Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  collapse section
   
   
   
ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།
   
   
   
   
   
   


 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JLD009_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་སོགས་དུ་མ་ཞིག་ཁ་སྦུབ་ཏུ་གནོན་པར་བཤད་པ་ཡོད་ཀྱང༌། ལེའུ་དགུ་པར་ཞལ་བཞི་ཕྱག་བཅུ་གཉིས་པ་གཡས་བརྐྱང་ཅན། ཡུམ་དང་ལྡན་པའི་ཡབ་ཀྱི་སྐུ་ལ། ལྷ་དྲུག་ཅུ་བཀོད་པའི་ལྷ་རེ་གཉིས་པའི་སྐབས་སུ་དང༌། ཡང་བཅོ་བརྒྱད་པར་གཙོ་བོ་ཞལ་གསུམ་ཕྱག་དྲུག་པས་ལྷ་རེ་གཉིས་པའི་སྐབས་སུ་དབང་ཕྱུག་གི་མགོ་བོ་དང༌། དུས་མཚན་གྱི་ནུ་མ་གནོན་པར་གསུངས་ཤིང༌། ལཱུ་ཨི་པའི་འགྲེལ་པ་རྣམས་སུ་མི་གསལ་ཡང༌། མི་ཐུབ་ཟླ་བ་དང༌། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་ཀྱང་ལྷ་རེ་གཉིས་པའི་གཙོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པ་གཡས་བརྐྱང་ཅན་གྱི་སྐབས་སུ། མགོ་བོ་དང་ནུ་མ་གནོན་པར་བཤད་པ་ལྟར། ལོ་ནག་དྲིལ་གསུམ་གྱི་རེ་གཉིས་པ་ལའང་བྱ་དགོས་སོ། །དེ་ལྟར་ན་ཨུ་མ་ནི་གན་རྐྱལ་དང༌། མགོ་བོ་གནོན་པ་ཡང་མངོན་བརྗོད་དུ་མང་དུ་བཤད་དོ། །འཇིགས་བྱེད་ཀྱི་མགོ་གནོན་པར་མང་དུ་བཤད་ཅིང༌། གན་རྐྱལ་དུ་གནོན་པ་རྒྱུད་ནས་མེད་པ། ལཱུ་ཨི་པ་སོགས་ཀྱི་ལུགས་འདི་ལ་ཁ་སྦུབ་ཏུ་གནོན་པ་ཡང་མ་བཤད་པས། གཡས་སུ་འགྱེལ་བའི་རྣ་བ་གཡོན་པ་ནས་གནོན་པར་སྒྲུབ་ཐབས་འགའ་ཞིག་ལས་བཤད་པ་ལྟར་རོ། །རྒྱ་གཞུང་འགའ་ཞིག་ལས་གནོན་ལུགས་འགའ་རེ་བཤད་ཀྱང་མ་བྲིས་སོ། །བོད་ཁ་ཅིག་རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་དང༌། རྡོ་རྗེ་རྩེ་མོར་རིམ་པ་བཞིན་དུ་ཞབས་གཡོན་པས་དབང་ཕྱུག་གི་རྣ་བ་གཡོན་པ་དང༌། གཡས་པས་ཨུ་མའི་ནུ་མའི་བར་དུ་གནོན་པར་བཤད་པ་ལྟར་འདིར་བྱ་དགོས་ལ། ཇོ་བོ་ཆེན་པོས་དབང་ཕྱུག་མ་ཤི་བར་བཞེད་པ་རྩེ་མོར་ཤི་


JLD009_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད་པས་འགོག་པ་ནི་ལེགས་པ་མིན་ཏེ། རྒྱུད་སྡེ་གོང་འོག་མི་གཅིག་པ་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནས། གནོན་པ་པོ་མི་འདྲ་བ་ཕྱག་རྡོར་དང༌། བདེ་མཆོག་གིས། མནན་བྱ་དབང་ཕྱུག་དང་ཨུ་མ་གནོན་པར་བཤད་པ་རྣམས་ཀྱི་ཞབས་ཀྱི་གནོན་ལུགས་མཐུན་དགོས་ན། བདེ་མཆོག་གི་རྒྱུད་གཅིག་ནས་གནོན་པ་པོ་བདེ་མཆོག་ཏུ་མཚུངས་ཤིང༌། མནན་བྱ་འཇིགས་བྱེད་དང་དུས་མཚན་དུ་མཚུངས་པ་གཉིས་གནོན་ལུགས་ཤིན་ཏུ་མཐུན་དགོས་པ་ལ། མངོན་བརྗོད་ཀྱི་རྒྱུད་གཅིག་པུ་ནས་མི་མཐུན་པ་དུ་མ་ཞིག་གསུངས་པའི་ཕྱིར་རོ། །དེ་ཡང་རྒྱུད་དེའི་ལེའུ་སོ་གསུམ་པར་ཞབས་གཉིས་ལས་མང་བ་ནི་མ་བཤད་ཅིང༌། སྐྱིལ་ཀྲུང་ཕྱེད་པས་བཞུགས་ནས་དུས་མཚན་ཁ་སྦུབ་ཏུ་བྱས་ཏེ། འཇིགས་བྱེད་དང་གཉིས་ཀ་གནོན་པ་བཤད་པའི་དོན། སྒྲུབ་ཐབས་གཙུག་ནོར་ལས། སྐྱིལ་ཀྲུང་ཕྱེད་པས་གཉིས་ཀ་བརྩེགས་ནས་གནོན་པར་བཤད་དེ། ཞབས་གཅིག་གིས་གཉིས་ཀ་དང༌། རེ་རེས་རེ་རེ་དང༌། གཡས་བརྐྱང་དང་གཉིས་ཀ་བརྐྱང་བས་གནོན་པ་སོགས་དུ་མ་ཞིག་བཤད་དོ། །ཡང་ལེའུ་ང་བཞི་པ་ལས། འཇིགས་བྱེད་དང་ནི་དུས་མཚན་དག །བརྒྱལ་ཞིང་རྣམ་པར་མྱོས་པ་ཡི། །ཀླད་པ་ལ་ནི་ཞབས་ཀྱིས་ནི། །གཅེར་བུ་འོ་དོད་འབོད་པ་མནན། ཞེས་ཀྱང་གསུངས་པས། བདེ་མཆོག་གི་རྒྱུད་ཀྱི་ལུགས་ཀྱིས་འཇིགས་བྱེད་གསོན་པོར་འདོད་པ་ཡོ་གའི་རྒྱུད་ནས་དབང་ཕྱུག་ཤི་བར་བཤད་པས་འགོག་མི་ནུས་སོ། །མངོན་བརྗོད་ལས་འཇིགས་བྱེད་དང་དུས་མཚན་མནན་པས་ནི་སྲེད་པ་དང་སྡང་བ་དང༌། རྟག་ཆད་ཀྱི་རྣམ་རྟོག་གནོན་པར་གསུངས་པའི་དང་པོ་ནི་གོ་སློའོ། །གཉིས་པ་རྟག་པ་འཁོར་


JLD009_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡོད་མཐའ་ནི། འཁོར་བའི་བག་ཆགས་ཀྱི་རྒྱུན་མ་ཆད་པར་འཇུག་པའི་ཕྱོགས་དང༌། ཆད་པ་མྱང་འདས་ཀྱི་མེད་མཐའ་ནི། ལས་ཉོན་ཙམ་ཞིག་ཆད་པའི་ཞི་བ་ཕྱོགས་གཅིག་པའོ། །ཡུལ་སྟོང་པ་ཉིད་དང་ཡུལ་ཅན་སྙིང་རྗེ་རོ་མཉམ་པས་རྡོ་རྗེ་ཕག་མོ་ལ། ཕྱག་དང་པོ་གཉིས་ཀྱིས་འཁྱུད་པ་དང༌། འཁྱུད་པའི་ཕྱག་གཉིས་ཀྱི་གཡས་པས་ཡེ་ཤེས་ལྔ་རོ་མཉམ་པའི་རང་བཞིན་ཅན། རྡོ་རྗེ་རྩེ་ལྔ་པ་དང་གཡོན་པས་ཤེར་ཕྱིན་གྱི་རང་བཞིན་དྲིལ་བུ་བསྣམས་པའོ། །མངོན་བརྗོད་ལེའུ་དགུ་པར་དཔའ་བོ་གཅིག་པ་ལ། རྡོ་རྗེ་རྩེ་དགུ་པར་བཤད་ཀྱང༌། འདིར་རྩེ་ལྔ་པར་བྱ། འགྲོ་བའི་གཏི་མུག་འཇོམས་པས་ཕྱག་སྔ་མ་ལས་གཞན་པ་སྟེ་དེའི་འོག་མ་གཉིས་ཀྱིས། གླང་པོ་ཆེའི་པགས་པ་དཀར་པོ་ཁྲག་དང་བཅས་པའི་ན་བཟའ་རང་གི་རྒྱབ་ཏུ་མནབས་པ་སྟེ། གླང་པོས་གཏི་མུག་མཚོན་ལ། དེའི་པགས་པ་བཤུས་པས་ནི་གཏི་མུག་དྲལ་བ་མཚོན་པའོ། །དེ་ཡང་ཕྱག་གཡས་པས་ལག་པ་གཡོན་པ་དང༌། གཡོན་པས་རྐང་པ་གཡོན་པའི་པགས་པ་སྡིགས་མཛུབ་དང་བཅས་པའི་ཕྱག་གིས་བརྒྱངས་ཏེ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་གཉིས་སྨིན་མ་དང་མཉམ་བར་རྩ་རྒྱུད་ཀྱི་འགྲེལ་པར་ཕྱག་ན་རྡོ་རྗེས་བཤད་དོ། །ཚོགས་བདག་གླང་པོའི་གཟུགས་སུ་གནས་པའི་པགས་པ་ཡིན་པས། མངོན་བརྗོད་ལས། ཚོགས་བདག་གི་པགས་པ་ཞེས་ཀྱང་གསུངས་སོ། །གཡས་པའི་ཕྱག་གསུམ་པ་ན་མཆོག་ཏུ་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་བའི་ཌཱ་མ་རུ། བཞི་པ་ན་སྒོ་གསུམ་གྱི་སྐྱོན་གཅོད་པའི་དགྲ་སྟ། ལྔ་པ་ན་


JLD009_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཡོད་མེད་ཀྱི་མཐར་འཛིན་པའི་རྣམ་རྟོག་གཅོད་པའི་གྲི་གུག་བསྣམས་ཤིང༌། དྲུག་པ་ན་ཁམས་གསུམ་དུ་སོན་པའི་ཉོན་མོངས་པ་འབིགས་པའི་མདུང་རྩེ་གསུམ་པ་སྒྲེང་བའོ། །གཡོན་པའི་ཕྱག་གསུམ་པ་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་དཀར་པོ་རྡོ་རྗེས་མཚན་པའོ། །ཁ་ཊྭཱཾ་ག་ནི་མངོན་བརྗོད་ལེའུ་དགུ་པར། མཆོད་ཕྱིར་ཐོགས་དང་འབྲེལ་པའི་རྡོ་རྗེ་ཁ་ཊྭཱཾ་ག །སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པ། རྡོ་རྗེ་དྲིལ་བུ་རབ་ཏུ་འཕྱང་ཞིང་སྣ་ཚོགས་པའི་བ་དན་རབ་ཏུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་འོག་ཏུ་རྡོ་རྗེ་རྩེ་གཅིག་པ། ཞེས་གསུངས་སོ། །ཕག་མོ་ཤེས་རབ་སྣང་བའི་སྒྲུབ་ཐབས་ལས། ཁ་ཊྭཱཾ་ག་ཡུ་བ་དཀར་པོ། མགོ་རྩེ་གཅིག་པ། སྟེང་ནག་པོ་རྩེ་ལྔ་པ་དང་རྗེས་སུ་འབྲེལ་བའི་མགོ་བོ་སྐམ་པོ་དང༌། རྙིང་པ་དང་རློན་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། གསེར་གྱི་བུམ་པའི་རྩ་བ་ལ་བཏགས་པའི་དྲིལ་བུ་སྒྲ་སྒྲོགས་པ་དང་ལྡན་པའི་སྣ་ཚོགས་པའི་བ་དན་གྱིས་མཛེས་པར་བྱས་པ། ཞེས་བཤད་པའི་ཡུ་བ་ནི་དབྱུག་པ་དང༌། མགོ་རྩེ་གཅིག་པ་ནི་མར་རྩེ་དང༌། སྣ་ཚོགས་རྡོ་རྗེའི་འོག་ཏུ་བུམ་པ་སེར་པོ་བྱའོ། །མགོ་བོ་གསུམ་གྱི་ཁ་དོག་ནི་ཁྱད་པར་གསལ་བྱེད་ལས། སྐུ་གསུང་ཐུགས་རྣམ་པར་དག་པས། དཀར་པོ་དམར་པོ་ནག་པོའི་མགོ་བོ་གསུམ་དང་ལྡན་པའི་ཁ་ཊྭཱཾ་གའོ། ཞེས་བཤད་པས་ཡས་རིམ་ནས་སྦྱར་ཏེ་བྱའོ། །བཞི་པ་ན་བདེ་བ་དང་སྙིང་རྗེ་ཆེན་པོའི་རོའི་རང་བཞིན་ཁྲག་གིས་བཀང་བའི་ཐོད་པ་སྟེ། ཁྲག་དང་ཐོད་པ་ལ་རེ་རེ་སྦྱར་རོ། །ལྔ་པ་ན་ཡང་དག་པའི་ཡེ་ཤེས་ཀྱིས་བཅིངས་པས་རྡོ་རྗེའི་ཞགས་


JLD009_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ། དྲུག་པ་ན་དངོས་པོ་ཡོད་མེད་ཀྱི་རྣམ་རྟོག་ཐམས་ཅད་ཟད་པའི་རང་བཞིན་གྱི་ཐར་པ་ཚངས་པའི་མགོ་བོ་བསྣམས་པ་སྟེ། ཀྱཻ་རྡོར་ལས། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཏེ། ཞེས་གསུངས་པ་བཞིན་ནོ། །རལ་པའི་ཅོད་པན་གྱིས་བརྒྱན་པ་དང༌། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན་ཞེས་སོ་སོར་འབྱུང་པའི་དོན་ནི། འཁྲུལ་སྤོང་ལས། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན་ཞེས་བཤད་པ་ལྟར་བྱ་ལ། མཚོན་དོན་ནི་དགེ་རྩ་མཐར་གྱིས་འཕེལ་བ་དང༌། འགྲོ་བ་ཀུན་གྱི་དོན་བྱེད་པའོ། །སྣ་ཚོགས་རྡོ་རྗེས་མཚོགས་མ་གནོན་པར་འདོད་པ་ནི་རྒྱུད་ཀྱི་དོན་མིན་ནོ། །ཐོད་པ་སྐམ་པོ་ལྔའི་ཕྲེང་བའི་ཐོད་ཅན་ནོ། །དེ་ནི་ཤེས་རབ་སྣང་བའི་སྒྲུབ་ཐབས་ལས། རྡོ་རྗེ་ནག་པོའི་ཕྲེང་བ་གཉིས་ཀྱི་དབུས་སུ་ཐོད་པའི་ཕྲེང་བ་བྱེད་པར་བཤད་པས། སྟོད་སྨད་ནས་ཕྲེང་བ་དེ་ལ་བརྒྱུས་པའོ། །དེས་ནི་ཆོས་ཀྱི་དབྱིངས་ལས་བཞེངས་པ་མཚོན་པར་ལྭ་བ་པ་དང༌། པྲཛྙཱ་རཀྵི་ཏའི་འགྲེལ་པར་འབྱུང་བའི་དོན་ནི། ཐོད་སྐམ་གྱིས་བདག་མེད་པ་དང༌། གྱེན་དུ་འགྲེང་བས་དེ་ལས་བཞེངས་པ་མཚོན་པར་མངོན་ནོ། །དབུ་ལ་ཟླ་བ་ཕྱེད་པ་འཆང་བ་ནི། ཅུང་ཟད་གཡོན་དུ་ཡོ་བར་འཁྲུལ་སྤོང་དང༌། ཁྱད་པར་གསལ་བྱེད་ལས་བཤད་ལ། དེས་བྱང་ཆུབ་ཀྱི་སེམས་འབབ་པ་མཚོན་ནོ། །མངོན་བརྗོད་ལས་ཀྱང་ལན་དུ་མར་ཟླ་ཕྱེད་དུ་གསུངས་པས། ཚེས་གཅིག་གི་ཟླ་བར་འཆད་པ་དོན་མིན་ནོ། །ལོག་པར་ལྟ་བ་ལས་ལོག་ནས་ཡང་དག་པའི་ལྟ་བ་ཅན་དུ་གྱུར་པས་ཞལ་རྣམ་པར་འགྱུར་བའོ། །བདུད་བཞི་འཇོམས་པས་མཆེ་བ་བཞི་གཙིགས་ཤིང་འཇིགས་སུ་


JLD009_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའོ། །རྣམ་སྣང་ལ་སོགས་པའི་རིགས་ལྔ་དང༌། སྤྱན་མ་ལ་སོགས་པའི་ཡུམ་བཞིའི་རང་བཞིན་གྱི་ཞི་གནས་དང༌། ལྷག་མཐོང་གི་ཤིན་ཏུ་དགའ་བའི་ཉམས་དང་ལྡན་པས། སྒེག་པ་དང་ལ་སོགས་པའི་སྒྲས་བསྡུས་པ་དཔའ་བ་དང༌། མི་སྡུག་པ་གསུམ་སྐུའི་དང༌། རྒོད་པ་དང་དྲག་ཤུལ་དང་འཇིགས་སུ་རུང་བ་གསུམ་གསུང་གི་དང༌། སྙིང་རྗེ་དང་རྔམ་པ་དང་ཞི་བ་གསུམ་ཐུགས་ཀྱི་ཉམས་ཏེ་ཉམས་དགུ་དང་ལྡན་པའོ། །ཆགས་སོགས་ཀྱི་ཉོན་མོངས་སྦྱོང་བས་སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །དེ་ཡང་མན་སྙེ་ལས། སྟག་གི་པགས་པའི་གོས་ཏེ་དེ་ཡང་ཤེས་རབ་དང་བཅས་པ་ཉིད་ན་རྒྱབ་ཀྱི་ཆ་ཁོ་ནར་རོ། ཞེས་གསུངས་པ་ལྟར། བླ་མ་ཁ་ཅིག་སྟག་གི་པགས་པའི་ཤམ་ཐབས་རློན་པ་ཁྲག་འཛག་བཞིན་པ་མགོ་བོ་གཡས་དང་། འཇུག་པ་གཡོན་དུ་བསྟན་ནས་བགོས་པ་ལས། ཡུམ་དང་སྦྱོར་བའི་དུས་སུ་རྒྱབ་ཀྱི་ཆར་འཕྱུགས་ནས་མགོ་བོ་གཡོན་དང༌། མཇུག་མ་གཡས་སུ་བྱས་ནས་མདུན་གྱི་ཆར་མེད་པའོ། ཞེས་ཟེར་རོ། །ཨཱ་ལི་དང་ཀཱ་ལི་ལྔ་བཅུའི་རང་བཞིན་གྱི་མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་འཕྱང་བའོ། །ཕྱག་རྒྱ་དྲུག་གིས་བརྒྱན་པ་ཞེས་གསུངས་པའི་ཕྱག་རྒྱ་དྲུག་ནི། མགུལ་རྒྱན་དང༌། གདུ་བུ་དང་རྣ་ཆ་དང༌། དབུ་སྟེ་སྤྱི་གཙུག་ཏུ་རྣམ་པར་བརྒྱན་པའི་ནོར་བུ་དང༌། མཆོད་ཕྱིར་ཐོགས་དང༌། ཐལ་བ་ཆེན་པོ་ཞེས་པ་ནི། ཕྱག་རྒྱ་དྲུག་ཏུ་རབ་ཏུ་བརྗོད་དོ། །དེ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱིར། སྐུ་ལ་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །འདི་ནི་ཀུན་སྤྱོད་དང་མངོན་བརྗོད་ཀྱི་སྐབས་འགའ་ཞིག་དང་མཐུན་ལ།


JLD009_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བརྗོད་ཀྱི་ལྔ་པ་ལས། སྤྱི་གཙུག་གི་ནོར་བུ་མ་བགྲངས་པར། མགོ་ཕྲེང་བགྲངས་ཤིང་བཞན་སྔར་དང་འདྲའོ། །བླ་མ་ཁ་ཅིག་མགོ་ཕྲེང་གཅིག་ཏུ་བགྲངས་པ་འགྱུར་མ་དག་པའམ། དཔེ་མ་དག་པར་འཆད་མོད་ཀྱང༌། མངོན་བརྗོད་ཀྱི་འགྱུར་ཕལ་ཆེ་བ་ལས་དེ་བཞིན་དུ་འབྱུང་བས་དཔྱད་དོ། །ཕྱིན་དྲུག་དང་སྦྱོར་ཚུལ་ནི་རིམ་པ་ཇི་བཞིན་དུ་བྱའོ། །འཁྲུལ་སྤོང་ལས། སྤྱི་གཙུག་གི་ནོར་བུ་དང་མཆོད་ཕྱིར་ཐོགས་མ་བགྲངས་པར་འཁོར་ལོ་དང་རྐེད་རྒྱན་བགྲངས་ཏེ་ཀྱཻ་རྡོར་དང་མཐུན། བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་འཁོར་ལོ་དང་རྐེད་རྒྱན་སོགས་ཉེ་བའི་ཕྱག་རྒྱར་བཤད་དོ། །བླ་མ་ཁ་ཅིག་རལ་པའི་ཐོར་ཅོག་ལ་སྟེང་དུ་ཡིད་བཞིན་གྱི་ནོར་བུ་དང༌། དེའི་འོག་ཏུ་སྣ་ཚོགས་རྡོ་རྗེ་བྱ་གསུང་ཡང༌། སྤྱི་གཙུག་གི་ནོར་བུས་མཚན་པའི་འཁོར་ལོ་བྱས་ན་རུང་ངམ་སྙམ། དེ་དང་ཐ་མ་གཉིས་མ་གཏོགས་པའི་ལྷག་མའི་རྒྱན་གསུམ་མི་རུས་ལས་བྱས་པ་གཞན་དང་མཐུན་པར་བྱ། འཁྲུལ་སྤོང་ལྟར་རྐེད་རྒྱན་ཀྱང་བྱའོ། །མཆོད་ཕྱིར་ཐོགས་ནི་མི་རུས་ལས་བྱས་པར་འཁྲུལ་སྤོང་དང༌། ཁྱད་པར་གསལ་བྱེད་ལས་བཤད་ལ། མིང་གཉིས་པ་ཚངས་སྐུད་ཅེས་ཀྱང་འབྱུང་སྟེ། སེ་རལ་ཁར་ཐོགས་པའོ། །མི་རུས་ཀྱི་ཐལ་བ་ནི་ལུས་ཐམས་ཅད་ལ་བྱུགས་པ་སྟེ། དེས་ནི་ལུས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པ་མཚོན་ནོ། །གཙོ་བོ་དེའི་མདུན་དུ་སྟེ་དེ་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་དབུ་སྐྲ་རྒྱབ་ཏུ་སིལ་བུར་བཤིག་པ། ཐོད་པའི་དུམ་བུས་བརྒྱན་


JLD009_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོག་པག་གི་སྐ་རགས་ཅན། ཕྱག་གཡོན་པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པའི་ཐོད་པ་ན། གདུག་པའི་བདུད་བཞི་ལ་སོགས་པའི་ཁྲག་དང་རྒྱུ་མས་བཀང་བ་བསྣམས་མ། གཡས་པས་ཕྱོགས་བཅུའི་སྡང་བ་སྟེ་གདུག་པ་ཅན་ཀུན་ལ་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱིས་སྡིགས་པར་བྱེད་པའོ། །སྟོང་པ་ཉིད་ཀྱི་ཚུལ་གྱིས་འགྲོ་བ་མི་དམིགས་པར་མཉམ་པར་རྟོགས་པས་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུར་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པས་གཟི་བརྗིད་ཆེ་བའོ། །དེས་ན་ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་ནོ། །ཁྲག་ལ་དགྱེས་ཤིང་ཟླ་མཚན་དང་ལྡན་པས་ཁྲག་འཛག་པའོ། །བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་ལེགས་པར་འཁྲིལ་བ། ལྷག་མཐོང་གི་རང་བཞིན་གྱི་བདེ་བ་ཆེན་པོར་གནས་ཀྱང་འགྲོ་བའི་དོན་བྱེད་པས་ཐུགས་རྗེའི་བདག་ཉིད་ཅན་ནོ། །ཡུམ་ཡང་ཐལ་བ་མ་གཏོགས་པ་ཕྱག་རྒྱ་ལྔས་བརྒྱན་པ་སྟེ། གདུ་བུ་ལ་རྐང་གདུབ་དང་ལག་གདུབ་གཉིས་དང་དཔུང་རྒྱན་དང་འཁོར་ལོ་དང༌། མི་མགོ་སྐམ་པོ་ལྔའི་ཐོད་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་སོགས་ཀྱང་ཤེས་པར་བྱའོ། །འདིར་ལྭ་བ་པའི་འགྲེལ་པ་ལས། ཅུང་ཟད་རྒོད་དང་ཡོངས་སུ་འཁྱུད། །གཅེར་བུ་ཉིད་དང་སྐྲ་གྲོལ་བ། །སྤུ་ལྡང་བདེ་བ་སྐྱེད་པ་ཡི། །རྟགས་ལྔ་པོ་ནི་ཕྱི་རོལ་ཏུའོ། །རྟགས་གསུམ་དངོས་སུ་གསུངས་པ་ཡིས། །དེས་ན་རྟགས་གཉིས་རྟོགས་བྱས་ཏེ། །འཁོར་ལོ་ལྔར་གནས་ལྷ་མོ་རྣམས། །རྟགས་ལྔ་ཡིས་ནི་ཡང་དག་གནས། ཞེས་གསུངས་པའི་རྟགས་གསུམ་ནི་གཙོ་མོ་དང་དཔའ་མོ་ཉེར་བཞི་ལ་ནི་འཁྱུད་པ་དང༌། གཅེར་བུ་དང་


JLD009_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་གྲོལ་བ་ཡིན་ལ། ལྷ་མོ་ལྷག་མ་ལ་ནི་འཁྱུད་པའི་ཚབ་མར་ཅུང་ཟད་རྒོད་པ་དང་གསུམ་སྟེ། འཁྱུད་པ་ནི་ཤུགས་ཀྱིས་ཤེས་པར་བྱའོ། །འདིས་ནི་ལྷ་མོ་བཅུ་གཉིས་ཀྱི་ཕྱག་གྲི་ཐོད་ཐུགས་ཀར་བཟུང་བས་འཁྱུད་ཚུལ་བྱེད་པ་ཡང་བསྟན་ནོ། །གཉིས་པ་ནི། ཡབ་ཡུམ་འདི་ལྟར་བཤད་པ་འདི་རྒྱུད་གང་ནས་གསུངས་སྙམ་ན། རྩ་བའི་རྒྱུད་དུ་ནི་སྦས་པར་གསུངས་པས་མི་གསལ་ལ། བཤད་པའི་རྒྱུད་ཀུན་སྤྱོད་ལས། ཕྱག་གཉིས་ཡང་དག་འཁྱུད་པ་དང༌། །གཉིས་ཀྱིས་གླང་པོའི་པགས་པ་འཛིན། །དགྲ་སྟ་མདུང་རྩེ་གསུམ་གྲི་གུག །ཌཱ་མ་རུ་ནི་གཡས་པས་འཕྱར། །ཁ་ཊྭཱཾ་ག་དང་ཐོད་པའི་ཁྲག །ཞགས་པ་མགོ་བོ་འཕྱར་བ་སྟེ། །གཡོན་པ་རུ་ནི་ཡང་དག་བཤད། ཅེས་ཡབ་ཀྱི་སྐུ་མདོག་དང་ཞལ་གྱི་གྲངས་མ་སྨོས་ཤིང༌། ཕྱག་མཚན་རྣམས་རིམ་པ་ཇི་ལྟ་བ་བཞིན་མ་བཤད་ཀྱང༌། ཕྱག་དང་ཕྱག་མཚན་རིམ་པ་ངེས་པ་ཅན་མ་སྨོས་པས་ལཱུ་ཨི་པ་བཞིན་བྱས་པས་ཆོག་གོ །མངོན་བརྗོད་ཀྱི་ལེའུ་བདུན་པ་ལས། ཕྱག་མཚན་གཉིས་དང༌། དམ་ཚིག་གི་རྡོ་རྗེ་ཕག་མོ་ལ་འཁྱུད་ཅེས་པ་མ་གཏོགས་པ། ཞལ་གྱི་གྲངས་དང༌། དེའི་མདོག་དང༌། སྐུ་མདོག་དང༌། ཕྱག་མཚན་ལྷག་མ་དང༌། རལ་པ་ལ་སོགས་པ་འདི་བཞིན་དུ་བཤད་ལ། གཡས་པའི་དྲུག་པ་ན་རྡོ་རྗེ་མདུང་ཞེས་པ་ཙམ་ལས་རྩེ་གསུམ་པ་མ་བཤད་དེ་མི་འགལ། གཡོན་པའི་དྲུག་པས་བདུད་བཞིའི་མགོ་བོ་བསྣམས་པར་བཤད་པས་ནི་ཚངས་མགོ་གདོང་བཞི་པར་སྟོན་ནམ་བརྟག་གོ །ཡུམ་ནི་སྡོམ་འབྱུང་དང༌།


JLD009_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པའི་གྲི་གུག་མ་གཏོགས་པ་ཀུན་སྤྱོད་དང་མཐུན་ལ། ཡུམ་གྱི་གཡས་པས་རྡོ་རྗེ་འཛིན་པ་ནི། མངོན་བརྗོད་ཀྱི་སྐབས་མང་པོར་གསུངས་སོ། །དེས་ནི་དྲིལ་བུ་པས་ཞལ་བཞི་ཕྱག་བཅུ་གཉིས་པར་བཤད་པ་ཡང་རྒྱུད་གང་ནས་གསུངས་པ་ཤེས་པར་བྱའོ། །ཞལ་བཞི་ལ་སོགས་པ་རྣམ་ཐར་བཞི་ལ་སོགས་པར་བཤད་པ་ནི། ལྭ་བ་པའི་འགྲེལ་པར། ཐལ་བས་ལུས་ཐམས་ཅད་ལ་བྱུགས་པ་ནི། ལུས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པ་མཚོན་པར་གསུངས་པས། གཞན་རྣམས་ལའང་སྐུའི་སྣང་བ་དེ་དང་དེས་རྣམ་ཐར་བཞི་ལ་སོགས་པ་མཚོན་པར་བྱའོ། །ཡབ་ཀྱིས་ཡུམ་ལ་དང༌། དེས་ཀྱང་ཡབ་ལ་འཁྱུད་པ་ནི་ཐབས་ཤེས་ཕན་ཚུན་དུ་འཁྱུད་པ་ཡིན་ལ། དེའི་མཚོན་དོན་ནི་སྟོང་པ་ཉིད་བདག་མེད་པའི་དོན་རྟོགས་པ་དང༌། སྙིང་རྗེའི་སྐད་དོད་ཀ་རུ་ཎའི་ཀ་ལ་རྗེས་སུ་ང་རོ་བྱིན་པས་ནི་བདེ་བ་དང་རུ་ཎ་འགོག་པའི་དོན་དུ་བྱ་སྟེ། འགྱུར་བ་འཛག་བདེ་འགོག་པར་བསྟན་པའི་ཤུགས་ཀྱིས་མི་འགྱུར་བ་དང་མི་འཛག་པའི་བདེ་བ་ཆེན་པོ་སྟོན་པར་དུས་འཁོར་གྱི་སྐོར་ནས་གསུངས་པ་ལྟར་རམ། མཚོ་སྐྱེས་ཀྱིས་གསུངས་པ་ལྟར་མཧཱ་ཀཾ་ནི་བདེ་བ་ཆེན་པོ་དང༌། རུ་ཎ་སྡུད་པ་སྟེ་དེ་ཡང་ལྷན་སྐྱེས་ཀྱི་བདེ་བ་ཡིན་པས། སྙིང་རྗེ་ལ་སྤྱིར་གཉིས་ཡོད་ཀྱང་འདི་འདྲའི་སྐབས་སུ་སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ལ་བཤད་པ་ལྟར་མི་བྱའི། ལྷན་སྐྱེས་ཀྱི་བདེ་ཆེན་ལ་བྱ་སྟེ། མངོན་བརྗོད་ལས། བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། ཞེས་གསུངས་ཤིང་ལཱུ་ཨི་པས་ཀྱང་དེ་ལྟར་གསུངས་སོ། །དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་དོན་ནོ། །ཡུལ་སྟོང་ཉིད་དེ་ཡུལ་ཅན་གཞན་


JLD009_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྒོམས་པ་ལས་ཁྱད་པར་དུ་གྱུར་པའི་ལྷན་སྐྱེས་ཀྱི་བདེ་བས་སྒོམ་དགོས་པར་བསྟན་པའི་ཕྱིར་དུ་ཡབ་ཡུམ་ཕན་ཚུན་སྦྱོར་བའི་རྣམ་པ་ཅན་དུ་མཛད་པ་ནི་ལམ་འདིའི་གནད་དམ་པ་ཡིན་པས། སྤྱིར་ཐབས་ཤེས་དབྱེར་མེད་དུ་སྦྱོར་བ་མཚོན་ཞེས་པ་ཙམ་མིན་པར་ཁྱད་པར་ཐོན་པ་ཅིག་དགོས་སོ། །མཚོན་དོན་ཁྱད་པར་ཅན་དེའི་སྟོང་ཉིད་སྟོགས་པ་ལ་བཞིར་ཕྱེ་བ་ནི་རྣམ་ཐར་བཞི་ཡིན་ལ། བདེ་བ་ནི་ཁ་ཊྭཱཾ་ག་དང་ཐོད་པ་དང༌། གཉིས་ཀ་ཡང་རྡོར་དྲིལ་གྱི་མཚོན་དོན་ནོ། །དེའི་བྱེད་ལས་ནི་གཏི་མུག་མ་ལུས་པར་དྲལ་བ་དང༌། དེས་བསྐྱོད་པའི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་བ་དང༌། གཡས་ཀྱི་ཕྱག་མཚན་གསུམ་དང༌། གཡོན་ཀྱི་ཕྱག་མཚན་ལྔ་པས་རང་གཞན་གྱི་རྒྱུད་ལ་འཆིང་བ་དང༌། གཡས་བརྐྱང་གི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་དང༌། འཁོར་འདས་ཀྱི་མཐའ་གཉིས་གནོན་པའོ། །དེ་ལྟར་མཛད་པས་སྐྱོན་ཟད་པའི་སྤངས་པ་ནི་ཚངས་མགོ་དང༌། ཡོན་ཏན་གོང་ནས་གོང་དུ་འཕེལ་ཏེ་མཐར་ཕྱིན་པའི་རྟོགས་པ་ནི་རལ་པ་ཡར་ལ་བསྡུས་པ་དང༌། ཡེ་ཤེས་ལྔའི་ངོ་བོར་གནས་པ་ནི་རྡོ་རྗེ་འཕྲེང་བའི་མཚོན་དོན་ནོ། །ཞི་མཐའ་སྤངས་པའི་འོད་གསལ་ལས་གཟུགས་སྐུར་བཞེངས་པ་ནི་ཐོད་སྐམ་ལྔ་དང༌། དེ་འདྲ་དེས་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་པ་ནི་སྣ་ཚོགས་རྡོ་རྗེའི་མཚོན་དོན་ནོ། །སྤངས་རྟོགས་གཉིས་ཀྱི་རྟོགས་པའི་ཁྱད་པར་ཇི་སྙེད་པ་ཐམས་ཅད་གཟིགས་པ་ནི་སྤྱན་གསུམ་དང༌། འཁོར་བའི་མཐའ་གནོན་པའི་ཚུལ་ཕྱག་བཅུ་གཉིས་ཀྱི་མཚོན་


