པ་གཞན་གཉིས་ཀྱང་དེ་དང་དོན་འདྲ་བར་སྣང་ལ། དེ་ལྟར་ན་སུམྦྷ་ལ་སོགས་པའི་སྔགས་ཀྱི་འོད་ཟེར་ལས་དེའི་ཁ་དོག་ཅན་གྱི་ར་བ་བཞི་སྒོམ་པ་ནི། སྔགས་བཀོད་པ་བཞི་པོ་ལས་སྐྱེད་པ་ཡིན་པས་ལུས་ཤིན་ཏུ་ཆེ་བའི་སྔོ་སོགས་བཞི་ནི་སྔགས་འོད་ཟེར་དང་བཅས་པའི་ལུས་ཡིན་ནོ། །དེ་ཡང་ཐོག་མར་སྔགས་བརྗོད་པས་ཕྱོགས་བཞིར་སྔགས་ཁ་དོག་བཞི་འགོད། དེ་ནས་དེ་ལས་འོད་ཟེར་སྤྲོས་འོད་ཟེར་གྱི་ལུས་ཆེ་བ་བཞི་དགོད། དེ་ནས་སྔགས་འོད་ཟེར་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཁ་དོག་བཞི་པོའི་ར་བ་གྲུ་བཞི་པ་བསྒོམ་པར་བྱ་སྟེ། འཁྲུལ་སྤོང་ལས། སྔགས་བཞི་པོ་བརྗོད་པས་ནག་པོ་དང༌། ལྗང་གུ་དང༌། དམར་པོ་དང༌། སེར་པོ་ལས་འཕྲོས་པའི་གཟུགས་ཤིན་ཏུ་ཆེ་ཞིང་འོད་འབར་བ། ཚངས་པའི་གནས་ནས་ས་འོག་ཏུ་ཁྱབ་པ། ཤར་དང་བྱང་དང་ནུབ་དང་ལྷོ་ཕྱོགས་སུ་རིམ་པ་ལྟར་བཀོད་པས། དེའི་འོད་ཟེར་གྱིས་དེའི་ཁ་དོག་དང་མཚུངས་པའི་རྡོ་རྗེའི་ར་བ་གྲུ་བཞི་པ་ཞེས་བཤད་པ་ལྟར་རོ། །བླ་མ་མར་དོས། ཤར་ལ་སོགས་པའི་ཕྱོགས་དང༌། མེ་ལ་སོགས་པའི་མཚམས་སུ་ལུགས་དང་མཐུན་མི་མཐུན་དུ་སེ་གོལ་གཏོག་ཅིང༌།


JLD009_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྐང་རེ་རེ་བརྗོད་པའི་ཚེ་སྔགས་ཁ་དོག་དམར་པོ་འབར་བ་ཡིག་འབྲུ་ཆེ་བ་ཕྱོགས་དེ་དང་དེར་ཁ་ནས་འཕྲོས་པས་སྔགས་དེ་དང་དེ་ལས་འཕྲོས་པའི་བྱ་རོག་གདོང་ལ་སོགས་པ་དམར་མོ། །ཞབས་འོག་གི་ས་ལ་བཞག་ཅིང་དབུ་ཚངས་པའི་གནས་སུ་ཐུག་པ། ཕྱག་གཉིས་ཀྱིས་ཐོ་བ་དང་ཕུར་བུ་བསྣམས་པ་སྤྲོས་ལ། དེ་དག་གིས་བགེགས་རྣམས་ཐག་ཤིན་ཏུ་རིང་པོར་བསྐྲད་པར་བསམ་མོ། །དེ་ནས་སྔགས་དེ་དག་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་ར་བ་ཁ་དོག་དམར་པོ་གྲུ་བཞི་པ་བསྒོམ་ཞེས་བཞེད་པ་ནི་ལྷ་མོའི་སྐུའི་ཚད་དང༌། ར་བ་དམར་པོར་བཤད་པ་མ་གཏོགས་པ་གཞན་རྣམས་ལྭ་བ་པས་བཅུ་གསུམ་མའི་སྒྲུབ་ཐབས་སུ་བཤད་པ་བཞིན་ཡིན་ནའང་འདིར་སྐབས་སུ་མ་བབ་ལ། དྲིལ་བུ་ཞབས་ཀྱི་ལྷ་ལྔའི་ལུགས་ནི་དེ་བཞིན་དུ་བྱ་རྒྱུར་སྣང་ངོ༌། །ཕྱིས་ཀྱི་བླ་མ་ཁ་ཅིག་སྔགས་བཞི་བརྗོད་པས་ཕྱོགས་བཞིར་ཁྭ་གདོང་མ་ལ་སོགས་པ་ལུས་ཤིན་ཏུ་ཆེ་བ་བཞི་བཀོད་ལ། སྔགས་བཞིའི་འོད་ཟེར་དང་དེའི་ཁ་དོག་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པའི་ར་བ་གྲུ་བཞི་བསྒོམ་གསུང་པ་ཡང་སྔ་མ་ཡང་སྔ་མ་ལས་ཅུང་ལེགས་ཀྱང་དོན་དུ་མ་མཐོང་སྟེ། སྡོམ་འབྱུང་ལས། ཞལ་བཞི་པའི་སྔགས་ཀྱིས་ར་བ་བྱ་བར་གསུངས་པ་ལྟར་སྔགས་ལས་ར་བ་སྐྱེད་པ་ཡིན་གྱི། སྒོམ་བཞི་ལས་ར་བ་སྐྱེད་པ་གང་ནའང་མི་སྣང་བའི་ཕྱིར་རོ། །མངོན་བརྗོད་ལས་སྔགས་བཞི་ཕྱོགས་བཞིར་བརྗོད་པར་གསུངས་པ་ནི། ར་བ་བྱེད་པའི་དོན་མིན་ཏེ། དེར་ནི་ར་བ་སྔོན་དུ་བསྐྱེད་ཟིན་པའི་ཕྱིར་རོ། །དེས་ན་དེ་ནི་དེའི་འགྲེལ་པ་ནས་འཁོར་གྱི་ཁྲོ་བོ་རྣམས་ལ་བཀའ་བསྒོ་བའི་དོན་དུ་བཤད་པ་དང་། བྲམ་ཟེ་རིན་ཆེན་རྡོ་རྗེས་བགེགས་


JLD009_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་པའི་དོན་དུ་བཤད་པ་ལྟར་ཡིན་ལ། ཕག་མོ་མངོན་འབྱུང་ལས་ཀྱང་ར་བ་སོགས་སྐྱེད་པ་སྔོན་དུ་སོང་ཟིན་ཞིང༌། ཁྲོ་བོ་བཅུ་སྒོམ་པ་མེད་པས་སྔགས་བཞི་ཕྱོགས་བཞིར་བརྗོད་པ་ནི་བགེགས་དགུག་པའམ་བསྐྲད་པའི་དོན་དུའོ། །སྡོམ་འབྱུང་ལས་ནི་ཕྱོགས་བཅིང་བ་དང༌། ར་བ་བྱེད་པའི་དོན་དུ་གསུངས་པས་འདིར་ཕྱོགས་བཞིར་སྔགས་བཞི་འགོད་པ་ནི་རྒྱུད་དེ་དང་མཐུན་ནོ། །ར་བ་གྲུབ་པ་དང་དུས་མཉམ་དུ་ཡི་གེ་ཧཱུཾ་ལས་བྱུང་ཞིང༌། དེ་ཡིས་མཚན་པའི་སྣ་ཚོགས་རྡོ་རྗེའི་ས་བོན་གྱི་འོད་ཟེར་ལས་འོག་གི་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །ར་བ་འོག་ཏུ་གནས་པའི་གཞི་རྡོ་རྗེའི་ས་གཞི་ཡིན་ཞིང༌། རྡོ་རྗེའི་ས་སྔོན་དུ་སྐྱེད་པ་ཡང་འདིར་མེད་པས་དུས་མཉམ་དུ་བསྐྱེད་པའོ། །སྣ་ཚོགས་རྡོ་རྗེའི་ས་བོན་གྱི་འོད་ཟེར་གྱི་སྣང་བ་ལས་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མདའི་དྲ་བ་དང༌། དེའི་འོག་ཏུ་རྡོ་རྗེའི་གུར་དང༌། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་རྣམས་བསྒོམ་མོ། །ལོ་ཆེན་དང་མར་དོ་དང་ཆག་འགྱུར་ལས་རྡོ་རྗེའི་ར་བ་དང་བླ་རེའོ་ཞེས་འབྱུང་ལ། ལྭ་བ་པའི་འགྲེལ་པར་རྡོ་རྗེའི་གུར་དང༌། རྡོ་རྗེའི་བླ་རེ་ཡང་ངོ༌། ཞེས་འབྱུང་ཞིང༌། སྔར་གྱི་ར་བ་གྲུ་བཞི་པ་མ་གཏོགས་པ་དེའི་རྗེས་སུ་ར་བ་བཤད་པ་མེད་ལ། པྲཛྙཱ་རཀྵི་ཏ་དང་སྡོམ་འབྱུང་འགྲེལ་པར་ཡང་ཕྱིས་ར་བ་མ་བཤད་དོ། །འཁྲུལ་སྤོང་དང༌། ཁྱད་པར་གསལ་བྱེད་དང༌། ཀྵཱནྟི་ཤྲཱིས་ཕྱིས་ཀྱང་རྡོ་རྗེ་རྩེ་ལྔ་པའི་ར་བ་བཤད་དོ། །དེ་དག་གི་ལྟར་ན་སྔགས་བཞི་ལས་བསྐྱེད་པའི་ར་བ་དང༌། སྣ་ཚོགས་རྡོ་རྗེའི་འོད་ཟེར་གྱི་སྣང་བ་ལས་བསྐྱེད་པའི་ར་བ་གཉིས་སྣང་བས་ར་བ་ཉིས་


