Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  collapse section
   
   
ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
   
   
   
   
   
   
   


 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JLD009_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་རྡོར་དྲིལ་བཟུང་ནས་བཀུར་བརྟེན་པ་དང༌། བཞི་པས་པད་ཀོར་མཛད་པའོ། །གསུམ་པས་ནི། ལྭ་བ་པའི་འགྲེལ་པར་ཏིང་ཏིང་ཤགས་བརྡུང་བ་ཞེས་དང༌། པྲཛྙཱ་རཀྵི་ཏ་དང་འཁྲུལ་སྤོང་ལས་འཁར་བའི་སིལ་ཁྲོལ་འཛིན་པ་དང་བརྡུང་བ། ཞེས་དང༌། ཁྱད་པར་གསལ་བྱེད་ལས་ཕེག་རྡོབ་པ་ཞེས་འབྱུང་ཡང་དང་པོ་ལྟར་བྱེད་པའི་དོན་ནོ། །ཕྱག་འོག་མ་གཉིས་ཀྱི་གཡས་ཐོད་པ་དང༌། གཡོན་ཁ་ཊྭཱཾ་ག་འཛིན་པའོ། །མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང་དྲི་ཆབ་མ་ནི། ཞལ་གཅིག་ཕྱག་བཞི་མ། རིམ་པ་བཞིན་དུ་དཀར་པོ། དུད་ཁ། མར་མེའི་རྩེ་མོ་ལྟ་བུ་དང༌། དམར་མོ། གཡས་ཀྱི་དང་པོ་རྣམས་ནི། མེ་ཏོག་གི་སྣོད་དང༌། བདུག་སྤོས་ཀྱིས་སྣོད་དང༌། མར་མེའི་མཆོད་སྡོང་དང༌། དྲིའི་དུང་ཆོས་འཛིན་ཞིང༌། ལྷག་མ་གཞན་གསུམ་ན། ཌཱ་མ་རུ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པའོ། །མེ་ལོང་མའམ་གཟུགས་མ་དང༌། རོ་མ་དང༌། རེག་བྱ་མ་དང་། ཆོས་མ་རྣམས་ནི་རིམ་པ་བཞིན་དུ། དཀར་དམར་ལྗང་དཀར་པོ། གཡས་ཀྱི་དང་པོ་རྣམས་ནི། མེ་ལོང༌། སྦྲང་ཆང་གི་སྣོད། གོས་སྣ་ཚོགས་པ། ཆོས་འབྱུང་འཛིན་ཞིང༌། གཡས་ཀྱི་ལྷག་མ་ན་ཌཱ་མ་རུ། གཡོན་གཉིས་ན་ཐོད་པ། ཁ་ཊྭཱཾ་ག་འཛིན་པའོ། །དེ་རྣམས་ནི་འདིའི་འགྲེལ་པ་གསུམ་དང་འཁྲུལ་སྤོང་ལས་བཤད་པའོ། །མངོན་བརྗོད་ལས་མེ་ཏོག་མ་སེར་མོ་དང༌། དྲི་ཆབ་མ་དཀར་མོར་བཤད། གཞན་གྱི་ཁ་དོག་མཐུན། དང་པོ་བཞི་ལ་པི་ཝཾ་སོགས་བརྡུང་བའི་སྟངས་སྟབས་ཅན་དུ་བཤད་ནས། ཕྱག་བཞི་པར་མི་གསལ། དེ་ནས་


JLD009_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དང་པོ་ལ་འབྲོག་མི་དང་ལོ་ཆུང་གི་འགྱུར་ལ། ཚམ་དམ་གྱི་ལག་སྟངས་ཅན་དུ་བཤད་པ་ནི། འགྱུར་གཞན་ལས་ལག་པ་གཡོ་བའི་ཚུལ་ཅན་དུ་བཤད་པ་ལྟར་ཡིན་ཏེ། སྔར་བཤད་པ་དང་དོན་འདྲ། གསུམ་པ་ལ་མཁྲིག་མ་མཉམ་པར་བྱས་ནས་ནི། ཞེས་པ་གླུ་མས། རྡོ་རྗེ་ཁུ་ཚུར་གཉིས་སྦྱར་ནས། སྒྲ་འབྱིན་པའི་ཚུལ་བྱེད་པ་ལ་བྱ། བཞི་པ་ལ་པདྨ་སྐོར་བའི་སྟངས་སྟོབས་ཅན་ཞེས་འབྱུང་ངོ༌། །ཕྱག་བཞི་པར་གསལ་བར་བཤད། ལྷག་མ་འདྲ། དེ་ནས་བཞི་ལ་རང་མིང་གིས་གོ་བའི་ཕྱག་མཚན་མ་གཏོགས་པ་གཞན་གསལ་བར་མ་བཤད། དེ་ནས་བཞི་ལ་ཕྱག་མཚན་ལྷག་མ་སྔར་དང་འདྲ། ཕྱག་མཚན་དང་པོ་མ་བཤད་དེ། མེ་ལོང་མ་ལ་སོགས་པའི་རང་མིང་གིས་གོ་ནུས་པ་ལ་དགོངས། འདི་རྣམས་ཀྱི་ཕྱག་མཚན་ལྷག་མ་གསུམ་ནི་མེ་ཏོག་མ་སོགས་ལ་ཡང་སྦྱོར་བར་གསལ་ལོ། །དང་པོ་བཞིའི་ཕྱག་མཚན་ལ་རྡོར་དྲིལ་མ་བྱུང་བ་ནི་རྒྱ་དཔེ་ལ་དག་མ་དག་ཡོད་པར་མངོན་ནོ། །ལྷ་མོ་དེ་རྣམས་ཀྱི་སྐྱེད་ཚུལ་ལ་སྤྱིར་མང་དུ་ཡོད་ཀྱང༌། སྐབས་འདིར་ནི་འགྲེལ་པ་གཞན་གཉིས་དང༌། གཙུག་ནོར་དང༌། འཁྲུལ་སྤོང་དང༌། དེ་བཞིན་གཤེགས་པའི་རྡོ་རྗེས་ཐུགས་ཀའི་ས་བོན་ལས་སྐྱེད་པར་བཤད་པ་ལྟར་བྱེད་རྒྱུ་ཡིན་ཏེ། རིགས་པ་དེ་སྐབས་འདིའི་མཆོད་པའི་ལྷ་མོ་གཞན་ལའང་ཤེས་པར་བྱའོ། །རིག་མ་བཅུ་དྲུག་གི་མཆོད་སྔགས་ནི། ༀ་བཛྲ་བི་ཎེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་མྲི་ཏཾ་གེ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་མུ་ར་ཛེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་ཧཱ་སྱ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་ལཱ་སྱ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་གཱི་ཏི་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་ནྲྀ་ཏྱ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ།


JLD009_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་དྷཱ་པེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་དཱི་པེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། ༀ་རཱུ་པ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ༀ་ར་ས་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ༀ་སྤརྴེ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ༀ་དྷརྨྨཱ་ངྷཱ་ཏུ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཅེས་པའོ། །དེ་ནས་ཡབ་ཀྱི་རྐང་བརྒྱད་ཀྱི་བསྟོད་པ་ཡང་བསྟོད་པའི་མཆོད་པ་ཡིན་པས། མཆོད་པར་བསྡུའོ། །བཟོད་པར་གསོལ་ལ་ཞེས་པ་ནི། འདིའི་འགྲེལ་པ་རྣམས་ནས་མ་བཤད་ཀྱང༌། སྡོམ་འབྱུང་འགྲེལ་པ་ལས། བཟོད་པར་གསོལ་བ་སྟེ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། ཞེས་བཤད་པ་ལྟར་ཡིན་པས་ནོངས་པ་བཟོད་པར་གསོལ་བ་ནི་བཤགས་པའོ། །སྡིག་བཤགས་སོགས་ནི་འདིར་སྐྱབས་སུ་འགྲོ་བས་མཚོན་ནས་བཟུང་ངོ༌། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ཞེས་སོགས་ཀྱིས་སྡིག་བཤགས་བྱེད་པར་བཤད་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་བཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའོ། །བདག་དབུལ་བ་ནི་ཁྱད་པར་གསལ་བྱེད་ལས། བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་


JLD009_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བའི་ཕྱིར། །རང་གི་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། ཞེས་པས་བྱའོ། །དྲིལ་བུ་བའི་ལུས་དཀྱིལ་ལ་ནི། ཡིད་བཞིན་ནོར་བུ་ལས། ཕྱག་འཚལ་བ། ལུས་དབུལ་བ། ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་ཡུལ་དྲུག་གི་ལྷ་མོས་ཕྱིའི་མཆོད་པ་དང༌། ལྷ་མོ་བཞིས་གསང་བ་བདུད་རྩིའི་མཆོད་པ་དང་། ཚོགས་ཞིང་ཡབ་ཡུམ་སྙོམས་པར་ཞུགས་པས། ལྷན་སྐྱེས་ཀྱི་དགའ་བས་ལྷ་རྣམས་དགྱེས་པ་དང༌། སྡིག་བཤགས། ཡི་རང༌། བསྔོ་བ། སྐྱབས་འགྲོ། བསྐུལ་བ་དང༌། གསོལ་བ་གདབ་པ། སྨོན་འཇུག་གི་སེམས་གཉིས་བསྐྱེད་པ་དང༌། ཚད་མེད་བཞི་བསྒོམ་པར་བཤད་པ་ལྟར་བྱའོ། །དེ་ནས་མར་དོས་རང་ཚོགས་ཞིང་གིས་བྱིན་གྱིས་རློབ་པའི་དོན་དུ་ཡིག་བརྒྱ་བཟླ་བར་བཤད་པ་ནི། གཙུག་ནོར་གྱི་ལུགས་ཡིན་ལ། མངོན་བརྗོད་ལས། སྔོན་གྲུབ་པ་ནི་བསྐུལ་ནས་ནི། །བྱིན་གྱིས་བརླབ་པའང་བྱེད་པ་ཡིན། ཞེས་གསུངས་པའི་ཡང་དོན་ནོ། །མཇུག་ཏུ་ཚོགས་ཞིང་ཇི་ལྟར་བྱེད་པ་འདིའི་འགྲེལ་པ་རྣམས་ནས་མ་བཤད་ལ། སྒྲུབ་ཐབས་ཁ་ཅིག་ལས་གཤེགས་སུ་གསོལ་བ་དང༌། གཙུག་ནོར་ལས་དེ་ཉིད་དུ་མི་སྣང་བར་གྱུར་པ་དང༌། འཁྲུལ་སྤོང་གི་དགོངས་པས་སྟོང་པར་སྦྱོང་བའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པར་སྦྱོང་བའི་ཞར་ལ་སྟོང་པར་སྦྱོང་བ་བཤད་ཀྱང༌། དཔའ་བོ་གཅིག་པ་དང་ལུས་དཀྱིལ་གྱི་གཞུང་གཉིས་ལས་བཤད་པ་ལྟར་རང་ལ་བསྟིམས་ཏེ་བྱིན་གྱིས་བརླབ་བོ། །གཉིས་པ་ལ་བཞི་སྟོང་ཉིད་བསྒོམས་པའི་དགོས་པ་བཤད་པ་དང༌། སྟོང་ཉིད་སྒོམ་པའི་ཚིག་དོན་


JLD009_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། རྩོད་པ་སྤང་ཞིང་ལོག་རྟོག་བསལ་བ། སྟོང་ཉིད་དུ་སྡུད་རིམ་གྱི་གནད་བཤད་པའོ། །དང་པོ་ནི། བསོད་ནམས་ཀྱི་ཚོགས་བསགས་པ་དེ་ནས། ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ། །འདིའི་དགོས་པ་ནི་ཇོ་བོ་ཆེན་པོའི་འགྲེལ་པར་དྲུག་གསུངས་ཏེ། ཇི་སྐད་དུ། དེ་ལྟར་སྔགས་རྣམ་པ་གཉིས་ལན་གསུམ་དུ་བརྗོད་པ་ནི་སྟོང་པ་ཉིད་རྟོགས་ནུས་པ་དང༌། སྟོང་པ་ཉིད་ཀྱི་དྲན་པ་གསོ་བ་དང༌། གནས་པ་བརྟན་པ་དང༌། ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང༌། ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་རྟོག་པ་སྤོང་བ་དང༌། རྟེན་དང་བརྟེན་པ་ཐམས་ཅད་སྟོང་པའི་རྣམ་འཕྲུལ་དུ་རྟོགས་པའི་ཕྱིར་རོ། ཞེས་སོ། །འདི་ལ་ལོ་ཆེན་རིན་བཟང་གི་འགྲེལ་ཆུང་ནས། དང་པོ་ནི་སྔགས་ཀྱི་མཐུས་དབང་པོ་རྟུལ་པོས་སྟོང་པ་ཉིད་རྟོགས་ནུས་པ་དང༌། གཉིས་པ་ནི་འབྲིང་པོས་སྟོང་ཉིད་བརྗེད་པའི་དྲན་པ་གསོ་ནུས་པ་དང༌། ལྷག་མ་བཞི་ནི་དབང་པོ་རབ་ཀྱི་དབང་དུ་བྱས་པར་འཆད་དོ། །དེ་ལ་དང་པོ་ནི་སྔགས་དེ་གཉིས་ལ་བརྟེན་ནས་ཁ་ཅིག་གིས་སྟོང་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པར་འགྱུར་པ་དང༌། གཉིས་པ་ནི་ཁ་ཅིག་གིས་སྔར་རྟོགས་ཟིན་དེ་ལ་བརྟེན་ནས་དྲན་པར་བྱེད་པ་གཉིས་སོ། །གསུམ་པ་ནི་སྟོང་ཉིད་རྟོགས་ནས་དེ་ལ་འཇོག་པ་ལ་ཡང་སྔགས་དེ་དག་བརྗོད་པས་རྟོགས་པ་དེ་བརྟན་པར་འགྱུར་པའོ། །བཞི་པ་ནི་སྦྱིར་འཚང་རྒྱ་བ་དང༌། ཁྱད་པར་དུ་འོག་ནས་འབྱུང་བ་ལྟར་གྱི་ལྷའི་སྐུར་སྐྱེ་བ་ལ། རྒྱུ་ཚོགས་གཉིས་བསག་དགོས་པའི་ཚོགས་དང་པོ་ནི། སྔོན་དུ་སོང་ལ། འདིར་ནི་ཡེ་ཤེས་ཀྱི་ཚོགས་


JLD009_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བསག་པས་ལྷའི་སྐུར་འགྱུར་བའོ། །ལྔ་པ་ནི་གཞི་གང་ལྷ་དང་གཞལ་ཡས་ཁང་དུ་སྒོམ་པའི་གཞི་དེ། མཆོག་གི་སྣང་བ་ཁྱད་པར་ཅན་དུ་འགྱུར་བ་ནི། གཞི་དེ་ལ་ཐ་མལ་གྱི་སྣང་བ་ལྡོག་དགོས་ཏེ། དེ་གཉིས་གཞི་གཅིག་ལ་བློ་ངོར་མི་འདུ་བའི་ཕྱིར་རོ། །དེས་ན་ཐ་མལ་གྱི་སྣང་བ་དག་པར་སྒོམ་པ་ལ། ཡང་དེ་བསྒོམ་དགོས་སོ། །དྲུག་པ་ནི་དཔེར་ན་ཟབ་དོན་སྒོམ་པ་སྔོན་དུ་བྱས་ན། དེའི་རྗེས་སུ་རྒྱ་ཆེ་བའི་སྤྱོད་ཕྱོགས་རྣམས་སྒྱུ་མ་བཞིན་དུ་འཆར་བས་ཡོངས་སུ་དག་པར་འགྱུར་བ་བཞིན་དུ། འདིར་ཡང་སྔོན་དུ་སྟོང་ཉིད་ལེགས་པར་གཏན་ལ་ཕབ་ནས་བསྒོམ་པ་སྔོན་དུ་བཏང་ན། དེ་ཕྱིན་ཆད་ཀྱི་སྣང་ཕྱོགས་ཀྱི་རྟེན་དང་བརྟེན་པ་ཐམས་ཅད་སྒྱུ་མའི་རྣམ་རོལ་དུ་འཆར་བའི་ཆེད་དོ། །དེ་རྣམས་ནི་ཤིན་ཏུ་ལེགས་ལ། དགོས་པ་གཞན་ཡང་བསྲུང་བའི་མཆོག་ཏུ་འགྱུར་བ་དང༌། འོད་གསལ་དུ་ཞུགས་པ་ན་ཆོས་སྐུའི་ང་རྒྱལ་གྱིས་གནས་ལ། དེ་ལས་ལངས་པ་ན་གཟུགས་སྐུའི་ང་རྒྱལ་གྱིས་བྱེད་པས། ལམ་འདི་འབྲས་བུ་ལམ་བྱེད་དུ་བཤད་པའི་གནད་དང༌། ཡང་སྔགས་བླ་མེད་ཀྱི་རིམ་པ་དང་པོའི་སྐབས་སུ་སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་ལམ་འཁྱེར་དགོས་པ་ལ། འདི་ནི་འཆི་བ་ཆོས་སྐུར་འཁྱེར་བ་ཡིན་པ་ལ་སོགས་པ་མང་དུ་ཡོད་དོ། །གཉིས་པ་ནི། བསོད་ནམས་ཀྱི་ཚོགས་བསགས་པ་དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ། ༀ་ནི་མཆོད་ཡུལ་དང༌། མཆོད་མཁན་དང༌། མཆོད་རྫས་རྣམས་རྣམ་པར་རིག་པ་ཙམ་དུ་ཉེ་བར་མཚོན་པའོ། ཞེས་བཤད་དེ། ༀ་གྱི་ཡི་གེ་གསུམ་གྱི་


JLD009_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གསུམ་པོ་དེ་སེམས་ཀྱིས་བཏགས་པ་ཙམ་དུ་འཇོག་པའོ། །སརྦ་དྷརྨ་ནི་སྐབས་འདིར་གཟུང་བས་བསྡུས་པའི་ཆོས་ཐམས་ཅད་དོ། །སྭ་བྷཱ་བ་ཤུད་དྷ་ནི་རང་བཞིན་གྱིས་དག་པ་སྟེ་གཟུང་བ་རང་བཞིན་མེད་པའོ། །ཨ་ཧཾ་ནི་ང་སྟེ་འཛིན་པ་པོ་ཡང་གཟུང་བ་བཞིན་དུ་རང་བཞིན་མེད་པའི་རྣམ་དག་ཏུ་སྟོན་པ་ནི། སྭ་བྷཱ་བ་ཤུད་དྷ་གཉིས་པའོ། །དེ་ལྟར་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སེམས་ནཱ་ད་ཙམ་གྱི་ཚུལ་དུ་ངེས་པར་གནས་པར་བྱས་པའི་སེམས་ཙམ་ཉིད་ཀྱང༌། སླར་ཡང་སྟོད་པར་རྣམ་པར་བསམ་པ་སྟེ། སེམས་ཙམ་གྱི་རྟོག་པ་དེ་ཡང་དོར་བར་བྱའོ། ཞེས་འགྲེལ་པ་རྣམས་སུ་བཤད་དེ། འདི་ནི་ཤཱུ་ནྱ་ཏཱའི་སྔགས་དོན་སྒོམ་པའི་སྐབས་སུ་ཡིན་ལ། མིག་ཡོར་ཏེ་གྲིབ་མའི་གཟུགས་སྣང་བརྙན་ཙམ་གྱི་ཤེས་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་སྒོམ་པ་ནི། སྭ་བྷཱ་བའི་མཇུག་ཐོགས་སུའོ། ཞེས་འགྲེལ་པ་རྣམས་ནས་བཤད་དེ། གཟུང་འཛིན་བདེན་པས་སྟོང་བཞིན་དུ་དེར་སྣང་བར་སྒོམ་པའི་སྐབས་སོ། །སྡོམ་ཆུང་འགྲེལ་པར་ཡང་སྐབས་འདིར་སྣང་བ་དང་བཅས་པའི་སྟོང་ཉིད་སྒོམ་པར་བཤད་དོ། །བྱང་ཆུབ་ཀྱི་ཚོགས་ནི་སྙིང་རྗེ་ཆེན་པོ་སྟེ། འདིས་ནི་དེ་དང་བཅས་པའི་སྟོང་ཉིད་བསྒོམ་པ་ཡིས་ཡེ་ཤེས་ཀྱི་ཚོགས་བསགས་པར་བསྟན་ནོ། །དེ་དག་བསྡུ་ན་ཚོགས་ཞིང་ལ་མཆོད་པ་སོགས་བྱས་པའི་རྗེས་ལ། མཆོད་པའི་འཁོར་གསུམ་རྟེན་འབྲེལ་ཙམ་དུ་མོས་པར་བྱ་ཏེ། རང་གི་མགོ་བོ་དང་མགྲིན་པ་དང་སྙིང་ཁར་ཧེ་རུ་ཀ་ཞེས་པའི་ཡི་གེ་གསུམ་དགོད་དོ། །འདིའི་འགྲེལ་པ་གསུམ་དང་འཁྲུལ་སྤོང་ལས་གནས་གསུམ་དང་ཡི་གེ་


JLD009_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རིམ་པ་དེ་བཞིན་དུ་བཤད་པས། ཧེ་སྤྱི་བོ་དང༌། རུ་མགྲིན་པ་དང༌། ཀ་སྙིང་ཁར་དགོད་ཅིང༌། ཁ་དོག་ནི་དཀར་དམར་མཐིང་ཁར་ཁ་ཅིག་བཞེད་དོ། །དེ་གསུམ་གྱི་དོན་ཆོས་ཐམས་ཅད་ནི། རང་བཞིན་གྱིས་གྲུབ་པའི་རྒྱུ་དང་བརྗོད་པ་དང་བྲལ་བ་དང་གང་དུ་ཡང་མི་གནས་པ་ཉིད་དོ། ཞེས་སོ་སོར་རྟོག་པས་དཔྱད་དེ། སེམས་ཅན་རྣམས་ཀྱིས་ཆོས་རྣམས་ཀྱི་ཡིན་ཚུལ་འདི་ལྟ་བུ་མ་ཤེས་པར་བདག་གཉིས་སུ་གཟུང་ནས་འཁོར་བར་འཁོར་རོ། །དེས་ན་བདག་གིས་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱས་ལ། སེམས་ཅན་རྣམས་ཀྱིས་ཡིན་ཚུལ་འདི་རྟོགས་པར་བྱའོ་ཞེས་ཆོས་ལ་དམིགས་པའི་སྙིང་རྗེ་བསྐྱེད་ལ། སྭ་བྷཱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་ཁམས་གསུམ་པོ་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་བལྟའོ། །དེ་ནས་སྨོན་ལམ་གྱི་དབང་གིས་རང་གི་སེམས་དེ་སྟེང་ནས་སྟེང་དུ་བརྩེགས་པའི་ༀ་དཀར་པོ་ཨཱཿ དམར་པོ་ཧཱུཾ་སྔོན་པོར་བསམ་མོ། །ལང་ཀ་རྒྱལ་བཟང་དང༌། དཔའ་བོ་རྡོ་རྗེས་ཡི་གེ་དེ་གསུམ་རིམ་པ་བཞིན་དུ་སྟེང་དང་བར་དང་འོག་ཏུ་གནས་པར་བཤད་དོ། །བླ་མ་མར་དོས་ཧེ་རུ་ཀའི་ཡི་གེ་གསུམ་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་གསུམ་གྱི་ཡི་གེར་སྐྱེད་པ་ནི། ལང་ཀས་ཧེ་ལ་སོགས་པ་གསུམ་རྡོ་རྗེ་གསུམ་དུ་སྐྱེད་པར་བཤད་པ་དང་མཐུན་ཞིང་ལེགས་སོ། །དེ་ནས་ༀ་ལས་སྐུ་འཁོར་གྱི་ལྷ་རྣམས་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བ་ༀ་ལ་ཐིམ། དེ་བཞིན་དུ་སྦྱར་ཏེ་ཨཱཿ ལས་གསུང་འཁོར་དང༌། ཧཱུཾ་ལས་ཐུགས་འཁོར་གྱི་ལྷ་སྤྲོ་བ་སོགས་བྱས་པའི་མཐར། ཞུ་


JLD009_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་གཉིས་ལ་ཐིམ་པར་བསམ་མོ། །མར་དོས་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་མཐོ་རིས་དང་མི་ཡུལ་དང༌། ས་འོག་རྣམས་མཁའ་སྤྱོད་དང༌། ས་སྤྱོད་དང༌། ས་འོག་ན་གནས་པའི་ངོ་བོར་བྱས་ཏེ། དེ་ཐམས་ཅད་ཡི་གེ་གསུམ་ལ་སྡུད་པར་བཤད་པ་ཡང་རྩ་རྒྱུད་ཀྱི་འགྲེལ་པ་དཔའ་བོ་རྡོ་རྗེས་མཛད་པ་དང་མཐུན་ཞིང་ལེགས་སོ། །དེ་ནས་ༀ་ཡང་ཨཱཿ ལ་དང༌། དེ་ཡང་ཧཱུཾ་ལ་དང༌། ཧཱུཾ་གི་ཞབས་ཀྱུ་ནི་ཧ་ལ་དང༌། ཧའི་ལུས་ནི་དེའི་མགོ་བོ་ལ་དང༌། དེ་ཡང་ཟླ་ཚེས་ལ་དང༌། དེ་ཡང་ཐིག་ལེ་ལ་དང༌། དེ་ཡང་ནཱ་ད་ལ་ཐིམ་པར་བསམ་ཞིང༌། ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཙམ་དུ་གནས་པར་བསམས་ནས་སེམས་ཅན་རྣམས་ཀྱིས་ཆོས་ཉིད་མ་རྟོགས་པས་འཁོར་བར་འཁྱམས་ཏེ། དེས་ན་བདག་གིས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱས་ལ། སེམས་ཅན་དེ་རྣམས་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱའོ་སྙམ་དུ་དམིགས་པ་མེད་པའི་སྙིང་རྗེའི་རྒྱུར་གྱུར་པར་བསྒོམས་ལ། ཤཱུ་ནྱ་ཏཱའི་སྔགས་བརྗོད་ཅིང༌། ནཱ་ད་ཙམ་གྱི་རྣམ་རྟོག་ཀྱང་དོར་བར་བྱའོ། །འདིར་ལྭ་བ་པ་དང་པྲཛྙཱ་རཀྵི་ཏས། དམིགས་མེད་ཀྱི་སྙིང་རྗེའི་རྒྱུ་དང་ས་བོན་དུ་གྱུར་པ་ཞེས་བཤད་ལ། ཁྱད་པར་གསལ་བྱེད་ལས། དམིགས་མེད་ཀྱི་སྙིང་རྗེ་ཉིད་དུ་བཤད་པའི་དང་པོ་ནི། དམིགས་མེད་ཀྱི་སྙིང་རྗེའི་གཙོ་བོ་དེ་ཁོ་ན་ཉིད་མངོན་དུ་གྱུར་ནས་འཐོབ་པ་ལ་དགོངས་ལ། ཕྱི་མ་ནི་དམིགས་མེད་ཀྱི་སྙིང་རྗེ་ཙམ་གྱི་དབང་དུ་བྱས་པའོ། །སྤྱིར་སྙིང་རྗེ་ལ་སྔགས་དང་ཕར་ཕྱིན་ཐུན་མོང་བ་ཞིག་དང༌། བླ་མེད་ཀྱི་ཐུན་མོང་མ་ཡིན་པ་བདེ་ཆེན་ལས་བཤད་པ་


JLD009_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད་ཀྱང༌། འདིར་ནི་དངོས་སུ་ན་སྤྱོ་དོན་གྱི་སྙིང་རྗེ་ཡིན་ལ། མོས་པ་ཙམ་གྱིས་སྦྱོང་བ་ལ་ནི་སྦས་པ་དང་མཐར་ཐུག་གི་སྙིང་རྗེ་ཡང་ཡོད་དོ། །དེ་ལ་དང་པོའི་དབང་དུ་བྱས་ན་སྙིང་རྗེ་གཉིས་ཀ་ཡང༌། རྣམ་པ་ནི་སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པའི་རྣམ་པ་ཅན་དུ་མཚུངས་པས། དམིགས་པས་འབྱེད་དགོས་སོ། །དེ་ཡང་དབུ་མ་ལ་འཇུག་པ་ལས། འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། ཞེས་གསུངས་པ་ནི་འགྲོ་ལ་སྙིང་རྗེར་གྱུར་གང༌། ཞེས་པ་དང་འབྲེལ་བས། གཞན་གྱིས་བཏགས་པའི་བདག་གིས་དབེན་པའི་མི་རྟག་པའི་ཆོས་ཙམ་གྱི་ངོ་བོར་གྱུར་པའི་སེམས་ཅན་དང༌། རང་བཞིན་གྱིས་གྲུབ་པས་སྟོང་པའི་སེམས་ཅན་ལ་དམིགས་པའི་སྒོ་ནས་བཞག་ལ། འདིར་ནི་གཟུང་འཛིན་རྫས་གཞན་དུ་བདེན་པས་སྟོང་པའི་སེམས་ཅན་དང༌། རང་བཞིན་གྱིས་གྲུབ་པས་སྟོང་བའི་སེམས་ཅན་ལ་དམིགས་པའི་སྒོ་ནས་དབྱེ་སྟེ། དེ་ཡང་དོན་ལ་དེ་ལྟར་གནས་པ་ཙམ་མིན་གྱི། བློའི་ངོར་ཆོས་དེ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་ཁྱད་པར་རོ། །ལྟ་བ་རྫོགས་པར་རྟོགས་པས་ཀྱང༌། དམིགས་པ་དེ་གཉིས་གང་རུང་གི་སྒོ་ནས་སྙིང་རྗེ་སྐྱེད་ཀྱི། ཕྱི་མ་ཁོ་ནའི་སྒོ་ནས་སྒོམ་པ་མིན་པས་གང་ཟག་གཅིག་ལ་ཡང་མི་འགལ་ལོ། །དེ་ལ་ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད་དོ། །ཛྙཱ་ན་ནི་དེའི་ཡུལ་ཅན་གྱི་ཤེས་པའོ། །བཛྲ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་དོན་ཏེ། འདི་ལ་དངོས་སུ་དེ་ལྟར་སོང་བ་དང༌། མོས་ནུས་བྱེད་པ་གཉིས་སོ། །སྭ་བྷཱ་བ་ནི་རང་


JLD009_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ཨཱདྨ་ཀ་ནི་བདག་ཉིད་དོ། །ཨ་ཧཾ་ནི་ང་སྟེ། ཀོ་ཧཾ་ནི་ཨ་མི་མངོན་པར་བྱས་ཏེ་མཚམས་སྦྱར་བ་ཡིན་ལ། འདི་འདྲའི་སྐབས་ཀུན་ཏུ་ཤེས་པར་བྱའོ། །སྐབས་འདིར་སྔགས་གཉིས་སྒོམ་པ་ནི་སྡོམ་འབྱུང་ལས་གསུངས་ལ། སེམས་ཙམ་ཉིད་ལ་རྣམ་གནས་ཤིང༌། །བྱང་ཆུབ་ཚོགས་ནི་བསྒོམ་པར་བྱ། ཞེས་ཀྱང་གསུངས་ཏེ། རྩ་རྒྱུད་ལས། རྒྱུ་སོགས་སྟོང་པ་སྔོན་འགྲོ་བས། ཞེས་གསུངས་པའི་དོན་བཤད་རྒྱུད་རྣམས་ཀྱིས་བཤད་ཚུལ་གྱི་སྔགས་མི་འདྲ་བ་འགའ་ཞིག་ཡོད་དོ། །དེ་ལྟར་ཤཱུ་ནྱ་ཏཱའི་སྔགས་དོན་སྒོམ་པ་ན་དབུ་མའི་ལྟ་བ་ལེགས་པར་དྲན་པ་དང༌། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འོད་གསལ་དུ་སྡུད་པ་གཉིས་དགོས་ཀྱི། སྔ་མ་མེད་པའི་ཕྱི་མ་རྐྱང་པ་བྱེད་པ་ནི་དོན་མིན་ནོ། །གསུམ་པ་ནི། གལ་ཏེ་དེ་ལྟ་ན་སྔར་གྱི་བསྲུང་འཁོར་གྱི་སྣང་བ་ཡང་དག་པར་བྱ་དགོས་ལ། དེ་ལྟར་ན་ནི་མི་རིགས་ཏེ། དེ་ནི་བགེགས་བཟློག་པའི་ཕྱིར་ཡིན་པས་ད་དུང་ཡང་དགོས་པའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ། རྒྱུད་འདི་ཤེས་རབ་ཀྱི་དབང་པོ་རྣོན་པོའི་དབང་དུ་བྱས་ལ། དེ་ལ་ནི་སྟོང་པ་ཉིད་སྔར་ལྟར་སྒོམ་པ་ཁོ་ན་བགེགས་ཟློག་ཅིང་སྲུང་བའི་མཆོག་ཡིན་པའི་ཕྱིར་རོ། ཞེས་འགྲེལ་པ་རྣམས་ནས་འཆད་དེ། དོན་དམ་དང་ཀུན་རྫོབ་ཀྱི་བསྲུང་བ་གཉིས་ཀ་དང་ལྡན་པར་བྱ་དགོས་པའི་དོན་ནོ། །འོ་ན་ཕྱི་རོལ་གྱི་བྲིས་པའི་དཀྱིལ་འཁོར་གྱི་ཕྱིར་རྡོ་རྗེའི་ར་བ་འོང་བ་ཇི་ལྟར་ཡིན་ཞེ་ན། ཞེས་པའི་ལན་དུ་གང་གི་ཚེ་བཅོམ་ལྡན་འདས་ཡོངས་སུ་རྫོགས་པ་དེའི་ཚེ་དམ་ཚིག་གི་འཁོར་ལོ་


JLD009_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཅོད་པའི་སྣ་ཚོགས་རྡོ་རྗེའི་ཕྲེང་བ་ཡང༌། རྫོགས་པས་སོ། ཞེས་འགྲེལ་པ་གསུམ་ནས་དོན་མཐུན་པར་གསུངས་པ་ནི། བསྲུང་འཁོར་སྒོམ་པ་སོགས་ཀྱི་འོག་ཏུ་དཀྱིལ་འཁོར་སྒྲུབ་ཚུལ་སྒྲུབ་ཐབས་བཞིན་བྱ་དགོས་པ་ལ་བརྩད་པ་ཡིན་ལ། དེའི་ལན་དུ་ཕྱིའི་རྡོར་ར་ཡང་གསར་དུ་བསྐྱེད་པར་བསྟན་པ་ནི། བྲིས་པ་ཁོ་ནར་མ་ཟད་ཐུན་བཞིའི་སྐབས་ཀུན་ཏུ་ཤེས་དགོས་ལ། རྡོ་རྗེའི་ར་བ་སྣ་ཚོགས་རྡོ་རྗེར་བསྟན་ནོ། །རྣལ་འབྱོར་རྫོགས་ཕྲེང་ལས་རྡོ་རྗེའི་ར་བ་ལན་གཉིས་སྐྱེད་པ་གང་ནས་ཀྱང་མ་བཤད་ཅེས་གསུང་བ་ནི། རང་ལུགས་ཀྱིས་ཀྱང༌། ལཱུ་ཨི་པའི་སྒྲུབ་ཐབས་སུ་རྡོ་རྗེའི་ར་བ་གཉིས་སྐྱེད་པ་མཛད་ཅིང༌། བསྲུང་འཁོར་གྱི་འོག་ཏུ་ནཱ་ད་ཙམ་ཡང་དོར་བའི་སྟོང་ཉིད་སྒོམ་པར་བཤད་ལ། ཕྱིའི་རྟེན་གྱི་དཀྱིལ་འཁོར་གྲུབ་པ་ན་ཡང་ཕྱིའི་རྡོར་ར་དགོས་པས་དེ་ལྟར་མ་ངེས་ལ། ལྭ་བ་པས་ཀྱང༌། ལན་གཉིས་སྐྱེད་པར་བཤད་པས་རྒྱུད་ཀྱི་ཁུངས་ཀྱང་ཡོད་པར་གསལ་ལོ། །ལྭ་བའི་ན་བཟའ་ཅན་གྱིས་སྐབས་འདིའི་སྟོང་ཉིད་སྒོམ་པ་དབང་རྣོན་གྱི་བསྲུང་པ་མཆོག་ཏུ་གསུངས་ཤིང༌། རྒྱུད་གཞན་མང་པོ་དང་བསྟན་བཅོས་ཚད་ལྡན་མང་པོས་ཀྱང་སྐབས་འདིའི་སྟོང་ཉིད་ནི་དབུ་མའི་ལྟ་བ་ཇི་བཞིན་དུ་བཤད་པས། བློ་གྲོས་དམན་པ་མང་པོས་སྐབས་འདིར་སྒོམ་པའི་བསྐྱེད་རིམ་གྱི་སྐབས་ཀྱི་སྟོང་ཉིད་ནི། མོས་མནོ་ཙམ་གྱི་ཆད་སྟོང་ཡིན་ནོ་ཞེས་སྨྲ་བ་ནི་རྣམ་གཞག་མ་ཆགས་པའི་གཏམ་ཆེན་པོའོ། །སྣོད་བཅུད་ཀྱི་སྣང་བ་དོན་ལ་མ་དག་བཞིན་དུ་སྡུད་པ་ཡང་ཆད་སྟོང་སྒོམ་པ་མིན་ཏེ། རིགས་པའི་དགག་བྱའི་ཚད་མ་ཟིན་པར་རྟེན་འབྲེལ་གྱི་ངེས་པ་དོར་བ་ནི་


JLD009_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དག་པར་མ་བསྒོམས་ཀྱང་ཆད་སྟོང་གི་ལྟ་བ་ཡིན་ལ། རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་བྱ་བྱེད་ཐམས་ཅད་འཐད་པར་རྟོགས་ན་ནི། སྣང་བ་སྡུད་པ་སྒོམ་པ་ལ་ཆད་ལྟའི་དོན་མེད་དོ། །དགོས་པའི་དབང་གིས་དེ་ལྟར་བྱེད་པ་ཡིན་གྱི་སྣང་བ་མེད་པར་ཁས་མི་ལེན་པའི་ཕྱིར་དང༌། རིམ་པ་དང་པོ་དང༌། ལུས་དབེན་དང༌། རྡོར་བཟླས་དང༌། སེམས་དབེན་གྱི་རིམ་པ་དང༌། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱུང་བས་ཀྱང་བསམ་གཏན་གཉིས་ཀྱི་སྒོ་ནས། སྣོད་བཅུད་ཀྱི་སྣང་བ་བསྡུས་ནས་འོད་གསལ་དུ་འཇུག་པར་སྒོམ་པ་འཕགས་པ་ཡབ་སྲས་སོགས་དུ་མ་ཞིག་གིས་བཤད་པའི་ཕྱིར་རོ། །ལྭ་བ་པས་སྔར་བཤད་པའི་དོན་དམ་པའི་དེ་ཁོ་ན་ཉིད་དེ་མ་རྟོགས་པས་སེམས་ཅན་འཁོར་བར་འཁྱམས་པར་གསུངས་པ་བཞིན་དུ། བླ་མེད་ཀྱི་གཞུང་གཞན་མང་པོ་ནས་ཀྱང་བཤད་པས། འཁོར་བའི་འཆིང་བ་ལས་གྲོལ་བའི་ཐབས་སུ་ཐེག་དམན་གྱིས་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་དགོས་པར་ཁས་བླང་དགོས་པ་དང༌། ཉན་རང་ཁ་ཅིག་གིས་མ་རྟོགས་པ་ལ་དགོངས་ནས། ཉན་རང་གིས་དེ་ཁོ་ན་ཉིད་མ་རྟོགས་པར་གསུངས་པ་ཡང་ཡོད་པས་ཚུལ་གཉིས་ཀ་ཤེས་དགོས་སོ། །མདོར་ན་སྐབས་འདིར་དབུ་མའི་ལྟ་བའི་ངེས་པ་ཤུགས་ཅན་བསྐྱེད་ལ། ཡུན་ཧ་ཅང་ཐུང་བ་མིན་པ་ཞིག་བསྒོམ་མོ། །བཞི་པ་ནི། དེ་ལྟར་རང་གི་གནས་གསུམ་དུ་ཧེ་རུ་ཀ་བཀོད་པ་ཡོངས་སུ་གྱུར་པའི་ཡི་གེ་གསུམ་ལ་སྣོད་བཅུད་གཞན་ཐམས་ཅད་སྡུད་པའི་རིམ་པ་འདི་ནི་འཆི་བའི་ཚེ། སྣོད་བཅུད་གཞན་དུ་སྣང་བའི་རང་གི་ཤེས་པ་རྣམས་རིམ་གྱིས་བསྡུས་


JLD009_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དཀར་དམར་ནག་པའི་རྣམ་པ་ཅན་གྱི་སྣང་མཆེད་ཐོབ་གསུམ་དུ་སོང་བའི་སྐབས་དང་འདྲའོ། །དེ་ནས་དཀར་པོ་དམར་པོ་ལ་བསྡུས་པ་ནི། སྣང་བ་སྣང་བ་མཆེད་པ་ལ་ཐིམ་པ་དང་འདྲའོ། །དམར་པོ་ནག་པོ་ལ་བསྡུས་པ་ནི། མཆེད་པ་ཉེར་ཐོབ་ལ་ཐིམ་པ་དང་འདྲའོ། །དེ་ནས་ཧཱུཾ་ནག་པོ་ཞབས་ཀྱུ་ནས་ནཱ་དའི་བར་དང༌། ནཱ་ད་ཡང་མི་དམིགས་པར་སོང་བ་ནི། ཐོབ་པ་འོད་གསལ་དུ་ཐིམ་པ་དང་འདྲ་སྟེ། འཆི་རིམ་ལ་སྟོང་པ་བཞི་ཡོད་པའི་འཆི་བའི་འོད་གསལ་དངོས་གཞི་དང་འདྲའོ། །ཉེར་ཐོབ་མཚོན་པའི་ཧཱུཾ་ཉིད་ལ་ཐིམ་རིམ་ལྔར་བྱས་པ་ནི། སྦྱང་གཞི་ལ་ཡང་ཉེར་ཐོབ་ནས་ཇེ་ཕྲ་ཇེ་ཕྲར་སོང་ནས་འོད་གསལ་དུ་འཇུག་པ་མཚོན་པ་ཡིན་ལ། དེས་ནི་རིམ་པ་གཉིས་པའི་སྐབས་སུ་ཉེར་ཐོབ་ནས་འོད་གསལ་དུ་འཇུག་པ་ཡང༌། ཤིན་ཏུ་ཕྲ་བའི་རིམ་པས་རིམ་གྱིས་འཇུག་པར་བསྟན་པའི་ཕྱིར་རོ། །འདི་ནི་སྙིང་ཁར་གནས་པའི་ཧཱུཾ་ཡིག་གི་སྡུད་རིམ་ཡིན་པས་སྤྲོས་པ་བསྡུས་ནས་འོད་གསལ་འཆར་བའི་གནས་མཐར་ཐུག་པ་ནི་སྙིང་ཁ་ཡིན་པ་དང༌། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་འོད་གསལ་གྱི་ཡེ་ཤེས་ཀྱི་དོན། ནཱ་ད་ཙམ་གྱི་གཉིས་སྣང་ཕྲ་མོ་ཡང་དག་པར་སྟོན་པའོ། །མངོན་བརྗོད་ལས་བསྲུང་འཁོར་གྱི་འོག་ཏུ་སྟོང་ཉིད་བསྒོམས་པའི་མཇུག་ཐོགས་སུ། དྲིལ་བུ་ཞབས་ཀྱི་རིམ་ལྔའི་རིམ་པ་དང་པོ་བཤད་པའི་གནད་ཀྱང༌། འདི་རྣམས་ཀྱིས་ཤེས་དགོས་ལ། རིམ་པ་དང་པོར་འདི་ལྟར་བྱས་ནས་བསྐྱངས་པའི་མཐུས། རྫོགས་རིམ་གྱི་སྐབས་སུ་རྟོགས་པ་བྱེ་བྲག་པ་ཇི་འདྲ་ཞིག་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་བ་ཡང་འདི་ལ་བརྟེན་ནས་ཤེས་དགོས་པ་དང༌། དེ་ཁོ་ན་ཉིད་