JLD009_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང༌། ཕྱིན་དྲུག་གི་ལམ་རྫོགས་པར་མཛད་པ་ནི་ཕྱག་རྒྱ་དྲུག་གིས་མཚོན་ནོ། །བདེ་ཆེན་འཕེལ་བའི་རྒྱུ་ནི་ཡུམ་དང་སྦྱོར་བ་སོགས་ལུས་ལ་གནད་དུ་བསྣན་པ་ལས་བྱང་སེམས་ཀྱི་ཟླ་བ་ཞུ་བ་ཡིན་ལ། དེ་མགོ་བོ་ནས་འཇིག་པ་ནི་ཟླ་ཕྱེད་དང༌། འཛགས་པས་ལུས་ཀུན་ལ་ཁྱབ་པ་ནི་ཐལ་བས་བསྟན་ནོ། །ལྷག་མ་ནི་གོ་སློའོ། །དེ་འདྲ་བའི་མཚོན་དོན་ཁོང་དུ་ཆུད་པས་ནི། ལམ་འདི་ལ་ངེས་པ་ཆེན་པོ་སྟེར་བར་མཐོང་ནས་གོ་བདེ་བར་བཤད་དོ། །གསུམ་པ་ནི། དེ་ནས་རྡོ་རྗེ་དང་པདྨ་སྦྱར་བ་བརྗོད་པར་བྱ་སྟེ། ཡབ་ཀྱི་གསང་གནས་མི་དམིགས་པ་ལས། ཧཱུཾ་དཀར་པོ་ལས་རྡོ་རྗེ་དང༌། བྱཱ་ཡིག་དམར་པོ་ལས་བྱུང་བའི་ནོར་བུ་དམར་པོ་རྩེ་མོ་ལ་བྱཱ་ཡིག་སེར་པོས་མཚན་པ་དང༌། ཡུམ་གྱི་གསང་གནས་མི་དམིགས་པ་ལས། ཨ་ལས་པདྨ་དམར་པོ་འདས་མ་གསུམ་པ། བྱཱ་ཡིག་དཀར་པོ་ལས་བྱང་ཆུབ་ཀྱི་སེམས་མཚོན་པའི་ཟེའུ་འབྲུ་སྟེ་ལྟེ་བ་དཀར་པོ། རྩེ་མོར་བྱཱ་ཡིག་སེར་པོར་མཚན་པར་བསམ། རྡོ་རྗེའི་ཁ་དོག་ལྭ་བ་པས་མ་བཤད་ལ། པྲཛྙཱ་རཀྵི་ཏ་དང་འཁྲུལ་སྤོང་གིས་ནག་པོ་དང༌། ཁྱད་པར་གསལ་བྱེད་ལས་དཀར་པོར་བཤད་དེ་རྩེ་ལྔ་པར་བྱའོ། །བྱཱ་ཡིག་དང་པོ་དམར་པོ་དང༌། གཉིས་པ་སེར་པོར་འགྲེལ་པ་གསུམ་དང་འཁྲུལ་སྤོང་ལས་བཤད། བྱཱ་ཡིག་སྔ་མ་དཀར་པོར་འཁྲུལ་སྤོང་ལས་སོ། །དེ་ནས་ཡབ་ཀྱི་ལྟེ་བ་དང་ཐུགས་ཀར་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་དང༌། འགྲིན་པ་དང་དཔྲལ་བར་རང་གི་སྙིང་པོ་དང་ཉེ་སྙིང་འགོད། ཡུམ་གྱི་ལྟེ་བ་དང་ཐུགས་ཀར་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་དང་མགྲིན་པ་དང་དཔྲལ་བར་རང་གི་སྙིང་པོ་དང་ཉེ་སྙིང་དགོད་ལ། ཕན་


JLD009_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་དུ་ཙུམྦྷ་ན་བྱ་ཞིང༌། ཡི་གེ་གསུམ་བརྗོད་ལ་དགའ་བ་བརྩམ་པར་བྱ་སྟེ། ཕྱི་རོལ་གྱི་མཛེས་མ་དང་སྦྱོར་བ་ལ་ཡང་ཆོག་འདི་ཉིད་དོ། །མར་དོས་ཡུམ་གྱི་སྔགས་གཉིས་ཟླ་གདན་དང༌། ཡབ་ཀྱི་སྔགས་གཉིས་ཉི་གདན་ལ་དང༌། བཞི་ཀའང་ཁ་དོག་དམར་པོ་དང་གཡོན་སྐོར་གྱིས་འཁོད་ཅིང༌། སྙོམས་འཇུག་གི་ཚེ་དེ་རྣམས་ཀྱི་འོད་ཟེར་འདྲེས་པས་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་བདག་ཉིད་དེ་རྣམ་པ་དེ་ལྟ་བུས་སྙོམས་པར་འཇུག་པར་བྱའོ། ཞེས་བཤད་དེ། འདིའི་འགྲེལ་པ་གཞན་གཉིས་དང༌། པྲཛྙཱ་རཀྵི་ཏའི་འགྲེལ་པ་རྡོག་འགྱུར་དུ་ཡབ་ཡུམ་གཉིས་ཀྱིས་ཕན་ཚུན་གྱི་འགྲིན་པ་དང་དཔྲལ་བར་ཙུམྦྷ་ན་བྱ་བར་བཤད་པ་དང༌། འཁྲུལ་སྤོང་ལས་སྔགས་བཞི་ཡབ་ཀྱི་གནས་བཞིར་བཀོད་ནས་ཡབ་ཀྱིས་ཡུམ་ལ་ཙུམྦྷ་ན་དང༌། དེ་བཞིན་དུ་ཡུམ་ལའང་བཀོད་ནས་ཡུམ་གྱིས་ཡབ་ལ་ཙུམྦྷ་ན་བྱ་བར་བཤད་པ་ལྟར། པྲཛྙཱ་རཀྵི་ཏའི་འགྲེལ་པའི་འགྱུར་གཞན་ལས་ཀྱང་འབྱུང་བས་སྔ་ཕྱི་གཉིས་ཀ་དགོས་ཤིང༌། སྔ་མའི་དོན་ནི་མར་དོ་བཞེད་པ་ལྟར་བྱ་དགོས་པ་འདྲའོ། །དེ་ལྟར་བྱིན་གྱིས་རློབ་པ་ནི་ཀུན་སྤྱོད་ལ་བརྟེན་པ་ཡིན་ཏེ། ཇི་སྐད་དུ། སྔགས་པས་དཔའ་བོ་རྣལ་འབྱོར་མ་བྱིན་བརླབ། །ཡི་གེ་དྱཱ་ནི་སྣ་རྩེར་ཡང་དག་སྦྱར། །བྱཱ་ནི་མཚན་གྱི་ལྟེ་བར་རྣམ་པར་དགོད། །ལྟེ་བ་སྙིང་ཁ་ཁ་དང་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ། །ལྟེ་བ་སྙིང་ཁར་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོ་མ་ཡིས་ཏེ། །ལྕེ་དང་སྤྱི་བོ་གཉིས་སུ་ནི། །དཔའ་བོས་བྱིན་གྱིས་བརླབ་པར་བྱ། །རྣལ་འབྱོར་མ་


JLD009_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཔའ་གཉིས་མེད། ཅེས་མར་དོའི་འགྱུར་ལས་གསུངས་སོ། །དེ་ལ་སྣ་རྩེ་ནི་པདྨའི་སྣ་རྩེ་དང༌། མཚན་ནི་རྡོ་རྗེ་དང༌། ལྟེ་བ་ནི་དེའི་རྩེ་མོ་དང༌། དེ་ནས་རྐང་པ་གཉིས་ཀྱིས་གཙོ་མོའི་གནས་བཞིར་སྔགས་ཀྱིས་བྱིན་གྱིས་རློབ་པ་དང༌། དེ་ནས་ལྟེ་བ་དང་ཞེས་པ་ནས་བྱིན་གྱིས་བརླབ་པར་བྱ། ཞེས་པའི་བར་གྱིས་ཡབ་ཀྱི་གནས་བཞིར་སྔགས་ཀྱིས་བྱིན་གྱིས་རློབ་པ་སྟེ། དཔའ་བྱིན་བརླབ་ཅེས་དཔའ་བོ་གཙོ་བོའི་ལྟེ་བ་ལ་སོགས་པ་རྣམས་སུ་བྱའོ་ཞེས་དང༌། ལྕེ་དང་ཨ་བ་དྷཱུ་ཏཱི་གཉིས་ཞེས་འགྲེལ་པར་འདོན་ཞིང་བཤད་དོ། །ལོ་ཆེན་དང་འཆིངས་ཡོན་ཏན་འབར་གྱི་འགྱུར་ལས། ཨ་བ་དྷཱུ་ཏཱི་གཉིས་ཀྱིས་དཔའ་བྱིན་བརླབ་ཅེས་འབྱུང་བ་ནི་འགྱུར་མི་ལེགས་ལ། ལྕེ་དང་ཨ་བ་དྷཱུ་ཏཱི་ཞེས་པ་ལྟར་ན་ལྕེ་ནི་མགྲིན་པ་སྟེ་ཁ་ཡང་དེ་བཞིན་ནོ། །དྷཱུ་ཏཱི་ནི་དེའི་ཡར་སྣ་སྨིན་མཚམས་སོ། །ཡབ་ཀྱི་ལྟེ་བར་རྣལ་འབྱོར་མ་སྟེ། ཡུམ་གྱི་སྙིང་པོ་དང༌། སྙིང་ཁར་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་བྱིན་གྱིས་བརླབ། ལྕེ་དང་སྤྱི་བོ་གཉིས་སུ་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་གིས་བྱིན་གྱིས་རློབ་པ་མར་དོའི་འགྱུར་ལེགས་སོ། །རྐང་པ་ཐ་མ་ནི་ཡབ་ཡུམ་སྙོམས་པར་འཇུག་པའོ། །དེའི་དགོས་པ་ནི་དགའ་བཞི་སྐྱེད་པ་ཡིན་ལ། དེ་ཡང་ལུང་སྔ་མའི་འཇུག་ཉིད་ནས། དང་པོ་དགའ་བ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། །བདེ་དེ་ཐབས་དེ་ཀུན་རིག་པའོ། ཞེས་གསུངས་སོ། །དེ་ནི་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བཞིའི་དང་པོ་དགའ་བ་སྐྱེ་སྟེ། འགྲེལ་པར་དཔའ་བོ་ལྟ་བུར་བཤད། མགྲིན་པ་ནས་སྙིང་ཁར་སླེབ་པ་ན་མཆོག་དགའི་


JLD009_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཏེ། འགྲེལ་པར་རྣལ་འབྱོར་མ་ལྟ་བུར་བཤད། སྙིང་ཁ་ནས་ལྟེ་བར་སླེབ་པ་ན་མཆོག་དགའ་ནས་རབ་ཏུ་གྱུར་པའི་ཁྱད་པར་གྱི་དགའ་བ་སྐྱེ་སྟེ། འགྲེལ་པས་ཐབས་ཤེས་གཉིས་ཆར་ལ་བཤད་དོ། །མར་དོས་སྲུབ་པ་ནས་བརྩམས་ཏེ་རྡོ་རྗེར་ཕྱིན་པའི་བདེ་བ་ནི་རྣམ་རྟོག་རགས་པའི་ཕྱིར་ཐབས་ཡིན་པས་དཔའ་བོ་དང༌། ནོར་བུ་དང་ཉེ་བར་ཕྱིན་པའི་བདེ་བ་ནི་ཕྲ་བས་ན་ཤེས་རབ་ཡིན་པས་རྣལ་འབྱོར་མ་དང༌། ནོར་བུར་ཕྱིན་པའི་བདེ་བ་ནི་དེ་ཡན་ཆད་ཀྱི་གཉིས་ཀ་བསྡུས་པས་ཁྱད་དགའ་དང༌། ནོར་བུའི་རྩེར་སོན་པའི་བདེ་བ་ནི་ལྷན་ཅིག་སྐྱེས་དགར་འཆད་དོ། །མ་ལུས་ཉིད་ནི་དགའ་བ་གསུམ་ལས་འདས་པ་སྟེ། དེ་གསུངས་པ་ནི་དགའ་བ་གསུམ་པའི་བདེ་བ་དེ་གསང་གནས་བསྐྱོད་པའི་ཐབས་ལ་བརྟེན་ནས་ཀུན་རིག་ཅེས་པའི་ཀུན་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནོར་བུའི་རྩེར་རྫོགས་ཏེ་གནས་པའོ། །རིག་པ་ནི་དེ་ལ་ལོངས་སྤྱོད་པའི་སྐུའི་བདག་ཉིད་ལྷན་སྐྱེས་སོ། །དེའི་ཆེ་བ་ནི་ཀུན་རིག་པའོ། ཞེས་པའི་མཇུག་ཐོགས་སུ། མཐོ་རིས་ས་སྟེང་ས་འོག་ཏུ། སྐད་ཅིག་གིས་ནི་ལུས་གཅིག་འགྱུར། ཞེས་པས་སྟོན་ནོ། །དེའི་དོན་ནི་སྐད་ཅིག་གིས་ཏེ་ལྷན་སྐྱེས་ཀྱི་དགའ་བའི་སྟོབས་ཀྱིས་ས་གསུམ་པོ་རྣམས་ལུས་གཅིག་སྟེ་བདེ་བ་ཆེན་པོའི་རང་བཞིན་དུ་འགྱུར་བར་འགྲེལ་པས་བཤད་དོ། །ལྷན་སྐྱེས་ཀྱི་བདེ་སྟོང་ཁྱད་པར་བ་བསྒོམས་པའི་སྟོབས་ཀྱིས་སྣོད་བཅུད་ཀུན་ལ་རྒྱས་བཏབ་སྟེ་བསྒོམས་པས། རྣལ་འབྱོར་པ་ལ་བདེ་སྟོང་དུ་འཆར་བའི་དོན་ནོ། །དེ་གོམས་ན་རིམ་པ་དང་པོའི་སྐབས་སུ་ཡང་དེའི་ཉམས་ཤུགས་


JLD009_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འཆར་རོ། །རིམ་པ་དང་པོར་ཡབ་ཡུམ་སྙོམས་པར་འཇུག་པའི་སྐབས་ཀུན་ཏུ་དགའ་བ་རྩོམ་པའི་དམིགས་པ་རྣམས་དམིགས་ཕྱེད་པ་དང༌། དལ་བུས་བརྟན་པར་བྱས་ལ་མོས་པ་ཚུན་ཆོད་ཀྱིས་ཀྱང་དགའ་བཞི་བསྐྱེད་པའི་མཐར་བདེ་སྟོང་སྦྱར་ལ་བསྒོམ་ཞིང༌། དཀྱིལ་འཁོར་གཉིས་ཀྱང་དེའི་ངོ་བོར་བསྒོམ། སྐབས་གཞན་དུ་ཡང་དེ་དྲན་པར་བྱས་ལ་བདེ་སྟོང་གི་ངོ་བོར་སྒོམ་པ་ཡང་དང་ཡང་དུ་གོམས་པར་བྱ་སྟེ། རྫོགས་རིམ་གྱི་རྒྱུད་སྨིན་བྱེད་དུ་འགྲོ་བའི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཚུལ་འདི་ནི་བླ་མེད་ཀྱི་རིམ་པ་དང་པོ་ཐུན་བཞིར་སྒོམ་པ་ཀུན་ལ་ཤེས་དགོས་སོ། །འདིར་ལྭ་བ་པ་དང་པྲཛྙཱ་རཀྵི་ཏའི་འགྲེལ་པར་ཡབ་ཡུམ་གསལ་གདབ་པ་རྫོགས་མ་ཐག་སྔར་བཤད་པ་ལྟར་རྡོ་རྗེ་དང་པདྨ་སྦྱོར་བ་སོགས་བྱས་ནས་དགའ་བ་བསྐྱེད་པའི་འོག་ཏུ་མཁའ་འགྲོ་མ་ལ་སོགས་པའི་འཁོར་གྱི་ལྷ་གསལ་འདེབས་སོ། །འཁྲུལ་སྤོང་དང་ཁྱད་པར་གསལ་བྱེད་ལས། ལྷ་རེ་གཉིས་པོ་ཐམས་ཅད་གསལ་གདབ་པ་རྫོགས་པ་དང༌། ལྷ་ཐམས་ཅད་ཀྱང་ཐུགས་ཀར་ཉི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་དང༌། འཆད་པ་ལྟར་ལྟེ་བར་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྒོམ་པའམ། ཡང་ན་སྙིང་གར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་སྟེ་སེམས་དཔའ་གསུམ་ལྡན་དུ་བསྒོམ། དེ་ནས་སྔགས་གསུམ་བརྗོད་ནས་མིག་ལ་སོགས་པ་དྲུག་ལ་གཏི་མུག་རྡོ་རྗེ་ནས། དབང་ཕྱུག་རྡོ་རྗེའི་བར་དྲུག་བསྐྱེད་དེ། གཟུགས་རྡོ་རྗེ་མ་ནས་ཆོས་དབྱིངས་རྡོ་རྗེ་མའི་བར་གྱི་ལྷ་མོ་དྲུག་བསྐྱེད་པས་འཁྱུད་པ་དང༌། ལྟེ་བ་སོགས་བཞི་དང་


JLD009_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གནས་སུ་ལྟུང་བྱེད་མ་ལ་སོགས་པ་ལྔ་བསྐྱེད་པ་ལ་རྣམ་སྣང་ནས་རིན་འབྱུང་གི་བར་ལྔ་དང༌། སྤྱི་གཙུག་ཏུ་རྡོར་སེམས་བསྐྱེད་པ་ལ་རང་འོད་ཀྱི་ཡུམ་གྱིས་འཁྱུད་པར་སྐྱེད། དེ་ནས་སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་གསུམ་ཡུམ་དང་བཅས་པ་བསྐྱེད་དེ་བྱིན་གྱིས་རློབ། དེ་ནས་ལྷ་རྣམས་སྙོམས་པར་ཞུགས་ཏེ་ཞུ་ནས། སྐྱེ་མཆེད་དང༌། ཁམས་དང༌། ཕུང་པོ་དང༌། སྐུ་གསུང་ཐུགས་ལ་བསྟིམས་པའི་འོག་ཏུ་སྔར་བཤད་པ་བཞིན་གསང་གནས་བྱིན་གྱིས་རློབ་པ་སོགས་བྱེད་པར་བཤད་ཅིང༌། ཁྱད་པར་གསལ་བྱེད་ལས་དེ་ལྟར་སྒོམ་པ་དེ་སྒོམ་པ་རབ་ཀྱི་མཐར་ཕྱིན་པའི་དབང་དུ་བྱས་པར་བཤད་དོ། །ཕུང་སོགས་བྱིན་གྱིས་རློབ་པའི་ལྷ་ནི། སྔར་བཤད་པའི་སྐབས་མ་གཏོགས་པ་ཕྱིས་སྒོམ་པ་ལྭ་བ་པ་དང་པྲཛྙཱ་རཀྵི་ཏའི་འདིའི་འགྲེལ་པར་མ་བཤད་ཅིང་། སེམས་དཔའ་གཞན་གཉིས་སྒོམ་པ་ཡང་མ་བཤད་དོ། །བླ་མ་མར་དོས་ལཱུ་ཨི་པའི་ལུགས་ཀྱིས་ནི། གསུང་གནས་བྱིན་རླབས་སོགས་འོག་ཏུ་མཆོད་པའི་སྐབས་སུ་ཚུལ་དེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱེད་པར་བྱང་ཕྱོགས་ཀྱི་སྒོ་གླེགས་པར་གྲགས་པའི་མཁས་པ་ཆེན་པོ་མ་ན་ཀ་ཤྲཱི་ཛྙཱ་ན་བཞེད། མཁས་པ་ཆེན་པོ་པྲཛྙཱ་རཀྵི་ཏ་ནི་དམ་ཚིག་གི་འཁོར་ལོ་རྫོགས་པར་བསྐྱེད་པའི་དེ་མ་ཐག་ཏུ་བྱེད་པར་བཞེད། མཁས་པ་ཆེན་པོ་ཀ་ན་ཀ་ཤྲཱི་ཛྙཱ་ན་ནི་སྔ་མ་གཉིས་ཀའི་ཞལ་སྔར་གསན་མོད་ཀྱང་ལུགས་དང་པོའི་རྗེས་སུ་འབྲང་བ་ཡིན་གསུང་ངོ་། །འདི་ལ་ཀུན་སྤྱོད་ལེའུ་དྲུག་པར་ལྷ་རེ་གཉིས་སྒོམ་པར་བཤད། བདུན་པར་གོ་ཆ་གཉིས་བགོ་བ་


JLD009_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། བརྒྱད་པར་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་བཅུག་པ་རྣམས་བར་མ་ཆད་དུ་བཤད་པའི་འཇུག་ཐོགས་སུ་གསང་གནས་སྦྱོང་བ་སོགས་སྔར་བཞིན་བཤད་པས་དེའི་སྐབས་སུ་བྱེད་པ་དང༌། ནཱ་རོ་པ་བཞེས་གསུང་པ་ལྟར་མཆོད་པའི་སྐབས་སུ་ཡང་ལཱུ་ཨི་པའི་གཞུང་འགྲེལ་རྣམས་ནས་མ་བཤད་ཀྱང་ངེས་པར་བྱ་དགོས་སོ། །པྲཛྙཱ་རཀྵི་ཏས་ནི་འགྲེལ་པར་སྐབས་འདི་ཉིད་དུ་བྱ་བར་བཤད་ཅིང༌། ལྭ་བ་པས་ཀྱང་དེ་ལྟར་བཤད་པས་སྐབས་འདིར་ཡང་ངེས་པར་བྱའོ། །འདི་རྣམས་ལ་དགོས་པ་ཁྱད་པར་ཅན་རེ་རེ་ཡོད་པས་སྐབས་གཅིག་ཏུ་བྱ་བར་བཤད་པས་སྐབས་གཞན་དུ་བྱེད་པ་མི་འགོག་པས། སྐབས་གཅིག་ཁོ་ནར་མི་གཟུང་ངོ༌། །མངོན་བརྗོད་ལས་ཚོགས་ཞིང་གི་གོང་དུ་ལྷ་བཅུ་བདུན་སྒོམ་པར་མ་ཟད་ཕྱིས་དཀྱིལ་འཁོར་སྒོམ་པ་ནའང་ལུས་དཀྱིལ་དང་ཕྱི་དཀྱིལ་གཉིས་ཀ་ལ་ལྷ་ཉི་ཤུ་བསྒོམས་ཏེ་ཕུང་སོགས་བྱིན་གྱིས་རློབ་པ་མང་དུ་བཤད་དོ། །ལོ་ནག་དྲིལ་གསུམ་གྱིས་མ་བཤད་ཅིང༌། ལཱུ་ཨི་པའི་འགྲེལ་པ་གཞན་གཉིས་ནས་ཀྱང་མི་འབྱུང་ལ། བླ་མ་མལ་དང༌། མར་དོ་དང༌། པུ་རངས་པ་སོགས་ཕམ་མཐིང་པ་ནས་བརྒྱུད་པ་རྣམས་ཀྱིས་ཀྱང་མི་བྱེད་པར་སྣང་བས། རེ་ཤིག་ལམ་གྲུབ་ཀྱང་ཆོག་པ་ནི་ཁྱད་པར་གསལ་བྱེད་ཀྱི་ལུགས་སོ། །གཉིས་པ་ནི། མཁའ་འགྲོ་མ་ལ་སོགས་པ་སྒྲུབ་པ་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་པར་བྱེད་པ་བཞི་ནི་དབུས་ཀྱི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཤར་ལ་སོགས་པའི་ཕྱོགས་ཀྱི་གནས་ཏེ་འདབ་མ་བཞི་ལ་ཤར་ནས་གཡོན་སྐོར་གྱིས་དགོད་པར་བྱའོ། །


JLD009_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཞེས་པ་ནི་མཁའ་འགྲོ་མ་ཕྱོགས་ཀྱི་འདབ་མ་ལ་དགོད་པ་དེ་བཞིན་དུ་གཞན་གསུམ་ཡང་དེ་ལ་འགོད་པ་སྟེ། ལཱ་མ་ནི་བསྒྱུར་ན་མཛེས་མའོ། །སྐུ་མདོག་ནི་མཁའ་འགྲོ་མ་ནག་མོ། ལཱ་མ་ལྗང་གུ །དུམ་སྐྱེས་མ་དམར་མོ། གཟུགས་ཅན་མ་སེར་མོའོ། །བཞི་ཀའང་ཞལ་གཅིག་མ་ལ་ཕྱག་བཞི་མ། ཕྱག་གཡོན་གྱི་གཉིས་པ་ན་ཁ་ཊྭཱཾ་ག །དང་པོ་ན་ཐོད་པ་ཁྲག་གིས་བཀང་བ་དང༌། གཡས་ཀྱི་ཕྱག་གཉིས་པ་ན་ཌཱ་མ་རུ་དང༌། དང་པོ་ན་གྲི་གུག་བསྣམས་པའོ། །སྤྱན་གསུམ་པ། དབུ་སྐྲ་ཐུར་དུ་གྲོལ་བ། གཅེར་བུ་མོ་གཡོན་བསྐུམས་ཤིང་གཡས་བརྐྱང་བས་གདན་ལ་བཞུགས་པ། མཆེ་བ་བཞི་རྣམ་པར་གཙིགས་ནས་ཅུང་ཟད་རྒོད་པའི་ཞལ་ཅན། ཐལ་བ་མ་གཏོགས་པའི་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ་སྟེ། འཁོར་ལོ་དང་རྐེད་རྒྱན་སོགས་ཀྱང་དགོས་སོ། །ཕྱག་དང་པོ་གཉིས་ཐུགས་ཀར་འཁྱུད་པའི་ཚུལ་ཅན། དགའ་བས་བ་སྤུ་ལངས་པ་བདེ་བ་ཆེན་པོ་སྐྱེད་པ་མོའོ། །འདི་བཞིའི་སྐུ་མདོག་དང་ཞལ་ཕྱག་གི་གྲངས་དང༌། ཕྱག་མཚན་དང་བཞུགས་ཚུལ་ནི་ཇི་བཞིན་དང༌། སྤྱན་གསུམ་པ་སོགས་ཕལ་ཆེ་བ་མངོན་བརྗོད་ཀྱི་ལེའུ་བཞི་པ་ལས་གསུངས་སོ། །པད་འདབ་ཀྱི་མཚམས་རྣམས་སུ་ནི་བྱང་ཆུབ་ཀྱི་སེམས་དཀར་པོ་དང༌། ལ་སོགས་པའི་སྒྲས་རཀྟ་དང༌། དྲི་ཆེན་དང༌། དྲི་ཆུ་བ་སྡུ་སྟེ། ལྔ་པ་ནི་འཆད་པར་འགྱུར་རོ། །དེ་ལྔ་ཡིས་གང་བའི་ཐོད་པའི་སྣོད་བཞི་རིམ་པ་བཞིན་དགོད་དོ། །ལོ་ཆེན་དང་ཟངས་དཀར་གྱི་འགྱུར་དང༌། ཀུ་མཱ་རའི་འགྲེལ་པར་འདོད་


JLD009_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་གཏི་མུག་ལ་སོགས་པ་རྣམ་པར་དག་པས་སེམས་ཚིམ་པར་བྱེད་པའི་མཆོད་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྣོད་ཅེས་འབྱུང་ཡང་མར་དོ་དང་ཆག་འགྱུར་ལ་ལྷག་པོ་དེ་རྣམས་མེད་དོ། །སྣོད་བཞི་པོ་དེ་རྣམས་ལ་ལྭ་བ་པ་དང་པྲཛྙཱ་རཀྵི་ཏ་དང༌། ཇོ་བོའི་འགྲེལ་པར་བཤད་པ་མེད་ལ། དེ་བཞིན་གཤེགས་པའི་རྡོ་རྗེས། ཕྱོགས་མཚམས་རྣམས་སུ་བུམ་སྟེང་དུ། །བྱང་ཆུབ་སེམས་སོགས་སྣོད་རྣམས་སོ། ཞེས་གསུངས་ཤིང༌། མངོན་བརྗོད་ཀྱི་སྐབས་མང་པོར་བདུད་རྩི་ལྔས་གང་བའི་བུམ་པའི་སྟེང་དུ་བྱང་སེམས་དཀར་པོས་གང་བའི་ཐོད་པ་བཞི་འཇོག་པར་བཤད། ཀུན་སྤྱོད་ལས། ཕྱོགས་བྲལ་གྱི་ནི་བཞི་པོ་དག །ལྔ་ཡིས་གང་བའི་ཐོད་པ་ཉིད། ཅེས་གསུངས་ཤིང༌། སྡོམ་འབྱུང་ལས་ཀྱང་དེ་དང་མཐུན་པར་བདུད་རྩི་ལྔའི་སྣོད་དུ་བཤད་དོ། །དེ་ལྟར་གསུངས་པ་ལས་འདིར་ནི་བཤད་རྒྱུད་ཕྱི་མ་གཉིས་ལྟར་བྱ་རྒྱུ་ཡིན་ནོ། །འཁྲུལ་སྤོང་ལས། ཐོད་པ་དང་པོ་བྱང་སེམས་དཀར་པོ་དང༌། གཉིས་པ་དམར་པོ་ཉི་མ་དང༌། གསུམ་པ་བདུད་རྩི་ལྔ་དང༌། བཞི་པ་སྒྲོན་མ་སྟེ་ཤ་ལྔས་གང་པ་དང༌། བཞི་ཀའང་བདུད་རྩི་ལྔས་གང་པའི་ཚུལ་གཉིས་བཤད་ཀྱང་ཕྱི་མ་ལྟར་བྱའོ། །མར་དོའི་བརྒྱུད་འཛིན་རྣམས་ཐོད་པ་ལ་ཟླ་གདན་འདོད་དོ། །ཐོད་པ་ནི་མེ་ནས་བརྩམས་ཏེ་གཡས་སྐོར་གྱིས་དགོད་དོ། །སྔར་བཤད་པའི་ཐུགས་འཁོར་དེའི་ཤར་གྱི་རྩིགས་པུལླི་ར་མ་ལ་ཡར་དཔའ་བོ་ཁཎྜ་ཀ་པཱ་ལ་དང༌། དཔའ་མོ་རབ་གཏུམ་མའོ། །དེ་ལ་ཁཎྜ་ནི་དུམ་བུ་དང༌། ཀ་པཱ་ལ་ནི་ཐོད་པའོ། །གཉིས་པ་ནི་པྲ་ཙཎྜི་སྟེ་


JLD009_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ནི་རབ་དང༌། ཙཎྜི་ནི་གཏུམ་མོའོ། །བྱང་རྩིབས་ཛཱ་ལནྡྷ་རའི་ཛཱ་ལན་ནི་དྲ་བ་དང༌། དྷ་ར་ནི་འཛིན་པ་སྟེ་དེར་མཧཱ་ཀངྐ་ལ་སྟེ་ཀེང་རུས་ཆེན་པོ་དང༌། གཏུམ་མིག་མ་སྟེ་ཙཎྜི་ཨ་ཀྵི་ཞེས་པ་བསྒྱུར་བའོ། །ནུབ་རྩིབས་ཨོཎྜི་ཡ་ཎའི་སྐད་ཟུར་ཆག་པ་ཨྱོན་དུ་ཀངྐཱ་ལ་སྟེ་ཀེང་རུས་དང༌། འོད་ལྡན་མའོ། །ཕྱི་མ་ལ་པྲ་བྷ་བ་ཏཱི་ཞེས་པ་ཡང་དེ་ཉིད་དོ། །ལྷོ་རྩིབས་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང༌། སྣ་ཆེན་མོའོ། །དེ་གཉིས་ལ་བི་ཀ་ཊ་དཾ་ཥྚི་ཎ་དང་། མཧཱ་ན་སེ་ཞེས་པ་ཡང་དེ་ཉིད་དོ། །མེ་ཕྱོགས་ཀྱི་རྩིབས་གོ་དཱ་བ་རི་སྟེ་བའི་མཆོག་སྦྱིན་པར། སུ་ར་ན་ཆང་སྟེ་ལྷའི་མིང་གི་རྣམ་གྲངས་དང༌། བཻ་རི་ཎ་ནི་འཁོར་ནམ་དགྲ་སྟེ་བསྡུ་ན་ཆང་དགྲ་དང༌། དཔའ་བོའི་བློ་ཅན་མའོ། །ཕྱི་མ་ལ་བི་ར་མ་ཏཱི་ཞེས་པའང་དེའོ། །བདེན་བྲལ་གྱི་རྩིབས་ར་མེ་ཤྭ་རི་དགའ་བའི་དབང་ཕྱུག་ཏུ་འོད་དཔག་མེད་དང་ཁརྦ་རི་སྟེ་མིའུ་ཐུང་མའོ། །སྔ་མ་ནི་ཨ་མི་ཏ་བྷ་བ་ཞེས་སོ། །རླུང་མཚམས་ཀྱི་རྩིབས་དེ་བི་ཀོ་ཊི་སྟེ་ལྷ་མོའི་མཁར་དུ་རྡོ་རྗེའི་འོད་དང༌། ལང་ཀའི་དབང་ཕྱུག་མའོ། །དེ་གཉིས་ལ་བཛྲ་པྲ་བྷ་བ་དང༌། ལཾ་ཀི་ཤྭ་རཱི་ཞེས་ཀྱང་ངོ༌། །དབང་ལྡན་གྱི་རྩིབས་མཱ་ལ་བ་སྟེ། ཕྲེང་བ་ཅན་མར། རྡོ་རྗེའི་སྐུ་དང་ཤིང་གྲིབ་མའོ། །དེ་གཉིས་ལ་བཛྲ་དེ་ཧ་དང༌། དྲུ་མཚྪ་ཞེས་ཀྱང་ངོ༌། །དཔའ་བོ་བརྒྱད་དང་དཔའ་མོ་བརྒྱད་པོ་འདི་དག་ནི་ཐུགས་ཀྱི་འཁོར་ལོའོ། །གསུང་གི་འཁོར་ལོ་དེའི་ཤར་གྱི་རྩིབས་ཀ་མ་རཱུ་པ་སྟེ་འདོད་པའི་གཟུགས་སུ། དཔའ་བོ་མྱུ་གུ་ཅན་དང༌། དཔའ་མོ་ས་སྲུངས་མ་སྟེ། ཨངྒུ་རི་དང༌། ཨཻ་ར་བ་ཏཱི་ཞེས་སོ། །བྱང་རྩིབས་ཨོ་


JLD009_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཊེར་རྡོ་རྗེ་རལ་པ་ཅན་དང༌། འཇིགས་བྱེད་ཆེན་མོ་སྟེ། བཛྲ་ཛ་ཊ་ལ་དང༌། མཧཱ་བཻ་ར་བཱི་ཞེས་སོ། །ནུབ་རྩིབས་ཏྲི་ནི་གསུམ་དང༌། ཤ་ཀུ་ནེ་ནི་དགེ་མཚན་ཏེ་དེར། དཔའ་བོ་ཆེན་པོ་དང༌། རླུང་གི་ཤུགས་ཅན་མ་སྟེ། མཧཱ་བཱི་ར་དང༌། བཱ་ཡུ་བེ་གེ་ཞེས་སོ། །ལྷོ་རྩིབས་ཀོ་ཤ་ལ་སྟེ་དགེ་བ་ཅན་དུ་རྡོ་རྗེ་ཧཱུཾ་མཛད་དང༌། ཆང་འཐུང་མ་སྟེ་བཛྲ་ཧཱུཾ་ཀཱ་ར་དང༌། སུ་ར་བྷ་ཀྵཱི་ཞེས་སོ། །མེ་མཚམས་ཀྱི་རྩིབས་ཀ་ལངྐིར། རབ་ཏུ་བཟང་པོ་དང༌། ལྗང་ལྷ་མོ་སྟེ། སུ་བྷ་དྲ་དང་ཤྱཱ་མ་དེ་བཱི་ཞེས་སོ། །བདེན་བྲལ་གྱི་རྩིབས་ལཾ་པ་ཀ་སྟེ་འཕྱང་བ་ཅན་དུ། རྡོ་རྗེ་བཟང་པོ་དང༌། ཤིན་ཏུ་བཟང་མོ་སྟེ་བཛྲ་བྷ་དྲ་དང༌། སུ་བྷ་དྲེ་ཞེས་སོ། །རླུང་མཚམས་ཀྱི་རྩིབས་ཀཉྩིར་འཇིགས་བྱེད་ཆེན་པོ་དང༌། རྟ་རྣ་མ་སྟེ་མཧཱ་བཻ་ར་བ་དང༌། ཧ་ཡ་ཀར་ཎཱི་ཞེས་སོ། །དབང་ལྡན་གྱི་རྩིབས་ཧི་མ་ལ་ཡ་སྟེ་གངས་ཅན་དུ། མིག་མི་བཟང་དང༌། བྱ་གདོང་མ་སྟེ། བི་རུ་པ་ཨཀྵི་དང༌། ཁ་གཱ་ན་ནེ་ཞེས་སོ། །ཕྱི་མ་ནི་བྱ་གདོང་མར་བསྒྱུར་རོ། །མྱུ་གུ་ཅན་ལ་སོགས་པ་བཅུ་དྲུག་པོ་དེ་དག་ནི་གསུང་གི་འཁོར་ལོའོ། །སྐུ་འཁོར་དེའི་ཤར་གྱི་རྩིབས་པྲེ་ཏ་པུ་རིར་ཏེ་ཡི་དྭགས་ཀྱི་གྲོང་དུ་སྟོབས་པོ་ཆེ་དང༌། འཁོར་ལོའི་ཤུགས་ཅན་མ་སྟེ། མཧཱ་བཱ་ལ་དང༌། ཙཀྲ་བེ་གེ་ཞེས་སོ། །བྱང་གི་རྩིབས་གྲི་ཧ་དེ་བ་ཏཱ་སྟེ་ཁྱིམ་གྱི་ལྷར། རིན་ཆེན་རྡོ་རྗེ་དང༌། དུམ་སྐྱེས་མ་སྟེ། རཏྣ་བཛྲ་དང༌། ཁཎྜ་རོ་ཧཱི་ཞེས་སོ། །ནུབ་རྩིབས་སཽ་རཱཥྚ་སྟེ་ཡུལ་འཁོར་བཟང་པོར་རྟ་མགྲིན་དང༌། ཆང་འཚོང་མ་སྟེ་ཧཱ་ཡ་གྲི་བ་དང༌། ཤཽཎྜི་ནཱི་ཞེས་སོ། །ལྷོ་རྩིབས་སུ་བརྞྞ་དྭཱི་པ་སྟེ་གསེར་གླིང་དུ་ནམ་མཁའི་སྙིང་པོ་དང༌། འཁོར་