JLD009_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བྱེད་པ་འདྲའོ། །ར་བ་ནི་གཞུང་དེ་གསུམ་ལས་རྡོ་རྗེ་རྩེ་ལྔ་པའི་ར་བར་བཤད་དོ། །དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས། རྩེ་ལྔ་པའམ་རྩེ་གསུམ་པའི་སྣ་ཚོགས་རྡོ་རྗེའི་ར་བ་གདམ་ང་ཅན་དུ་བཤད་དོ། །སྒྲུབ་ཐབས་གཙུག་ནོར་ལས། ར་བ་བསྐྱེད་པ་དང་དེའི་སྔགས་ཀྱིས་བྱིན་གྱིས་རློབ། དེ་ནས་ར་བ་ལས་རབ་ཏུ་འབར་བའི་འོད་ཟེར་སྤྲོས་པ་ལས། དབུས་སུ་ཧཱུཾ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ། དེ་ལས་འོག་གཞི་སྣ་ཚོགས་རྡོ་རྗེར་བྱས་ལ། མེ་དི་ནིའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་ས་དང་ར་བ་ལས་འོད་ཟེར་འཕྲོས་པ་ལས་གུར་དང༌། དེ་ལས་བླ་རེ་དང༌། དེ་ལས་མདའི་དྲ་བ་བསྐྱེད་ཅིང༌། རང་རང་གི་སྔགས་ཀྱིས་བྱིན་གྱིས་རློབ་པར་བཤད་པ་བཞིན། འདི་ལའང་བྱ་བར་མར་དོ་བཞེད་མོད་ཀྱང་འདིར་ནི་སྒྲུབ་ཐབས་ཀྱི་འགྲེལ་པར། ལྭ་བ་པས་བཤད་པ་བཞིན་བྱ། དྲིལ་བུ་ཞབས་ཀྱི་ལྷ་ལྔའི་སྒྲུབ་ཐབས་ནི། ལྭ་བ་པའི་དོན་དུ་མཛད་པར་སྔ་མ་རྣམས་གསུང་ཞིང༌། དེ་དང་ལྭ་བ་པའི་བཅུ་གསུམ་མའི་སྒྲུབ་ཐབས་གཉིས་ཐུན་མོང་མ་ཡིན་པ་རྣམས་མ་གཏོགས་པ་གཞན་ཐམས་ཅད་ཤིན་ཏུ་མཐུན་པས་ར་བ་སོགས་སྐྱེད་པ་ཡང་དེ་བཞིན་དུ་བྱས་ན་ལེགས་སོ། །ར་བའི་དཔངས་ནི་ཁུངས་སྔ་མ་རྣམས་ལས། སྟེང་ཚངས་པའི་གནས་ནས་འོག་གསེར་གྱི་ས་ལ་ཐུག་གི་བར་དང༌། དཀྱིལ་ཆོག་རྡོར་ཕྲེང་ལས། སྟེང་འོག་མིན་ནས་རླུང་གི་བར་ལ་བཤད་དོ། །རྒྱར་ནི་ཇི་ཙམ་འདོད་པར་ལྭ་བ་པས་གཞན་དུ་གསུངས་ཤིང༌། ནག་པོའི་དཀྱིལ་ཆོག་ལས། ལྕགས་རིའི་མཐར་ཐུག་པ་ཡི་བར། །རྡོ་རྗེའི་འཕྲེང་བས་མངོན་བསྐོར་ཞིང༌། ཞེས་ཀྱང་གསུངས་སོ། །ར་བ་དང་གུར་


JLD009_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཚམས་སུ་བླ་རེ་བྱས་ལ་བར་མཚམས་མེད་པར་བྱ། མདའི་དྲ་བ་ནི་སྟེང་དུ་བྱེད་པར་འདིའི་འགྲེལ་པ་རྣམས་ལས་བཤད་ལ། ལྭ་བ་པའི་བཅུ་གསུམ་མའི་སྒྲུབ་ཐབས་ལས། ཕྱི་རོལ་དུ་སྟེང་དང་ལོགས་ཀུན་ཏུ་ཁྱབ་པར་བཤད་དོ། །མདའི་དྲ་བ་ཞེས་དམིགས་ཀྱིས་བཀར་ནས་བཤད་པ་མ་གཏོགས་པ་ར་བ་དང་དྲ་བ་ཞེས་པའི་སྐབས་སུ་ནི་གུར་བྱུང་ན་དྲ་བ་དང༌། དྲ་བ་བྱུང་ན་གུར་ཟུར་དུ་མི་དགོས་སོ། །རྡོ་རྗེ་རྩེ་ལྔ་པའི་མདའི་དྲ་བ་ལ་མཁས་པ་ཁ་ཅིག་དེའི་མདེའུ་ཅན་དུ་བཞེད་དོ། །ཞལ་བཞི་པའི་སྔགས་བཞི་པ་ལ་ལོ་ཆེན་གྱི་འགྱུར་དང༌། ཀུ་མཱ་ར་བོ་དྷིའི་འགྲེལ་པར། བྷ་ག་ཝཱན་བིདྱཱི་རཱ་ཛ་ཞེས་འབྱུང་ལ། མར་དོ་དང་ཆག་འགྱུར་ལས་བཛྲ་རཱ་ཛ་ཞེས་འབྱུང༌། འདིའི་སྐབས་ཀྱི་མངོན་བརྗོད་དང་ཕག་མོ་སྔོན་འབྱུང་ལས། བཛྲ་ཧཱུཾ་ཧཱུཾ་ཕཊ་ཅེས་འབྱུང་ཞིང་ལྷག་མ་རྣམས་འདིར་བཤད་པ་བཞིན་ཡོད་དེ་སྔགས་བཏུ་བ་དང་མཐུན་ནོ། །སྡོམ་འབྱུང་འགྱུར་གསར་རྙིང་གཉིས་དང༌། ཀྵནྟི་ཤྲཱིའི་སྡོམ་འབྱུང་གི་སྒྲུབ་ཐབས་ལས། སྔགས་དང་པོ་གསུམ་འདྲ་ལ། བཞི་པ་ལ་ༀ་ཨཱ་ན་ཡ་ཧོཿ ་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཅེས་འབྱུང་ངོ༌། །ཞལ་བཞི་པའི་སྔགས་ལ་སྤྱིར་མི་འདྲ་བ་མང་དུ་ཡོད་ཀྱང་འདིར་ནི་སྐབས་འདིར་བདེ་མཆོག་གི་རྒྱུད་དང༌། ལཱུ་ཨི་པའི་སྐོར་ནས་ཇི་ལྟར་བྱུང་བའི་ལུགས་སོ། །གཉིས་པ་ནི། དེ་ལ་བཟླས་པའི་སྔགས་རྣམས་རིགས་བཞིར་བསྡུས་ནས། རྡོ་རྗེ་གཙུག་ཏོར་དང་རྒྱུད་རྡོར་ཕྲེང་ལས་གསུངས་པ་ནི། ཐོག་མར་ༀ་ཡོད་ལ་མཐར་སྭཱ་ཧཱ་མེད་པ་ནི་མཐའ་མེད་པ་ནི་མཐའ་མེད་དང༌། དེ་ལས་བཟློག་པ་ནི་མགོ་མེད་དང༌།