JLD009_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ལྟ་བའི་སྟེང་ནས་འོད་གསལ་དུ་འཇུག་པར་ལུགས་འདི་དང༌། རྒྱུད་སྡེ་འོག་མ་གསུམ་དང༌། ཕར་ཕྱིན་གྱི་ཐེག་པ་རྣམས་འདྲ་ཡང༌། ཐུན་མོང་མ་ཡིན་པའི་འཇུག་རིམ་ལམ་འདི་ལ་ཡོད་པ་ཡང༌། སྟོང་པ་སྒོམ་པ་དང་འཆི་རིམ་གྱི་སྡུད་རིམ་མཐུན་པར་བྱས་པ་འདི་ལ་བརྟེན་ནས་ཤེས་དགོས་པས་གནད་ཆེའོ། །གཉིས་པ་ཐུན་གྱི་དངོས་གཞི་ལ་ཇི་ལྟར་བྱ་བ་ལ་གསུམ། སྟོང་པ་ལས་ལངས་ནས་ནམ་མཁར་ནཱ་ད་བཞག་པ། གཞལ་ཡས་ཁང་གང་ལ་གནས་པའི་རྟེན་བསྐྱེད་པ། དེ་ནས་རྣལ་འབྱོར་བཞི་སྒོམ་པའོ། །དང་པོ་ནི། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པ་ཉིད་དེ་ལས་ལངས་ཏེ་རང་གི་སེམས་ནཱ་དའི་གཟུགས་སུ་ནམ་མཁའ་ལ་གཞག་པར་བྱའོ། །དེའི་གཟུགས་ནི་གྱེན་དུ་འགྲེང་བ། ཤིན་ཏུ་ཕྲ་བ། དཀར་ལ་དམར་པའི་མདངས་ཆགས་པའོ། །འདིར་སྟོང་ཉིད་སྒོམ་པ་ལས་ལངས་པའི་ཐོག་མར། རང་གི་སེམས་ནཱ་དའི་གཟུགས་སུ་ནམ་མཁའ་ལ་འཇོག་པར་ལྭ་བ་པས་བཤད་པའི་རྗེས་སུ་འབྲངས་ནས། པྲཛྙཱ་རཀྵི་ཏ་དང་འཁྲུལ་སྤོང་དང༌། དེ་བཞིན་གཤེགས་པའི་རྡོ་རྗེ་དང༌། སྡོམ་འབྱུང་འགྲེལ་པ་སོགས་ནས་ཀྱང་བཤད་ཀྱང༌། རྒྱུ་མཚན་ནི་གཞུང་དེ་དག་ནས་མ་བཤད་དོ། །དེའི་རྒྱུ་མཚན་ནི་འདིའི་རིམ་པ་དང་པོ་དེ་སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་གྱི་རིམ་པ་དང་སྦྱར་ནས་སྒོམ་པ་ཤེས་པ་ལ་རག་ལས་ལ། དེ་ཡང་བདེ་མཆོག་སྡོམ་འབྱུང་ཉིད་ལས་གསལ་བར་གསུངས་པ་དང༌། མན་སྙེར་བདེ་མཆོག་རྡོར་སེམས་ཀྱི་སྐབས་ནས་འབྱུང་བ་མ་གཏོགས་པ་འདིའི་སྐོར་གྱི་རྒྱུད་


JLD009_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁུངས་ཐུབ་ཀྱི་རྒྱ་གཞུང་གཞན་ནས་མི་གསལ་བ་དང༌། སྟོང་ཉིད་སྒོམ་པ་ལས་ལངས་མ་ཐག་བར་སྲིད་མཚོན་པའི་ཡི་གེ་སོགས་འཇོག་པ་ནི་མང་བས། ཤིན་ཏུ་རྟོགས་དཀའ་བ་ཡིན་ནོ། །སྡོམ་འབྱུང་ལས་ནི་ལེའུ་གཉིས་པ་བསྐྱེད་རིམ་གྱི་ལེའུ་ལས། བསྐྱེད་རིམ་དངོས་མ་བཤད་པར་སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་གསལ་བར་བཤད་པའི་མཐར། སྲིད་པ་སྐྱེ་བའི་རིམ་ཤེས་པས། །རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འདི་ནི་ཕུང་པོ་ཡོངས་མཁྱེན་པའི། །དེ་ཉིད་གསུང་པ་རྣམས་ཀྱིས་བཤད། ཅེས་གོང་དུ་སྦྱང་གཞི་གསུམ་བཤད་པ་དེ། སྲིད་པ་སྐྱེ་བའི་རིམ་པར་ཤེས་ནས། དེ་དང་མཐུན་པར་སྒོམ་པ་རྣམས་ཀྱིས། སངས་རྒྱས་ཐོབ་པའི་ཕྱིར་དུ་བཤད་པ་ཡིན་ཞེས་གསུངས་ཏེ། བསྐྱེད་རིམ་དངོས་ནི་ལེའུ་བཅུ་གསུམ་པར་འཆད་དོ། །གཞི་ལ་མངལ་དུ་སྐྱེ་བ་ལེན་པ་ལྟ་བུ་ཞིག་གི་དབང་དུ་བྱས་ན། འཆི་བའི་འོད་གསལ་ལས་ལངས་མ་ཐག །འོད་གསལ་གྱི་རླུང་སེམས་ཙམ་ལས་བར་སྲིད། དབང་པོ་ཀུན་ཚང་ཞིང༌། ཤ་རུས་ལ་སོགས་པས་སྟོང་པའི་ཕྲ་བའི་ལུས་ཅན་ཐོགས་མེད་འགྲུབ་པ་བཞིན་དུ། ལམ་རིམ་པ་དང་པོ་ལ་ཡང་འཆི་བའི་འོད་གསལ་དང་འདྲ་བའི་སྔར་བཤད་པའི་སྡུད་རིམ་གྱིས། འོད་གསལ་སྟོང་ཉིད་དུ་ཞུགས་པ་ལས་ལངས་མ་ཐག་བར་དོ་དང་འདྲ་བའི་ནཱ་དའི་ལུས་འགྲུབ་པས། ནཱ་ད་ནམ་མཁར་འཇོག་གོ །འདི་ལ་བར་དོ་མཚོན་བྱེད་དུ་ཤིན་ཏུ་གསལ་བ་མངོན་བྱང་ལྔ་ལས་རྡོ་རྗེ་འཆང་སྐྱེད་པ། མདོར་བྱས་སོགས་གསང་འདུས་འཕགས་ལུགས་ནས་གསལ་བར་གསུངས་ཀྱང༌། རྒྱུད་གཞན་བདེ་མཆོག་


JLD009_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཀྱཻ་རྡོར་སོགས་ཀྱི་སྐོར་ནས་བར་དོ་མཚོན་པ་ཅུང་ཟད་མི་གསལ་བ་ཡི་གེས་མཚོན་པར་བཤད་ལ། དེ་ཡང་མན་ངག་སྙེ་མ་ལས། སྲིད་པ་བར་དོའི་གནས་སྐབས་དང་འདྲ་བར། ཁ་ཅིག་ཏུ་ཧོཿ ཡིག་དམར་པོ་གཉིས་ཀྱི་ནང་དུ་ཆུད་པའི་ས་བོན་གྱི་ཡི་གེའི་གནས་སྐབས་མས། ཡི་གེ་གསུམ་གྱི་གནས་སྐབས་སམ། ཁ་ཅིག་ཏུ་ནཱ་ད་ཙམ་སྟེ། རྣམ་པ་གསུམ་ག་ཡང་ལུས་དང་ངག་དང་སེམས་རྣམས་སྐྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་འཆི་བའི་རྗེས་ཐོགས་སུ་ཡི་གེའི་གཟུགས་དང༌། དེ་བསྡུས་པ་ནཱ་དའི་གཟུགས་དྲི་ཟ་ནི་རྒྱུད་གཞན་རྣམས་སུ་བསྟན་པ་ལས་སོ། །ས་བོན་ལ་སོགས་པའི་ཡི་གེ་རྣམས་དང་ནཱ་ད་ནི། རྣམ་པ་སྣ་ཚོགས་སུ་སྐྱེད་པར་འགྱུར་བའི་ལྷའི་འབྱུང་གནས་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དྲི་ཟ་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་རྣམས་ཏེ་འོང་བར་འགྱུར་བའི་སྲིད་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། ཞེས་བར་སྲིད་མཚོན་པའི་ཡི་གེ་ལ་གཞུང་ཁ་ཅིག་ཏུ། ཧོཿ ཡིག་གཉིས་ཀྱི་བར་དུ་ཆུད་པའི་ས་བོན་དང༌། ཁ་ཅིག་ཏུ་ཧོཿ ཡིག་གཉིས་མེད་པར་ཡི་གེ་གསུམ་ཙམ་དང༌། ཁ་ཅིག་ཏུ་ནཱ་ད་ཙམ་དུ་བཤད་དེ། དེ་ནི་ཤིན་ཏུ་བསྡུས་པའི་ལུགས་དང༌། འབྱུང་འགྱུར་གྱི་གཟུགས་ཅན་གྱི་ལུས་དབྱིབས་སྣ་ཚོགས་པས་དེ་མཚོན་པའི་ཡི་གེ་ཡང་སྣ་ཚོགས་སུ་བཤད་གསུང་བ་ལྟར་རོ། །དེ་ལ་ཧོཿ གཉིས་ཀྱི་བར་དུ་ཆུད་པ་ལ་ཡི་གེ་འབྲུ་གསུམ་བཞག་པ་མང་ལ། མངོན་བརྗོད་ལས། སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ། །ས་བོན་གྱི་ནི་ཡི་གེ་མཾ། །ཧོཿ གཉིས་དང་ནི་བཅས་པ་རུ། །


JLD009_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྲུབ་པར་ནི་རྗེས་སུ་བསམ། ཞེས་བདེ་མཆོག་འཇམ་རྡོར་གྱི་སྐབས་སུ། ཧོཿ གཉིས་ཀྱི་བར་དུ་མཾ་ཡིག་རྐྱང་བ་བཞག་པའང་གསུངས་ལ། ཧཱུཾ་རྐྱང་བ་བཞག་པའང་མང་སྟེ། སྟོང་ཉིད་ལས་ལངས་མ་ཐག་ཡི་གེ་འདི་རྣམས་ནམ་མཁར་བཞག་ན་བར་སྲིད་མཚོན་བྱེད་ཀྱི་ཡི་གེ་ཅུང་ངེས་སླ་ཡང༌། དེ་མ་བྱས་པར་ད་གཟོད་ནཱ་ད་ནས་ཧཱུཾ་དུ་རིམ་གྱིས་རྫོགས་པ་དང༌། ཧཱུཾ་ཅིག་ཅར་དུ་རྫོགས་པ་སྒོམ་པ་མང་བ་རྣམས་ལ་ནི། དོན་དེ་ཡོད་ཀྱང་ཤིན་ཏུ་ངེས་དཀའོ། །དེ་ལྟར་ལམ་བསྐྱེད་རིམ་པ་ལ་འདི་ལྟར་སྦྱངས་པའི་མཐུས། རྫོགས་རིམ་ལ་ཏིང་ངེ་འཛིན་ཁྱད་པར་ཅན་ཇི་འདྲ་ཞིག་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་སྙམ་ན། འདི་ནི་རིམ་པ་གཉིས་པར་འོད་གསལ་ལྷན་ཅིག་སྐྱེས་པའི་རླུང་སེམས་ཙམ་ལས། སྒྱུ་མའི་ལོངས་སྐུར་སྐྱེད་པའི་ཆེད་ཡིན་ལ། དེས་ན་འདི་ལ་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་ཀྱང་བྱའོ། །འདི་ཡང་བསྐྱེད་རིམ་གྱི་སྐབས་སུ་ཅུང་ཟད་སྦྱོར་ཤེས་པ་འགའ་ཞིག་སྣང་ནའང༌། འདི་ལ་བརྟེན་ནས་རིམ་པ་གཉིས་པའི་སྐབས་སུ་ཇི་ལྟར་བྱེད་ཀྱི་གོ་བ་མ་ཆགས་པས། རྒྱུད་ཀྱི་དོན་མ་རྙེད་པར་སྣང་བས་ལེགས་པར་རྩད་གཅད་པར་བྱའོ། །འདིའི་རིམ་པ་དང་པོར་བར་དོ་དང་མཐུན་པར་སྒོམ་པ་ཞིག་དགོས་པར་ནི། སྡོམ་འབྱུང་གིས་འགྲུབ་ཅིང༌། བདེ་མཆོག་འཇམ་རྡོར་ལ་སྔར་ལྟར་བཤད་པ་ནི། དེའི་དགོས་ཆོས་མིན་གྱི་གཞན་ལའང་མཚོན་པས། མངོན་བརྗོད་ལས་ཀྱང་འགྲུབ་བོ། །དེ་ལྟ་ནའང་རླུང་ནས་པདྨ་དང་སྣ་ཚོགས་རྡོ་རྗེའི་བར་དུ། སྒོམ་པ་རྣམས་ལ་ནི་བར་དོ་དང་མཐུན་པར་སྒོམ་པ་མེད་ལ། དེ་ཕྱིན་ཆད་ལ་བཞག་ཀྱང་དབང་པོ་ཤིན་ཏུ་རྣོ་ན་མ་


JLD009_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་རྟོགས་པར་ཤིན་ཏུ་དཀའ་བ་དང༌། འཆི་སྲིད་རྫོགས་མ་ཐག་བར་སྲིད་འགྲུབ་པའི་སྦྱང་གཞི་དང་ཤིན་ཏུ་མཐུན་ལ། རྟོགས་པར་ཡང་ཅུང་སླ་བས། ལྭ་བའི་ན་བཟའ་ཅན་གྱིས་མཛད་པ་ལྟར། སྟོང་ཉིད་ལས་ལངས་མ་ཐག་ནཱ་ད་སོགས་ནམ་མཁར་འཇོག་པ་ནི་ཤིན་ཏུ་ལེགས་སོ། །གཉིས་པ་ལ་གཉིས། འབྱུང་བ་རིམ་རྩེག་དང་རི་རབ་བསྐྱེད་པ་དང༌། སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་བསྐྱེད་པའོ། །དང་པོ་ནི། དེ་ནས་འབྱུང་བ་རིམ་རྩེག་དང་རི་རབ་སྒོམ་པ་ལ། དྲིལ་བུ་པའི་ལྷ་ལྔའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས། བ་ལང་གནས་དང་སྟེང་ལྡིང་དང༌། །ལྷག་མ་སྐམ་པོ་རྩ་དེ་ནས། །དུང་ཆེན་པོ་ཡི་རང་བཞིན་བྱ། །ཡང་ན་རུས་སྦལ་དག་གིའོ། །ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས། །རླུང་མེ་ཆུ་ས་རི་རབ་ནི། །གྲུ་བཞི་རིམ་བཞི་རྩེ་མོ་བརྒྱད། །ཀུན་ཀྱང་འོད་ཟེར་འབར་བར་བསྒོམ། ཞེས་འབྱུང་བ་རིམ་རྩེག་སོགས་སྒོམ་པའི་སྐབས་སུ་བཀོད་པ་འདི། རྩ་རྒྱུད་ལས་འབྱུང་ལས། དེ་ནི་རྩ་རྒྱུད་ལས་གསུངས་ཚུལ་ལོ། །དེ་ལ་བ་ལང་གནས་ནི། ཞིབ་མོ་རྣམ་འཐག་ལས། ངག་ཕྱོགས་ས་དང་འོད་ཟེར་དང༌། །ཕྱུགས་དང་མིང་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གཽ་སྒྲ་ངེས་གཟུང་བྱ། ཞེས་གསུངས་པ་ལྟར་ཕྱུགས་ཏེ་བ་ལང་ལའང་འཇུག་པའི་གཽ་སྒྲ་ནི་ས་ལའང་འཇུག་པས་འདིར་སའོ། །གང་དུ་མེ་ཏོག་སོགས་བཞག་ན། སྟེང་དུ་ལྡིང་བ་ནི་ཆུའོ། །གང་གིས་ལྷག་མ་མེད་པར་སྐམ་པར་བྱེད་པ་ནི་མེའོ། །རྩ་ནང་ནས་རྒྱུ་བ་ནི་རླུང་ངོ༌། །སྤྱོད་པ་པས། མི་ཕྱེད་པ་དང་རུས་སྦལ་ལོ།


JLD009_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཡང་ནའི་སྒྲ་མེད་པར་ཡང་འདོན་ནོ། །རྩ་རྒྱུད་ཀྱི་འགྲེལ་པ་གཉིས་ཀྱི་གཅིག་ལས། ལྕི་བའི་ཐལ་བ་ཉིད་དག་དང༌། །དེ་བཞིན་ལྷག་མ་མགོ་བོ་སྐམ། ཞེས་དང༌། ཡང་གཅིག་ལས། ལྷག་མ་མགོ་སྐམ་མཚོན་ཆའོ། ཞེས་བཏོན་ནས་ལྕི་བ་ནི་ས་དང༌། ཐལ་བ་ནི་ཆུ་དང༌། དེ་བཞིན་ནི་རླུང་དང༌། མགོ་སྐམ་ནི་མེ་དང༌། དུང་ཆེན་པོ་ལས་བྱུང་བས་བྱ། ཞེས་པ་ལ། རི་ཆེན་པོ་ལས་བྱུང་བས་བྱ། ཞེས་ཀྱང་འདོན་པས། དེས་ནི་རི་རབ་དང་། ཡང་ན་ཞེས་པས་ནི། ལྷ་མངལ་སྐྱེས་ཀྱི་རིམ་པ་ལས་གཞན་སྒོང་སྐྱེས་ཀྱི་རིམ་པ་སྟོན་པར་འཆད་དོ། །ཡང་གཅིག་ལས། མཚོན་ཆ་རླུང་ལ་འཆད་དེ་གཞན་འདྲའོ། །ཀོང་ཀ་ན་དང༌། སྐལ་ལྡན་གྲགས་པ་དང་། ལང་ཀ་དང༌། དཔའ་བོ་རྡོ་རྗེ་རྣམས་ཀྱིས་འབྱུང་བ་རིམ་རྩེག་དང༌། རི་རབ་སྐྱེད་པ་ལ་མི་སྦྱོར་ཞིང༌། དང་པོས་མི་མགོའི་དུམ་བུ་སྐམ་པོ་བླངས་ལ། དུང་ཆེན་པོ་བྱའོ་ཞེས་དང༌། གཉིས་པས་བ་ལང་དང་མ་ཧེ་སོགས་ཀྱི་རུས་པ་བླངས་ལ། ལས་སོ་སོའི་ཕྲེང་བ་བྱའོ། ཞེས་དང༌། གསུམ་པས་ནི་མགོ་བོ་སྐམ་པོ་ཆག་གྲུགས་མེད་པ་བླངས་ལ། དུང་ཆེན་པོ་བྱ་བའམ། ཡང་ན་རུས་སྦལ་གྱི་ཐོད་པ་ལ་བྱའོ་ཞེས་དང༌། བཞི་པས་མི་མགོ་སྐམ་པོ་བླངས་ནས། བདེ་བ་ཆེན་པོ་བྱེད་དོ། །རུས་སྦལ་ནི་ཐོད་པའོ། ཞེས་ཟེར་མོད་ཀྱང༌། དྲིལ་བུ་པ་དང༌། སྤྱོད་པ་པའི་དགོངས་པ་འབྱུང་བ་རིམ་རྩེག་སོགས་ལ་སྦྱོར་རྒྱུ་ཡིན་ལ། དུང་ཆེན་པོ་ནི་བདེ་བ་ཆེན་པོར་ཡང་བསྒྱུར་དུ་རུང་བས། འབྱུང་བ་རིམ་རྩེག་རྣམས་བདེ་བ་ཆེན་པོའི་ངོ་བོར་མོས་པར་བྱ་བ་དང༌། ཡང་ནའི་དོན་ཡང་ནིའི་དོན་དུ་བཤད་པ་ཡང་ཡོད་པས། སྔ་མར་མ་ཟད། རུས་སྦལ་གྱི་


JLD009_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བརྡས་བསྟན་པའི་རི་རབ་ཀྱང་བསྒོམས་ལ། བདེ་བ་ཆེན་པོའི་ངོ་བོར་མོས་པར་བྱ་བའི་དོན་དུ་བཤད་པར་བྱ་སྟེ། ནག་དྲིལ་གཉིས་ཀའི་ལུགས་ཀྱིས་རྟེན་སྐྱེད་པའི་སྐབས་ཁོ་ནར་སྦྱོར་བར་འདུག་པས། ལུགས་དེ་ལ་རུས་སྦལ་དག་གིའོ། ཞེས་པ་ལྷའི་སྐྱེད་ཆོག་ལ་མི་འགྲིག་པའི་ཕྱིར་རོ། །རི་རབ་དང་པདྨ་ནི་གསལ་བར་རྩ་རྒྱུད་ལས། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་བསྐྱེད། ཅེས་གསུངས་སོ། །དོན་དེ་བཤད་པའི་རྒྱུད་སྡོམ་འབྱུང་ལས། རྟེན་དང་བརྟེན་པའི་གཟུགས་སུ་ནི། །བྷེ་རཾ་བྷ་ལ་སོགས་པ་བསམ། ཞེས་བཤད་པ་ནི། འབྱུང་བའི་འཁོར་ལོ་སྔ་མ་རྟེན་དང༌། ཕྱི་མ་བརྟེན་པའི་ཚུལ་བྷེ་རཾ་བྷ་དང༌། ལ་སོགས་ཀྱིས་མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་གོང་ནས་གོང་དུ་སོན་པར། ཡང་དག་པར་གནས་པར་རྣམ་པར་བསམ་མོ། ཞེས་མདོར་བསྟན་ནོ། །བྷེ་རཾ་བྷ་ནི་བསྐལ་པ་ཆེན་པོ་འཆགས་བའི་དུས་ཀྱི་རྫི་རླུང་དུ། འཇུག་ཊཱིཀ་ཆེན་མོར་བཤད་པ་དོ། །རྒྱས་པར་བཤད་པ་ནི། ས་བོན་གྱི་ཡི་གེ་ནི་ཡཾ་སྔོན་པོ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་ནི། རླུང་གི་དཀྱིལ་འཁོར་དང༌། ཁ་དོག་གི་མདོག་ནི་སྔོན་པོ་དང༌། དབྱིབས་ནི་གཞུ་ལྟ་བུ། མཚན་མ་ནི་རྒྱལ་མཚན་ནམ་བ་དན་གྱིས་མཚན་པའོ། །རླུང་དེའི་སྟེང་དུ་ས་བོན་གྱི་ཡི་གེ་རཾ་དམར་པོ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་ནི་མེའི་དཀྱིལ་འཁོར་དང་ཁ་དོག་གི་མདོག་ནི་དམར་པོ་དང༌། དབྱིབས་ནི་ཟུར་གསུམ་པ་དང༌། མཚན་མ་ནི་མེ་འབར་བས་མཚན་པའོ། །མེ་དེའི་སྟེང་དུ་ས་བོན་གྱི་ཡི་གེ་ནི་བཾ་དཀར་པོ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་ནི་


JLD009_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་དཀྱིལ་འཁོར་དང༌། ཁ་དོག་ནི་དཀར་པོ་དང༌། དབྱིབས་ནི་ཟླུམ་པོ་དང༌། མཚན་མ་ནི་བུམ་པས་མཚན་པའོ། །ཆུ་དེའི་སྟེང་དུ་ས་བོན་གྱི་ཡི་གེ་ལཾ་སེར་པོ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་ནི་སའི་དཀྱིལ་འཁོར་དང༌། དབྱིབས་ནི་གྲུབ་བཞི་པ་དང༌། མདོག་ནི་སེར་པོ་དང༌། མཚན་མ་ནི་གྲུ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །སྒྲུབ་ཐབས་ཆག་འགྱུར་ལས། མེ་ལ་རཾ་གྱིས་མཚན་པ་བྱས། ལོ་ཆེན་དང༌། མར་དོའི་འགྱུར་ལས་འབར་བས་མཚན་པར་བཤད་དོ། །སྡོམ་འབྱུང་ལས། རླུང་དང་ཆུ་ལ་མཚན་མ་མ་བྱུང༌། མེ་ལ་རྡོ་རྗེ་རྩེ་གསུམ་དང༌། ས་ལ་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པར་བཤད་ཀྱི། འོད་ཟེར་ཕྲེང་བ་ཟུར་པ་མ་བཤད་ལ། མངོན་བརྗོད་ལས། རླུང་ལ་རྒྱལ་མཚན་དང༌། མེ་ལ་རྡོ་རྗེ་དང༌། ཆུ་ལ་བུམ་པ་དང༌། ས་ལ་གཞུང་ཁ་ཅིག་ཏུ་སྣ་ཚོགས་རྡོ་རྗེ་དང༌། ཁ་ཅིག་ཏུ་རྡོ་རྗེས་མཚན་པ་དང༌། རིམ་པ་བཞིན་དུ་དྲ་བའི་ཕྲེང་བ་དང༌། འབར་བའི་ཕྲེང་བ་དང༌། འོད་ཟེར་དཀར་བོའི་ཕྲེང་བ་དང་། འོད་ཟེར་སེར་པོ་འཁྲིགས་པར་བཤད་དོ། །མངོན་བརྗོད་འགྲེལ་པར་མེའི་གྲྭ་གསུམ་དུ་རྡོ་རྗེས་མཚན་པ་དང༌། སའི་གྲྭ་བཞིར་སྣ་ཚོགས་རྡོ་རྗེ་མཚན་པར་བཤད་ལ། གཞན་འདྲའོ། །དེ་ལ་རྒྱལ་མཚན་ནི་གཡས་གཡོན་གཉིས་སུ་དང༌། རཾ་དང་མེ་འབར་བས་མཚན་པ་ནི་གྲྭ་གསུམ་དུ་དང༌། བུམ་བས་ནི་དབུས་སུ་མཚན་པར་བྱའོ། །འདི་རྣམས་སྐྱེད་པའི་དུས་སུ་བོད་ཀྱི་བླ་མ་ཁ་གཅིག་གིས། ནམ་མཁའི་ནཱ་ད་ལས་འོད་ཟེར་འཕྲོས་པ་ལས་ཡཾ། དེ་ཡོངས་སུ་གྱུར་པ་ལས། རླུང་སྐྱེད་པ་དང༌། ཁ་ཅིག་གིས་ཡཾ་ནས་དབྱངས་གསལ་གྱི་བར་ལ་དེ་བཞིན་དུ་བྱེད་པ་


JLD009_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྤྱོད་པ་པས། སྒྲ་ཡི་གཟུགས་ལ་སོགས་ལས་འབྱུང༌། །རི་ལ་སོགས་པ་ཇི་བཞིན་བསམ། ཞེས་གསུངས་པས་བསྟན་སྙམ་དུ་མི་གཟུང་སྟེ། དེ་ནི་སུཾ་ལ་སོགས་པའི་སྒྲ་སྟེ་ཡི་གེའི་གཟུགས་ལས་བྱུང་བའི་དོན་ཡིན་པའི་ཕྱིར་ཏེ། ནམ་མཁར་ནཱ་ད་འཇོག་པ་དེའི་གཞུང་དུ་མ་བཤད་པའི་ཕྱིར་དང༌། དེའི་སྐབས་གཞན་གཉིས་སུ་ཡང༌། སྒྲ་དང་སྒྲ་གཟུགས་སྔོན་དུ་འགྲོ་བར་བཤད་པའི་སྐབས་སུ་ཡང་ནམ་མཁའི་ནཱ་ད་ལས་སྐྱེད་པར་མི་སྣང་བའི་ཕྱིར་དང༌། ཁུངས་ཐུབ་གཞན་གྱི་ཤེས་བྱེད་ཀྱང་མེད་པས་མི་དགོས་སོ། །ས་དེའི་སྟེང་དུ་ས་བོན་གྱི་ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས། རི་རབ་ལྷུན་པོ་དབྱིབས་གྲུ་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། རྩེ་མོའམ་ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པ་སྟེ། དེ་ནི་སྡོམ་འབྱུང་དང་མངོན་བརྗོད་ལས་ཀྱང་གསུངས་སོ། །དེ་ལ་རིན་པོ་ཆེ་སྣ་བཞི་ནི་ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་དང༌། རྩེ་མོ་བརྒྱད་ནི་ཕྱོགས་མཚམས་ཀྱི་རྩེ་མོ་མཐོ་བར། མངོན་བརྗོད་འགྲེལ་པར་བཤད་ཅིང༌། ཉིན་མོ་མཛད་ཀྱིས་ལྕོག་བརྒྱད་དུ་བཤད་དོ། །བོད་ཁ་ཅིག་རི་རབ་ཀྱི་ཟུར་བཞི་ལ་ལྕོག་བཞི་ལས་མེད་ཀྱང༌། ཕྱོགས་བཞི་ནས་བལྟས་པ་ན་ཕྱོགས་རེ་རེ་ན་ལྕོག་གཉིས་གཉིས་སུ་མངོན་པས་རྩེ་མོ་བརྒྱད་ཡིན་པར་བླ་མ་ཕམ་མཐིང་བ་སོགས་བཞེད་ཟེར་མོད་ཀྱང་སྔ་མ་ལྟར་བྱ་དགོས་སོ། །གཉིས་པ་ནི། རི་རབ་ཀྱི་སྟེང་དུ་པཾ་སེར་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང༌། སྣ་ཚོགས་པདྨ་དེའི་ལྟེ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའོ། །ངེས་པར་ཞེས་པ་ནི་སྐབས་འདིའི་སྣ་ཚོགས་


JLD009_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཧཱུཾ་ལས་སྐྱེད་པའི་ས་བོན་ནི་དེར་ངེས་པའོ། །འདིར་མངོན་བརྗོད་ལས། སྣ་ཚོགས་རྡོ་རྗེ་དང༌། པདྨ་གང་ཡང་མ་བཤད་པར་རི་རབ་ཀྱི་སྟེང་དུ་བྷྲཱུཾ་ལས་རྣམ་སྣང་བསྐྱེད་ནས། དེ་ལས་གཞལ་ཡས་ཁང་སྐྱེད་པར་བཤད། ཀུན་སྤྱོད་ལས། རི་རབ་ཀྱི་སྟེང་དུ་པདྨ་མ་གཏོགས་པ་སྣ་ཚོགས་རྡོ་རྗེ་མ་བཤད། རྩ་རྒྱུད་ལས་ཀྱང༌། རི་སྟེང་སྣ་ཚོགས་པདྨ། ཞེས་པ་ཙམ་ལས་སྣ་ཚོགས་རྡོ་རྗེ་གསལ་བར་མ་བཤད་དོ། །གཞུང་ནས་སྣ་ཚོགས་རྡོ་རྗེ་སྟེང་དུ་སྣ་ཚོགས་པདྨ་སྒོམ་པར་བཤད་པ་འདི་ནི། སྡོམ་འབྱུང་ལས། རི་རབ་ཀྱི་དེ་མ་ཐག་ཏུ། །དེ་ཡི་སྟེང་དུ་ཧཱུཾ་བྱུང་བའི། །སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམ། །དེ་ཡི་སྟེང་དུ་པདྨ་ནི། །ལྟེ་བ་གེ་སར་ལྡན་པར་བསྒོམ། ཞེས་གསུངས་པ་དེ་བཞིན་དུ་མཛད་པའོ། །འདིར་སྣ་ཚོགས་པདྨ་གཉིས་བྱེད་མི་བྱེད་ལ། ཀུ་མཱ་ར་བོ་དྷི་དང༌། ལོ་ཆེན་གྱི་འགྲེལ་པ་དང༌། མལ་གྱོ་ནས་བརྒྱུད་པའི་ལུགས་ཀྱིས་སྣ་ཚོགས་པདྨ་གཅིག་ལས་མི་བྱེད་ལ། དེ་ཡང་སྣ་ཚོགས་རྡོ་རྗེའི་སྟེང་དུ་བྱེད་དོ། །འཁྲུལ་སྤོང་དང༌། སྡོམ་འབྱུང་འགྲེལ་པ་དང༌། ཀྵནྟི་ཤྲཱིའི་སྡོམ་འབྱུང་གི་སྒྲུབ་ཐབས་ལས་ཀྱང༌། འདབ་གྲངས་མ་སྨོས་པར་པདྨ་གཅིག་ཏུ་བཤད་ཅིང༌། དེ་ཡང་སྣ་ཚོགས་རྡོ་རྗེའི་འོག་ཏུ་བྱེད་དོ། །སྡོམ་འབྱུང་འགྲེལ་པར་དེའི་སྟེང་དུ་ཞེས་པ་དེའི་གོང་དུ་ཞེས་པའི་དོན་དུ་བཤད་དོ། །མར་དོས་སྣ་ཚོགས་རྡོ་རྗེའི་སྟེང་གི་པདྨ་སྣ་ཚོགས་པདྨ་ཆུང་ངུར་བཤད་ཅིང༌། དེའི་རྗེས་འབྲང་རྣམས་ཀྱིས་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་སོ་གཉིས་པ་གཅིག །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང༌། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་


JLD009_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཤད་དེ། སྔ་མ་པདྨ་ཆེ་བའོ། །མར་དོའི་འགྱུར་ལ་པདྨ་གཅིག་དང་གཉིས་བྱས་པ་སྣང་ཡང་ཕྱི་མ་མཆན་དཀྱུས་ཤོར་གྱི་མ་དག་པ་ཡིན་ནོ། །དེ་བཞིན་གཤེགས་པའི་རྡོ་རྗེས་ཀྱང་རི་རབ་ཀྱི་སྟེང་དུ་པདྨ་འདབ་གྲངས་མ་སྨོས་པ་ཞིག་དང༌། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང༌། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཞིག་བཤད་དེ། ལཱུ་ཨི་པའི་སྒྲུབ་ཐབས་ལ་བརྟེན་ནས་བྱང་ཆུབ་རྡོ་རྗེས་བྱས་པའི་སྒྲུབ་ཐབས་ལས་ཀྱང་དེ་བཞིན་དུ་བཤད་དོ། །དེ་ལྟར་ལུགས་གཉིས་ལས་འདིར་གང་གཟུང་སྙམ་ན། ལྭ་བ་པའི་འགྲེལ་པ་ལས། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་ངེས་པར་བྱུང་བའི་སྣ་ཚོགས་རྡོ་རྗེའོ། ཞེས་པའི་འདིའི་དོན་ནི། རི་རབ་ཀྱི་སྟེང་དུ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་སྟེང་དུ་ཞེས་པའོ། །སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དང་ལྡན་པ་ཞེས་པ་འདིའི་པདྨའི་ཕྱོགས་ལ་སོགས་པའི་ཁ་དོག་རིམ་པས་གསུངས་པ། ཤར་སོགས་ཕྱོགས་གནས་འདབ་མ་ཉི་འོད་འདྲ། །རླུང་དང་མེར་ཕྱོགས་འདབ་མ་སེར་པོ་ཉིད། །ཡི་དྭགས་བདག་ཕྱོགས་དབང་ལྡན་དུར་བ་ལྟར། །ལྗང་དང་སྤྲིན་ནག་སྣ་ཚོགས་པདྨ་ཉིད། ཅེས་སོ། ཞེས་དྲངས་ནས་ཕྱོགས་བཞི་དམར་ཞིང་བདེན་བྲལ་ལྗང་གུ་དང་དབང་ལྡན་ནག་པོར་བཤད་དོ། །དེ་དང་མཐུན་པར་པྲཛྙཱ་རཀྵི་ཏའི་འགྲེལ་པར་ཡང་འབྱུང་བས། འདི་གཉིས་ཀྱིས་སྡོམ་འབྱུང་གི་འགྲེལ་པ་ལྟར། རྡོ་རྗེ་དང༌། པདྨ་གཉིས་ཀྱི་སྟེང་འོག་བཟློག་ནས་པདྨ་འདབ་མ་བརྒྱད་པ་རྡོ་རྗེའི་འོག་ཏུ་བྱེད་པར་བསྟན་པ་འདྲ་མོ་ཞིག་འདུག་ནའང༌། གཞུང་ནས་རྡོ་རྗེའི་སྟེང་དུ་པདྨ་འདབ་བརྒྱད་པ་བཤད་པ་སྒྲ་སོར་བཞག་ཏུ་བྱས་ནས།


JLD009_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ཀྱི་སྟེང་ཉིད་དུ་སྣ་ཚོགས་རྡོ་རྗེ་སྐྱེད་པ་འདྲ་བ་ཞིག་ཡོད་པ་དེའི་དོན་ནི། བར་དུ་སྣ་ཚོགས་པདྨ་ཡོད་པའི་ཕྱོགས་སུ་འགྲེལ་པ་དེ་བཞིན་གཤེགས་པའི་རྡོ་རྗེ་དང༌། བྱང་ཆུབ་རྡོ་རྗེ་བཤད་པ་ལྟར་བྱས་ན། སྣ་ཚོགས་རྡོ་རྗེ་གནས་པའི་པད་འདབ་རྣམས་སྣ་ཚོགས་རྡོ་རྗེའི་རྭ་རྩེ་ཟད་མཚམས་ནས། པད་ར་སྐོར་བ་དེར་བྱ་དགོས་ལ། པདྨ་འདབ་བརྒྱད་དུ་བྱས་ན་དེ་དང་མི་འགྲིག་པས་པདྨ་གཉིས་བྱེད་པ་ལེགས་སོ། །པདྨ་ཕྱི་མ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཚུད་པ་བྱས་ན་ལེགས་ཤིང༌། པདྨ་དེའི་ལྟེ་བར་དབྱངས་གསལ་འགོད་པ་འོག་ནས་འབྱུང་བ་བཞིན་བྱས་ན་སྡོམ་འབྱུང་དང་ཤིན་ཏུ་མཐུན་ལ། རྩ་རྒྱུད་དང་ཀུན་སྤྱོད་ལས། པདྨའི་ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེད་པ་དང་ཡང་མཐུན་ནོ། །སྣ་ཚོགས་རྡོ་རྗེ་ནི་རྩེ་མོ་བཅུ་གཉིས་པར་བཤད་པ་མང་ཡང༌། རྡོ་རྗེ་འཕྲེང་བར་བཤད་པ་ལྟར་ཉི་ཤུ་བའང་ཡོད་ལ། ཁ་དོག་ནི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ་དང༌། དེ་ལས་གཞན་དུ་བྱེད་པའི་ཚུལ་གཉིས་ཡོད་དོ། །སྣ་ཚོགས་རྡོ་རྗེ་དེའི་ལྟེ་བའི་སྟེང་དུ་པཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་དང་གེ་སར་དང་ལྡན་པ་སྒོམ་མོ། །སྣ་ཚོགས་པདྨའི་མདོག་སྔར་གྱི་དེ་བཞིན་དུ་པྲཛྙཱ་རཀྵི་ཏ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེས་བཤད་པ་ལ་བོད་ཁ་ཅིག །དེ་ནི་ནོར་པ་ཡིན་ཏེ་རྡོ་རྗེ་མཁའ་འགྲོ་དང༌། སྡོམ་འབྱུང་ལས། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་ནག་པོར་བཤད་པས་སོ། ཞེས་ཟེར་ཞིང༌། ཡང་པཎྜི་ཏ་བགྲེས་པོ་རྣམས་ནི་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་མཚམས་བཞི་གང་མཛེས་སུ་སྒོམ་པར་འདོད་ཅེས་པ་ནི།


JLD009_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་མ་དག་ཅིང༌། བལ་པོའི་པཎྜ་ཏི་བགྲེས་པོ་རྣམས་ཀྱི་ངག་བགྲོས་ཡིན་དུ་ཆུག་ཀྱང༌། དེས་ལྭ་བ་པ་དང་པྲཛྙཱ་རཀྵི་ཏ་མི་ཁེགས་ལ། ལུང་དེ་དག་ནི་པཎྜི་ཏ་བགྲེས་པོའི་འདོད་པ་ལ་ཡང་གནོད་བྱེད་དུ་སྣང་ངོ༌། །སྤྱིར་ནི་སྣ་ཚོགས་པདྨ་ལ་སྔ་མ་ཁོ་ན་ལྟར་ཡང་མ་ངེས་སོ། །སྟོང་པ་ལས་ལངས་ཏེ་ནཱ་ད་འཇོག་པ་ནས་པདྨ་ཆུང་ངུའི་བར་སྒོམ་པར་ལཱུ་ཨི་པའི་སྒྲུབ་ཐབས་ལས་གསུངས་ལ། སྒྲུབ་ཐབས་འདི་ཡང་ཕྱི་དཀྱིལ་དང༌། ལུས་དཀྱིལ་ཐུན་མོང་བ་ཡིན་པས་ཚུལ་དེ་ལུས་དཀྱིལ་ལ་ཡང་མི་རུང་བ་མིན་ནོ། །གསུམ་པ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། རྟེན་དང་བརྟེན་པའི་སྐྱེད་ཚུལ་མི་འདྲ་བ་གསུངས་ཚུལ་དང༌། དེ་ལ་རྒྱུད་དང་འགལ་བ་སྤང་བ་དང༌། མངོན་བྱང་ལྔ་ཇི་ལྟར་བྱེད་ཚུལ་ལོ། །དང་པོ་ནི། སྤྱིར་བདེ་མཆོག་གི་སྐོར་ནས་གཞལ་ཡས་ཁང་དང་ལྷ་ཅིག་ཅར་དུ་སྐྱེད་པའི་ཚུལ་གཅིག་དང༌། སྔ་ཕྱིར་སྐྱེད་པའི་ཚུལ་གཉིས་གསུངས་སོ། །དེའི་དང་པོ་ནི་སྡོམ་འབྱུང་ལས་གསུངས་ཏེ། དེར་རླུང་གི་དཀྱིལ་འཁོར་ནས་རི་རབ་ཀྱི་བར་དང༌། དེ་ནས་སྣ་ཚོགས་རྡོ་རྗེ་དང༌། དེ་ནས་པདྨ་དང༌། དེའི་དབུས་སུ་དབྱངས་གསལ་སོགས་ལས་ཧེ་རུ་ཀ་འཁོར་བཅས་སྐྱེད་པར་གསུངས་པའི་སྐབས་སུ། ཤར་སྒོ་སོགས་སུ་ཁྭ་གདོང་མ་ལ་སོགས་པ་འགོད་པར་བཤད་ལ། གཞལ་ཡས་ཁང་སྔོན་དུ་སྒོམ་པ་མ་བཤད་པའི་ཕྱིར་དང༌། དེའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་ཐིག་གསུངས་པའི་སྐབས་ལས་ཀྱང་རྟེན་གྱི་དཀྱིལ་འཁོར་གསལ་བར་གསུངས་པའི་ཕྱིར་རོ། །དེས་