JLD009_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་གོ་ཆ་མ་སྟེ་ཨཱ་ཀཱ་ཤ་གརྦྷ་དང༌། ཙཀྲ་བརྨྨི་ཎཱི་ཞེས་སོ། །མེ་མཚམས་ཀྱི་རྩིབས་ན་ག་ར་སྟེ་གྲོང་ཁྱེར་དུ་དཔལ་ཧེ་རུ་ཀ་དང༌། ཤིན་ཏུ་དཔའ་མོ་སྟེ། ཤྲཱི་ཧེ་རུ་ཀ་དང༌། སུ་བཱི་རཱི་ཞེས་དང༌། རྒྱ་དཔེར་ན་ག་རའི་བཤད་པར་པ་ཊ་ལི་ཞེས་པ་སྐྱེ་བོ་སྟེ། སྐྱེ་བོའི་བུ་ཡིན་གསུང་སྟེ་གྲོང་ཁྱེར་སྐྱེ་བོའི་བུའོ། །བདེན་བྲལ་གྱི་རྩིབས་སིན་དྷཱུར་པདྨ་གར་གྱི་དབང་ཕྱུག་དང༌། སྟོབས་ཆེན་མ་སྟེ། པདྨ་ནི་རྟྱ་ཤྭ་ར་དང༌། མཧཱ་བཱ་ལེ་ཞེས་སོ། །རླུང་མཚམས་ཀྱི་རྩིབས་མ་རུ་སྟེ་མྱ་ངམ་གྱི་ཡུལ་དུ་རྣམ་པར་སྣང་མཛད་དང་། འཁོར་ལོ་སྒྱུར་མ་སྟེ། བཻ་རོ་ཙ་ན་དང་། ཙཀྲ་བརྟྟི་ནཱི་ཞེས་སོ། །དབང་ལྡན་གྱི་རྩིབས་ཀུ་ལུ་ཏཱ་སྟེ་རིགས་ཉིད་ཅེས་པར་རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོ་སྟེ། བཛྲ་སཏྭ་དང་མཧཱ་བཱིརྱ་ཞེས་སོ། །སྟོབས་པོ་ཆེ་ལ་སོགས་པ་བཅུ་དྲུག་པོ་འདི་དག་ནི་སྐུའི་འཁོར་ལོའོ། །ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉེར་བཞི་རྣམས་ནི་ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་བཞི་པ། རལ་པ་སྤྱི་བོར་བསྡུས་པའི་ཐོར་ཚུགས་ཅན། དར་དཔྱངས་ཅན་ནི། ལྭ་བ་པས་དཔའ་བོའི་ཐོད་དང་ལྡན་པ་ཞེས་བཤད་པ་ནི་པྲཛྙཱ་རཀྵི་ཏས་དཔའ་བོའི་དར་ཐོད་ཅན་དུ་བཤད་པ་དེ་ཡིན་ལ། དེ་ཡང་འཁྲུལ་སྤོང་ལས། རྡོ་རྗེའི་ཕྲེང་བས་མཚན་པའི་དཔའ་བོའི་དར་གྱིས་དཔྲལ་བར་བཅིངས་པ་ལ་བཤད་པ་ལྟར་རོ། །ཡུམ་ལ་འཁྱུད་པའི་ཕྱད་དང་པོ་གཉིས་ཀྱི་གཡས་ན་རྡོ་རྗེ་དང༌། གཡོན་ན་དྲིལ་བུ་དང༌། ཕྱག་འོག་མ་གཉིས་ཀྱི་གཡོན་ན་ཁ་ཊྭཱཾ་ག་དང༌། གཡས་ན་ཌཱ་མ་རུ་འཛིན་པ། ཕྱག་རྒྱ་


JLD009_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་། ལ་སོགས་པའི་སྒྲས་ཐལ་བ་དང༌། འཁོར་ལོ་དང༌། ཐོད་སྐམ་ལྔ་དང༌། ཐོད་རློན་ལྔ་བཅུའི་ཕྲེང་བ་དང་རྐེད་རྒྱན་སོགས་དང་ལྡན་པའི་སྐུ། གཡོན་བསྐུམས་ཤིང་གཡས་བརྐྱང་གིས་གདན་ལ་བཞུགས་པའོ། །ཀུན་སྤྱོད་ལས། དཔའ་བོ་ཉི་ཤུ་རྩ་བཞི་ནི། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན། ཞེས་གསུངས་ཤིང༌། ཧེ་རུ་ཀ་དཔའ་ལ་སོགས་ཀུན། །གཡས་བརྐྱང་བ་ཡི་གདན་དང་ལྡན། །མགུར་ཆུ་གདུ་བུ་གདུབ་ཀོར་དང༌། ཞེས་སོགས་སྔར་བཞིན་ཕྱག་རྒྱ་དྲུག་གིས་བརྒྱན་པར་ཡང་བཤད་པས། ཕྱག་རྒྱ་ལྔ་ཞེས་འབྱུང་ཡང་ཐལ་ཆེན་གྱི་རྒྱན་མི་བྱེད་པ་མིན་ནོ། །གཙོ་མོ་ཞལ་གཅིག་ཕྱག་གཉིས་མར་བཤད་པ་དེ་བཞིན་དུ་རབ་གཏུམ་མ་ལ་སོགས་པའི་ལྷ་མོ་ཉེར་བཞི་ཡང་ཞལ་གཅིག་ཕྱག་གཉིས་མ། ཡབ་ལ་འཁྱུད་པའི་ཕྱག་གཡོན་གྱིས་ཐོད་པ་ཁྲག་གིས་བཀང་བ་དང༌། སྡང་བ་ལ་བསྡིགས་པའི་སྡིགས་མཛུབ་དང་བཅས་པའི་ཕྱག་གཡས་པས་གྲི་གུག་འཛིན་པ་ཅན། སྤྱན་གསུམ་པ། དྲག་པོའི་གཟུགས་ཅན་མ། སྐྲ་གྲོལ་བ་ལ་སྟེ་དབུ་སྐྲ་སིལ་བུར་གྲོལ་བས་ནི་རྣམ་པར་མཛེས་ཤིང་ཡབ་རྣམས་དང་གཉིས་སུ་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་པ་དང༌། ཕྱོགས་ཀྱི་གོས་ནི་འཆང་བའི་མཆོག་ནི་གཅེར་བུ་ལ་ནམ་མཁའི་གོས་ཅན་དང༌། ཕྱོགས་ཀྱི་གོས་ཅན་དུ་གྲགས་པའི་དོན་ནོ། །མགུལ་རྒྱུན་དང་། གཙུག་ཕུད་དེ་གཙུག་རྒྱན་གྱི་ནོར་བུ་དང༌། པྲཛྙཱ་རཀྵི་ཏའི་འགྲེལ་པར་གདུ་བུར་བསྒྱུར་མོད་ཀྱང༌། ལྭ་བ་པའི་འགྲེལ་པར་ནོར་བུ་ནི་གདུ་བུའི་རྣམ་གྲངས་སོ། ཞེས་འབྱུང་བ་ལྟར་བྱ་སྟེ་ཆག་འགྱུར་དང་མཐུན་ནོ། །


JLD009_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་རྒྱན་དང༌། རྣ་ཆ་དང༌། ཚངས་སྐུད་ཀྱི་རྒྱན་ཅན། མགོ་བོ་སྐམ་པོ་ལྔ་བཅུའི་ཕྲེང་བས་མགུལ་པ་ནས་བརླ་ཕྲ་སྦོམ་གྱི་བར་དུ་བརྒྱན་པ། འོག་པག་སིལ་སིལ་གྱི་སྒྲ་སྒྲོགས་པའོ། །སྐེ་རགས་ཁྱད་པར་བ་ཟར་བུ་ཅན་རྩེ་ལ་དྲིལ་ཆུང་གི་སྒྲ་སྒྲོགས་པ་ལ་འོག་པག་ཅེས་ཟེར་བས། སྐད་དོད་ཀྱི་སྟེང་ནས་སྐེ་རགས་དང་འོག་པག་གཉིས་ཀ་ལ་བསྒྱུར་དུ་ཡོད་ཀྱང༌། འདི་འདྲའི་སྐབས་སུ་མར་དོས་འོག་པག་སིལ་སིལ་ཞེས་བསྒྱུར་བ་ལྟར་འོག་པག་ཏུ་བསྒྱུར་ན་ལེགས་སོ། །འཁོར་ལོ་གསུམ་གྱི་ལྷའི་སྐུ་མདོག་ལ། གཞུང་ནས་འཁོར་ལོ་གསུམ་ལ་སྔོ་དམར་དཀར་བར་བཤད་པ་མ་གཏོགས་པ་གསལ་བར་མ་བྱུང་ཞིང༌། ཀུན་སྤྱོད་དང༌། འགྲེལ་པ་གསུམ་དང༌། འཁྲུལ་སྤོང་ལས་ཀྱང་མི་གསལ་ལོ། །འོན་ཀྱང་ཇོ་བོ་ཆེན་པོའི་འགྲེལ་པར། འཁོར་ལོ་གསུམ་དང་བཀའ་བསྒོ་རྣམས་ཀྱང་སྐུ་མདོག་ལ་སོགས་པ་སྒྲུབ་ཐབས་ལས་བཤད་པ་ལྟར་དམིགས་ཏེ། ཞེས་གསུངས་ཤིང༌། གཞུང་ལས་ཐོད་པའི་དུམ་བུ་ལ་སོགས་པའི་ལྷ་རྣམས་ཀྱང་འཁོར་ལོ་གསུམ་དུ་བཤད་པས། འཁོར་ལོ་གསུམ་གྱི་ཁ་དོག་གསུངས་པ་ནི་རྟེན་གྱི་འཁོར་ལོ་ཁོ་ན་ལ་མི་བྱ་བར་བརྟེན་པའི་འཁོར་ལོ་ལ་ཡང་བྱའོ། །འོ་ན་ལྷ་ཡབ་ཡུམ་ཟུང་བརྒྱད་ཚན་གསུམ། སྔོ་དམར་དཀར་པོ་དང༌། ཞལ་ཕྱག་གི་གྲངས་དང་། ཕྱག་མཚན་འདིར་བཤད་པ་དེ་རྒྱུད་གང་ནས་གསུངས་སྙམ་ན། མངོན་བརྗོད་ལས། སྤྱིར་འཁོར་ལོ་གསུམ་གྱི་ལྷ་རྣམས་ཁ་དོག་སྣ་ཚོགས་པར་གསུངས་ཤིང༌། ལེའུ་བཅུ་བཞི་པར་ཡང་དེ་བཞིན་དུ་བཤད་པའི་མཇུག་ཏུ། ཡང་


JLD009_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐུ་གསུང་ཐུགས་ཀྱི་ནི། །ཇི་འདོད་མདོག་ནི་དབྱེ་བ་བྱ། ཞེས་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཇི་ལྟར་འདོད་པའི་ཁ་དོག་ཏུ་བྱ་བར་བཤད་པ་ནི། སྐུ་འཁོར་གྱི་ལྷ་དཀར། གསུང་འཁོར་གྱི་ལྷ་དམར། ཐུགས་འཁོར་གྱི་ལྷ་སྔོན་པོར་བྱ་བའི་དོན་ཏེ། སྔར་འཁོར་ལོ་རེ་རེའི་ལྷ་རྣམས་ཀྱང་ཁ་དོག་མི་འདྲ་བར་བཤད་མ་ཐག་པ་ལྟར་མི་བྱ་བར་ཁ་དོག་ཕྱོགས་གཅིག་ཏུ་བྱེད་པས་ཡང་ན་ཞེས་གསུངས་སོ། །ནག་པོ་སྤྱོད་པའི་སྒྲུབ་ཐབས་ལས། འཁོར་ལོ་གསུམ་གྱི་ལྷའི་ཁ་དོག་མི་གསལ་ཡང༌། དེའི་དཀྱིལ་ཆོག་ཏུ། དཀར་མིན་དཀར་དང་དམར་པོ་ཡིས། །ཐ་མ་མཆོག་དང་བར་མ་སྟེ། །ཐམས་ཅད་རིམ་བཞིན་དགོད་པ་ནི། །བླ་མའི་རིམ་གྱིས་དྲིན་ཡིན་ནོ། ཞེས་འཁོར་ལོ་གསུམ་གྱི་ལྷའི་ཁ་དོག་སྔ་མ་བཞིན་གསུངས་སོ། །དྲིལ་བུ་ཞབས་ཀྱིས་ལྷ་དྲུག་ཅུ་པོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་དང༌། ཕྱག་མཚན་རྡོར་དྲིལ་སོགས་བཤད་པ་ནི། ཀུན་སྤྱོད་ལས་གསུངས་ལ། དེར་མཁའ་འགྲོ་མ་ལ་སོགས་པ་བཞི་སྣ་ཚོགས་པའི་གཟུགས་ཅན་དང༌། མཚམས་མ་བཞི་གཟུགས་གཉིས་པར་གསུངས་པ་ཙམ་ལས་སོ་སོའི་ཁ་དོག་གསལ་བར་མ་བཤད་པས། ཁ་དོག་ནི་མངོན་བརྗོད་ལ་བརྟེན་པར་བྱས་ན་ལེགས་ལ། ལཱུ་ཨི་པ་ཡང་དེ་བཞིན་ནོ། །མངོན་བརྗོད་ཀྱི་ལེའུ་བཞི་པ་ལས། སྟོབས་པོ་ཆེ་ལ་སོགས་པ་བརྒྱད་ཞལ་གཅིག་ཕྱག་བཞི་དང༌། གཡས་བརྐྱང་དང༌། གཡས་ཀྱི་ཕྱག་དང་པོས་འཁོར་ལོ་འཛིན་པར་བཤད་པ་མ་གཏོགས་པ་ཕྱག་མཚན་གསུམ་མཐུན་ནོ། །དེའི་ལེའུ་ལྔ་པ་ལས། མྱུ་གུ་ཅན་ལ་སོགས་པ་བརྒྱད་ཀྱང༌། གཡས་ཀྱི་ཕྱག་དང་པོས་པདྨ་འཛིན་པ་མ་གཏོགས་པ་ལྷག་མ་


JLD009_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྔར་དང་འདྲའོ། །དེའི་ལེའུ་དྲུག་པ་ལས་ནི། ཐོད་པའི་དུམ་བུ་ལ་སོགས་པ་བརྒྱད། ཞལ་ཕྱག་སོགས་སྔར་བཤད་པ་རྣམས་དང་ཇི་ལྟ་བ་བཞིན་མཐུན་ལ། རྣལ་འབྱོར་མ་ཉེར་བཞི་ཞལ་གཅིག་ཕྱག་གཉིས་མར་བཤད་ཀྱང་ཕྱག་མཚན་ལ་གྲི་གུག་མེད་དོ། །དེའི་ཕྱིར་རྣལ་འབྱོར་མ་ཉེར་བཞིའི་ཞལ་ཕྱག་གི་གྲངས་དང༌། ཕྱག་མཚན་ཀུན་སྤྱོད་དང་མཐུན་ཞིང༌། དཔའ་བོ་ཉེར་བཞིའི་ཕྱག་གཡས་ཀྱི་དང་པོ་ཐམས་ཅད་ཀྱིས་རྡོ་རྗེ་འཛིན་པའང་ཀུན་སྤྱོད་ལ་བརྟེན་པའོ། །འོ་ན་མངོན་བརྗོད་ལས། བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ལ། སྐུ་གསུང་ཐུགས་དམ་ཚིག་ཡེ་ཤེས་ཀྱི་དབྱེ་བས། བདེ་མཆོག་རིགས་ལྔ་ལ་སོགས་པ་མང་དུ་བཤད་པ་ལས། ལོ་དྲིལ་གཉིས་ཀྱི་དཀྱིལ་འཁོར་འདི་རིགས་ཇི་འདྲ་ཞིག་གི་དབང་དུ་བྱས་སྙམ་ན། ཇོ་བོ་ཆེན་པོའི་འགྲེལ་པར། རྣལ་འབྱོར་དབང་ཕྱུག་ལཱུ་ཨི་པས་རིགས་དྲུག་པ་ཧེ་རུ་ཀའི་སྒྲུབ་ཐབས། རྩ་བའི་དཀྱིལ་འཁོར་ཆེན་པོ་མཛད་པའི་དོན་རྒྱུད་ལྟར་བཀྲོལ་བ། ཞེས་ལཱུ་ཨི་པའི་ལུགས་འདི་རིགས་ཀྱི་ནང་ནས་དྲུག་པ་དང༌། དཀྱིལ་འཁོར་གྱི་ནང་ནས་རྩ་བའི་དཀྱིལ་འཁོར་ཆེན་པོར་བཞེད་པ་ཤིན་ཏུ་ལེགས་ཏེ། མངོན་བརྗོད་ལས། རིགས་བྱེ་བྲག་པ་བཤད་པའི་སྐབས་སུ་དཔའ་བོ་རྣམས་ལ་འཁོར་ལོ་དང་པདྨ་དང་རྡོ་རྗེ་སོགས་ཀྱི་རང་རང་གི་རིགས་སོ་སོའི་ཕྱག་མཚན་གསུངས་ལ། འདིར་ནི་དཔའ་པོ་ཉེར་བཞི་པོ་ཐམས་ཅད་ཀྱི་ཕྱག་མཚན་གྱི་གཙོ་བོ་གཡས་ཀྱི་ཕྱག་དང་པོའི་ཕྱག་མཚན་ནི་རྡོ་རྗེ་ཁོ་ནར་བཤད་པའི་ཕྱིར་དང༌། སྐུའི་དཔའ་བོ་རྣམས་དཔྲལ་


JLD009_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཁོར་ལོའི་ཕྲེང་བ་དང༌། གསུང་གི་དཔའ་བོ་རྣམས་དཔྲལ་བར་པདྨའི་ཕྲེང་བ་ཅན་དུ་བཤད་ཅིང༌། འདིར་ནི། དཔའ་བོ་རྣལ་འབྱོར་མ་ཀུན་གྱི། །དཔྲལ་བར་རྡོ་རྗེའི་ཕྲེང་བའོ། ཞེས་བཤད་པའི་ཕྱིར་དང༌། དཀྱིལ་འཁོར་གཞན་དུ་མ་ཞིག་གསུངས་པ་ཐམས་ཅད་ཀྱི་ཕལ་ཆེ་བ་དཀྱིལ་འཁོར་འདི་ཉིད་ལ་སྣོན་འབྲིད་བྱས་པར་སྣང་བའི་ཕྱིར་རོ། །དྲིལ་བུ་ཞབས་ཀྱི་རེ་གཉིས་པ་ཡང་དེ་བཞིན་དུ་ཤེས་པར་གྱིས་ཤིག །དེས་ན་དཀྱིལ་འཁོར་འདི་ནི་བདེ་མཆོག་གི་དཀྱིལ་འཁོར་གྱི་མཆོག་ཡིན་ནོ། །འཁོར་ལོ་གསུམ་གྱི་ལྷ་རྣམས་སྐུ་གསུང་ཐུགས་སུ་འཇོག་པ་ནི་རྣམ་སྣང་དང་སྣང་མཐའ་དང༌། མི་བསྐྱོད་པའི་རིགས་སུ་འཇོག་པ་ལ་དགོངས་ཏེ། དཀྱིལ་འཁོར་འདི་རིགས་བསྡུས་ཡིན་པས་རིགས་སོ་སོ་བ་ཡང་ཡོད་དགོས་མོད་ཀྱང༌། རིགས་མ་བསྡུས་པའི་རིགས་རྐྱང་སོ་སོ་བའི་རིགས་དང་མི་འདྲའོ། །མངོན་བརྗོད་ལས། ཐུགས་གསུང་སྐུའི་ལྷ་རྣམས་ནམ་མཁའ་ལ་སྤྱོད་པ་དང༌། ས་ལ་སྤྱོད་པ་དང༌། ས་འོག་ན་སྤྱོད་པ་ཞེས་དང༌། ཀུན་སྤྱོད་ལས་དེ་དག་ལ་རྒྱུ་བ་ཞེས་གསུངས་པའི་དོན་ནི། སྔོན་ཐོད་པའི་དུམ་བུ་ལ་སོགས་པའི་མིང་ཅན་གྱི་ལྷ་བཞི་དང༌། དྲི་ཟ་བཞི་ནམ་མཁའ་ལ་སྤྱོད་པས་པུ་ལླིར་མ་ལ་ཡ་ལ་སོགས་པའི་ཡུལ་བརྒྱད་བཟུང་བ་དང༌། མྱུ་གུ་ཅན་ལ་སོགས་པའི་མིང་ཅན་གྱི་གནོད་སྦྱིན་བཞི་དང་སྲིན་པོ་བཞི་ས་ལ་སྤྱོད་པས། ཀཱ་མ་རཱུ་པ་ལ་སོགས་པའི་ཡུལ་བརྒྱད་བཟུང་བ་དང༌། སྟོབས་པོ་ཆེ་ལ་སོགས་པའི་མིང་ཅན་གྱི་ཀླུ་བཞི་དང༌། ལྷ་མ་ཡིན་བཞི་ས་འོག་ན་སྤྱོད་པས། པྲེ་ཏ་པུ་རི་ལ་སོགས་པའི་ཡུལ་བརྒྱད་བཟུང་བ་རྣམས་རིམ་པ་བཞིན་དུ་ཐུགས་


JLD009_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྐུའི་ལྷ་ཡབ་ཡུམ་རྣམས་ཀྱིས་བཏུལ་ནས་མིང་དང་ཆ་ལུགས་སོགས་འདྲ་བར་བྱས་ཞེས་ཟངས་དཀར་གྱི་རྗེས་སུ་འབྲང་བ་དག་གསུང་བ་ནི་མངོན་བརྗོད་ཀྱི་འགྲེལ་པ་ནའང་དེ་རྣམས་ཅི་རིགས་པ་འདུག་ལ། དེའི་ཕྱིར་འདུལ་བྱེད་རྣམས་ལའང་གནས་དང༌། འདུལ་བྱའི་སྒོ་ནས་མཚན་དེ་ལྟར་དུ་བཏགས་པ་ཡིན་ལ། མིང་དོན་གཞན་ཡང་ཡོད་དོ། །འཁོར་ལོའི་རྩིབས་ཉེར་བཞི་ཡུལ་ཉེར་བཞིར་མངོན་བརྗོད་ལས་བཤད་ལ། དེའི་དགོས་པ་ནི་ལྷའི་གནས་དེ་རྣམས་ལ་ཕྱིའི་ཡུལ་ཉེར་བཞི་དང༌། དེར་བཀོད་པའི་ལྷ་དང་ལྷ་མོ་ཡང༌། ཡུལ་དེ་ན་བཞུགས་པའི་དཔའ་བོ་དང་དཔའ་མོ་དངོས་ཡིན་པའི་མོས་པ་བརྟན་པོ་བསྐྱེད་ནས་བསྒོམས་ན་ཡུལ་དེའི་ལྷ་རྣམས་ཀྱིས་བྱིན་གྱིས་རློབ་པ་མྱུར་བའི་གནད་ཆེན་པོ་ཡོད་པས་དེ་ལྟར་བྱེད་པ་གལ་ཆེའོ། །གཞིའི་དཀྱིལ་འཁོར་གྱི་ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་སུ་ཤར་ནས་བརྩམས་ཏེ་གཡོན་སྐོར་གྱིས་རིམ་པ་བཞིན་དུ་ཁྭ་གདོང་མ་དང༌། འུག་གདོང་མ་དང༌། ཁྱི་གདོང་མ་དང༌། ཕག་གདོང་མ་རྣམས་དགོད། དཀྱིལ་འཁོར་གྱི་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ། མེ་ནས་བརྩམས་ཏེ་གཡས་སྐོར་གྱི་རིམ་པ་བཞིན་དུ་ཡ་མ་དཱཾ་ཌྷི་སྟེ་གཤིན་རྗེ་བརྟན་མ་དང༌། གཤིན་རྗེ་ཕོ་ཉ་མོ་དང༌། གཤིན་རྗེ་མཆེ་བ་ཅན་མ་དང༌། གཤིན་རྗེ་འཇོམས་མ་རྣམས་དགོད་དོ། །ཞལ་ཕྱག་གི་གྲངས་དང་ཕྱག་མཚན་ལ་སོགས་པ་ནི། ཇི་ལྟར་ཏེ་དཔེར་ན་མཁའ་འགྲོ་མ་ལ་སོགས་པ་བཞི་པོ་བཞིན་དུ་བྱ་སྟེ། འོན་ཀྱང་བྱ་རོག་གདོང་ལ་སོགས་པའི་གདོང་


JLD009_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྙན་མི་འདྲ་བ་བཞིའི་དབྱེ་བས་དེ་རྣམས་ལས་དབྱེ་ཞིང་མི་འདྲ་བར་བྱའོ། །བྱ་རོག་གདོང་ལ་སོགས་པ་ནི་དབུ་རིལ་པོ་མིན་གྱི། གདོང་གི་ཕྱོགས་ཙམ་ཞིག་དེ་རྣམས་ཀྱི་གདོང་ཡིན་ཏེ། དེ་ལྟ་མ་ཡིན་ན་རྣ་རྒྱན་སོགས་གདགས་སུ་མི་རུང་ངོ་ཞེས་བོད་ཀྱི་མཁས་པ་དག་གསུང་ངོ་། །བྱ་རོག་གདོང་མ་ལ་སོགས་པ་བཞི་ནག་ལྗང་དམར་སེར་བའི་མདོག་ཅན་དུ་བཤད་པ་དང༌། མཚམས་མ་བཞི་མི་འདྲ་བར་སྟོན་པ་ནི། བྱ་རོག་གདོང་མ་སོགས་གདོང་གི་སྒོ་ནས་མཁའ་འགྲོ་མ་ལ་སོགས་པ་དང་མི་འདྲ་བ་དེ་བཞིན་དུ་མེ་ལ་སོགས་པའི་མཚམས་ན་གནས་པའི་ལྷ་མོ་བཞི་ནི་མིའི་བུ་མོ་མཛེས་པ་ལྟར་ཡིད་འཕྲོག་པ། སྐུ་གཟུགས་ཀྱི་ཁ་དོག་ནི་ཕྱེད་གཟུགས་ཀྱི་ཚུལ་གྱིས་གཉིས་པ་སྟེ། ཕྱེད་གཡས་ནི་གཡས་ཀྱི་སྒོ་མའི་ཁ་དོག་དང༌། ཕྱེད་གཡོན་ནི་གཡོན་གྱི་སྒོ་མའི་ཁ་དོག་ཅན་མའོ། །བརྒྱད་ཆར་ཡང་ཡི་དྭགས་ཏེ་རོའི་སྟན་ལ་གནས་པ། དྲག་མོ་ཆེན་པོ་སེམས་ཅན་ཀུན་གྱི་དོན་མཛད་པ་ལ་བརྩོན་པ་སྟེ། དུར་ཁྲོད་ན་གནས་པས་རོའི་གདན་ཅན་ནོ། །དཔའ་བོ་དང་རྣལ་འབྱོར་མ་ཀུན་གྱི་ནི་དཔྲལ་བར་རྡོ་རྗེའི་ཕྲེང་བ་འཛིན་པའོ། །འདི་རྣམས་ནི་སྔོན་གྱི་དུས་སུ་མིའམ་ཅི་མོ་བཞི་དང་ཕྲ་མེན་མ་བཞིས་དུར་ཁྲོད་བརྒྱད་དམ། “འཐུང24་གཅོད་དང་ཉེ་བའི་འཐུང་གཅོད་དང༌། གྲོང་མཐའ་དང་ཉེ་བའི་གྲོང་མཐའ་བཟུང་བ་བཏུལ་བའི་ཚེ། ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དང་ལྷ་མོ་གཽ་རཱི་ལ་སོགས་པ་ཡབ་ཡུམ་བརྒྱད་ལ། སྒོ་མ་བཞིས་ཡབ་རྣམས་གདོང་བརྙན་གྱི་ཚུལ་དུ་སྦས། མཚམས་མ་བཞིས་ཡབ་རྣམས་ཕྱེད་གཟུགས་ཀྱི་ཚུལ་དུ་སྦས་ནས་མ་མོའི་སྐུར་བསྟན་པས་སྔར་


JLD009_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་བརྒྱད་བཏུལ་བ་དང༌། འཛམ་བུ་གླིང་གི་ཡུལ་ཉེར་བཞི་ན་གནས་པའི་འཇིག་རྟེན་པའི་ལྷ་གདུག་པ་ཅན་དེ་རྣམས་ཀྱིས་ནི་དབང་ཕྱུག་མཆོད་པར་བྱེད་ལ། དབང་ཕྱུག་གི་དྲག་པོའི་སྐུ་འཇིགས་བྱེད་ནག་པོ། ཆུང་མ་དུས་མཚན་དང་བཅས་པ་ནི། འཛམ་བུའི་གླིང་གི་དབུས་མ་ག་དྷ་ན་གནས་པ་འདུལ་བའི་དུས་ལ་བབ་པའི་ཚེ། རྡོ་རྗེ་འཆང་གིས་འཛམ་བུའི་གླིང་དུ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་སྤྲུལ་ནས། འཇིགས་བྱེད་ཆུང་མ་དང་བཅས་པ་བཏུལ་ཏེ་ཞབས་འོག་ཏུ་མནན། དྲག་པོའི་ཆུང་མ་བཞི་ནི་མཱ་མ་ཀཱི་ལ་སོགས་པ་སྙིང་པོའི་རྣལ་འབྱོར་མ་བཞིར་སྤྲུལ་བས་བཏུལ་ལོ། ཞེས་བོད་ཀྱི་བླ་མ་དག་གསུང་སྟེ། མངོན་བརྗོད་ཀྱི་འགྲེལ་པ་ནའང་དེ་རྣམས་ཅི་རིགས་པ་སྣང་ངོ༌། །གསུམ་པ་ཕྱོགས་མཐུན་གྱི་དག་པ་དང་ལུས་དཀྱིལ་སྒོམ་པ་ལ་གསུམ། བྱང་ཕྱོགས་སོ་བདུན་ལྷ་དང་སྦྱར་བ་དང་། ལུས་ཀྱི་དཀྱིལ་འཁོར་བཤད་པ་དང་། སྔར་གསུངས་པའི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ནི། ཕྱོགས་མཐུན་གྱི་དག་པ་སྒོམ་པའི་སྐབས་ནི། མངོན་བརྗོད་ལས། མ་ངལ་བར་དུ་ལྷ་སྒོམ་པ་དང་སྔགས་བཟླ་བ་བྱ་བ་དང༌། ངལ་ན་དག་པ་དེ་སྒོམ་པར་བཤད་ལ། ལཱུ་ཨི་པས་སྐབས་འདི་དང་དྲིལ་བུ་པས་ཀྱང་ལུས་དཀྱིལ་གྱི་ལྷ་སྒོམ་པ་རྫོགས་མ་ཐག་སྒོམ་པར་བཤད། ནག་པོ་པས་ལྷ་རྫོགས་པར་སྒོམ་པ་དང༌། ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་ཏེ་མཆོད་པ་བྱས་པའི་འཇུག་ཐོགས་སུ་སྒོམ་པར་བཤད་པས། སྐབས་གཅིག་ཁོ་ནར་མ་ངེས་ལ། སོ་སོའི་གཞུང་ནས་འབྱུང་བ་


JLD009_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱའོ། །འདི་སྒོམ་པའི་དགོས་པ་ནི་འགྲེལ་པ་གསུམ་ལས་ལྷའི་རྣམ་པ་ལ་མངོན་པར་ཞེན་པ་དོར་བ་དང༌། ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་སྒོམ་པར་བཤད་པའི་དང་པོ་ནི། འབྲས་བུའི་སྐབས་ན་གཉིས་མེད་བདེ་ཆེན་གྱི་ཡེ་ཤེས་ཉིད་ལྷར་ཤར་བ་ཡིན་ལ། དེ་དང་རྗེས་སུ་མཐུན་པར་འབྲས་བུ་ལམ་དུ་བྱེད་པའི་དོན་ཡིན་གྱི། སོ་བདུན་པོ་ཐེག་ཆེན་གཞན་དང་ཐུན་མོང་བ་ཉིད་ལྷར་སྟོན་པ་དང༌། ལྷ་སྐུ་ཤ་རུས་ལ་སོགས་པའི་གདོས་བཅས་མིན་པར་འཇའ་ཚོན་ལྟར་སྒོམ་པ་ཙམ་གྱི་དོན་མིན་ནོ། །གཉིས་པ་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་གཞི་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་རྟོགས་པ་དམ་པ་རྒྱུད་ལ་བསྐྱེད་པའི་དོན་ནོ། །ཇོ་བོ་ཆེན་པོའི་འགྲེལ་པར་དགོས་པ་བཞི་བཤད་པའི་དང་པོ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཆོས་སྐུའི་རང་བཞིན་དུ་བསྟན་པ་ནི། ཡེ་ཤེས་ཆོས་སྐུ་ནི་སྔར་བཤད་པའི་གཉིས་མེད་ཡེ་ཤེས་དེ་ཉིད་ཡིན་པས་དེ་ལྟར་རོ། །ལྷར་ཞེན་པ་བཟློག་པ་ནི་སྔ་མའི་ངོ་བོར་བསྒོམས་པས་དེའི་ངོ་བོར་མ་ཤར་བའི་ལྷའི་སྐུ་ཙམ་ལ་ཞེན་པ་ཟློག་པའོ། །གསུམ་པ་སྒྱུ་མ་དང་སྟོང་པ་གཉིས་མེད་དུ་མཚོན་པ་ནི་བདེ་སྟོང་གི་ཐུགས་དང་སྒྱུ་མའི་ལྷ་སྐུ་གཉིས་ངོ་བོ་དབྱེར་མེད་དུ་ཤེས་པར་བྱེད་པའོ། །བཞི་པ་ཅིག་ཅར་ལམ་དུ་བྱས་པ་ཐེག་པའི་ཁྱད་པར་ནི་སྔགས་ཀྱི་ཐེག་པའི་ལྷ་སྐུ་དང༌། ཕར་ཕྱིན་གྱི་ཐེག་པའི་སྟོང་ཉིད་རྟོགས་པ་གཉིས་ཅིག་ཅར་དུ་ལམ་དུ་བྱེད་པའོ། །སྒོམ་ཚུལ་ནི་མན་སྙེ་ལས་གུར་དུ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ནི་རབ་སྒོམ་པ། །དེ་ཉིད་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། ཞེས་དྲངས་ནས། བསྒོམ་པར་བྱ་བ་དེ་ཁོ་ན་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནང་དུ་འདུས་