JLD009_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ཡོད་པ་ནི་སྦྲུལ་དང༌། གཉིས་ཀ་མེད་པ་ནི་བཏུས་པ་ཞེས་བྱ་བ་ལས། འདིར་ནི་སྔགས་རྐང་བཞི་ཆར་མཐའ་མེད་དེ། སྐབས་གཞན་དུ་ཡང་ཤེས་པར་བྱའོ། །སྔགས་ཀྱི་དོན་ལ། ༀ་ནི་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། ཞེས་མཆོག་ལ་སོགས་པ་བཞི་སྟེར་བ་དང༌། སྐལ་བ་བཟང་པོ་ཅན་དུ་བྱེད་པ་དང༌། དམ་བཅའ་བ་སྟེ་སྔགས་ཀྱི་མགོ་འདྲེན་པ་དང༌། དེ་སྨོས་པས་ཤིས་པར་འགྱུར་བ་སྟེ་བདུན་བཤད་དེ། རིན་པོ་ཆེ་བཟུང་ནས་གཞན་གྱི་འདོད་དོན་སྐོང་བའི་སྙིང་པོའོ། །དེ་ཡང་ཡི་གེ་དེ་ལ་ཡོན་ཏན་དེ་དག་ངོ་བོ་ཉིད་ཀྱིས་གནས་པར་ཕྱི་རོལ་པ་འདོད་པ་ལྟར་ནི་མིན་གྱི། སངས་རྒྱས་ལྟ་བུ་ཤེས་མཐུ་དང་ལྡན་པའི་ཁྱད་པར་ཅན་གྱིས་སྦྱར་བའི་སྒོ་ནས་དང༌། ༀ་ཡིག་ལ་ཨ་དང་ཨུ་དང་མ་གསུམ་ཡོད་པ་རང་གི་ལུས་ངག་ཡིད་གསུམ་ཡིན་ལ། དེ་གསུམ་གྱི་སྟོང་ཉིད་དང་དེའི་ཡུལ་ཅན་གྱི་སྙིང་རྗེ་གཉིས་རོ་གཅིག་པའི་ངོ་བོར་བདག་ཉིད་འཇོག་པར་བཤད་པ་ལྟར་གྱི་དོན་ཡིད་ལ་བྱེད་པ་ལ། ༀ་གྱིས་སྔར་ལྟར་གྱི་བྱ་བ་བྱེད་པ་སྟེ། འདི་ནི་དམིགས་བསལ་མེད་པའི་སྐབས་ཀུན་ཏུ་ཤེས་པར་བྱའོ། །སུམྦྷ་ནི་ངེས་པར་འདུལ་བ་སྟེ་འདི་ནི་བོད་པའོ། །ནི་སུམྦྷ་ནི་མ་ལུས་པར་ངེས་པར་འདུལ་བའོ། །ཧཱུཾ་ནི་དོན་དེ་གསལ་བར་བྱེད་པའོ། །གྲིཧྞ་གཉིས་ནི་གནོད་བྱེད་འབྲོས་པ་ལ་ཟུང་ཅིག་པའོ། །གྲིཧྞཱ་པ་ཡ་གཉིས་ནི་འཁོར་རྣམས་ཀྱང་འཛིན་དུ་ཆུ་གཅིག་པའོ། །ཧཱུཾ་ནི་བསྐུལ་བའོ། །ཧོ་བྷ་ག་ཝཱན་ནི་ཀྱེ་བཅོམ་


JLD009_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཞེས་བོས་ནས། ཨཱ་ན་ཡ་ནི་ཁུག་ཅིག་པའོ། །བིདྱཱ་རཱ་ཛ་ནི་རིག་པའི་རྒྱལ་པོ་ཞེས་པའོ། །ཧཱུཾ་ཕཊ་ནི་གསོད་པའི་ཕྱིར་བསྐུལ་བ་ཡིན་པར་སྒྲོན་གསལ་ལས་གསུངས་ཏེ། བཛྲ་རཱ་ཛ་ཞེས་པ་ལྟར་ནའང་རྡོ་རྗེ་ཞེས་པ་བཅོམ་ལྡན་འདས་དང་སྦྱར་རོ། །འདིའི་འགྲེལ་པ་གཞན་རྣམས་ནས་མ་བྱུང་ཡང༌། ཁྱད་པར་གསལ་བྱེད་ལས། རྡོ་རྗེའི་ས་གཞིའི་སྔགས་ལ་སོགས་པ་སྔགས་དྲུག་མངོན་བརྗོད་ནས་འབྱུང་བ་འདིར་སྦྱར་བས་དེ་དག་ཀྱང་བརྗོད་ལ་རྡོ་རྗེའི་ས་གཞི་དང་ར་བ་སོགས་བསྐྱེད་པ་བྱིན་གྱིས་བརླབ་བོ། །ༀ་མེ་དི་ནཱི་བཛྲ་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པ་ནི་ས་གཞི་རྡོ་རྗེའི་རང་བཞིན་དུ་འཆིང་བ་དང༌། ༀ་བཛྲ་པྲཱ་ཀ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་པཉྩ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ༀ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ༀ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པའི་བར་གྱི་བཛྲ་པྲཱ་ཀ་ར་སོགས་དང་པོ་བཞི་ནི། རྡོ་རྗེའི་ར་བ་དང༌། གུར་དང༌། བླ་རེ་དང༌། མདའི་དྲ་བ་ཡིན་ལ། ཧཱུཾ་གཉིས་ཀྱི་བར་དུ་བཅུག་པའི་པཾ་གཉིས་དང༌། སཾ་ནི་གུར་དང་མདའི་མིང་ཡིག་དང་པོ་དང༌། ར་བའི་མིང་ཡིག་དང་པོ་ར་ཡིག་བཞག་པ་ལ་ཐིག་ལེས་བརྒྱན་པ་དང༌། དེའི་རིགས་པས་ཁཾ་ཡང་བླ་རེའི་ས་བོན་དུ་མངོན་ཏེ་དཔྱད་པར་བྱའོ། །མངོན་བརྗོད་མང་པོ་ལས་བཛྲ་བྷ་བ་ཞེས་འབྱུང་ལ། གཞུང་ཁ་ཅིག་ལས་བཛྲི་ཞེས་ཀྱང་འབྱུང་ངོ༌། །མངོན་བརྗོད་ལོ་ཆུང་གི་འགྱུར་ལ་ཏྲཾ་སཾ་ཏྲཾ་ལཾ་ཧཱུཾ་ཥ་ཧཱུཾ་ཞེས་འབྱུང་ངོ༌། །ཛྭ་ལ་ནི་འབར་བ་དང༌། ཨ་ན་ལ་ནི་མེ་དང༌། ཨརྐ་ནི་ཉི་མའོ། །མེ་རི་བྱེད་པ་གཞུང་ནས་དངོས་སུ་མ་བྱུང་ཡང་དགོས་ལ། བླ་མ་སྔ་མ་རྣམས་ཀྱང་སྔགས་འདི་རྣམས་ཀྱིས་བྱིན་རློབ་པ་མཛད་