JLD009_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ན་རི་རབ་ཀྱི་སྟེང་དུ་པདྨ་དང་སྣ་ཚོགས་རྡོ་རྗེ་སྒོམ་པ་རྟེན་དང་བརྟེན་པ་གཉིས་རིམ་པ་བཞིན་དུ་སྐྱེད་པ་ལ་ཡང་ཡོད་མོད་ཀྱང༌། སྣ་ཚོགས་རྡོ་རྗེའི་སྟེང་དུ་པདྨ་བསྐྱེད་པའི་ལྟེ་བར་དབྱངས་གསལ་འགོད་པ་ནི། རྟེན་དང་བརྟེན་པ་གཉིས་ཅིག་ཅར་དུ་སྐྱེད་པ་ཉིད་ཀྱི་ལུགས་སོ། །ཀུན་སྤྱོད་ཀྱི་དགོངས་པ་ཡང་ཅིག་ཅར་དུ་སྐྱེད་པའི་ཕྱོགས་སུ་ཏ་ཐཱ་ག་ཏ་རཀྵི་ཏས་བཤད་དོ། །གཉིས་པ་ནི་མངོན་བརྗོད་ལས་མང་དུ་གསུངས་ཤིང༌། སམྦྷུ་ཊའི་བདེ་མཆོག་རྡོར་སེམས་ཀྱི་སྐབས་ལས་ཀྱང་གསུངས་ཏེ། དེ་གཉིས་ཀའང་རྩ་རྒྱུད་ཀྱི་དོན་དུ་གཟུང་དགོས་པས། རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེ་ལ་ཡང་དོན་མི་མཐུན་པ་དུ་མ་ཡོད་པར་ཤེས་དགོས་སོ། །དེ་ལ་ལཱུ་ཨི་པས་ནི་སྡོམ་འབྱུང་ལ་བརྟེན་ནས་དུས་གཅིག་ཏུ་སྐྱེད་པ་མཛད་ལ། ནག་པོ་སྤྱོད་པ་སོགས་ཀྱིས་ནི་མངོན་བརྗོད་ལ་བརྟེན་ནས་རིམ་ཅན་དུ་སྐྱེད་པ་མཛད་དོ། །སྡོམ་འབྱུང་ལས་དུས་གཅིག་ཏུ་སྐྱེད་པ་ལྷ་བཅུ་གསུམ་མ་ལ་གསུངས་ཀྱང༌། ལཱུ་ཨི་པས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ཕྱི་དཀྱིལ་དང་ལུས་དཀྱིལ་ཐུན་མོང་དུ་གསུངས་པས། དུས་གཅིག་ཏུ་སྐྱེད་པ་ཡང་བདེ་མཆོག་གི་དཀྱིལ་འཁོར་མང་པོ་ཞིག་ལ་འཇུག་གོ །རྟེན་སྔ་ལ་བརྟེན་པ་རྗེས་སུ་སྐྱེད་པ་ནི་མངོན་བརྗོད་ཀྱི་འགྲེལ་པར་བཤད་པ་ལྟར། ཕྱི་དཀྱིལ་དང་ལུས་དཀྱིལ་གཉིས་ཀ་དང༌། ལྷ་ལྔ་སོགས་ལའང་གསུངས་ལ། ནག་པོ་པའི་དགོངས་པ་ཡང་ཕྱི་དཀྱིལ་དང༌། ལུས་དཀྱིལ་གཉིས་ཀའི་ཐུན་མོང་ངོ༌། །དེས་ན་དྲིལ་བུ་ཞབས་ཀྱི་ལུས་དཀྱིལ་གྱི་སྒྲུབ་ཐབས་ལས། རྟེན་བརྟེན་པ་དུས་གཅིག་པ་དང་རིམ་ཅན་པ་གཉིས་མི་གསལ་ཡང༌། དེ་གཉིས་གང་རུང་གཅིག་ནི་དགོས་


JLD009_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་གཉིས་ཀྱི་ནང་ནས་གཅིག་ངེས་གཟུང་དུ་མི་དགོས་ཀྱང༌། ལཱུ་ཨི་པ་ལ་ཉེ་བར་སྣང་ངོ༌། །རྟེན་བརྟེན་པ་དུས་གཅིག་ཏུ་སྐྱེད་པ་ལ་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་ཡབ་ཡུམ་གཉིས་གཉིས་སོ་སོར་སྐྱེད་པ་མི་བྱེད་པར་ངེས་སོ། །རིམ་ཅན་དུ་སྐྱེད་པ་ལ་ནི་མངོན་བརྗོད་ལས་ཡབ་ཡུམ་ཚན་པ་གཉིས་སོ་སོར་སྐྱེད་པ་མང་དུ་གསུངས་ཀྱང༌། ངེས་པ་ནི་མིན་ཏེ། མངོན་བརྗོད་ལས་གསུངས་པའི་ལས་དཀྱིལ་དང༌། ཕག་མོས་གཙོ་བོ་བྱས་པའི་དཀྱིལ་འཁོར་བཞིན་ནོ། །དེའི་ཕྱིར་དུས་གཅིག་ཏུ་སྐྱེད་པ་རྣམས་ལ་ནི། ཞུ་བ་ལ་གླུས་བསྐུལ་ཏེ་ལྡང་བ་ཡང་མེད་ལ། རྒྱུད་འབྲས་ཀྱི་རྡོ་རྗེ་འཛིན་པ་གཉིས་ཚན་སོ་སོ་བ་ལ་ནི། ཞུ་བ་ལ་གླུས་བསྐུལ་བ་ཡང་ངེས་པར་གསུངས་སོ། །དུས་གཅིག་ཏུ་སྐྱེད་པ་ལ་རྒྱུ་འབྲས་ཀྱི་ལྷ་ཡབ་ཡུམ་གཉིས་གཉིས་པ་མེད་ཀྱང༌། རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་གཉིས་མེད་པ་ནི་མིན་ཏེ། ལྭ་བ་པས་གཞུང་འདི་ལ་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་གཉིས་བཤད་ལ། མན་སྙེར་ཡང་ཞུ་བ་ལ་གླུས་བསྐུལ་བ་མེད་པའི་བདེ་མཆོག་གི་སྐྱེད་ཆོག་ལ་ཡང་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་གཉིས་བཤད་ཅིང༌། བདག་མེད་མའི་དཀྱིལ་འཁོར་ལ་ཡང་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་གཉིས་བཤད་དོ། །དེ་ནི་འདིར་ཡང་ཡུམ་གྱིས་དཀྱིལ་འཁོར་གྱི་གཙོ་བོ་མཛད་པ་ལ་ཡང་ཤེས་པར་བྱའོ། །འདིར་མངོན་བརྗོད་ལས། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །བསྒོམ་པ་རྣམས་ནི་ཡོངས་སུ་བརྟག །སྒོང་སྐྱེས་གླུ་ནི་མེད་པ་སྟེ། །སྒྲ་དང་སྒྲ་ཉམས་སྤངས་པའོ། ཞེས་ཞུ་བ་ལ་གླུས་བསྐུལ་བའི་


JLD009_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀའི་སྐྱེད་ཆོག་མངལ་སྐྱེས་དང༌། གླུས་བསྐུལ་མེད་པའི་མངོན་བྱང་ལྔ་སྐྱེད་ཀྱི་སྐྱེད་ཆོག་སྒོང་སྐྱེས་སུ་གསུངས་སོ། །སྒྲ་ནི་ལེགས་པར་སྦྱར་བའི་སྒྲ་དང༌། སྒྲ་ཉམས་ནི་སྒྲ་ངན་པ་སྟེ། དེ་གཉིས་ཀའི་གླུ་སྐད་སྤངས་པའོ། །དེ་ལ་སྔ་མ་རྣམས་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་སྐྱེད་ཆོག་ནི། སྒོང་སྐྱེས་ཡིན་པས་མངལ་སྐྱེས་དང་མི་སྦྱོར་བར་འདོད་དོ། །དེ་ནི་མི་རིགས་ཏེ། དེ་ལྟ་ཡིན་ན་ནི། སྡོམ་འབྱུང་ལེའུ་གཉིས་པ་བསྐྱེད་རིམ་གྱི་ལེའུ་ལས། མངལ་སྐྱེས་ཀྱི་དབང་དུ་བྱས་ནས་བཤད་པ་དང༌། ལེའུ་བཅུ་གསུམ་པར་གླུས་བསྐུལ་མེད་པར་མངོན་བྱང་ལྔ་ལས་སྐྱེད་པ་ལཱུ་ཨི་པ་བཞིན་དུ་བཤད་པ་གཉིས་འགལ་བར་འགྱུར་བའི་ཕྱིར་ཏེ། ལེའུ་བཅུ་གསུམ་པ་ནས་བཤད་པའི་བསྐྱེད་རིམ་ནི། སྔར་སྦྱངས་གཞི་མངལ་སྐྱེས་ལ་བཤད་པ་དང་སྦྱར་དགོས་པའི་ཕྱིར་རོ། །མངལ་སྐྱེས་བཤད་ཚུལ་ནི། ལེའུ་དེ་ཉིད་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །མི་རྣམས་ཀྱིས་རབ་མི་ཤེས་ཏེ། །ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་པ། །དེ་ཕྱིར་སྔོན་བྱས་ལས་ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང༌། །ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་ནི། །འགྲོན་པོའི་བགྲོད་པ་ཇི་བཞིན་དུ། །འདི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་སྐྱེ། །ཕ་མའི་ཀུན་ཏུ་སྦྱོར་སོགས་ནི། །སྲིད་པའི་སྐྱེ་བོས་མཐོང་གྱུར་ནས། །རྟ་ལ་ཞོན་བཞིན་རྣམ་ཤེས་ནི། །རླུང་གི་བཞོན་པ་ཞོན་ནས་སུ། །སྐད་ཅིག་ཐང་ཅིག་ཉིད་ལ་ནི། །ཤིན་ཏུ་མྱུར་བར་འོངས་གྱུར་ནས། །ཤིན་ཏུ་དགའ་དང་བཅས་སྟོབས་ཀྱིས། །ཁ་ཡི་ལམ་ནས་


JLD009_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་འགྱུར། །རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས། །རབ་བསྐུལ་དེ་ཡི་སྐད་ཅིག་ལ། །ཨཱ་ལི་ཀཱ་ལི་ཞུ་བྱས་པས། །མཆོག་ཏུ་དགའ་བ་ཡང་དག་འཐོབ། །ཁུ་བ་ཁྲག་དེའི་དབུས་སུ་ནི། །ཐིག་ལེའི་གཟུགས་ཀྱིས་ཡང་དག་གནས། ཞེས་སྦྱང་གཞི་ལ་སྐྱེ་ཤི་བར་དོ་གསུམ་བཤད་ནས། བར་དོས་སྐྱེ་བ་ལེན་ཚུལ་སྟོན་པ་ན། དང་པོར་ཕ་མའི་ཀུན་སྦྱོར་མཐོང་བ་དང༌། དེ་ནས་ཕའི་ཁ་ནས་ཞུགས་ཏེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ནས་གནས་པར་བཤད་པའི་ཕྱིར་དང༌། སྒོང་སྐྱེས་ལ་དེ་མེད་པའི་ཕྱིར་དང༌། བར་དོ་མཚོན་པའི་ནཱ་ད་བབས་ནས། ཟླ་བ་དཀར་དམར་གྱི་དབུས་སུ་འཇུག་པར་འཆད་པ་ཡང་འདི་དང་སྦྱར་དགོས་པའི་ཕྱིར་རོ། །གཞན་ཡང་སྡོམ་འབྱུང་གི་ལེའུ་གཉིས་པ་ལས། དང་པོར་སྐྱེ་གནས་བཞི་དང༌། དེ་ནས་གླིང་གསུམ་གྱི་མི་རྣམས་བླུན་རྨོངས་བྱེ་བྲག་མི་ཕྱེད་པ་དང༌། འཛམ་བུ་གླིང་གི་དབུས་སུ་སྐྱེས་པའི་མི་མཆོག་ཏུ་གསུངས་ཤིང༌། དེ་ནས་མིར་འཁྲུངས་པ་དང༌། ཁྱིམ་ནས་རབ་ཏུ་བྱུང་བ་དང༌། རབ་ཏུ་བྱུང་ནས་དགེ་བ་སྒྲུབ་པ་དང༌། རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པ་སྟེ། སངས་རྒྱས་འདོད་ཁམས་སུ་འཚང་རྒྱ་བའི་ཚུལ་བཞི་གསུངས་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་སོགས་སྔར་དྲངས་པ་ལྟར་བཤད་དོ། །དེ་རྣམས་ཀྱི་དོན་ཀླུ་བྱུང་གི་དགོངས་པ་ལྟར་བཤད་ན། ལམ་འདིས་ཚེ་གཅིག་ལ་འཚང་རྒྱ་བའི་རྟེན་ངོས་འཛིན་པ་ཡིན་ལ། དེས་ན་སྐྱེ་གནས་བཞི་བཤད་པ་ནི། ལྷའི་སྐྱེད་ཆོག་བཞི་སྟོན་པ་སྡོམ་འབྱུང་འགྲེལ་པས་བཤད་པ་ལྟར་མིན་གྱི། སྐྱེ་གནས་བཞིའི་ནང་ནས་མི་མངལ་སྐྱེས་ཀྱི་རྟེན་ངོས་འཛིན་པའོ། །དེ་ནས་མི་ལ་གླིང་བཞི་པ་ཡོད་ཀྱང་


JLD009_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུ་གླིང་པའི་རྟེན་བསྔགས་ཏེ། འདོད་ཁམས་སུ་སྤྲུལ་སྐུར་འཚང་རྒྱ་བའི་རྟེན་ལ། འཛམ་བུ་གླིང་བའི་མིར་འཁྲུངས་པ་སོགས་དགོས་པ་དང་མཚུངས་པའི་ཕྱིར་རོ། །དུས་འཁོར་འགྲེལ་ཆེན་སོགས་ལས་ཀྱང༌། སྐྱེ་བ་གཅིག་གིས་འཚང་རྒྱ་བའི་རྟེན་ལ་འཛམ་བུ་གླིང་བའི་མི་ཁམས་དྲུག་ལྡན་དགོས་པར་གསུངས་པ་དང་འདྲའོ། །རྟེན་དེས་ལམ་འདི་སྒོམ་པ་ན། འདི་ནས་ཤི་ནས་བར་དོ་གྲུབ་སྟེ་མངལ་དུ་སྐྱེ་བ་འཛིན་པ་ཞིག་དང་མཚུངས་པར་སྒོམ་པས་ན། ཆོས་མཐུན་ཁྱད་པར་ཅན་ནི་དེ་ལ་ཡོད་ཀྱི་གཞན་ལ་མེད་པས། དྲིལ་བུ་ཞབས་ཀྱིས། སེམས་ཅན་བརྫུས་ཏེ་འབྱུང་བ་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། ཞེས་གསུངས་པ་ནི། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་ཡིན་གྱི། བསྐྱེད་རིམ་གྱི་མིན་ལ། བསྐྱེད་རིམ་དཀྲོངས་བསྐྱེད་ལ་དེའི་མིང་འདོགས་ཀྱང༌། ཁྱད་པར་ཅན་གྱི་སྦྱང་གཞི་དང་སྦྱོར་བའི་མངོན་བྱང་ལྔ་སྐྱེད་ནི། མངལ་སྐྱེས་དང་ངེས་པར་སྦྱར་དགོས་སོ། །མན་སྙེ་ལས་ཀྱང༌། གླུས་བསྐུལ་མེད་པའི་བདེ་མཆོག་གི་མངོན་བྱང་ལྔས་སྐྱེད་མངལ་སྐྱེས་དང་སྦྱར་ནས་བཤད་དོ། །གཉིས་པ་ནི། འོ་ན་མངོན་བརྗོད་ལས་གླུས་བསྐུལ་མེད་པ་ལཱུ་ཨི་བ་ལྟ་བུའི་སྐྱེད་ཆོག་རྣམས་སྒོང་སྐྱེས་སུ་བཤད་པ་དང་འགལ་བ་ཇི་ལྟར་སྤང་སྙམ་ན། བཤད་པར་བྱ་སྟེ། མངོན་བརྗོད་ལས་གླུས་བསྐུལ་མེད་པ་རྣམས་མངལ་སྐྱེས་སུ་མ་གསུངས་པ་རྣམས་ནི། མངལ་དུ་ས་བོན་འདེབས་པའི་ཕ་ལྟ་བུའི་ལྷ་ཡབ་དང༌། མངལ་དུ་ས་བོན་འཛིན་པའི་མ་ལྟ་བུའི་ལྷ་ཡུམ་མེད་པ་ལ་དགོངས་ལ། དེ་མེད་ཀྱང་ཕ་མའི་ཁུ་ཁྲག་གི་དོད་ཟླ་ཉིའམ་ཟླ་བ་དཀར་དམར་ཡོད་ལ། ཕ་མའི་ཁུ་ཁྲག་ལ་འཇུག་པའི་བར་


JLD009_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དོའི་དོད་ནཱ་ད་སོགས་ཡོད་པས། མངལ་སྐྱེས་དང་སྦྱོར་བ་ནི་ཤིན་ཏུ་དགོས་སོ། །གཞན་ཡང་དེ་ལྟར་བསྐྱེད་རིམ་ལ་སྒོམ་པ་ནི། རྫོགས་རིམ་གྱི་སྐབས་སུ་རང་གི་ལུས་ཀྱི་དབང་དུ་བྱས་པ་དང༌། ཡབ་ཡུམ་གཉིས་མཉམ་པར་སྦྱར་བ་ལས་དམར་ཆ་དང་དཀར་ཆ་གཉིས་འདུ་འཕྲོད་ལས། རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་ཆེན་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་བའི་ཆེད་ཡིན་ལ། དེ་ནི་མངལ་སྒོང་གཉིས་ཀྱི་ནང་ནས་མངལ་སྐྱེས་ལ་རྣམ་པ་ཤིན་ཏུ་གསལ་བའི་ཕྱིར་ཡང་མངལ་སྐྱེས་དང་སྦྱར་དགོས་སོ། །དེ་ལྟ་ནའང་སྒོང་སྐྱེས་སུ་གསུངས་པ་ནི། སྔར་བཤད་པ་འདྲ་བའི་མངལ་སྐྱེས་མེད་པ་དང༌། སྒོང་སྐྱེས་དང་ཆོས་མཐུན་སྦྱར་དུ་ཡོད་པ་ཙམ་ལ་དགོངས་ནས། སྒོང་སྐྱེས་སུ་གསུངས་པས་མི་འགལ་ལོ། །སྒོང་སྐྱེས་དང་འདྲ་ཚུལ་ནི་ཟླ་ཉིའམ་ཟླ་བ་ནི་སྒོ་ང་དང་འདྲ། དེའི་དབུས་ཀྱི་ས་བོན་ནི་བྱིའུ་ཕྲུག་དང་འདྲ། དེ་ལས་ལྷ་སྐུར་གྱུར་པ་ནི་སྒོ་ང་བཅག་ནས་བྱིའུ་ཕྲུག་ཚར་བ་ལྟ་བུར་མངོན་བརྗོད་འགྲེལ་པར་བཤད་པ་བཞིན་ནོ། །བོད་ཀྱི་བླ་མ་ཁ་ཅིག །མན་སྙེར་བཤད་པའི་བདེ་མཆོག་གི་སྐྱེད་ཆོག་མངལ་སྐྱེས་དང་སྦྱར་བ་དང༌། དེ་ལ་གླུས་བསྐུལ་མེད་པས་རང་གིས་སྒོང་སྐྱེས་སུ་ཁས་བླངས་པ་གཉིས་ཀྱི་འགལ་སྤོང་ལ། སྒོ་ང་ལས་སྐྱེས་པ་ལ་དང་པོ་མངལ་ནས་སྐྱེ་དགོས་ཤིང༌། སྒོ་ངའི་ནང་ནའང་ནུར་ནུར་པོ་སོགས་ཡོད་པའི་ཕྱིར་རོ། ཞེས་གསུངས་པ་ནི་མི་རིགས་ཏེ། མན་སྙེར་མངལ་སྐྱེས་དང་སྦྱར་བ་ན། དང་པོར་སྐྱེ་བ་ལེན་པ་ནའང་སྔར་བཤད་པ་ལྟར་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ནས་སྐྱེ་བ་ལེན་པ་དང༌། དེ་ནས་མངལ་དུ་ཟླ་བ་བཅུར་གནས་པར་བཤད་པས།


JLD009_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལྟོ་ནས་སྒོ་ང་བྱུང་བ་ལ་དེའི་མངལ་དང་སྦྱོར་ཚུལ་མི་འགྲིག་པའི་ཕྱིར་དང༌། སྒོ་ངའི་ནང་དུ་ནུར་ནུར་པོ་དང་མེར་མེར་པོ་འདོད་པ་ནི། མངལ་སྐྱེས་དང་སྦྱར་བའི་མེར་མེར་པོ་སོགས་དང་དོན་གཏན་མི་འདྲ་བའི་ཕྱིར་ཏེ། གཞན་དུ་ན་ཁུ་བའི་རྫས་སླ་བ་ཐམས་ཅད་ལ་ཧ་ཅང་ཐལ་བར་འགྱུར་བས། ལན་སྔ་མ་ལ་བརྟེན་ན་མཛེས་སོ། །གསུམ་པ་ལ་བཞི། དངོས་ཀྱི་དོན། དེ་ལ་རྩོད་པ་སྤང་བ། དེ་དག་གི་དོན་བསྡུས་ཏེ་བསྟན་པ། མངོན་བྱང་གི་དབྱངས་གསལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདིར་མངོན་བྱང་ལྔས་སྐྱེད་པ་ལ་བླ་མ་མལ་ནས་བརྒྱུད་པ་དང༌། ཀུ་མཱ་ར་བོ་དྷོའི་འགྲེལ་པ་ནས། ཨཱ་ལི་ལས་ཟླ་བ་དང༌། ཀཱ་ལི་ལས་ཉི་མ་བཤད་དེ། ཇོ་བོ་ཆེན་པོའི་འགྲེལ་པ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེ་སོགས་མང་པོས་ཀྱང་དེ་གཉིས་དང༌། ས་བོན་ལས་ཕྱག་མཚན་སྐྱེད་པ་བཤད་དོ། །བླ་མ་མར་དོ་རྗེས་འབྲང་དང་བཅས་པས་ཟླ་བ་དམར་པོ་ཞིག་དང༌། ཕྱག་མཚན་མེད་པའི་ས་བོན་ལས་སྐྱེད་དེ། འཁྲུལ་སྤོང་དང་རྒྱལ་བ་བཟང་པོ་དང༌། དཔའ་བོ་རྡོ་རྗེ་དང་སྡོམ་འབྱུང་འགྲེལ་པ་སོགས་ལས་ཉི་མ་ཡང་མ་བཤད་ལ། ཟླ་བ་གཉིས་པ་ཡང་མ་བཤད་པར། ཟླ་བའི་དཀྱིལ་འཁོར་ཞེས་བཤད་དེ། ཟླ་བ་གཅིག་ཏུ་འདུག་ལ། ཀྵནྟི་ཤྲཱིས་ནི་ཟླ་བ་གཅིག་ཏུ་ཚིག་གིས་ཟིན་པར་བཤད་དོ། །འདི་ལ་ཕྱིས་ཀྱི་བླ་མ་ཁ་ཅིག་གིས། ཟླ་བ་གཅིག་བྱེད་པ་ནི་རྒྱུད་དང་རྣལ་འབྱོར་དབང་ཕྱུག་གི་དགོངས་པ་མིན་ཏེ། སམྦྷུ་ཊ་ལས། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་ཅན། ཞེས་གསུངས་པའི་ཕྱིར་ཟླ་བ་གཉིས་དགོས་སོ། །ཨཱ་ལི་ཀཱ་ལི་ལས་ཟླ་ཉི་སྐྱེད་པ་ནི་རྒྱུད་གཞན་གྱི་


JLD009_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཡིན་ཞེས་ཟེར་རོ། །དེ་ལ་འདི་གང་ལ་བརྟེན་པའི་སྡོམ་འབྱུང་ལས་ནི། པདྨ་ཆུང་ངུ་བཤད་པའི་དེ་མ་ཐག་ཏུ། དེ་དབུས་རྣལ་འབྱོར་བསྒོམ་པར་བྱ། །ཨཱ་ལི་ཀཱ་ལིའི་རྣམ་དག་ལས། །དེ་ཡི་དབུས་སུ་ཡི་གེ་ཧཱུཾ། །རྡོ་རྗེ་སེམས་དཔའི་རང་བཞིན་ཅན། ཞེས་འདིར་བཤད་པ་བཞིན་འབྱུང་བ་མ་གཏོགས་པ་ཟླ་ཉི་གང་ཡང་མི་གསལ་ལོ། །མངོན་བརྗོད་ལས་ཀྱང་ཟླ་བའི་དབུས་སུ་ཧཱུཾ་ཡིག་སྒོམ་པ་བཤད་ཀྱང༌། དབྱངས་གསལ་ལས་ཟླ་ཉི་གཉིས་སམ། ཟླ་བ་གཉིས་སམ། ཟླ་བ་གཅིག་སྒོམ་པ་གསལ་བར་མི་སྣང་ངོ༌། །སམྦྷུ་ཊ་ལས། དབྱངས་ལས་ཟླ་བ་དང་པོ་དང༌། གསལ་བྱེད་ལས་ཟླ་བ་གཉིས་པ་སྐྱེད་པར་བཤད་པ་དེ། བདེ་མཆོག་རྡོར་སེམས་ཀྱི་སྐབས་ཡིན་ཀྱང༌། ཚུལ་དེ། འདིར་ངེས་པར་སྦྱར་དགོས་པ་ལ་སྒྲུབ་བྱེད་མི་སྣང་ངོ༌། །འདིའི་འགྲེལ་པར་ལྭ་བ་པས་ཨཱ་ལི་ཀཱ་ལིའི་སྦྱོར་བ་ཞེས་པ་ནི། ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་གཡོན་སྐོར་དང༌། གཡས་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། དེའི་གཟུགས་བརྙན་ཅན་གྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམས་པར་བྱའོ། ཞེས་པ་དང༌། དེའི་དབུས་སུ་ཞེས་པ་ནི། ཟླ་བའི་དབུས་སུའོ། ཞེས་པ་དང༌། དེ་དག་ཡོངས་སུ་གྱུར་པ་ལས་ཞེས་པ་ནི། ཟླ་བ་དང་ས་བོན་ཡོངས་སུ་གྱུར་པ་ལས་སོ། ཞེས་གསུངས་པའི་སྐབས་ཐམས་ཅད་དུ་ཉི་མ་མ་བཤད་ཅིང༌། ཟླ་བ་གཉིས་ཀྱང་ཚིག་གི་ཟུར་ཙམ་ལ་ཡང་མི་འབྱུང་བས་དེའི་དགོངས་པ་ནི་ཟླ་བ་གཅིག་ཡིན་ལ། པྲཛྙཱ་རཀྵི་ཏའི་འགྲེལ་པར་ཡང་དེ་ཇི་བཞིན་བཤད་དོ། །ཟླ་ཉི་གཉིས་སྐྱེད་པའི་པཎྜི་ཏ་ཆེན་པོ་རྣམས་ཀྱི་བཞེད་པ་ཡང༌། མངོན་བརྗོད་ལ་སོགས་པའི་རྒྱུད་འདི་


JLD009_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་དགོངས་པ་འཆད་པ་ཡིན་གྱི། རྒྱུད་གཞན་ནས་འགེབས་པ་མིན་ནོ། །ཟླ་བ་གཉིས་བྱེད་པ་ན་ཀཱ་ལི་ལས་སྐྱེད་པའི་ཟླ་བ་དམར་པོར་མན་སྙེ་ལས་བཤད་ལ། དེ་ལྟར་བཤད་ཀྱང་ལཱུ་ཨི་པའི་ལུགས་ལྟར་དུ་འཆད་པའི་སྒྲུབ་ཐབས་འཁྲུལ་སྤོང་ལས་ནི། ཨ་བྷྱཱ་ཀ་རས་ཀྱང༌། ཟླ་བ་གཉིས་མ་བཤད་པས་སམྦྷུ་ཊའི་ལུགས་དེ་འདིར་ཁས་མ་བླངས་སྣང་ངོ༌། །འོ་ན་ལུགས་སོ་སོ་བ་དེ་རྣམས་ལ་དོན་ལ་འགལ་བ་ཡོད་དམ་མེད་སྙམ་ན། ཟླ་ཉི་གཉིས་དང་ཟླ་བ་དཀར་དམར་གཉིས་དང༌། ཟླ་བ་གཅིག་བྱེད་ནའང་དཀར་ལ་དམར་བའི་མདངས་ཆགས་པར་དཔའ་བོ་རྡོ་རྗེས་བཤད་པ་ལྟར་བྱེད་ལ། དེ་དག་གི་མཚོན་དོན་ནི་གཞི་ལ་ཕ་མའི་ཁུ་ཁྲག་དཀར་དམར་གྱི་དབུས་སུ་བར་དོ་འཇུག་པ་དང་བསྟུན་པ་ཡིན་ལ། དེ་ལྟར་བྱས་ཏེ་སྒོམ་པའི་དགོས་པ་གལ་ཆེ་ཤོས་ནི། སྔར་བཤད་པ་ལྟར་རྫོགས་རིམ་གྱི་སྐབས་ཀྱི་བྱང་སེམས་དཀར་དམར་གྱི་འདུ་འཕྲོད་ལས། ངེས་དོན་གྱི་ཧེ་རུ་ཀ་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ཡིན་པས། རྟེན་འབྲེལ་ཁྱད་པར་ཅན་དེ་སྒྲིག་པ་ནི་དེ་དག་ཀུན་གྱི་ནུས་པས་འགལ་བ་ཅུང་ཟད་ཀྱང་མེད་པར་སེམས་ཏེ། འོན་ཀྱང་འདིར་ནི་གཙོ་ཆེར་འདིའི་འགྲེལ་པ་ལྭ་བ་པས་མཛད་པ་ལ་བརྟེན་པའོ། །ཟླ་བ་གཉིས་ལ་སོགས་པའི་མངོན་བྱང་ལྔས་སྐྱེད་པ་ཡང་རྒྱུད་གཞན་རྣལ་འབྱོར་རྒྱུད་ལའང་ཡོད་མོད་ཀྱང་ལྷ་ཡབ་ཡུམ་མཉམ་པར་སྦྱོར་བ་མེད་ཅིང༌། སྔར་བཤད་པ་ལྟར་གྱི་ཟླ་ཉི་དང་ཟླ་བ་དཀར་དམར་ལས་བདེ་བ་ཆེན་པོ་མཚོན་པ་མེད་པའི་ཕྱིར། བདེ་ཆེན་མཚོན་པའི་མངོན་བྱང་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཉིས་ཁོ་ནའི་ཁྱད་ཆོས་ཡིན་ཏེ། མན་སྙེ་ལས། ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་


JLD009_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ན་ནི། དེ་ཡོངས་སུ་གསལ་ལོ་ཞེས་བདེ་བ་ཆེན་པོ་འདི་ཉེ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་ཡང་རྒྱུད་གཞན་རྣམས་སུ་ཟླ་བ་ལ་སོགས་པའི་རིམ་པས་རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་གསུངས་ན་ཡང༌། བདེ་བ་ཆེན་པོའི་ཚུལ་ཉིད་དུ་ཉེ་བར་སྟོན་པ་ནི་མ་ཡིན་ནོ། །རྣམ་པ་འདི་ལྟ་བུའི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་ཁོ་ནར་ནི་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པའི་ས་ཡོངས་སུ་གསལ་ཞིང༌། དེའི་རྗེས་སུ་འབྲང་བ་ལས་གཞན་དུ་ཡང་རྟོགས་པར་བྱའི། ལྷན་ཅིག་སྐྱེས་པའི་དབང་མེད་པར་ཉེ་བར་བསྟན་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ཁོ་ནས་སོ། །ལྷན་ཅིག་སྐྱེས་པའི་དབང་ནི་རྣམ་པ་འདི་ལྟ་བུའི་རྒྱུད་རྣམས་ཁོ་ནར་རོ། ཞེས་གསུངས་པ་ལྟར་ཏེ། ལྷན་སྐྱེས་ཀྱི་སྣོད་རུང་དུ་སྒྲུབ་པའི་དབང་བསྐུར་མ་ཐོབ་པར། བདེ་ཆེན་དེ་བསྟན་དུ་མི་རུང་ལ། དེ་འདྲ་བའི་དབང་ཡང་རྒྱུད་གཞན་ལ་མེད་པའི་ཕྱིར་ཞེས་པའོ། །ཚུལ་དེ་ནི་རྒྱུད་ཀྱི་དགོངས་པ་དམ་པ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། ཞེས་མངོན་བྱང་གི་སྐབས་ཀྱི་ཟླ་ཉི་འདུས་པ་ལས། བདེ་བ་ཆེན་པོ་སྐྱེ་བར་གསུངས་པའི་དོན་ནི་སྔར་ལྟར་ཡིན་ལ། དེ་གཉིས་འདུས་པ་ལས་སྐྱེས་པའི་བདེ་ཆེན་ཡང༌། དེ་དག་གི་དབུས་ཀྱི་ས་བོན་གྱིས་མཚོན་པ་ཡིན་ཏེ། དེ་ཉིད་ལས། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །མཆོག་ཏུ་དགའ་བའི་རང་བཞིན་ཅན། ཞེས་གསལ་བར་གསུངས་ལ། ལྭ་བ་པས་ཧེ་རུ་ཀ་ཡང་ལྷན་སྐྱེས་ཀྱི་དགའ་བར་གསུངས་སོ། །


JLD009_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་མཚོན་པ་ཙམ་སྟེ། ཟླ་བ་དཀར་དམར་གཉིས་དང༌། དཀར་ལ་དམར་བའི་མདངས་ཅན་གྱི་ཟླ་བ་གཅིག་ལ་ཡང་དོན་དེ་རྣམས་ཡོད་དོ། །ཤཱནྟི་པས་མངོན་བྱང་གི་སྐབས་ཀྱི་ཐོག་མར་ས་བོན་དང༌། དེ་ནས་དེ་འགྱུར་བའི་ཕྱག་མཚན་དང༌། དེ་ནས་དེ་ལ་མཚན་པའི་ས་བོན་གསུམ་སྦྱོར་བ་དང༌། དངོས་གཞི་དང་རྗེས་ཀྱི་བདེ་བར་ཡང་བཤད་དོ། །དེས་ན་མན་སྙེ་ལས། འདིར་རྒྱུའི་ཡེ་ཤེས་བཞིའི་རང་བཞིན་ཉིད་ལ་ཡང་བདེ་བ་ཆེན་པོ་མོས་པ་བ་ཡོད་པ་ཁོ་ན་སྟེ། དེ་ཉིད་ཀྱི་ཕྱིར་འདི་རྒྱུ་རྡོ་རྗེ་འཛིན་པར་བརྗོད་པར་བྱའོ། །རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་ལ་ཡང་བདེ་བ་ཆེན་པོར་ལྷག་པར་མོས་པ་བ་སྟེ། དེ་ཉིད་ཀྱི་ཕྱིར་ལྷ་མོ་དང་ཡང་དག་པར་སྦྱོར་བ་ཉིད་ཀྱིས། བདེ་བ་ཆེན་པོ་མངོན་པར་བྱང་ཆུབ་པ་ཡོངས་སུ་རྫོགས་པ་ཁོ་ན་ལས་རྡོ་རྗེ་འཛིན་པ་སྐྱེད་པའོ། ཞེས་པས་དེ་ཁོ་ན་དངོས་པོར་ན་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའོ། ཞེས་ཡབ་ཡུམ་མཉམ་པར་སྦྱར་བའམ། དེའི་དོད་ཁམས་དཀར་དམར་མཚོན་པའི་འདུ་འཕྲོད་ལ་བརྟེན་ནས་བདེ་བ་ཆེན་པོ་རྫོགས་པ་ཁོ་ན་ལས། རྡོ་རྗེ་འཛིན་པ་སྐྱེད་པར་བསྟན་པའི་ཚུལ་འདི། ཤེས་རབ་ཅན་གྱིས་ལེགས་པར་ཤེས་ན། རིམ་པ་དང་པོ་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་སྨིན་བྱེད་དུ་འགྲོ་ཚུལ་རྣམས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པས། མཆོག་སྒྲུབ་པ་ལ་བསྐྱེད་རིམ་མི་དགོས་སྙམ་པ་དང༌། ཆོས་འདི་པ་དང་གཞན་པའི་ཏིང་ངེ་འཛིན་ཐུན་མོང་བ་ཙམ་ལ་བླ་མེད་ཀྱི་རྫོགས་རིམ་དམ་པར་འཛིན་པ་དང༌། ཏིང་ངེ་འཛིན་དེ་འདྲས་དྲངས་པའི་བདེ་བ་ལ་ལྷན་སྐྱེས་ཀྱི་བདེ་ཆེན་དུ་འཛིན་པའི་ལོག་རྟོག་རྣམས་ལྷག་མ་མེད་པར་ལྡོག་


JLD009_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གོ །དེ་ལྟར་བཤད་པས་མཚོན་ནས་སྤྱིར་སྟོང་པ་འོད་གསལ་དུ་ཞུགས་པའི་ངང་ནས། ལྷའི་སྐུར་ལྡང་བ་དང་ཁྱད་པར་དུ་བར་དོ་མཚོན་པའི་ཡི་གེ་སོགས་སུ་ལྡང་བ་ཡང༌། ལྷ་དང་སྔགས་དབྱེར་མེད་ཡིན་པས་དེ་རྣམས་སྒོམ་པ་ཡང༌། རྫོགས་རིམ་པའི་སྣང་ཕྱོགས་ཀྱི་ཏིང་ངེ་འཛིན་སྒྱུ་མའི་སྐུའི་རྟོགས་པ་སྐྱེ་བའི་སྨིན་བྱེད་དུ་ཤེས་པར་བྱའོ། །གཉིས་པ་ནི། གལ་ཏེ་རིམ་པ་དང་པོའི་དཀྱིལ་འཁོར་གྱི་སྐབས་སུ་ཡབ་ཡུམ་མཉམ་པར་སྦྱོར་བ་སྒོམ་པ་དེ། རྫོགས་རིམ་པའི་བདེ་ཆེན་གྱི་རྟོགས་པ་སྐྱེ་བའི་སྨིན་བྱེད་ཡིན་ན། རྗེ་བཙུན་མ་ཕག་མོ་དང་བདག་མེད་མ་སོགས་ཀྱིས་གཙོ་བོ་བྱས་ནས་སྒོམ་པ་ལ་མཆོག་སྒྲུབ་པའི་བསྐྱེད་རིམ་གྱི་གནད་མ་ཚང་བར་འགྱུར་རོ་སྙན་ན། དེའི་དོགས་པ་ནི་རྣམ་དཔྱོད་ཅན་ལ་སྐྱེ་བ་བདེན་ཡང་སྐྱོན་དེ་ནི་མེད་དེ། འདིའི་དོགས་གཅོད་བཅོམ་ལྡན་འདས་ཉིད་ཀྱིས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་ཏེ། ཀྱཻ་རྡོ་རྗེ་ལས། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། ཞེས་ལམ་འདིས་ཕྱག་རྒྱ་མ་ལ་བརྟེན་ནས་དངོས་གྲུབ་འགྲུབ་པར་བཤད་པ་ལ། དེ་ལྟ་ན་བདག་མེད་མ་གཙོ་བོར་བྱས་པའི་རྣལ་འབྱོར་གྱིས་ཕྱག་རྒྱའི་དངོས་གྲུབ་མི་འཐོབ་སྟེ། རིག་མ་སྒོམ་པ་མེད་པར་ཕྱག་རྒྱའི་དངོས་གྲུབ་མི་འགྲུབ་པའི་ཕྱིར་དང༌། རང་གི་ཕྱག་རྒྱ་མ་གཞན་ཞིག་སྒོམ་ན། ཕྱག་རྒྱ་མ་གཉིས་སྦྱར་བར་བདེ་ཆེན་མི་སྐྱེ་བའི་ཕྱིར་རོ། །དེས་ན་དེ་འདྲ་བ་དེས་ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་ཐོབ་པར་འགྱུར། ཞེས་ཞུས་པའི་ལན་དུ།