JLD009_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། ལོག་པར་བསྒོམ་པར་བྱ་བ་ནི་མ་ཡིན་ནོ། །ཡང་ན་ཡོངས་སུ་འདྲིས་པའི་དོན་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་རྣམ་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དེ་གོམས་པར་བྱ་སྟེ། ཞེས་གསུངས་པའི་སྔ་མ་ལྟར་བྱེད་ན་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཉིད་ལ་དམིགས་པ་དང་བྱེད་ལས་སོགས་ཀྱི་སྒོ་ནས་ལུས་དྲན་པ་ཉེར་གཞག་སོགས་སུ་ཐ་སྙད་བྱེད་པས་བདེ་སྟོང་དབྱེར་མེད་ཀྱི་སེམས་གཅིག་ཉིད་ལ་ལྡོག་པས་ཕྱེ་བའི་ཆོས་སོ་བདུན་དུ་བྱས་ནས། ལྷ་སོ་བདུན་གྱི་ངོ་བོར་ལྟ་བ་འདི་ནི་གཙོ་བོའི་དོན་ཏེ། དེ་ལ་ནི་སོ་བདུན་པོ་ལ་ཕར་ཕྱིན་གྱི་ཐེག་པ་ནས་བཤད་པ་ལྟར་གྱི་དམིགས་རྣམ་མི་མཐུན་པ་དུ་མ་མི་བྱེད་དོ། །ཡང་ན་ལམ་འདིའི་སྒྲུབ་པ་པོས་ཀྱང་ལམ་ཐུན་མོང་བ་ལ་འདྲིས་པར་བྱ་བའི་དོན་དུ་མདོ་སྡེའི་ཕྱོགས་ནས་གསུངས་པའི་དམིགས་རྣམ་ཅན་སོ་བདུན་དང་བཅས་པའི་བྱང་ཆུབ་ཀྱི་སེམས་གོམས་བར་བྱེད་པ་ནི་འདིའི་འགྲེལ་པ་གསུམ་ནས་ཀྱང་བཤད་པ་ལྟར་ཏེ། བདེ་སྟོང་གི་ངོ་བོར་ལྟ་བ་ནི་དེ་གཉིས་ཀ་ལ་ཡང་དགོས་སོ། །གཞན་ཡང་ལྷ་རྣམས་བདེ་སྟོང་གི་ངོ་བོར་ལྟ་བ་ནི་དབང་རྣོན་དང༌། དེ་ལྟར་མི་ནུས་པས་ནི་ཐུན་མོང་བའི་ཆོས་སོ་བདུན་པོ་རེ་རེ་ནས་ལྷའི་ངོ་བོར་ལྟ་བ་ནི་དབང་པོ་དམན་པའི་དབང་དུ་བྱས་པར་བཤད་དེ། འཁྲུལ་སྤོང་ལས། དེ་ཉིད་ཀྱི་ངང་ནས་སྐད་ཅིག་གིས་བཞེངས་པའི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རང་བཞིན་སོ་སོ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་སོ་སོར་སྦྱར་བ་ནི་དབང་པོ་དམན་པའི་དོན་དུ་ཡིན་པས་འདིར་མ་བྱས་པས་སྐད་ཅིག་ཉིད་ལ་སྦྱར་བར་བྱ་བ་ཡིན་ནོ། ཞེས་སོ། །


JLD009_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ལ་སྦྱར་བས་ཆོག་པ་དེ་ཡང་དང་པོར་ལྡོག་པས་ཕྱེ་བ་ལ་རེ་རེ་ནས་སྦྱོར་བ་མི་བྱེད་པ་ཡང་མིན་ལ། རེ་ཞིག་གི་བར་དུ་ཐུན་མོང་བའི་སོ་བདུན་ལ་འདྲིས་པར་མི་བྱེད་པ་ཡང་མིན་མོད་ཀྱང༌། ཆོས་སོ་བདུན་ལྷ་སོ་བདུན་གྱི་ངོ་བོར་ལྟ་བ་ནི་གཙོ་བོའི་དོན་ལ་བྱེད་དོ། །དྲིལ་བུ་ཞབས་ཀྱིས་ཀྱང་སོ་བདུན་གྱི་དག་པ་བསྡུས་ནས་གསུངས་སོ། །དེ་ལྟར་ན་ཕྱི་དཀྱིལ་གྱི་དམ་ཚིག་པ་རྣམས་རྫོགས་པའི་མཇུག་འདིར་སྔར་ལྟར་གནས་བཞི་བྱིན་གྱིས་བརླབས་པ་སོགས་དྲན་པར་བྱས་ནས། བདེ་བ་བསྐྱེད་པ་དང་སྟོང་པ་དབྱེར་མེད་དུ་སྦྱར་ནས་དེའི་ངོ་བོར་ལྷ་རྣམས་རེ་རེ་ནས་སམ། སྤྱིར་བསྡུས་ནས་ལྟ་བ་བྱ་སྟེ། ཆོས་སོ་བདུན་གྱི་ངོ་བོར་ལྟ་བའི་གཙོ་བོའི་དོན་དེ་ཡིན་པའི་ཕྱིར་དང༌། ཚུལ་དེས་ཀྱང་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་རྒྱུད་སྨིན་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཕྱི་དཀྱིལ་བསྒོམས་པའི་འཇུག་དེ་ནས་དེ་ལས་གཞན་ཡང་ཟད་པ་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་འཐོབ་པའི་ཕྱོགས་དང་རྗེས་སུ་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ཧེ་རུ་ཀ་ལ་སོགས་པའི་ལྷ་སོ་བདུན་དང་སྦྱོར་བས་སྦྱར་བར་བྱ་སྟེ། སྦྱོར་ཚུལ་དེ་དག་ཀྱང་གང་ཞེ་ན། ལུས་དང༌། ཚོར་བ་དང༌། ཆོས་དང༌། སེམས་རྗེས་སུ་དྲན་པ་ཉེ་བར་བཞག་པ་བཞི་ནི། རིམ་པ་བཞིན་གཡས་སྐོར་གྱིས་མཁའ་འགྲོ་མ་ནས་གཟུགས་ཅན་མའི་བར་བཞིར་བལྟའོ། །ཉེར་གཞག་བཞི་ནི། རིམ་པ་བཞིན་གཟུགས་ཕུང་དང་ཚོར་ཕུང་ཤེས་པ་ལ་གཞོལ་བ་དང༌། རྩོམ་པ་དང༌། འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་སྒྱུ་མ་ལྟ་བུར་ངེས་པར་འཛིན་པ་དང༌། རྣམ་ཤེས་ཀྱི་ཕུང་པོའི་རང་བཞིན་སོ་སོར་འབྱེད་པར་འགྲེལ་པ་གསུམ་ནས་གསུངས་པའི་དོན་ནི། ཇོ་བོའི་འགྲེལ་


JLD009_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལུས་ཚོར་སེམས་ཆོས་ཀྱི་ཕུང་པོ་བཞི་སྒྱུ་མ་བཞིན་དུ་རང་བཞིན་གྱིས་སྐྱེ་བ་མེད་པར་ཤེས་པའི་ཤེས་རབ་དང༌། སྙིང་རྗེ་དབྱེར་མེད་པ་ལ་བཤད་དེ་སྔར་ལྟར་བཤད་དོ། །རྗེས་སུ་དྲན་པ་ནི་ཤེས་རབ་ཀྱིས་དེ་ལྟར་གཏན་ལ་ཕབ་པའི་སྟོབས་ཀྱིས་ཡུལ་དེ་ལ་དྲན་པ་བཞག་པས་ན་དྲན་པ་ཉེར་གཞག་གོ །གཞུང་གཞན་ནས་བཤད་པའི་རིམ་པ་ལས། འདིར་ཐ་མ་གཉིས་བཟློག་པ་ནི་ཀུན་སྤྱོད་དང་མངོན་བརྗོད་དུ་ཡང་དེ་བཞིན་དུ་འབྱུང་ངོ༌། །འདུན་པའི་དང༌། བརྩོན་འགྲུས་ཀྱི་དང༌། སྤྱོད་པའི་དང༌། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་རིམ་པ་བཞིན་དུ། གཏུམ་མིག་མ་ནས་སྣ་ཆེན་མའི་བར་གྱི་ཐུགས་འཁོར་གྱི་ལྷ་མོ་བཞིར་བལྟའོ། །དེ་ལ་རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །རྐང་པ་ནི་དེའི་གནས་སོ། །འདུན་པ་ནི་ཆོས་ཉན་པ་སོགས་ལ་ཤིན་ཏུ་གུས་པ་དང༌། བརྩོན་འགྲུས་ནི་དེའི་རྒྱུན་ལས་མི་ལྡོག་པར་གོམས་པར་བྱེད་པའོ། །དཔྱོད་པ་ནི་ཆོས་ཀྱི་དོན་ལ་ཤིན་ཏུ་རྣམ་པར་དཔྱོད་པ་དང༌། སེམས་ནི་བྱང་ཆུབ་མངོན་དུ་བྱེད་པའི་བྱ་བ་ལ་མཆོག་ཏུ་གྱུར་པའི་བྱེད་པའོ། །ཕར་ཕྱིན་ཐེག་པ་ནས་འདུན་པ་སོགས་བཞི་རྫུ་འཕྲུལ་རྐང་པར་མི་བྱེད་པར་འདུན་སོགས་བཞིའི་ཏིང་ངེ་འཛིན་ལ་བྱེད་ལ། སཾ་བྷུ་ཊ་ལས་ཀྱང་དེ་ལྟར་གསུངས་ཏེ། རྫུ་འཕྲུལ་སྐྱེད་ནུས་པའི་ཏིང་ངེ་འཛིན་འགྲུབ་པ་ལ་སྒོ་བཞི་སྟེ་འདུན་པ་དྲག་པོ་དང༌། བརྩོན་འགྲུས་རྒྱུན་རིང་དང༌། དམིགས་པ་རྣམ་པར་འབྱེད་པ་དང༌། སྔོན་གོམས་པའི་ཏིང་ངེ་འཛིན་གྱི་ས་བོན་སེམས་ལ་ཡོད་པ་ལ་བརྟེན་ནས་འཐོབ་པའོ། །ཇོ་བོའི་འགྲེལ་པར་སྔར་དྲན་པ་ཉེར་གཞག་ཏུ་བཤད་པའི་བྱང་


JLD009_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་དང༌། ཏིང་ངེ་འཛིན་གྱིས་གྲོགས་བྱས་པའི་སྒོ་ནས་རབ་གཏུམ་ལ་སོགས་པ་བཞིར་བཞག་པར་བཤད་པའི་ཏེང་ངེ་འཛིན་ནི་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་བཞིའོ། །འདི་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་གྲོགས་ཀྱི་སྒོ་ནས་རྫུ་འཕྲུལ་གྱི་རྐང་པ་བཞིར་མིང་བཏགས་ཞེས་པའི་ལུགས་ཏེ། གཞུང་གཞན་ནས་བཤད་པའི་ཐ་མ་གཉིས་ཀྱི་རིམ་པ་ལས་བཟློག་པ་ནི། རྒྱུད་གཉིས་ལས་སྔར་ལྟར་བཤད་པས་འདིར་ཡང་དེ་ལྟར་མཛད་དོ། །དད་པ་ནི་དཀོན་མཆོག་གསུམ་དང་ལས་འབྲས་ལ་ཡིད་ཆེས་པ་དང༌། དབང་པོ་ནི་འདི་ནི་དེའོ་ཞེས་ངེས་པར་འཛིན་པའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ངེས་པར་བྱ་དགོས་པ་ཉིད་ངེས་པར་བཟུང་བའོ། །དྲན་པའི་དབང་པོ་ནི་མི་རྨུགས་པའི་མི་བརྗེད་པས་མ་རིག་པ་སྟེ་རྨུགས་པའི་སྐབས་མི་འབྱེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་སེམས་རྩེ་གཅིག་པ་ལ་དབང་བྱེད་པའོ། །ཤེས་རབ་ཀྱི་དབང་པོ་ནི་སྤང་བླང་འབྱེད་པ་ལ་དེ་ཉིད་དུ་ངེས་པར་བཟུང་བའོ། ཞེས་འགྲེལ་པ་གསུམ་ནས་བཤད་ལ། ཁྱད་པར་གསལ་བྱེད་ལས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་སེམས་དང་བ་ནི་དད་པ་དང༌། བརྩོན་འགྲུས་ནི་སེམས་མངོན་པར་སྤྲོ་བ། དད་པའི་དབང་པོ་ལ་བརྟེན་པའི་ཆོས་རྣམས་གང་གིས་ཉེ་བར་སོག་པ་ནི་བརྩོན་འགྲུས་དང༌། དེའི་དབང་པོ་བསྐྱེད་པའི་དོན་ལ་མི་རྨུགས་པའི་དྲན་པ་དང༌། དེའི་དབང་པོའི་དོན་ལ་མངོན་པར་ཕྱོགས་པར་བྱེད་པའི་ཏིང་ངེ་འཛིན་དང༌། དེའི་དབང་པོས་རྩེ་གཅིག་ཏུ་བྱས་པའི་དོན་རྣམས་འབྱེད་པའི་ཤེས་རབ་ཀྱི་དབང་པོར་བཤད་དོ། །དབང་པོ་ལྔ་ནི་དཔའ་བོའི་བློ་གྲོས་མ་ནས་ཤིང་གྲིབ་མའི་བར་ཐུགས་ཀྱི་ལྷ་མོ་བཞི་


JLD009_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གསུང་གི་ལྷ་མོ་ས་སྲུངས་མར་བལྟའོ། །བརྟན་པའི་བློ་ཅན་མ་ལ་འདིར་དཔའ་བོའི་བློ་གྲོས་མ་ཞེས་འབྱུང་བ་ལྟར་ཀུན་སྤྱོད་དང་མངོན་བརྗོད་ལས་ཀྱང་འབྱུང་ངོ༌། །ཇོ་བོའི་འགྲེལ་པར་སྔར་གྱི་བྱང་ཆུབ་ཀྱི་སེམས་དེ་ཉིད་དབང་པོ་ལྔས་དབང་བྱས་པའི་སྒོ་ནས་ལྷ་མོ་དེ་ལྔར་འཇོག་པར་བཤད་དོ། །དད་པའི་དབང་པོ་ལ་སོགས་པ་ལྔ་ཕུལ་དུ་བྱུང་བའི་སྐབས་སུ་རང་གི་མི་མཐུན་ཕྱོགས་ཀྱིས་མི་རྫི་བའི་ཕྱིར། དད་པའི་སྟོབས་ནས་ཤེས་རབ་ཀྱི་སྟོབས་ཀྱི་བར་ལྔར་གྱུར་པ་ནི་རིམ་པ་བཞིན་འཇིགས་བྱེད་ཆེན་མོ་ནས་ཤིན་ཏུ་བཟང་མོའི་བར་གྱི་ལྷ་མོ་ལྔར་བལྟའོ། །ཇོ་བོའི་དགོངས་པ་ལྟར་ན་བྱང་ཆུབ་ཀྱི་སེམས་དེ་ཉིད་དད་སོགས་སྟོབས་སུ་གྱུར་པའི་སྐབས་སུ་དེ་དག་གི་སྒོ་ནས་ལྷ་མོ་ལྔར་འཇོག་པ་སྔ་མའི་རིགས་པས་ཤེས་པར་བྱའོ། །ཏིང་ངེ་འཛིན་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། དྲན་པ་དང༌། བཏང་སྙོམས་ཀྱི་མཐར་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་སྦྱར་བ་ནི་རིམ་པ་བཞིན་དུ་སྟོང་པ་ཉིད་ལ་སེམས་རྩེ་གཅིག་པ་བྱང་ཆུབ་ཀྱི་རྒྱུ་ཉིད་དང༌། ལེ་ལོའི་སྐབས་མེད་པར་སོ་སྐྱེའི་ས་ལས་ངེས་པར་འབྱུང་བ་དང༌། དགེ་བའི་ཆོས་ཀུན་ཏུ་འཛིན་ཞིང་དགའ་བའི་མི་མཐུན་ཕྱོགས་བདག་དང་བདག་གིར་འཛིན་པའི་བག་ཆགས་གཅོད་པ་དང༌། དགེ་བ་ལ་སེམས་ཤིན་ཏུ་ལས་སུ་རུང་བ་དང༌། བདག་མེད་པའི་རང་བཞིན་ལ་དེ་ཉིད་དུ་ངེས་པར་འཛིན་པ་དང༌། མི་བརྗེད་པའི་ངང་ཚུལ་དང༌། ཏིང་ངེ་འཛིན་ལ་བསྒྲིམ་མི་དགོས་པར་ལྷུན་གྱིས་གྲུབ་པ་སྟེ། དེ་བདུན་ནི་རིམ་པ་བཞིན་རྟ་རྣ་


JLD009_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནས་ཤིན་ཏུ་དཔའ་མོའི་བར་གྱི་ལྷ་མོ་བདུན་དུ་བལྟའོ། །ཇོ་བོའི་བཞེད་པ་ལྟར་ན་དེ་བདུན་ཁ་ཅིག་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དང༌། ཁ་ཅིག་བྱེད་ལས་སོགས་ལ་བཤད་དགོས་སོ། །དེ་དག་གི་གོ་རིམ་ཀྱང་གཞུང་ནས་འབྱུང་བ་བཞིན་ཀུན་སྤྱོད་དང་མངོན་བརྗོད་ལས་སོ། །ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་རྣམས་ཀྱི་མགོར་ཡང་དག་པའི་ཞེས་སྦྱར་བ་རྣམས་ནི་རིམ་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་ཤིན་ཏུ་གུས་ཤིང་དེའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་དང༌། ལེགས་པའི་བྱ་བ་བརྩམས་པ་མི་འདོར་བ་དང༌། སེམས་ཅན་མི་སླུ་བའི་ཚིག་རྫུན་དང་བྲལ་བ་དང༌། གང་བྱེད་ཐམས་ཅད་དགེ་བཅུ་ལས་མི་འདའ་བ་དང༌། སེམས་ཅན་ལ་མི་འཚེ་བའི་ཚུལ་གྱིས་འཚོ་བ་དང༌། ཕྱག་དང་སྐོར་བ་སོགས་ཀྱི་དགེ་བ་སྒྲུབ་པ་དང༌། རྒྱལ་བའི་གསུང་རྗེས་སུ་དྲན་པ་དང༌། ཧེ་རུ་ཀའི་ཚུལ་དུ་དམིགས་པའོ། །དེ་བརྒྱད་ནི་རིམ་པ་བཞིན་དུ་སྟོབས་ཆེན་མ་དང༌། འཁོར་ལོས་སྒྱུར་མ་དང༌། བརྩོན་ཆེན་མ་གསུམ་དང༌། གཡོན་སྐོར་གྱིས་བྱ་རོག་གདོང་མ་ལ་སོགས་པ་བཞི་དང༌། གཙོ་བོའི་ངོ་བོར་བལྟའོ། །དེ་བརྒྱད་ཀྱི་མཐར་ཡང་དག་འཕགས་པའི་ལམ་ཡན་ལག་ཅེས་པ་མ་བྱུང་ཡང༌། ཐེག་པ་ཐུན་མོང་བ་ནས་གསུངས་པ་ལྟར་སྦྱར་རོ། །ཇོ་བོའི་བཞེད་པ་ནི་དེ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དང་དེའི་ནུས་པ་དང༌། བྱེད་ལས་སོགས་ཀྱི་སྒོ་ནས་མིང་འདོགས་པར་ཤེས་པར་བྱའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་དང༌། སྐྱེས་པ་སྲུང་བ་དང༌། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང༌། མ་སྐྱེས་པ་རྣམས་མི་


JLD009_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པ་བཞི་ནི་རིམ་པ་བཞིན་དུ་གཡས་སྐོར་གྱིས་ཡ་མ་དཱཾ་ཌྷི་ལ་སོགས་པ་བཞིར་བལྟའོ། །ཇོ་བོའི་འགྲེལ་པར་སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་དག་སྤོང་བའི་བརྩོན་འགྲུས་ཀྱིས་གྲོགས་བྱས་པའི་སྒོ་ནས་མཚམས་མ་བཞིར་འཇོག་པར་བཤད་དོ། །དེ་ལྟར་བྱང་ཕྱོགས་སོ་བདུན་ལྷ་མོ་དང་སྦྱོར་བའི་སྐབས་སུ་ཡང་དག་པའི་ཏིང་ངེ་འཛིན་དཔའ་བོ་དང་དངོས་སུ་སྦྱར་བ་ན་སྔ་མ་ཉེར་བཞི་ཡང་རང་རང་གི་དཔའ་བོ་དང་སྦྱོར་བ་ཤེས་ནུས་ལ། དེའི་གནད་ཀྱིས་སོ་བདུན་པ་གཙོ་མོ་དང་སྦྱར་དགོས་པའང་ཤེས་པས། དག་པ་དེ་དག་ནི་དཔའ་པོ་དང་རྣལ་འབྱོར་མ་གཉིས་སུ་མེད་པའི་དག་པའོ། །ཡང་དག་སྤོང་བ་བཞི་མཐར་བཤད་པ་ནི་ཉོན་མོངས་དང་ཉེ་ཉོན་གྱི་སྒྲིབ་པ་རྣམས་སྤངས་ན་ཡང་དག་པར་སྤོང་བ་དེའི་ཕྱིར་ཞེས་པའམ། ཡང་ན་ཇི་སྲིད་དུ་རྣལ་འབྱོར་པ་ཧེ་རུ་ཀར་གྱུར་པ་དེ་སྲིད་དུ་འདི་རྣམས་ཁོ་ནས་རྟག་ཏུ་སྤྱོད་དོ་ཞེས་ཤེས་པར་བྱ་བའི་ཕྱིར། ཕར་ཕྱིན་གྱི་ཐེག་པ་དང་གོ་རིམ་མི་མཐུན་པར་བཤད་དོ། ཞེས་ཁྱད་པར་གསལ་བྱེད་ལས་བཤད་པའི་ཕྱི་མའི་དོན་ནི་ཡང་དག་པའི་ཏིང་ངེ་འཛིན་ཧེ་རུ་ཀར་བཤད་པའི་འོག་ཏུ་གཉེན་པོའི་ཕྱོགས་སྒྲུབ་པ་དང༌། མི་མཐུན་པའི་ཕྱོགས་འགོག་པའི་སྤོང་བ་བཞི་བཤད་པ་ན་བྱང་ཕྱོགས་སྔ་མ་སོ་གཉིས་ཀྱིས་བྱ་བ་དེ་གཉིས་སྒྲུབ་པ་ནི་ཧེ་རུ་ཀ་མ་ཐོབ་བར་དུ་བྱ་དགོས་པར་ཤེས་པའི་དོན་ཏེ་འདི་སྔ་མ་ལས་ལེགས་སོ། །མངོན་བརྗོད་དང་ཀུན་སྤྱོད་ལས་གོ་རིམ་དེ་ལྟར་གསུངས་ལ། སཾ་བྷུ་ཊ་ལས་དྲན་པ་ཉེར་གཞག་གི་འོག་ཏུ་ཡང་དག་སྤོང་བ་བཤད་ཅིང་བྱང་ཆུབ་ཡན་ལག་བདུན་ཀྱང་ཕར་ཕྱིན་དང་གོ་རིམ་མཐུན་པར་བཤད་དོ། །གཉིས་པ་ལ་གཉིས།


JLD009_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དཀྱིལ་སྤྱིའི་རྣམ་གཞག་དང༌། གཞུང་གི་ཚིག་དོན་བཤད་པའོ། །དང་པོ་ལ་གཉིས། ལུས་ཀྱི་དཀྱིལ་འཁོར་གྱི་རྣམ་དབྱེ་དང་གོ་རིམ། རྟེན་དང་བརྟེན་པའི་ལུས་དཀྱིལ་གྱི་རྣམ་གཞག་གོ །དང་པོ་ནི། ཉུང་ངུའི་རྩ་རྒྱུད་ལས། རྣལ་འབྱོར་མ་ཡི་ས་དང་གནས། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག །ཐམས་ཅད་བརྟན་གཡོ་བདག་ཉིད་ཅན། ཞེས་དང༌། མཐོ་རིས་ས་སྟེང་ས་འོག་ཏུ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག །པཱུ་ལ་སོགས་པ་གང་བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། ཞེས་འབྱུང་བ་ལྟ་བུ་མ་གཏོགས་པ་ལུས་དཀྱིལ་གསལ་བར་མ་གསུངས་ལ། བཤད་རྒྱུད་མངོན་མརྗོད་ཀྱི་ལེའུ་དགུ་པར། གཞལ་ཡས་ཁང་གི་ལྟེ་བར་བསྐྱེད་པའི་ཧེ་རུ་ཀའི་ལུས་ལ་བཀོད་པའི་ལུས་དཀྱིལ་སྒོམ་པ་དང༌། དེ་ཡང་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་བཤད་དེ། རྟེན་གྱི་དཀྱིལ་འཁོར་ལ་འགོད་པའི་དབང་དུ་བྱས་ན་ཡབ་ཡུམ་ཟུང་གཅིག་ལས་མེད་ཅིང༌། དེ་གཉིས་ཀྱང་གདན་གཅིག་ལ་བཞུགས་པ་ལ་དགོངས་སོ། །ལེའུ་དགུ་པ་དེ་ལ་བརྟེན་ནས་སྦྱང་དཀའ་ཟླ་བས་མཛད་པའི་སྒྲུབ་ཐབས་སུ་ཡང་བཅོམ་ལྡན་འདས་ཡབ་ཡུམ་གཉིས་ལུས་ལ་དགོད་པ་མ་བྱས་ཤིང༌། ལུས་དཀྱིལ་བསྒོམས་ཟིན་བའི་འོག་ཏུ་རྟེན་གྱི་དཀྱིལ་འཁོར་ལ་ལྷ་དྲུག་ཅུ་བཀོད་ནས་སྒོམ་པ་བྱས་པ་ནི་ལུས་དཀྱིལ་སྔ་ལ་ཕྱི་དཀྱིལ་རྗེས་སུ་སྒོམ་པའི་ལུགས་སོ། །ཕྱི་དཀྱིལ་སྔོན་དུ་བསྒོམས་ནས་རྗེས་སུ་ལུས་དཀྱིལ་སྒོམ་པ་ནི་ལཱུ་ཨི་པས་གསུངས་ཏེ། འདིའི་རྗེས་སུ་འབྲངས་པའི་རྒྱ་གཞུང་མང་ངོ༌། །ནག་པོ་སྤྱོད་པས། ཕྱི་དཀྱིལ་གྱི་འཁོར་ལོ་གསུམ་གྱི་ལྷ་སྒོམ་པའི་སྐབས་སུ་པུལླི་ར་མ་ལ་མགོ་བོར་ཐོད་པའི་དུམ་བུ་ཅན་དང༌། རབ་གཏུམ་མོ། ཞེས་སོགས་ཀྱིས་ལུས་


JLD009_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ཉེར་བཞིར་སྒོམ་པ་ཡང་བཤད་ལ། བརྒྱད་ཚན་གསུམ་ཀྱི་དང་པོ་བཞི་བཞི་ཤར་ལ་སོགས་པའི་ཕྱོགས་སུ་ལུགས་མི་མཐུན་དང༌། ཕྱི་མ་བཞི་བཞི་དབང་ལྡན་ལ་སོགས་པའི་མཚམས་སུ་ལུགས་མཐུན་དུ་འགོད་པར་གསུངས་པས་ལྷ་ཞེ་བརྒྱད་ཕྱི་དཀྱིལ་དུ་འགོད་པ་དང༌། ནང་ལུས་ལ་འགོད་པ་གཉིས་དུས་མཉམ་དུ་བཤད་པ་ནི། རྡོ་རྗེ་མཁའ་འགྲོའི་བཅུ་བཞི་པར། ཕྱི་དང་ནང་དང་ཡང་དག་གནས། །ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། ཞེས་གསུངས་པའི་རྗེས་སུ་འབྲངས་པའོ། །དེ་ལྟར་ཚུལ་གསུམ་བཤད་པ་ནི་ཕྱི་དཀྱིལ་དང་ལུས་དཀྱིལ་གཉིས་ཀ་སྒོམ་པར་བཤད་པའི་སྟེང་ནས་ཡིན་ཏེ། གཉིས་ཀ་སྒོམ་པ་ནི་ཀུན་སྤྱོད་དང་མངོན་བརྗོད་ཀྱི་བཅུ་བཞི་བའི་ཡང་དགོངས་པར་སྣང་ཞིང༌། ཕྱི་དཀྱིལ་སྔོན་དུ་བསྒོམས་པའི་རྗེས་སུ་ལྷ་ཞེ་བརྒྱད་ཀྱི་ལུས་དཀྱིལ་སྒོམ་པ་ཡང་དེར་བཤད་དོ། །མངོན་བརྗོད་ཀྱི་དགུ་པ་དང་དྲིལ་བུ་ཞབས་ཀྱིས་ནི་ཕྱི་དཀྱིལ་གྱི་ལྷ་སྒོམ་པ་མ་བཤད་པར་ལུས་དཀྱིལ་གྱི་ལྷ་ཙམ་ཞིག་སྒོམ་པར་བཤད་དོ། །གཉིས་པ་ལ་གཉིས། རྟེན་གྱི་ལུས་དཀྱིལ་གྱི་རྣམ་གཞག་དང༌། བརྟེན་པའི་ལུས་དཀྱིལ་གྱི་རྣམ་གཞག་གོ །དང་པོ་ནི། མངོན་བརྗོད་ལས། བརྟེན་པའི་ལུས་དཀྱིལ་སྒོམ་པར་བཤད་པ་མ་གཏོགས་པ། རྟེན་གྱི་ལུས་དཀྱིལ་ཐུན་མོང་མ་ཡིན་པ་མ་བཤད་ལ། ལཱུ་ཨི་པའི་རྩ་བ་དང་འགྲེལ་པ་གཞན་ལྔ་དང༌། འཁྲུལ་སྤོང་དང་ནག་པོ་སྤྱོད་པའི་སྒྲུབ་ཐབས་དང༌། སྦྱང་དཀའ་ཟླ་བ་སོགས་ཀྱིས་ཀྱང་མ་བཤད་དོ། །འགྲེལ་པ་སྡོམ་འབྱུང་ལས་ལུས་དཀྱིལ་གྱི་སྐབས་སུ་ལུས་འབྱུང་བ་རིམ་རྩེགས་སོགས་རྟེན་གྱི་དཀྱིལ་འཁོར་དུ་


JLD009_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཚུལ་སཾ་བྷུ་ཊར་གསུངས་པ་བཞིན་བཤད་ལ། དེར་བརྟེན་པའི་ལུས་དཀྱིལ་གྱི་རྗེས་སུ་བཤད་པ་ནི་བཤད་པའི་རིམ་པ་ཙམ་ཡིན་གྱི་ལག་ལེན་གྱི་རིམ་པ་ནི་ཕྱི་དཀྱིལ་དང༌། ཆོས་སོ་བདུན་བསྒོམས་པའི་མཇུག་ཏུ་བྱའོ། །དྲིལ་བུ་ཞབས་ཀྱིས་ཀྱང༌། ལུས་ཀྱི་ཆ་རྣམས་འབྱུང་བ་རིམ་བརྩེགས་དང༌། རི་རབ་དང་གཞལ་ཡས་ཁང་དུ་སྒོམ་པ་ལུས་དཀྱིལ་གྱི་ལྷ་སྒོམ་པའི་སྔོན་དུ་གསུངས་པ་ནི་བཤད་རྒྱུད་སཾ་བྷུ་ཊའི་ལུགས་སོ། །དེས་ན་བརྟེན་པའི་དཀྱིལ་འཁོར་གཉིས་ཀ་སྒོམ་པ་དང༌། བརྟེན་པའི་ལུས་དཀྱིལ་ཙམ་ཞིག་སྒོམ་ནའང་འདྲ་བས་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་ནི་སྔོན་དུ་གཏོང་དགོས་ཏེ། འདི་ནི་དཔལ་འདུས་པའི་ལུགས་ཀྱང་ཡིན་ནོ། །དེ་ཡང་དཀྱིལ་འཁོར་གཉིས་ཀ་སྒོམ་པ་ལོ་ནག་ལྟ་བུ་དང༌། ལུས་དཀྱིལ་གཅིག་པུ་སྒོམ་པ་མངོན་བརྗོད་ཀྱི་དགུ་པ་ལྟ་བུ་ཡིན་ན་སྔོན་དུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་ཟིན་པ་དེ་ལ་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་ལུགས་སྔར་བྱས་པ་མེད་པས་ལུས་དཀྱིལ་སྒོམ་རན་པ་ན་སྔར་བསྐྱེད་པའི་གཞལ་ཡས་ཁང་དེ་ཉིད་ཀྱི་སྟེང་ནས་བྱེད་ཀྱི། སྔ་མ་དེ་བསྡུས་ནས་སྐྱེད་པ་མིན་ཏེ། མདོ་བསྲེ་ལས། བྷྲཱུཾ་ཡིག་ལས་བསྐྱེད་པའི་གཞལ་ཡས་ཁང་གི་དབུས་སུ་སྤྲུལ་སྐུ་རྡོར་སེམས་སུ་བསྐྱེད་པའི་ལུས་ལ་ལྷ་སོ་གཉིས་ཚང་བར་སྒོམ་པའི་ལུས་དཀྱིལ་བསྒོམས་ནས་དེ་མ་བསྡུས་པའི་སྐབས་སུ་སྔར་བཤད་པའི་གཞལ་ཡས་ཁང་ན་གནས་པར་བྱའོ་ཞེས་གསུངས་ཤིང༌། གཞལ་ཡས་ཁང་སྡུད་མི་སྡུད་ཀྱང་དེ་དང་འདི་གཉིས་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྦྱང་དཀའ་ཟླ་བས་ཀྱང་རྣམ་སྣང་ལས་བསྐྱེད་པའི་གཞལ་ཡས་ཁང་གི་དབུས་སུ་ལུས་དཀྱིལ་སྒོམ་པར་བཤད་ལ། དེ་མངོན་བརྗོད་ཀྱི་དགོངས་པར་


JLD009_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་བའི་ཕྱིར་རོ། །དེའི་ཕྱིར་ན་སྔར་བསྐྱེད་པའི་གཞལ་ཡས་ཁང་གི་ནང་དུ་གཞལ་ཡས་ཁང་གཉིས་པ་ཅིག་སྐྱེད་པའང་མིན་ལ། དེ་ལྟར་བྱེད་པའི་བཤད་པ་ཡང་གཞུང་ཁུངས་ཐུབ་གང་ནས་ཀྱང་མི་འབྱུང་ངོ༌། །འོ་ན་གཞལ་ཡས་ཁང་སྔ་མའི་སྟེང་ནས་ཇི་ལྟར་སྒོམ་སྙམ་ན། འདི་ལ་བོད་ཀྱི་བླ་མ་ཁ་ཅིག་ལུས་ཀྱི་ཆ་དེ་དང་དེ་རྟེན་གྱི་དཀྱིལ་འཁོར་གྱི་ཆ་དེ་དང་དེའི་དོད་དུ་མོས་པ་ཙམ་ཡིན་ཟེར་བ་དང༌། ཁ་ཅིག་གདོད་མ་ནས་དེར་གྲུབ་པ་གསལ་འདེབས་པ་ཡིན་ཟེར། དེ་ལ་དང་པོ་ནི་རྒྱུད་དང་མཁས་གྲུབ་ཀྱི་བཞེད་པ་མིན་ཏེ། བཤད་རྒྱུད་རྡོ་རྗེ་འཕྲེང་བར། ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པའི་སྐབས་སུ་ཐོག་མར། ལུས་ནི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་གྱི་ཡང་དག་རྟེན། ཞེས་མདོར་བསྟན་པའི་སྐབས་སུ་ཡང་ལུས་གཞལ་ཡས་ཁང་དུ་གྱུར་པར་སྒོམ་པར་གསུངས་ཤིང༌། བར་དུ་ལུས་ཀྱི་ཆ་འདི་དང་འདི་གཞལ་ཡས་ཁང་གི་ཆ་འདི་དང་འདི་ཞེས་གསུངས་པ་ནི། སྔ་མའི་རྒྱས་བཤད་ཡིན་པས། དེ་རྣམས་དེ་དག་ཏུ་གྱུར་པར་སྒོམ་པའི་དོན་ཡིན་ལ། མཇུག་ཏུ་དོན་བསྡུས་པར་ཡང༌། དེ་དག་གཞལ་ཡས་ཁང་དུ་བསྒོམ། ཞེས་གསུངས་ཀྱི་དེའི་དོད་དུ་སྒོམ་པར་བཤད་པ་མེད་པའི་ཕྱིར་དང༌། རྣམ་གཞག་རིམ་པར་ཡང༌། དང་པོ་ཁོ་ནར་སྐུའི་དཀྱིལ་འཁོར་རྣམ་པར་གཞག་པར་བྱ་སྟེ། ཚངས་པའི་ཐིག་ནས་ཡང་དག་བརྩམས། །གྲུ་བཞི་པ་རུ་རྣམ་པར་དབྱེ། །གཞལ་ཡས་ཁང་ལྟར་སྣང་བ་ཡི། །རྣལ་འབྱོར་པ་ཡི་སྐུ་དཀྱིལ་འཁོར། ཞེས་གྲུ་བཞི་པའི་གཞལ་ཡས་ཁང་དུ་སྣང་བའི་སྐུའི་དཀྱིལ་འཁོར་སྒོམ་པར་གསུངས་པའི་ཕྱིར་རོ། །ལུགས་གཉིས་པ་