JLD009_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཉིས་པ་ལ་གཉིས། ཁྲོ་མོ་བསྐྱེད་ནས་བགེགས་དགུག་པ་དང༌། བཀུག་པའི་བགེགས་ལ་ཕུར་བུས་གདབ་པ་སོགས་སོ། །དང་པོ་ནི། དེ་ནས་ཕུར་གདབ་བྱ་བའི་ཕྱིར་སྒོ་མཚམས་མ་རྣམས་སྐྱེད་ཚུལ་ནི། འགྲེལ་པ་གསུམ་ག་དང་འཁྲུལ་སྤོང་ལས། སུམྦྷ་ལ་སོགས་པའི་སྔགས་བཞི་ལས། སྒོ་མ་བཞི་དང༌། སྔགས་དེ་ཉིད་གཉིས་གཉིས་ཀྱི་འོད་ཟེར་ཡོངས་སུ་གྱུར་པ་ལས། མཚམས་མ་བཞི་བསྐྱེད་པར་བཤད་པའི་དོན་ནི། སྔར་ལྟར་གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་གཏོག་ཅིང༌། སྔགས་བཞི་པོ་རེ་རེ་ཤར་ནས་ཕྱོགས་བཞིར་གཡོན་སྐོར་དུ་བརྗོད་ཅིང་བཀོད་ལ། རེ་རེ་ཡོངས་སུ་གྱུར་པ་ལས་ཕྱོགས་བཞིར་ནག་ལྗང་དམར་སེར་བའི་ཁྭ་གདོང་མ་ལ་སོགས་པ་བཞི་བསྐྱེད། ཡང་སྔར་བཞིན་བྱས་ཏེ་ཤར་ལྷོར་སྔགས་དང་པོ་ནག་པོ་དང༌། བཞི་པ་སེར་པོ་གཉིས་བཀོད་པ་ཡོངས་སུ་གྱུར་པ་ལས། དེར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ་བསྐྱེད། དེ་བཞིན་དུ་སྔགས་བཞི་པ་དང་གསུམ་པ་དམར་པོ་ལྷོ་ནུབ་ཏུ་བཀོད་པ་ལས། ཕོ་ཉ་མོ་གཡས་སེར་གཡོན་དམར་བ་དང༌། དེ་ནས་སྔགས་གསུམ་པ་དང་གཉིས་པ་ལྗང་ཁུ་གཉིས་ནུབ་བྱང་དུ་བཀོད་པ་ལས། དེར་མཆེ་བ་མ་གཡས་དམར་གཡོན་ལྗང་བ་དང༌། དེ་ནས་སྔགས་གཉིས་པ་དང་དང་པོ་གཉིས་བྱང་ཤར་དུ་བཀོད་པ་ལས། གཤིན་རྗེ་འཇོགས་མ་གཡས་ལྗང་གཡོན་སྔོ་བ་བསྐྱེད། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན། གཡས་ཀྱིས་རྡོ་རྗེ་ཐོ་བ་དང༌། གཡོན་གྱིས་རང་འདྲའི་ཕུར་བུ་བསྣམས་པའོ། །འདིར་འཕྲོས་པའི་སྦྱོར་བས་སོང་ནས་


JLD009_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་བགེགས་འགུགས་པར་ལྭ་བ་པས་གསུངས་པའི་དོན་ནི། འཁྲུལ་སྤོང་ལས་དེ་དག་གིས་རང་འདྲ་དུ་མ་སྤྲོས་ནས་འགུགས་པར་བཤད་པ་ལྟར་ཡིན་ལ། བཀུག་པ་རྣམས་རྡོ་རྗེ་ར་བའི་ཕྱི་རོལ་དང་ཉེ་བར་ཧཱུཾ་རིང་པོ་བརྗོད་པ་ལས་གྲུབ་པའི་ཁྲོན་པ་རྣམས་སུ་གཞུག་གོ །སྒྲ་ཙམ་དུ་མ་ཟད་ཧཱུཾ་ནག་པོ་ལས་ཀྱང་སྐྱེད་པར་ལྭ་བ་པའི་བཅུ་གསུམ་མའི་སྒྲུབ་ཐབས་ལས་འབྱུང་བ་ལྟར་བྱའོ། །འཁྲུལ་སྤོང་དང་དེ་བཞིན་གཤེགས་པའི་རྡོ་རྗེ་དང༌། ལྭ་བ་པའི་སྒྲུབ་ཐབས་ལས་ཁྲོན་པ་བརྒྱད་དུ་བཤད་ཀྱང༌། དཀྱིལ་ཆོག་རྡོར་ཕྲེང་ལས། ཁྲོན་པ་བཅུར་ཡང་བཤད་ཅིང༌། ལྭ་བ་པ་སོགས་ཀྱིས་ཀྱང་ཕྱོགས་བཅུའི་བགེགས་འགུགས་པར་གསུངས་པས་སྟེང་འོག་གི་བགེགས་འཇུག་པའི་ཁྲོན་པ་ཡང་དགོས་སོ། །དེས་ན་སྟེང་འོག་གི་བགེགས་འགུགས་པ་སོགས་བྱེད་པའི་ལྷ་མོ་རེ་ཡང་དགོས་ལ། དེ་ནི་ཇོ་བོ་ཆེན་པོའི་འགྲེལ་པར། རྡོ་རྗེའི་ར་བ་དང་མེ་རིའི་བར་དུ་ཕྱོགས་དང་མཚམས་སུ་སྒོ་མཚམས་མ་བརྒྱད་དང༌། སྟེང་དུ་ཁྭ་གདོང་མ་དང༌། འོག་ཏུ་ཁྱི་གདོང་མ་སྒོམ་པར་གསུངས་པ་ལྟར་ལེགས་པས་ཚུལ་འདི་སྐྱིད་པའི་དུས་སུ་ཡང་ཤེས་པར་བྱའོ། །ཁྱད་པར་གསལ་བྱེད་ལས། སྟེང་འོག་གི་བགེགས་བསྲུང་བ་ཡང་དེ་རྣམས་ཁོ་ནས་བྱེད་ཅེས་སྤྱིར་བཤད་ཀྱང༌། ཁྭ་གདོང་མ་དང་ཁྱི་གདོང་མ་གཉིས་པས་བྱེད་ལ། དེ་ལྟ་ནའང་སྒོ་མཚམས་མ་བརྒྱད་ལས་གཞན་པའི་ལྷ་མོ་མི་དགོས་པ་ལ་བསམས་ནས་དེ་སྐད་བཤད་དོ། །བོད་ཀྱི་བླ་མ་ཁ་ཅིག་རྩ་རྒྱུད་ལས། སྐད་ཅིག་གིས་ནི་སྐུ་བརྒྱད་


JLD009_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་ཡིས་དཀྱིལ་འཁོར་བསྲུང་དོན་དུ། །གདུག་པ་ཐམས་ཅད་ཁྱད་པར་གྱིས། །འདི་ནི་རྙེད་པ་ཙམ་གྱིས་ཀྱང༌། །བརྟག་མི་དགོས་པར་འཆི་བར་འགྱུར། ཞེས་སྔགས་ལན་ཅིག་བརྗོད་པས་ལྷ་མོ་བརྒྱད་སྤྲོས་ནས། ཁྭ་གདོང་མ་གཅིག་གིས་ཤར་དང་སྟེང༌། ཁྱི་གདོང་མ་གཅིག་གིས་ནུབ་དང་འོག་གི་བགེགས་འཇོགས་པའི་ཕྱིར། ཁྭ་གདོང་མ་དང་ཁྱི་གདོང་མ་གཉིས་གཉིས་བྱས་ནས་ལྷ་མོ་བཅུ་བྱེད་པ་འགོག་པ་མི་འཐད་དེ། ལྷ་མོ་དེ་གཉིས་རེ་རེས་ཕྱོགས་གཉིས་གཉིས་ཀྱི་བགེགས་འཇོམས་པ་གཞུང་དེའི་དོན་མིན་པས་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར་དང༌། ཁྭ་གདོང་མ་དང་ཁྱི་གདོང་མ་གཉིས་གཉིས་བྱུང་བ་དང་། ལྷ་མོ་བརྒྱད་དུ་བཤད་པ་གཉིས་དབྱེ་བསྡུ་ཡིན་པས་མི་འགལ་བའི་ཕྱིར་དང༌། ཞལ་བཞི་པའི་སྔགས་ལན་ཅིག་བརྗོད་པ་ལས་ལྷ་མོ་བརྒྱད་སྐྱེད་ན་རང་གིས་སྔགས་བཞི་རེ་རེ་ལས་སྒོ་མ་བཞི་སྐྱེད་ཅིང༌། སྔགས་ཀྱི་འོད་ཟེར་གཉིས་གཉིས་འདྲེས་པ་ལས་མཚམས་མ་བཞི་སྐྱེད་པར་བཤད་པ་དང་འགལ་བའི་ཕྱིར་རོ། །མངོན་བརྗོད་ལས། ཁྲོ་བོ་རྣམས་ཀྱིས་ཕུར་བུས་འདེབས་པར་བཤད་པ་དང༌། འདིར་ཁྭ་གདོང་མ་ལ་སོགས་པས་ཕུར་བུས་འདེབས་པར་བཤད་པ་ནི་མི་འགལ་ཏེ། ཇོ་བོའི་འགྲེལ་པར་དེ་ཡང་ལེའུ་བཅུ་བདུན་པ་ལས། ཁྲོ་བོ་རྣམ་རྒྱལ་ལ་སོགས་པ། །སྒོ་དང་མཐའ་ཡི་མཚམས་རྣམས་སུ། །སྣ་ཚོགས་འདུལ་བའི་ཐབས་ཅན་གྱིས། །སེམས་ཅན་དོན་ལ་བརྩོན་པར་མཛད། ཅེས་པས་སྣ་ཚོགས་འདུལ་བའི་ཐབས་ནི་བུད་མེད་ཀྱིས་འདུལ་བ་རྣམས་ལ་བཀའ་བསྒོ་རྣམས་སུ་སྤྲུལ་བའི་ཕྱིར་རོ། ཞེས་ཀུན་སྤྱོད་ཀྱི་ལུང་