JLD009_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ནུ་མ་སྤངས་པ་པོ་ལར་འགྱུར། །ཀཀྐོ་ལ་དབུས་ཡང་དག་གནས། །འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། །ཟེའུ་འབྲུ་བོ་ལ་ཅན་དུ་འགྱུར། །ལྷག་མ་བདག་ཉིད་ཆེན་པོ་ཉིད། །དགའ་ཆེན་ཧེ་རུ་ཀ་ཡི་གཟུགས། ཞེས་སོ། །དེ་འདྲ་བ་དེ་ལ་ནི། བུད་མེད་དེ་ལྷ་མོའི་གཟུགས་སུ་སྒོམ་པ་སྤངས་ནས། དེ་ལས་གཞན་བཅོམ་ལྡན་འདས་ཏེ་ལྷ་ཡབ་ཀྱི་གཟུགས་སུ་བསྒོམ་པར་བྱ་བར་གསུངས་སོ། །དེས་ན་ནུ་མ་སྤངས་ནས་བོ་ལ་དང༌། ཀཀྐོ་ལའི་འགྲམ་གཉིས་དྲིལ་བུ་སྟེ་འབྲས་བུར་འགྱུར་ཞེས་པ་ནི་རྟེན་དེའི་སྟེང་ནས་དོན་ལ་དེ་ལྟར་གྱུར་པ་མིན་གྱི། དམིགས་པས་དེ་དག་མི་མངོན་པར་བྱས་ནས་རྡོ་རྗེ་སོགས་སུ་སྐྱེད་པའོ། །འདི་ཡང་མཆོད་པ་སོགས་ཀྱི་སྐབས་སུ་ཡབ་ཡུམ་མཉམ་པར་སྦྱོར་བ་བསྒོམས་ནས་ལྷན་སྐྱེས་འདྲེན་དགོས་པའི་སྐབས་སུ་བྱེད་ཀྱི། དེ་ལས་གཞན་པའི་སྐབས་སུ་ནི་ལྷ་མོ་ཉིད་དུ་སྒོམ་པ་ཡིན་ནོ། །ཤཱནྟི་པའི་འགྲེལ་པ་ལས། བུད་མེད་ནི་བདག་མེད་མའོ། ཞེས་བུད་མེད་ཀྱི་གཟུགས་སྤངས་པ་བདག་མེད་མར་བསྒོམས་པའི་གཟུགས་ལ་བཤད་པས། རྟེན་བུད་མེད་ཀྱིས་སྒོམ་པའི་དབང་དུ་བྱས་ནས། བུད་མེད་ཀྱི་གཟུགས་དོན་ལ་སྤངས་པར་ཁ་ཅིག་འཆད་པ་ལྟར་ནི་མིན་ཏེ། ཡིན་ན་ནི་ཧེ་རུ་ཀའི་གཟུགས་སུ་ཡང་དོན་ལ་སོང་པར་འདོད་དགོས་པས། དེ་ནས་སྤྱོད་པ་བྱེད་པར་འདོད་པ་མི་རིགས་པའི་ཕྱིར་དང༌། སྐྱེས་པས་བདག་མེད་མའི་རྣལ་འབྱོར་སྒོམ་པ་ལ་ཡང་དོགས་པ་དེ་གཅད་དགོས་པས་མི་འགྲིག་པའི་ཕྱིར་རོ། །བྷཱ་བ་བྷ་དྲས་ཀྱང༌། བདག་ཉིད་སྐད་ཅིག་ཙམ་གྱིས་འདི་


JLD009_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་སྐྱེས་བུར་བསྒོམས་ནས་སྙོམས་པར་འཇུག་པ་ལས། ལྷན་ཅིག་སྐྱེས་པ་མཚོན་པའམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་པའོ། ཞེས་དམིགས་པས་སྒྱུར་བ་གསལ་བར་བཤད་ཅིང༌། ཡང་ན་བདག་མེད་མའི་རྣལ་འབྱོར་པས་སྤྱོད་པ་མ་བྱས་ཀྱང་བདག་མེད་མར་སྒོམ་པ་འབའ་ཞིག་གིས་འགྲུབ། ཅེས་བཤད་ཡམས་གཉིས་བྱས་པའི་ཕྱི་མ་ལྟར་ན་རྒྱུད་ལས། བུད་མེད་ཀྱི་རྟགས་སྒྱུར་བར་གསུངས་པ་དང་མི་འགྲིག་པས་སྒྱུར་དགོས་ལ། དེ་ཡང་སྤྱོད་པའི་དུས་ཁོ་ན་མིན་གྱི། བསྐྱེད་རིམ་ཐུན་བཞིར་སྒོམ་པའི་དུས་ནས་དགོས་སོ། །ཀྱཻ་རྡོར་གྱི་འགྲེལ་པ་ཁུངས་ཐུབ་རྣམས་ཀྱིས་ཀྱང་དོན་ལ་སྒྱུར་བར་བཤད་པ་མི་སྣང་ངོ༌། །ནག་པོ་དམ་ཚིག་རྡོ་རྗེས་བྱས་ཟེར་བའི་འགྲེལ་པ་སྦྱོར་ཕྲེང་དུ་ཤཱནྟི་པ་བཞིན་བཤད་ལ། དེས་བྱས་ཟེར་བའི་དྲན་པའི་འབྱུང་གནས་སུ་ནི་གཟུགས་དོན་ལ་བརྗེ་བར་ཡང་བཤད་མོད་ཀྱང་ཡིད་བརྟན་མི་སྣང་ངོ༌། །མངོན་བརྗོད་ལས། དེ་ཉིད་པདྨའི་དབུས་དག་ཏུ། །ཧེ་རུ་ཀ་ནི་མཆོག་ཉིད་བསྒོམ། །ཐོད་པ་ལྷན་ཅིག་མཉམ་པར་ནི། །ལྔ་ཡི་དབྱེ་བ་དག་སྦྱོར་ཏེ། །རྣལ་འབྱོར་མ་ཡི་རིམ་པ་བསྒོམ། ཞེས་དང༌། རང་རང་གི་ནི་རྣལ་འབྱོར་མ། །སྙིང་དུ་སྦས་པ་རྣམ་པར་བསྒོམ། ཞེས་ཧེ་རུ་ཀ་རིགས་ལྔས་གཙོ་བོ་བྱེད་པ་བཞིན་དུ། རྣལ་འབྱོར་མ་རིགས་ལྔས་ཀྱང་གཙོ་བོ་བྱེད་པ་དང༌། སྔ་མ་ལྔས་གཙོ་བོ་བྱེད་པ་ན། རང་རང་གི་རིགས་ཀྱི་ཡུམ་རང་གི་སྙིང་ཁར་སྦེད་པར་གསུངས་ལ། འདིའི་འགྲེལ་པ་ལས་ཀྱང༌། ཡབ་ལྔས་ཡུམ་ལྔ་སྙིང་ཁར་སྦེད་པ་བཞིན་དུ། རྣལ་འབྱོར་མ་ལྔས་ཀྱང་རང་གི་སྙིང་ཁར་དཔའ་བོ་ལྔ་སྦེད་པར་བཤད་པ་ལྟར་ན།


JLD009_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་འཇུག་དགོས་པའི་དུས་སུ། སྙིང་ཁ་ནས་ཡབ་དང་ཡུམ་བཏོན་ནས། དེ་དང་མཉམ་པར་སྦྱར་བ་ལས་བདེ་ཆེན་འདྲེན་པ་འདྲ་བ་ཞིག་སྣང་ནའང༌། མངོན་བརྗོད་ཁ་ཅིག་ལས། རང་རང་གི་ནི་རྣལ་འབྱོར་མ། །སྙིར་ཁར་འཁྱུད་པ་རྣམ་པར་བསྒོམ། ཞེས་ཀྱང་འབྱུང་བས་སྔ་མ་ལ་ངེས་པ་ཐོབ་དཀའ་པར་སྣང་ངོ༌། །དེས་ན་ཀྱཻ་རྡོར་ནས་བཤད་པའི་རིགས་པ་ཕག་མོས་གཙོ་བོ་བྱས་པ་ལའང་སྦྱར་ན་འཐད་དམ་སྙམ་སྟེ་དཔྱད་དོ། །དེས་ནི་དཀྱིལ་འཁོར་གྱི་གཙོ་བོའི་ལྷ་ཕོ་ཡུམ་མ་བཤད་པ་རྣམས་ཀྱི་དོགས་གཅོད་ཀྱང་ཤེས་པར་བྱའོ། །གསུམ་པ་ནི། དེ་ལྟར་ན་དོགས་གཅོད་སྔར་ལྟར་མཛད་པ་ནི། བསྐྱེད་རིམ་ཐུན་བཞིར་སྒོམ་པ་འདི་ལ། རྫོགས་རིམ་པའི་བེད་ཆེན་སྐྱེ་བའི་སྨིན་བྱེད་ཅིག་གལ་ཆེ་བར་གཟིགས་ནས་ཡིན་ནོ། །དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ན། དེ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་རྣམ་རོལ་དུ་ཤར་བར་སྒོམ་པ་གལ་ཆེ་བས། དཔལ་ཡན་ལག་མེད་པའི་རྡོ་རྗེས། དཀྱིལ་འཁོར་མ་ལུས་པ་རྣམ་པར་མི་རྟོག་པ་བདེ་བའི་རང་བཞིན་དུ་བལྟ་བར་བྱའོ། ཞེས་དང༌། མན་སྙེར་ཡང༌། སེམས་ཀྱི་རྣམ་འཕྲུལ་ལོ་ཞེས་པ་འདིས། འདི་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོར་མོས་པ་ཁོ་ན་བྱའོ། ཞེས་གསལ་བར་བྱེད་དེ། གང་གི་ཕྱིར་འདི་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པ། རིགས་ལྔ་རྣམས་སུ་འདུས་ཤིང༌། དེ་རྣམས་ཀྱང་རྡོ་རྗེ་འཛིན་པ་བྱང་ཆུབ་སེམས་ཀྱི་བདག་ཉིད་གཅིག་པུ་ཁོ་ནའོ། ཞེས་ལྷའི་རྣལ་འབྱོར་དང་བཟླས་པ་སོགས་ཀྱི་ཆོ་གའི་རིམ་པ་ཐམས་ཅད། བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་མོས་ནས་ངེས་པར་བྱ་དགོས་པར་གསུངས་པ་ལྟར་བྱའོ། །དེ་ཡང་རིམ་པ་


JLD009_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སྒོམ་པའི་སྐབས་མང་པོར་ཡང༌། དང་པོར་ལྟ་བ་དྲན་པར་བྱ། དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་དམིགས་ནས་སྐྱེས་པའི་ཞུ་བདེ་ཆུང་ངུ་ཡན་ཆད་དྲན་པར་བྱས་ལ་བདེ་སྟོང་དབྱེར་མེད་དུ་སྦྱར། དེ་ནས་ལྷ་དང་སྔགས་ལ་སོགས་པ་ཐམས་ཅད་དེའི་རྣམ་འགྱུར་ཡིན་པའི་མོས་པ་བརྟན་པོ་ཡང་ཡང་བསྐྱེད་ལ་བྱ་བ་ནི། རིམ་པ་དང་པོས་རྒྱུད་སྨིན་པའི་ཐབས་དམ་པར་ཟུངས་ཤིག །བཞི་པ་ནི། མངོན་བྱང་གི་སྐབས་ཀྱི་དབྱངས་གསལ་ལ་རྒྱ་གཞུང་རྣམས་ལས་ཉིས་འགྱུར་དུ་མ་བྱས་པ་མང་ཞིང༌། ཇོ་བོ་ཆེན་པོའི་འགྲེལ་པ་དང༌། དཔའ་བོ་རྡོ་རྗེས་བྱས་ཟེར་བའི་འགྲེལ་པ་ལས་ཀྱང༌། ཨཱ་ལི་བཅུ་དྲུག་དང་ཀཱ་ལི་སོ་བཞིར་བཤད་ལ། འགྲེལ་པ་གཞན་གསུམ་ལས། ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་གཡོན་སྐོར་དང་གཡས་སྐོར་དུ་གནས་པ་ཞེས་པ་ཙམ་ལས། ཉིས་འགྱུར་བྱེད་མི་བྱེད་མི་གསལ་ཡང༌། མངོན་བརྗོད་ལས་ཨཱ་ལི་ཀཱ་ལི་ལུགས་འབྱུང་དང༌། ལུགས་བཟློག་གི་ཚུལ་དུ་ཉིས་ལྡབ་ཏུ་བྱས་ལ། ཞེས་གསུངས་པ་ལྟར་སྒྲུབ་ཐབས་གཙུག་ནོར་ལས་ཀྱང་གསུངས་པས། དབྱངས་གསལ་གཉིས་སོ་སོར་ཉིས་འགྱུར་དུ་བྱའོ། །གསལ་བྱེད་སོ་བཞི་ལ་ཡི་གེ་ལྷག་པོ་དྲུག་སྣོན་ལུགས་མང་དུ་ཡོད་ཀྱང༌། སྒྲུབ་ཐབས་གཙུག་ནོར་ལས། ཌ་ཌྷ་ད་དྷ་ཡ་ལ་དྲུག་བསྣན་པ་ལྟར་རམ། མན་སྙེ་ལས་ཌ་ཌྷ་ཡ་ར་ལ་ཝ་དྲུག་བསྣན་པ་ལྟར་བྱའོ། །ཀུ་མཱ་ར་བོ་དྷིའི་འགྲེལ་པ་ལས། དབྱངས་ཕྲག་གཉིས་ཀ་གཡོན་དང༌། གསལ་བྱེད་ཕྲག་གཉིས་ཀ་གཡས་སྐོར་དུ་བཤད་ཀྱང༌། མངོན་བརྗོད་ཀྱི་དགོངས་པ་ནི་དབྱངས་ཕྲག་གཉིས་ཀྱི་གཅིག་


JLD009_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང༌། གཅིག་གཡས་སྐོར་དུ་བྱེད་པར་མངོན་ཏེ། གསལ་བྱེད་ལ་ཡང་ངོ༌། །འོན་ཀྱང་དེ་གཉིས་ཀའང་སྐོར་ཐེབས་རེ་རེ་བྱའོ། །ཁ་དོག་ནི་མར་དོས་དབྱངས་དཀར་པོ་དང༌། གསལ་བྱེད་དམར་པོ་དང༌། སྐོར་ལུགས་ནི་དང་པོ་ནང་དང་གཉིས་པ་ཕྱི་ནས་བསྐོར་བར་བཞེད་དེ། དཔལ་འབྲས་རྡོ་རྗེ་དང་མཐུན། སྨན་ཞབས་ཀྱིས་དབྱངས་འོག་དང་གསལ་བྱེད་སྟེང་དུ་དགོད་པར་བཞེད་དོ། །དབྱངས་གསལ་གྱི་ཚར་རེ་རེ་ལ་ཉིས་འགྱུར་དུ་བྱེད་པའི་རྒྱུ་མཚན་གཞན་གྱིས་གསལ་བར་མ་བཤད་ལ། མན་སྙེར་ནི་ཨཱ་ལིའི་མཚོན་དོན་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ལ་ལུས་ཀྱི་གནས་སོ་སོའི་དབྱེ་བས་བཅུ་དྲུག་ཡོད་ལ། དེ་རེ་རེ་ལ་ཐབས་དང་ཤེས་རབ་གཉིས་གཉིས་ཡོད་དེ། ཀྱཻ་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །དེ་ཡི་བདེ་བ་འདོད་མར་བཤད། ཅེས་གསུངས་པའི་ཕྱིར་རོ་ཞེས་འཆད་དོ། །ལུས་ཀྱི་གནས་ཀྱི་དབྱེ་བས་འབྱེད་ཚུལ་ནི་མན་སྙེར་རྒྱུད་གཞན་ཅིག་དྲངས་ལ། བདེ་མཆོག་གི་རྒྱུད་ནས་གསུངས་པ་ནི། སྡོམ་འབྱུང་ལས། དེ་ལས་གཞན་ཡང་ཐིག་ལེའི་གཟུགས། །འཕོ་བ་ཡང་དག་བཤད་པར་བྱ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཟླ་བ་རྫོགས་པའི་བར། །དཀར་པོའི་ཚེས་གཅིག་ལ་ཨ་ཡིག །རྐང་པའི་སོར་མོར་ཡི་གེ་ལ། །གཉིས་པ་བྱིན་པར་ཨཱ་ཡིག་སྟེ། །གསུམ་པར་བརླ་ལ་ཨི་ཡིག་གོ །སྐྱེ་གནས་བཞི་པ་ཨཱི་ཡིག་ཡིན། །ལྟེ་བར་ལྔ་པ་ཨུ་ཡིག་སྟེ། །སྙིང་ཁར་དྲུག་པ་ཨཱུ་ཡིག་གོ །ནུ་མར་བདུན་པ་རྀ་ཡིག་དང་། །མགྲིན་པར་བརྒྱད་པ་རཱྀ་ཡིག་སྟེ། །ལག་མཐིལ་དགུ་པར་ལྀ་ཡིག་གོ །མཁུར་ཚོས་


JLD009_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པར་ལཱྀ་ཡིག་ཡིན། །མིག་དང་བཅུ་གཅིག་པ་ཨེ་ཡིག །རྣ་བར་བཅུ་གཉིས་པ་ཨཻ་ཡིག །དཔྲལ་བར་བཅུ་གསུམ་པ་ཨོ་ཡིག །སྤྱི་བོར་བཅུ་བཞི་པ་ཨཽ་ཡིག །ཆང་གི་གཡོན་དང་གཡས་སུ་ཉ། །ཨཾ་ཨཿ ཡི་གེའི་རང་བཞིན་ནོ། །ནག་པོའི་ཚེས་གཅིག་ནས་བརྩམས་ཏེ། །ཇི་སྲིད་གནམ་སྟོང་དེ་སྲིད་ལ། །འཕོ་བ་དེ་ཉིད་བཞིན་དུ་འགྱུར། ཞེས་གསུངས་ལ། སྡོམ་འབྱུང་འགྲེལ་པ་ལས། གཡོན་པ་ཞེས་པ་དཀར་པོའི་ཕྱོགས་ལ་མཐེ་བོང་ནས་སྤྱི་བོར་ལུས་ཀྱི་གཡོན་ལ་བརྟེན་ནས་འཛེག་པར་བྱེད་ཅིང༌། ནག་པོའི་ཕྱོགས་ལ་ནི་སྤྱི་བོ་ནས་མཐེ་བོང་དུ་ལུས་ཀྱི་གཡས་ལ་བརྟེན་ནས་འབབ་པར་བྱེད་དེ། ཞེས་བཤད་དེ་ཡར་ངོ་ལ་རྐང་པ་གཡོན་པའི་མཐེ་བོང་ནས་བརྩམས་ཏེ་སྤྱི་གཙུག་གི་བར་དུ་སྟེང་དུ་འཇོག་པ་དང༌། མར་ངོ་ལ་སྤྱི་གཙུག་ནས་བརྩམས་ཏེ་རྐང་པ་གཡས་པའི་མཐེ་བོང་གི་བར་དུ་འོག་ཏུ་བྱང་སེམས་འབབ་པའོ། །འགྱུར་རྙིང་ལས། ཇི་སྲིད་ཉ་ཡི་བར་དུ་སྟེ། །ཡར་ངོ་ཡི་ནི་ཚེས་གཅིག་ལ། །རྐང་པའི་སོར་མོར་ཡི་གེ་ཨ། ཞེས་དང༌། ཉ་ལ་སྤྱི་གཙུག་གཡས་གཡོན་དུ། ཞེས་འབྱུང་ངོ། །མར་ངོའི་གནམ་གང་གི་གནས་གཉིས་ནི་མཐེ་བོང་གི་ངོས་གཉིས་སུ་བྱེད་དགོས་སམ་བརྟག་གོ །གསལ་བྱེད་བརྒྱད་ཅུར་བྱེད་པའི་རྒྱུ་མཚན་ཡང་གསུངས་ཏེ། ཀཱ་ལི་རྣམས་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔར་བསྡུས་ནས། དེ་རེ་རེ་ལ་བཞི་བཞིར་དབྱེ་སྟེ་སྡོམ་འབྱུང་ལས། གང་དུ་གཅིག་ནི་གནས་པ་དེར། །བཞི་པོ་དེ་ཀུན་ཉེ་བར་གནས། ཞེས་གསུངས་པའི་ཕྱིར་དང༌། ཀྱཻ་རྡོར་ལས་དགའ་བ་ནམ་མཁའི་ཁམས་སུ་བཤད་ལ། དེ་ལ་དགའ་བ་བཞི་ཡོད་


JLD009_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཞི་ལྔ་ཉི་ཤུའོ། །ཁམས་ཉི་ཤུ་པོ་རེ་རེ་ཡང་རཀྟའི་རྡུལ་རེ་དང་ལྡན་པས་དེ་དང་བཅས་པ་བཞི་བཅུའོ། །དེ་ལ་ཤེས་རབ་སྟོང་པ་དང༌། ཐབས་བདེ་བ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཅུ་སྟེ། ཀཱ་ལིས་མཚོན་པའི་དོན་རྡུལ་ཡིན་ལ། དེའི་ཁམས་ལྔ་དང་རྡུལ་གྱི་ཆ་སོ་སོར་བརྩིས་ཤིང༌། འབྱུང་བ་དང་རྡུལ་ཡིན་པའི་ཚུལ་གྱིས་དགའ་བ་བཞི་ལ་སོགས་པར་མི་འབྱེད་ཀྱང༌། དེ་དག་དང་བཅས་པའི་དབང་དུ་བྱས་པའོ། །གསལ་བྱེད་རྣམས་ཁམས་ལྔར་སྡུད་ལུགས་ནི། ཀ་ང་ཉ་ཎ་ན་མ་ཧ་ཀྵ་རྣམས་ནམ་མཁའི་གསལ་བྱེད་དོ། །གྷ་ཛྷ་ཌྷ་ཌྷ་དྷ་བྷ་ཡ་ཡ་ཤ་རྣམས་རླུང་གིའོ། །ག་ཛ་ཌ་ཌ་ད་པ་ར་ར་ཥ་རྣམས་མེའི་འོ། །ཁ་ཚ་ཋ་ཋ་ཕ་ཝ་ཝ་རྣམས་ཆུའི་འོ། །ཙ་ཊ་ཏ་པ་ལ་ལ་ས་རྣམས་སའི་གསལ་བྱེད་ཀྱི་ཡི་གེ་སྟེ། མན་སྙེའི་ལུགས་སོ། །ཚུལ་འདི་ཟླ་ཉི་གཉིས་དང་ཟླ་བ་དཀར་དམར་གཉིས་བྱེད་པ་ལ་འཆད་པར་མ་ཟད། ཟླ་བ་དཀར་ལ་དམར་པའི་མདངས་ཅན་གཅིག་བྱེད་པ་ལ་ཡང་དེས་མཚོན་པའི་ཁུ་རྡུལ་ཡོད་ཅིང༌། ཡི་གེ་ཡང་སོ་གཉིས་དང་བརྒྱད་ཅུར་བྱེད་པས་འདི་ལ་ཡང་ཤེས་པར་བྱའོ། །གཉིས་པ་ལ་བཞི། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའོ། །དང་པོ་ནི། སྣ་ཚོགས་པདྨ་ཆུང་ངུ་དེའི་དབུས་སུ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ འི་བར་བཅུ་དྲུག་གཡས་སྐོར་དང༌། སླར་ཡང་བཅུ་དྲུག་གཡོན་སྐོར་དུ་རིམ་པ་གཅིག་གིས་དགོད་དེ་ཁ་དོག་དཀར་པོའོ། །དེའི་ཕྱི་རོལ་དུ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌ་ཌྷ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཡ་ར་ར་ལ་ལ་ཝ་ཝ། ཤ་ཥ་ས་ཧ་ཀྵའི་བར་བཞི་བཅུ་གཡས་སྐོར་དང༌། སླར་ཡང་བཞི་བཅུ་


JLD009_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་སྐོར་དུ་རིམ་པ་གཅིག་གིས་དགོད་དེ། ཁ་དོག་དམར་པོའོ། །དེ་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དཀར་ལ་དམར་བའི་མདངས་ཅན་ལ། དབྱངས་གསལ་སོ་གཉིས་དང་བརྒྱད་ཅུ་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བ་བསམ་པ་ནི་སྦྱོར་བ་སྟེ་རྣལ་འབྱོར་རོ། །ཡོ་ག་ཞེས་པ་སྦྱོར་བ་ལ་ཡང་འཇུག་མོད་ཀྱང༌། སྐབས་འདིར་ནི་རྣལ་འབྱོར་ལ་བསྒྱུར་ན་ལེགས་ཏེ། རྣལ་འབྱོར་བཞིའི་རྣལ་འབྱོར་དང་པོའི་སྐབས་ཡིན་པས་སོ། །ལྭ་བ་པས་བཅུ་གསུམ་མའི་སྒྲུབ་ཐབས་ལས། ཀཱ་ལི་ལས་ཉི་མ་སྐྱེད་པ་བཤད་ཀྱང༌། འདིའི་འགྲེལ་པར་དབྱངས་གསལ་གཉིས་ཀས་ཟླ་བ་སྐྱེད་པར་བཤད་པའི་ལུགས་སོ། །དབྱངས་གསལ་ལས་སྐྱེད་པའི་ཟླ་བ་ལ་སླར་ཡང་དབྱངས་གསལ་གཟུགས་བརྙན་ཤར་བ་བཞིན། འགོད་པ་འགྲེལ་པ་གསུམ་གའི་ལུགས་ཡིན་ལ། ཁ་དོག་ནི་དེ་གསུམ་ལས་གསལ་བར་མ་བཤད་ཅིང་ཁ་ཅིག་གིས་དཀར་པོ་རྐྱང་པ་དང༌། ཁ་ཅིག་གིས་དམར་པོ་རྐྱང་པར་བཤད་ཀྱང༌། དཔའ་བོ་རྡོ་རྗེས་རྩ་རྒྱུད་ཀྱི་འགྲེལ་པར་དེ་ལ་བཀོད་པའི་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས། དཀར་ཞིང་དམར་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ། ཞེས་འབྱུང་བ་ལྟར་དཀར་དམར་གཉིས་ཀ་ཚོགས་པ་དགོས་ཏེ། སྦྱང་གཞི་དང་ལམ་གྱི་གནད་ཀྱིས་སོ། །མངོན་བྱང་ལྔ་ཡེ་ཤེས་ལྔ་དང་སོ་སོར་སྦྱོར་བ་འདིའི་འགྲེལ་པ་གསུམ་ནས་མི་གསལ་ཡང༌། ཟླ་བའི་ཁ་དོག་དཀར་པོའི་ཆ་དང་ཨཱ་ལི་ནི་མེ་ལོང་ལྟ་བུ་དང༌། ཟླ་བའི་ཁ་དོག་དམར་པོའི་ཆ་དང་ཀཱ་ལི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རིམ་པ་བཞིན་མཚན་སོ་གཉིས་དང་དཔེ་བྱད་


JLD009_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུའི་ངོ་བོར་མོས་པ་ཡང་གཞུང་གཞན་ནས་བཤད་དོ། །རྣལ་འབྱོར་དུ་གསུངས་པའི་དོན་ལ་མང་དུ་ཡོད་ཀྱང༌། འདིར་ཨཱ་ལི་ཀཱ་ལི་གཉིས་ཟླ་བ་གཅིག་གི་ངོ་བོར་སྦྱོར་བ་དང༌། ཟླ་བ་གཅིག་ཉིད་ཡེ་ཤེས་གཉིས་ཀྱི་ངོ་བོར་སྦྱོར་བའི་དོན་དུ་བྱའོ། །གཉིས་པ་ནི། དེ་ནས་ཟླ་བ་དེའི་དབུས་སུ་སྔར་ནམ་མཁར་བཞག་པའི་ནཱ་ད་བབས་པ་ནི་བར་དོ་ཕ་མའི་ཁུ་ཁྲག་གི་དབུས་སུ་འཇུག་པ་དང་བསྟུན་པ་ཡིན་ལ། དེ་ཡང་སྡོམ་འབྱུང་ལས། ཨཱ་ལི་ཀཱ་ལི་ཞུ་བྱས་པའི། །ཁུ་ཁྲག་དེ་དག་གི་དབུས་སུ། །ཐིག་ལེའི་གཟུགས་ཀྱིས་གནས་པར་འགྱུར། ཞེས་བར་དོ་མངལ་དུ་འཇུག་ཚུལ་དེ་ལྟར་བཤད་ལ། དེ་ནི་འདིར་སླར་ཡང་ཟླ་བ་ལ་ཨཱ་ལི་ཀཱ་ལིའི་ཕྲེང་བས་བསྐོར་བའི་དབུས་སུ་ནཱ་ད་འཇུག་པ་དང་མཐུན་ཚབས་ཆེ་ཞིང་རྣམ་པ་གསལ་ལོ། །ནཱ་ད་ནམ་མཁར་བཞག་པ་ནས་ཟླ་བ་ལ་ཞུགས་པའི་ཐོག་མའི་བར་ནི་བར་སྲིད་ཀྱི་སྐབས་དང་སྦྱར་རོ། །རྒྱུའི་རྡོར་འཛིན་ཡབ་ཡུམ་གྱི་ལྷའི་རྣམ་པར་མི་སྐྱེད་པའི་ཕྱོགས་ལ། བར་དོ་ཁུ་ཁྲག་གི་དབུས་སུ་འཇུག་ཚུལ་དེ་ལྟར་བྱ། ཡང་ཁུངས་ཐུབ་ཀྱི་གཞུང་འགའ་ཞིག་ནས། ནམ་མཁའ་ནས་བབས་པ་མེད་པར་ཟླ་ཉི་གཉིས་དང༌། ཟླ་བ་གཉིས་ཀྱི་བར་རམ། དེ་གཉིས་ཀྱི་སྟེང་དང༌། ཟླ་བ་གཅིག་གི་སྟེང་དུ་ཧཱུཾ་ཡིག་སྐྱེད་པ་ལྟར་ན། རིམ་གྱིས་རྫོགས་པར་བྱེད་ན་ནཱ་ད་དེའི་དུས་སུ་བར་དོ་ཞུགས་པའི་དོད་དང༌། ཅིག་ཅར་དུ་རྫོགས་པར་བྱེད་ན་ཧཱུཾ་ཡིག་དེར་གྲུབ་པའི་དུས་ཉིད་ན་བར་དོ་ཞུགས་པའི་སྐབས་དང་སྦྱར་རོ། །བར་དོ་མཚོན་པའི་ཡེ་གེ་ཧོཿ ཡིག་དམར་པོ་གཉིས་ཀྱི་བར་དུ་འཛུད་པ་ནི་བར་དོའི་ཆགས་པ་ཤས་ཆེ་བས་བསྒྲིབས་པ་མཚོན་པའི་དོན་དུ་བཞེད་པ་དང༌། ཕ་མ་ལས་བྱུང་བའི་


JLD009_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཀྱི་རང་བཞིན་གྱི་བདེ་བའི་ཆགས་པ་མཚོན་པའི་དོན་དུ་བཞེད་པའི་ལུགས་གཉིས་མན་སྙེར་བཀོད་དོ། །རྒྱུ་རྡོ་རྗེ་འཛིན་པའི་ལྷ་ཡབ་ཡུམ་ཡོད་པའི་ཕྱོགས་ལ། ནམ་མཁའ་ནས་བར་སྲིད་མཚོན་པའི་ཡི་གེའི་འཇུག་ཚུལ་ནི། མན་སྙེ་ལས། དེ་ཉིད་ཀྱི་ཕྱིར་འདི་ལ་དགོངས་ནས་ལྷ་འགའ་ཞིག་ལ་གསེར་གྱི་སྒོ་ནས་དྲི་ཟའི་སེམས་ཅན་འཇུག་པ་དང༌། འགའ་ཞིག་ལ་ཁ་ནས་དང༌། འགའ་ཞིག་ལ་རྣམ་པ་གཞན་དུའོ། ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་རྣམས་སུ་རྟོགས་པར་མཛད་དོ། ཞེས་གསུངས་ཏེ། གསེར་གྱི་སྒོ་ནི་སྤྱི་གཙུག་སྟེ་རྣམ་གཞག་རིམ་པ་ལས་རྣམ་སྣང་གི་སྒོ་ནས་བར་སྲིད་འཇུག་པར་བཤད་པ་དང་དོན་གཅིག་གོ །རྣམ་པ་གཞན་དུའོ་ཞེས་པ་ནི་མངོན་པ་ནས་མངལ་སྒོ་ནས་འཇུག་པའི་བཤད་པ་ཡིན་ཏེ། འཇུག་པའི་སྒོ་གསུམ་མོ། །དེ་དག་ནས་འཇུག་པའི་རྒྱུ་ཡང་མཆུའི་སྦྲང་རྩི་འཇིབ་པར་འདོད་ནས་ཁ་དང༌། སྐྲ་ནས་འཛིན་པ་སོགས་བྱེད་འདོད་ནས་རྣམ་སྣང་གི་སྒོ་ནས་དང་དེ་ཡང་སྐྱེས་པ་ལ་ཆགས་ནས་བྱེད་ན་ཕའི་དང༌། བུད་མེད་ལ་ཆགས་ནས་བྱེད་ན་མའི་སྒོ་དེ་དག་ཏུ་འཇུག་པ་དང༌། ཁ་ཅིག་ནི་མའི་ཁོ་ནར་འདོད་པའི་ལུགས་གཉིས་དང༌། མཐར་སྐྱེ་གནས་ནས་འཇུག་པ་འདྲ་བར། མན་སྙེ་ལས་གསུངས་སོ། །རྒྱུད་རྡོར་ཕྲེང་དང་ཕྱག་ཆེན་ཐིག་ལེ་ལས་ཕའི་ཁ་ནས་འཇུག་པར་བཤད་ཅིང༌། སྡོམ་འབྱུང་གི་དགོངས་པ་ཡང་དེ་ལྟར་བཀྲལ་ལོ། །བར་སྲིད་འཇུག་ལུགས་སྣ་ཚོགས་ཤིག་ཡོད་པས་གཞུང་རྣམས་སུ་སྐྱེད་ཆོག་དུ་མ་ཞིག་གསུངས་སོ། །བར་སྲིད་མཚོན་པའི་ཡི་གེ་འཇུག་པ་ན། ཡི་གེ་དེ་ལ་ངའོ་


JLD009_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་ང་རྒྱལ་བསྐྱེད་ལ། དེས་རྒྱུ་རྡོར་འཛིན་ཡབ་ཡུམ་སྙོམས་པར་ཞུགས་ནས་བདེ་བ་ཆེན་པོ་ཉམས་སུ་བསྟར་བ་མཐོང་བའི་ཚུལ་དུ་བྱ། དེ་ནས་ངས་ཀྱང་ཀུན་ཏུ་བཟང་པོ་ཐོབ་པར་བྱ་བའི་ཕྱིར། ཡུམ་གྱི་པདྨར་འཇུག་པར་བྱའོ་སྙམ་པའི་སེམས་བརྟན་པོར་བྱས་ནས་འཇུག་པར། དཔལ་འབྲས་རྡོ་རྗེས་བཤད་པ་ནི། བར་དོའི་དོད་ཀྱིས་སངས་རྒྱས་ཡབ་ཡུམ་སྦྱོར་བའི་ཡུམ་གྱི་མངལ་དུ་སྐྱེ་བ་འཛིན་པའི་འཕེན་པ་གཏོང་ལུགས་ཡིན། དེ་འདྲའི་བསམ་པ་གཅིག་སྐྱེད་པ་ནི་སྐྱེད་ཆོག་སྔ་མ་ལ་ཡང་དགོས་པས། ཟླ་བ་དཀར་དམར་སོགས་མཐོང་བ་ན། ངས་སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་ངོ་བོར་གྱུར་པའི་དབུས་སུ་སྐྱེ་བ་བླངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་འཕེན་པ་བཏང་ངོ༌། །དེ་ལ་སྐྱེད་ཆོག་སྔ་མ་ལྟར་ན་དང་པོར་སྟོང་ཉིད་བསྒོམས་པའི་ངང་ནས། ནཱ་དར་ལངས་པ་ནས་གཟུང་སྟེ་ཟླ་བ་སོགས་ཀྱི་དབུས་སུ་ནཱ་ད་ཞུགས་པའི་ཐོགས་མའི་མཚམས་ཡན་ཆད་བར་སྲིད་ཀྱི་སྐབས་དང་སྦྱར་དགོས་ཤིང༌། སྐྱེད་ཆོག་ཕྱི་མ་ལྟར་ན། གང་ནས་བརྩམས་པ་སྔར་དང་འདྲ། ཡབ་ལ་སོགས་པའི་ཞལ་ལ་སོགས་པར་ཞུགས་པ་ནས་བཟུང་སྟེ། ཡུམ་གྱི་མངལ་དུ་ཡི་གེ་རྣམས་མ་ཞུ་ཚུན་ཆོད་བར་དོའི་སྐབས་དང་སྦྱར་ལ། ཡི་གེ་ཞུ་བའི་རྗེས་སུ་ཡབ་ཡུམ་ཞུ་བ་བྱ་སྟེ། ཤཱནྟི་པས། ཧོཿ གཉིས་ཀྱི་ནི་བར་གནས་པའི། །འབར་བའི་ས་བོན་གཉིས་པོ་ནི། །དགའ་ལྡན་དེ་ཡི་ཞལ་ནས་ཞུགས། །པདྨ་དེ་ཡི་མཐའ་རུ་ཞུ། །དེ་ནས་རྡོ་རྗེ་འཆང་ཆེན་ནི། །རིག་མ་དང་ནི་ལྷན་ཅིག་ཞུ། ཞེས་གསུངས་པ་ལྟར་རོ། །ཟླ་བའི་དབུས་སུ་ནཱ་ད་བབས་པ་ལས་ཡི་གེ་ཧཱུཾ་རིམ་གྱིས་རྫོགས་པར་བྱ་བར་


JLD009_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་གསུམ་ནས་བཤད་པའི་རིམ་པ་ནི། ནཱ་ད་ལས་ཐིག་ལེ། དེ་ལས་ཟླ་ཕྱེད། དེ་ལས་མགོ་བོ། དེ་ལས་ཧའི་ལུས། དེ་ལས་ཨཱུ་གྲུབ་པའི་ཚུལ་གྱིས་རྫོགས་པར་བྱེད་པར་རྒྱལ་བ་བཟང་པོས་བཤད་པ་ལྟར་བྱ་དགོས་ཏེ། ཧཱུཾ་ཡིག་གི་སྡུད་རིམ་གྱིས་ཀྱང་ཤེས་སོ། །ཧཱུཾ་གི་ཁ་དོག་ནི་ཚོགས་གསོག་དང༌། གཏོར་མའི་སྐབས་སུ་དངུལ་ཆུའི་ཁ་དོག་ལྟ་བུར་བཤད། དཀྱིལ་འཁོར་སྡུད་པའི་སྐབས་སུ་སིན་དྷུ་རས་བྱུགས་པའི་མུ་ཏིག་ལྟ་བུར་བཤད། བཟླས་པའི་སྐབས་སུ་ལྟེ་བའི་ཧཱུཾ་ཡིག་དཀར་དམར་དུ་བཤད་པའི་ཕྱི་མ་གཉིས་འདིར་སྐབས་སུ་བབ་པས་དཀར་ལ་དམར་བའི་མདངས་ཅན་དུ་བྱའོ། །ནཱ་ད་ཟླ་བ་ལ་བབས་པའི་དུས་གཉིས་པ་ནས་མངོན་བྱང་བཞི་པའི་བར་ནི་བར་དོ་ཁུ་ཁྲག་གི་དབུས་སུ་ཚེའི་དུས་བྱས་ནས་སྐྱེ་སྲིད་དུ་ཉིད་མཚམས་སྦྱར་ཏེ། མངལ་ན་གནས་པའི་བར་དང་སྦྱར་དགོས་སོ། །སྐྱེད་ཆོག་ཕྱི་མ་ལ་ནི་ཡུམ་གྱི་མངལ་དུ་ཡི་གེ་ཞི་བ་ནས་བཟུང་སྟེ། འབྲས་བུའི་ཧེ་རུ་ཀ་མ་རྫོགས་ཚུན་ཆོད་མངལ་གྱི་སྐབས་དང༌། ཧེ་རུ་ཀ་རྫོགས་པ་ནས་ཕྱི་རོལ་དུ་བཙས་པའི་སྐབས་དང་སྦྱོར་བར་བཤད་དོ། །མན་སྙེར་ཧཱུཾ་ཡིག་ལས་རྡོ་རྗེ་རྩེ་ལྔ་པ་བྱས་ནས། དེའི་ཕྱོགས་གཅིག་གི་རྩེ་མོ་ལྔ་ནི། རྐང་ལག་བཞི་དང༌། མགྲིན་པ་ནས་མགོའི་བར་ལྔ་དང༌། ཕྱོགས་གཅིག་གི་རྩེ་ལྔ་ནི་རྐང་ལག་ལ་སོར་མོ་ལྔ་ལྔ་དང༌། མགོ་བོ་ལ་དབང་པོ་ཡོད་པ་ལ་བཤད་དེ། ལྔ་ཚན་གཅིག་ཏུ་བསྡུས་པའོ། །འདིར་ནི་ལྭ་བ་པ་དང་པྲཛྙཱ་རཀྵི་ཏས་ཕྱག་མཚན་ལ་མི་ལྟོས་པར་སྐྱེད་པར་བཤད་པས་ཕྱག་མཚན་མེད་དོ། །མངོན་བརྗོད་ལས་ཀྱང་། སྒོང་སྐྱེས་ལ་ཕྱག་མཚན་མེད་པར་བཤད་ལ།