JLD009_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཤིན་ཏུ་མི་འཐད་དེ། རང་གི་ལུས་ཀྱི་ཆ་རྣམས་གདོད་མ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྲུབ་ཟིན་ན་ནི་ལུས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་འགྱུར་ལ། བློས་དེ་ལྟར་མོས་ནས་སྒོམ་དགོས་ན་ཡང་མི་འཐད་དེ། ལུས་གཞལ་ཡས་ཁང་དུ་གྱུར་པར་སྒོམ་པར་གསུངས་པའི་ཕྱིར་དང༌། ལྭ་བ་པའི་འགྲེལ་པ་ལས། གནས་དེ་རྣམས་སུ་གནས་པའི་རྩ་རྣམས་དེ་དང་དེའི་ལྷའི་ངོ་བོར་ཡོངས་སུ་གྱུར་ཏེ་གནས་པར་བསྒོམ་མོ། ཞེས་གསུངས་པའི་ཕྱིར་དང༌། པྲཛྙཱ་རཀྵི་ཏ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེའི་འགྲེལ་པར་ཡང་དེ་བཞིན་དུ་བཤད་དོ། །དེ་ལྟ་མ་ཡིན་ན་མངོན་བརྗོད་ལས་ལུས་དཀྱིལ་སྒོམ་པ་ན་གཞིའི་ཧེ་རུ་ཀ་གསར་དུ་སྒོམ་པ་མི་འཐད་པར་འགྱུར་བ་དང༌། རང་གིས་ཀྱང་དྲིལ་བུ་པའི་ལུགས་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་སྐད་ཅིག་གིས་སྐྱེད་པར་བཤད་པའི་གསར་དུ་བསྐྱེད་པ་དང་འགལ་བར་འགྱུར་རོ། །དྲིལ་བུ་པའི་དབང་ཆོག་ལས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། ཞེས་གསུངས་པ་ནི་ལུས་དཀྱིལ་གྱི་ལྷའི་དཀྱིལ་འཁོར་གང་ལས་སྒྲུབ་པའི་སྒྲུབ་གཞི་ནི་རྡུལ་ཚོན་དང༌། རས་རིས་ཀྱི་དཀྱིལ་འཁོར་ལ་ལྷ་སྒྲུབ་པའི་སྒྲུབ་གཞི་ཕྱག་མཚན་དང་སྐུ་ལ་སོགས་པ་གསར་དུ་སྒྲུབ་དགོས་པ་བཞིན་དུ་འདྲི་མཁན་གྱིས་གསར་དུ་སྒྲུབ་མི་དགོས་པར་རྩ་དང་ཁམས་རྣམས་རང་བཞིན་གྱིས་ཏེ་གདོད་མ་ནས་གནས་ལ། དེ་ཡང་དེའི་སྒྲུབ་གཞི་ཡིན་པའི་དོན་ཡིན་གྱི། ལུས་ཀྱི་རྩ་དང་ཁམས་ལ་སོགས་པ་ཧེ་རུ་ཀའི་དཀྱིལ་འཁོར་དུ་གདོད་མ་ནས་གནས་པ་མིན་ཏེ། ཡིན་ན་ནི་དེ་ཉིད་ལས། དེ་ཡི་རང་བཞིན་མི་ཤེས་


JLD009_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། ཞེས་གསུངས་པ་དང་ནང་འགལ་བར་འགྱུར་ཏེ། བདེ་མཆོག་གི་དཀྱིལ་འཁོར་གྱི་དེ་ཉིད་མི་ཤེས་པ་འགལ་བའི་ཕྱིར་རོ། །གསང་འདུས་དང་བདེ་མཆོག་གི་ལུས་དཀྱིལ་ཡང་ལུས་གདོད་མ་ནས་ལྷར་གནས་མི་གནས་མཚུངས་པས། འདུས་པའི་ལུས་དཀྱིལ་ལ་རང་རང་གི་ས་བོན་ལས་སྐྱེད་པར་བཤད་པ་དང་ཡང་འགལ་བར་འགྱུར་རོ། །དྲིལ་བུ་བའི་ལྷ་རྣམས་ཀྱི་ཞལ་ཕྱག་གི་གྲངས་དང་ཕྱག་མཚན་སོགས་ཀྱང་ཀུན་སྤྱོད་ལ་བརྟེན་པར་སྣང་ཞིང༌། ཀུན་སྤྱོད་ཀྱི་ལུགས་ཀྱང་ཏ་ཐཱ་ག་ཏ་རཀྵི་ཏས་རྟེན་བརྟེན་པ་དུས་གཅིག་ཏུ་སྐྱེད་པ་ལཱུ་ཨི་པ་ལྟར་བཤད་ལ། རྒྱུད་དོན་དུའང་འདུག་པས་དེ་ལྟར་བྱའོ། །འོན་ཀྱང་མངོན་བྱང་ལྔ་ལས་གཞལ་ཡས་ཁང་དང་གཞིའི་ཧེ་རུ་ཀ་ཡབ་ཡུམ་ཙམ་ཞིག་སྐྱེད་ཀྱི། ལུས་ལ་བཀོད་པའི་ལྷ་རྣམས་སྐྱེད་པ་ནི་མིན་ཏེ། དེ་དག་ནི་ཧེ་རུ་ཀར་བསྐྱེད་ཟིན་པའི་ལུས་ཀྱི་རྩ་དང་ཁམས་ལས་སྐྱེད་དགོས་པའི་ཕྱིར་རོ། །དྲིལ་བུ་པས་ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྐྱེད་པའི་འོག་ཏུ་གཞིའི་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་མདོག་སོགས་བཤད་པ་དང་མི་འགལ་ཏེ། དེ་ནི་སྔོན་དུ་ལཱུ་ཨི་པ་ལྟར་གཙོ་བོ་བསྐྱེད་ཟིན་པའི་གསལ་འདེབས་ཡིན་ལ། ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་ཡང་སྔར་བསྐྱེད་ཟིན་པའི་དཀྱིལ་འཁོར་གྱི་སྟེང་ནས་སླར་ཡང་སྒོམ་པ་ཡིན་པའི་ཕྱིར་རོ། །དེས་ན་སྔར་འབྱུང་བ་རིམ་རྩེག་རི་རབ་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པ་དེ་ཉིད་ཀྱི་རྒྱུན་ད་གཟོད་གཞལ་ཡས་ཁང་མ་བསྡུས་བར་དུ་འཇུག་པར་མོས་པའི་ལུགས་ཡིན་པས་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པའི་མཚམས་ནས་རང་གི་རིགས་འདྲ་སྔ་མ་དང་ལུས་ཀྱི་ཆ་རེ་ལ་བརྟེན་


JLD009_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིགས་འདྲ་ཕྱི་མ་སྐྱེས་པར་སྒོམ་པ་ཡིན་ནོ། །དེ་ཡང་རྐང་པ་གཉིས་བགྲད་པ་གཞུའི་དབྱིབས་སུ་ཡོད་པ་ཡོངས་སུ་གྱུར་པ་ལས་འབྱུང་བཞིའི་རླུང་གཞུའི་དབྱིབས་ཅན་དང༌། སུམ་མདོ་གྲུ་གསུམ་གྱི་གཟུགས་སུ་ཡོད་པ་ལས་མེ་དཀྱིལ་ཟུར་གསུམ་དང༌། ལྟོ་བ་ཟླུམ་པོའི་དབྱིབས་ཅན་ལས་ཆུ་དཀྱིལ་ཟླུམ་པོ་དང༌། སྙིང་ཁ་གྲུ་བཞི་ལས་ས་དཀྱིལ་གྲུ་བཞིར་གྱུར་པར་བསམས་ཏེ། སཾ་བྷུ་ཊ་ལས། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟོ་བར་རྣམ་པར་གནས། །སྙིང་ཁར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། ཞེས་གསུངས་ལ། དེའི་དོན་ལ་རིམ་གཉིས་ཀྱི་དབང་དུ་བྱས་ནས་བཤད་དགོས་པ་གཉིས་ལས། འདིར་ནི་བསྐྱེད་རིམ་པའི་ལུས་དཀྱིལ་གྱི་དབང་དུ་བྱས་པ་བཤད་དེ། དྲིལ་བུ་པས། རྐང་པ་སུམ་མདོ་ལྟེ་སྙིང་ཁ། །རླུང་དང་མེ་ཆུ་ས་ཡིན་ནོ། ཞེས་གསུངས་པ་ལྟར་རོ། །འདི་ལ་ནི་སྔར་བསྐྱེད་པ་ད་དུང་གནས་པའི་དཀྱིལ་འཁོར་བཞི། དེ་རྣམས་ཀྱི་དབྱིབས་ཅན་གྱི་ལུས་ཀྱི་ཆ་བཞི་ལས་སྐྱེད་པ་ཡིན་གྱི། རྐང་མཐིལ་གྱི་རླུང་དེར་སྐྱེད་པ་མིན་ནོ། །རྫོགས་རིམ་གྱི་སྐབས་ཡིན་ན་དཀྱིལ་འཁོར་བཞི་སྐྱེད་པ་མིན་ཏེ། འདི་ནི་འོག་མ་རྣམས་ལའང་ཤེས་པར་བྱས་ནས། རིམ་གཉིས་ཀྱི་དབང་དུ་མཛད་ནས་གསུངས་པ་གཉིས་སོ་སོར་ཕྱེད་པར་བྱའོ། །ཡང་དྲིལ་བུ་པས། སྒལ་ཚིགས་རི་རྒྱལ་དེ་བཞིན་ཏེ། ཞེས་གསུངས་པ་ཡང་རྒྱུད་དེའི་དོན་ནོ། །དེ་ནས་གཞལ་ཡས་ཁང་སྐྱེད་པ་ལ་རྡོ་རྗེ་ཕྲེང་བར། ལུས་ཀྱི་ཆ་དུ་མ་ཞིག་གཞལ་ཡས་ཁང་གི་ཆ་སོ་སོར་སྐྱེད་པར་


JLD009_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི་རྒྱས་པའི་ལུགས་ཡིན་ལ། འདིར་ནི་དཔེར་ན་བྷྲཱུཾ་ཡིག་གཅིག་པུ་ལས་ཕྱིའི་གཞལ་ཡས་ཁང་ཐམས་ཅད་སྐྱེད་པ་བཞིན་དུ་དྲིལ་བུ་པས། ལུས་ནི་མཉམ་པ་གྲུ་བཞི་པ། །རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ཀྱི་དཀྱིལ་འཁོར་ཉིད་དུ་འདོད། ཅེས་ལུས་མདོམ་གང་ཡན་མན་དང་ཕན་ཚུན་དུ་མཉམ་པ་ལས་ངོས་བཞི་མཉམ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྐྱེས་པ་དང་། ཕ་གུ་དང་དྲ་ཕྱེད་སོགས་ཀྱི་རྒྱན་གྱིས་རབ་ཏུ་མཛེས་པའི་ཧེ་རུ་ཀའི་རྟེན་གྱི་ལུས་དཀྱིལ་སྒོམ་པར་བཤད་པ་ནི་བསྡུས་པའོ། །གཞལ་ཡས་ཁང་སྐྱེད་པ་ནི་སཾ་བྷུ་ཊ་ལས། དངོས་པོ་ཀུན་གྱིས་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། ཞེས་པའི་དོན་ནོ། །ཡང་དེར། རང་གི་ཡན་ལག་བརྒྱད་བྱུང་ནས། །ཀ་བ་དེ་ཡིས་བསྐོར་ནས་གནས། ཞེས་གསུངས་པའི་ཡན་ལག་བརྒྱད་ནི། རྡོར་ཕྲེང་ལས། རྐང་བརྒྱད་ལ་གསུངས་པ་ལྟར་བྱ། མན་སྙེ་ལས། མགོ་རྐང་ལག་བཞི་སྙིང་ཁ་ལྟེ་བ་ཁ་བརྒྱད་ལ་བཤད་དོ། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཡི། །འཁོར་ལོ་གསུམ་ནི་གཅིག་ཏུ་གསུངས། ཞེས་པ་ནི་རང་གི་ལུས་ངག་ཡིད་གསུམ་ལས་འཁོར་ལོ་གསུམ་དུ་སྒོམ་པ་ཡིན་ཏེ། འདི་ལོ་ནག་ལྟ་བུ་ལ་དགོས་ཀྱི། བརྟེན་པ་ལ་ལུས་དཀྱིལ་གཅིག་པུ་སྒོམ་པ་ལ་མི་དགོས་སོ། །ཡང་དེར་རི་རབ་ཀྱི་སྟེང་གི་པད་འདབ་སྤྱི་བོའི་རྩ་སོ་གཉིས་དང༌། པདྨ་ལ་བཀོད་པའི་དབྱངས་གསལ་རྣམས་རྩ་འདབ་ནས་རྒྱུ་བའི་བྱང་སེམས་དང༌། དབྱངས་གསལ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་ནི་ཀླད་པ་དང༌། ལུས་ཀྱི་བརྟན་གཡོ་ཀུན་གྱི་རྩ་བ་ཧོཾ་ཡིག་ཏུ་བཤད་པ་ནི། མན་སྙེར་རྒྱུ་རྡོར་


JLD009_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཧཱུཾ་ཡིག་ཏུ་བཤད་པ་རྣམས་ནི། རྫོགས་རིམ་པའི་དབང་དུ་བྱས་པའི་ནང་བཤད་ཡིན་གྱི། བསྐྱེད་རིམ་པའི་རྟེན་གྱི་ལུས་དཀྱིལ་སྒོམ་དུས་མི་དགོས་ཏེ། དེའི་ཚེ་ན་དེ་རྣམས་མི་གནས་པའི་ཕྱིར་དང༌། དེ་སྒོམ་པ་ནི་དེ་དུས་ན་གནས་པའི་རྟེན་རྣམས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་སྒོ་བཤད་པ་རྣམས་ནི། ལུས་ཀྱི་ནང་བཤད་ཙམ་ཡིན་གྱི་འདིའི་སྐབས་ལ་མི་འབྱོར་བས་མི་དགོས་སོ། །བོད་ཁ་ཅིག་མིག་པཉྩ་རེ་ཁའི་རྩིག་པ་ཞེས་སོགས་འདོད་པ་ལ། མཁས་པ་དག་སྡོམ་པ་བཤད་པར། གོ་རིམ་བཞིན་དུ་ལུས་སྐྱེས་ནས། །རྡོ་རྗེ་ཕུར་བུ་ལྷན་ཅིག་སྐྱེས། །བཅིངས་པ་ཐིག་སྐུད་རབ་ཏུ་ལྡན། །ཤིན་ཏུ་མཚམས་མེད་བརྟན་པར་བཅིངས། །གུར་ནི་རུས་པའི་ཕྲེང་བ་ཉིད། ཅེས་པ་ཙམ་མ་གཏོགས་པ། གཞན་བདེ་མཆོག་གི་སྐོར་གང་ནའང་འདུག་པ་མ་མཐོང་ངོ༌། ཞེས་གསུང་བ་ནི་དེ་བཞིན་དུ་སྣང་སྟེ། བོད་ཀྱི་བཤད་པ་ལ་དེ་འདྲའི་རིགས་ཀྱི་ལུས་དཀྱིལ་སྒོམ་པ་ཀུན་བཏགས་མང་དུ་སྣང་ངོ༌། །གལ་ཏེ་ལུས་ཀྱི་ཆ་དེ་དག་རྟེན་དུ་བསྒོམས་ན། དེར་མ་འདུས་པའི་ལུས་མེད་པས་ལུས་བརྟེན་པའི་ལྷར་སྒོམ་རྒྱུ་མི་རྙེད་དོ་སྙམ་དུ་མི་གཟུང་སྟེ། དེ་ལྟ་ན་གཟུགས་ཕུང་རྣམ་སྣང་དུ་བསྒོམས་པའི་རྗེས་སུ་འབྱུང་བཞི་སྤྱན་སོགས་བཞི་དང་། དབང་པོ་གཟུགས་ཅན་རྣམས་ས་སྙིང་སོགས་སུ་དང༌། ཡུལ་ལྔ་གཟུགས་རྡོ་རྗེ་མ་ལ་སོགས་པར་སྒོམ་པ་ཡང་མི་འཐད་དེ། གཟུགས་ཕུང་དུ་མ་འདུས་པའི་འབྱུང་བཞི་སོགས་མེད་པའི་ཕྱིར་རོ། །དེས་ན་དོན་སྟེང་ན་ངོ་བོ་ཐ་དད་པ་མེད་ཀྱང་བློས་ཆ་དུ་མར་དབྱེར་ཡོད་པས་སོ་སོར་ཕྱེ་བ་དེ་རྣམས་རྟེན་དང་བརྟེན་པར་སྒོམ་པས་མི་འགལ་ལོ། །གཉིས་པ་ལ་གསུམ།


JLD009_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དཀྱིལ་གྱི་ལྷ་གང་ལ་འགོད་པའི་གཞི་དང་བཞུགས་གནས། གཞི་དེ་ལ་ལྷ་ཅི་ཙམ་ཞིག་འགོད་པ། ལུས་ཀྱི་གནས་གང་དུ་ལྷ་གང་འགོད་པ་དང་སྐྱེད་ཚུལ་ལོ། །དང་པོ་ནི། འདིར་ལུས་ཀྱི་དཀྱིལ་འཁོར་གང་ལ་འགོད་པའི་གཞི་ནི། འཁོར་གྱི་ལྷ་ནི་མིན་པར་ངེས་ལ་གཙོ་བོ་ཡབ་ཡུམ་གཉིས་ལ་ནི། མངོན་བརྗོད་ཀྱི་བཅུ་གཉིས་པ་དང༌། ཕག་མོ་མངོན་འབྱུང་དུ། གཙོ་བོ་ཕག་མོས་མཛད་པར་བསྐྱེད་པའི་ལུས་ལ། སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་རབ་གཏུམ་མ་ལ་སོགས་པ་ཉེར་བཞི་སྒོམ་པ་བཤད་ལ། དེ་ལ་བརྟེན་ནས་ཨུ་མ་པ་ཏི་ཏ་ཏྲས་མཛད་པའི་ཕག་མོའི་སྒྲུབ་ཐབས་སུ་སྙིང་བོའི་རྣལ་འབྱོར་མ་བཞི་དང༌། སྒོ་མཚམས་མ་བརྒྱད་ཀྱང་ལུས་ལ་བཀོད་པའི་ལུས་དཀྱིལ་བཤད་པས། ལུས་དཀྱིལ་འགོད་པའི་གཞི་ཧེ་རུ་ཀ་ཁོ་ནར་མ་ངེས་སོ། །འདི་ཡང་འབྱུང་བ་རིམ་རྩེག་རི་རབ་དང་བཅས་པ་དང༌། རྣམ་སྣང་ལས་བྱུང་བའི་གཞལ་ཡས་ཁང་གི་དབུས་སུ་ཟླ་བའི་སྟེང་དུ་དབྱངས་གསལ་དང༌། དེའི་དབུས་སུ་བཾ་ཡིག་ལས་ཕག་མོ་སྐྱེད་པ་དང༌། སྔོན་དུ་ཕྱི་དཀྱིལ་དང༌། དེའི་རྗེས་སུ་ལུས་དཀྱིལ་སྒོམ་པར་རྒྱུད་ལས་བཤད་དེ། གོ་རིམ་དེ་ནི་སྒྲུབ་ཐབས་ལས་ཀྱང་བཤད་དོ། །ལོ་ནག་དྲིལ་གསུམ་གྱིས་ནི། ཡབ་ཡུམ་གཉིས་ཡོད་ཀྱང་ཡབ་ལ་ལུས་དཀྱིལ་འགོད་ལ། དེ་ཡང་ལཱུ་ཨི་པའི་ལུགས་ཀྱིས་རྟེན་དང་བརྟེན་པ་གཉིས་ཀ་ཐུན་མོང་དུ་སྐྱེད་པའི་མངོན་བྱང་ལྔ་ལས་བསྐྱེད་པའི་ཧེ་རུ་ཀ་ལ་འགོད་དོ། །ནག་པོ་སྤྱོད་པས་ནི། རྒྱུ་རྡོར་འཛིན་ཡབ་ཡུམ་ཞུ་བའི་ཁུ་བ་ལས་བཞེངས་པའི་འབྲས་བུ་རྡོར་འཛིན་གྱི་ཧེ་རུ་ཀ་ལ་


JLD009_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འགོད། དྲིལ་བུ་བའི་གཞུང་དུ་གཞིའི་ཧེ་རུ་ཀ་འདི་ལྟར་སྐྱེད་ཀྱི་གསལ་ཁ་མེད་ལ། གསུམ་གས་ཀྱང་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་གསུངས་སོ། །ལོ་དྲིལ་གཉིས་ནི་ཡབ་འདྲ་ལ། ནག་པོ་པ་དང་ཅུང་མི་འདྲའོ། །དྲིལ་བུ་པའི་ལུགས་འདི་ལ་བོད་ཀྱི་བླ་མ་རྣམས། ཚོགས་ཞིང་གི་བཅོམ་ལྡན་འདས་རང་གིས་སྨིན་མཚམས་ནས་ཐིམ་པའི་རྐྱེན་གྱིས་ལུས་དཀྱིལ་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་སྐད་ཅིག་ལ་སྐྱེད་པར་བྱེད་དེ། འབྱུང་བཞི་རི་རིབ་རྣམས་རང་རང་གི་ས་བོན་དང༌། བྷྲཱུཾ་ཡིག་སོགས་ལས་གཞལ་ཡས་ཁང་སྐྱེད་པ་དང༌། མངོན་བྱང་ལྔ་ལ་སོགས་པ་ལས་གཞིའི་ཧེ་རུ་ཀ་བསྐྱེད་ན་ལུས་དཀྱིལ་དུ་མི་རིགས་སྙམ་དུ་བསམས་པ་འདྲ་ཞིང༌། སྒྲུབ་ཐབས་ལས། འོད་ཟེར་འཕྲོས་པས་སྔོན་གྲུབ་པ། །བསྐུལ་ནས་ཕྱག་འཚལ་རང་ལུས་གཞུག །ཅེས་ཚོགས་ཞིང་རང་ལ་གཞུག་པ་བཤད་ནས། སྐྱེད་ཆོག་ཟུར་པ་ཡང་མ་བསྟན་པས་སོ་སྙམ་པ་འདྲའོ། །དེ་ནི་ལེགས་པར་མ་མཐོང་སྟེ། རྒྱུད་གཉིས་དང་ལོ་ནག་ལ་སོགས་པའི་གཞུང་དུ་མ་ལས་ལུས་དཀྱིལ་བཤད་པ་ལ་ཡང་རྟེན་དང་བརྟེན་པའི་ཧེ་རུ་ཀ་སྔར་བཤད་པ་བཞིན་སྐྱེད་པར་བཤད་ཅིང༌། རང་ཉིད་ཀྱིས་ཀྱང་དེ་ལྟར་བྱས་པའི་ཕྱིར་དང༌། མདོར་བྱས་ལས་ཀྱང༌། བྷྲཱུཾ་ཡིག་ལས་གཞལ་ཡས་ཁང་སྐྱེད་པའི་དབུས་སུ་མངོན་བྱང་ལྔ་ལས་བསྐྱེད་པའི་དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་རྟེན་ལ་ལུས་དཀྱིལ་འགོད་པར་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་དག་ནི་ཕྱི་དཀྱིལ་དང་ལུས་དཀྱིལ་གཉིས་བསྒོམ་པའི་ལུགས་ཡིན་ལ། དྲིལ་བུ་པའི་འདི་ནི་ལུས་དཀྱིལ་རྐྱང་པ་སྒོམ་པ་


JLD009_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་མི་འདྲའོ་སྙམ་ན། དེ་ནི་ཤིན་ཏུ་ཡང་མི་འཐད་དེ། དེ་ལྟ་ཡིན་ན་མངོན་བརྗོད་ཀྱི་དགུ་པ་ལས་ཕྱི་དཀྱིལ་གྱི་ལྷ་སྒོམ་པ་མེད་པར་ལུས་དཀྱིལ་བཤད་པ་ལ་ཡང༌། དབྱངས་གསལ་དང་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པའི་རྡོར་སེམས་ལས། གཞིའི་ཧེ་རུ་ཀ་སྐྱེད་པར་བཤད་ལ། སྐྱེད་ཆོག་དེ་ཡང་མངོན་བྱང་ལྔ་སྐྱེད་ལ་བྱ་དགོས་པའི་ཕྱིར་དང༌། དེའི་གཞལ་ཡས་ཁང་ཡང་སྔར་བཤད་པའི་འགྲེལ་པའི་ལུགས་དེ་རྒྱུད་ཀྱིའང་དོན་དུ་སྣང་བའི་ཕྱིར་དང༌། ཚོགས་ཞིང་ཐིམ་པ་ལས་རྟེན་དང་བརྟེན་པ་སྐྱེད་པའི་སྐྱེད་ཆོག་བདེ་མཆོག་གི་རྒྱུད་དང༌། དེའི་འགྲེལ་པ་དང་རྒྱ་གཞུང་རྣམ་དག་གང་ནས་ཀྱང་མ་གསུངས་ཤིང༌། དངོས་སུ་མ་ཟིན་ཀྱང་དོན་ལ་ཐོབ་པའི་ཤེས་བྱེད་ཀྱང་ཅི་ཡང་མི་སྣང་བའི་ཕྱིར་རོ། །འོ་ན་དྲིལ་བུ་པའི་གཞུང་ཆུང་ལས། མཛོད་སྤུའི་གནས་ནས་རང་ལུས་གཞུག །ལུས་ལ་རྟེན་དང་བརྟེན་པ་ཡི། །འཁོར་ལོ་གསལ་གདབ་ཉེ་བར་དམིགས། ཞེས་གསུངས་པ་ཇི་ལྟར་དྲང་སྙམ་ན། གཞུང་དེས་ཚོགས་ཞིང་རང་ལ་བསྟིམས་པའི་རྗེས་སུ་ལུས་དཀྱིལ་གཉིས་གསལ་གདབ་པར་བཤད་ཀྱི། སྔ་མ་ཕྱི་མའི་སྐྱེད་ཆོག་ཏུ་མ་བསྟན་ལ། རྟེན་གྱི་དཀྱིལ་འཁོར་གསལ་གདབ་པ་ནི། སྔར་བསྐྱེད་ཟིན་པའི་སྟེང་ནས་སྔར་ལྟར་བྱེད་པ་ཡིན་ལ། བརྟེན་པའི་དཀྱིལ་འཁོར་ནི་འཁོར་ལོའི་བདག་པོ་གཙོ་བོ་ཡབ་ཡུམ་སྔར་བསྐྱེད་པ་ལ་ཟེར་བས་མི་གནོད་དོ། །གལ་ཏེ་ཚོགས་ཞིང་བསྟིམས་པ་སྐྱེད་ཆོག་མ་ཡིན་ཀྱང༌། དེའི་འོག་ཏུ་སྐད་ཅིག་གིས་རྟེན་དང་བརྟེན་པ་སྐྱེད་པ་ཡིན་ཏེ། དྲིལ་བུ་པས་ལྷན་སྐྱེས་ལ་བཤད་པ་དང་འདྲའོ་སྙམ་ན། དེ་ནི་བསྐྱེད་རིམ་སྔོན་དུ་བརྟན་པར་བྱས་


JLD009_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྫོགས་རིམ་སྒོམ་པའི་སྐབས་སུ་ཡིན་ལ། ལུས་དཀྱིལ་གྱི་བསྐྱེད་རིམ་སྒོམ་པ་འདི་ནི་རྒྱུད་སྨིན་པར་བྱེད་པའི་དོན་དུ་ཡིན་པའི་ཕྱིར་དང༌། སྡོམ་འབྱུང་ལས་དབང་པོ་རྟུལ་འབྲིང་གིས་བསྐྱེད་རིམ་རིམ་གྱིས་དང༌། རྣོན་པོས་སྐད་ཅིག་མ་གཅིག་ལ་བསྒོམ་པར་གསུངས་པའི་དགོངས་པ་ཡང༌། འགྲེལ་པས་གང་ཟག་གཅིག་ཉིད་ཀྱི་ལམ་གྱི་སྐབས་སྔ་ཕྱི་ལ་དབང་པོའི་རིམ་པས་བཞག་པ་ལ་བཤད་པ་ལྟར་ཡིན་ལ། རྣལ་འབྱོར་རྫོགས་ཕྲེང་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་ན་རྒྱུད་དེའི་དོན་ཡང་མིན་ནོ། །ལུས་དཀྱིལ་གྱི་སྒྲུབ་ཐབས་ལས་མ་བཤད་པ་ཁ་མི་སྐོང་ན་ནི། ཁྱེད་རང་གི་ལུགས་དང་ཡང་འགལ་ལ། མངོན་རྟོགས་དང་དབང་ཆོག་གི་སྐབས་སུ་ངེས་པར་བྱ་དགོས་པ་དུ་མ་ཞིག་གཞག་དགོས་པར་འགྱུར་རོ། །མཱ་ན་ཀ་ཤྲཱིའི་དཔའ་བོ་གཅིག་པའི་སྒྲུབ་ཐབས་སུ་གཞལ་ཡས་ཁང་མེད་པར་དུར་ཁྲོད་བསྲུང་འཁོར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་མངོན་བྱང་ལྔ་ལས། ཞལ་གཅིག་ཕྱག་གཉིས་པའི་ཡབ་ཡུམ་བསྐྱེད་པའི་ཡབ་ཀྱི་སྐུ་ལ་ལུས་དཀྱིལ་འགོད་པ་ཡང་དྲིལ་བུ་པའི་ལུགས་ལ་བརྟེན་པར་སྣང་ལ། དེས་ནི་ལུས་འབྱུང་བ་རིམ་རྩེག་རི་རབ་དང་བཅས་པའི་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་གསལ་བར་གསུངས་པ་དང༌། གཞིའི་ཧེ་རུ་ཀ་དང་ཡང་མི་མཐུན་པས་བློ་ལེགས་པར་བྱང་བའི་མཚམས་ནས་དེ་ལྟར་བྱེད་ན་མི་རུང་བ་ཆེར་མེད་ཀྱང་ཐོག་མ་ནས་སྒོམ་པ་ལ་ཅུང་མི་ལེགས་སམ་སྙམ་མོ། །གཉིས་པ་ནི། དེ་དག་གིས་ནི་བརྟེན་པའི་ལུས་དཀྱིལ་གང་ལ་འགོད་པའི་ལྷ་དང༌། དེ་བཞུགས་པའི་གཞི་གཞལ་ཡས་ཁང་དང༌། དེ་དག་གི་སྐྱེད་ཆོག་


JLD009_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། ད་ནི་ལུས་ལ་ཅི་ཙམ་འགོད་པ་སོགས་བཤད་པར་བྱ་སྟེ། ལོ་ནག་དྲིལ་གསུམ་གྱི་ནང་ནས་དྲིལ་བུ་པའི་གཞུང་ལུས་དཀྱིལ་རྒྱས་ལ། དེའི་གཞུང་ཆེ་བར་ཕག་མོ་མ་གཏོགས་པ་དྲུག་ཅུ་རྩ་གཅིག་བཤད་ཅིང༌། གཞུང་ཆུང་དུ་གྲགས་པར་རེ་གཉིས་ཚང་བར་བཤད་དོ། །ལཱུ་ཨི་པས་ལུས་དཀྱིལ་སྒོམ་པའི་སྐབས་སུ་ལུས་ཀྱི་གནས་ཉེར་བཞིར་རབ་གཏུམ་སོགས་ཉེར་བཞི་སྒོམ་པར་བཤད་ཅིང༌། གཏོར་མ་ཕུལ་བའི་རྗེས་ཀྱི་དག་པ་དྲན་པའི་སྐབས་སུ་སེན་མོ་དང་སོ་དག་ལ་ཁཎྜ་ཀ་པཱ་ལའོ། ཞེས་སོགས་ཀྱིས་ལུས་ཀྱི་ཆ་ཉེར་བཞི་དཔའ་བོ་ཉེར་བཞིར་བཤད་ནས་ལྷག་མ་བཅུ་བཞི་ལུས་ལ་དགོད་པ་མ་གསུངས་སོ། །ལྭ་བ་པས་ལུས་དཀྱིལ་སྒོམ་པའི་སྐབས་སུ་རྣལ་འབྱོར་མ་གཞན་བཅུ་གཉིས་དང་གཙོ་བོ་ཡབ་ཡུམ་ལུས་ལ་འགོད་པར་བཤད་ཅིང་ཡོངས་སུ་རྫོགས་པའི་ལུས་ཀྱི་དཀྱིལ་འཁོར་དུ་ཡང་དང་ཡང་དུ་མོས་པར་བྱའོ་ཞེས་གསུངས་ཤིང༌། པྲཛྙཱ་རཀྵི་ཏས་ཀྱང་དེ་བཞིན་དུ་བཤད་ལ། ལུས་དཀྱིལ་ཡོངས་རྫོགས་སྒོམ་པར་བཤད་པས། ཐོད་པའི་དུམ་བུ་སོགས་གསལ་བར་མ་སྨོས་ཀྱང༌། དེ་དག་ཀྱང་འགོད་པ་དགོངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་རྡོ་རྗེས་ཀྱང་ཚང་བའི་ལུས་དཀྱིལ་སྒོམ་པར་བཤད་པས་སྔ་མ་གཉིས་དང་འདྲའོ། །འཁྲུལ་སྤོང་ལས་བཟླས་པ་ཟིན་པའི་འོག་ཏུ་ལྷ་རེ་གཉིས་ལུས་ལ་མོས་པ་དང༌། དེ་ཡང་ལུས་དཀྱིལ་དུ་བཤད་དེ། རྣམ་དག་དང་འདྲ་བ་ཅིག་མ་གཏོགས་པ་ལུས་དཀྱིལ་དངོས་སུ་ཅུང་མི་འགྲོ་བ་ཅིག་སྟེ། སྤྱིར་ལུས་དཀྱིལ་དང་རྣམ་དག་ཙམ་དུ་སོང་བ་གཉིས་ཀྱི་ཁྱད་པར་ལེགས་པར་ཕྱེད་དགོས་


JLD009_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་བཤད་པ་རྣམས་ལས་ལྭ་བ་པས། རྣལ་འབྱོར་དབང་ཕྱུག་གི་དགོངས་པ་བཤད་པ་ལྟར་བྱ་དགོས་སོ། །ལྭ་བ་པས་ཁ་བསྐངས་ནས་ལུས་དཀྱིལ་རྫོགས་པར་བཤད་པ་འདི་ནི། ཀུན་སྤྱོད་ཀྱི་དགོངས་པར་སྣང་སྟེ། དེའི་ལྔ་པ་ལས། ཇི་ལྟར་ནང་གི་བདག་ཉིད་ཤེས། །ཕྱི་ཡི་དཀྱིལ་འཁོར་དམ་པ་ཡིན། །རྣམ་དགོད་ཇི་ལྟར་སྦྱར་བའོ། །སྙིང་བོ་ཐམས་ཅད་བསྡུས་པ་སྟེ། ཞེས་ཕྱི་དཀྱིལ་ལ་ལྷ་ཇི་ལྟར་བཀོད་པ་”དེ་ལྟར་ནང25་ལུས་ལ་འགོད་པ་གཉིས་སྦྱར་བ་ནི། བསྐྱེད་རིམ་གྱི་རྣལ་འབྱོར་སྒོམ་པའི་སྙིང་པོ་བསྡུས་པར་གསུངས་ཤིང༌། དེ་ནས་འབྱུང་བཞི་རི་རབ་དང་བཅས་པ་བསྐྱེད་པའི་མཐར་དབུས་སུ་གཙོ་བོ་དང་བཅས་པའི་བདེ་ཆེན་གྱི་འཁོར་ལོ་དང༌། དེ་ནས་ཡུལ་ཉེར་བཞིར་འཁོར་ལོ་གསུམ་གྱི་ལྷ་ཞེ་བརྒྱད་དང༌། དེ་ནས་ཁྭ་གདོང་མ་སོགས་བཞི་ཕྱོགས་སུ་དང༌། གཤིན་རྗེ་བརྟན་མ་སོགས་བཞི་མཚམས་སུ་དགོད་པར་བཤད་མ་ཐག །དེ་ལྟར་ཕྱི་དང་ནང་གི་བདག་ཉིད་ཇི་སྲིད་དུ་གཉིས་སུ་མེད་པ་མྱ་ངན་ལས་འདས་པའི་སྤྱོད་ཡུལ་དུ་མ་གྱུར་པའི་བར་དུ་དམིགས་པར་བྱའོ། ཞེས་སྔར་བཤད་པའི་ལྷ་ཕྱི་ནང་གཉིས་ཀ་བསྒོམ་པར་བྱ། ཞེས་གསུངས་པས་གསལ་བར་བསྟན་ལ། ལཱུ་ཨི་པའི་ལུགས་འདི་ལ་ཡང་ཀུན་སྤྱོད་ལ་བརྟེན་པ་མང་དུ་སྣང་བས་དེ་ལྟར་ཤེས་སོ། །དེས་ན་རྡོ་རྗེ་མཁའ་འགྲོ་དང་མངོན་བརྗོད་ཀྱི་བཅུ་བཞི་པ་གཉིས་སུ་ལུས་དཀྱིལ་གྱི་ལྷ་ཞེ་བརྒྱད་བཤད་པ་རྣམས་ལ་ཡང་ལྷག་མ་ཁ་སྐོང་བར་རིགས་སོ། །དེའི་ཕྱིར་ནག་པོ་སྤྱོད་པའི་ལུགས་ལ་ཡང༌། ལུས་དཀྱིལ་ལ་དངོས་སུ་སྨོས་པ་ཞེ་བརྒྱད་ལས་མེད་ཀྱང་ལྷ་ལྷག་མ་ཁ་སྐོང་བར་