JLD009_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །དེས་ན་རྩ་རྒྱུད་ལས། ཞལ་བཞི་པའི་སྔགས་བཏུས་པའི་མཇུག་ཐོགས་ཉིད་དུ། ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། ཞེས་སོགས་སྔར་དྲངས་པ་ལྟར་གསུངས་པས་ཀྱང་དོན་འདི་བསྟན་པར་ཤེས་པར་བྱའོ། །གཉིས་པ་ནི། དེ་ནས་ཤར་ནས་ཕྱོགས་གཡོན་སྐོར་དང༌། མེ་ནས་མཚམས་གཡས་སྐོར་དང༌། སྟེང་འོག་ཏུ་དམིགས་ཏེ་ཁྲོ་མོ་རྣམས་ལ་བཀའ་བསྒོ་བའི་ཚུལ་གྱིས། ༀ་གྷ་གྷ་ཞེས་སོགས་ཕུར་བུས་གདབ་པའི་སྔགས་རེ་རེ་ནས་བརྗོད་པ་སྔོན་དུ་འགྲོ་བས་བགེགས་རྣམས་ཀྱི་སྤྱི་བོར་ཕུར་བུ་གཟུག་སྟེ། མངོན་བརྗོད་ལས། བགེགས་ཀུན་གྱི་ནི་ཀླད་པ་ལ། །རྡོ་རྗེ་ཕུར་བུས་དགོད་ཅིང་མནན། །ལུགས་སུ་འབྱུང་དང་བཟློག་པ་ཡིན། ཞེས་འབྱུང་ངོ༌། །དེ་ནས་བརྡུང་བའི་རིམ་པ་ཡང་སྔར་ལྟར་བཤད་པས་རིམ་པ་དེ་བཞིན་དུ། ༀ་བཛྲ་མུངྒ་ར་སོགས་བརྡུང་བའི་སྔགས་རེ་རེ་ནས་བརྗོད་པ་སྔོན་དུ་འགྲོ་བས་གཡས་པའི་ཕྱག་གི་རྡོ་རྗེ་ཐོ་བས་བརྡུངས་པས་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་སོན་པར་གདབ་བོ། ཞེས་བསྒྱུར་བ་ལེགས་སོ། །འདི་རྣམས་ཀྱི་དུས་སུ་རང་ཉིད་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་བྱེད་པ་མངོན་བརྗོད་ཀྱི་ལུགས་ཡིན་ལ། ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་གྱིས་བྱེད་པ་སྡོམ་འབྱུང་དང་དྲིལ་བུ་པའི་དགོངས་པ་ཡིན་ཏེ། འདིའི་འགྲེལ་པ་གསུམ་དང་འཁྲུལ་སྤོང་གི་ལུགས་ཀྱང་དེ་དང་མཐུན་ནོ། །ཕུར་གདབ་ཀྱི་སྔགས་ཀྱི་དོན་ལ། ༀ་ནི་སྔར་དང་འདྲ། གྷ་གྷ་ནི་གྷ་ཏ་གྷ་སྟེ་གསོད་བྱེད་ཅེས་བོད་པའོ། །གྷཱ་ཏ་ཡ་གཉིས་ནི་ཆོམས་ཤིག་


JLD009_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྦོད་པའོ། །གང་ཞེ་ན། སརྦ་ནི་ཐམས་ཅད་དང༌། དུཥྚཱ་ནི་མ་རུངས་པའོ། །ཕཊ་ནི་དོན་དེ་གསལ་བར་བྱེད་པའི་ས་བོན་ནོ། །ཀཱི་ལ་ཡ་གཉིས་ནི་ཕུར་བུས་ཐོབ་ལ་མི་འགུལ་བར་གྱིས་ཤིག་པའོ། །སརྦ་པཱ་པཾ་ནི་སྡིག་པའི་བསམ་པ་ཅན་ཐམས་ཅད་དོ། །ཕཊ་ནི་དགས་པའོ། །ཧཱུཾ་གསུམ་ནི་དེ་ཁོ་ན་ཉིད་བསྐུལ་བའོ། །བཛྲ་ཀཱི་ལ་ཡ་ནི་རྡོ་རྗེ་ཕུར་བུ་ལ་བོད་པའོ། །བཛྲ་དྷ་ར་ཨཛྙཱ་པ་ཡ་ནི་རྡོ་རྗེ་འཆང་གི་བཀའ་ཉོན་ཅེས་པ་སྟེ། བདག་ཉིད་རྡོ་རྗེ་འཆང་དུ་བྱིན་གྱིས་བརླབས་ནས་བཀའ་བསྒོ་བའོ། །ཀཱ་ཡ་བཱ་ཀ་ཙིཏྟ་ནི་ལུས་ངག་ཡིད་གསུམ་སྟེ། བགེགས་ལ་བྱའོ། །བཛྲ་ཀཱི་ལ་ཡ་ནི་སྔར་དང་འདྲ། ཧཱུཾ་ཕཊ་ནི་སླར་ཡང་བསྐུལ་བའོ། །འདི་ནི་སྒྲོན་གསལ་ལས་གསུངས་ཏེ། དཔེ་རྣམས་ལ་མི་འདྲ་བ་ཐན་ཐུན་ཡོད་དོ། །མར་དོ་དང་ཆག་གི་འགྱུར་ལ་སྔགས་དང་པོ་ལ་དུཥྚཱའི་འཇུག་ཏུ་བིགྷ་ནཱན་མེད། སྔགས་གཉིས་པ་ལ་མགོར་ༀ་མེད་ཅིང༌། གཉིས་ཀ་ལ་མཐར་ཧཱུཾ་གཉིས་དང་ཕཊ་ཡོད། སྔགས་གསུམ་པ་ལ་མགོར་ཧཱུཾ་གསུམ་དང༌། པ་ཡ་ཏིའི་རྗེས་སུ་སརྦ་དུཥྚཱ་བིགྷ་ནཱན་ཡོད་ལ། ལྷག་མ་སྔགས་དོན་བཤད་པའི་སྐབས་དང་འདྲའོ། །འཁྲུལ་སྤོང་དུ། སྔགས་དང་པོ་ལ་བིགྷ་ནཱན་མེད་པར་དུཥྚཱའི་རྗེས་སུ། པྲ་དུཥྚཱ་དང་། སྔགས་གཉིས་པའི་མགོར་ༀ་ཡོད། ལྷག་མ་སྔར་དང་འདྲའོ། །འདི་རྣམས་རྒྱུད་གང་ནས་བཏུས་པ་ནི། གཙོ་བོར་མངོན་བརྗོད་ཡིན་ལ། དེའི་འགྱུར་རྣམས་དང༌། ཕག་མོ་མངོན་འབྱུང་དང༌། སྒྲུབ་ཐབས་ཀྱི་འགྱུར་རྣམས་ལ་འདྲ་མི་འདྲ་དུ་མ་ཞིག་འདུག་གོ །བཛྲ་མུད་ག་ར་ནི་རྡོ་རྗེ་ཐོ་བའོ། །བཛྲ་ཀཱི་ལ་ཡ་ནི་སྔར་དང་འདྲའོ། །ཨ་ཀོ་ཊ་ཡ་ནི་