JLD009_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་ཡང་མེད་པར་བཤད་པ་ནི། ཕྱག་མཚན་སྐྱེད་པ་དང་དེ་ལ་མཚན་པའི་ས་བོན་ལ་དགོངས་ཏེ། སྒོང་སྐྱེས་ཐམས་ཅད་ལ་མིན་ནོ། །ཧཱུཾ་ཡིག་གི་ཨཱུ་ལ་སོགས་པ་ལྔ་སྔར་རིགས་ལྔར་བཤད་ཟིན་ལ། སྡོམ་འབྱུང་ལས། མི་བསྐྱོད་གཟུགས་ཀྱིས་ནུར་ནུར་པོ། །མེར་མེར་པོ་ནི་རིན་ཆེན་འབྱུང༌། །དཔག་མེད་མགོན་ཡང་ལྟར་ལྟར་པོ། །དོན་ཡོད་གྲུབ་པ་གོར་གོར་པོ། །འཁྲང་འགྱུར་རྣམ་པར་སྣང་མཛད་དེ། །རྣམ་པ་ལྔར་ནི་བསྟན་པ་ཡིན། །དྲི་ཆུ་ཁྲག་ནི་མི་བསྐྱོད་པ། །ཁུ་བའི་གཟུགས་ཅན་འོད་དཔག་མེད། །གོང་བུ་ཙམ་ནི་རིན་ཆེན་འབྱུང༌། །འདྲེས་པ་རྣམ་པར་སྣང་མཛད་གནས། ཞེས་གསུངས་ཏེ་ཕྱི་མ་ལ་མི་བསྐྱོད་པ་ལ་གཉིས་སྦྱར་ནས་དོན་གྲུབ་དང་མ་སྦྱར་རོ། །ནཱ་ད་མ་གཏོགས་པའི་ཧཱུཾ་ཡིག་གི་ཆ་ཤས་ལྔ་གནས་སྐབས་ལྔ་དང་སྦྱར་ཏེ་མངལ་ན་གནས་པའི་ལུས་སོ། །དོན་འདི་རྣམས་ཀླུ་བྱང་གིས་བཤད་པ་ལྟར་ན། མེར་མེར་པོ་དང༌། ལྟར་ལྟར་པོ་དང༌། གོར་གོར་པོ་དང༌། འཁྲང་འགྱུར་དང༌། རྐང་ལག་འགྱུར་པའི་གནས་སྐབས་ལྔར་བྱས་ནས། དེ་ལ་ཁུ་བ་ལས་གྱུར་པ་དང༌། ཁྲག་ལས་གྱུར་པའི་གནས་སྐབས་ལྔ་ལྔར་བྱས་ནས། སྔ་མ་ལྔར་མི་བསྐྱོད་པ། རིན་འབྱུང༌། འོད་དཔག་མེད། དོན་གྲུབ། རྣམ་སྣང་ལྔ་དང་། ཕྱི་མ་ལྔ་ལ་ཞུ་བ་མི་བསྐྱོད་པ། དམར་པོ་འོད་དཔག་མེད། གོང་བུ་རིན་འབྱུང༌། འཁྲང་འགྱུར་དོན་གྲུབ། འདྲེས་པ་རྣམ་སྣང་དུ་བཤད་བའི་དང་པོ་གསུམ་མེར་མེར་པོ་སོགས་གསུམ་དང༌། ལྔ་པ་རྐང་ལག་འགྱུས་པའི་སྐབས་སུ་མདོན་ནོ། །རྟིང་ནས་ཀྱང་ནཱ་ད་གནས་པ་ནི་བར་དོའི་མཚོན་བྱེད་མིན་གྱིས་མངལ་ན་གནས་པའི་སེམས་མཚོན་པར་བྱའོ། །དེ་འདྲ་བའི་ཧཱུཾ་ཡིག་རྫོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པར་བྱའོ། །ཧཱུཾ་ཡིག་དེ་ལ་རྡོ་རྗེ་


JLD009_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ངོ་བོ་ཞེས་པ་ནི། རྒྱུ་རྡོ་རྗེ་འཛིན་པའི་རང་བཞིན་ཅན་ནོ། །ཁ་དོག་སྣ་ལྔ་པའི་འོད་ཟེར་སྣ་ཚོགས་འཕྲོ་བའི་རྩེ་མོ་ལས། འཁོར་ལོ་ལྔའི་ལྷ་ཚོགས་རྣམས་འཐོན་ཏེ། འགྲོ་བ་རྣམས་དེའི་གོ་འཕང་ལ་བཀོད་ནས་སྡུད་པའི་ཚེ་སྔོན་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པ་རྣམས་སྤྱན་དྲངས་པ་དང༌། ལྷན་ཅིག་མཉམ་པར་སྦྱར་བ་སྔོན་དུ་འགྲོ་བས། ཞུ་བར་གྱུར་ཏེ། ཧཱུཾ་ཡིག་གི་ནཱ་ད་ལ་ཐིམ་པར་བསམས་ལ། དེའི་ཚེ་མཆོག་ཏུ་དགའ་བ་ལྷན་སྐྱེས་ཀྱི་བདེ་བའི་རང་བཞིན་ཅན། ས་བོན་ཧཱུཾ་ཡིག་དེ་ཡིད་ལ་མངོན་དུ་བྱས་ནས་རྣམ་པར་བསམ་པར་བྱ་བ་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །བྱང་སེམས་ཞུ་བའི་ངོ་བོར་གནས་པ་དེས་ན་ཧཱུཾ་ཡིག །རྒྱུ་རྡོ་རྗེ་འཆང་གི་རང་བཞིན་ཉིད་དོ། །བཅོམ་ལྡན་འདས་ནི་བྱང་སེམས་ཞུ་བ་ལས་བྱུང་བའི་ལྷན་ཅིག་སྐྱེས་དགའ་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་འབྲས་བུ་རྡོ་རྗེ་འཛིན་པའི་རང་བཞིན་ཡིན་ཏེ། ཡེ་ཤེས་དེ་གཉིས་ནི་རྗེས་སུ་རྣལ་འབྱོར་རོ། །རྗེས་སུའི་དོན་ནི་དུས་ཀྱི་རིམ་པ་ཙམ་མིན་གྱི། དེ་དེའི་རྗེས་སུ་བྱེད་ཅེས་པ་ལྟར་འདྲ་བའི་དོན་དུ་དགྲ་ནག་གི་འགྲེལ་པ་རིན་ཆེན་སྒྲོན་མ་ལས་བཤད་ལ། དེར་འདྲ་ལུགས་གཞན་ཡོད་ཀྱང༌། འདིར་ནི་རྣལ་འབྱོར་དུ་བཤད་པའི་ཟླ་བ་དཀར་དམར་བདེ་བ་ཆེན་པོའི་རྒྱུར་གནས་པ་བཞིན་དུ། འདིར་ཡང་དཀར་དམར་ཅན་གྱི་ཧཱུཾ་ཡིག་ཀྱང༌། བྱང་ཆུབ་ཀྱི་སེམས་ཞུ་བའི་བདག་ཉིད་དུ་གནས་པས། བདེ་ཆེན་གྱི་རྒྱུར་གནས་པ་རྗེས་སུ་མཐུན་པའོ། །འདིར་སྔགས་གསུམ་བརྗོད་པ་ནི་བཤད་པའི་རིམ་པ་ལ་འགྲེལ་པ་རྣམས་ནས་སྐུ་རྫོགས་པའི་སྐབས་སུ་བརྗོད་པར་


JLD009_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱང༌། སྐབས་འདིར་ནི་དཀྱིལ་འཁོར་སྐད་ཅིག་གིས་སྐྱེད་པའི་སྔགས་སུ་བྱ་དགོས་པས། མཚམས་འདིར་བརྗོད་པར་བྱ་སྟེ། དེའི་དོན་ཡང་འོག་ཏུ་འཆད་པར་འགྱུར་རོ། །གསུམ་པ་ལ་དྲུག །རྟེན་དང་བརྟེན་པ་རྫོགས་ཚུལ་མདོར་བསྟན་དང༌། གསལ་གདབ་པ་རྒྱས་པར་བཤད་པ་དང༌། ཕྱོགས་མཐུན་གྱི་དག་པ་དང་ལུས་དཀྱིལ་སྒོམ་པ་དང༌། གོ་བགོ་ཞིང་ཡེ་ཤེས་པ་བཅུག་ནས་དབང་བསྐུར་བ་དང༌། ལྷ་རྣམས་ལ་མཆོད་ཅིང་བསྟོད་པ་དང༌། ལྷའི་འཁོར་ལོ་སྒོམ་ཞིང་དག་པ་དྲན་པའོ། །དང་པོ་ནི། ཟླ་བ་དབྱངས་གསལ་དང་བཅས་པ་དང་ས་བོན་དེ་དག་ཡོངས་སུ་གྱུར་པ་ལས། དཔལ་ཧེ་རུ་ཀ་རྡོ་རྗེ། ཉི་མའི་གདན་ལ་ཡང་དག་པར་བཞུགས་པའི་གཙོ་བོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་དུས་གཅིག་ཏུ་ཡོངས་སུ་གྲུབ་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བརྒྱན་པའོ། །སྐབས་འདིར་སྡོམ་འབྱུང་ལས། ཉི་མའི་དཀྱིལ་འཁོར་དབུས་བཞུགས་པ། །དཔལ་ཧེ་རུ་ཀ་རྣམ་བསྒོམ་བྱ། །ཞེས་གསུངས་པ་ལྟར་འདིར་ཡང་བཤད་པའི་ཉི་མའི་གདན་ཅན་ནི། ཁྲོ་བོ་ཡིན་པའི་ཕྱིར་ཏེ། ཁྲོ་བོ་རྣམས་ནི་ཉི་མའི་གདན་ཅན་དང་ཉི་མའི་འོད་ཟེར་ཅན་གྱི་ཕྱིར་རོ། །དཀྱིལ་འཁོར་གཉིས་དུས་གཅིག་ཏུ་རྫོགས་པ་ནི་སངས་རྒྱས་པ་ན་དེའི་ཡོན་ཏན་གྱི་ཆོས་ཐམས་ཅད་དུས་གཅིག་ཏུ་རྫོགས་པ་ལྟར་ཏེ། གཞི་ལ་འཇིག་རྟེན་འཆགས་པའི་ཚེ་དེ་ལྟར་མི་འོང་ཡང་འབྲས་བུ་ལ་འོང་བས། འབྲས་བུ་ལམ་བྱེད་ཀྱི་ཚུལ་གྱིས་སོ། །དུར་ཁྲོད་བརྒྱད་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་འདུས་པའི་རྣམ་ཤེས་བརྒྱད་བདག་མེད་པར་མཚོན་པར་ལྭ་བ་པས་བཤད་ལ། ཇོ་བོ་ཆེན་པོས་མི་རྟག་པ་དང་སྡུག་བསྔལ་བས་


JLD009_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འབྱུང་བ་སྐྱེད་པའི་དོན་དུ་བཞེད་དོ། །རྣམ་ཤེས་བརྒྱད་ཅེས་འབྱུང་བ་ལ་ཡང་ཚོགས་དྲུག་ལས་ངོ་བོ་ཐ་དད་ཅིང་གཉིས་པོ་ཡང་ངོ་བོ་ཐ་དད་དུ་འདོད་པ་དང༌། ཡིད་ཀྱི་རྣམ་ཤེས་ཉིད་ལ་ལྡོག་པའི་དབང་གིས་ཀུན་གཞི་དང་ཉོན་ཡིད་དུ་བཤད་པ་གཉིས་སྣང་བས་ཇི་ལྟར་ཡིན་དཔྱད་དོ། །གཉིས་པ་ལ་གཉིས། རྟེན་གསལ་གདབ་པ་དང༌། བརྟེན་པ་ལྷ་གསལ་གདབ་པའོ། །དང་པོ་ལ་གཉིས། དུར་ཁྲོད་བཤད་པ་དང༌། དེའི་ལྷག་མ་བཤད་པའོ། །དང་པོ་ལ་གཉིས། དུར་ཁྲོད་དངོས་བཤད་པ་དང༌། དེ་ན་གནས་པའི་ཤིང་ལ་སོགས་པ་བཤད་པའོ། །དང་པོ་ནི། དུར་ཁྲོད་ལ་ནི་ཤྭ་ས་ཏི་ཞེས་འབྱུང་བའི་ཤྭ་ནི་རོ་དང༌། བ་ས་ཏི་ནི་གནས་ཏེ་རོའི་གནས་དང༌། ཡང་ཤྨ་ཤཱན་ཞེས་པ་དུར་ཁྲོད་དེ། ཤ་བ་ནཾ་བ་ས་ན་ཞེས་པ་ལ། ཤ་བའི་འོག་གི་བ་མར་བྱས་ཏེ་ཤ་ལ་བཏགས་ན་ཤྨ་དང༌། བ་ཕྱི་མ་ཨར་བསྒྱུར་ཏེ་ས་ལ་བཏགས་པས་སཱ་རིང་པོར་བྱས་པས། ཤ་བ་སོགས་ཤྨ་སཱ་ནར་འགྱུར་བར་མུ་ཏིག་ཕྲེང་བ་ལས་བཤད་དེ། རོ་གནས་པར་བྱེད་པའོ། །རོས་གནས་པའི་བྱ་བ་བྱེད་ཚུལ་ནི། རོ་མགོ་མེད་ཀྱིས་འཆག་པ་དང༌། འགགས་ཏེ་དཔྱངས་པས་ལངས་པ་དང༌། འགྱེལ་བས་ནི་ཉལ་བ་དང༌། གསལ་ཤིང་ལ་བསྐྱོན་པས་ནི་བདུག་པའི་བྱ་བ་བྱེད་དོ། །དེས་ན་དུར་གྱི་གནས་ལ་དུར་ཁྲོད་ཅེས་བྱའོ། །དུར་ཁྲོད་དེར་ཧེ་རུ་ཀ་རོལ་བར་གསུངས་པའི་དགོངས་པ་ནི། མན་སྙེ་ལས། ཇི་ལྟར་དུར་ཁྲོད་ན་རོ་རྣམས་བདག་མེད་པ་དེ་ལྟར་ཐམས་ཅད་ལའོ་ཞེས་པས་བདག་མེད་པར་སེམས་ཅན་ཐམས་ཅན་གནས་པ་ནི་དུར་ཁྲོད་དེ། སེམས་ཅན་རྣམས་སེམས་ཅན་གྱི་རང་བཞིན་གྱིས་སྟོང་པ་དང༌།


JLD009_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་གནས་རྣམས་ཀྱང་སེམས་ཅན་གྱི་གནས་ཀྱི་རང་བཞིན་གྱིས་སྟོང་པའོ་ཞེས་དུར་ཁྲོད་ཀྱི་དོན་ཏོ། །དེས་ན་གནས་དེ་ཁོ་ནར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང༌། ཤེས་རབ་ཆེན་པོའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོ་ཕྱག་རྒྱ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་རོལ་པར་རིགས་སོ། ཞེས་བཤད་དེ། སྣོད་བཅུད་རང་བཞིན་གྱིས་གྲུབ་པས་སྟོང་པའི་བདག་མེད་ལ་སྙིང་རྗེ་ལྷན་ཅིག་སྐྱེས་པའི་བདེ་ཆེན་རོལ་པ་མཚོན་པའི་དོན་དུ་བཤད་པ་ལེགས་ཤིང༌། རོ་གདན་བཤད་པའི་ངེས་དོན་ཡང་དེ་ལྟར་ཡིན་པས། ལམ་འདིར་བདག་མེད་པའི་དེ་ཁོ་ན་ཉིད་གཏན་ལ་ཕེབས་ནས་སྒོམ་པ་ཅིག་ངེས་པར་དགོས་སོ། །དཀྱིལ་འཁོར་གྱི་ཕྱིར་དུར་ཁྲོད་ཅི་ཙམ་ན་གནས་པ་ནི། སྡོམ་འབྱུང་འགྱུར་རྙིང་ལས། རྡོ་རྗེ་ར་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། ཞེས་པ་ནི། རྒྱུད་དེར། ཐིག་གི་མཚན་མ་དྲུག་ཅུ་བཞི། །ཀུན་ཏུ་འཁོར་ལོའི་མཐར་ཐུག་པར། ཞེས་ཆ་བྲན་དྲུག་ཅུ་རྩ་བཞི་པས་རྡོ་རྗེའི་ར་བ་ལ་ཐུག་པར་བཤད་པའི་ཕྱིར། འགྱུར་ཉེས་པ་ཡིན་པས། འགྲེལ་པ་དང་བསྟུན་ནས་འགྱུར་གསར་ལས། རྡོ་རྗེ་ར་བ་ནང་དུ་སྟེ། །དུར་ཁྲོད་བརྒྱུད་ཀྱིས་བརྒྱན་པའོ། ཞེས་བསྒྱུར་བ་ལེགས་གསུང་བ་ནི་དེ་ཁོ་ན་ལྟར་ཡིན་ལ། འགྲེལ་པས་མེ་རིའི་ཡང་ཕྱི་རོལ་དུ་བྱས་སོ། །རྡོ་རྗེ་མཁའ་འགྲོར། ཚོན་གྱི་ས་ཡི་ཉིས་འགྱུར་དུ། །ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་བྱ། །འཁོར་ལོ་དེ་ཡི་ཕྱི་རོལ་དུ། །ཤིང་ལ་སོགས་པའི་དུར་ཁྲོད་བྱ། ཞེས་


JLD009_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། རྡོ་རྗེ་ཕྲེང་བར་དྲངས་པ་ལས། འཁོར་ས་དེ་ཡི་ཕྱི་རོལ་དུ། །ཤིང་སོགས་དུར་ཁྲོད་བརྒྱད་པའོ། ཞེས་ཆག་འགྱུར་ལས་འབྱུང་ལ། དཔང་འགྱུར་ལས། ཁོར་ཡུག་དེ་ཡི་ཕྱི་རོལ་དུ། །ཁོར་ཡུག་དེ་ཡི་དབུས་སུ་ནི། །ཤིང་སོགས་དུར་ཁྲོད་བརྒྱད་པའོ། ཞེས་འབྱུང་བས་དུར་ཁྲོད་ནི་མེ་རིའི་ཕྱི་རོལ་དུ་བཤད་དོ། །མན་སྙེ་ལས་ནི། རྡོ་རྗེ་གུར་གྱི་ནང་དུ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བའི་ཆོས་འབྱུང་དང༌། ཆུ་སྐྱེས་དང༌། སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཁང་པ་བརྩེགས་པ། ཞེས་རྡོ་རྗེ་ར་བའི་ནང་དུ་དུར་ཁྲོད་འོང་བ་ཡང་བཤད་དེ། ཤཱནྟི་པས་ཀྱང༌། རྡོ་རྗེ་ར་བའི་ནང་དུ་དུར་ཁྲོད་འོང་བ་བཤད་དོ། །རྡོ་རྗེ་གུར་ཞེས་པ་ནི་བསྲུང་འཁོར་ཐུན་མོང་བའི་སྤྱི་མིང་དུ་ཨ་བྷྱཱ་ཀ་ར་བཞེད་དོ། །དུར་ཁྲོད་བརྒྱད་དངོས་ནི་སྡོམ་འབྱུང་ལས། གཏུམ་དྲག་དེ་བཞིན་ཚང་ཚིང་དང༌། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་བཟད་བཞད། །བྱིན་ཟ་རུ་ནི་བཀྲ་ཤིས་མཆོག །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་ཕྱོགས་ཀི་ལི་ཀི་ལའི་སྒྲ། ཞེས་གསུངས་པ་བརྒྱད་དོ། །གཉིས་པ་ལ་ཚང་ཚིང་འཁྲིགས་པ་དང༌། ལྔ་པ་ལ་དྲག་ཏུ་རྒོད་པ་དང༌། ཧ་ཧ་རྒོད་པ་དང༌། དྲུག་པ་ལ་བཀྲ་ཤིས་ཚལ་ཞེས་ཀྱང་འབྱུང་ལ། འདི་རྣམས་ལ་མིང་མི་འདྲ་བ་མང་ངོ་། །དེ་རོ་དང་ཀེང་རུས་སོགས་ཀྱི་གནས་སུ་ཡོད་ཚུལ་ནི། སྡོམ་འབྱུང་ལས། ཀེང་རུས་དང་ནི་མདུང་གིས་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ །ཐོད་པ་བྱིན་པ་མགོ་རྟུམ་དང༌། །གཙིགས་པའི་མགོ་དང་རུས་པ་དང༌། ཞེས་མགོ་བོའི་ཐོད་རུས་དང༌། བྱིན་པའི་རུས་པ་དང༌། དེ་ལས་གཞན་པའི་རུས་པ་འཐོར་བ་དང༌། མ་འཐོར་བའི་ཀེང་རུས་དང༌། མདུང་གིས་ཕུག་པའི་རོ་ལ་སོགས་པ་གཅལ་དུ་བཀྲམ་པའོ། །


JLD009_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲ་བའི་གནས་བརྒྱད་ནི་དུར་ཁྲོད་དངོས་ཡིན་ལ། ལྷག་མ་ཤིང་དང་ཕྱོགས་སྐྱོང་སོགས་ནི་དེ་ན་གནས་པ་ཡིན་གྱི་དུར་ཁྲོད་དངོས་མིན་ནོ། །གཉིས་པ་ནི། དེ་འདྲ་བའི་དུར་ཁྲོད་བརྒྱད་པོ་རེ་རེ་ན། ཤིང་དང་ཕྱོགས་སྐྱོང་དང༌། ཀླུ་དང༌། སྤྲིན་གྱི་བདག་པོ་བརྒྱད་བརྒྱད་ཀྱི་རེ་རེ་སྟེ་བཞི་བཞི་གནས་པར། སྡོམ་འབྱུང་ལས་གསུངས་སོ། །ལྭ་བ་པ་དང་པྲཛྙཱ་རཀྵི་ཏའི་འགྲེལ་པ་ནས་འདི་རྣམས་ཀྱི་བཤད་པ་མ་བྱུང་ལ། དེ་བཞིན་གཤེགས་པའི་རྡོ་རྗེའི་འགྲེལ་པར་སྔར་བཤད་པའི་སྟེང་དུ། རང་རང་ཕྱོགས་བདག་བཞོན་པའི་གདོང༌། ཞེས་སོགས་ཀྱིས་ཞིང་སྐྱོང་བརྒྱད་དང༌། མཆོད་རྟེན་དཀར་པོ་རི་ལ་གནས། །གྲུབ་ཆེན་བརྒྱད་ཀྱིས་བརྒྱན་པའོ། ཞེས་མཆོད་རྟེན་དང༌། རི་དང༌། གྲུབ་ཆེན་བརྒྱད་བཤད་དེ། སྡོམ་འབྱུང་ལས་ཀྱང་གྲངས་མ་སྨོས་པར་གྲུབ་ཆེན་རྣམས་གནས་པར་གསུངས་སོ། །སམྦྷུ་ཊར། ཤིང་བརྒྱད་དང༌། དེ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད་བཤད་པའི་མན་སྙེར། ཞིང་སྐྱོང་དང་ཀླུ་དང་སྤྲིན་བརྒྱད་དང་མཆོད་རྟེན་བརྒྱད་ཁ་བཀང་ནས་བཤད་ལ། བྲམ་ཟེ་རིན་ཆེན་རྡོ་རྗེས། ཡེ་ཤེས་ཀྱི་མེ་བརྒྱད་དང༌། ཐུགས་རྗེའི་ཆུ་བརྒྱད་བཤད་ཅིང༌། བསྟོད་པ་གཙུག་ནོར་ལས་ཀྱང༌། དེ་གཉིས་དང་མཆོད་རྟེན་དང༌། གྲུབ་ཆེན་བརྒྱད་དང༌། ཕྲ་མེན་མ་བརྒྱད་བཤད་དོ། །ཤིང་བརྒྱད་ནི་སྡོམ་འབྱུང་ལས། ཤར་དུ་ཤིར་ཥ་ཨ་ཤྭ་ཤིང༌། །ཀང་ཀེལ་ཁྱད་པར་ཙུ་ཏའི་ཤིང༌། །བ་ཊཱ་དེ་བཞིན་ཀ་རཉྫ། །ལ་ཊ་པརྐ་པར་ཐི་བ། ཞེས་སོ། །ཀང་ཀེལ་ཆུ་ཤིང་དང༌། ཙུ་ཏ་ཨ་མྲར་ཁ་ཅིག་ཏུ་བསྒྱུར་ལ། བ་ཊཱ་ལ་ནི་ནྱཱ་གྲོ་དྷ་དང༌། པར་ཐི་བ་ལ་ནི་ཨརྫུ་ན་ཞེས་ཀྱང་འབྱུང་སྟེ། འདི་རྣམས་ལ་


JLD009_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་སོ་སོ་ནས་མིང་སྣ་ཚོགས་ཤིག་སྣང་ངོ༌། །ཤིང་གི་རྩ་བའི་ཕྱོགས་སྐྱོང་བརྒྱད་ནི། དབང་པོ་སེར་པོ་རབ་བརྟན་དཀར་པོ་དང༌། ནོར་སྦྱིན་སེར་པོ་མི་དང༌། ཆུ་ལྷ་དཀར་པོ་གདེངས་ཀ་བདུན་ལྡན་ཆུ་སྲིན་དང༌། གཤིན་རྗེ་སྔོན་པོ་མ་ཧེ་དང༌། དབང་ཕྱུག་ཆེན་པོ་དཀར་པོ་གླང་དང༌། མེ་ལྷ་དམར་པོ་ར་སྐྱེས་དང༌། སྲིན་པོ་སྔོན་པོ་གཅེར་བུ་མི་མགོའི་ཕྲེང་བའི་ཅོད་པན་ཅན་རོ་ལངས་དང༌། རླུང་ལྷ་དུད་ཁ་ཤ་བ་ལ་ཞོན་པ། ཞལ་གཅིག་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཐལ་མོ་སྦྱར་བ། ལྷག་མ་གཡས་རྣམས་ན་རྡོ་རྗེ་དང༌། ནེའུ་ལེ་རིན་པོ་ཆེ་སྐྱུག་པ་དང༌། སྦྲུལ་ཞགས་དང་། དབྱུག་པ་དང༌། རྩེ་གསུམ་དང༌། ཕྲེང་བ་སྤྱི་བླུགས་དང་བཅས་པ་དང༌། རལ་གྲི་དང༌། བ་དན་སེར་པོ་དང༌། གཡོན་རྣམས་ན་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པར་འགྲེལ་པ་སྡོམ་འབྱུང་ལས་བཤད་དོ། །ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་ཅན་དང༌། གཡོན་གྱིས་ཡུམ་ཞལ་ཟས་སྟོབ་པ་ལ་འཁྱུད་ཅེས་ཁ་ཅིག་གིས་སོ། །ཤིང་གི་ཡལ་གའི་གསེབ་ནས་ལུས་ཕྱེད་འཐོན་པའི་ཞིང་སྐྱོང་བརྒྱད་ནི། རང་ཕྱོགས་ཀྱི་ཕྱོགས་སྐྱོང་གི་བཞོན་པའི་གདོང་ཅན་དུ་མན་སྙེ་དང༌། འགྲེལ་པ་སྡོམ་འབྱུང་ལས་བཤད་པ་ལྟ་བུ་རིམ་པ་བཞིན། དཀར་སེར་དཀར་ནག །དཀར་དམར་ནག་ལྗང་བ་ཐམས་ཅད་ཀྱང་དྲག་ཅིང་གཏུམ་པ་རྫུ་འཕྲུལ་ཆེན་པོ་པའོ། །ཕྱག་གཉིས་ནི་མན་སྙེ་ལས། ལུས་སྟོད་ཕྱེད་མཐོང་ཕྱག་རྣམས་ཀྱིས། །ཐོད་པ་འཛིན་པར་བྱེད་པ་སྟེ། །གཞན་གྱིས་བྱིན་པའི་གཏོར་མ་ལ། །གཡས་པས་འཛིན་པའི་ཚུལ་གྱིས་བྲེལ། ཞེས་བཤད་ཅིང༌། ཁ་ཅིག་


JLD009_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཐོད་ཅན་དུ་བཞེད་དོ། །རྒྱ་གཞུང་གི་སྒྲུབ་ཐབས་ཁ་ཅིག་ཏུ། འདིར་བཤད་པ་ལས་གཞན་པའི་གདོང་ཅན་དུའང་བཤད་དོ། །ཆུ་བརྒྱད་ལ་གནས་པའི་ནོར་རྒྱས། འཇོག་པོ། ཀརྐོ་ཊ། པདྨ་དང༌། པདྨ་ཆེན་པོ། མཐའ་ཡས། རིགས་ལྡན། དུང་སྐྱོང་སྟེ་ཀླུ་བརྒྱད་ནི་རིམ་པ་བཞིན་དུ། དཀར། དམར། སྔོན་པོ། དཀར་པོ། དཀར་པོ། རྨ་བྱའི་མགྲིན་པ་བཞིན་དུ་སྣ་ཚོགས་པ། དཀར་པོ། སེར་པོའི་མདོག་ཅན། རིམ་པ་བཞིན་གདེངས་ཀ་ལ་ཨུཏྤ་ལ་སྔོན་པོ་དང༌། དཔལ་བེའུས་མཚན་པ་དང༌། མགྲིན་པར་རི་མོ་གསུམ་པ་དང༌། དབུ་ལ་ཐིག་ལེ་མང་པོ་དང༌། གདེངས་ཀ་ལ་རྩེ་གསུམ་གྱིས་མཚན་པ་དང༌། མགོ་ལ་པདྨ་དང༌། གདེངས་ཀ་ལ་ཟླ་ཕྱེད་ཀྱིས་མཚན་པ་དང༌། ཐིག་ལེས་མཚན་པའོ། །ཐམས་ཅད་ཀྱང་སྟོད་མི་འདྲ་བ། ཕྱག་གཉིས་ཀྱིས་ཐལ་མོ་སྦྱར་ནས་གཙོ་བོ་ལ་འདུད་པར་འགྲེལ་པ་སྡོམ་འབྱུང་ལས་བཤད་དེ། སྨད་ཐམས་ཅད་སྦྲུལ་འཇུག་ཏུ་འཁྱིལ་བའོ། །དེ་དག་གི་སྟེང་གི་ནམ་མཁའ་ལ་ནི་སྤྲིན་བརྒྱད་དེ། སྒྲོགས་པ། ཆེར་སྒྲོགས་པ། དྲག་པོ། གཡོ་བ་དང༌། བརྟན་པ། གང་བ། འབེབས་པ། གཏུམ་པོ་སྟེ། གློག་ཕྲེང་འཁྱུག་ཅིང་འབྲུག་སྒྲ་སྒྲོགས་པ། འགའ་ཞིག་ཆར་གྱི་རྒྱུན་ཅན་དང་ཁ་དོག་སྣ་ཚོགས་པར་མན་སྙེར་བཤད་དོ། །ཁ་ཅིག་གིས་སྟོད་སྦྲུལ་མགོ་གཅིག་པའི་རྣམ་པ། སྨད་སྤྲིན་དུ་འཁྲིགས་པ། ཁ་དོག་ཀླུ་དང་འདྲ་བར་འཆད་དོ། །རི་བརྒྱད་ནི་རིན་པོ་ཆེའི་རང་བཞིན་གྱི་ལྷུན་པོ། མནྡ་ར་ལྗང་གུ །ཀེ་ལ་ཤ་དཀར་པོ། མ་ལ་ཡ་སེར་པོ་དང༌། དབང་ཆེན་ནག་པོ་སྤོས་ངད་ལྡང་སེར་པོ། གངས་


JLD009_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དཀར་པོ་དཔལ་གྱི་རི་སྔོན་པོ་ཞེས་ཁ་ཅིག་འཆད་ལ། རི་ལ་གནས་པའི་མཆོད་རྟེན་བརྒྱད་ཀ་དཀར་པོར་འགྲེལ་པ་སྡོམ་འབྱུང་ལས་བཤད་ཅིང༌། ཁ་ཅིག་རྡོ་རྗེ་དཀར་པོ་དཀར་པོ། རྡོ་རྗེ་འདུས་བྱས་སེར་པོ། རྡོ་རྗེ་ཆགས་པ་དཀར་པོ། རྡོ་རྗེ་ནག་པོ་ནག་པོ། ཐུགས་རྡོ་རྗེ་དཀར་པོ། སྐུ་རྡོ་རྗེ་དམར་པོ། རིན་ཆེན་རྡོ་རྗེ་ནག་པོ། ཆོས་རྡོ་རྗེ་ལྗང་གུའོ་ཞེས་ཟེར་རོ། །སྔར་བཤད་པ་རྣམས་ཀྱི་སྔ་མ་བཞི་བཞི་ནི་ཕྱོགས་སུ་སྟེ། ཤར་ནས་གཡོན་སྐོར་དང༌། ལྷག་མ་བཞི་བཞི་ནི་མཚམས་སུ་སྟེ། དབང་ལྡན་ནས་གཡས་སྐོར་དུ་བྱའོ། །རི་བརྒྱད་ལ་གནས་པའི་གྲུབ་ཆེན་བརྒྱད་ནི། རྟོག་བདུན་ལས། སྒྲུབ་པ་པོ་རྣམས་ཀྱང་བྲི། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བ། གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང༌། ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དེར་འཇུག་པ་བྲིའོ། ཞེས་གསུངས་པ་ལྟར་བྱས་ན་ལེགས་སམ་སྙམ་སྟེ་དཔྱད་དོ། །གཞན་ཡང་མེ་བརྒྱད་དང༌། སྡོམ་འབྱུང་ལས། ཁྭ་དང་འུག་པ་བྱ་རྒོད་དང༌། །ཅེ་སྤྱང་ཅེ་སྤྱང་མོ་དང་ནི། །འོལ་བ་དང་ནི་འོལ་བ་མོ། །སེང་གེ་གདོང་དང་སྟག་གི་གདོང༌། །དྲག་ཅིང་འཇིགས་པའི་གདོང་ཅན་མ། །སྦྲུལ་ནི་བ་ལང་མགོ་ཅན་དང༌། །གདོང་གཉིས་ལ་སོགས་ཕྱོགས་སུ་རྒྱུ། ཞེས་དང༌། རིག་འཛིན་གྲུབ་པ་དུ་མ་དང༌། །དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། །རྣལ་འབྱོར་མ་ཡི་ཚོགས་རྣམས་དང༌། །གནོད་སྦྱིན་རོ་ལངས་སྲིན་པོའི་ཚོགས་རྣམས་ཀྱིས། །ཀི་ལི་ཀི་ལ་


JLD009_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྒྲོགས་རྣམས་དང༌། ཞེས་དེ་རྣམས་དུར་ཁྲོད་ཀྱི་དབུས་སུ་བསྒོམ་པར་གསུངས་པ་ལྟར་བྱའོ། །གཉིས་པ་ལ་གཉིས། འོད་ཕྲེང་ནས་རྟ་བབས་ཀྱི་བར་བཤད་པ་དང༌། གཞལ་ཡས་ཁང་དངོས་གདན་དང་བཅས་པ་བཤད་པའོ། །དང་པོ་ལ་གཉིས། འོད་ཕྲེང་ནས་སྣ་ཚོགས་རྡོ་རྗེའི་བར་བཤད་པ་དང༌། རྟ་བབས་ཀྱི་དོན་བཤད་པའོ། །དང་པོ་ནི། འོད་ཟེར་གྱི་ཕྲེང་བ་ནི་མེ་ཁ་དོག་སྣ་ལྔ་པ་ཕྱི་རོལ་གྱི་ཕྱོགས་མཚམས་ཀུན་ཏུ་འབར་བ། གདུག་པ་ཅན་རྣམས་ཀྱིས་ལྟ་བར་མི་བཟོད་པ་དང༌། དེའི་ནང་གི་རྡོ་རྗེའི་ར་བ་ནི་བཤད་ཟིན་ལ། འཁོར་ལོ་དང་པདྨའི་ར་བ་གཉིས་ནི་དང་པོ་ཡོད་ཀྱང༌། དེ་རྣམས་འོད་གསལ་དུ་བསྡུས་ཏེ་གཞལ་ཡས་ཁང་གྲུབ་པའི་དུས་སུ། སླར་ཡང་རྡོ་རྗེའི་ར་བ་གྲུབ་པར་བཤད་ཀྱི་གཞན་གཉིས་མ་བྱུང་བས་མེད་ཀྱང་ཆོག་གོ །ནག་པོ་སྤྱོད་པས། འོད་ཀྱི་དཀྱིལ་འཁོར་ནང་དུ་ནི། །རིམ་གཉིས་ཐིག་ནི་གདབ་པར་བྱ། ཞེས་བྲི་བའི་དཀྱིལ་འཁོར་ལ་ར་བ་གཞན་གཉིས་བཤད་ལ། རྒྱལ་བ་བཟང་པོས་ལཱུ་ཨི་པ་ལྟར་སྐྱེད་པ་ལ་ཡང༌། བསྲུང་བའི་དོན་དུ་ཕྱི་རོལ་དུ། །ར་བ་གསུམ་གྱིས་བསྐོར་བ་སྟེ། །རྡོ་རྗེ་པདྨ་འཁོར་ལོ་ནི། །ར་བ་ཞེས་ནི་གྲགས་པའོ། ཞེས་ཀྱང་འབྱུང་བ་ལྟར་ར་བ་གཞན་གཉིས་བྱེད་ནའང་འགལ་བ་མེད་དོ། །དེའི་པད་ར་ནི་འོག་ནས་སྟེང་གི་བར་དུ་གནས་པ་ཡིན་ལ། སྣ་ཚོགས་རྡོ་རྗེའི་རྭའི་རྩེ་མོར་ཐིག་ལ་འཆར་བའི་པད་ར་ཞེས་པ་ནི། སྣ་ཚོགས་རྡོ་རྗེའི་རྟེན་གྱི་པད་མ་འཕྲེད་ལ་གནས་པ་ཙམ་ཡིན་པས་མི་གཅིག་གོ །པདྨ་དེའི་ལྟེ་བའི་ཁ་དོག་ནི་ལྗང་གུ་དང༌། དེའི་མཐའ་དང་འདབ་མའི་བར་གྱི་གེ་སར་ནི་སེར་པོ་དང༌། འདབ་


JLD009_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ནི་ཁ་དོག་སྣ་ཚོགས་པར་ཕྲེང་བར་བཤད་ལ། པདྨ་དེ་གནས་པའི་གཞི་ནི། འདིར་ནི་རི་རབ་ཀྱི་སྟེང་གི་གཞི་ཡིན་ལ། ཆོས་འབྱུང་ཡོད་པ་ལ་ནི་དེ་དེའི་གཞི་དང༌། ཁ་དོག་ཀྱང་དམར་སྐྱར་དེ་ཉིད་ལས་བཤད་དོ། །པདྨ་དེའི་ལྟེ་བའི་མཐའ་ནས་མཐའི་བར་དུ། ཕྱོགས་གཅིག་གི་སྣ་ཚོགས་རྡོ་རྗེའི་རྭ་རྩེ་ནས། ཕྱོགས་གཞན་གྱི་རྭ་རྩེས་ནོན་པའི་ཁ་ད་ཆད་དོ། །སྣ་ཚོགས་རྡོ་རྗེའི་རྭའི་གྲངས་ནི་ཕྱོགས་རེར་གསུམ་གསུམ་སྟེ་བཅུ་གཉིས་པ་དང༌། ཕྱོགས་རེར་ལྔ་ལྔ་སྟེ་ཉི་ཤུ་པའི་ཚུལ་གཉིས་སོ། །ཁ་དོག་ནི་རྡོར་ཕྲེང་དུ། དེའི་ལྟེ་བ་ནི་ནག་པོའམ། ཡང་ན་དཀྱིལ་འཁོར་དེའི་གཙོ་བོའི་ཁ་དོག་ཏུ་བྱ་བར་བཤད་པའི་ཕྱི་མ་ནི། རང་གི་རིགས་བདག་གི་ཁ་དོག་དང་གཙོ་བོའི་མདོག་གཉིས་མཐུན་ན། དེས་ཆོག་ལ། གསང་འདུས་འཇམ་རྡོར་ལྟ་བུ་མི་བསྐྱོད་པ་རིགས་བདག་ཡིན་ཀྱང༌། གུར་ཀུམ་མདོག་ཏུ་བཤད་པ་ལྟ་བུ་ལ་ནི་རིགས་བདག་གི་ཁ་དོག་དབང་བཙན་པར་བྱའོ། །ཕྱོགས་ཀྱི་རྭ་ལ་དབུས་རྭ་ནི་རང་རང་གི་དེ་བཞིན་གཤེགས་པའི་ཁ་དོག་ཏུ་བྱ་བར་བཤད་དེ། འདི་ལ་ཡང་ཕྱོགས་སུ་རྣམ་སྣང་སོགས་ཁ་དོག་གསལ་བར་ཡོད་ན་དེ་བཞིན་དུ་བྱ། དེ་མེད་ན་ལཱུ་ཨི་བའི་བདེ་མཆོག་ལྟ་བུ་མི་བསྐྱོད་པའི་རིགས་བདག་ཅན་ཡིན་ན། ཕྱོགས་མདོག་དེ་བཞིན་གཤེགས་པ་གཞན་གྱི་ཁ་དོག་ཏུ་བྱེད་པའི་ཚུལ་ལྟར་བྱའོ། །གཡས་གཡོན་གྱི་རྭ་གཉིས་ནི་དེའི་ཀློའི་དེ་བཞིན་གཤེགས་པའི་མདོག་ཏུ་བྱ་བར་རྡོར་ཕྲེང་ལས་གསུངས་ཏེ། དཀྱིལ་འཁོར་འདི་ལྟ་བུ་ལ་ཤར་གྱི་རྭའི་ཁ་ནང་ལྟའི་གཡས་ལྗང་གུ་དང༌།


JLD009_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་སེར་པོ་ཡིན་ཏེ། དེས་གཞན་གསུམ་ཡང་ཤེས་པར་བྱའོ། །རྭ་ལྔ་པ་ལ་ནི་དབུས་རྭ་དང་གཡས་གཡོན་གྱི་རྭ་གཉིས་སྔར་དང་འདྲ་ལ། མདུན་རྒྱབ་ཀྱི་རྭ་གཉིས་ནི་ནུབ་ཀྱི་སའི་ཁ་དོག་དམར་པོ་དང༌། དབུས་ཀྱི་མདོག་ཏུ་བྱ་བ་དང༌། ཕྱོགས་གཅིག་གི་རྭ་གསུམ་མམ་ལྔ་པོ་ཐམས་ཅད་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་ཏུ་བྱ་བར་ཁ་ཅིག་ཏུ་བཤད་ཅེས་ཕྲེང་བར་བཤད་དེ། གཙུག་ནོར་ལས་རྭ་བཅུ་གཉིས་པ་ལ་དེ་བཞིན་དུ་བཤད་དོ། །རྭའི་ཕྱོགས་མདོག་གཙོ་བོའི་ཞལ་མདོག་གིས་བྱེད་པའི་ཕྱོགས་ཀྱང་ཡོད་པར་བཤད་དོ། །རྭའི་སྲིད་ཀྱི་ཚད་ལ་ཐིག་སྐུད་ཀྱི་རིང་ཚད་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་གསུངས་པ་ལ་གཉིས་ལས། རྩ་ཐིག་ནས་རྩ་ཐིག་གི་བར་ལ་དཀྱིལ་འཁོར་དུ་བྱས་པའི་ཉིས་འགྱུར་དུ་བྱེད་པ་ལྟར་ན། ཐིག་སྐུད་ཆ་ཆུང་རེ་བཞི་པའི་ཕྱོགས་རྟ་བབས་དཔངས་སུ་སྒོ་ཚད་གཅིག་མའི་ལུགས་ཡིན་ལ། དེ་ལ་ནི་ཆ་ཆེན་གཉིས་ཡོད་དོ། །མདའ་ཡབ་ནས་མདའ་ཡབ་ཀྱི་བར་དཀྱིལ་འཁོར་དང་བཅས་པ་ལ་དཀྱིལ་འཁོར་དུ་བྱས་ནས། དེའི་ཉིས་འགྱུར་ལ་བྱེད་ན་ནི། ཐིག་སྐུད་ཆ་ཆུང་གོ་དྲུག་པའི་ཕྱོགས་རྟ་བབས་དཔངས་སུ་སྒོ་ཚད་གསུམ་མའི་ལུགས་ཡིན་པས། དེ་ལ་ནི་ཆ་ཆེན་བཞི་ཡོད་དོ། །རྭ་ཆ་ཆུང་བཅུ་བཞི་པར་འདོད་པ་ནི་ལུགས་དེ་གཉིས་ཀ་དང་མི་མཐུན་པའོ་ཞེས་ཕྲེང་བར་བཀག་གོ །བདེ་མཆོག་ལ་རྒྱུད་གཞན་དུ་མི་གསལ་ལ། སྡོམ་འབྱུང་ལས་སྔར་དྲངས་པ་ལྟར་ཟླུམ་པོ་ནང་མའི་མཐའ་ནས་མཐའ་ལ་རེ་བཞིར་བཤད་པའི་ཆ་རེ་ནི། དེའི་འགྲེལ་པར་འབྱུང་བ་ལྟར་ཆ་ཆུང་ཡིན་པས། དབུས་ནས་རྭ་རྩེའི་བར་ལ་ཆ་ཆེན་བརྒྱད་ལས་མེད་པའི་ཕྱིར། རྟ་བབས་དཔངས་སུ་སྒོ་ཚད་