JLD009_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སོ། །འོ་ན་བརྟེན་པའི་ལུས་དཀྱིལ་ལ་ལྷ་དུ་ཞིག་སྒོམ་སྙམ་ན། ཕག་མོ་ལ་ནི་འཁོར་གྱི་ལྷ་སོ་དྲུག་མ་གཏོགས་པ་ཕག་མོ་དགོད་པ་མ་བཤད་ལ། མངོན་བརྗོད་ཀྱི་དགུ་པ་ལས་ཀྱང༌། ཞལ་བཞི་ཕྱག་བཅུ་གཉིས་པ་གཙོ་བོ་ཡབ་ཡུམ་བསྐྱེད་པའི་ཧེ་རུ་ཀ་ལ། འཁོར་གྱི་ལྷ་དྲུག་ཅུ་བཀོད་པ་མ་གཏོགས་པ། ཧེ་རུ་ཀ་ཡབ་ཡུམ་མ་བཀོད་ཅིང༌། དེ་ལ་བརྟེན་ནས་སྒྲུབ་ཐབས་མཛད་པ་སྦྱང་དཀའ་ཟླ་བས་ཀྱང་དེ་ཁོ་ན་བཞིན་དུ་བྱས་སོ། །འོན་ཀྱང་ལྭ་བ་པས་གཙོ་བོ་ཡབ་ཡུམ་འགོད་པའི་གནས་མན་ངག་ལས་ཤེས་པར་བྱ་བར་གསུངས་ཏེ། གནས་སུ་མ་ཟད་ལྷ་དེ་གཉིས་འགོད་པ་ཡང་མན་ངག་ལ་བརྟེན་ནས་ཤེས་དགོས་སོ། །གསུམ་པ་ལུས་ཀྱི་གནས་གང་དུ་ལྷ་གང་འགོད་པ་དང་སྐྱེད་ཚུལ་ལ་ལྔ། འཁོར་ལོ་གསུམ་གྱི་ལྷ་ཞེ་བརྒྱད་གང་དུ་འགོད་ཅིང་སྐྱེད་པ་དང༌། སྙིང་པོའི་རྣལ་འབྱོར་མ་བཞི་གང་དུ་འགོད་ཅིང་བསྐྱེད་པ་དང༌། སྒོ་མཚམས་མ་བརྒྱད་གང་དུ་འགོད་ཅིང་བསྐྱེད་པ་དང༌། གཙོ་བོ་ཡབ་ཡུམ་གང་དུ་འགོད་ཅིང་བསྐྱེད་པ་དང༌། ལྷ་ཞེ་བརྒྱད་ས་བོན་ལས་སྐྱེད་དགོས་མི་དགོས་དཔྱད་པའོ། །དང་པོ་ནི། འཁོར་ལོ་གསུམ་གྱི་ལྷ་ཞེ་བརྒྱད་ནི་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་འགོད་པ་རྒྱུད་ནས་ཡང་ཡང་གསུངས་པ་ལྟར། ཁུངས་ཐུབ་རྣམས་ཀྱིས་ཀྱང་མང་དུ་བཤད་པས་གོ་སླ་ལ། མ་མོ་བཅུ་གཉིས་གང་དུ་འགོད་པ་ལ། མངོན་བརྗོད་ཀྱི་དགུ་པ་ལས། མཁའ་འགྲོ་མ་ནི་གཡས་ཀྱི་དང་པོའི་རྡོ་རྗེ་དང༌། ལཱ་མ་ནི་གཡོན་གྱི་དྲིལ་བུ་དང༌། དུམ་སྐྱེས་མ་དང་གཟུགས་ཅན་མ་གཉིས་ནི། གླང་ལྤགས་འཛིན་པའི་ཁུ་ཚུར་གཉིས་དང༌། ཁྭ་གདོང་


JLD009_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་སོགས་པ་བཞི་ནི། གཡས་ཀྱི་ཕྱག་མཚན་ལྷག་མ་བཞི་དང༌། གཤིན་རྗེ་བརྟན་མ་སོགས་བཞི་ནི། གཡོན་གྱི་ཕྱག་མཚན་ལྷག་མ་བཞིར་བཤད་དེ། ཕྱག་གང་གིས་ཕྱག་མཚན་གང་འཛིན་པ་སོགས་ལོ་དྲིལ་དང་མི་མཐུན་པ་ཤས་ཆེའོ། །ཡང་དེར་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་ནི། ཞལ་བཞིའི་ངོ་བོ་ཞེས་གསུངས་པས། ཐོད་པ་བཞི་ཡང་ལུས་ལ་འགོད་དགོས་ལ། ལུས་དཀྱིལ་དུ་འགྲོ་བ་ལ་ཧེ་རུ་ཀའི་ཞལ་བཞི་སྣོད་བཞིའི་ངོ་བོར་མོས་པ་ཙམ་བྱེད་པ་ལ་བྱས་ན་ཕྱི་དཀྱིལ་གྱི་ལྷ་རྣམས་ཀྱང་གཙོ་བོ་ཉིད་ཀྱི་ངོ་བོར་མོས་པ་སྔགས་གསུམ་གྱིས་ང་རྒྱལ་འཛིན་པ་སོགས་ཀྱིས་བཤད་པས་དེ་རྣམས་ཀྱང་ལུས་དཀྱིལ་དུ་འགྱུར་རོ། །དེས་ན་ལུས་ཀྱི་ཆ་དེ་དང་དེ་ལས་ལྷ་དེ་དང་དེར་བསྐྱེད་ནས་རང་གི་ལུས་ལ་བཀོད་པ་ཅིག་དགོས་ཀྱི། ལུས་ལ་ལྷ་བཀོད་ཙམ་ལ་བྱེད་པ་མིན་ནོ། །དེས་ན་དུམ་སྐྱེས་མ་དང་གཟུགས་ཅན་མ་གཉིས་ཁུ་ཚུར་གཉིས་སུ་བཤད་པ་ནི། ལྷག་མ་བཅུ་ལ་ཡང་མཚུངས་ལ། དེའི་ཚུལ་ཡང་ཕྱག་མཚན་དང་ངོ་བོ་དབྱེར་མེད་པའི་ཕྱག་མགོ་བཅུ་གཉིས་ལས་དེ་རྣམས་བསྐྱེད་ནས་གནས་ཀྱང་ཕྱག་མགོའི་ནང་དུ་གཟུགས་བརྙན་ཤར་བ་བཞིན་བྱེད་དེ། དེ་ནི་ཐོད་པ་བཞི་ལ་ཡང་ཤེས་པར་བྱའོ། །ལྷ་ཞེ་བརྒྱད་ནི་གནས་ཉེར་བཞིར་སྒོམ་པ་ཙམ་མ་གཏོགས་པ་རྩ་དང་ཁམས་ལས་སྐྱེད་པ་མངོན་བརྗོད་དུ་མ་བྱུང་ཞིང༌། དགུ་པའི་ལུས་དཀྱིལ་ཡང་དྲིལ་བུ་ཞབས་དང༌། ལྭ་བ་པ་སོགས་ཀྱིས་བཤད་པ་དང་མི་འདྲ་བར་སྣང་བས། སྔ་མའི་རིགས་པ་སྤྱར་ནས་གནས་ཉེར་བཞིའི་ལུས་ཀྱི་ཆ་རགས་པ་རེ་ཡོངས་སུ་གྱུར་པ་ལས་ལྷ་རྣམས་སུ་སྐྱེད་པ་ཡིན་ནམ་བརྟག་གོ །སྔར་བཤད་པའི་རྒྱུ་མཚན་དེས་དགུ་པའི་


JLD009_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དཀྱིལ་གྱི་སྐབས་སུ་སའི་ཁམས་ལྟུང་བྱེད་མ་ཞེས་སོགས་ལུས་ལ་ལྷ་ཉི་ཤུ་འགོད་པར་གསུངས་པ་ནི། ཕུང་སོགས་བྱིན་རློབ་ཀྱི་ལྷ་ཡིན་གྱི་ལུས་དཀྱིལ་མིན་པར་ཤེར་པར་བྱའོ། །མངོན་བརྗོད་དང་ཀུན་སྤྱོད་སོགས་སུ་རྣལ་འབྱོར་མ་ཉེར་བཞི་རྩར་མ་བཤད་ཀྱང༌། རྡོ་རྗེ་མཁའ་འགྲོར། ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། །གནས་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ནི་ཡང་དག་བཤད། །ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །རྩ་ཡི་གཟུགས་ཀྱིས་གནས་སོ་ཞེས། ཞེས་ཡུལ་ཉེར་བཞིའི་རབ་གཏུམ་མ་ལ་སོགས་པའི་བུ་མོ་རྣམས་ནང་གི་ཡུལ་ཉེར་བཞིའི་རྩའི་གཟུགས་ཀྱིས་གནས་པར་བཤད་ལ། དཔའ་བོ་ཉེར་བཞི་རྩ་ནང་གི་ཁམས་སུ་བཤད་པ་མ་བྱུང་ངོ་། །མགོ་བོ་པུལླི་ར་མ་ལ་ཡ་ནས་པུས་མོ་ཀུ་ལུ་ཏ་ཞེས་འོག་ནས་འབྱུང་བའི་གནས་ཉེར་བཞིར་ཀྱཻ་རྡོར་དང་སཾ་བྷུ་ཊ་ནས་འབྱུང་བའི་རྩ་སོ་གཉིས་ལ། རོ་རྐྱང་དྷཱུ་ཏཱི་གསུམ་དང་སུམ་སྐོར་མ་སོགས་ལྔ་སྟེ། བརྒྱད་དོར་བའི་ལྷག་མ་མི་ཕྱེད་མ་ལ་སོགས་པའི་རྩ་གང་ན་གནས་པ་དང༌། དེ་ནས་གང་འབབ་པ་ནི་སཾ་བྷུ་ཊ་ལས། པུལླི་རར་ནི་མི་ཕྱེད་མ། །སོ་དང་སེན་མོ་འབབ་པར་བརྗོད། །འབར་བ་འཛིན་པར་ཕྲ་གཟུགས་མ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །ཨུ་རྒྱན་གནས་ནི་ཆེན་པོ་ལ། །རྩེ་བ་མ་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་ནས་ནི། །པགས་པ་དྲི་མ་འབབ་པར་གནས། །ཨར་བུ་ཏར་ནི་གཡོན་པ་མ། །མཁའ་འགྲོ་མ་ནི་ཤ་འབབ་མ། །གང་ཞིག་ཆུ་རྒྱུས་འབབ་པའི་རྩ། །བ་ཡི་མཆོག་སྦྱིན་རྣམ་


JLD009_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས། །དེ་ནི་སྲ་བའི་ཚུལ་གྱིས་གནས། །ཐུང་དུ་མ་ནི་རྣམ་པར་བཤད། །གང་ཞིག་དགའ་བའི་དབང་ཕྱུག་གནས། །དེ་བཞིན་རུས་སྦལ་སྐྱེས་མར་གྲགས། །སྲ་བའི་དངོས་པོས་གནས་པའི་ཕྱིར། །རུས་པའི་འཕྲེང་བ་འཁྲུགས་པར་གནས། །ལྷ་མོའི་མཁར་དུ་གང་ཞིག་རྩ། །འཇམ་པ་སྒོམ་པ་མ་རུ་བརྗོད། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཐམས་ཅད་ལུས་ལ་ལྷག་པར་གནས། །མཱ་ལཱ་ཝར་ནི་དབང་མ་ཉིད། །རྒྱལ་བའི་དབང་ཕྱུག་ཉིད་ལ་གནས། །རྩ་ནི་གང་ཞིག་མི་འབབ་པ། །འདོད་པའི་གཟུགས་སུ་རྣམ་པར་གནས། །གཟུགས་ནི་མཐོང་བར་འདོད་པ་སྟེ། །སྐྱོན་ལྡན་མ་ཞེས་རྣམ་པར་བཤད། །ཨོ་ཏྲེར་མཁྲིས་པ་འབབ་པའི་རྩ། །གང་ཞིག་འཇུག་མ་མཚན་མོར་བརྗོད། །ཏྲི་ཤ་ཀུ་ནེར་བྱུང་བ་ནི། །མ་མོ་ངེས་པར་གློ་བར་བཅས། །ཀོ་ཤ་ལར་ནི་མཚན་མོ་ཉིད། །རྒྱུ་མའི་ཕྲེང་བཟང་ཁྱབ་ཅིང་འབབ། །ཀ་ལིངྐར་ནི་བསིལ་སྦྱིན་མ། །ངོས་ཀྱི་ཆུ་རྒྱུས་ཡང་དག་བཤད། །ཚ་བ་མ་ནི་ལྟོ་གནས་ངེས། །ལམ་པ་ཀར་ནི་རབ་ཏུ་གྲགས། །ཚད་མ་ཉིད་ནི་ཀཉྩིར་གནས། །ཐམས་ཅད་དུ་ནི་བཤང་བ་འབབ། །མཚམས་ཀྱི་མཐའ་ཡི་ནང་དུ་ཡང༌། །ཁ་བའི་གནས་སུ་རངས་པའི་གདོང༌། །ཤིན་ཏུ་གཟུགས་ཅན་པད་ཀན་ལྡན། །ཡི་དྭགས་ལྷག་གནས་ཡང་དག་གནས། །གང་ཞིག་རྟག་ཏུ་རྣག་འབབ་པ། །ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །སྤྱི་མ་ཉིད་དུ་རྣམ་པར་བཤད། །སཽ་རཥྚར་ནི་གང་ཞིག་རྩ། །རྒྱུ་སྦྱིན་མ་དེ་དམར་པོ་འབབ། །རྡུལ་ནི་འབབ་པར་གྱུར་པ་ནི། །གསེར་གླིང་དུ་ནི་ཡང་དག་བཤད། །ཡན་ལག་གཟི་བརྗིད་ཀུན་ཁྱབ་མ། །སྦྱོར་བྲལ་མར་ནི་རབ་ཏུ་གྲགས། །ན་ག་


JLD009_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རར་ནི་སྡུ་གུ་མ། །ཚིལ་ཅན་སྦོམ་ཞིང་མྱོས་བྱེད་འབབ། །སིནྡྷུར་ཤིན་ཏུ་གྲུབ་པ་ཉིད། །མྱ་ངམ་མཆི་མ་འབབ་པར་བརྗོད། །མ་རུར་གནས་ནས་ལུང་སྐམ་འབབ། །འཚེད་པ་མ་ཞེས་རྣམ་པར་བསྟན། །ཀུ་ལུ་ཏར་ནི་ཡིད་བཟང་མ། །བྱིས་པའི་སྣབས་ནི་འབབ་པ་མོ། ཞེས་གསལ་བར་གསུངས་སོ། །དེ་ཡང་རུས་པའི་ཕྲེང་བ་འཁྲུགས། ཞེས་པ་ནི་སྡོམ་འབྱུང་ལས། སྨིན་དབུས་ཀྱི་རྩ་ནས་རུས་པ་འབབ་པར་བཤད་པ་ལྟར་རོ། །ཀུན་སྤྱོད་སོགས་རྒྱུད་བཞི་ལས་མཆིན་པ་ཞེས་པ་ལ། མངོན་བརྗོད་དུ་མཁའ་མ་ཞེས་ཟེར་རོ། །སྙིང་ལ་གནས་ནི་གནས་དེའི་རྩ་ནས་སྙིང་འབབ་པར་སྡོམ་འབྱུང་ལས་གསུངས་པ་ལྟར་རོ། །གློ་བར་བཅས་ཀྱང་སྡོམ་འབྱུང་ལས་གློ་བ་འབབ་པར་བཤད་པ་ལྟར་རོ། །ངོས་ཀྱི་ཆུ་རྒྱུས་ནི་སྡོམ་འབྱུང་ལས་གཉེ་མ་འབབ་པར་བཤད་དེ། ཀུན་སྤྱོད་དང་མངོན་བརྗོད་ཀྱིའང་དགོངས་པའོ། །རྡོ་རྗེ་མཁའ་འགྲོ་ལས་རྩིབ་ལོགས་ཀྱི་སྣལ་མ་འབབ་པར་བཤད་དོ། །ལྟོ་གནས་ནི་སྡོམ་འབྱུང་ལས་ལྟོ་བ་འབབ་པར་བཤད་དེ། རྒྱུད་གཞན་གསུམ་དང་ཡང་མཐུན་ནོ། །གྲོད་པ་ཞེས་ཀྱང་འབྱུང་སྟེ་འདྲའོ། །ཚད་མ་ནི་གཞོལ་མ་སྟེ་རྩ་དེ་ནས་བཤད་པ་འབབ་པར་སྡོམ་འབྱུག་ལས་ཀྱང་གསུངས་ལ། ཀུན་སྤྱོད་དང་རྡོ་རྗེ་མཁའ་འགྲོ་དང་ཡང་མཐུན་ནོ། །མངོན་བརྗོད་ལས་ལྒང་བཞེས་དང༌། ལཱུ་ཨི་པར་ཆུ་སོ་ཞེས་སོ། །མཚམས་མཐའི་ནང་ཞེས་པ་ནི་སྡོམ་འབྱུང་ལས། མཚོགས་མའི་མཚམས་ནི་འབབ་པའི་རྩ། ཞེས་གསུངས་པ་ལྟར་རོ། །ཆག་འགྱུར་སོགས་ལས་འདོམས་པར་ཞེས་འབྱུང་ཡང༌། མར་དོའི་འགྱུར་ལས་མཚམས་


JLD009_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཞེས་འབྱུང་བ་ལེགས་ཏེ། ཀུན་སྤྱོད་དང་རྡོ་རྗེ་མཁའ་འགྲོ་ལས་མཚོགས་མའི་སྲུབས་དང༌། མངོན་བརྗོད་ལས་སྐྲ་མཐའ་ཞེས་པ་དང་དོན་འདྲ་ཞིང་སྔར་བཤད་པའི་རྒྱུད་གསུམ་གྱིའང་དོན་ནོ། །དམར་པོ་འབབ་པ་ནི་སྡོམ་འབྱུང་ལས་ཁྲག་འབབ་པར་བཤད་པ་ལྟར་ཏེ། ཀུན་སྤྱོད་དང་མངོན་བརྗོད་དང་རྡོ་རྗེ་མཁའ་འགྲོ་དང་ཡང་མཐུན་ནོ། །མཆི་མ་དང་མཆིལ་མ་ཞེས་སྡོམ་འབྱུང་སོགས་མང་པོ་ལས་གསུངས་པས། ལཱུ་ཨི་པ་ལ་ཡང་མི་མཐུན་པ་སྣང་ཡང་ཆག་འགྱུར་ལས་སྔ་མ་བཞིན་འབྱུང་བ་དག་གོ །ཕྱི་མ་ལ་ལུད་སྐམ་འབབ་པར་སཾ་བྷུ་ཊ་ལས་སོ། །ཐ་མ་ལ་སྣབས་ཞེས་ཀུན་སྤྱོད་དང་མངོན་བརྗོད་ལས་ཀྱང་འབྱུང་ལ། སྡོམ་འབྱུང་ལས་སྣ་ཆུ་འབབ་པར་ཡང་གསུངས་སོ། །བྱིས་པའི་སྣབས་ཞེས་པ་ནི་མཚོན་པ་ཙམ་མོ། །རྣམ་དག་གི་སྐབས་སུ་སོ་དང་སེན་མོ་སོགས་དཔའ་བོར་བཤད་པ་ལྟར་མི་འགལ་ཡང༌། ལུས་དཀྱིལ་གྱི་སྐབས་སུ་ནི་རྩ་དེ་དག་ནས་སོ་དང་སེན་མོ་སོགས་སྐྱེད་པའི་ཁམས་འབབ་པ་ལས་དཔའ་བོ་རྣམས་བསྐྱེད་པར་བྱ་དགོས་ཏེ། རྩ་ལས་རྣལ་འབྱོར་མ་སྐྱེད་པའི་རིགས་པས་སོ། །དེ་གཉིས་ཀྱང་རྣམ་པ་ཐམས་ཅད་དུ་ངེས་པ་ནི་མིན་ཏེ། མངོན་བརྗོད་ཀྱི་བཅུ་གཉིས་པ་དང་ཕག་མོ་མངོན་འབྱུང་དུ་སོ་དང་སེན་མོ་སོགས་དཔའ་མོ་ཉེར་བཞིར་ཡང་བཤད་པའི་ཕྱིར་རོ། །རྒྱུད་དེ་རྣམས་ཀྱི་དོན་ནི་དྲིལ་བུ་ཞབས་ཀྱིས། འདི་དག་གནས་སུ་རྣལ་འབྱོར་མ། །རྩ་ཡིན་དཔའ་བོ་ཉི་ཤུ་བཞི། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། ཞེས་གསུངས་པའི་དོན་ནོ། །གཉིས་པ་ནི། སྙིང་པོའི་རྣལ་འབྱོར་མ་བཞི་འགོད་པའི་གནས་ལ། ལྭ་བ་པས། སྙིང་ཁར་གནས་པའི་འབྱུང་བ་བཞིའི་རང་བཞིན་


JLD009_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྩ་བཞི་མཁའ་འགྲོ་མ་ལ་སོགས་པ་བཞིར་བཤད་པ་དང༌། སྙིང་ཁ་དང་འགྲིན་པ་དང་ལྟེ་བ་དང་དཔྲལ་བའི་པདྨའི་ལྟེ་བར་དེ་བཞི་འགོད་པའི་ཚུལ་གཉིས་བཤད་པའི་དང་པོ་ནི། སཾ་བྷུ་ཊ་ལས། འདབ་མ་རྣམས་ཀྱི་བཞི་ལ་ཡང༌། །འབྱུང་བ་བཞི་ཡི་རང་བཞིན་རྩ། །མར་མེའི་རང་བཞིན་ལྟ་བུ་ནི། །ཕྱོགས་བཞི་ལ་ནི་རྣམ་པར་གནས། ཞེས་སྙིང་ཁ་ཆོས་འཁོར་གྱི་ཕྱོགས་ཀྱི་རྩ་བཞི་འབྱུང་བཞིའི་རྩ་དང༌། སྙིང་ཁའི་དབུས་ཀྱི་ཧཱུཾ་ཡིག་ཧེ་རུ་ཀར་གསུངས་པ་དང༌། མཁའ་འགྲོ་མ་སོགས་བཞི་སྦྱན་སོགས་བཞི་ཡིན་ལ། དེ་ཡང་འབྱུང་བ་བཞིར་བཤད་པ་ལ་བརྟེན་ནས་མཛད་པའོ། །འདི་ནི་དཔྱིད་ཐིག་ལས། ཕྱོགས་ནི་རྣམ་པ་བཞིར་གནས་པའི། །འདབ་མ་དག་ནི་རྣམ་པ་བཞི། །འབྱུང་བ་ཆེན་པོའི་རྩ་བཞི་སྟེ། །སེམས་ཀྱི་རྡོ་རྗེའི་གོ་འཕང་གནས། །མཁའ་འགྲོ་དེ་བཞིན་ལཱ་མ་དང༌། །དུམ་སྐྱེས་མ་དང་གཟུགས་ཅན་མའོ། ཞེས་པ་དང་ཡང་མཐུན་ནོ། །ཇོ་བོ་ཆེན་པོ་དང་འཁྲུལ་སྤོང་དང་པྲཛྙཱ་རཀྵི་ཏས་ནི་རྩ་འཁོར་བཞིའི་ལྟེ་བར་རྣལ་འབྱོར་མ་བཞི་དགོད་པ་མཛད་དོ། །དྲིལ་བུ་ཞབས་ཀྱི་སྒྲུབ་ཐབས་ལས། མཆོད་པ་བཞི་ཡི་རང་བཞིན་རྩ། །ཕྱོགས་བྲལ་བདེ་ཆེན་འཁོར་ལོ་སྟེ། །ལཾ་མཾ་པཾ་ཏཾ་ཞེས་འབྱུང་། གཞུང་ཁ་ཅིག་ལས། མཆོད་པ་བཞི་ནི་རང་བཞིན་རྩ། ཞེས་ཀྱང་འབྱུང་ངོ༌། །སཾ་བྷུ་ཊ་ལས། རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པའང༌། །བདུད་རྩི་ལྔ་ནི་འབབ་པ་སྟེ། །དེ་མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞི་ནི་རྣམ་པར་བཤད། ཅེས་


JLD009_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁའི་མཚམས་ཀྱི་རྩ་བཞི་མཆོད་པ་བཞིའི་རྩར་བཤད་ལ། རྣལ་འབྱོར་མ་བཞི་སྔར་བཤད་པ་ལྟར་ཕྱོགས་ཀྱི་རྩ་ལ་བཤད་རྒྱུ་ཡིན་པ་ལ་དེར་མ་བཤད་པས། འགྱུར་ཅུང་མ་དག་པ་འདྲའོ། །གཞུང་ཆུང་ལས་ཀྱང༌། ཕྱོགས་འདབ་རིགས་ཀྱི་ས་བོན་ལས། །སྙིང་པོའི་རྣལ་འབྱོར་མ་བཞི་བསྐྱེད། ཅེས་ཀྱང་བཤད་དོ། །ཡང་ན་མཆོད་པ་བཞི་དང་རང་བཞིན་གྱི་རྩ་བཞིར་བྱས་ནས། ཕྱི་མ་ནི་འབྱུང་བཞིའི་རང་བཞིན་གྱི་རྩར་བྱ་ཞིང༌། ཕྱོགས་བྲལ་ཞེས་པ་ལ་ཕྱོགས་བཞི་དང་དེ་དང་བྲལ་བ་གཉིས་སུ་བྱའོ། །དེ་ལྟར་ན་ཕྱོགས་ཀྱི་རྩ་བཞི་ལས་ལྷ་མོ་བཞི་དང་མཚམས་ཀྱི་རྩ་བཞི་ལས་བདུད་རྩི་ལྔས་གང་བའི་ཐོད་པའི་སྣོད་བཞི་བསྐྱེད་དོ། །འདི་ལ་ལྭ་བ་པ་སོགས་ཀྱིས་གསལ་བར་མ་བཤད་ཀྱང༌། དྷཱ་རི་ཀ་པས། ལྟེ་བའམ་སྙིང་ཁའི་རྩ་བཞི་ནི། འབྱུང་ལྔའི་རླུང་དང་བདུད་རྩི་འབབ། །བདེ་ཆེན་དགུ་ཡི་བདག་ཉིད་བསམ། ཞེས་བཤད་ལ། བདེ་ཆེན་དགུ་ནི་དེའི་འཁོར་ལོའི་ལྷ་ལྔ་དང༌། ཐོད་པ་བཞི་ལ་བྱ་དགོས་སོ། །སྙིང་ཁར་འབྱུང་བཞིའི་རླུང་འབབ་པ་ནི། དེའི་ཕྱོགས་ཀྱི་རྩ་བཞི་དང༌། ནམ་མཁའི་རླུང་འབབ་པ་ནི། སྤྱོད་བསྡུས་ལས་ནམ་མཁའི་རླུང་འབྱུང་བཞིའི་རླུང་ལ་ཁྱད་བྱེད་དུ་བཤད་པ་ལྟར་ཏེ། རྩ་བཞི་ཞེས་པ་ལས་སོ། །བདུས་རྩི་འབབ་པ་ནི་མཚམས་ཀྱི་རྩ་བཞིའོ། །ལྟེ་བ་ནི་སྙིང་ཁའི་དབུས་ཀྱི་ཧཱུཾ་ཡིག་ལ་བཤད་རྒྱུར་མངོན་པས་འམ་ཞེས་པ་དག་མ་དག་བརྟག་པར་བྱའོ། །དྲིལ་བུ་པས་ལཾ་མཾ་པཾ་ཏཾ་གི་ས་བོན་བཞི་གསུངས་པ་ལ། བླ་མ་སྔ་མ་རྣམས་མཁའ་འགྲོ་མ་ནས་བཟུང་སྟེ། གཡས་སྐོར་གྱིས་ལྷ་མོ་བཞིའི་


JLD009_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་དུ་བཞེད་པ་ལ་ཕྱིས་ཀྱི་བླ་མ་ཁ་ཅིག་གིས་མཁའ་འགྲོ་མ་གྲལ་མགོར་འདོན་ན་མཾ་ལཾ་པཾ་ཏཾ་དུ་བྱ་དགོས་ཏེ། ཀུན་སྤྱོད་དང་ནག་པོ་པའི་དཀྱིལ་ཆོག་ལས། མཁའ་འགྲོ་མ་མཱ་མ་ཀཱིར་བཤད་པའི་ཕྱིར་རོ། །མངོན་བརྗོད་ལས་ལཾ་མཾ་པཾ་ཏཾ་ཞེས་འདོན་པ་ནི། ས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་སྒྲོལ་མ་ཞེས་པའི་རིམ་པ་དང་བསྟུན་པ་ཡིན་གསུང་ངོ༌། །ཀུན་སྤྱོད་ལས་ནི། མཁའ་འགྲོ་མ་བཞི་པད་མར་གནས། །མཱ་མ་ཀཱི་སོགས་བཟང་མོ་ཡིན། ཞེས་རྣལ་འབྱོར་མ་བཞི་ཀ་ལ་མཁའ་འགྲོ་མ་ཞེས་བཤད་ནས། དེ་བཞི་མཱ་མ་ཀཱི་ལ་སོགས་པ་ཡིན་ཞེས་པ་ཙམ་ལས་རྣལ་འབྱོར་མ་བཞིའི་དང་པོའི་མཁའ་འགྲོ་མ་མཱ་མ་ཀཱིར་མ་བཤད་པའི་ཕྱིར་དང༌། དེའི་འགྲེལ་པར་ཡང༌། མཱ་མ་ཀཱི་སོགས་བཟང་མོ་ཡིན། ཞེས་པ་ནི་མཁའ་འགྲོ་མ་ལ་སོགས་པ་བཞི་པོ་འདི་ཉིད་ཇི་ལྟར་རིགས་པར་མཱ་མ་ཀཱི་ལ་སོགས་པའི་རང་བཞིན་ཞེས་པའི་དོན་ཏོ། ཞེས་ཇི་ལྟར་རིགས་པར་སྦྱར་བར་བཤད་ཀྱི་རིམ་བཞིན་དུ་སྦྱར་བར་མ་བཤད་པའི་ཕྱིར་ན་མཁའ་འགྲོ་མ་མཱ་མ་ཀཱིར་བྱེད་པ་ཀུན་སྤྱོད་ཀྱི་དོན་མིན་ནོ། །ནག་པོ་སྤྱོད་པའི་དཀྱིལ་ཆོག་ལས། མཁའ་འགྲོ་མ་མཱ་མ་ཀཱི་དང༌། གཟུགས་ཅན་མ་སྦྱན་མར་བཤད་ཀྱང་དེའི་སྒྲུབ་ཐབས་སུ་བཤད་པ་དང་དེ་གཉིས་དོན་མི་གཅིག་སྟེ། སྔ་མར་ཞལ་གཅིག་ཕྱག་བཞི་པ་དང༌། ཕྱི་མར་ཞལ་གཅིག་ཕྱག་གཉིས་མར་བཤད་པ་དང༌། སྔ་མར་མཁའ་འགྲོ་མ་སྔོན་མོ་དང༌། ཕྱི་མར་དཀར་སྔོན་བཤད་པ་དང༌། སྔ་མར་ལྷོར་མཁའ་འགྲོ་མ། བྱང་དུ་


JLD009_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་སྐྱེས་མ། ནུབ་ཏུ་གཟུགས་ཅན་མ་དགོད་པར་བཤད་པས། ཤར་དུ་ལཱ་མ་འགོད་དགོས་པ་དང༌། ཕྱི་མར་མཁའ་འགྲོ་མ་ནས་བཟུང་སྟེ་གཡོན་སྐོར་གྱིས་ཤར་ལ་སོགས་པར་དགོད་པར་བཤད་པའི་ཕྱིར་རོ། །ཡང་སྔ་མར་ལྷ་མོ་བཞི་ཆུ་དང་མེ་དང་རླུག་དང་སའི་ཁམས་དག་པར་ཡང་བཤད་དོ། །རྡོ་རྗེ་མཁའ་འགྲོར་ནི། དང་པོ་ལྟུང་བྱེད་མ་ཡིན་ཏེ། །གཉིས་པ་དེ་བཞིན་གསོད་བྱེད་མ། །གསུམ་པ་འགུགས་མ་ཞེས་བྱ་སྟེ། །བཞི་པ་གར་གྱི་དབང་ཕྱུག་མ། ཞེས་པ་ནི་སྔར་ཤར་ནས་བཟུང་སྟེ་མཁའ་འགྲོ་མ་སོགས་བཞི་གཡོན་སྐོར་དུ་བཤད་པའི་རིམ་པ་ལྟར་ཡིན་ལ། འགྲེལ་པར་ཡང་ཤར་ནས་གཡོན་སྐོར་དུ་ལྟུང་བྱེད་མ་སོགས་དང་སྦྱར་བ་དང་རྒྱུད་དེར་ལྷ་མོ་བཞིའི་ཕྱག་གཡོན་ན་ཐོད་པ་མེད་ཅིང༌། གཡས་ན་གྲི་གུག་མེད་པས་སྒྲུབ་ཐབས་ཀྱི་ལུགས་ནི་དེ་དང་ཡང་དོན་མི་གཅིག་གོ །ལཱུ་ཨི་པའི་འགྲེལ་པར། ལྭ་བ་པས་སྙིང་པོའི་རྣལ་འབྱོར་མ་བཞི་ཀ་ལ་རིན་འབྱུང་གིས་རྒྱས་གདབ་པ་དང༌། གཡོན་སྐོར་གྱི་མཁའ་འགྲོ་མ་སོགས་བཞི་ལ། རིམ་པ་བཞིན་དུ་རྣམ་སྣང་དོན་གྲུབ་སྣང་མཐའ་རིན་འབྱུང་གིས་རྒྱས་གདབ་པ་ཡང་གསུངས་པས། ལྷ་མོ་བཞི་སྤྱིར་རིན་འབྱུང་གི་རིགས་ཡིན་ཀྱང༌། དེ་ལ་ནང་ཚན་གྱི་རིགས་ཀྱིས་ཕྱེ་ན་རྣམ་སྣང་ལ་སོགས་པའི་རིགས་བཞིར་འགྱུར་ཞིང༌། མཱ་མ་ཀཱི་ནི་རྡོ་རྗེ་དང་རིན་པོ་ཆེའི་རིགས་གཉིས་ཀ་འཛིན་པར་གསུངས་པས་མཁའ་འགྲོ་མ་སྤྱན་མའི་ངོ་བོ་དང༌། གཟུགས་ཅན་མ་མཱ་མ་ཀཱིའི་ངོ་བོར་བྱའོ། །དེའི་ཕྱིར་ས་བོན་ཀྱང་ཤར་ནས་གཡས་སྐོར་གྱིས་ལཾ་མཾ་པཾ་ཏཾ་བཞིར་སྔ་མ་རྣམས་བཞེད་པ་ལྟར་ལེགས་ཏེ། ལྟུང་བྱེད་མ་ལ་སོགས་པ་བཞི་སྤྱན་སོགས་བཞིའི་