JLD009_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་ཤིག་པའོ། །སྔགས་འདིའི་མཐར་མར་དོ་དང་ལོ་ཆེན་དང་ཆག་འགྱུར་ལས་ཧཱུཾ་གཅིག་དང་ཕཊ་གཅིག་འབྱུང་ལ། མངོན་བརྗོད་ཁ་ཅིག་ལས་དེ་གཉིས་གཉིས་གཉིས་འབྱུང་ངོ༌། །དེ་ལྟར་ཕུར་བུ་འདེབས་པ་དང་བརྡུང་བ་བྱས་པས་བགེགས་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཁྭ་གདོང་མ་ལ་སོགས་པས་བགེགས་རྣམས་རྒྱང་རིང་དུ་བསྐྲད་ནས། རྡོ་རྗེའི་ར་བ་གྲུ་བཞི་པ་ལ་ཐིམ་པའི་དུས་སུ། ཆུ་ལ་ཆུ་བརྡབས་པས་གཟེགས་མ་ཕྱིར་འཐོར་བ་བཞིན་དུ། རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་ཟླུམ་པོ་གསུམ་མཚམས་བཅིང་བའི་དོན་དུ་བསྒོམ། དེའི་ཕྱི་རོལ་དུ་མེ་རི་འབར་བ་བསམ་ཞིང་སྔར་བཤད་པའི་རྡོ་རྗེའི་ར་བ་ལ་སོགས་པ་ཐམས་ཅད་ཀྱང་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པར་བསྒོམས་ལ། འགྲོ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་བགེགས་དང་བྲལ་བར་མོས་པ་བརྟན་པོ་བྱའོ། །སྒྲུབ་ཐབས་གཙུག་ནོར་ལས། སྒོ་མཚམས་མ་བརྒྱད་ཀྱིས་སྤྲོས་པའི་འོད་ཟེར་འབར་བ་ལྕགས་ཀྱུའི་རྣམ་པ་ཅན་གྱིས། བགེགས་བྲོས་པ་རྣམས་དྲངས་ནས། དོང་དུ་བཅུག་པ་དང་། རྡོ་རྗེའི་ལྟ་བས་བལྟས་ཏེ། གྷ་གྷ་ཞེས་སོགས་ཀྱི་སྔགས་བརྗོད་དེ། ཕུར་བུ་ཚུགས་ཤིག་པར་བཀའ་བསྒོས་པས། བགེགས་རྣམས་ཀྱི་སྦྱི་བོར་ཕུར་བུ་བཙུགས་པ་དང༌། བརྡུང་བའི་སྔགས་བརྗོད་ནས་ཐོ་བས་བརྡུངས་ཏེ། ཕུར་བུ་བཏབ་པས་བདེ་བ་ཆེན་པོ་ཐོབ་པར་བྱས་ལ། སྒོ་མཚམས་མ་རྣམས་འོད་ཟེར་འབར་བར་གྱུར་ཏེ། མདའི་དྲ་བ་ལ་ཐིམ་མ་ཐིག་ཏུ་ཆུ་ལ་ཆུ་བརྡབས་པའི་ཚུལ་དུ་ཕྱིར་འཕྲོས་པ་ལས་རྡོ་རྗེའི་ར་བ་ཟླུམ་པོ་དང༌།


JLD009_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་འཕྲོས་པས་པད་ར་དང༌། དེ་ལས་འཁོར་ལོའི་ར་བ་དང༌། དེ་ལས་རྡོ་རྗེའི་མེ་འབར་བ་སྟེང་དང་ལོགས་ཀུན་ཏུ་ཁྱབ་པ། གཡོན་སྐོར་དུ་འཁྱིལ་ཞིང་འབར་བ་བསམས་ཏེ། སྔགས་བཞིས་བྱིན་གྱིས་རློབ་པར་བཤད་པ་ནི། མར་དོས་ལུགས་འདི་ལའང་མཛད་མོད་ཀྱང༌། འདི་ནི་འགྲེལ་པ་རྣམས་ལས། སྔར་བཞིན་བཤད་པ་ལྟར་བྱའོ། །དྲིལ་བུ་པས། ཐོ་བས་བརྡུངས་ཏེ་ཕུར་པ་གདབ། །བགེགས་རྣམས་རྫོགས་པའི་བྱང་ཆུབ་གྱུར། །ལྷ་མོ་འོད་གྱུར་འདུས་འཕྲོས་ལས། །རྡོ་རྗེ་པདྨ་འཁོར་ལོ་མེ། །ༀ་བཛྲ་པྲཱ་ཀཱ་ར་ཧཱུཾ། ༀ་པདྨ་པྲཱ་ཀཱ་ར་ཧཱུཾ། ༀ་ཙཀྲ་པྲཱ་ཀཱ་ར་ཧཱུཾ། ༀ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་གསུངས་པའི་དགོངས་པ་ཡང༌། བཅུ་གསུམ་མའི་སྒྲུབ་ཐབས་ལས་བཤད་པ་ལྟར་ཡིན་པས། དྲིལ་བུ་པའི་ལུས་དཀྱིལ་གྱི་བསྲུང་འཁོར་ནི། བསྲུང་འཁོར་འབྲིང་པོའི་ལུགས་སུ་བྱེད་ན། ལྷ་ལྔ་བཞིན་བྱ་ལ། བསྡུས་པའི་ལུགས་ཀྱང་རུང་ངོ༌། །རང་དོན་དུ་བསྲུང་བ་ལ་དེ་ལྟར་ཡིན་ལ། སེམས་ཡོད་དང་སེམས་མེད་གཞན་ལ་བགེགས་ཀྱི་གནོད་པ་སྲུང་ན་ནི། དཀྱིལ་ཆོག་རྡོ་རྗེ་འཕྲེང་བར། དཀྱིལ་འཁོར་བྲི་བ་སོགས་ལ་ཆུ་རྡོལ་དང་རླུང་དང༌། སྤྲིན་ལ་སོགས་པའི་བགེགས་ཀྱི་གནོད་པ་བྱུང་བའི་ཚེ། རྡོ་རྗེའི་ར་གུར་དང་མདའི་དྲ་བ་དང༌། བླ་རེའི་ནང་གི་ཁོང་གསེང་ལ་གནས་པའི་རྩིབས་ཀྱི་རྩེ་མོ་ལ་བརྟན་པར་གནས་པའི་ཁྲོ་བོ་བཅུ་ཤིན་ཏུ་འཇིགས་པས་བྱིན་གྱིས་བརླབས་པའི་རྩིབས་བཅུ་པའི་འཁོར་ལོ་སེར་པོ། གཡས་སྐོར་དུ་འཁོར་བའི་ལྟེ་བའི་དབུས་སུ་བསྲུང་བྱ་བསྒོམས་ནས། རྡོ་རྗེའི་རང་བཞིན་གྱི་ས་གཞི་ལ་སོགས་པས་བགེགས་ཐམས་


JLD009_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཟློག་པར་སྒོམ་པར་བཤད་པ་ལྟར་བྱས་ན། ལེགས་པར་མཐོང་ངོ༌། །བཞི་པ་ལ་གཉིས། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པའོ། །དང་པོ་ལ་གཉིས། ཚོགས་ཞིང་བསྒྲུབ་པ་དང༌། ཞིང་དེ་ལ་ཚོགས་བསག་པའོ། །དང་པོ་ནི། བསྲུང་འཁོར་བསྒོམས་པའི་མཇུག་ཐོགས་དེ་ནས། བསྲུང་འཁོར་གྱི་དབུས་སུ་རང་ཧེ་རུ་ཀར་གནས་པའི་སྙིང་ཁར་ཡི་གེ་ཨཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །ཨ་ལ་ཀླད་ཀོར་སྟེར་བར་ལྭ་བ་པ་སོགས་ཀྱིས་བཤད་དོ། །ཟླ་བ་དེའི་སྟེང་དུ་ཧཱུཾ་གྱི་རྣམ་པ་དབུས་སྔོ་ལ། ཕྱི་རོལ་ཏེ་མཐའ་སྐྱ་བ་དངུལ་ཆུའི་ཁ་དོག་ལྟ་བུ་འོད་ཟེར་སྣ་ཚོགས་པ་སྟེ་ཁ་དོག་རྣམ་པ་ལྔ་འཕྲོ་བ་བསམ་མོ། །ཧཱུཾ་ནི་རྡོ་རྗེ་འཛིན་པའི་རང་བཞིན་དང༌། རྡོ་རྗེ་འཛིན་པ་ནི་ཟླ་བའི་དཀྱིལ་འཁོར་ཅན་དུ་འཐད་པ་ཁོ་ནའོ། ཞེས་ལྭ་བ་པ་དང༌། པྲཛྙཱ་རཀྵི་ཏས་བཤད་དེ། རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། ཧཱུཾ་ཡིག་གི་རྟེན་ཟླ་བར་བཤད་དོ། །དེ་ཁོ་ན་ལྟར་ནི་མ་ངེས་ཏེ། མངོན་བརྗོད་དང་མཁའ་འགྲོ་རྒྱ་མཚོ་ལས། ཉི་མ་ལ་གནས་པར་ཡང་བཤད་པས་སོ། །སྡོམ་འབྱུང་ལས། ཧཱུཾ་ཡིག་སྙིང་ཁའི་ཆུ་སྐྱེས་ལ། །འོད་ཟེར་འཕྲེང་བ་སྤྲོ་བར་བྱ། ཞེས་གསུངས་པའི་འགྲེལ་པར་པཾ་སེར་པོ་ལས་སྣ་ཚོགས་པདྨའི་གདན་བཤད་ལ། མཁའ་འགྲོ་རྒྱ་མཚོ་ལས་ཀྱང་པདྨ་བཤད་པ་ལྟར་བྱའོ། །ཧཱུཾ་ཡིག་ནི་ཡེ་ཤེས་ལྔའི་རང་བཞིན་ཅན་དུ་མངོན་བརྗོད་དང་དྲིལ་བུ་ཞབས་ཀྱིས་གསུངས་ལ། དེ་ལ་ཡེ་ཤེས་ལྔ་འཇོག་ཚུལ་ནི་ཨ་བྷྱ་ཀ་རས། ཨཱུ་ཡིག་དོན་གྲུབ་དང༌། ཧའི་ལུས་