JLD009_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མའི་ལུགས་ཏེ། ཐིག་སྐུད་ཐུང་བའི་ཕྱོགས་སོ། །མཁའ་འགྲོ་རྒྱ་མཚོར། མུན་པའི་སྣམ་བུ་དེ་བཞིན་ནོ། ཞེས་མུན་སྣམ་ཆ་ཆུང་གཅིག་གཅིག་བཤད་པས་དེར། སྒོ་ལས་སུམ་འགྱུར་རྟ་བབས་ཏེ། ཞེས་བཤད་པ་ནི་དཔངས་ལ་བྱ་སྟེ། སུམ་འགྱུར་འཕྲེད་ལ་བརྩིས་ན་མུན་སྣམ་མེད་པའི་ཕྱིར་རོ། ཞེས་མཁས་པ་དག་གསུང་པ་ནི། རང་གིས་གཞན་དུ། མཁའ་འགྲོ་རྒྱ་མཚོ་ལས། མུན་པའི་སྣམ་བུ་དེ་བཞིན་ནོ། །ཀ་བའི་རྩེ་ནས་འཐོན་རྩེ་མོ། །སྣ་ཚོགས་རྡོ་རྗེ་འོད་ཆེན་པོ། ཞེས་གསུངས་པའི་རྐང་པ་ཕྱི་མ་གཉིས་ལ་བརྟེན་ནས། རྟ་བབས་དཔངས་སུ་སྒོ་ཚད་གཅིག་མར་བསྒྲུབས་པ་དང་འགལ་ལོ། །འོ་ན་རྡོ་རྗེ་ཕྲེང་བར། རྟ་བབས་དཔངས་སུ་སྒོ་ཚད་གཅིག་མ་ལ། བྲི་བྱ་ལ་མུན་སྣམ་མེད་པར་བཤད་པ་སྔ་མ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རྟ་བབས་དཔངས་སུ་སྒོ་ཚད་གཅིག་མ་ལ། མུན་སྣམ་བྱེད་པ་ནི་ལྭ་བ་པས་མཛད་པ་ལྟར། སྣམ་བུ་འོག་མའི་མཐའ་ནས་མཐའ་ལ་སྒོ་ཚད་བཞི་ཡོད་པའི་ལུགས་ཡིན་ལ། དེའི་ཚེ་སྒོ་ལས་སུམ་འགྱུར་རྟ་བབས་ཏེ། ཞེས་གསུགས་པ་ནི་ཀ་བའི་ནང་མཐའ་ནས། ནང་མཐའི་བར་ལ། རྟ་བབས་ཀྱི་རྒྱ་ཚད་དུ་བྱས་པ་ལ་དགོངས་པའི་ཕྱིར་དང༌། ཡང་ལང་ཀས། ཆུ་སྲིན་ཁ་ནས་ཆུ་སྲིན་པར། །རྟ་བབས་སྒོ་ལས་སུམ་འགྱུར་ཏེ། ཞེས་པ་དང༌། ཕྲེང་བ་ནས་བཤད་པ་ནི། ཀ་བའི་ཕྱི་མཐའ་ནས་ཕྱི་མཐའི་བར་ལ། སྒོའི་སུམ་འགྱུར་བྱེད་པའི་ལུགས་ཡིན་པའི་ཕྱིར་དང༌། དེ་ཡང་ཁུངས་ཐུབ་ཀྱི་གཞུང་ཁ་ཡར་ལས་བྱུང་བས། རྒྱུད་ཀྱི་ཁུངས་ཡོད་པར་གསལ་ལོ། །ལུགས་དེ་ལ་རཏྣ་རཀྵི་ཏས། སྒོ་ལོགས་ཀྱི་


JLD009_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དུ་མུན་སྣམ་མེད་ཀྱང༌། སྒོ་སྟེང་དུ་རྩིག་པ་ཆད་པའི་མུན་སྣམ་ཆ་ཕྲན་གཅིག་འཆད་མོད་ཀྱང་། མི་ལེགས་ཏེ། སློབ་དཔོན་དེ་ནི་ཕྲེང་བའི་རྗེས་འབྲང་དུ་འདུག་ལ། ཕྲེང་བ་ལས། དེ་ལ་བར་སྐབས་ཀྱི་སྣམ་བུ་མེད་པ་ཉིད་དོ། ཞེས་སྒོ་ཚད་གཅིག་མ་ལ། སྒོ་དང་རྟ་བབས་ཀྱི་བར་གྱི་སྣམ་བུ་བྲི་བྱ་ལ་མེད་པར་བཤད་པའི་ཕྱིར་དང༌། སྒོ་སྟེང་དུ་བྲི་བྱ་ལ་མུན་སྣམ་བྱས་པ་ནི་དེ་གཉིས་ཀྱི་བར་གྱི་སྣམ་བུ་ཡིན་པའི་ཕྱིར་རོ། །དེས་ན་ལུགས་འདི་ལ་སྒོ་ལོགས་ནང་མའི་ཐིག་གཉིས་ལ། ཆ་ཆུང་གསུམ་གསུམ་བྱས་ནས་སྒོ་སྟེང་དུ་རྩིག་རྒྱུན་མ་ཆད་པ་བྱེད་པ་དགོངས་པར་མཐོང་ངོ་། །སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབྱིབས་ནི་གྲུ་བཞི་པ་ཡིན་ལ། ཤར་ནུབ་དང་ལྷོ་བྱང་དང་ཕྱོགས་རེའི་ཚད་ནི། ཕྲེང་བར། སྣ་ཚོགས་རྡོ་རྗེའི་ལྟེ་བ་ནི་སྒོའི་ཚད་བཅུ་གཉིས་སོ། ཞེས་བཤད་པ་ལྟར་ཡིན་ལ། དེ་ལས་ཕྱོགས་ཀྱི་རྭ་འཐོན་མཚམས་ནི། དེའི་སྲིད་སྒོ་ཚད་བཞི་མ་ལྟར་ན། གཡས་གཡོན་དུ་སྒོ་ཚད་བཞི་བཞི་དོར་བའི་མཚམས་ནས་ཡིན་ཏེ། ཕྲེང་བ་ལས། རྟ་བབས་ཀྱི་གློ་རྣམས་སུ་དར་དཔྱངས་ཀྱི་སྣམ་བུའི་སྟེང་དུ་ཆུ་སྲིན་གྱི་ཁ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ནི། ཅུང་ཟད་ཕྱོགས་སུ་སོང་ནས་ཕྱིར་བྱུང་བ་དབུས་ཀྱི་རྒྱར་ཆ་ཆུང་གསུམ་དང་ལྡན་པ། སྲིད་དུ་ཆ་ཆུང་བཅུ་དྲུག་པའོ། ཞེས་དར་དཔྱངས་ཀྱི་སྣམ་བུའི་སྟེང་ནས་རྭའི་རྩ་བའི་ཆུ་སྲིན་གྱི་ཁ་ནས་རྭ་འཐོན་པར་བཤད་ལ། རྭ་ཆ་ཆུང་བཅུ་དྲུག་པ་ལ་དར་དཔྱངས་ནས་དར་དཔྱངས་ཀྱི་བར་ལ་སྒོ་ཚད་བཞི་ཡོད་ཅིང༌། ལྟེ་བའི་རྒྱ་ཚད་སྔར་ལྟར་ཡིན་པའི་ཕྱིར་རོ། །དབུས་རྭ་ལ་ཆ་ཆུང་


JLD009_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ཡོད་པ་བཞིན་དུ། ཕྱོགས་རྭ་ལའང་དེ་ལྟར་ཡིན་ཀྱང༌། ཆ་ཆུང་གཉིས་གུག་པའི་ཆ་ལ་སོང་བས། དེ་ཙམ་གྱིས་དབུས་རྭ་ཕྱིར་ལྷག་པའོ། །དེའི་ཕྱིར་གཡས་གཡོན་གྱི་རྭ་ཇི་ལྟར་སོང་བ་བཞིན་དུ། ཐག་པ་བཞག་ནས་དེ་ནས་དྲང་པོར་ཐེན་ན་དབུས་རྭ་དང་ཚད་མཉམ་དགོས་ལ། དེ་ཡང་རྭའི་ཕྱི་ཐིག་དར་དཔྱངས་ཀྱི་ཕྱི་ཐིག་ལས་མ་འདས་པའི་ནང་ཐིག་ལ་ཚད་ན་འོང་གི །དེ་ལས་རིང་བ་ནས་རྭ་སྐོར་བ་རྣམས་ཀྱི་ལུགས་ལྟར་ན་མི་འགྲིག་པ་ཤེས་དགོས་ཏེ། འདིའི་རིགས་པ་རྭ་སྒོ་ཚད་གཉིས་མའི་ལུགས་གཉིས་ལ་ཡང་འཁྱེར་དགོས་སོ། །སྔ་མ་ལ་ཕྱོགས་ཀྱི་རྭ་གསུམ་མ་བྱེད་ན། མདུན་རྒྱབ་ཏུ་མི་དགོས་ཀྱང༌། རྩེ་ལྔ་པ་བྱེད་ན་ནི་མདུན་རྒྱབ་ཏུའང་རྭ་དགོས་ལ། དེ་ནི་དབུས་རྭའི་ནང་གི་དབུས་ནས་གཞལ་བའི་རྩིས་བཏང་ན། གཡས་གཡོན་གཉིས་བཞིན་དུ། སྒོ་ཚད་གཉིས་གཉིས་སོང་བའི་མཚམས་ནས་རྭའི་ཕྱི་ངོས་ཡོད་པ་དགོས་ཏེ། རིགས་པ་འདི་དག་རྭ་སྒོ་ཚད་གཉིས་མ་ལའང་ཤེས་པར་བྱའོ། །རྡོར་དྲིལ་གྱི་ཆག་ཆད་ཀྱི་རྡོ་རྗེའི་སྐབས་སུ་ཕྱོགས་ཀྱི་རྭའི་སྲིད་དང༌། དེའི་ཕྱོགས་གཅིག་གི་ཟུག་མཚམས་ནས། ཕྱོགས་གཞན་གྱི་ཟུག་མཚམས་ཀྱི་བར་མཉམ་གསུམ་དུ་བཤད་པ་དང༌། འདིའི་ལྟེ་བ་དང་རྭའི་ཚད་མ་མཐུན་ཀྱང༌། རྣམ་གཞག་མི་གཅིག་པས་སྐྱོན་མེད་དེ། སྣ་ཚོགས་རྡོ་རྗེའི་འོག་གི་པདྨ་དང་འདྲའོ། །གཉིས་པ་ནི། རྟ་བབས་ཅི་ཙམ་ན་གནས་པ་ནི། ཕྲེང་བར་སྒོ་དང་རྟ་བབས་ཀྱི་བར་གྱི་སྣམ་བུ་ལ་མུན་སྣམ་དུ་བཤད་ཅིང༌། དེ་ལ་ཆ་ཆུང་གཅིག་བཤད་ལ། རྟ་བབས་ཀྱི་ཀ་བ་རྣམས་ནི། གཞལ་ཡས་


JLD009_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ལས་ཅུང་ཟད་རིང་བར་གནས་པར་བཤད་དོ། །གསང་ལྡན་ལས་ཀྱང༌། སྒོ་ཡི་མཚམས་དང་ཏ་ར་ན། །ཤིན་ཏུ་གཅིག་ཉིད་མི་བྱའོ། ཞེས་སྒོ་དང་རྟ་བབས་ལ་བར་སྟོང་མེད་པ་བཀག་ཅིང༌། ཤྲདྡྷཱས་ཀྱང༌། རྟ་བབས་ཡ་ཕུགས་དག་ལས་ནི། །ཆ་གཅིག་དོར་བའི། ཞེས་སྒོའི་ཡ་ཕིབས་ལས་ཆ་ཆུང་གཅིག་དོར་བར་རྟ་བབས་བྱ་བར་བཤད་དོ། །བླ་མ་ཁ་ཅིག་སངས་རྒྱས་གསང་བས། སྒོ་ཁང་ཕྱི་ཟུར་བཞི་པོ་ལ། །ཀ་བ་བཞི་བཞིས་གདུང་སྣ་ནི། །བརྒྱད་བརྒྱད་བཏེག་པ་རྟ་བབས་རྨང༌། །ཀ་གདན་ཀ་གཞུ་ཅི་རིགས་པའོ། ཞེས་ཟེར་ནས། སྒོ་ལོགས་ཀྱི་ཟུར་བཞིར་ཀ་བ་བཞི་བཙུགས་ནས། རྟ་བབས་སྒོ་ཁང་གི་སྟེང་དུ་ཡོད་པར་བཞེད་པ་འདྲ་ཞིང་དེ་བཞིན་དུ་བོད་ཁ་ཅིག་ཀྱང༌། སྒོ་ཁང་གི་སྟེང་ན་ཡོད་པར་བཞེད་པ་ནི་མི་འཐད་དེ། ཞེས་ཤཱཀྱ་བཤེས་གཉེན་དང་ཚུལ་ཁྲིམས་བསྐྱངས་ཀྱིས། གཞལ་ཡས་ཁང་གི་སྒོ་ཡི་ཕྱི་རོལ་དུ་བྱ་བར་བཤད་པའི་ལུང་གིས་འགོག་ཅིང༌། རྟ་བབས་ཀྱི་ཀ་བ་ལ་དཔངས་སུ་ཆ་བྲན་ལྔ་ལས་མེད་པའི་ཕྱིར། དེས་བཏེག་པའི་རྟ་བབས་སྒོ་ཁང་གི་སྟེང་དུ་མི་སླེབ་ཅིང་། སླེབ་ན་གཞལ་ཡས་ཁང་གི་དཔངས་ལ་ཆ་ཆུང་ལྔ་ལས་མེད་པར་འགྱུར་ཏེ། གཞལ་ཡས་ཁང་གི་མདའ་ཡབ་ནི་སྒོ་ལོགས་ཀྱི་རྩེ་མོའི་བར་དུ་ཡོད་པའི་ཕྱིར་རོ། ཞེས་གསུང་བའི་དང་པོ་ནི་ཕྱོགས་སྔ་སྨྲ་བ་སངས་རྒྱས་གསང་བ་ཡིན་ན། དེས་དེ་གཉིས་ཀྱི་ལུང་ཚད་མར་འདོད་པར་སྒྲུབ་མི་ནུས་པས། ལུང་གིས་འགེགས་པ་མི་འཐད་ཀྱང༌། གནོད་པ་ཕྱི་མ་ནི་ལེགས་སོ། །རང་ལུགས་ནི་སྒོ་སྟེང་དུ་རྟ་བབས་འོང་བར་བཤད་པ་དེ་སངས་རྒྱས་གསང་བའི་ལུགས་ཡིན་ཟེར་ཡང༌། ཐེ་ཚོམ་


JLD009_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཞིར་སྣང་ཞིང༌། ཁུངས་ཐུབ་ཀྱི་གཞུང་གཞན་ཡང་མེད་ལ། ལུང་ལ་བརྟེན་པ་ཡང་དགོས་ཏེ། ལུང་ཡང་ཕྱོགས་གཞན་མང་ངོ་། །རྟ་བབས་སྒོ་སྟེངས་སུ་འོང་ན། དེ་དག་གི་ལུགས་ཀྱིས་ཀྱང་མུན་སྣམ་འདོད་དགོས་པས། དེ་འདི་འདྲ་བ་ཞིག་གི་བར་སྟོང་གི་སྣམ་བུ་ཡིན་ཞེས་སྨྲ་མི་ནུས་སོ། །ཆ་བྲན་ལྔ་པའི་ཀ་བ་འོག་གཞི་ནས་འཛུགས་ན་ནི། སྔར་གྱི་རིགས་པས་གནོད་ལ། བྲི་བྱ་ལ་དེ་ལྟར་འོང་ཡང་གནས་ཚོད་ལ་སྒོ་སྟེངས་ནས་རྟ་བབས་འདེགས་བྱེད་དོ། ཞེས་ཀྱང་སྨྲ་མི་ནུས་ཏེ། འོག་གཞི་ནས་འཛུགས་པ་བྲི་བྱ་ལ་ཡོད་ལ། དེ་ལྟར་ཁས་བླངས་པ་ལ་གནོད་པའང་ཅི་ཡང་སྟོན་རྒྱུ་མེད་པས་སྐྱོན་དེ་ནི་འོང་བ་ཡིན་ནོ། །རྡོ་རྗེ་ཕྲེང་བ་ལས། རྟ་བབས་དཔངས་སུ་སྒོ་ཚད་གཅིག་མ་ལ་བར་སྐབས་ཀྱི་སྣམ་བུ་མེད་པར་གསུངས་པ་ནི། བྲི་བྱ་ལ་དགོངས་ཀྱི་དོན་ལ་མེད་པ་མིན་ཏེ། དཔངས་སུ་སྒོ་ཚད་གསུམ་མ་ལ་བར་སྐབས་ཀྱི་སྣམ་བུ་ཡོད་པ་དང་ཀུན་ནས་མཚུངས་པའི་ཕྱིར་རོ། །གསང་ལྡན་གྱི་ཐིག་རྩ་སྨྲི་ཏིས་མཛད་པ་ལས་ཀྱང༌། རྟ་བབས་སྒོ་ཚད་གཅིག་མ་ལ། སྒོ་དང་བར་དུ་ཆ་ཆུང་གཅིག །བྱས་པ་དེ་གསང་ལྡན་གྱི་དགོངས་པ་ཡིན་ལ། ཤདྡྷཱས་ཀྱང་དེ་ལྟར་བཤད་པ་ལྟར་བར་སྟོང་དོན་ལ་ཡོད་དོ། །ཤྲད་དྷཱས། རྟ་བབས་ཡ་ཕུབས་དག་ལས་ནི། །ཆ་གཅིག་དོར་བའི་ཆ་ཆེན་ཚད། །མཆུར་ནི་ཆ་ཆེན་བཞི་པ་སྟེ། ཞེས་བཤད་པ་ལྟར་ན། དཔངས་སུ་སྒོ་ཚད་གཅིག་མ་ལའང་མུན་པ་དང་དར་དཔྱངས་ཀྱི་སྣམ་བུ་ཡང་བྱས་ས་ཡོད་ལ། ཕྲེང་བའི་ལུགས་འཆད་པ་ན་བྲི་བྱ་ལ་མུན་སྣམ་མེད་པར་བཤད་པ་ལྟར་བྱེད་དགོས་སོ། །ལཱུ་ཨི་པའི་གཞུང་ནས་རྟ་བབས་དང་གཞལ་ཡང་ཁང་


JLD009_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐོར་མ་བཤད་ལ། དེའི་དགོངས་པ་བཞིན་འཆད་པའི་རྒྱལ་བ་བཟང་པོས། ཆུ་སྲིན་ཁ་ནས་ཆུ་སྲིན་བར། །རྟ་བབས་སྒོ་ལས་སུམ་འགྱུར་ཏེ། །སྟེགས་བུ་བུམ་པའི་སྟེང་གནས་པའི། །རྟ་བབས་ཀ་བ་དྲང་པོར་བྱ། ཞེས་བཤད་ཅིང་ཨ་བྷྱཱ་ཀ་རའི་དགོངས་པ་ནི་ལཱུ་ཨི་པ་ལ་ཡང༌། ཐིག་སྐུད་རིང་ཐུང་གང་བྱས་ཀྱང་འདྲའོ། །དཱ་རི་ཀ་པའི་དཀྱིལ་ཆོག་ལས། དགུ་ཡིས་རྟ་བབས་ཀ་བར་བཅས། ཞེས་པའི་དོན་ཡང༌། མཁས་པ་དག་ཀ་བ་ལ་ལྔ་དང༌། རྟ་བབས་དངོས་ཀྱི་དཔངས་ལ་བཞི་སྟེ་ཆ་བྲན་དགུར་འཆད་དོ། །ནག་པོ་སྤྱོད་པའི་དཀྱིལ་ཆོག་ལས། གྲྭ་ནས་ཐིག་གིས་བསྐོར་བ་དག །རྟ་བབས་ཀྱི་ནི་གནས་སུ་བྱ། ཞེས་མདའ་ཡབ་ཀྱི་ཟུར་ནས་ཟླུམ་པོར་བསྐོར་བའི་ནང་རྟ་བབས་ཀྱི་གནས་སུ་བཤད་ལ། དེ་ལ་ཆ་བྲན་བཅུ་ཡོད་པ་རགས་རྩིས་སུ་བྱས་ནས། དཔངས་སུ་སྒོའི་སུམ་འགྱུར་དུ་བྱས་ན་དགོངས་པར་འགྲོ་གསུང་བ་ལྟར་ཡིན་པས། དེའི་བཞེད་པ་ཐིག་སྐུད་རིང་བའི་ཕྱོགས་སུ་བྱའོ། །འདི་ནི་རྡུལ་ཚོན་གྱིས་འདྲི་བ་ལ་བདེ་ཡང༌། ཐིག་ཚོན་བྱིན་རླབས་བྱས་ནས་ཐིག་བཤད་ཚོད་བཞིན་བཏབ་སྟེ། ལྷ་རེ་གཉིས་པའི་དཀྱིལ་འཁོར་འདྲི་ན། རས་གཞི་ཤིན་ཏུ་ཆེན་མ་གཏོགས་པ། རྟ་བབས་སྒོ་ཚད་གཅིག་མ་ལ་བྱས་ན་བྲི་བ་བདེ་བས། རྣམ་གཞག་གཉིས་ཀ་ཤེས་པར་བྱའོ། །སྣམ་བུ་ལྔ་པ་དང་བདུན་པ་གཉིས་ཆ་ཆུང་ཕྱེད་དང་གཉིས་པ་དང༌། གཞན་དགུ་རེ་རེ་བར་འདྲ་བའི་གཉིས་མཉམ་དགུ་མཉམ་དང༌། སྣམ་བུ་གསུམ་པ་བདུན་པ་དགུ་པ་གསུམ་ཆ་ཆུང་རེ་རེ་དང༌། བཞི་པ་དྲུག་པ་བཅུ་པ་གསུམ་ཆ་ཆུང་ཕྱེད་དུ་དང༌། ལྷག་མ་ལྔ་ཕྱེད་དང་གཉིས་པར་མཉམ་པའི་ལྔ་མཉམ་གསུམ་


JLD009_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཉམ་སྟེ་གཉིས་དང་དུས་འཁོར་ནས་གསུངས་པའི་རྟ་བབས་དང༌། སྒོ་ཚད་གཅིག་མ་ལ་ལྔ་མཉམ་གསུམ་གསུམ་མཉམ་གཅིག་སྟེ། རྟ་བབས་མི་འདྲ་བ་བཞི་བཤད་ལ། སྣམ་བུ་ནི་བཅུ་གཅིག་པར་བཤད་དོ། །རྟ་བབས་ཀྱི་དཔངས་སུ་སྒོ་ཚད་གཉིས་མ་ཡང༌། རྒྱ་གར་བ་འགའ་ཞིག་གིས་བཤད་ལ། ཤཱནྟི་པས་ཀྱང་དཔངས་སུ་ཇི་ལྟར་མཛེས་པར་བྱ་བར་བཤད་དོ། །རྟ་བབས་ཀྱི་ཀ་བའི་གྲངས་ལ། བོད་སྔ་མ་རྣམས་ཕྱོགས་རེར་བཞི་བཞིར་འདོད་པ་ལ་ཁ་ཅིག་གིས་དེ་མི་འཐད་དེ། རྡོ་རྗེ་འབྱུང་བར། རྟ་བབས་བཞི་དང་ཀ་བ་བརྒྱད། ཅེས་དང༌། མན་སྙེ་ལས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་རྟ་བབས་ཀྱི་ཀ་བ་བརྒྱད་དོ། ཞེས་བཤད་པས་སོ། །ཐམས་ཅད་གསང་བའི་རྒྱུད་ལས། ཡང་དག་སྤོང་བ་བཞི་པོ་ནི། །རྟ་བབས་རྣམས་དང་ཀ་བར་འབྱུང༌། ཞེས་ཀ་བ་བཞིར་བཤད་པ་དང་མི་འགལ་ཏེ། དེའི་འགྲེལ་པར་ཤཱནྟི་པས། ཡང་དག་སྤོང་བ་བཞི་པོ་ནི་རྟ་བབས་དང་ཀ་བ་ཟུང་གིའོ། ཞེས་རྟ་བབས་རེ་རེ་ལ་ཀ་བ་གཉིས་གཉིས་སུ་གསལ་བར་གསུངས་པའི་ཕྱིར་རོ། ཞེས་གསུང་མོད་ཀྱང༌། མན་སྙེ་ལས། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པས། སྒོ་ཁྱུད་རྣམས་སོ་ཞེས་ཀླུའི་བློའི་ཞབས་སོ། ཞེས་གསུངས་པ་བཞིན། ཀླུ་བྱང་གི་དཀྱིལ་ཆོག་ལས། ཕྱོགས་རེའི་སྒོ་ཁྱུད་གཉིས་ཕྱོགས་དེའི་སྒོ་ཁྱུད་ཅེས་གཅིག་ཏུ་བགྲངས་པ་ལ་དགོངས་ནས། སྒོ་ཁྱུད་བཞིར་གསུངས་པ་བཞིན། རྟ་བབས་ཀྱི་ཕྱོགས་རེར་ཀ་བ་བཞི་བཞི་ཡོད་ཀྱང༌། གཡས་གཡོན་གྱི་ཀ་བ་གཉིས་སུ་སྡུད་པ་ལ་དགོངས་ནས། རྣམ་ཐར་དང་ཡན་ལག་བརྒྱད་ཀྱི་རྣམ་དག་གསུངས་ལ།


JLD009_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་ཡང་དག་སྤོང་བའི་རྣམ་དག་གསུངས་པ་ཡང་མི་འགལ་ཏེ། དབྱེ་བསྡུ་ཡིན་པའི་ཕྱིར་དང༌། ཕྱོགས་རེར་ཀ་བ་བཞི་བཞི་མེད་ན་ཀ་བ་གཉིས་ཙམ་ལ་རྟ་བབས་སྡོད་པ་ཤིན་ཏུ་མི་བདེ་བའི་ཕྱིར་རོ། །ཕྲེང་བར་རྟ་བབས་ཀྱི་གཡས་གཡོན་དུ། ཧ་ཅང་ཐག་མི་རིང་བར་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་རྣམས་ཏེ། རིན་པོ་ཆེ་སྣ་བདུན་དང་ལྡན་པའོ་ཞེས་བཤད་པའི་འཁོར་ལོ་ནི་རྩིབས་བརྒྱད་སེར་པོ་དང༌། གླང་པོ་ཆེ་ནི་མཆེ་བ་དྲུག་པ་དཀར་པོ་དང༌། རྟ་ལྗང་གུ་དང༌། བུད་མེད་ལོ་བཅུ་དྲུག་པའི་རྣམ་པ་སྔོ་བསངས་དང༌། ནོར་བུ་རྩེ་དྲུག་པ་སེར་པོ་དང༌། ཁྱིམ་བདག་དམར་པོ་མཛོད་མི་ཟད་པ་དང་ལྡན་པ་དང༌། དམག་དཔོན་ནག་པོ་གོ་ཆ་དང་བཅས་པ་མདུང་དང་རལ་གྲི་འཛིན་པར་དགོངས་པ་རབ་གསལ་ལས་བཤད་ལ། མདོ་ལས་ནོར་བུ་སྔོན་པོ་ཟུར་བརྒྱད་པར་བཤད་དོ་ཞེས་འཆད་པ་ལྟར་བྱའོ། །བར་བར་དུ་གྲུབ་པ་ཐོབ་པ་རྣམས་དང༌། སྤྲིན་གྱི་སྦུབས་ལས་བྱུང་བའི་ལྷའི་ལུས་ཅན་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་བྱ་སྟེ། འདི་རྣམས་ནི་བྲིས་སྐུ་དང་ཁང་པ་བསླང་བ་སོགས་ལ་དགོས་པས་བྲིས་སོ། །གཉིས་པ་ལ་གཉིས། མདའ་ཡབ་ནས་རྩིག་པའི་བར་བཤད་པ་དང༌། ནང་གི་འཁོར་ལོ་རྣམས་དང་ཐོག་བཤད་པའོ། །དང་པོ་ནི། གཞལ་ཡས་ཁང་གི་མཚན་ཉིད་ནི། མངོན་བརྗོད་ལས། ཁང་པ་བརྩེགས་པ་རྣམ་པར་བསམ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་གཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཀྱིས་མཛེས་ཤིང༌། །བ་དན་ཕྲེང་བས་རྣམ་པར་བརྒྱན། །ཟུར་གྱི་ཆ་ནི་ཐམས་ཅད་དང༌། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་པ། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བོ། ཞེས་


JLD009_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ། དེ་དག་གི་ཚད་ནི་རྡོ་རྗེ་མཁའ་འགྲོ་ལས། སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་རུ། །མུ་ཁྱུད་མེད་པར་འདོད་པ་ཡིན། །སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དེ། །དེ་ཡི་ཕྱེད་ཀྱིས་འགྲམ་པ་བྱ། ཞེས་དང༌། མཁའ་འགྲོ་རྒྱ་མཚོར་ཡང༌། སྒོ་འཁོར་ལོའི་བརྒྱད་ཆར་གསུངས་ཏེ། འདིས་ནི་རྩ་ཐིག་ནས་རྩ་ཐིག་གི་བར་ཆ་ཆེན་བརྒྱད་དུ་ཡང་སྟོན་ནོ། །མུ་ཁྱུད་མེད་པ་ནི་སྒོའི་ཐད་ཀར་འདོད་སྣམ་མེད་པའོ། །མཁའ་འགྲོ་རྒྱ་མཚོ་ལས། སྒོ་ལོགས་དང་འདོད་སྣམ་སྒོ་ཚད་ཕྱེད་དང༌། ཀྲ་མ་ཤིར་ཥ་དེའི་ཡང་ཕྱེད་དུ་བཤད་དེ། དྲ་བ་དྲ་ཕྱེད་ཀྱི་སྣམ་བུ་ཡང་དེ་དང་འདྲ་ལ། རྩིག་པ་དང་ཕ་གུ་དང་ཤར་བུའི་སྣམ་བུ་ནི་ཆ་ཆུང་རེ་རེ་བར་སྡོམ་འབྱུང་གི་ཐིག་གི་སྐབས་ལས་ཤེས་སོ། །འགྲམ་ལོགས་སྒོ་ཚད་ཕྱེད་ཕྱེད་དུ་མཉམ་པ་ནི། རྟ་བབས་ཀྱི་དཔངས་སྒོ་ཚད་གསུམ་མ་ལ་བྱ་སྟེ། ཀླུ་བྱང་གིས་གསུམ་ག་ཚད་མཉམ་དུ་ཡང་བཤད་དོ། །དེ་ལ་རྩིག་པ་ནི་ཕྱི་ནང་དུ་ལྔ་སྦྲག་ཏུ་ཡོད་པ་དང༌། སྟེང་ནས་སྟེང་དུ་བརྩེགས་པའི་རྣམ་པར་བྱེད་པའི་འདོད་ཚུལ་གཉིས་ལས། དང་པོ་ལྟར་བྱ་སྟེ། བྲི་བྱ་ལ་ཡོད་པ་ལྟར་སྒོམ་དོན་ལ་ཁས་བླངས་པ་ལ་གནོད་པ་མེད་པའི་ཕྱིར་དང༌། ཕྱི་མ་ལྟར་ན་རྩིག་ཞེང་ཧ་ཅང་འཕྲོས་པའི་སྐྱོན་ཡོད་པའི་ཕྱིར་ཏེ། ཞེང་ལ་རྩིག་པའི་ལྔ་ཆ་གཅིག་ལས་མེད་དགོས་པའི་ཕྱིར་རོ། །རྩིག་པ་དེའི་ཞེང་ཚད་ནི། བཞི་བརྒྱ་ལྔ་བཅུ་པ་ལས། སྒོའི་ཉི་ཤུ་ཆར་ཡང་གསུངས་ལ། རི་མོ་ཕན་ཚུན་ནས་གང་གིས། །མ་རེག་པར་ནི་བྲི་བར་བྱ། ཞེས་བཤད་པ་ལ་བོད་ཁ་ཅིག །རེ་ཁའི་སྦོམས་སུ་སྒོའི་ཉི་ཤུ་ཆ་ཡིན་ལ། རྩིག་པ་ལྔ་ག་བསྡོམས་པས་སྒོའི་བཞི་ཆ་


JLD009_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེད་པས། བར་སྟོང་གཞག་ས་མི་འོང་བའི་ཕྱིར། ནང་འགལ་ལོ་ཞེས་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟར་ན་སྡོམ་འབྱུང་ལས། རི་མོ་ཕན་ཚུན་དག་གི་བར། །ནས་ཙམ་དུ་ནི་གདབ་པར་བྱ། ཞེས་གསུངས་པ་ལ་ཡང་ནང་འགལ་ཡོད་པར་འགྱུར་ཏེ། རྩིག་པ་ལ་སྒོའི་བཞི་ཆ་ལས་མེད་པ་དེའི་ཡང་ལུགས་ཡིན་པས། རྩིག་ཞེང་ལ་ཆ་ལྔར་བགོས་པ་ན་སྒོའི་ཉི་ཤུ་ཆར་འགྱུར་བའི་ཕྱིར་རོ། །དེས་ན་དེ་གཉིས་ནི་རྩ་ཐིག་ཁྲུ་གང་པའི་དབང་དུ་མཛད་པ་སྟེ། དེ་ལ་སྒོའི་བཞི་ཆ་གཅིག་ལ་ནས་ལྔ་དང༌། ནས་གཅིག་གི་བཞི་ཆ་ལས་མེད་པས་རི་མོ་རེ་རེའི་ཞེང་གི་ཕ་མཐའ་ནས་ཚུར་མཐའི་བར་ལ། ནས་རེ་རེར་བྱེད་པའི་དོན་ཡིན་གྱི། རི་མོ་གཉིས་གཉིས་ཀྱི་བར་ན་ནས་རེ་རེ་ཡོད་པར་འདོད་པ་མིན་ནོ། །ནས་གཅིག་གི་བཞི་ཆ་ཡོད་མོད་ཀྱང་དེ་བཏང་སྙོམས་སུ་བཞག་ནས་རགས་རྩིས་མཛད་པའོ། །མ་རེག་པ་ནི་དཱ་རི་ཀ་པས། ནས་གང་གིས་ནི་མ་འདྲེས་པས། །རི་མོ་ཀུན་ཏུ་བྲི་བར་བྱ། ཞེས་གསུངས་པ་ལྟར་ཚོན་ཕན་ཚུན་མ་འདྲེས་པའི་དོན་ཡིན་གྱི། མ་རེག་པའི་བར་སྟོང་སྟོན་པ་མིན་ནོ། །ཤཱནྟི་པས་ནས་གང་གིས་མ་རེག་པ་ཞེས་པ་ནི། འོག་གི་ཆའི་ཚད་དེ་སྟེང་དུ་ཇི་ལྟར་མཛེས་པར་བྱའོ། ཞེས་པ་ནི་བྲི་བྱ་ལ་རྩིག་པའི་རྩ་བ་སྦོམ་པས། ནས་གང་གི་ཚད་ཡོད་པ་ལྟར་རྩེ་མོ་ལ་མེད་པ་ལ་དགོངས་ཀྱི་སྒོམ་དོན་ལ་མིན་ནོ། །ཕྱི་ནང་གི་ཁ་དོག་ནི། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་གཉིས་ཀ་ལས། ཕྱི་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བར་བཤད་དོ། །རིམ་པ་འདི་ཡང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གསལ་བར་ཡོད་ན་དེའི་ཁ་དོག་དང༌།


JLD009_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེད་ན་ཕྱོགས་དེའི་ལྷའི་རིགས་བདག་གི་ཁ་དོག་གིས་ཤར་ནས་དབུས་བར་དུ་གཡས་སྐོར་གྱིས་བསྐོར་བ་དང་མཐུན་པར། རྩིག་པའི་ཕྱི་མ་ནས་ནང་མའི་ཁ་དོག་ཏུ་བྱ་བར་ཕྲེང་བར་བཤད་ལ། འདི་ལ་མི་འདྲ་བའི་ཁྱད་པར་གཞན་ཡོད་པ་ནི་འཆད་པར་འགྱུར་རོ། །རྩིག་པ་ལྔ་ནི་ཕྱོགས་མདོག་གིས་མི་འབྱེད་ལ། ལོགས་ཀྱི་རྩིག་པ་ཐད་ཀར་ཇི་ཙམ་དུ་འགྲོ་བ་ནི། འགྲམ་ལོགས་སྒོ་དང་མཉམ་པ་ལྟར་ན་སྣ་ཚོགས་རྡོ་རྗེའི་ལྟེ་བ་དང་ཁ་ད་ཆད་དུ་འགྲོ་ཞིང༌། རྩིག་གདོང་ལྔ་ཡང་མཉམ་མོད་ཀྱང༌། འགྲམ་ལོགས་སྒོ་དང་མི་མཉམ་པ་ལ་ནི། འོག་གི་རྩིག་གདོང་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཟད་མཚམས་བར་ལ། ཆ་ཆུང་གཅིག་ཡོད་ཅིང༌། འོག་གི་སྒོ་ལོགས་ཀྱི་གདོང་ངོས་ཀྱི་རྩིག་པ་ལྔ་རིང་ཐུང་དུ་ཡོད་ལ། དེ་རྣམས་ཅུང་ཟད་རེ་ངོས་སུ་འོང་བ་བྱས་ན་མཛེས་སོ། །རྩིག་པའི་དཔངས་ནི་འཆད་པར་འགྱུར་རོ། །ཁ་ཅིག་ན་རེ། སྒོ་ལོགས་ཀྱི་རྩིག་པ་ནང་མའི་རྩེ་ནས། དེའི་རྩེ་གཞན་གྱི་བར་དང༌། རྩིག་པ་ཕྱི་མའི་རྩེ་ནས་རྩེ་གཞན་གྱི་བར་གྱི་རྩིག་ཞེང་ལ་ཆ་བྲན་གཅིག་བྱུང་བ་དེ་བྲི་བྱ་ལ་ཡིན་གྱི། བསྒོམ་བྱ་ལ་སྒོ་ལོགས་ཀྱི་གདུང་ཆ་ཆུང་བརྒྱད་པའི་སྟེང་དུ་ཡོད་པས། སྒོ་དང་རྟ་བབས་ཀྱི་བར་ན་བར་སྟོང་ཆ་ཆུང་གཉིས་ཡོད་ཅེས་ཟེར་རོ། །དེའི་རྒྱུ་མཚན་དུ་ཡ་ཕུབས་འདེགས་པའི་གདུང་སྒོ་ལོགས་ཀྱི་གདོང་དུ་བྱས་ནས་བྲི་བྱ་ལ་ཡོད་པ་བཞིན་དུ་བཞེངས་པ་ལ་ཡང༌། དེའི་སར་རྩིག་པ་ཡོད་པ་བྱས་ན་གདུང་གིས་ཀ་བའི་རྩེར་མི་སླེབ་པར་འགྱུར་ཏེ། ཕྲེང་བ་དང་སྡོམ་འབྱུང་འགྲེལ་པ་དང༌། བི་བྷུ་ཏིའི་དཀྱིལ་ཆོག་ལས་སྒོ་ལོགས་ནང་མའི་རྩེ་ནས་རྩེ་གཞན་གྱི་བར་ཆ་ཆུང་བརྒྱད་པའི་ཐིག་ནི་གདུང་མཚོན་


JLD009_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པར་བཤད་པའི་ཕྱིར་རོ། །འོ་ན་གདུང་སྒོ་ལོགས་ཀྱི་རྩིག་གདོང་དུ་མ་བྱས་པར་སྒོ་ལོགས་ཀྱི་ནང་གི་ཐད་ཀ་གཉིས་སུ་བཙུགས་པས་ཆོག་གམ་སྙམ་ན། དེ་ལྟར་ན་ཡ་ཕུབས་ཀྱི་རྩིག་པ་ལ་ཆ་ཆུང་བཅུ་མེད་པར་འགྱུར་ཏེ། རྩིག་པ་བར་སྣང་ལ་ལིང་དེ་སྡོད་དུ་མི་འདོད་པའི་ཕྱིར་རོ། ཞེས་སྨྲའོ། །འདི་ལེགས་པ་མ་ཡིན་ཏེ་གདུང་ཆ་ཆུང་བརྒྱད་པར་ངེས་པ་དང༌། ངོས་སུ་འོང་བའི་རྩིག་པ་ཆ་ཆུང་བཅུ་པར་རང་ཉིད་ཀྱང་འདོད་བཞིན་དུ། གདུང་མེད་པའི་སར་རྩིག་པ་བར་སྣང་ལ་སྡོད་མི་ཉན་པ་རྒྱུ་མཚན་དུ་བྱས་ནས། སྒོ་ལོགས་ཀྱི་གདོང་ནས་གདོང་གཞན་གྱི་བར་དུ་གདུང་བྱེད་ན་གདུང་ལ་ཆ་བྲན་བརྒྱད་ལས་མེད་པས་དེའི་བར་དུ་དེས་མི་སླེབ་པ་དང༌། སྒོ་ལོགས་ཀྱི་རྩིག་པ་ནང་མའི་རྩེ་ནས་རྩེ་གཞན་གྱི་བར་དུ་གདུང་ཡོད་པ་བྱེད་ན། རྩིག་པ་ལ་ཆ་ཆུང་བཅུ་ཡོད་པས་གདུང་མེད་པའི་མཐའ་གཉིས་སུ་རྩིག་པ་ཆ་བྲན་རེ་རེ་བར་སྣང་ལ་སྡོད་དགོས་པའི་སྐྱོན་རང་ལའང་འཇུག་པའི་ཕྱིར་ཏེ། རང་ལུགས་ལའང་རྩིག་པ་ལ་ཆ་ཆུང་བཅུ་ཡོད་ཅིང༌། གདུང་ལ་ཆ་ཆུང་བརྒྱད་ལས་མེད་ལ་གདུང་གིས་མ་བཏེག་པའི་རྩིག་པ་ཡང་མེད་པར་འདོད་པའི་ཕྱིར་རོ། །དེས་ན་དེ་ནི་གདུང་ཆ་ཆུང་བརྒྱད་པར་བཤད་པས་འཁྲུལ་གཞི་བྱས་འདུག་པས། དེའི་དོན་ནི་སྟེང་གི་སྒོ་ལོགས་གཉིས་ཀྱི་རྩིག་པ་ལྔ་པོ་རིང་ཐུང་དུ་ཡོད་པ་བཞིན་དུ་ཞེང་དུ་ཆ་ཆུང་གཅིག་པའི་གདུང་ཡང་བསེགས་ཁར་བྱ་དགོས་ལ། དེའི་ཚེ་གདུང་གི་ནང་གི་མཐའ་ནས་མཐའི་བར་ཆ་ཆུང་བརྒྱད་དང༌། དེའི་ཕྱི་མཐའ་ནས་ཕྱི་མཐའི་བར་ལ་ཆ་ཆུང་བཅུ་ཅུང་མེད་ཅིག་ཡོད་དེ། དཔེར་ན་ཕྲེང་བར་སྒོ་ལོགས་ཕྱི་མའི་རྩེ་ནས་གཞན་གྱི་རྩེའི་བར་གྱི་ཐིག་