JLD009_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་འགྲེལ་པ་གསུམ་གར་བཤད་ལ། མངོན་བརྗོད་ལས་ལཾ་ལས་ལྟུང་བྱེད་མ་དང༌། མཾ་ལས་གསོད་བྱེད་མ་སྐྱེད་པར་བཤད་པའི་ཕྱིར་རོ། །དེ་ཡང་སྔོན་དུ་སྙིང་ཁའི་ཕྱོགས་ཀྱི་རྩ་བཞི་དང༌། ཡི་གེ་བཞི་ངོ་བོ་དབྱེར་མེད་དུ་མོས་པར་བྱས་ནས། དེ་ལས་བསྐྱེད་པར་བྱ་ཡི། ཡི་གེ་རྐྱང་པ་ལས་མ་ཡིན་ནོ། །སྙིང་ཁའི་ཕྱོགས་ཀྱི་རྩ་བཞི་ནི་ཤར་ནས་གཡས་སྐོར་གྱིས་སུམ་སྐོར་མ་དང༌། འདོད་མ་དང༌། ཁྱིམ་མ་དང༌། གཏུམ་མ་ཡིན་ཏེ། མན་སྙེར། གང་སྤྱན་མ་ལ་སོགས་པ་རྣམས་དང༌། མཁའ་འགྲོ་མ་ལ་སོགས་པ་རྣམས་དང༌། རྡོ་རྗེ་མ་ལ་སོགས་པ་རྣམས་དང༌། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཏེ། དེ་རྣམས་ནི་སུམ་སྐོར་མ་ལ་སོགས་པའི་རྩའི་རང་བཞིན་ནོ་ཞེས་བཤད་ཅིང༌། མུ་ཏིག་ཕྲེང་བ་དང༌། བྷ་བ་བྷ་དྲས་ཀྱང༌། སུམ་སྐོར་མ་ལ་སོགས་པ་ལྔ་སྙིང་ཁའི་རྩ་ལྔར་བཤད་ཅིང༌། དང་པོ་བཞི་འདབ་མ་དང༌། ལྔ་པ་དབུས་སུ་ཡོད་པའི་དོན་ནོ། །བདུད་དྲལ་མ་ནི་ཨ་བ་དྷཱུ་ཏཱི་ལ་བརྟེན་ཏེ། ལྟེ་བ་ནས་ལྕེའི་རྩེ་མོའི་བར་དུ་ལངས་པར་མན་སྙེར་བཤད་པས། སྙིང་ཁའི་འཁོར་ལོའི་རྩ་འདབ་ཡིན་ནོ། །ཤར་གྱི་རྩ་སུམ་སྐོར་མ་ནས་ས་རླུང་དང༌། ལྷོ་ནས་ཆུ། ནུབ་ནས་མེ། བྱང་ནས་རླུང་གི་རླུང་རྒྱུ་སྟེ། སྡོམ་འབྱུང་འགྲེལ་པ་ལས་ལྔ་བོ་འདི་རྣམས་ནི། ཆོས་ཀྱི་འཁོར་ལོར་རིམ་པས་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་ནོ། །ཞེས་བཤད་ལ། ལྔ་པ་ནི་བདུད་དྲལ་མ་དང་དེ་ཡང་ནམ་མཁའི་ཁམས་པར་བྱའོ། །འདིས་ལྕེའུ་ཆུང་ནས་བདུད་རྩི་འབབ་པ་འཐུངས་ཤིང༌།


JLD009_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རླུང་བརྒྱུས་པ་རྣམས་འཆི་རླུང་ཡིན་པས། ཀྱཻ་རྡོར་ལས་རྩ་རྣལ་འབྱོར་མའི་ངོ་བོར་སྟོན་པའི་སྐབས་སུ་དེ་སྤངས་ལ། དེའི་དབང་ལས། འཇིག་རྟེན་བདེ་བའི་རང་བཞིན་དུ་སྐྱེས་ཀྱང་བདེ་ཆེན་གྱི་དཀྱིལ་འཁོར་དུ་མི་མཐོང་ཞིང་འཆིའོ། །འོན་ཀྱང་ལམ་བསྒོམས་པས་སྒྲིབ་བྲལ་དུ་སོང་བ་ན་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས། ཀྱཻ་རྡོར་ལས་རྩ་སོ་གཉིས་སུ་བྱང་ཆུབ་ཀྱི་སེམས་འབབ་པར་བཤད་པ་དང་མི་འགལ་བར་མན་སྙེ་ལས་འཆད་དོ། །མན་སྙེར་སུམ་སྐོར་མ་ལ་སོགས་པ་བཞི་ནས་རིམ་པ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་འབབ་པར་ཡང་བཤད་ལ། མཚམས་ཀྱི་རྩ་བཞི་ནས་བཤང་གཅི་དང༌། ཁུ་ཁྲག་དང༌། བད་ཀན་ཏེ་བདུད་རྩི་ལྔ་དང༌། སྒྲ་མ་གཏོགས་པའི་ཡུལ་བཞི་འབབ་པར་བཤད་དོ། །བྷ་ཝ་བྷ་དྲས་སུམ་སྐོར་མ་སོགས་ནས་ཀྱང་བདུད་རྩི་ལྔ་འབབ་པར་བཤད་དོ། །སྙིང་ཁའི་ཕྱོགས་ཀྱི་རྩ་རེ་རེ་ལ་གཉིས་གཉིས་སུ་གྱེས་ནས་རྩ་བརྒྱད་བྱུང་བ་ལ་དགོངས་སོ། །གསུམ་པ་ནི། སྒོ་མཚམས་མ་བརྒྱད་གནས་གང་དུ་འགོད་པ་དང༌། གང་ལས་སྐྱེད་པ་ནི་དྲིལ་བུ་པས། ཧཱུཾ་བརྒྱད་ཀྱང༌། དམ་ཚིག་ཅེས་བྱར་བཤད་པ་ཡིན། ཞེས་འབྱུང་བས། ཧཱུཾ་བརྒྱད་ལས་སྐྱེད་པ་ཡིན་ཀྱང་གནས་མི་གསལ་བ་ལ། གཞུང་ཆུང་ལས། ཆོས་འཁོར་ཕྱི་ཡི་འདབ་བརྒྱད་ལ། །རིང་པོའི་ཧཱུཾ་ལས་ཁྲོ་བོ་བརྒྱད། ཅེས་སྙིང་ཁར་པད་མ་འདབ་བརྒྱད་ཉིས་རིམ་གཅིག་བྱས་པའི་ཕྱི་མར་ཧཱུཾ་རིང་བོ་བརྒྱད་ལས་བསྐྱེད་པར་བཤད་དོ། །དྷཱ་རི་ཀ་པས། ཕྱག་བརྒྱད་དམ་ནི་སྒོ་བརྒྱད་དུ། །ལས་ཀྱི་རླུང་ངམ་བྱེད་དག་གིས། །ཁྭ་གདོང་གཤིན་རྗེ་


JLD009_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོགས་བརྒྱད། ཅེས་བཤད་པའི་ཕྱག་བརྒྱད་ནི། ཉིན་མོ་མཛད་ཀྱིས། ལག་པ་གཡོན་པའི་རྩེ་མོ་དང༌། མཁྲིག་མ་དང༌། ལག་པ་གཡས་པའི་རྩེ་མོ་དང༌། འཁྲིག་མ་བཞི་ལ་རིམ་པ་བཞིན་དུ་ཁྭ་དང་འུག་གདོང་སོགས་བཞི་དང༌། རྐང་པ་གཡས་གཡོན་གྱི་རྩེ་མོ་གཉིས་དང༌། གཡས་གཡོན་གྱི་ལོང་བུ་གཉིས་ལ་རིམ་པ་བཞིན་གཤིན་རྗེ་བརྟན་མ་དང་ཕོ་ཉ་མོ་སོགས་བཞི་འགོད་པ་ལྟར་ཡིན་པ་འདྲའོ། །སྒོ་བརྒྱད་ནི་དཔྱིད་ཐིག་ལས། རྩ་ཡི་སྒོར་ནི་ཁྭ་གདོང་མ། ཞེས་པ་ནས། བཞི་པ་ཕག་གི་གདོང་ཅན་ནོ། ཞེས་པ་ཙམ་ལས་རྩའི་སྒོ་གང་ཡིན་མི་གསལ་ལ། མཚམས་རྣམས་གཤིན་རྗེ་བརྟན་མ་དང༌། ཞེས་དེ་ལ་སོགས་པ་བཞི་མཚམས་སུ་བཞུགས་པར་བཤད་དེ། མཚམས་གང་ལ་བྱེད་ཀྱང་མི་གསལ་ལོ། །ལྭ་བ་པའི་འགྲེལ་པར་སྐབས་ཤིག་ཏུ། དེ་ལྟར་ཁ་དང་ལྟེ་བ་དང༌། རྟགས་དང་བཤང་བ་དང༌། སྨིན་མཚམས་དང་མིག་དང༌། སྣ་རྣམས་ལ་ཡང་གོ་བར་བྱའོ་ཞེས་གསུངས་ཤིང༌། དེ་ལྟར་ཞེས་པ་གོང་དུ་བཤད་པའི་རྣ་བ་ལ་སྙེག་པས་དེ་འདྲ་བའི་སྒོ་བརྒྱད་དོ། །ཡང་དེའི་སྐབས་ཤིན་ཏུ། ཞལ་དང་ལྟེ་བ་དང༌། སྣ་དང་རྟགས་དང་བཤང་བའི་སྒོར་རིམ་པ་བཞིན་དུ་ཁྭ་གདོང་མ་སོགས་སྒོ་སྐྱོང་མ་རྣམས་སོ། །མཛོད་སྤུ་དང༌། རྣ་བ་དང༌། མིག་དང་སྣའི་སྒོར་གཤིན་རྗེ་བརྟན་མ་ལ་སོགས་པའོ། ཞེས་སྣ་ལན་གཉིས་བགྲངས་པ་སྔ་མ་དང་མི་མཐུན་ནོ། །དེའི་འགྲེལ་པའི་གཞུང་ཁ་ཅིག་ལས། བཤང་བའི་སྒོ་དང་སྣ་བུག་གཡས་པའི་ནང་


JLD009_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་ངོ་། ཞེས་དང༌། གཤིན་རྗེ་བརྟན་མ་ལ་སོགས་པ་རྣ་བ་དང་མིག་གཡོན་པ་དང༌། གཡས་སུ་ཡང་ངོ་། ཞེས་ཀྱང་འབྱུང་ངོ༌། །པྲཛྙཱ་རཀྵི་ཏའི་འགྲེལ་པ་རྡོག་འགྱུར་དུ། སྐབས་སྔ་མར་བཤད་པ་སྔར་དང་འདྲ་ཞིང༌། སྐབས་འོག་མར་ཁ་དང་སྣ་བུག་གཡོན་པ་དང༌། བཤང་ལམ་དང་སྣ་བུག་གཡས་སུ་ཁྭ་གདོང་མ་སོགས་བཞི་དང༌། རྣ་བ་གཡས་གཡོན་དང་མིག་གཡས་གཡོན་དུ་མཚམས་མ་བཞི་འགོད་པར་བཤད། འཁྲུལ་སྤོང་ལས། ཁ་དང་སྣ་བུག་གཡས་དང༌། གཡོན་པ་དང་བཤང་ལམ་དུ་ཁྭ་གདོང་སོགས་བཞི་དང༌། མཚམས་མ་བཞི་འདྲ་བར་འབྱུང་སྟེ། འགྲེལ་པ་སྡོམ་འབྱུང་ལས་ཀྱང་དེ་བཞིན་དུ་བཤད་དོ། །དེ་ཇི་བཞིན་དུ་པྲཛྙཱ་རཀྵི་ཏའི་འགྲེལ་པའི་འགྱུར་གཞན་གཅིག་ལས་ཀྱང་འབྱུང་ངོ༌། །ཇོ་བོའི་འགྲེལ་པར་ཡང་དེ་རྣམས་དང་མི་འདྲ་བར་བཤད་དོ། །ཨུ་མ་པ་ཏི་ཏ་ཏྲས་ནི། ཁྭ་གདོང་མ་ལ་སོགས་པ་རྣམས། །ཁ་ལྟེ་མཚན་བཤང་རིམ་པ་ཡིས། །མཛོད་སྤུ་རྣ་བ་མིག་སྣ་ལ། །གཤིན་རྗེ་བརྟན་སོགས་དེ་བཞིན་གནས། ཞེས་ལྭ་བ་པའི་བཤད་པ་སྔ་མ་དང་མཐུན་པར་བྱས་སོ། །དེ་ལྟར་འདྲ་མི་འདྲ་དུ་མ་ཞིག་བཤད་པའི་རྩ་བ་ནི་ལྭ་བ་པའི་འགྲེལ་པར་སྣང་ལ། དེའི་རྒྱ་དཔེ་ལ་དག་མ་དག་ཡོད་པར་གསལ་ཞིང༌། བཤད་པ་སྔ་ཕྱི་གཉིས་མི་འདྲ་བར་སྣང་ཡང༌། སྒོམ་བཞིའི་སྐབས་སུ་སྣ་བགྲངས་ན་མི་འགྲིག་ཅིང༌། མཚམས་མ་བཞིའི་སྐབས་སུ་དེ་མ་བགྲངས་ན་མི་འགྲིག་པར་སྣང་བ་དང༌། སྨིན་མཚམས་ནི་སྐབས་གཉིས་ཀར་བྱུང་བ་དང༌། རྣ་བ་དང་མིག་གཡས་གཡོན་


JLD009_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ལ་ཡང་ལྷ་མོ་འགོད་དགོས་པས་སྐབས་གོང་མ་བཞིན་དུ་བྱས་ན་ལེགས་སོ། །དེ་ཡང་དཔྱིད་ཐིག་ལས། སྒོ་མཚམས་མ་བརྒྱད་ལུས་ལ་བཀོད་པའི་མཇུག་ཐོགས་སུ། འདི་དག་རྡོ་རྗེ་མཁའ་འགྲོ་མ། །རྩ་ཡི་གཟུགས་ཀྱིས་ཡང་དག་གནས། ཞེས་གསུངས་པས། སྒོ་དེ་དང་དེ་དག་གི་རྩ་ལས་བསྐྱེད་པར་བྱ་སྟེ། འཁོར་གྱི་ལྷ་མོ་གཞན་ཐམས་ཅད་རྩ་ལས་སྐྱེད་པར་བཤད་ཅིང་འདི་བརྒྱད་མི་སྐྱེད་པའི་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ན་ཁ་སྟེ་ལྕེའི་རྩ་བ་དང༌། ལྟེ་བའི་བུག་པའི་ནང་དང༌། མཚན་མ་དང་བཤང་ལམ་གྱི་སྒོ་བཞིར་ཁྭ་གདོང་མ་དང༌། འུག་གདོང་མ་སོགས་དགོད། མཛོད་སྤུ་སྟེ་སྨིན་མཚམས་ཀྱི་བུག་པ་ཞེས་འབྱུང་བས། དེར་གཤིན་རྗེ་བརྟན་མ་དང༌། རྣ་བའི་ཕུག་གཉིས་སུ་ཕོ་ཉ་མོ་དང༌། མིག་གཉིས་སུ་མཆེ་བ་མ་དང༌། སྣ་བུག་གཉིས་སུ་འཇོམས་མ་རྣམས་དགོད་དོ། །ལྭ་བ་པ་དང་པྲཛྙཱ་རཀྵི་ཏས་རྣ་བའི་བུག་པའི་ནང་དུ་དགོད་པར་བཤད་པ་ནི། མཚོན་པ་ཙམ་སྟེ། ལུས་དཀྱིལ་གྱི་ལྷ་ཐམས་ཅད་ཀྱང་ལུས་ཀྱི་ནང་དུ་བསྒོམ་མོ། །མིག་དང་རྣ་བ་དང་སྣ་དང་ལྕེའི་རྩ་རྣམས་ནི། སྙིང་ཁའི་རྩ་གཟུགས་དང་སྒྲ་དང་དྲི་དང་རོ་འབབ་པ་རྣམས་དང༌། རྩ་རྒྱུད་གཅིག་ལ། སྨིན་མཚམས་དང་ལྟེ་བ་དང་བཤང་གཅིའི་ལམ་གྱི་རྩ་ནི། རེག་བྱ་འབབ་པར་བཤད་པའི་རྩ་དང་རྒྱུད་གཅིག་པས། སྙིང་ཁའི་ཕྱི་སྐོར་གྱི་བརྒྱད་ལ་དགོད་པར་བཤད་པ་དང་གནད་གཅིག་པར་བླ་མ་ཁ་ཅིག་གསུང་སྟེ། དྲིལ་བུ་པའི་ལུགས་ལ་ཡང་དེ་ལྟར་བྱས་པས་ཆོག་པར་མངོན་ནོ། །དེའི་ལུགས་


JLD009_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུཾ་རིང་པོ་བརྒྱད་དང་སྒོ་བརྒྱད་ཀྱི་རྩ་བརྒྱད་ངོ་བོ་དབྱེར་མེད་དུ་མོས་ནས་དེ་ལས་བསྐྱེད་པར་བྱའོ། །བཞི་པ་ནི། ལཱུ་ཨི་པ་ལ་ལྭ་བ་པས། གཙོ་བོ་ཡབ་ཡུམ་གྱི་གནས་མན་ངག་ལས་ཤེས་པར་བྱ་བར་གསུངས་པ་ལྟར། པྲཛྙཱ་རཀྵི་ཏས་ཀྱང་བཤད་ཅིང༌། དེ་བཞིན་གཤེགས་པའི་རྡོ་རྗེ་དང་ཇོ་བོས་ཀྱང་གསལ་བར་མ་བཤད་དོ། །དེའི་མན་ངག་ནི་བླ་མ་ཁ་ཅིག་སྤྱི་བོའི་ཧཾ་གི་གནས་སུ་ཧེ་རུ་ཀ་དང༌། གསང་གནས་སུ་ཕག་མོ་སྒོམ་པ་ཡིན་ཞེས་ཟེར་བ་ནི། འཁྲུལ་སྤང་ལས། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཡབ་དང༌། གསར་གནས་ཀྱི་པད་མའི་ཨ་ཐུང་གི་རང་བཞིན་ཕག་མོ་གཉིས་འཁྱུད་པས་བདེ་ཆེན་སྐྱེ་བར་གསུངས་པ་དང་ཕྱོགས་མཐུན་ཡོད་ཀྱང་བླ་མ་ཁ་ཅིག་དྲིལ་བུ་པས། ཐུགས་ཀར་ཨ་བ་དྷཱུ་ཏཱི་ཧཱུཾ། །མ་བཅོས་ནང་གི་བདག་ཉིད་དོ། ཞེས་གསུངས་པའི་རྗེས་སུ་འབྲངས་ནས། ཧེ་རུ་ཀ་སྙིང་ཁར་སྒོམ་པར་བཞེད་དེ་ལེགས་པ་ཡིན་ནོ། །དེའི་རྒྱུ་མཚན་ནི་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་ནི། སཾ་བྷུ་ཊ་བཞིན་འདི་ལའང་བྱ་དགོས་ལ། འཁོར་གྱི་ལྷ་ཞེ་བརྒྱད་གང་ལས་སྐྱེས་པའི་རྩ་དང༌། ཁམས་ཀྱི་རྣམ་དབྱེ་ཡང་དེ་ཉིད་གསལ་བ་དང༌། རྣལ་འབྱོར་མ་གཞན་བཅུ་གཉིས་ཀྱི་རྩ་ཡང་དེ་ལ་བརྟེན་དགོས་པར་སྣང་ལ། དེ་ལྟ་ན་སྙིང་ཁའི་དབུས་ཀྱི་ཧཱུཾ་ཡིག་དཔའ་པོ་ཧེ་རུ་ཀར་ཡང་དེ་ལས་བཤད་པ་འདྲ་བ་བཞན་ལས་མི་འབྱུང་ཞིང༌། དེ་དང་མཐུན་པར་དྲིལ་བུ་པས་བཤད་པ་འདིར་ཡང་མི་རུང་བ་མེད་ལ། ཁྱད་པར་དུ་དྷཱ་རི་ཀ་པས་བདེ་ཆེན་གྱི་ལྷ་ལྔ་ཀ་སྙིང་ཁར་སྒོམ་པར་བཤད་པའི་ཕྱིར་རོ། །


JLD009_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཚུལ་ཡང་སྙིང་ཁའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་བྱང་སེམས་དང༌། ཧཱུཾ་ཡིག་བ་མོ་ལྟ་བུ་འཛག་པ་གཉིས་ངོ་བོ་དབྱེར་མེད་དུ་བྱས་ལ། དེ་ལས་ཧེ་རུ་ཀ་བསྐྱེད་པར་བྱ་སྟེ། འདི་ནི་ནག་པོ་པ་ལ་ཡང་བྱེད་དགོས་སོ། །འདི་ལ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་སྒོམ་པ་ནི། ཕྱི་དཀྱིལ་ལ་སེམས་འཛིན་པ་ལས་ཕྲ་བས་དཀའ་བར་སྣང་ན། རེ་ཞིག་ཞལ་གཅིག་ཕྱག་གཉིས་པར་བྱས་ཀྱང་ཆོག་གོ །འདིར་གཞུང་ཆུང་ལས། བརྟག་དང་སྤྲོས་ལ་དགའ་གྱུར་ན། །ཆོས་ཀྱི་འཁོར་ལོ་འདབ་མ་བཞི། །མདོག་གསལ་ཧཱུཾ་ལས་ལྟེ་བ་རུ། །ཐབས་དང་ཤེས་རབ་བདག་ཉིད་གསལ། ཞེས་ཧཱུཾ་ཡིག་ལས་ཡབ་ཡུམ་གཉིས་ཀ་སྐྱེད་པ་འདྲ་བ་ཅིག་དང༌། ཧཱུཾ་ལ་སོགས་པ་ལས་ལུས་དཀྱིལ་སྒོམ་པ་སྤྲོས་པ་ལ་དགའ་བའི་ངོར་བྱས་པ་འདྲ་བ་ཅིག་བཤད་ཀྱང༌། སཾ་བྷུ་ཊར། དཔྱིད་དཔའ་བོ་ཧེ་རུ་ཀ་དང༌། ཐིག་ལེ་བདག་མེད་མར་གསུངས་པ་ལ། དཔྱིད་ཐིག་ལས། དེ་ཡི་དབུས་བཞུགས་དཔའ་བོ་ནི། །ཡུངས་ཀར་སྦོམ་པོའི་ཚད་ཙམ་སྟེ། །ཧཱུཾ་གིས་ས་བོན་མི་ཤིགས་པ། །ཁ་བ་ལྟ་བུ་འབབ་པ་ཡིན། །བ་སནྟ་ཞེས་བྱ་བ་སྟེ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །རྒོད་མའི་ཁ་ནི་མེ་ཡི་གཟུགས། །ཕག་མོ་ཏི་ལ་ཀ་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་ནས་ནི་འབར། །བ་སནྟ་དང་ཕྲད་པས་མཉེས། །སྙོམས་པར་འཇུག་པས་ཡང་དག་བཞུགས། ཞེས་ཕག་མོ་ལ་འདོན་པ་སྤོས་ཤིང༌། ཏི་ལ་ཀ་ཐིག་ལེ་ནི་ལྟེ་བའི་དམར་ཆ་ལ་བཤད་པས་ལྟེ་བའི་དམར་ཆ་ལས་བསྐྱེད་པར་བྱ་སྟེ། དེ་ལ་ནི་ལྷན་སྐྱེས་


JLD009_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་སྐྱེ་བའི་རྟེན་འབྲེལ་ཤིན་ཏུ་ཟབ་པ་ཡོད་པའི་ཕྱིར་རོ། །དྲིལ་བུ་པས་དངོས་སུ་མ་གསུངས་པ་ནི། ཧཱུཾ་ཡིག་བཤད་པའི་ཤུགས་ཀྱིས་ཤེས་པ་ལ་དགོངས་སོ། །འོ་ན་ལྟེ་བའི་དམར་ཆ་ལས་བསྐྱེད་ནས་ལྟེ་བར་གནས་པ་བྱེད་དམ། སྙིང་ཁར་ཡབ་ཡུམ་སྦྱོར་བའི་རྣམ་པ་ཅན་བྱེད་ཅེ་ན། གསང་འདུས་འཕགས་ལུགས་ཀྱིས་ལུས་དཀྱིལ་ལ་ཡབ་ཡུམ་གནས་སོ་སོར་སྒོམ་པ་ཡང་ཡོད་མོད་ཀྱང༌། འདིར་ནི་སྐྱེད་པ་ལྟེ་བའི་དམར་ཆ་ལས་སྐྱེད་ཀྱང༌། བཞུགས་གནས་སྙིང་ཁར་ཡབ་དང་སྦྱོར་བའི་ཚུལ་དུ་བྱེད་དེ། སྔར་དྲངས་པའི་རྐང་པ་ཐ་མ་གཉིས་ལ་བརྟེན་ནས་ཀྱང་ཤེས་པར་ནུས་སོ། །དེས་ན་ཉིན་མོ་མཛད་ཀྱིས་ཧེ་རུ་ཀ་སྙིང་ཁ་དང༌། ཕག་མོ་ལྟེ་བར་བྱས་པ་ལྟར་འདིར་མི་བྱེད་དོ། །སྤྲོས་པ་ལ་དགའ་ན་ཞེས་པ་ནི། ཡང་ན་གྲུབ་ཟིན་གསལ་གདབ། སྤྲོས་པ་ལ་དགའ་ན་ཧཱུཾ་ཡིག་སོགས་ལས་བསྐྱེད་ཅེས་པའི་དོན་མིན་ཏེ། ཡིན་ན་ནི་འདི་བསྐྱེད་རིམ་གྱི་ལུས་དཀྱིལ་མ་ཡིན་པར་འགྱུར་བའི་ཕྱིར་ཏེ། ལྷ་གསར་དུ་སྐྱེད་པ་མེད་པའི་ཕྱིར་རོ། །མི་གསལ་རྩ་མིག་ཐམས་ཅད་ལ། །དག་པའི་ལྷ་ཉིད་མོས་ཤིང་དྲན། ཞེས་བཤད་པས། འདི་སྒོམ་པ་པོ་དེ་ལྷ་ཐམས་ཅད་སྐད་ཅིག་དྲན་རྫོགས་ལ་གསལ་ནུས་པ་ཡང་མིན་པ་དེའི་ལུགས་སུ་སྣང་བའི་ཕྱིར་རོ། །དེས་ན་སྔར་ཕྱི་དཀྱིལ་ལ་གསལ་སྣང་བརྟན་པ་ཡིན་ན་ཡུད་ཙམ་རེས་བསྐྱེད་ལ་སྒོམ། རིམ་གྱིས་བརྟག་པ་ལ་དགའ་བ་སྟེ་བསམ་དགོས་པ་ཅིག་ཡིན་ན་རེ་རེ་ནས་རིམ་གྱིས་བསྒོམ་


JLD009_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཡིན་ཏེ། ལུས་དཀྱིལ་རྐྱང་པ་སྒོམ་པ་ལ་ནི་ཕྱི་དཀྱིལ་སྒོམ་པ་སྔོན་དུ་འགྲོ་དགོས་པ་རྡོ་རྗེ་མཁའ་འགྲོའི་དགོངས་པ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། འོ་ན་གཙོ་བོ་དང་རྣལ་འབྱོར་མ་བཅུ་གཉིས་ས་བོན་ལས་སྐྱེད་ན། གཞུང་ཆུང་ལས། སྟེང་འོག་ལུས་ཀྱི་ཆ་ཤས་ལ། །པཱུ་ཛ་ལ་སོགས་ཉི་ཤུ་བཞི། །འཁོར་ལོ་གསུམ་གྱི་བདག་ཉིད་དྲན། ཞེས་བཤད་པས། བཾ་ལས་ཡུམ་དང༌། ལྷ་ཞེ་བརྒྱད་ཡི་གེ་ཉེར་བཞི་ལས་སྐྱེད་པར་རིགས་སོ་སྙམ་ན། ཡི་གེ་ཉེར་བཞི་ལས་ནི་ཁུངས་ཐུབ་མང་པོས་ལུས་ཀྱི་གནས་ཀྱི་ཆ་ཉེར་བཞི་སྐྱེད་པར་བཤད་ཀྱི། ལྷའི་ས་བོན་དུ་བཤད་པ་མེད་པས་མི་འཐད་དོ། །ལྷ་གཞན་གྱི་རིགས་པ་བཀབ་ནས་ལྷ་ལྷག་མ་ཡི་གེ་ལས་སྐྱེད་ན་ཡང་མི་རུང་བ་ཙམ་མེད་དེ་གསང་འདུས་བཞིན་ནོ། །གལ་ཏེ་སྐྱེད་ན་ནི་མངོན་བརྗོད་ལས་ཀ་ཙ་ཊ་ཏ་པའི་སྡེ་ཚན་ལྔའི་ཡི་གེ་རེ་རེའི་མགོ་བོར་ཐིག་ལེས་བརྒྱན་པ་གསུངས་པའི་མཇུག་ཏུ། དེ་ཡིས་ཐོད་པའི་དུམ་སོགས་དང༌། །གཏུམ་མིག་མ་ལ་སོགས་ཀུན་གྱི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་སྟེ། ཞེས་གསུངས་པ་ལྟར་ཀཾ་ནས་བྷཾ་གྱི་བར་ཉེར་བཞི་ཐོད་པའི་དུམ་བུ་སོགས་དཔའ་བོ་དང་དཔའ་མོ་ཟུང་ཉེར་བཞིའི་ས་བོན་དུ་བྱའོ། །ལེའུ་དེར་མ་ཡིག་སྨོས་པ་ནི་འགྲེལ་པས་ཐིག་ལེའི་དོན་དུ་བཤད་དེ། ལེའུ་ཉེར་དྲུག་པ་ལས་ཀྱང༌། ཀ་ལ་སོགས་པ་ཉི་ཤུ་བཞི། །མགོ་ལ་བིན་དུས་མནན་པ་སྟེ། ཞེས་གསུངས་པ་དང་མཐུན་ལ། དེ་རྣམས་རེ་རེའི་མགོར་ༀ་དང༌།


JLD009_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་སྔགས་སུ་ཡང་རྩ་འགྲེལ་ལས་གསུངས་ཤིང༌། མ་ནིང་གི་ཡི་གེ་བཞི་ལ་ཐིག་ལེ་སྦྱར་བ་བཞི་སྙིང་པོའི་རྣལ་འབྱོར་མ་བཞིའི་ས་བོན་དང༌། མཐར་གནས་བཞི་ལ་ཐིག་ལེ་སྦྱར་བ་བཞི་སྒོ་མ་བཞི་དང༌། དྲོ་བ་བཞི་ལ་ཐིག་ལེ་སྦྱར་བ་བཞི་མཚམས་མ་བཞིའི་ས་བོན་དང༌། དེ་བརྒྱད་ལ་མགོ་བོ་དང༌། མཐར་ༀ་ལ་སོགས་པ་སྦྱོར་ཚུལ་སྔར་བཞིན་བཤད་དོ། །འོན་ཀྱང་སོ་སོའི་གཞུང་ནས་བཤད་པ་བཞིན་བྱས་ནའང་ལེགས་སོ། །གཉིས་པ་ལ་གསུམ། ལུས་དཀྱིལ་མཆོག་ཡིན་པའི་རྒྱུ་མཚན་བསྟན་པ་དང༌། གནས་སོགས་བཅུ་ས་བཅུ་དང་སྦྱར་ཏེ་བཤད་པ་དང༌། གནས་རྣམས་སྐྱེད་ཚུལ་དང་དེར་ལྷ་གང་སྒོམ་པའི་ཚུལ་ལོ། །དང་པོ་ནི། ཕྱོགས་མཐུན་བསྒོམ་པའི་རྗེས་དེ་ནས་དེ་ལས་གཞན་ཡང་ཡང་དག་པར་བཤད་པར་བྱའོ། །གང་ན་སྐུ་སྟེ་ལུས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་ནི་སཾ་བྷུ་ཊ་ནས་འབྱུང་བ་བཞིན་དྲིལ་བུ་ཞབས་ཀྱིས་གསུངས་པས་ཁ་བསྐང་ལ། ལུས་བརྟེན་པའི་དཀྱིལ་འཁོར་དུ་སྒོམ་པ་ལ་བདེ་ཆེན་དང་དམ་ཚིག་གི་འཁོར་ལོའི་འཁོར་གྱི་ལྷ་རྣམས་སྒོམ་པ་ནི་འགྲེལ་པ་རྣམས་ཀྱིས་ཁ་བསྐངས་ཤིང༌། གཙོ་བོ་ཡབ་ཡུམ་ནི་སཾ་བྷུ་ཊ་དང་དཔྱིད་ཐིག་གིས་ཁ་བསྐངས་ནས་བཤད་དགོས་ཏེ་རྒྱས་པར་བཤད་ཟིན་ལ་ལྷག་མ་ནི་འདིར་འཆད་དོ། །དམ་པ་སྟེ་ཞེས་པ་ནི་དྲིལ་བུ་པས། འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་ད་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་


JLD009_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པས་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། ཞེས་བྲིས་སྐུ་དང་རྡུལ་ཚོན་ལས་དཀྱིལ་འཁོར་སྒྲུབ་པ་ལས། ལུས་ལས་དཀྱིལ་འཁོར་སྒྲུབ་པ་མཆོག་ཏུ་གསུངས་པ་ལྟར་ཡིན་ལ། བཅོས་པ་ནི་སྒྲུབ་གཞི་ཕྱག་མཚན་སོགས་འདྲི་མཁས་གྱིས་གསར་དུ་སྒྲུབ་དགོས་པའི་དོན་ཏེ། ལུས་ཆགས་དུས་ནས་མ་གྲུབ་བའོ། །མ་བཅོས་པ་ནི་སྒྲུབ་གཞི་རྩ་དང་ཁམས་རྣམས་ལུས་ཆགས་ཙམ་ནས་གྲུབ་པས་རང་བཞིན་གྱིས་གྲུབ་པ་ཞེས་གསུངས་ཀྱི། མ་བཅོས་པ་རྫོགས་རིམ་ལ་གསུངས་པ་ལྟ་བུར་ནི་མི་བྱའོ། །ལམ་གྱི་སྐབས་སུ་ཡང་དཀྱིལ་འཁོར་གཞན་གཉིས་ལ་གནད་དུ་བསྣུན་པ་ལས་མི་གྲོལ་གྱི། ལུས་ཀྱི་རྩ་དང་ཁམས་ལ་གནད་དུ་བསྣུན་པ་ལས་ཡང་དག་པའི་དོན་མཐོང་ནས་གྲོལ་བར་འགྱུར་བའི་ཕྱིར་ལུས་དཀྱིལ་མཆོག་ཡིན་ནོ། ཞེས་པའི་དོན་ནོ། །དེས་ན་སྤྱིར་ལུས་དཀྱིལ་ཚང་མ་སྒོམ་པ་ནི། ཕྱི་དཀྱིལ་ཙམ་སྒོམ་པ་ལས་མཆོག་དང༌། ཁྱད་པར་དུ་སྔར་བཤད་པ་འདྲ་བའི་ལོ་ནག་དྲིལ་གསུམ་གྱི་ལུས་དཀྱིལ་སྒོམ་པ་ནི། རྒྱུད་གཞན་གྱི་ལུས་དཀྱིལ་དང༌། བདེ་མཆོག་གི་ལུས་དཀྱིལ་གཞན་ལས་མཆོག་ཏུ་གྱུར་པའོ། །འོ་ན་ལུས་དཀྱིལ་ཐུན་