JLD009_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཐའ་དང་། དེའི་མགོ་བོ་རིན་འབྱུང་དང༌། ཟླ་ཚེས་རྣམ་སྣང་དང༌། ཐིག་ལེ་ནཱ་ད་དང་བཅས་པ་ནི་མི་བསྐྱོད་པར་བཤད་པའི་སྟེང་ནས་ཤེས་པར་བྱའོ། །ཧཱུཾ་ཡིག་དེའི་སྣང་བ་སྟེ་འོད་ཟེར་གྱིས་རང་གི་བླ་མ་དང་རྫོགས་པའི་སངས་རྒྱས་ཏེ་འཆད་འགྱུར་གྱི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་ནམ་མཁར་སྤྱན་དྲང་ངོ༌། །བལྟས་པ་ནི་བསམས་པའོ། །དཔའ་གཅིག་ལས། ཧཱུཾ་གི་འོད་ཟེར་གྱིས་རང་གི་སྦྱི་བོ་ནས་རྐང་པའི་བར་གང་སྟེ། ཐོག་མེད་ཀྱི་སྒོ་གསུམ་གྱི་དྲི་མ་སྦྱངས་པས། ལུས་ཤེལ་སྒོང་བཞིན་དུ་དག་པར་གྱུར་ཏེ། བ་སྤུའི་བུ་གནས་ཕྱིར་འཕྲོས་པའི་འོད་ཟེར་གྱིས། ཚོགས་ཞིང་སྤྱན་འདྲེན་པར་བཤད་པ་ནི། དྲིལ་བུ་པའི་ལུས་དཀྱིལ་གཉིས་དང༌། གཙུག་ནོར་གྱི་ལུགས་སུའང་སྣང་བས་དེ་བཞིན་དུ་བྱའོ། །ཇོ་བོའི་འགྲེལ་པར་བླ་མ་ནི་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བཞི་བསྐུར་བ་དང༌། སངས་རྒྱས་ནི་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་སོ་བདུན་དང༌། སོགས་ཀྱིས་ནི་བླ་མ་གཞན་དང༌། མགྲོན་གྱི་ལྷ་སངས་རྒྱས་དང་བྱང་སེམས་གཞན་སྤྱན་འདྲེན་པ་སྡུད་ཅིང༌། བལྟས་པ་ནི་བླ་མའི་དྲིན་དྲན་པའི་ཚུལ་གྱིས། བཞུས་ནས་དཀྱིལ་འཁོར་ལ་བསྟིམས་པས་ལྷ་དང་བླ་མ་ཐ་མི་དད་པར་ལྟ་བ་ལ་བཤད་དོ། །བླ་མ་སྤྱན་འདྲེན་པ་ནི་མངོན་བརྗོད་དང་སྡོམ་འབྱུང་ལས་གསུངས་སོ། །འདིར་གཙུག་ནོར་ལས། ཤར་ཕྱོགས་ཀྱི་དུར་ཁྲོད་དབང་པོའི་མདུན་ན། བླ་མ་སེང་གེའི་ཁྲི་ལ་བཞུགས་པར་བསྒོམ་ཞེས་གསུངས་པ་ལ། བླ་མ་ཁ་ཅིག་གིས་དེ་ཤིན་ཏུ་མི་རིགས་ཏེ། མངོན་བརྗོད་ལས། བླ་མ་བྱང་སེམས་རྡོ་རྗེ་རིགས་དྲུག་པར་བཤད་པ་དང༌། དཔལ་འཛིན་གྱིས་


JLD009_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། རྡོ་རྗེ་འཆང་བདག་རྣམ་པ་ཅན། །བླ་མ། ཞེས་བཤད་པ་དང་འགལ་བས། སྔགས་ཀྱི་རྣམ་གཞག་ལས་ཆེས་ཆེར་འཁྱམས་པའོ། །དེས་ན་སྒྲུབ་ཐབས་དེ་བྱེད་པ་པོའང་ལྭ་བ་པ་མ་ཡིན་པར་ངེས་སོ། ཞེས་ཟེར་བ་ནི། མ་ངེས་བཞིན་དུ་བཀག་པས་ཤིན་ཏུ་མི་རིགས་ཏེ། སྒྲུབ་ཐབས་དེ་ལས་ཀྱང༌། བླ་མ་རྡོ་རྗེ་སེམས་དཔའ་ལྟར་འགྱིང་བག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བཞུགས་པ་གསལ་བར་བལྟས་ལ། ཞེས་བླ་མ་རྡོ་རྗེ་འཆང་དུ་སྒོམ་པར་བཤད་པའི་ཕྱིར་རོ། །དེས་ན་བླ་མ་རྡོ་རྗེ་འཆང་དུ་བལྟ་བར་གསུངས་པ་རྣམས་ལུགས་དེ་ལ་གནོད་བྱེད་དུ་ཇི་ལྟར་འགྱུར། གལ་ཏེ་རྡོ་རྗེ་འཆང་དུ་གསུངས་པས་དུར་ཁྲོད་དུ་བཞུགས་པ་མི་རིགས་སོ་སྙམ་ན། རྡོ་རྗེ་འཆང་དུ་གསུངས་པ་ནི་སྒོམ་པའི་དབང་དུ་མཛད་ལ། རྡོ་རྗེ་འཆང་ཡིན་དུ་ཆུག་ཀྱང་འགལ་བ་མེད་དེ། མངོན་བརྗོད་ལས། དུར་ཁྲོད་ན་གནས་པ་བཤད་པའི་སྐབས་སུ། དཔའ་བོ་འདུས་པོའི་མཆོག་དག་དང༌། །རྣལ་འབྱོར་མ་ནི་མཆོག་སྣ་ཚོགས། ཞེས་དཔའ་བོ་དང་རྣལ་འབྱོར་མ་མཆོག་རྣམས་ཀྱང་དེ་ན་གནས་པར་བཤད་པའི་ཕྱིར་དང༌། སྡོམ་འབྱུང་ལས། གྲུབ་ཆེན་རྫུ་འཕྲུལ་ཡང་དག་ཐོབ་སློབ་དཔོན། །ཚོགས་ནི་དུར་ཁྲོད་དབུས་སུ་བལྟ་བར་བྱ། ཞེས་གྲུབ་ཆེན་དུ་མ་ཞིག་དེར་གནས་པར་གསུངས་པས། བླ་མ་དེར་བཞུགས་པར་སྒོམ་པ་ལ་འགལ་བ་ཅུང་ཟད་ཀྱང་མ་མཐོང་ངོ༌། །དེའི་ཕྱིར་བླ་མ་མར་དོས་ཀྱང་སྒྲུབ་ཐབས་དེའི་རྗེས་སུ་འབྲངས་ནས། དེ་བཞིན་དུ་མཛད་པ་ཡང་མི་འཐད་པ་མིན་ནོ། །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང༌། རྡོ་རྗེ་འཆང་