JLD009_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆ་ཆུང་བཅུ་ཡོད་པར་བཤད་ཅིང༌། དེ་ཉིད་ཚོན་སྣ་ལྔའི་སར་ཡང་གསུངས་པ་ལ། ཚོན་སྣ་ཕྱི་མ་མ་གཏོགས་པ་ནང་མ་བཞིའི་ས་ལ་ཆ་ཆུང་བཅུ་ཡོད་མི་དགོས་པ་བཞིན་དུ་གདུང་ཆ་ཆུང་བརྒྱད་པ་ཡང་ནང་གི་འགྲོ་མཚམས་ཡིན་གྱི་ཕྱི་ལ་ཚད་དེར་ངེས་མི་དགོས་སོ། །སྡོམ་འབྱུང་འགྲེལ་པ་ལས་ཀྱང༌། ཆ་ཆུང་བརྒྱད་པའི་སྟེང་དུ་གདུང༌། །ཆ་ཆུང་བཅུ་པར་ཤེས་པར་བྱ། ཞེས་གདུང་ཆ་ཆུང་བཅུ་པར་བཤད་པ་ཡང་ཡོད་དོ། །སྒོ་ལོགས་ཀྱི་གདུང་གི་འོག་གི་ཀ་བ་གཉིས་གཉིས་ནི་ཐིག་ལ་མ་ཤར་ཡང་དོན་ལ་ཡོད་པར་བཤད་དེ། ཕྲེང་བ་ལས། གདུང་གི་འོག་ཏུ་ཀ་བ་གཉིས་མ་བྲིས་ཀྱང་བསྒོམ་བྱའི་དཀྱིལ་འཁོར་ལ་རིག་པར་བྱ་སྟེ། གྲུབ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། ཞེས་པའི་ལུང་གིས་སོ། །འདིར་དཀྱིལ་འཁོར་གྱི་ནང་གི་ཀ་བ་བརྒྱད་ནི་མ་གསུངས་ཏེ། དེ་དག་ནི་བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་ལ་མེད་ལ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་ཞེས་པའི་མཚན་ཉིད་འདི་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པས་སོ། ཞེས་གསུངས་སོ། །འདི་ལ་བོད་ཁ་ཅིག་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་གསུངས་པ་ནི། པཎྜི་ཏས་ཐུགས་མཉམ་པར་མ་བཞག་པ་སྟེ། དཀྱིལ་འཁོར་གྲུ་བཞི་སྒོ་གཅིག་པ་དང་ཟླུམ་པོ་སྒོ་བཞི་པ་སོགས་བཤད་ཅིང༌། མཁའ་འགྲོ་རྒྱ་མཚོ་ལས། འཁོར་ལོ་གསུམ་ལ་ཀ་བ་སྦྱིན་པ་དང༌། མངོན་བརྗོད་ལས། རེའུ་མིག་དགུ་པའི་བདེ་མཆོག་གི་དཀྱིལ་འཁོར་ཡང་བཤད་པས། བདེ་མཆོག་གི་དཀྱིལ་འཁོར་འགའ་ཞིག་ལ་ཡང་ནང་དུ་ཀ་བ་འོང་དགོས་པ་ཡོད་པའི་ཕྱིར་རོ། ཞེས་


JLD009_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བ་ནི་ཕྱོགས་སྔ་མ་ལོན་པར་སྣང་བས་རིགས་པ་མ་མཐོང་ངོ༌། །ཕྲེང་བའི་ལུང་དེས་དཀྱིལ་འཁོར་ཀུན་གྱི་ཁྱབ་བྱེད་དུ་བཤད་པ་ནི། ཀ་བ་བརྒྱད་ཀྱིས་མཛེས་པ་གཅིག་པུ་བཤད་ཀྱི། སྒོ་བཞི་དང་གྲུ་བཞི་པ་ཁྱབ་བྱེད་དུ་བསྟན་པའི་ཚིག་ཅུང་ཟད་ཀྱང་མེད་ལ། ཁྱབ་བྱར་བསྟན་པའི་དཀྱིལ་འཁོར་ཀུན། ཞེས་པ་ཡང༌། དཀྱིལ་འཁོར་ཙམ་མིན་གྱི་གྲུ་བཞི་པ་ལ་སྒོ་བཞི་པ། ཞེས་བཤད་པའི་གྲུ་བཞི་སྒོ་བཞི་པའི་དཀྱིལ་འཁོར་ཀུན་ལ་བྱེད་པར་ཤིན་ཏུ་གསལ་བས། དཀྱིལ་འཁོར་གྲུ་བཞི་སྒོ་གཅིག་པ་སོགས་རྒྱུད་ལས་བཤད་པས་ཅི་ཡང་མི་གནོད་དོ། །དེ་ལྟ་མ་ཡིན་ན་ཕྲེང་བ་ཉིད་ནས་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་བཞི་པ་ཟླུམ་པོར་བཤད་པ་ཡང་དེས་མ་དྲན་པར་འགྱུར་རོ། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་ལ་ཀ་བ་བརྒྱད་ཀྱིས་མཛེས་པས་ཁྱབ་ཀྱང༌། དེའི་དོན་ནི་སྒོ་ལོགས་ཀྱི་གདུང་གི་འོག་གི་ཀ་བ་བརྒྱད་ལ་བཤད་མི་དགོས་ཀྱི། དཀྱིལ་འཁོར་གྱི་ནང་གི་ཀ་བ་བརྒྱད་ལ་བྱའོ་སྙམ་པ་ལ། དེ་དག་ནི་བདེ་མཆོག་ལ་མེད་པར་གསུངས་པ་ནི། བདེ་མཆོག་གི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་ན་ཀ་བ་བརྒྱད་གཏན་མེད་པར་སྨྲ་བ་མིན་གྱི། ལྷ་དྲུག་ཅུ་རེ་གཉིས་པ་ལྟ་བུའི་དཀྱིལ་འཁོར་ལ་དགོངས་སོ། །དཀྱིལ་འཁོར་དེའི་འཁོར་ལོ་གསུམ་ལ་ཀ་བ་བརྒྱད་ཚན་གསུམ་ཡོད་དུ་ཆུག་ཀྱང༌། དེ་ནི་གཞིའི་དམ་ཚིག་གི་དཀྱིལ་འཁོར་གྲུ་བཞི་པ་སྒོ་བཞི་པ་དེའི་སྒོས་ཀྱི་ཀ་བ་མིན་ལ། གྲུ་བཞི་པ་ལ་སྒོ་བཞི་པ། ཞེས་པ་ཁྱབ་བྱར་བྱས་པའི་ཁྱབ་བྱེད་ཀ་བ་བརྒྱད་ཀྱིས་མཛེས་པའི་ཀ་བ་བརྒྱད་ནི། གྲུ་བཞི་སྒོ་བཞི་པ་དེའི་སྒོས་ཀྱི་ཀ་བ་ཡིན་


JLD009_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ལ་རྩོད་པའི་སྐབས་ཡིན་པའི་ཕྱིར་རོ། །བདེ་མཆོག་གི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་གཞན་ལ་དེའི་སྒོས་ཀྱི་ཀ་བ་བརྒྱད་བྱུང་བ་དང༌། འཁོར་ལོ་གསུམ་གྱི་ཐོག་བདེགས་པའི་ཀ་བ་བརྒྱད་བྱུང་ཡང་ཅི་ཡང་མི་གནོད་དོ། །དེས་ན་གྲུ་བཞི་སྒོ་བཞི་པའི་དཀྱིལ་འཁོར་དེའི་སྒོས་ཀྱི་ཐོག་བདེགས་པའི་ནང་གི་ཀ་བ་བརྒྱད་མེད་པ་ཅིག་བྱུང་ན། དེས་ཆོག་པ་ཡིན་གྱི། བདེ་མཆོག་གི་དཀྱིལ་འཁོར་ཐམས་ཅད་ལ་དེ་མེད་པ་དགོས་པར་མི་འདོད་དོ། །ཀ་བ་བརྒྱད་ཀྱིས་མཛེས་ཞེས་པའི་མཛེས་པ་ནི། དཀྱིལ་འཁོར་གྲུ་བཞི་བ་ཡིན་ལ། རྟ་བབས་ནི་གཞལ་ཡས་ཁང་ལ་མི་གཏོགས་པས། སྒོའི་གཡས་གཡོན་དུ་ཐིག་ལ་ཤར་བའི་ཀ་བ་བརྒྱད་ལ་ཡང་བཤད་དུ་མི་རུང་སྟེ། དེ་རྣམས་རྟ་བབས་ཀྱི་ཀ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མཐའ་གཞན་ཁེགས་པས། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། ཞེས་པའི་ཀ་བ་ནི། སྒོ་ལོགས་ཀྱི་གདུང་གི་འོག་གི་ཀ་བ་ལ་ངེས་པས་བྱ་དགོས་སོ། །སྒོ་ལོགས་ཀྱི་གདུང་ཀ་བ་གཉིས་གཉིས་ཀྱིས་འདེགས་དགོས་པ་རྒྱུ་མཚན་དུ་བྱས་ནས། སྒོ་ཁྱུད་དང་འགྲམ་པ་དང༌། ལོགས་གསུམ་སྟེང་ནས་སྟེང་དུ་ལངས་པར་འདོད་པ་ཕྲེང་བར་བཀག་པ་ནི། འགྲམ་པ་བར་སྣང་ལ་སྡོད་མི་ཉན་པས། དེའི་སྟེང་དུ་སྒོ་ལོགས་གྱེན་དུ་ལྡང་རྒྱུ་མེད་པས་སྒོ་ལོགས་ཀྱི་གདུང་མེད་དོ། །དེ་མེད་པས་གདུང་དེ་འདེགས་པའི་ཀ་བ་མེད་པས་སོ་སྙམ་དུ་དགོངས་སོ། །རྩིག་པའི་ཕྱི་རོལ་གྱི་འདོད་སྣམ་ནི་རྩིག་པའི་འོག་མཐའ་ནས་བསྐོར་བའི་ཚུལ་གྱིས་ཡོད་ལ། འོན་ཀྱང་སྒོའི་ཐད་ཀར་ཆད་ནས་མེད་པར་རྡོ་རྗེ་མཁའ་འགྲོར་བཤད་པ་ལྟར་


JLD009_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་མང་བས། གཞུང་ཁ་ཅིག་ལས། དྲན་པ་ཉེར་གཞག་བཞི་པོ་ནི། །ཁ་ཁྱེར་བཞིར་ནི་ཤེས་པར་བྱ། ཞེས་གསུངས་སོ། །ཁ་ཁྱེར་དང་སྟེགས་བུ་དང་གཟུངས་དང༌། འདོད་པའི་སྣམ་བུ་ཞེས་པ་རྣམས་རྣམ་གྲངས་སོ། །ཁ་ཅིག་ཁ་ཁྱེར་ཞེས་པའི་ཚིག་ལ་འཁྲུལ་ནས། རྩིག་པའི་སྟེང་དུ་ཁ་ཁྱེར་གྱི་ཚུལ་དུ་འོང་བ་ཡིན་ཞེས་འདོད་པ་ལ། ཐམས་ཅད་གསང་བར་མཐའ་མར་ཁྱམས་དང་ལྡན་པ་ཞེས་པའི་འགྲེལ་པར། དེ་བས་ན་དོན་གྱི་ཤུགས་ཀྱིས་ཕྱི་རོལ་གྱི་རིམ་པ་ཡང་མཐར་ཁྱམས་དང་ལྡན་པར་ཤེས་པར་བྱའོ། ཞེས་ནང་གི་ལྷ་སྣམ་གྱི་ཤུགས་ཀྱིས་དེ་དང་མཉམ་པར་འདོད་ཡོན་གྱི་སྣམ་བུ་ཕྱི་རོལ་དུ་བྱ་བར་བསྟན་པ་དང༌། རྡོ་རྗེ་རྩེ་མོར། ཀུན་ནས་ཕྱི་རོལ་གནས་དག་ཏུ། །རྡོ་རྗེ་ཁ་ཁྱེར་ཡང་དག་བརྟེན། ཞེས་གཞལ་ཡས་ཁང་གི་ཕྱིར་འོང་བར་བཤད་པ་དང་འགལ་ཞིང༌། ནང་གི་བསྐལ་བཟངས་ཀྱི་གནས་ལྷ་སྣམ་ལའང་ནང་གི་ཁ་ཁྱེར་ཞེས་བཤད་པས། དེའང་རྩིག་པའི་སྟེང་དུ་འོང་བར་ཐལ་བའི་ཕྱིར་རོ། ཞེས་པ་ནི་ལེགས་པར་སྨྲས་པའོ། །དེའི་ཁ་དོག་ནི་ཕྲེང་བ་ལས། འདོད་ཡོན་སྣམ་བུ་ཤེལ་དང་གསེར་དང་པདྨ་རཱ་གའམ་རིན་པོ་ཆེ་གཞན་ལས་བྱས་པ་ཞེས་ཁ་དོག་མང་དུ་གསུངས་སོ། །དེ་ལ་ནི་མཆོད་པའི་ལྷ་མོ་སྐུ་མདོག་སྣ་ཚོགས་པ། རྒྱན་དང་གོས་སྣ་ཚོགས་པ་དང༌། བཞུགས་སྟབས་སྣ་ཚོགས་པ་དང༌། ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་འཁོད་དེ། གྲངས་ནི་བཅུ་དྲུག་ཏུ་སྡུད་པ་ལྟར་རོ། །སྣམ་བུ་དེ་ནི་ཕྲེང་བར། རྟ་བབས་ཀྱི་ཀ་བ་གནས་པའི་གཞི་དང་མཐོ་དམན་མཉམ་པར་གསུངས་པ་ལྟར་ཡིན་ལ། དེས་ནི་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཀྱང་གསལ་བར་འདོད་པ་ཙམ་དུ་བྱ་བར་


JLD009_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །ཕ་གུ་ནི་གཞི་གོང་མ་རྣམས་སེར་པོར་བཞེད། ཕྲེང་བར་རྩིག་པ་ལྔ་སྦྲག་ཏུ་བྱེད་པ་ལྟར་ན་གཞི་དམར་པོ་དང༌། དེ་ལ་རིན་པོ་ཆེའི་སྣམ་བུ་ལ་ནི་ཟུར་གསུམ་དང་ཐིག་ལེ་དང༌། གྲུ་བཞི་དང་ཟླུམ་པོ་རྣམས་གོ་རིམས་བཞིན་དུ་རིན་པོ་ཆེས་སྤྲས་པ་ཞེས་གསུངས་པ་ལྟར་རོ། །དེའི་སྟེང་དུ་དྲ་བ་དྲ་ཕྱེད་ནི། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བ་སྟེ། དེ་ཡང་གཞི་ནག་པོར་བཤད་པས་བར་སྟོང་ལ་བར་སྐབས་སུ་སྐ་རགས་འདེགས་པའི་རིན་པོ་ཆེའི་བྲེ་ཕུལ་བྱ་ཞིང་སྟེང་གི་དཔངས་བྲི་བྱ་བཞིན་ནོ། །དེ་ལ་དོ་ཤལ་ནི་སྐུད་པ་དམར་པོ་ལ་བརྒྱུས་པའི་མུ་ཏིག་གི་ཕྲེང་བ་གློ་གཉིས་དང་སྟེང་དང་འོག་ཏུ་གསེར་གྱིས་བཅིངས་པའི་ནོར་བུ་དབུས་ན་ཡོད་པའོ། །དོ་ཤལ་ཕྱེད་པ་ནི་དོ་ཤལ་གྱི་གློ་གཉིས་སུ་དོ་ཤལ་ལས་ཅུང་ཟད་ཐུང་བར་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་དྲང་པོར་བྱ་བར་གསུངས་པས། དོ་ཤལ་ནི་ཁུག་པར་ཡོད་པརབསྟན་ནོ། །དོ་ཤལ་ཕྱེད་པའི་རྩེ་མོ་ལ་གསེར་གྱིས་བསྡམས་པའི་ནོར་བུ་སྦོམ་པོ་དང༌། ཁ་ཅིག་ཏུ་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང་དྲིལ་བུའི་མཐར་རྔ་ཡབ་འཕྱང་བའི་ཚུལ་གསུམ་གསུངས་པས་རེ་རེའི་རྩེ་མོ་ལ་དེ་གསུམ་གང་རུང་རེ་བྱས་ཏེ་སྤེལ་ལོ། །དོ་ཤལ་གྱི་ནང་དུ་ཁ་ཅིག་ཏུ་ནི་པདྨ་ལ་ཟླ་ཚེས་དང༌། དེའི་སྟེང་དུ་ཉི་མ་ལ་རྡོ་རྗེ་ཕྱེད་པས་མཚན་པའོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའོ། །ཁ་ཅིག་ཏུ་ནི་པདྨ་ལ་གནས་པའི་རྡོ་རྗེ་བྱ་བར་གསུངས་ཏེ། ཕྱི་མ་འདི་རྡོ་རྗེ་རྫོགས་པའོ། །ཤར་བུའི་སྣམ་བུ་ལ་རིན་པོ་ཆེ་དང་ཤར་བུ་འདྲི་བ་གདམ་ང་ཅན་དུ་བཤད་པའི་སྔ་མ་ནི་ཕ་གུ་དང་འདྲ་བར་མངོན་ལ། ཕྱི་མ་ནི་དཔྱལ་


JLD009_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྒྱུར་བའི་ཀླུ་བྱང་གི་དཀྱིལ་ཆོག་ལས། ཟ་ར་ཚགས་དང་བྲེ་ཕྲེང་སོགས། ཞེས་ཤར་བུ་ཟ་ར་ཚགས་སུ་བསྒྱུར་བ་དང་མཐུན་ནོ། །འདི་བྲི་བྱ་ལ་དྲ་བའི་སྣམ་བུའི་སྟེང་ན་ཡོད་ཀྱང་དོན་ལ་ནི་སྣམ་བུ་དེའི་ཐད་ཀྱི་ཕྱི་ངོས་སུ་བྱ་འདབ་ཀྱི་ལྕམ་སྣེ་ལས་འཕྱང་བའོ། །བྱ་འདབ་ནི་བོད་ཀྱི་བླ་མ་རྣམས་གཞལ་ཡས་ཁང་དངོས་གཞིའི་ཐོག་བཀབ་པའི་ཕྱི་མཚམས་ནས་གུད་དུ་འདོགས་པ་དང༌། ཞེས་འདོད་རྣམ་གྱི་མཐའ་དང་མཉམ་པ་ཙམ་དུ་བཞེད་པ་ལ། སྒོ་ཁྱུད་དང་སྒོ་འགྲམ་གྱི་ཐད་དུ་ཚད་དེ་བྱ་ས་མི་བདེ་བས་བཞེངས་པ་ལ་གཅིག་ཕག་ཏུ་གཅིག་སོང་བ་ལ་སོགས་པའི་ཐབས་ཀྱིས་ཅི་མཛེས་བྱ་གསུང་ངོ༌། །མདའ་ཡབ་ནི་རྩ་ཐིག་ནས་ཆ་ཆུང་བརྒྱད་སོང་བའི་ཆ་ཆུང་བརྒྱད་པ་ལ་ཡོད་ན་གཞལ་ཡས་ཁང་མཛེས་ཀྱི། བདུན་པ་ཚུན་ཆད་དུ་བྱས་ན་ཤར་བུ་རྣམས་མགོ་བཅད་པ་ལྟར་འགྱུར་བས་མི་མཛེས་པར་གསུངས་པས། འོག་གི་ཤར་བུ་གང་ན་ཡོད་པའི་སྟེང་ཉིད་ན་ཡོད་པར་བྱའོ། །འདིའི་སྐད་དོད་ཀྲ་མ་ཤཱིརྵ་ཞེས་པ་དྲང་པོར་བསྒྱུར་ན་མགོ་བོའི་རིམ་པར་འགྱུར་རོ། །འདི་བྲི་བྱ་ལ་དར་དཔྱངས་ཀྱི་ཐིག་གི་བར་ལས་མེད་ཀྱང༌། བསྒོམ་བྱ་ལ་སྒོ་ལོགས་ཀྱི་སྟེང་གི་བར་དུ་ཡོད་པས་གསུངས་པས། དེའི་འོག་གི་ཤར་བུ་དང་དྲ་བ་དྲ་ཕྱེད་དང་ཕ་གུ་རྣམས་ཀྱང་དེ་ཙམ་དུ་ཡོད་དོ། །མདའ་ཡབ་ཀྱི་དབྱིབས་ནི་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་དུ་ཕྲེང་བར་གསུངས་ཤིང༌། དེ་ལ་རྒྱལ་མཚན་དང་བ་དན་ནི་ཕྲེང་བ་ལས། ཕྱོགས་རྣམས་སུ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་རྣམས་ལ་གསེར་གྱི་བུམ་པའམ་རིན་པོ་ཆེའི་བུམ་པ་ལ་གནས་པའི་རྒྱལ་མཚན་ནམ་


JLD009_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་བརྒྱད་དེ་ཞེས་གསུངས་པ་ལྟར་གཟུག །འཛུགས་ས་ནི། ཁ་ཅིག་མདའ་ཡབ་ཀྱི་སྣམ་བུ་ལ་བྱའི། མདའ་ཡབ་མིན་པའམ་ཡང་ན་མདའ་ཡབ་ཀྱི་དཔུང་པ་ལ་བཞེད་མོད་ཀྱང༌། པདྨ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་ཅེས་གསལ་བར་གསུངས་པས་མདའ་ཡབ་ཡིན་ཞིང༌། དེའི་ཡང་དཔུང་པ་གཉིས་ཀྱི་དབུས་མ་ལ་བུམ་པ་ཡོད་པའི་ཁར་གཟུག་གོ །རྒྱལ་མཚན་ནི་ཟླ་ཚེས་དང་རིན་པོ་ཆེ་དང་རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་གྱི་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཤིང༌། དྲིལ་བུ་འཁྲོལ་བ་བཅིངས་པའི་དར་ལྕེ་གསུམ་པ་རྩེ་མོ་ལ་རི་དྭགས་ཀྱི་རྒྱལ་པོ་དང༌། ངང་པའི་རྒྱལ་པོ་དང༌། ཀླུ་ཟ་བ་དང་ཉ་སྤུ་རྒྱས་པ་དང༌། ཆུ་སྲིན་གྱིས་མཚན་པ། རླུང་གིས་བསྐྱོད་པས་སུམ་ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན་དྲིལ་ཆུང་གི་སྒྲ་སྒྲོགས་པ་ལས་སིལ་སིལ་ཞེས་ཟེར་བ་རྔཡབ་དང་བཅས་པའོ། །སྲོག་ཆགས་ཀྱི་མཚན་མ་བྱེད་པའི་རྩེ་མོ་ནི་དར་ལྕེའི་རྩེ་མོའོ། །བ་དན་ཡང་སྲོག་ཆགས་ཀྱི་མཚན་མ་མ་གཏོགས་པ་དེ་དང་འདྲའོ། །དེ་རྣམས་ནི་ཕྱོགས་རེ་རེར་བཞི་བཞིའོ། །གཉིས་པ་ལ་གཉིས། ནང་གི་འཁོར་ལོ་བཤད་པ་དང༌། ཀ་བ་དང་ཐོག་བཤད་པའོ། །དང་པོ་ལ་གསུམ། ནང་གི་འཁོར་ལོའི་ཁ་དོག་བཤད་པ་དང༌། འཁོར་ལོའི་རྒྱ་ཚད་བཤད་པ་དང༌། འཁོར་ལོའི་དཔངས་ཚད་བཤད་པའོ། །དང་པོ་ནི། དཀྱིལ་འཁོར་གྱི་ནང་གི་ཁ་དོག་ནི་རྡོ་རྗེ་མཁའ་འགྲོར། ཕྱོ་རོལ་ཤར་ནི་ཤིན་ཏུ་དཀར། །ལྷོ་ནི་སེར་ཞིང་ནུབ་ནི་དམར། །བྱང་ནི་ལྗང་གུར་གསུངས་པ་སྟེ། །དེ་ལྟར་འདི་ཡི་ཆོ་ག་ཡིས། །སངས་རྒྱས་བཞི་ཡི་གདན་དུ་གནས། ཞེས་གསུངས་


JLD009_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྐང་པ་བཞི་པས་ནི་ཕྱོགས་བཞིའི་ཁ་དོག་བཞི་བཤད་ལ། དེ་ཡང་རྣམ་སྣང་ལ་སོགས་པ་བཞི་བཞུགས་པའི་གནས་ཀྱི་སྒོ་ནས་བྱ་བར་གསུངས་ཏེ་ཕྲེང་བ་དང་མཐུན་ནོ། །སྡོམ་འབྱུང་ལས་ཀྱང་ཕྱོགས་བཞིའི་མདོག་དེ་བཞིན་དུ་བཤད་ཅིང༌། དབུས་ཀྱི་ས་གཞི་སྔོན་པོར་བཤད་དེ། དེ་ནི་སྔ་མ་ལ་ཡང་ཤེས་པར་བྱའོ། །འདི་ལ་རྒྱལ་བ་བཟང་པོས་ནང་གི་ཕྱོགས་བཞིའི་མདོག་གཙོ་བོའི་ཞལ་བཞིའི་ཁ་དོག་གིས་འབྱེད་ལ། དབུས་ཀྱི་ཁ་དོག་ནི། དཀར་སྔོན་དུ་བྱེད་པ་ཡབ་ཀྱི་རིགས་བདག་མི་བསྐྱོད་པ་དང༌། ཡུལ་གྱི་རིགས་བདག་རྣམ་སྣང་ཡིན་པ་ལ་བསམས་པ་སྟེ། རྡུལ་ཚོན་ཤར་དང་བྱང་དང་ནི། །ནུབ་དང་ལྷོ་ཕྱོགས་ཉིད་དུ་ནི། །དེ་ལ་སོགས་པ་ཕྱོགས་ཀྱི་ཆ། །ཞལ་གྱི་མདོག་ཏུ་བྲི་བའོ། །དཀར་པོ་སྔོན་པོ་བསྲེས་པའི་མདོག །དབུས་ཀྱི་ཆར་ནི་བྲི་བར་བྱ། ཞེས་བཤད་ཅིང༌། རྩིག་པའི་རིམ་པ་ཡང་ཕྱི་ནས་སྔོ་སེར་དམར་ལྗང་དཀར་བར་བཤད་དོ། །དབུས་སྔོ་བ་དང་ལྷག་མ་ཕྱོགས་མདོག་ཏུ་བྱེད་པའི་ས་མཚམས་ནི་ནག་པོ་སྤྱོད་པས། ཨིནྡྲ་ནཱི་ལའི་ས་གཞི་ལ། །འཁོར་ལོ་གསུམ་གྱི་བདག་ཉིད་བསམ། ཞེས་དང༌། རྩ་ཐིག་ནས་ནང་དུ་ལྷ་སྣམ་སྒོ་ཚད་ཕྱེད་བྱ་བར་བཤད་པས། ལྷ་སྣམ་རྫོགས་མཚམས་ནས་དབུས་སུ་བྱ་ལ། ལྷ་སྣམ་ཕྱོགས་མདོག་ཏུ་བྱའོ། །ལཱུ་ཨི་པ་ལ་ཡང་ལང་ཀས། ཕྱོགས་སུ་སྐུ་འཁོར་གྱི་མུ་ཁྱུད་དང༌། རྩ་ཐིག་གི་བར་ན་ལྷ་སྣམ་མེད་པར་བཤད་ལ། འོན་ཀྱང་སྔོན་པོ་ལ་སོགས་པའི་ཕྱོགས་མདོག་ཀྱང་བྱ་བར་བཤད་དོ། །ཕྱོགས་མདོག་དང་དབུས་ཀྱི་མཚམས་ནི་ཕྲེང་བ་ལས། སྐུ་འཁོར་གྱི་ཟླུམ་ཐིག་ཕྱི་མ་རྩ་ཐིག་ལ་ཐུག་པར་བསྐོར་བ་ཡང་ཡིན་ལ། སྐུ་འཁོར་གྱི་རྩིབས་ཀྱི་བར་རྣམས་ཀྱི་ཁ་དོག་ནི་ཤར་


JLD009_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལྷོ་སེར་ནུབ་དམར་བྱང་ལྗང་གུར་བྱེད་པ་ལྟར་ན། བདེ་ཆེན་འཁོར་ལོའི་མཚམས་ནས་དབུས་སུ་བྱེད་པར་མངོན་ནོ། །ཕྲེང་པར་རྩིག་པ་ཕྱི་ནས་ལྗང་དཀར་དམར་སེར་སྔོ་བར་བཤད་པ་ནི། ཕྱི་ནས་ནང་དུ་དམ་ཚིག་སྐུ་གསུང་བདེ་ཆེན་གྱི་འདབ་མའི་ལྷ་དང༌། དབུས་ཀྱི་གཙོ་བོའི་དབང་དུ་བྱས་ལ། གསུང་གི་རྗེས་ཐོགས་སུ་ཐུགས་ཀྱི་ལྷ་ཡོད་ཀྱང༌། ཐུགས་ཀྱི་རིགས་ཀྱི་གཙོ་བོ་དབུས་ན་ཡོད་པ་དབང་བཙན་པར་བྱས་པའོ། །འོག་གི་ཕྱོགས་མདོག་གཞིན་དུ་སྟེང་གི་ཐོག་གི་མདོག་ཀྱང་བྱ་བར་བཤད་དོ། །དེ་ལ་འཁོར་ལོ་ལྔ་ལས། དབུས་སུ་ཐུགས་འཁོར་གྱི་ལྟེ་བའི་ནང་དུ་བདེ་ཆེན་གྱི་འཁོར་ལོ་ནི། ལཱུ་ཨི་པས་དབུས་སུ་པདྨ་འདབ་མ་བརྒྱད་པར་གསུངས་པའོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། དབུས་སུ་སྣ་ཚོགས་པདྨ་ནི། །གེ་སར་དང་ནི་ལྡན་པ་ལ། ཞེས་སྣ་ཚོགས་པདྨར་གསུངས་ཏེ། དེའི་ཁ་དོག་ནི་སྔར་བཤད་ཟིན་ཏོ། །དེའི་ལྟེ་བར་ཉི་གདན་དམར་པོ་དང༌། དེའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་གྱི་གདན་ཏེ། ཁ་དོག་ནི་འཆད་པར་འགྱུར་རོ། །འདི་ལ་མངོན་བརྗོད་དང་ལཱུ་ཨི་པའི་གཞུང་འགྲེལ་རྣམས་དང༌། ནག་པོ་སྤྱོད་པ་དང༌། འཁྲུལ་སྤོང་ལས་ཕྲེང་བ་མ་བཤད། མཁའ་འགྲོ་རྒྱ་མཚོ་ལས་གསུངས་པ་ལྟར་རྒྱལ་དཀའ་ཟླ་བ་དང་བྱང་ཆུབ་རྡོ་རྗེའི་སྒྲུབ་ཐབས་སུ། རིན་པོ་ཆེའི་ཕྲེང་བ་བཤད་དེ། སྙིང་པོའི་རྣལ་འབྱོར་མ་བཞི་རིན་འབྱུང་གི་རིགས་སུ་འཇོག་པ་ལ་བསམས་པ་འདྲ། དཱ་རི་ཀ་པ་དང་དྲིལ་བུ་པས་གྲི་གུག་གི་ཕྲེང་བས་བསྐོར་བར་བཤད་ཅིང༌། བླ་མ་སྔ་མ་རྣམས་ཀྱང་དེ་བཞིན་དུ་བཞེད་དོ། །དེའི་ཕྱི་རོལ་ཏུ་གསུང་


JLD009_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ལྟེ་བའི་སྟེང་དུ། འཁོར་ལོ་གསུམ་གྱི་དང་པོ་ཐུགས་ཀྱི་འཁོར་ལོ་ནི་རྩིབས་བརྒྱད་པ། ཁ་དོག་སྔོན་པོ་རྡོ་རྗེ་སྔོན་པོའི་ཕྲེང་བའི་མུ་ཁྱུད་ཀྱིས་རྣམ་པར་བརྒྱན་པའོ། །དེའི་རྩིབས་ཀྱི་བར་སྟོང་རྣམས་ནི་དམར་པོ་སྟེ། གསུང་འཁོར་གྱི་ལྟེ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱི་རོལ་ཏུ་སྐུ་འཁོར་གྱི་ལྟེ་བའི་སྟེང་དུ། གཉིས་པ་གསུང་གི་འཁོར་ལོ་ནི་རྩིབས་བརྒྱད་པ་དམར་པོ། པདྨ་དམར་པོའི་ཕྲེང་བའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའོ། །དེའི་བར་སྟོང་རྣམས་ནི་དཀར་པོ་སྟེ་སྐུ་འཁོར་གྱི་ལྟེ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱི་རོལ་ཏུ་གསུམ་པ་སྐུའི་འཁོར་ལོ་ནི་རྩིབས་བརྒྱད་པ་དཀར་པོ། འཁོར་ལོ་དཀར་པོའི་ཕྲེང་བའི་མུ་ཁྱུད་ཀྱིས་རྣམ་པར་བརྒྱན་པའོ། །དེའི་བར་སྟོང་གི་ཕྱོགས་ཀྱི་ཁ་དོག་ནི། རྣམ་སྣང་ལ་སོགས་པའི་མདོག་ཏུ་ཕྲེང་བར་གསུངས་པ་ལྟར་ན། ཕྱོགས་མདོག་མཚམས་འདི་བར་དུ་བྱེད་པ་འདྲ་སྟེ་བརྟག་གོ །འཁོར་ལོ་གསུམ་དཀར་དམར་སྔོ་བ་དང༌། ཕྲེང་བ་གསུམ་གྱིས་བསྐོར་བ་ནི་མངོན་བརྗོད་ལས་གསུངས་ལ། བར་སྟོང་གི་ཁ་དོག་དང༌། རང་གི་འཁོར་ལོ་སྔ་མའི་ལྟེ་བར་ཕྱི་མ་རྣམས་གནས་པར་ཕྲེང་བར་བཤད། རྡོ་རྗེ་མཁའ་འགྲོ་རྩ་འགྲེལ་ལས། མུ་ཁྱུད་གསུམ་གྱིས་བསྐོར་བའི་འཁོར་ལོ་དཀར་དམར་སྔོ་བ་གསུམ། པདྨ་འདབ་བརྒྱད་པར་གསུངས་སོ། །འཁོར་ལོ་ལྔ་པ་དམ་ཚིག་གི་འཁོར་ལོ་ནི་དཀྱིལ་འཁོར་གྱི་ནང་གི་འོག་གཞི་སྟེ། དེ་ལ་སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར་བར་མངོན་བརྗོད་ལས་གསུངས་པ་བཞིན། རྒྱལ་དཀའ་ཟླ་བ་དང༌། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་བཤད་ཀྱང༌། ལོ་ནག་གཉིས་ལ་ནི་དེ་མེད་དོ། །སྒོ་མཚམས་མ་བརྒྱད་ལ་རོ་གདན་


JLD009_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཁ་དོག་ནི་མངོན་བརྗོད་ལས། ཕྱི་རོལ་གྱི་དུར་ཁྲོད་དུ་ཡི་དྭགས་ལྔས་བསྐོར་བར་བཤད་པ་ལ། རྒྱལ་དཀའ་ཟླ་བས་ཡི་དྭགས་ཁ་དོག་ལྔ་ཞེས་དང༌། བྱང་ཆུབ་རྡོ་རྗེས་རིགས་ལྔའི་རོས་བསྐོར་བར་བཤད་པ་ལྟར་ན། རོ་གདན་ལ་དབུས་དང་ཕྱོགས་མདོག་ཅན་བྱ་དགོས་པ་འདྲའོ། །མངོན་བརྗོད་འགྲེལ་པར་ནི་རྩིག་པ་ལྔ་རོའི་གཟུགས་ཅན་གྱིས་བསྐོར་བ་ལ་བཤད་དོ། །ཕྲེང་བར་ཀ་བ་རྣམས་ཕྱོགས་མདོག་དང༌། དཀྱིལ་འཁོར་གྱི་སྟེང་གི་ཐོག་གི་ཕྱོགས་བཞི་དང་དབུས་ཀྱི་ཁ་དོག་ནི། འོག་གི་ཁ་དོག་བཞིན་བྱ་བར་བཤད་དོ། །གཉིས་པ་ནི། གཞལ་ཡས་ཁང་གི་ནང་གི་འོག་གི་འཁོར་ལོ་རྣམས་ལ་རྒྱ་དཔངས་ཀྱི་ཚད་ཇི་ལྟར་ཡིན་སྙམ་ན། འདི་ལ་སྐུ་འཁོར་གྱི་ཟླུམ་ཐིག་ཕྱི་མ་རྩ་ཐིག་ལ་ཐུག་པར་བསྐོར་བ་དང༌། མི་བསྐོར་བའི་ལུགས་གཉིས་ལས། མངོན་བརྗོད་དུ་མི་གསལ་ལ། མཁའ་འགྲོ་རྒྱ་མཚོར་དཀྱིལ་འཁོར་བཞི་སྦྲག་བཤད་པའི་ནང་མ་ལྷ་རེ་གཉིས་པ་ལ། སྐུ་འཁོར་དང་རྩ་ཐིག་གི་བར་དུ་ལྷ་སྣམ་ངེས་པར་འཇོག་སྟེ། བསྐལ་བཟང་རྣམས་འགོད་པའི་གནད་ཀྱིས་སོ། །འཁོར་ལོ་ལྔ་ལ་ལྷ་རེ་གཉིས་མིན་པ་མི་འགོད་ཅིང༌། རྒྱལ་བ་བཟང་པོས་སྐུ་འཁོར་གྱི་ཟླུམ་ཐིག་ཕྱི་མ་རྩ་ཐིག་ལ་ཐུག་པར་བསྐོར་ལ། དེ་དང་མཐུན་པར་ཨ་བྷྱཱ་ཀ་ར་དང༌། དེ་བཞིན་གཤེགས་པའི་རྡོ་རྗེས་ཀྱང་མཛད་དོ། །ནག་པོ་སྤྱོད་པའི་དཀྱིལ་ཆོག་ལས། རྩ་ཐིག་ནས་ནང་དུ་ལྷ་སྣམ་དོར་ནས་སྐུ་འཁོར་མཛད་ལ། དཱ་རི་ཀ་པས་དཀྱིལ་ཆོག་ལས་ནང་དུ་ཆ་ཆེན་གཅིག་གི་ལྔ་ཆ་དོར་བ་ནས་སྐུ་འཁོར་བྱེད་དོ། །བོད་ཀྱི་མཁས་པ་དག་ལྷའི་


JLD009_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཚད་ལ་ཆ་ཆེན་གཅིག་ལས་ལྷག་པར་བྱས་ན། པདྨའི་ལྟེ་བ་དང་འཁོར་ལོའི་རྩིབས་ལ་སོགས་པ་ལ། ལྷའི་གཡས་བརྐྱང་གི་སྟབས་མི་ཤོང་བའི་སྐྱོན་དུ་འགྱུར་རོ། ཞེས་གསུངས་ཤིང༌། སྐུ་ཚད་ཆ་ཆེན་གཅིག་ཏུ་བཞེད་ལ། ནག་པོའི་དཀྱིལ་ཆོག་ལས། འཁོར་ལོའི་རྩིབས་དང་པད་འདབ་མཉམ་པར་བཤད་ཅིང༌། ཐིག་གཞན་གསལ་བར་མ་གསུངས་པ་ལ། ཆ་བགོ་ལུགས་ནི་བདེ་ཆེན་འཁོར་ལོ་ལ་མུ་ཁྱུད་མེད་པར་བྱེད་ན། ལྷ་སྣམ་ཡན་ཆད་ཀྱི་ཆ་ཆེན་གསུམ་པོ་ཆ་བདུན་བདུན་དུ་བགོས་ལ། གཉིས་ལ་པད་མའི་ལྟེ་བ། བཞི་ལ་པད་འདབ། འཁོར་ལོ་གསུམ་པོ་ལ་བཞི་བཞི། མུ་ཁྱུད་གསུམ་པོ་ལ་རེ་རེའོ། །བདེ་ཆེན་འཁོར་ལོ་ལ་ཕྲེང་བ་ཡོང་བ་བྱེད་ན། ཆ་ཆེན་གསུམ་པོ་ཆ་མཉམ་ཉེར་གཉིས་སུ་བགོའོ། །གཉིས་ལ་པད་མའི་ལྟེ་བ། བཞི་ལ་པད་འདབ། གཅིག་ལ་གྲི་གུག་གི་ཕྲེང་བ། འཁོར་ལོ་རྣམས་ལ་བཞི་བཞི། མུ་ཁྱུད་རྣམས་ལ་རེ་རེ་སྔར་དང་འདྲའོ། ཞེས་གསུང་ངོ་། །འདི་ལ་ལྷའི་གནས་ཀྱི་ཚད་བཤད་པ་ལ་ལྷ་དེའི་གཡས་བརྐྱང་གི་སྟབས་ཤོང་མི་ཤོང་དཔྱོད་པ་ནི་དཔྱོད་ཚུལ་ལེགས་ཀྱང༌། ལྷའི་གནས་སུ་གཡས་བརྐྱང་མི་ཤོང་བའི་སྐྱོན་ནི། རང་གི་ལུགས་དེ་ལའང་འོང་སྟེ། ལྷའི་སྐུ་ཚད་ཆ་ཆེན་གཅིག་ཏུ་བྱེད་ན། རང་གི་ཁྲུ་རེ་ཆ་ཆུང་རེའི་ཚད་དུ་འགྱུར་རོ། །དེ་ལྟ་ན་ལྭ་བ་པ་དང་པྲཛྙཱ་རཀྵི་ཏའི་འགྲེལ་པ་དང༌། ཕྲེང་བ་སོགས་ལས་ཀྱང༌། གཡས་བརྐྱང་མཐོ་ལྔར་གསུངས་པས། གཙོ་བོའི་གནས་ལ་ཆ་ཆུང་ཕྱེད་པ་ལྔ་དགོས་ན། གཙོ་བོའི་གནས་ལ་ནི། ཆ་ཆེན་གཅིག་གི་བདུན་ཆ་བཞི་ལས་མེད་པའི་ཕྱིར་རོ། །ཆ་ཆེན་གསུམ་ཆ་མཉམ་


JLD009_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་ཏུ་བགོས་པའི་ཆ་བཞི་ལ་ཆ་ཆུང་ཕྱེད་པ་ལྔ་མེད་ན། དེ་གསུམ་ཆ་མཉམ་ཉེར་གཉིས་སུ་བགོས་པའི་བཞི་ཆ་ལའང་ཆ་ཆུང་ཕྱེད་པ་ལྔ་མི་འོང་བས་མི་འགྲིག་གོ །འོ་ན་ཇི་ལྟར་བྱ་སྙམ་ན། ནག་པོའི་དཀྱིལ་ཆོག་ལས། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁྱམས་ནི་དེ་ཡི་ཕྱེད་དུ་བྱ། །སྒོ་ཁྱུད་དག་ནི་སྒོ་ཡི་ཚད། །ལྷ་ཡི་སྣམ་བུ་དེ་བཞིན་ཏེ། ཞེས་ལྷ་སྣམ་དང་ཁྱམས་སོ་སོར་གསུངས་པས་ཁྱམས་ནི་འདོད་སྣམ་མོ། །དེ་བཞིན་ཞེས་པ་ནི་ཁྱམས་ལ་སྙོག་པ་ཡིན་གྱི། སྒོ་ཚད་ལ་སྙོག་པ་མིན་ཏེ། དེ་ལ་བྱས་ན་སྐྱོན་སྔར་ལྟར་འོང་བའི་ཕྱིར་རོ། །དེས་ན་ཕྱོགས་གཅིག་གི་ལྟེ་བ་ལ་ཆ་བྲན་གཉིས། འདབ་མ་ལ་ཆ་བྲན་ཕྱེད་དང་གསུམ། འཁོར་ལོ་གསུམ་ལའང་དེ་དང་མཉམ་པར་བྱ། མུ་ཁྱུད་བཞི་ལ་ཆ་བྲན་ཕྱེད་ཕྱེད་བྱས་ན་ལེགས་སོ། །ལྭ་བ་པའི་རྩ་རྒྱུད་ཀྱི་འགྲེལ་པར། རེའུ་མིག་བདུན་བདུན་ལྡན་པར་ནི། །ཐིག་སྐུད་བསྐོར་བ་མཆོག་ཡིན་ནོ། །འཁོར་ལོ་སྙིང་པོ་དེ་ལས་དྲུག །རྩིབས་ཀྱིས་མཛེས་པ་དེ་ལྟར་བྱ། །ལྟེ་བ་དང་ནི་པདྨ་རྣམས། །རེའུ་མིག་བཞི་དང་གསུམ་དུ་བྱ། །ཚངས་པ་ཡི་ནི་ངོས་གཉིས་སུ། །རྩིབས་ཀྱི་ནང་དུ་མཛེས་པར་བྱ། །གསུམ་པོ་ཉིད་ནི་ཐམས་ཅད་དུ། །རྟག་ཏུ་རྫོགས་པ་ཉིད་དུ་བྱ། ཞེས་གསུངས་ཤིང༌། དེ་ནས་རྡོ་རྗེ་པདྨ་འཁོར་ལོའི་ཕྲེང་བས་བསྐོར་བ་དང༌། ལྷག་མ་ཅི་མཛེས་སུ་བྱ་བར་བཤད་པའི་དོན་ནི། ལྷ་སྦས་ཀྱི་འགྲེལ་པ་བཞིན་ཤེས་པར་བྱ་སྟེ། འདི་གཉིས་ཐན་ཐུན་མ་གཏོགས་པ་ཐམས་ཅད་འདྲ་བའི་ཕྱིར་རོ། །དེ་ལྟར་ན་ལྷ་སྦས་ཀྱི་འགྲེལ་པར།


JLD009_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་ཐིག་གི་ལོགས་རེ་རེར་ཆ་བརྒྱད་བརྒྱད་དུ་བཤད་པ་ནི། ཆ་ཆེན་དུ་སྣང་ལ། དེ་ནས་དེ་ལ་ཆ་རེ་བཞིར་བཤད་པ་ནི་ཆ་ཆུང་ངོ༌། །དེ་ནས་བདེ་ཆེན་འཁོར་ལོ་དང༌། །ཐུགས་དང་གསུང་སྐུའི་ཚད་བྱ་བ། །ཆ་བྲན་བདུན་བདུན་དང་མཉམ་ལྡན། །སྐུད་པ་མཆོག་གིས་བསྐོར་བར་བྱ། །འཁོར་ལོའི་རྩིབས་ནང་ཆ་བྲན་དྲུག །དེ་ཡིས་མཛེས་པར་བརྒྱན་པར་མཐོང༌། །ལྟེ་བའི་ཚད་དང་འདབ་མ་རྣམས། །ཆ་བྲན་བཞི་དང་གསུམ་ཉིད་དུ། །བྱ་བ་འདབ་མ་ཡིས་མཛེས་པའོ། ཞེས་བཤད་པས་རེའུ་མིག་བདུན་ནི་ཆ་ཆུང་བདུན་ཡིན་གྱི། ཆ་ཆེན་རེ་ལ་ཆ་བརྒྱད་དུ་བྱས་པའི་ཆ་བདུན་དུ་འཆད་པ་དོན་མིན་ནོ། །ལྟེ་བའི་ཚད་ཆ་ཆུང་བཞིར་བཤད་པ་ནི། ཕྱོགས་གཉིས་ཀ་ལ་བྱའི་ཕྱོགས་གཅིག་མིན་ནོ། །ཆ་ཆུང་གསུམ་གྱི་འདབ་མ་ནི་ཕྱོགས་རེའི་འོ། །རྩིབས་ལ་ཆ་ཆུང་དྲུག་བཤད་པ་ནི་ཕྱོགས་གཉིས་བསྡོམས་པའི་འོ། །ཆ་བྲན་རེ་རེ་ཕྲེང་བའི་གནས། ཞེས་པ་ནི། འཁོར་ལོ་གསུམ་གྱི་ཕྲེང་བའི་ཚད་ལ་ཆ་བྲན་རྫོགས་པ་རེ་བྱས་ན་མི་འགྲིག་པས། དེས་ན་ལྷག་མ་ཇི་ལྟར་མཛེས་པའི་དོན་ནི། ཆ་བྲན་བཅུ་བཞིའི་ལྷག་མ་ཇི་མཛེས་སུ་བྱ་བར་བསྟན་པས། པདྨ་འདབ་བརྒྱད་ལ་མུ་ཁྱུད་མ་གསུངས་ཀྱང་དགོས་པས། མུ་ཁྱུད་རེ་རེ་ལ་ཆ་ཆུང་ཕྱེད་པ་རེ་བྱའོ། །འོ་ན་དཱ་རི་ཀ་པའི་དཀྱིལ་ཆོག་ལས། ཚངས་པའི་ཐིག་གི་ངོས་རེ་རུ། །རེ་རེ་ལྔར་བྱ་ཉི་ཤུར་གདབ། །ཕོ་བྲང་ལ་གཉིས་གེ་སར་གཅིག །གསུམ་གསུམ་གྱིས་ནི་འཁོར་ལོ་རྣམས། །ཀ་བ་རྡོ་རྗེ་གྲི་གུག་ཕྲེང༌། །པདྨ་འཁོར་ལོ་རེ་རེ་བྱ། །གཅིག་གིས་ཕྱི་ཡི་ཁྱམས་ཡིན་ཏེ། ཞེས་བཤད་པ་ལ་


JLD009_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་གཙོ་བོའི་གནས་ལ་མི་འགྲིག་པ་མེད་ཀྱང་པད་འདབ་སོགས་ལ་ཆ་ཆུང་ཕྱེད་པ་ལྔ་མེད་པས། སྐྱོན་སྔ་མ་བཞིན་དུ་མི་འགྱུར་བ་ཇི་ལྟར་བྱ་སྙམ་ན། འདི་ནི་བྲི་བྱ་ལ་སྐུ་མ་བཀོད་ཀྱང༌། ཕྱག་མཚན་དང་ཡི་གེ་བཀོད་པས་ཀྱང་ཆོག་པ་ལ་དགོངས་པ་འདྲ་སྟེ་བརྟག་གོ །མཁའ་འགྲོ་རྒྱ་མཚོར་ངོས་རེར་ཐིག་སོ་གཉིས་སུ་གདབ་པར་གསུང་པ། རྩ་ཐིག་ཚུན་ཆད་ཀྱི་ཕྱོགས་རེའི་ཆ་ཆེན་རེ་རེ་བརྒྱད་བརྒྱད་དུ་བགོས་པར་འཆད་པ་དོན་མིན་པ་ནི། དེའི་ལེའུ་བཅུ་པ་དང་ཉེར་བཞི་པ་གཉིས་བསྒྲིགས་ཏེ། ཛ་ཡ་སེ་ནའི་དཀྱིལ་ཆོག་ལ་བལྟས་པས་ཤིན་ཏུ་གསལ་བར་ཤེས་སོ། །ལང་ཀ་དང་ཨ་བྷྱཱ་ཀ་ར་དང༌། བི་བྷུ་ཏིའི་ལུགས་ལྟར་ན་གཙོ་བོའི་གནས་ལའང་ཆ་ཆུང་ཕྱེད་དང་གསུམ་ཡོད་དོ། །བྲིས་སྐུ་བཞེངས་ནའང་ཐིག་ཚོན་བྱིན་བརླབས་དང༌། ཐིག་བཤད་ཚོད་བཞིན་བཏབ་ན་ཁྱད་ཆེ་ལ། འོན་ཀྱང་ཐིག་འདེབས་པ་རྣམས་ཚོན་གྱི་དཀྱིལ་འཁོར་གཙོ་བོར་མཛད་ནས་གསུངས་སྣང་བས། ཆ་ཆུང་ཕྱེད་དང་གསུམ་པ་ལའང་ཆུང་སྐྱོན་ཆེ་བར་སྣང་ངོ་། །ལྷ་སྣམ་མེད་པའི་ལུགས་དང༌། མུ་ཁྱུད་ཆུང་ཤོས་ཀྱི་ལུགས་དང༌། གཙོ་བོའི་གནས་ཆེ་བའི་ལུགས་དང༌། དེ་ལ་ཡང་སྣོན་པ་ཇི་ལྟར་རིགས་པར་འདེབས་པ། ཕན་ཚུན་གུང་བསྒྲིགས་ཏེ་བྱས་ན་ལེགས་སམ་སྙམ་མོ། །གསུམ་པ་ནི། འཁོར་ལོ་ལྔ་གཅིག་སྟེང་དུ་གཅིག་བརྩེགས་པར་འདོད་དགོས་ནའང༌། མཐོ་དམན་ཇི་ཙམ་རེ་ཡོད་པ་ནི། བདེ་མཆོག་གི་སྐོར་གྱི་གཞུང་གཞན་ནས་མི་གསལ་ལ། ལང་ཀ་རྒྱལ་བཟང་གི་དཀྱིལ་ཆོག་ལས། རྩིབས་ནི་བརྒྱད་བརྒྱད་འཁོར་ལོ་ནི། །དེ་ནི་


JLD009_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་མ་སུམ་རྩེག་གོ །དཔའ་བོ་མགོན་པོའི་ཞབས་ནས་ནི། །རྐེད་པའི་བར་དུ་གནས་པ་སྟེ། །སྐུ་ཡི་འཁོར་ལོ་འདི་བརྗོད་པ། །སྟོབས་པོ་ཆེ་ལ་སོགས་བརྒྱད་དོ། །རྐེད་པའི་ཕྱོགས་ནས་བརྩམས་ནས་ནི། །ནུ་མ་གཉིས་བར་ཡང་དག་གནས། །གསུང་གི་འཁོར་ལོ་ཇི་ལྟ་བར། །མྱུ་གུ་ཅན་ལ་སོགས་བརྒྱད་དོ། །ནུ་མ་ནས་ནི་བརྩམས་ནས་སུ། །མགྲིན་པའི་བར་དུ་གནས་པ་ནི། །ཐུགས་ཀྱི་འཁོར་ལོ་ཇི་ལྟ་བར། །ཐོད་པའི་དུམ་བུ་སོགས་བརྒྱད་དོ། ཞེས་གསུངས་སོ། །དེའི་རྐང་པ་དང་པོ་གཉིས་ཀྱིས་འཁོར་ལོ་གསུམ་བརྩེགས་པར་བསྟན་ཏེ། དེའི་ཤུགས་ཀྱིས་དམ་ཚིག་གི་འཁོར་ལོའི་སྟེང་དུ་སྐུ་འཁོར་བརྩེགས་པ་དང༌། ཐུགས་འཁོར་གྱི་སྟེང་དུ་བདེ་ཆེན་གྱི་འཁོར་ལོ་བརྩེགས་པར་ཡང་འདོད་དགོས་སོ། །འདི་ལ་བོད་ཀྱི་མཁས་པ་དག །དཔའ་བོ་ཞེས་པའི་ཤོ་ལོ་ཀ་གཅིག་གིས་སྐུ་འཁོར་གྱི་དཔངས་ཆ་ཆུང་གཉིས་སུ་དང༌། དེ་ནས་ཤོ་ལོ་ཀ་གཅིག་གིས་གསུང་འཁོར་གྱི་དཔངས་ཆ་བྲན་གཅིག་ཏུ་དང༌། དེ་ནས་ཤོ་ལོ་ཀ་གཅིག་གིས་ནི་ཐུགས་འཁོར་གྱི་དཔངས་ཆ་བྲན་ཕྱེད་དུ་བསྟན། དེའི་རྒྱུ་མཚན་ལྷ་རྣམས་ཀྱི་སྐུའི་དཔངས་ཚད་ཆ་ཆེན་རེ་ཡིན་ལ། སྐུའི་འཁོར་ལོའི་ལྷ་རྣམས་ཀྱི་མགོ་བོ་དང༌། གཙོ་བོའི་རྐེད་པ་མཉམ། གསུང་འཁོར་གྱི་ལྷ་དང་ནུ་མ་མཉམ། ཐུགས་འཁོར་གྱི་ལྷ་དང་མགྲིན་པའི་བར་མཉམ་པར་དངོས་སུ་བསྟན་པའི་ཤུགས་ལ་དམ་ཚིག་གི་འཁོར་ལོའི་ལྷ་དང་གཙོ་བོའི་ཞབས་འོག་མན་ཆད་མཉམ་པར་བསྟན་ལ། བདེ་ཆེན་འཁོར་ལོའི་ལྷ་མོ་བཞི་པས་གཙོ་བོའི་ཟེའུ་འབྲུ་ཅུང་ཟད་འཕགས་པ་དང༌། འཇིགས་བྱེད་དུས་མཚན་དང་གཙུག་ཏོར་གྱི་ཆས་


JLD009_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཅུང་ཟད་མཐོ་བ་ཙམ་དུ་ཤུགས་ལ་བསྟན་ནོ། ཞེས་གསུངས་སོ། །ལུང་དེ་དག་གིས་འཁོར་ལོའི་དཔངས་དེ་ལྟར་བསྟན་ཚུལ་ནི། ལང་ཀ་ལྟར་ན་ཆ་ཆུང་ཕྱེད་དང་གསུམ་ལ་མཐོ་ལྔར་བྱ་དགོས་པས། ལྷའི་སྐུ་ཚད་ཆ་ཆེན་གཅིག་དང༌། དེ་ཡང་གཙོ་འཁོར་ལ་སྐུ་ཚད་རིང་ཐུང་མེད་པའི་ལུགས་དང༌། ལྷའི་ཞབས་ནས་རྐེད་པའི་བར་ནི་སྐུ་ཚད་ཀྱི་ཕྱེད་ཡིན་ཞིང༌། དེ་ཡང་ཆ་བྲན་གཉིས་ཡིན་པ་དང༌། རྐེད་པ་ཡན་ཆད་ཀྱང་ཆ་བྲན་གཉིས་ཡིན་ལ། རྐེད་པ་ནས་ནུ་མའི་དབུས་ཀྱི་བར་ནི་གོང་མའི་ཕྱེད་ཡིན་པས་ཆ་ཆུང་གཅིག་དང༌། ནུ་མའི་དབུས་ནས་མགྲིན་པའི་བར་ནི་ཕྱེད་གོང་མའི་བཞི་ཆ་ཡིན་པས་ཆ་བྲན་ཕྱེད་དོ། །དེ་ལྟར་བྱས་ན་སྐུ་འཁོར་གྱི་ལྷའི་ཞབས་བཙུགས་ས་ནས། སྟེང་དུ་ཆ་བྲན་གཅིག་གིས་མཐོ་བའི་ས་ནས་གསུང་འཁོར་གྱི་ལྷའི་ཞབས་བཙུགས་པར་གསལ་ཏེ། དེ་གཉིས་སྐུའི་རིང་ཐུང་མཚུངས་ཤིང་གཉིས་ཀ་བཞེངས་པ་ལ། སྟེང་དུ་སྐུ་འཁོར་གྱི་ལྷ་ལས་གསུང་འཁོར་གྱི་ལྷའི་སྐུ་བོང་ཆ་ཆུང་གཅིག་གིས་རིང་བའི་ཕྱིར་རོ། །སྟེང་དུ་གསུང་འཁོར་གྱི་ལྷ་ལས་ཐུགས་འཁོར་གྱི་ལྷ་ཆ་ཆུང་ཕྱེད་ཀྱིས་རིང་བས་ན། འོག་ཏུ་གསུང་འཁོར་གྱི་ལྷའི་ཞབས་བཞག་ས་ནས་སྟེང་དུ། ཆ་ཆུང་ཕྱེད་ཀྱིས་མཐོ་བ་ནས་ཐུགས་འཁོར་གྱི་ལྷའི་ཞབས་བཙུགས་སོ། །གསུང་འཁོར་གྱི་མཐོ་བའི་ཚད་ཀྱི་ཕྱེད་ཐུགས་འཁོར་གྱི་མཐོ་ཚད་ལ་ཡོད་པ་བཞིན་དུ། གསུང་འཁོར་གྱི་སྟེང་དུ་འཕགས་པའི་ཚད་ཀྱང་སྐུ་འཁོར་འཕགས་པའི་ཕྱེད་དུ་འགྱུར་བས། སྐུ་འཁོར་འོག་གཞི་ལས་ཆ་ཆུང་གཉིས་ཀྱིས་འཕགས་པ་ཤེས་


JLD009_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྒྱུ་མཚན་འདི་རྣམས་ཀྱིས་ནི་ལྷའི་སྐུ་བོང་གི་ཚད་ཆ་ཆེན་གཅིག་ཏུའང་འགྲུབ་པར་སྣང་ངོ༌། །དེ་ལྟར་འོག་མ་འོག་མ་ལས་གོང་མ་གོང་མ་ཡར་འཕགས་པའང༌། འཁོར་ལོ་བཞི་གང་ལ་གནས་པའི་གཞི་ལ་བྱ་ལ། འཁོར་ལོའི་རྩིབས་རྣམས་དང་མུ་ཁྱུད་རྣམས་ནི་ཚད་དེ་ལས་མཐོ་བ་མིན་པས་ངོ་མཐོང་ཙམ་དུ་བྱའོ། །སློབ་དཔོན་རྒྱལ་བ་བཟང་པོའི་གཞུང་གིས་མཐོ་དམན་དེ་ལྟར་བསྟན་པའི་དགོངས་པ་ཤིན་ཏུ་ལེགས་པར་སྣང་ངོ༌། །གཉིས་པ་ནི། འཁོར་ལོ་ལྔ་པའི་ལུགས་འདི་ལ་མཁའ་འགྲོ་རྒྱ་མཚོར། ཀ་བ་རྣམས་ནི་ཀུན་ཏུ་སྦྱིན། །བརྒྱད་གསུམ་འཁོར་ལོ་རྣམས་སུའོ། ཞེས་འཁོར་ལོ་གསུམ་པོ་སོ་སོ་ལ་ཀ་བ་ཡོད་པར་གསུངས་ཤིང༌། དེ་ཡང་དཱ་རི་ཀ་པའི་སྒྲུབ་ཐབས་ལས། ཀ་བ་སུམ་ཅུ་རྩ་གཉིས་སམ་བརྒྱད་ཀྱིས་སྤྲས་པ། ཞེས་བཤད་པའི་ཕྱི་མ་ནི་ལྷ་ལྔ་དང་བཅུ་གསུམ་མ་ལྟ་བུ་ཡིན་ལ། སྔ་མ་ནི་འཁོར་ལོ་གསུམ་རྩེག་ཏུ་ཡོད་པ་ལ་ཡིན་པས། སྐུ་འཁོར་ནས་བདེ་ཆེན་གྱི་འཁོར་ལོའི་བར་ལ་ཀ་བ་བརྒྱད་བརྒྱད་ཡོད་པ་བསྟན་ནོ། །འདི་ལ་ནག་པོ་སྤྱོད་པའི་དཀྱིལ་ཆོག་གི་འགྱུར་གསར་རྙིང་གཉིས་ལས། རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཀ་བ་ཞེས་པ་ནི་འཁོར་ལོ་གསུམ་གྱི་ཡིན་ལ། དེའི་རིགས་པས་བཞི་པ་ལ་ནི་གྲི་གུག་གམ། རིན་པོ་ཆེས་མཚན་པའི་ཀ་བ་བྱ་སྟེ། ཀ་བའི་ཞེང་ནི་དཱ་རི་ཀ་པས་ཆ་ཆེན་རེའི་ལྔ་ཆར་བཤད་དོ། །དེ་ལྟར་ཀ་བ་བཤད་པ་མང་བའི་རྒྱུ་མཚན་གྱིས་ཐོག་གསལ་བར་མ་གསུངས་ཀྱང་ཡོད་པར་ཤེས་སོ། །འདི་ལ་ཁ་ཅིག་ཀ་བའི་དཔངས་ནི་དབུའི་སྟེང་ནས་ཁྲུ་གང་ཙམ་གྱིས་འཕགས་པའི་ཚད་ཡིན་ཞེས་འདོད་པ་ལ།


JLD009_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གཞན་ཁ་ཅིག་གིས་ལྷའི་སྐུའི་ཚད་ཆ་ཆེན་གཅིག་ལས་ལྷག་པ་བྱས་ན་ནི། གཡས་བརྐྱང་མི་ཤོང་བའི་སྐྱོན་ཡོད་ལ། ཆ་ཆེན་གཅིག་བྱེད་ན་ནི་ཐོག་དཔངས་དམས་པའི་སྐྱོན་ཡོད་ཅིང༌། དཀྱིལ་འཁོར་གཞན་ནས་ནང་གི་ཀ་བའི་རིང་ཐུང་གི་ཚད་རྒྱའི་ཕྱེད་ཚད་དུ་བྱས་པ་དང་འགལ་བར་འགྱུར་རོ་ཞེས་འགོག་ཅིང༌། ཐོག་དབུབས་ལུགས་ལ་ཤེས་བྱེད་གསལ་པོ་མི་སྣང་བས་ཡི་གེར་མ་བཀོད་ཅེས་གསུང་ངོ་། །ལྷ་རེ་གཉིས་པའི་དཀྱིལ་འཁོར་བསླང་བ་འདི་ནི་དཀའ་བར་སྣང་ནའང་བཤད་པར་བྱ་སྟེ། འདི་ལ་དམ་ཚིག་གི་དཀྱིལ་འཁོར་གྲུ་བཞི་པ་ལ་ནི། ནང་དུ་སྒོས་ཀྱི་ཀ་བ་བརྒྱད་མེད་པར་ངེས་ཏེ། དཀྱིལ་འཁོར་གྲུ་བཞི་པ་གཞན་ལ་འོང་བ་ལྟར་གྱི་ཤར་ནུབ་དང༌། ལྷོ་བྱང་དུ་བསྣོལ་མར་བཏང་བའི་གདུང་འདེགས་རྒྱུ་ནི་འདི་ལ་མེད་པའི་ཕྱིར་ཏེ། འཁོར་ལོ་གསུམ་གྱིས་བཅད་པས་གདུང་དེ་ལྟར་གཏོང་རྒྱུ་མེད་པའི་ཕྱིར་དང༌། སྐུ་འཁོར་གྱི་ཐོག་གིས་མ་ཁེབས་པའི་ཐོག་ཅུང་ཟད་ཡོད་ཀྱང་དེ་ལ་ཀ་བ་མི་དགོས་པའི་ཕྱིར་རོ། །དེས་ན་འཁོར་ལོ་བཞིའི་ཀ་བས་ཆོག་ལ། དེ་འཛུགས་མཚམས་ནི། འཁོར་ལོའི་རྩིབས་དང་པད་འདབ་གྱི་ཐད་ཀར་བཙུགས་ན་ལྷ་སྒྲིབ་པས། དེ་རྣམས་སུ་མི་བྱ་བར་མཚམས་སུ་བྱའོ། །ཐོག་འབུབས་ལུགས་ནི་ཕལ་ཆེ་བ་ལ། དབུས་སུ་ས་འབུམ་ལྟ་བུ་ཅིག་བྱས་པ་ལ། ལྕམ་སྔས་གཏད་ནས། སྐོར་ཁང་འབུབས་པའི་ལུགས་ལྟར་འཁོར་ལོའི་ཐོག་རྣམས་ཡོད་པ་ཅིག་འཆར་མོད་ཀྱང༌། དེ་ནི་མིན་ཏེ་དེ་ལྟར་བྱས་ན་འཁོར་ལོ་སོ་སོར་གོང་མའི་གནས་ནས་འོག་མའི་ལྷ་དང༌། འོག་མ་


JLD009_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་གོང་མ་མི་མཐོང་བའི་སྐྱོན་དུ་འགྱུར་བའི་ཕྱིར་དང༌། དཀྱིལ་འཁོར་སྒོ་རྐྱང་ཅིག་ལ་དེ་ལྟར་མི་རུང་བའི་ཕྱིར་དང༌། ཐོག་གི་རིམ་པ་ནི་འཁོར་ལོ་བཞི་པོ་ཐམས་ཅད་ཀྱི་ཐོག་གཅིག་ལ་རིམ་པ་བཞི་བྱེད་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེས་ན་ཀ་བའི་སྲིད་ཀྱི་ཚད་ལ་སྐུ་འཁོར་གྱི་ཀ་བའི་དཔངས་ལ། གཞིའི་དཀྱིལ་འཁོར་གཞན་གྱི་ཐོག་འདེགས་པའི་ཚད་དང་མཉམ་པར་བྱ་སྟེ། འོག་གཞི་ལས་འཕགས་པའི་ཆ་བྲན་གཉིས་དང་བཅས་པའོ། །འཁོར་ལོ་གཞན་གསུམ་གྱི་ཀ་བ་ནི་འོག་ཏུ་རང་རང་གི་འཁོར་ལོའི་ས་གཞི་ནས། སྟེང་དུ་སྐུ་འཁོར་གྱི་ཐོག་གི་དཔངས་ལས་ཆ་བྲན་གཅིག་གིས་མཐོ་བ་དང༌། གསུང་འཁོར་གྱི་ཐོག་ལས་ཆ་བྲན་ཕྱེད་ཀྱིས་མཐོ་བ་དང༌། ཐུགས་འཁོར་གྱི་ཐོག་ལས་ཆ་བྲན་གཅིག་གི་བཞི་ཆས་མཐོ་བའི་དཔངས་ཚད་བྱའོ། །གཞིའི་དཀྱིལ་འཁོར་གཞན་གྱི་ཀ་བའི་སྲིད་ཀྱི་ཚད་ནི་བོད་ཀྱི་མཁས་པ་དག །ཀ་བ་ནི་རྩ་བ་རྩིག་པ་ནས་རྩེ་མོ་དཀྱིལ་འཁོར་གྱི་དབུས་སུ་སླེབ་པ་ཆ་ཆེན་བཞི་ཡིན་ཏེ། ཀོ་ས་ལར། ཀ་བ་བརྒྱད་ཀྱིས་ཞེས་པ་ལ་སོགས་པ་ལ། སྒོ་རེ་རེའི་ཐད་ཀར་ཡང་ཀ་བ་གཉིས་གཉིས་ཏེ། མཐའ་གཅིག་ནི་རྡོ་རྗེའི་ཐིག་ལ་བརྟེན་པ། མཐའ་གཅིག་ནི་དཀྱིལ་འཁོར་གྱི་ལྟེ་བ་ལ་བརྟེན་ནོ། །དེ་ལྟར་ན་སྒོ་བཞིའི་ཐད་ཀར་ཀ་བ་བརྒྱད་དུ་འགྱུར་རོ། ཞེས་ཤེས་བྱེད་དུ་དྲངས་ནས་རྩིག་པའི་དཔངས་ཆ་བྲན་བཅུ་གསུམ། ཕ་གུ་ལ་གཅིག །དྲ་ཕྱེད་ལ་གཉིས་ཡོད་པའི་ཚད་དང་མཐུན་པར་ཆ་བྲན་བཅུ་དྲུག་པར་བསྒྲུབས་པ་ལྟར་བྱའོ། །འོན་ཀྱང་འདི་ལ་རྡོ་རྗེའི་ཐིག་ཟླུམ་པོ་ནང་མ་ལ་རེག་པ་ཙམ་ཡིན་པས་དེའི་ཞེང་


JLD009_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཅུང་ཟད་ཅིག་མ་གཏོགས་ལ། རྩ་བ་རྩིག་པ་ནས་ཞེས་པ་ནི་ཤཱཀྱ་བཤེས་གཉེན་གྱིས་དཀྱིལ་འཁོར་ནང་མ་ལ་སྒོ་མེད་པར་འདོད་པ་ལ། རྩེ་མོའི་ལུང་གིས་བཀག་པ་དང་འགལ་བར་སྣང་ངོ༌། །དེ་ལྟར་ན་སྟེང་ནས་གདུང་ཟླུམ་འཁོར་མར་བཏང་བ་ཀ་བས་བཏེགས་པའི་སྐུ་འཁོར་གྱི་ཐོག་གིས་ཅུང་མ་ཁེབས་པའི་གྲྭ་ལ་སོགས་པར་གདུང་ལ་སོགས་པ་འཐུད་ནས་བཏང་སྟེ། དམ་ཚིག་གི་འཁོར་ལོའི་ཐོག་ཅུང་ཟད་འོང་བ་དབུབ། དེ་ནས་འཁོར་ལོ་ལྷག་མ་ལའང་ཆ་བྲན་གཅིག་ལ་སོགས་པས་ཐོག་འོག་མ་ལས་མཐོ་བར་བྱས་པ་ལ། གདུང་ཟླུམ་པོ་བཏང་ལ་དབུབ་སྟེ། ཤིན་ཏུ་མཛེས་པ་དཀར་ཆ་ཆེ་བ་ཅིག་འོང༌། ཞིབ་པར་ནི་མཐོང་བ་དང་བཤད་པ་ལས་ཤེས་པར་བྱའོ། །ཕྱིའི་དབྱིབས་ནི་སངས་རྒྱས་གསང་བས་མཛད་ཟེར་བར། ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང༌། རྒྱལ་ཁབ་རི་བོའི་གུར་དུ་འདོད། ཅེས་མཆོད་རྟེན་དང༌། མཁར་ཐབས་རྫོང་དང༌། རྒྱལ་པོའི་ཁང་བཟང་རྒྱ་ཕིབས་ཅན་དང༌། གུར་གྱི་རྣམ་པ་ཅན་བཞིར་བཤད་དོ། །དེ་རྣམས་གང་བྱེད་ཀྱང་རྩེ་མོར་རྡོ་རྗེ་དང༌། ནོར་བུ་དང༌། རིན་པོ་ཆེའི་ཏོག་གིས་མཚན་པར་བྱ། ཀོ་ས་ལ་ལས། རྡོ་རྗེ་ནི་ནོར་བུ་རྡོ་རྗེའོ། །ནོར་བུ་ནི་ཡིད་བཞིན་གྱི་ནོར་བུའོ། །རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པ་སྟེ། དེ་རྣམས་ཀྱིས་རྩེ་མོ་བརྒྱན་པའི་ཁང་བུ་བརྩེགས་པ། ཞེས་བཤད་དོ། །དེ་ཡང་རྒྱུ་ནོར་བུ་རྡོ་རྗེ་ལས་བྱས་པའི་རྡོ་རྗེ་རྩེ་ལྔ་པ། དེའི་འོག་ཏུ་ཡིད་བཞིན་གྱི་ནོར་བུ། དེའི་འོག་ཏུ་པདྨ་རཱ་ག་སོགས་ཀྱི་རིན་པོ་ཆེས་སྤྲས་པ།


JLD009_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དཔངས་ལ་ཆ་ཆེན་གཅིག་ཡོད་པའི་ཏོག་བྱ་བ་དང༌། རྒྱ་ཕུབས་བྱེད་ན་དེའི་ཐོག་དཔངས་ལའང་ཆ་ཆེན་གཅིག་བྱ་ཞེས་ཁ་ཅིག་ཟེར་རོ། །གཉིས་པ་ལ་གཉིས། གཙོ་བོ་ཡབ་ཡུམ་བཤད་པ་དང༌། འཁོར་གྱི་ལྷ་བཤད་པའོ། །དང་པོ་ལ་གསུམ། ཡབ་ཡུམ་གྱི་སྐུ་མདོག་ཕྱག་མཚན་བཤད་པ་དང༌། དེ་རྒྱུད་གང་ནས་གསུངས་པ་དང་དག་པའི་དོན་བཤད་པ་དང༌། ཡབ་ཡུམ་སྙོམས་པར་ཞུགས་ནས་དགའ་བ་རྣམས་སྐྱེད་པ་འཕྲོས་དང་བཅས་ཏེ་བཤད་པའོ། །དང་པོ་ནི། གཙོ་བོ་བཅོམ་ལྡན་འདས་ནི་སྐུ་མདོག་ནག་པོ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པར་ཐར་པའི་སྒོ་བཞི་དག་པའི་ཞལ་བཞི་པ། རྩ་ཞལ་ནག་པོ་དང༌། གཡོན་ལྗང་གུ་དང༌། རྒྱབ་དམར་པོ་དང༌། གཡས་ཞལ་སེར་པོའོ། །དུས་གསུམ་གྱི་རྣམ་པ་ཐམས་ཅད་གཟིགས་པས་སྤྱན་གསུམ་པ། མ་རིག་པ་ལ་སོགས་པའི་རྟེན་འབྲེལ་བཅུ་གཉིས་འགོག་པས་ཕྱག་བཅུ་གཉིས་པ། ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བ་འཛིན་པའོ། །ལོ་ཆེན་དང་མར་དོ་དང་ཟངས་དཀར་སོགས་ཀྱི་འགྱུར་ལས། རྡོ་རྗེའི་ཕྲེང་བ་མ་བྱུང་ཡང༌། ཆག་འགྱུར་ལས་འབྱུང་བ་ནི་འགྲེལ་པ་གསུམ་དང་མཐུན་ནོ། །འགྲོ་བ་ཐམས་ཅད་སྟོང་པ་ཉིད་ཀྱིས་སྡུད་པས། གཡོན་པའི་ཞབས་བསྐུམས་ནས། མཐོ་ལྔར་ཞབས་གཡས་བརྐྱང་བས་བཞུགས་པར་ལྭ་བ་པས་བཤད་པས་སྡུད་པ་ནི། པྲཛྙཱ་རཀྵི་ཏས་འགྲོ་བ་ཐམས་ཅད་སྟོང་པ་ཉིད་ཀྱིས་གནོན་པའི་ཕྱིར། ཞེས་གནོན་པར་བཤད་པ་ཡིན་ལ།


JLD009_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཞབས་གཉིས་ཀའི་ཐུན་མོང་པ་ཡིན་ཞིང༌། དེས་དེ་ལྟར་མཚོན་ཚུལ་ནི། འདིའི་ཞབས་ཀྱིས་གང་མནན་པ་ནི། དེ་ཟིལ་གྱིས་གནོན་ཞིང་དེ་ལས་མི་འདའ་བ་བཞིན་དུ། སྟོང་ཉིད་རྟོགས་པས་འགྲོ་བ་རྣམས་ཟིལ་གྱིས་གནོན་པ་དང༌། དེ་རྣམས་སྟོང་ཉིད་ལས་མི་འདའ་བའོ། །མི་གནས་པའི་མྱང་འདས་ཀྱི་ངོ་བོ་ཡིན་པས་རྟོག་པའི་རྟོག་པ་སྟེ། རྟག་མཐའ་འཁོར་བ་མཚོན་པའི་འཇིགས་བྱེད་ཆེན་པོ་སྟེ་དབང་ཕྱུག་དང༌། ཆད་པའི་རྟོག་པ་སྟེ་ཆད་མཐའ་ཞི་བ་ཕྱོགས་གཅིག་པའི་མྱང་འདས་མཚོན་པའི་དུས་མཚན་མ་སྟེ་ལྷ་མོ་ཨུ་མ་མནན་པའོ། །དབང་ཕྱུག་ནི་ནག་པོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཌཱ་མ་རུ་དང་རལ་གྲི་འཛིན་པ་དང༌། ཨུ་མ་ནི་དམར་མོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །གཉིས་ཀའང་གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པར་ཁྱད་པར་གསལ་བྱེད་ལས་བཤད་དོ། །བདེ་མཆོག་ལ་མངོན་བརྗོད་ལས་གཡས་བརྐྱང་དང༌། ཞབས་གཉིས་ཀ་བརྐྱང་བ་དང༌། སྐྱིལ་ཀྲུང་ཕྱེད་པ་སོགས་མང་དུ་གསུངས་པ་ལས། ལོ་ནག་དྲིལ་གསུམ་གྱིས་ནི་གཡས་བརྐྱང་གི་ལུགས་སུ་མཛད་དོ། །འཇིགས་བྱེད་དང་དུས་མཚན་གཉིས་ཞབས་གཡས་གཡོན་གང་གི་འོག་ཏུ་འོང་བ་ནི། འདི་དང་ལྭ་བ་པ་དང༌། པྲཛྙཱ་རཀྵི་ཏ་དང༌། ཀུ་མཱ་རའི་འགྲེལ་པ་དང༌། དཔའ་བོ་རྡོ་རྗེས་བྱས་ཟེར་བའི་འགྲེལ་པ་རྣམས་སུ་མི་གསལ་ལ། ཁྱད་པར་གསལ་བྱེད་ལས་དུས་མཚན་གཡས་དང༌། འཇིགས་


JLD009_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གཡོན་དུ་བྱས་སོ། །ཇོ་བོ་ཆེན་པོའི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་དེ་ལས་བཟློག་སྟེ་མཛད་དོ། །རྒྱ་གཞུང་གི་སྒྲུབ་ཐབས་གཞན་དུ་མ་ལས། གཡས་བརྐྱང་གིས་འཇིགས་བྱེད་དང་དུས་མཚན་མནན་ཟེར་བ་ཙམ་ལས་གཞན་གསལ་བར་མི་སྣང་ངོ༌། །བོད་ཀྱི་བླ་མ་རྣམས་ལའང་མི་གསལ་བ་དང༌། གསལ་བའི་ལུགས་ལའང་ཕྱོགས་གཅིག་པའི་ངེས་པ་མི་སྣང་ངོ༌། །མངོན་བརྗོད་ལས་ཀྱང༌། མི་གསལ་བར་སྔར་བཞིན་བཤད་པ་མང་ངོ༌། །ལེའུ་སོ་གཉིས་པར་གཡས་བརྐྱང་གི་གཡས་ཀྱིས་འཇིགས་བྱེད་དང༌། གཡོན་གྱིས་དུས་མཚན་དང༌། ལེའུ་ང་གཉིས་པར་ཡང་གདན་གཉིས་ཀྱི་ཕྱོགས་དེ་བཞིན་དུ་དང་ཞབས་གཉིས་ཀ་བརྐྱང་བས་གནོན་པར་བཤད་དོ། །མི་གསལ་བ་རྣམས་ཀྱིའང་དགོངས་པ་དཔྱད་ན་འཇིགས་བྱེད་གཡས་པས་གནོན་པ་ལ་ཉེ་བར་སྣང་ངོ་། །ཞབས་རེ་རེས་གནོན་ལུགས་ནི་མངོན་བརྗོད་ཀྱི་སོ་གསུམ་པ་ལས། ལྷ་བཅུ་གསུམ་མའི་གཙོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པ་སྐྱིལ་ཀྲུང་ཕྱེད་ཀྱིས་བཞུགས་པས་དུས་མཚན་ཁ་སྦུབ་ཏུ་མནན་པ་དང༌། ཉེར་དགུ་པར་ལྷ་དགུ་མའི་གཙོ་བོ་ཞལ་དྲུག་ཕྱག་བཅུ་གཉིས་པས་གཡས་བརྐྱང་གིས། འཇིགས་བྱེད་དང་ནི་འཇིགས་བྱེད་མོ། །ཁ་སྤུབ་ཞབས་ཀྱིས་མནན་པས་བཞུགས། ཞེས་འགྱུར་མང་པོ་ལས་འབྱུང་བ་དང༌། ཉི་ཤུ་བར་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང༌། ཞལ་བཅུ་གཉིས་ཕྱག་ཉེར་བཞི་པ་དང༌། དེ་ལས་ཀྱང་མང་བ་དང༌། འཁོར་དང་ཕྱག་གྲངས་མ་ངེས་པའི་ཁ་དོག་དང༌། ཕྱག་མཚན་སྣ་ཚོགས་པ་འཛིན་པའི་གཙོ་བོས་འཇིགས་བྱེད་དང་དུས་མཚན་དང༌། ཚངས་པ་དང་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next