JLD009_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐ་མི་དད་པར་བལྟ་བ་ཡང་མང་དུ་གསུངས་པས། ཚོགས་ཞིང་གི་གཙོ་བོ་དང་དབྱེར་མེད་དུ་སྤྱན་འདྲེན་པ་དང་། དེའི་རིགས་བདག་གི་ཚུལ་དང་ལོགས་ཤིག་ཏུ་རྡོ་རྗེ་འཆང་གི་རྣམ་པར་སྤྱན་འདྲེན་པ་གང་བྱས་ཀྱང་མི་འགལ་ལོ། །གནས་གང་ནས་ལྷ་སྤྱན་འདྲེན་པ་ནི། མངོན་བརྗོད་ལས། མངོན་གྲུབ་པ་ནི་བསྐུལ་ནས་ནི། ཞེས་གསུངས་པ་ལྟར་དྲིལ་བུ་ཞབས་ཀྱིས་ཀྱང་བཤད་པས། སྔར་ཧེ་རུ་ཀའི་དཀྱིལ་འཁོར་དུ་སངས་རྒྱས་པ་གར་བཞུགས་ནས་སྤྱན་འདྲེན་པ་ནི་སྤྱི་ཡིན་ཞིང༌། མན་སྙེ་དང་གཉིས་མེད་རྡོ་རྗེའི་སྒྲུབ་ཐབས་ལས་འོག་མིན་ནས་སྤྱན་འདྲེན་པ་ནི། གནས་བྱེ་བྲག་པ་ཡིན་ལ། སྤྱན་དྲངས་པ་དང་འོད་ཟེར་སྙིང་ཁར་སྡུད་པར་དེ་གཉིས་དང་ལྭ་བ་པས་བཤད་པ་ལྟར་བྱའོ། །སངས་རྒྱས་དང་བྱང་སེམས་དང་བླ་མ་དང༌། ལྷ་དང་ལྷ་མོ་དང༌། ཁྲོ་བོས་ནམ་མཁའི་ཁམས་ཏིལ་གྱི་གང་བུ་ལྟར་གང་བར་བལྟ་བར་མངོན་བརྗོད་ལས་བཤད་དོ། །གཉིས་པ་ནི། དེ་ནས་ཞིང་དེ་རྣམས་ལ། ཡིད་བཞིན་ནོར་བུ་དང་གཙུག་ནོར་ལས་བཤད་པ་ལྟར། རང་གི་ལུས་དུ་མ་སྣ་ཚོགས་པར་སྤྲུལ་ཏེ། རང་གི་ཐུགས་ཀའི་ས་བོན་ལས་སྤྲུལ་པའི་པི་ཝཾ་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་གིས་ཡང་དག་པར་མཆོད་དེ། ལྷག་མ་རྣམས་བྱའོ། །འདིར་ལྭ་བ་པ་དང་པྲཛྙཱ་རཀྵི་ཏས་རིག་མ་བཅུ་དྲུག་གིས་མཆོད་པ་དང༌། དེ་ནས་རྐང་བརྒྱད་ཀྱི་སྔགས་ཀྱིས་བསྟོད་པ་དང༌། དེ་ནས་སེམས་ཅན་རྣམས་འདོན་པར་འདོད་པའི་བསམས་པས་བདག་ཉིད་ཕུལ་ནས། སྡིག་པ་བཤགས་པ་སོགས་ཀྱི་དོན་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ཞེས་སོགས་ལན་གསུམ་


JLD009_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱའོ། །ཞེས་པ་ཙམ་བཤད་ནས། ཕྱག་གང་ལ་བྱེད་པ་དང་བཟོད་གསོལ་གྱི་དོན་མ་བཤད་དོ། །ཁྱད་པར་གསལ་བྱེད་ལས། དང་པོར་ཕྱག་དེ་ནས་རིག་མ་བཅུ་དྲུག་གི་དང༌། སྔགས་ཀྱི་བསྟོད་པ་གཉིས་ཀ་མཆོག་པར་བསྡུས་པ་དང༌། དེ་ནས་སྡིག་བཤགས་ཡི་རང་སྐྱབས་འགྲོ། ལམ་ལ་བརྟེན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། ལུས་དབུལ་བ་རྣམས་བྱེད་པར་བཤད་དོ། །གཞུང་འདིའི་ཚོགས་བསག་ནི་སྡོམ་འབྱུང་ལ་བརྟེན་པ་ཡིན་ཏེ། སྡོམ་འབྱུང་ལས། འོད་ཟེར་ཕྲེང་བ་སྤྲོ་བར་བྱ། །དེ་ཡི་སྣང་བ་ལས་མདུན་དུ། །བླ་མ་སངས་རྒྱས་སོགས་དང་པོར། །ཕྱག་འཚལ་མེ་ཏོག་བདུག་སོགས་ཀྱིས། །མཆོད་དེ་བཟོད་གསོལ་བླ་ན་མེད། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང༌། ཞེས་གསུངས་པ་དང༌། འདིར་བྱུང་བ་རྣམས་ཚིག་ཚུན་ཆོད་ཀྱང་འདྲ་བའི་ཕྱིར་རོ། །རྒྱུད་དེར་དེའི་རྗེས་སུ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། ཚད་མེད་བཞི་སྒོམ་པར་གསུངས་པའི་ཕྱི་མ་ནི། སྔར་བསྒོམས་ཟིན་ལ། དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། ཞེས་པའི་གསེབ་ནས་འབྱུང་ངོ༌། །དེ་ལ་ཕྱག་བྱས་ལ་ཞེས་པ་ལ། བླ་མ་ལ་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། ཅེས་དང༌། གཙོ་བོ་ཡབ་ཡུམ་དང༌། འཁོར་ལ་ཕྱག་འཚལ་བ་ནི། སྡོམ་འབྱུང་ལས། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་


JLD009_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། ཅེས་དང༌། གནས་དང་ཉེ་བའི་གནས་དང་ཞིང༌། །འདུས་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཀུན་ལ་བདག་ནི་གུས་ཕྱག་འཚལ། ཞེས་གསུངས་པ་ལྟར་བྱའོ། །དེ་ནས་མཆོད་པ་ལ་འདིའི་འགྲེལ་པ་རྣམས་ནས་ཆུ་དང་ཉེར་སྤྱོད་ཀྱི་མཆོད་པ་ཟུར་པ་མ་བཤད་ཀྱང༌། བྱེད་ནའང་མི་རུང་བ་མེད་དོ། །སྡོམ་འབྱུང་ལས། མེ་ཏོག་བདུག་སྤོས་སོགས་ཀྱིས་མཆོད། ཅེས་པ་ཉེར་སྤྱོད་ཟུར་པས་མཆོད་པ་ལ་སྦྱར་ན་ལེགས་པར་སྣང་ཡང༌། འགྲེལ་པ་ལས་རིག་མ་བཅུ་དྲུག་གི་ནང་གི་མེ་ཏོག་མ་ལ་སོགས་པས་མཆོད་པ་ལ་བཤད་དོ། །འཁྲུལ་སྤོང་ལས་ཨརྒྷཾ་ལ་སོགས་པ་སྔོན་དུ་ཕུལ་ནས། རིག་མ་བཅུ་དྲུག་གིས་མཆོད་པར་བཤད། སྔགས་ནི་ལྭ་བ་པས། ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་སོགས་ཀྱིས་ཆུ་གསུམ་དབུལ་བ་མཛད་དེ། ཆུ་གཉིས་དབུལ་བ་ཡང་བཤད་དོ། །ལང་ཀས་ༀ་པུཥྤཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་སོགས་ཀྱིས་ཉེར་སྤྱོད་དབུལ་བར་བཤད་པ་ལྟར་རམ། རྣམ་པ་གཞན་ཡང་རུང་ངོ༌། །རིག་མ་བཅུ་དྲུག་གི་པི་ཝཾ་མ་དང་གླིང་བུ་མ་དང་རྔ་ཟླུམ་མ་དང་རྫ་རྔ་མ་ནི། ཞལ་གཅིག་ཕྱག་བཞི་མ་རིམ་པ་བཞིན་སྔོ་སེར་དམར་ལྗང༌། རྩ་ཕྱག་གཉིས་ཀྱིས་རང་རང་གི་རོལ་མོ་སྒྲོག་ཅིང༌། ཕྱག་གཞན་གཉིས་ཀྱིས་རྡོར་དྲིལ་འཛིན་པའོ། །བཞད་མ་དང་སྒེག་མོ་དང་གླུ་མ་དང་གར་མ་རྣམས་ནི། ཞལ་གཅིག་ཕྱག་བཞི་མ། རིམ་པ་བཞིན་དུ་དམར་སྔོ་སེར་ལྗང་བ་དང་པོས་ཕྱག་དང་པོ་གཉིས་ཀྱིས་བཞད་པའི་སྟངས་དང༌། གཉིས་པས་བསྙེམས་པའི་


previousཤོག་ལྷེབ་ ༢༠༣ ནས་ ༣༠༠ བར།next