JLD009_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པ་འདི་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བ་ལ་རྒྱུད་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་བ་ཅིག་མེད་ན་དེ་གཞན་ལས་མཆོག་ཏུ་བཤད་པ་ནི། དད་པར་བྱ་བ་ཙམ་དུ་འགྱུར་བས་དེ་སྟོན་ཅིག་ཅེ་ན། དེ་ནི་བདེན་ཏེ་ཤིན་ཏུ་དཀའ་བ་འདི་བཤད་པར་བྱའོ། །དེ་ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བ་འདི་ཕ་རྒྱུད་མ་རྒྱུད་གཉིས་ཀའི་ཐུན་མོང་གི་བཤད་རྒྱུད་དུ་འགྲེལ་པས་འཆད་པ་ལྟར་ཡིན་ཞིང༌། མ་རྒྱུད་ཀྱང་བདེ་མཆོག་གཙོ་བོར་སྟོན་པ་ཡིན་ལ། དེར། རིམ་བཞིན་རྒྱ་ཆེན་རྒྱུད་ལས་ནི། །ལུས་ཀྱི་གནས་ཀྱི་དབྱེ་བ་ཡིས། །དེ་ནི་ཉི་ཤུ་རྩ་བཞིར་བརྗོད། །ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །གྲངས་ནི་བདུན་ཅུ་རྩ་གཉིས་བརྗོད། །རེ་རེའང་འཁོར་ནི་སྟོང་སྟོང་ངོ༌། ཞེས་གསུངས་པའི་རྒྱ་ཆེན་རྒྱུད་ནི། ནམ་མཁའ་དང་མཉམ་པའི་རྒྱུད་དམ་རྡོར་ཕྲེང་གི་རྒྱུད་རྒྱས་པ་གདམ་ང་ཅན་དུ་འགྲེལ་པར་བཤད་ཀྱང༌། ལེའུ་དེ་ཉིད་ལས། རྣལ་འབྱོར་མ་ཡི་རྒྱུད་ལས་ཤེས། ཞེས་གསུངས་པས་ནམ་མཁའ་དང་མཉམ་པའི་བདེ་མཆོག་གི་རྒྱུད་དོ། །རྩ་རྣམས་རིམ་གྱིས་སྤྲོ་ཚུལ་ནི། དེ་ཉིད་ལས། ལ་ལ་ན་དང་ར་ས་ན། །ཨ་བ་དྷཱུ་ཏཱི་ཞེས་བྱའི་མིང༌། །དེ་རྣམས་སྤྲོ་བའི་སྦྱོར་བ་ཡིས། །རིམ་གྱིས་ཐུན་ནི་བརྒྱད་དུ་འགྱུར། །གསུམ་པོ་ཉི་ཤུ་རྩ་བཞིར་འགྲོ། ཞེས་རྩ་འཆགས་པའི་དུས་སུ་རྩའི་གཙོ་མོ་གསུམ་ལས་ཐུན་ཚོད་བརྒྱད་ཀྱི་རྩ་ཞེས་པ། སྙིང་ཁའི་རྩ་འདབ་བརྒྱད་དུ་འགྱུར་པར་བཤད། དེ་ཉིད་ལས། དེ་ལས་འཁོར་ལོ་གསུམ་དབྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་


JLD009_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། །དེ་ནི་སྟོང་དུ་རབ་ཕྱེ་བའང༌། །སོ་སོར་འཕྲོས་པའི་བདག་ཉིད་ཅན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས། །རྩ་རྣམས་ཀྱི་ནི་གྲངས་ཤེས་བྱ། ཞེས་སྙིང་ཁའི་རྩ་བརྒྱད་ལས་འཁོར་ལོ་གསུམ་གྱི་རྩ་གསུམ་གསུམ་དུ་ཕྱེ་པས་ཉེར་བཞིར་འགྲོ། དེ་རེ་རེ་ལ་སླར་ཡང་སྐུ་གསུང་ཐུགས་ཀྱི་རྩ་གསུམ་གསུམ་དུ་ཕྱེ་བས། དོན་གཉིས་དང་དེ་རེ་རེ་ལས་སྟོང་ཕྲག་རེ་གྱེས་པས་རྩ་བདུན་ཁྲི་ཉིས་སྟོང་དུ་འགྱུར་བར་གསུངས་སོ། །གསུམ་པོ་ཉེར་བཞིར་འགྲོ་བ་ནི་བརྒྱུད་ནས་ཡིན་ནོ། །རྒྱུད་དེར་རྩ་སྟོང་ཕྲག་དོན་གཉིས་ལ་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་དུ་བྱས་ནས། གཅིག་ནས་བྱང་སེམས་དཀར་པོ་དང༌། གཅིག་ནས་ཁྲག་དང༌། གཅིག་ནས་རླུང་འབབ་པར་གསུངས་ཤིང༌། གཙོ་བོ་ཡང་ནི་བསྡུས་པ་ལས། གནས་རྣམས་ཀྱི་ནི་གྲངས་སུ་འགྱུར། ཞེས་དེ་རྣམས་ཀྱི་གཙོ་བོ་བསྡུས་པས། ཡུལ་ཉེར་བཞིའི་རྩར་བཤད་པས། བྱང་སེམས་དཀར་པོ་རྒྱུ་བའི་རྩ་བརྒྱད་ནི། སྐུ་དང༌། ཁྲག་འབབ་པ་བརྒྱད་ནི་གསུང་དང༌། སེམས་བཞོན་པ་རླུང་དང་བཅས་པ་འབབ་པ་ནི་ཐུགས་ཀྱི་རྩ་ཞེས་བྱ་སྟེ། སཾ་བྷུ་ཊ་ལས། སྙིང་སྟོབས་ལུས་ཏེ་རྡུལ་ནི་ངག །མུན་པ་སེམས་ཀྱི་རང་བཞིན་ལས། ཞེས་སྙིང་སྟོབས་ཁུ་བ་ལུས་སམ་སྐུ་དང༌། རྡུལ་ཁྲག་ནི་ངག་དང༌། མུན་པ་སེམས་སུ་བཤད་པས། དེ་དག་རྒྱུ་བའི་རྩ་ལ་ཡང་སྐུ་གསུང་ཐུགས་ཞེས་བྱའོ། །ཡང་དེར་རྩའི་འཁོར་ལོ་སྡོམ་པའམ་སྡུད་པ་


JLD009_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི། རྩ་བདུན་ཁྲི་ཉིས་སྟོང་གནས་ཉེར་བཞིའི་རྩར་སྡུད་པར་གསུངས་ཏེ། འདི་ལ་སྟོང་ཕྲག་རེ་རེ་རང་རང་གི་གྱེས་གཞིའི་རྩ་རེ་རེ་ལ་འདུས་པ་ན། རྩ་དོན་གཉིས་སུ་འདུས། དེའི་རྩ་གསུམ་གསུམ་རང་རང་གི་གྱེས་གཞིའི་རྩ་རེ་ལ་འདུས་པ་ན་ཉེར་བཞིར་འདུའོ། །དེ་ནས་སྡོམ་ཚུལ་ཡང་དེ་ཉིད་ལས། སླར་ཡང་བསྡུས་ནས་འགྲོ་བ་ནི། །གསུམ་དང་རྣམ་བརྒྱད་དབྱེ་བ་ཡིས། །ཐུན་ཚོད་སྐད་ཅིག་སྦྱོར་བ་ཡིས། །རྩ་རྣམས་གོང་ནས་གོང་དུ་ནི། །ནང་དུ་འགྲོ་བར་ཤེས་པར་བྱ། ཞེས་ཉེར་བཞི་པོའི་གསུམ་གསུམ་རང་རང་གི་གྱེས་གཞི་ཉིན་མཚན་རེ་རེ་ལ་ཐུན་ཚོད་བཞི་བཞིར་ཕྱེ་བའི་ཐུན་བརྒྱད་ཀྱི་རྩ་ལ་འདུས། དེ་གཙོ་བོ་གསུམ་ལ་འདུས་པར་གསུངས་ནས། གཙོ་བོ་གསུམ་པོ་སླར་ཡང་ནི། །སྦྱོར་བས་གཅིག་པ་ཉིད་དུ་འགྲོ། ཞེས་རོ་རྐྱང་གཉིས་དྷཱུ་ཏཱི་ལ་སྦྱོར་བས་གཅིག་ཏུ་འགྲོ་བར་བཤད་པ་ནི། རྫོགས་རིམ་བསྒོམས་པའི་སྟོབས་ཀྱིས་ཐོག་མར་མིག་ལ་སོགས་པའི་སྒོ་དགུ་དང༌། སྨིན་མཚམས་དང་ལྟེ་བ་ནས་རླུང་ནང་དུ་ལྡོག་གོ །དེ་ནས་རྩ་དོན་གཉིས་སུ་འདུས་པ་ནས་མཐར་སྙིང་ཁའི་དྷཱུ་ཏཱིར་རོ་རྐྱང་གི་རླུང་བསྡུས་ནས་ལྷན་སྐྱེས་མཆོག་ཏུ་གྱུར་པ་སྐྱེ་བར་གསུངས་སོ། །དེ་ལ་ནི་མིག་ལ་སོགས་པའི་སྒོར་གནས་པའི་རྩ་རྣམས་སྒོ་མཚམས་མ་བརྒྱད་དུ་བསྐྱེད་པ་དང༌། ཡུལ་ཉེར་བཞིའི་རྩ་དང་དེ་ནས་རྒྱུ་བའི་ཁམས་རྣམས་དཔའ་བོ་དང་དཔའ་མོར་བསྐྱེད་པ་དང༌། སྙིང་ཁའི་འདབ་མའི་རྩ་བརྒྱད་རྣལ་འབྱོར་མ་བཞི་དང༌། ཐོད་པ་བཞིར་བསྐྱེད་ནས་བསྒོམ་པས། ད་གཟོད་སྔར་བཤད་པ་ལྟར་གྱི་རྫོགས་རིམ་སྐྱེ་བའི་རྒྱུད་


JLD009_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་བྱེད་དུ་འགྲོའོ། །སྙིང་ཁའི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་བྱང་སེམས་མཚོན་པའི་ཧཱུཾ་ཡིག་ལས་གཙོ་བོ་དང༌། ལྟེ་བའི་དམར་ཆ་ལས་”གཙོ་མོ་32བསྐྱེད་པ་གཉིས་ཞལ་སྦྱོར་དུ་བསྒོམས་པས་ནི། རོ་རྐྱང་གི་རླུང་དྷཱུ་ཏཱིར་ཚུད་ནས་ལྟེ་བའི་གཏུམ་མོ་འབར་ཏེ་སྙིང་ཁར་སླེབ། དེའི་རྐྱེན་གྱི་སྤྱི་བོའི་བྱང་སེམས་ཞུ་བ་ཡང་སྙིང་ཁར་སླེབ་ནས་དེར་དཔྱིད་དང་ཐིག་ལེ་སྙོམས་པར་ཞུགས་པས། དྲིལ་བུ་ཞབས་ཀྱི་རིམ་པ་དང་པོ་ནས་བཤད་པ་ལྟར། རྨོངས་པའི་རབ་རིབ་རྩད་ནས་གཅོད་པའི་ངེས་དོན་གྱི་ཧེ་རུ་ཀ །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ་ལ་སོགས་པ་སྐྱེ་བའི་ཐབས་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། །གཙོ་མོ་ཡང་རྩ་ནང་གི་ཁམས་ལས་སྐྱེད་པ་དང༌། སྔར་བཤད་པ་ལྟར་དཔའ་མོ་ཉེར་བཞི་ཡང་ལུས་ཀྱི་ཁམས་ལ་བཤད་པ་འདི་རྣམས་ལ་བརྟེན་ནས་ལུས་དཀྱིལ་གྱི་ལྷ་གང་བསྐྱེད་ཀྱང་རྩ་དང་ཁམས་གཉིས་ངོ་བོ་དབྱེར་མེད་དུ་བྱས་ནས་སྐྱེད་པ་དང༌། མཐར་ལྷ་སྡུད་པ་ན་ཕྱི་དཀྱིལ་ལ་བཤད་པའི་རིགས་པ་སྦྱར་ན་ཤིན་ཏུ་ལེགས་པར་མཐོང་ངོ༌། །གཞུང་ཆུང་ལས། ལྷ་རྣམས་རང་གནས་ཐིམ་བྱ་སྟེ། ཞེས་འབྱུང་བ་ནི་གནས་དེ་དང་དེའི་རྩ་དང་ཁམས་ལ་ཐིམ་ནས་རྩ་དང་ཁམས་ཀྱི་ངོ་བོར་གནས་པར་བསམས་པས། རྩ་དང་ཁམས་བྱིན་གྱིས་རློབ་པ་ཡིན་ལ། དེ་དང་སྔ་མ་གཉིས་སྤེལ་མར་བྱའོ། །དེ་ལྟར་བྱས་ན་གཞུང་ཆུང་ལས། དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །རྣལ་འབྱོར་ལུས་ཀྱི་དཀྱིལ་འཁོར་ནི། །སེམས་


JLD009_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རང་བཞིན་ཡོངས་ཤེས་ཤིང༌། །རྫོགས་པའི་ལམ་ལ་འཇུག་རྣམས་ལའོ། ཞེས་བཤད་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །འདི་ནི་ལོ་ནག་དྲིལ་གསུམ་གྱི་མན་ངག་བླ་མ་རྣམས་ལས་བརྒྱུད་པ་ལ་གཞི་བྱས་ནས་རྩ་བཤད་ཀྱི་རྒྱུད་དང་ཁུངས་ཐུབ་ཀྱི་གཞུང་འགྲེལ་རྣམས་ལ་ལེགས་པར་གཏུགས་ཏེ། མཐའ་ཆོད་པར་བཤད་པའི་བདེ་མཆོག་པའི་ཁྱད་ཆོས་ཆེན་མོ་ཞིག་ཡིན་པ་ཤེས་པར་གྱིས་ཤིག །ཐབས་རྒྱུད་རྡོར་ཕྲེང་གིས་མ་རྒྱུད་ཀྱི་གནད་མང་པོ་འཆད་པ་དང༌། ཤེས་རབ་ཀྱི་རྒྱུད་དཔལ་སྡོམ་པ་འབྱུང་བ་དང༌། རྡོ་རྗེ་གུར་གྱིས་ཕ་རྒྱུད་ཀྱི་གནད་མང་པོ་འཆད་མོད་ཀྱང༌། དེ་ལ་རྟོག་པ་ཞུགས་པ་ཉུང་བར་སྣང་ངོ༌། །གཞན་ཡང་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞི་ཕྱིའི་གནས་ཉེར་བཞིར་བསྐྱེད་པའི་མོས་པ་བརྟན་པོ་བྱས་ནས། དེར་བསྐྱེད་པའི་ལྷ་ཞེ་བརྒྱད་ལ་ཕྱིའི་ཡུལ་ན་བཞུགས་པའི་དཔའ་བོ་དང༌། དཔའ་མོ་དངོས་ཡིན་པའི་མོས་པ་དྲག་པོ་ཡང་ཡང་སྦྱངས་ཏེ་བསྒོམས་པ་ན་ཡུལ་དེ་དག་ན་བཞུགས་པའི་དཔའ་བོ་དང་དཔའ་མོས་བྱིན་གྱིས་རློབ་པ་ཆེས་ཤིན་ཏུ་མྱུར་བ་ཡིན་ཏེ། རྩ་བའི་རྒྱུད་ལས། ཛཱ་ལན་དྷ་ར་པུལླི་སོགས། །ཡུལ་འདི་དག་གི་བུ་མོ་གང༌། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། ཞེས་ཡིད་ལྟར་མགྱོགས་པའི་ཤུགས་ཀྱིས་གདུལ་བྱ་བྱིན་གྱིས་རློབ་པ་ལ་འཇུག་པར་གསུངས་ལ། དེའི་དོན་ཡང་འདིའི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །རྩ་ཡི་གཟུགས་ཀྱི་ས་གནས་སོ། ཞེས་གནས་ཉེར་བཞིར་རྩའི་ངོ་བོར་བསྒོམ་པར་གསུངས་པས་དེ་ལྟར་དུ་སྒོམ་པའི་


JLD009_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་འཇུག་པ་ཡིན་ནོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ན་དེ་དག་གི་རིགས་ཀྱི་ཕོ་ཉ་མོ་ནི། ཡུལ་ཉེར་བཞིར་མ་ཟད་ཡུལ་གཞན་མང་པོར་ཡང་གནས་པར་གསུངས་པས་སྔགས་སྐྱེས་ཀྱི་རྣལ་འབྱོར་མ་ཁྱད་པར་ཅན་དང་འདུ་བ་དང་པོར་རྙེད་ཅིང༌། དེ་ནས་སྔགས་སྐྱེས་ཀྱི་མཐུ་ལ་བརྟེན་ནས་ཞིང་སྐྱེས་དང་ཡང་འདུ་བ་རྙེད་ལ། དེ་ལ་བརྟེན་ནས་ལྷན་སྐྱེས་བསྐུལ་ནུས་པས་དེས་གྲོགས་མཛད་པ་དང༌། རྫོགས་རིམ་པའི་”སྤྱོད་པ་བྱེད་པ་ན33་གྲུབ་པའི་གནས་ཁྱད་པར་ཅན་རྣམས་སུ་བགྲོད་དགོས་ལ། དེར་བགྲོད་པ་དང་བགྲོད་ནས་གྲོགས་ཁྱད་པར་ཅན་དང་འདུ་བའི་རྒྱུར་ཡང༌། དཀྱིལ་འཁོར་གྱི་འཁོར་ལོའི་རྩིབས་ལ་ཡུལ་ཉེར་བཞིར་མོས་ནས་དེར་ལྷ་སྒོམ་པ་དང༌། ཁྱད་པར་དུ་ལུས་ལ་དེ་ལྟར་སྒོམ་པ་གཞན་ལས་བསྔགས་ཏེ་འདི་རྣམས་ཀྱང་བདེ་མཆོག་པའི་ཁྱད་ཆོས་སུ་ཤེས་པར་བྱའི། ཁྱད་ཆོས་ཅིག་བཤད་པར་འདོད་ནས་ལྟར་སྣང་གི་སྒྲུབ་བྱེད་ལ་ནན་ཏན་བསྐྱེད་པར་མི་བྱའོ། །གཉིས་པ་ནི། དེ་རྣམས་ཀྱིས་ནི་རྣལ་འབྱོར་དབང་ཕྱུག་གིས། སྐུ་ཡི་དཀྱིལ་འཁོར་དམ་པ་སྟེ། ཞེས་གསུངས་པའི་གསུང་ནུས་པ་ཅན་དུ་བསྟན་ནས། ད་ནི་སྐུའི་དཀྱིལ་འཁོར་འཆད་ཚུལ་སྟོན་པ་ནི། གནས་ཞེས་སོགས་ཏེ་གནས་དང་སོགས་ཀྱིས་བསྡུས་པ་ཉེ་བའི་གནས་ནས་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་བར་བཅུ་དང༌། རབ་དགའ་སོགས་ཡོངས་སུ་དག་པའི་ས་བཅུ་རིམ་པ་བཞིན་སྦྱོར་བས། དཔའ་མོ་ཉེར་བཞིའི་ལུས་དཀྱིལ་བཤད་པར་བྱའོ། །འདིར་གནས་ལ་


JLD009_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཐ་སྙད་དོན་གང་ལ་སྦྱར་བ་དང༌། དེ་ལྟར་མིང་འདོགས་པའི་རྒྱུ་མཚན་བསྟན་པ་གཉིས་ཀྱི་དང་པོའི་དབང་དུ་བྱས་ནས་ཕྱིའི་ཡུལ་འཛམ་བུའི་གླིང་གི་གྲུབ་པའི་གནས་ཡུལ་ཉེར་བཞི་གནས་ལ་སོགས་པར་གསུངས་པ་དང༌། ནང་ལ་སྦྱར་ན་ཕྱི་དཀྱིལ་གྱི་འཁོར་ལོའི་རྩིབས་ཉེར་བཞི་དང༌། ནང་གི་ལུས་ཀྱི་ཆ་ཉེར་བཞི་ཡང་གནས་ལ་སོགས་པར་བཤད་པ་ནི་རྟེན་གྱི་དབང་དུ་བྱས་པ་སྟེ་བདེ་མཆོག་གི་སྐོར་ནས་ཤིན་ཏུ་མང་ངོ༌། །བརྟེན་པའི་དབང་དུ་བྱས་ན་ཕྱིའི་ཡུལ་ཉེར་བཞི་ན་བཞུགས་པའི་ལྷ་དང་ལྷ་མོ་ཞེ་བརྒྱད་དང༌། ནང་ལ་སྦྱར་ན་ཕྱི་དཀྱིལ་གྱི་ལྷ་ཞེ་བརྒྱད་དང༌། ལུས་དཀྱིལ་གྱི་ལྷ་ཞེ་བརྒྱད་ལ་ཡང་གནས་ལ་སོགས་པར་བཤད་དོ། །ས་ལམ་གྱི་དབང་དུ་བྱས་ན། རྩ་བའི་རྒྱུད་ལས། དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་མ་ཡི་ས་དང་གནས། ཞེས་མཚམས་སྦྱར་ནས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་འདིར་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཚུནྡོ་ཧ་ནི་སྦྱང་དཀའ་བ། །ཉེ་བའི་ཚནྡོ་མངོན་གྱུར་ཉིད། །འདུ་བ་རིང་དུ་སོང་བ་ཡིན། །ཉེ་བར་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀ་གཞུང་དུ་སྤྱོད། །འདི་ནི་ནང་གི་བདག་ཅན་ས། །ཕ་རོལ་ཕྱིན་བཅུ་ས་རྣམས་ནི། །རྣལ་འབྱོར་མ་ཡི་བརྡ་ཡི་སྐད། ཅེས་གསུངས་ལ། ས་བཅུ་ལ་གནས་ལ་སོགས་པའི་མིང་བཏགས་པ་ནི། རྣལ་འབྱོར་མའི་བརྡའི་སྐད་ཡིན་པར་བསྟན་ནོ། །དཔའ་བོའི་བརྡའི་སྐད་ཅེས་པ་ཡང་དེ་འདྲ་བའི་ཐ་སྙད་རྣམས་ལ་ཟེར་ལ། ཀླ་ཀློའི་སྐད་ཅེས་པ་ཡང་བརྡའི་


JLD009_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་མན་སྙེར་བཤད་པས་དེ་རྣམས་དོན་འདྲའོ། །དོན་ནི་འཇིག་རྟེན་པ་དང་སྒྲ་པ་དང་བསྟན་བཅོས་གཞན་ལས་དོན་དེ་རྣམས་ལ་བརྡ་དེ་འཇུག་པར་མ་གྲགས་ལ། དེ་བཞིན་གཤེགས་པས་དོན་དེ་རྣམས་དགོངས་གཞིར་བྱས་ནས་བརྡ་མཛད་པ་ལ་ཟེར་རོ། །སཾ་བྷུ་ཊ་འཕྲོག་འགྱུར་ལས། འདུན་རྟོག་མངོན་གྱུར་ས་དྲུག་པ་དང༌། ཉེ་བའི་འདུན་རྟོག་ལྔ་པར་བྱས་ཀྱང༌། མན་སྙེ་དབང་འགྱུར་ལས། རྩ་རྒྱུད་དང་མཐུན་པར་བསྒྱུར་བ་ལེགས་ཏེ། འགྲེལ་པར་ཡང་དེ་བཞིན་དུ་བཤད་པའི་ཕྱིར་རོ། །བར་གྱི་ས་བཅུ་དངོས་སུ་སྨོས་པས་དེ་རྣམས་ཀྱི་རྒྱུ་མོས་སྤྱོད་ཀྱི་ས་དང༌། འབྲས་བུ་ཀུན་ཏུ་འོད་ཀྱི་ས་ཡང་ཤུགས་ཀྱིས་ཤེས་པ་དང༌། རྒྱུད་གཞན་དུ་འཐུང་གཅོད་ཅེས་པས་མོས་སྤྱོད་དང༌། ཉེ་པའི་འཐུང་གཅོད་ཀྱིས་ཀུན་ཏུ་འོད་བསྟན་པར་མན་སྙེ་ལས་གསུངས་ཏེ། ཀྱཻ་རྡོར་ལས་ས་བཅུ་གཉིས་སུ་གསུངས་པའི་དོན་ཡང་དེར་མུ་ཏིག་འཕྲེང་བར་བཤད་དོ། །མངོན་བརྗོད་ལས་རབ་དགའ་སོགས་བཅུའི་སྟེང་དུ་དཔེ་མེད་དང་ཡེ་ཤེས་ལྡན་ཏེ་བཅུ་གཉིས་དང༌། རྡོ་རྗེའི་ས་བཅུ་གསུམ་པར་གསུངས་པའི་ཆོས་ཀྱི་སྤྲིན་བཅུ་པ་ཙམ་དང༌། དཔེ་མེད་ནི་བཅུ་པའི་ཁྱད་པར་གྱི་ལམ་དང༌། ཡེ་ཤེས་ལྡན་ནི་བར་ཆད་མེད་ལམ་དུ་བཤད་པས་བཅུ་གསུམ་པོ་ས་བཅུ་གཅིག་ཏུ་འདུས་སོ། །འདིར་མན་སྙེ་ལས། གདུལ་བྱ་ལྔ་ལས་དབང་པོ་རྟུལ་པོའི་དོན་དུ་ཕྱི་རོལ་གྱི་གནས་ལ་སོགས་པར་བསྟན་པའི་ཤེས་བྱེད་དུ་དྲི་མ་མེད་པའི་འོད་དུ་གསུངས་པ་འདིར་ཐུན་མོང་དུ་བྱིས་པ་རྣམས་ཡུལ་


JLD009_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁྱམ་པའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པས་གནས་ལ་སོགས་པར་གསུངས་ཤིང་། དེ་ཡང་ཐབས་ཅན་ལ་ཁྱབ་པར་བྱེད་པར་མི་འགྱུར་རོ། །བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་མཐའི་རིགས་རྣམས་སུ་སྐྱེས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ནི། གྲོང་ཁྱེར་གཅིག་ན་ཡང་གནས་པའི་ཕྱིར་ན་བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་ལ་སོགས་པ་རྣམས་ཡོད་དོ། །དེ་རྣམས་ནི་བསྡུས་པའི་རྒྱུད་གཞན་དུ་མ་བསྟན་པ་རྣམས་སོ། །རྒྱས་པའི་རྒྱུད་གཞན་དུ་ནི་ཡུལ་ཐམས་ཅད་དང༌། གྲོང་ཁྱེར་ཐམས་ཅད་དུ་གནས་ལ་སོགས་པ་རྣམས་གསུངས་སོ། ཞེས་དྲངས་སོ། །དབང་པོ་འབྲིང་གི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་གྱི་རྩིབས་ལ་གནས་ལ་སོགས་པར་བཞག་པ་དང༌། གདུལ་བྱ་ཆེན་པོ་ལ་གསུམ་དུ་བྱས་པའི་ཆུང་ངུའི་དོན་དུ་ནང་གི་ལུས་ཀྱི་གནས་ཉེར་བཞི་ལ་གནས་ལ་སོགས་པར་བཞག་པ་དང༌། འབྲིང་གི་དོན་དུ་རྫོགས་རིམ་པས་ས་བོན་གྱི་ཡི་གེ་སོགས་ལ་མི་ལྟོས་པར་སྤྱི་བོ་སོགས་གནས་ལ་སོགས་པར་དང༌། རྩ་རྣམས་ལྷ་མོར་མོས་པར་བྱེད་པ་དང༌། ཆེན་པོ་རྫོགས་རིམ་ལ་གནས་པའི་དབང་དུ་བྱས་ནས་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་རབ་དགའ་སོགས་ལ་གནས་ལ་སོགས་པར་བཞག་པ་སྟེ་ལྔ་དང༌། ཐ་མ་ནི་ངེས་པའི་དོན་དང༌། དང་པོ་བཞི་ནི་ལྔ་པ་ལ་ལྟོས་ན་དྲང་བའི་དོན་ཏེ། རབ་དགའ་སོགས་གནས་ལ་སོགས་པར་བཞག་པའི་ས་དེ་དང་དེར་མོས་པ་ལས་འཇིག་རྟེན་ལས་འདས་པའི་ས་


JLD009_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསལ་བའི་ཆེད་དུ་འབད་པར་གྱུར་ན་ཅི་མ་རུང་སྙམ་དུ་དགོངས་པའོ་ཞེས་འཆད་དོ། །ལྷ་དང་དཀྱིལ་འཁོར་གྱི་ནང་གི་གནས་དང་མགུལ་རྒྱན་ལ་སོགས་པ་རྣམས་ལ་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པའི་ཕྱིན་དྲུག་དང༌། ཆོས་སོ་བདུན་དང༌། ས་བཅུའི་ངོ་བོར་མོས་ནས་དེ་གོམས་སྟོབས་ཀྱིས་ཇི་ལྟར་མོས་པ་བཞིན་དུ་མངོན་དུ་འགྱུར་བར་ཤེལ་སྒོང་རས་སྔོ་སེར་སོགས་ཀྱི་སྟེང་དུ་བཞག་པ་བཞིན་དུ་འགྱུར་བར་གསུངས་ཏེ། ཀུན་སྤྱོད་ལས། དེ་ནས་ཕ་རོལ་ཕྱིན་དྲུག་དང༌། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །གནས་སོགས་ས་ནི་བཅུ་པོ་རྣམས། །ཆེ་མཆོག་ལྷ་ཡི་བདག་ཉིད་ཅན། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ཡི་དངོས་གྱུར་ཏེ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། ཞེས་གསུངས་ཏེ་འདི་གལ་ཆེའོ། །དྲང་ངེས་ཀྱི་ཚུལ་གོང་ལྟར་ཡིན་པའི་ཤེས་བྱེད་དུ། མངོན་བརྗོད་ལས། མཁའ་འགྲོ་མ་ཀུན་འདི་ཉིད་དུ། །ཐུགས་རྗེ་ལྡན་རྣམས་རྣམ་པར་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །འགྲོ་བ་གསུམ་པོའང་འདི་ཉིད་དུ། །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་སོགས་འདི་ཁོ་ན་ལ་གནས། །དེ་བས་དེ་རུ་བསྐོར་བ་ཡིས། །སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་རྣམས་བསྐོར་བས་ཅུང་ཟད་མིན། །གལ་ཏེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་བས་ཅི་ཞིག་དགོས། །ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་


JLD009_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་འགྱུར། །དེ་བས་ཕྱིརོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །དཔའ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རྣམ་དག་ཡེ་ཤེས་ཅན་རྣམས་ཀྱིས། །རྡོ་རྗེ་རྣལ་འབྱོར་ཅན་རྣམས་གཟིགས། །ཐུགས་རྗེས་ཁྱབ་པའི་ཐུགས་ཀྱིས་ནི། །དེ་རྣམས་དགྱེས་པས་དངོས་གྲུབ་མཆོག །ཇི་ལྟར་འདོད་བཞིན་སྩོལ་བར་མཛད། ཅེས་དང༌། རང་གི་ལྷག་པའི་ལྷ་དམིགས་ཏེ། །དེ་ཁོ་ན་ཉིད་གཅིག་པུ་བསམ། །ལྐུགས་པའི་དངོས་པོར་རབ་གྱུར་པའི། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་མ་ཡིས་ཉེར་བསྟེན་པའི། །རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཡེ་ཤེས་འོད་ཟེར་མཆོག་མཐོང་ནས། །རྣལ་འབྱོར་མ་རྣམས་ལེགས་འདུ་སྟེ། །པད་མའི་འབྱུང་གནས་ཉམས་དགའ་བར། །ངང་པའི་ཚོགས་འདུ་ཇི་བཞིན་ནོ། །དཔའ་ལྡན་རྡོ་རྗེ་འཛིན་དངོས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །མིག་འཕྲུལ་མཁན་བཞིན་འཇིག་རྟེན་དུ། །སེམས་ཅན་ཀུན་གྱི་དོན་བྱེད་རྣམས། །སེམས་ནི་དག་པར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། ཞེས་གསུངས་པ་རྣམས་དྲངས་ཏེ། ལྷན་སྐྱེས་ཀྱི་བདེ་སྟོང་སྦྱོར་བའི་ལམ་ལ་ངེས་པ་ཆེན་པོ་སྟེར་བར་བྱེད་དོ། །མིང་གི་དོན་ལ་སའི་དབང་དུ་བྱས་ན་སྦྱིན་པས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པའི་གནས་དང་། བཟོད་པ་རབ་ཏུ་གྱུར་པས་མངོན་ཤེས་སོགས་ཕུལ་བྱུང་སྐྱེ་བའི་ཞིང་དང༌། ཚནྡོ་ཧའི་ཚནྡོ་འདུན་པ་དང༌། ཨུ་ཡིག་ཕྱུང་བའི་ཨུ་ཧ་རྟོག་པ་སྟེ་འདུན་རྟོག་དང༌། རང་གཞན་གྱི་དོན་ཕུན་སུམ་ཚོགས་


JLD009_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་དུ་གཉེར་བ་ནི། འདུན་པ་དང་འདི་ལྟ་འདི་ལྟར་བདག་གིས་དོན་དེ་བྱའོ་ཞེས་རྟོག་པ་དང༌། ཐབས་ཀྱི་ཕར་ཕྱིན་རབ་ཏུ་གྱུར་པས་ཏིང་ངེ་འཛིན་དང་མངོན་ཤེས་སོགས་མཚན་མ་མེད་པར་རྩོལ་བས་འདུ་བ་དང༌། བདག་མེད་པར་དུར་ཁྲོད་དང་མཚུངས་པའི་ཆོས་ཀྱི་དབྱིངས་རྟོགས་ནས་སེམས་ཅན་གྱིས་ཀྱང་དེ་རྟོགས་པའི་ཆེད་དུ་ཆོས་སྟོན་པ་སོགས་ལ་འབད་པ་ནི་དུར་ཁྲོད་དང༌། ཉེ་བའི་དོན་ནི་སྔ་མ་ལྔ་དང་ཉེ་བ་ཡིན་ལ། ཉེ་ལུགས་ནི་ཕན་གདགས་བྱ་དང་འདོགས་བྱེད་དུ་འབྲེལ་བ་དང༌། རང་གི་སྔ་མ་ལས་ཕུལ་དུ་བྱུང་བར་འགྱུར་བ་ཡང་ཉེ་བའི་དོན་དུ་དང༌། ཕྱི་རོལ་གྱི་གནས་དང་ཉེ་བའི་གནས་ལ་སོགས་པའི་ཉེ་བའི་དོན་ལ་སོགས་པ་ལྔ་ཡང་སྔ་མ་ལ་བརྟེན་ནས་དེ་དང་ཆ་མཐུན་པའི་དོན་ཤེས་པར་བྱའོ། །གསུམ་པ་ནི། པཱུ་ཛ་ལ་སོགས་པའི་ཡི་གེ་ཉེར་བཞི་ནི། པཱུལླི་ར་ལ་སོགས་པ་ཡུལ་ཉེར་བཞིའི་རྒྱ་སྐད་ཀྱི་མིང་ཡིག་ཐོག་མ་ཡིན་ལ། དེ་ལ་འགྲེལ་པ་གསུམ་དང་འཁྲུལ་སྤོང་སོགས་རྒྱ་གཞུང་དུ་མ་ལས། དེ་རྣམས་ཐིག་ལེས་བརྒྱན་པ་གནས་ཉེར་བཞིར་བཀོད་པ་ཡོངས་སུ་གྱུར་པ་ལས་གནས་དེ་རྣམས་རྩིབས་མེད་པའི་འཁོར་ལོའི་རྣམ་པར་སྐད་ཅིག་གིས་བལྟ་བར་བྱའོ། ཞེས་གསུངས་པའི་དོན་ནི། རྩིབས་མེད་པའི་འཁོར་ལོའི་ལྟེ་བ་རྐྱང་པ་སྒོམ་པར་སྟོན་པ་མིན་ཏེ། འཁོར་ལོ་ཚང་མ་ལ་ཡང་རྩིབས་ཁོ་ན་ལ་ལྷ་རྣམས་སྒོམ་པའི་ཕྱིར་དང༌། འདི་ཡང་ལྷའི་གནས་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །དེས་ན་འཁོར་ལོའི་རྣམ་པ་ཅན་ནི་རྩིབས་ཀྱི་སྟེང་ནས་ཡིན་པས། རྩིབས་ཀྱིས་སྟོང་


JLD009_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་རྩིབས་མེད་པ་ནི་རྩིབས་ཀྱི་ངོ་བོ་མེད་པ་དང༌། རྩིབས་ཤུན་གྱི་རྣམ་པ་ཅན་དང༌། ཕྱིའི་ཡུལ་རྣམས་དངོས་ཡིན་པར་བསམ་མོ། །ཡི་གེ་དེ་རྣམས་ལ་ཐིག་ལེས་བརྒྱན་པ་ནི་མན་ངག་གིས་ཡིན་པར་ལྭ་བ་པས་བཤད་དོ། །ཚུལ་དེས་གནས་ཉེར་བཞི་སྐྱེད་པ་ནི་བོད་ཀྱི་བླ་མ་སྔ་མ་གཞན་དག་མི་འདོད་ཀྱང༌། མཁས་པ་མར་དོས་ཡི་གེ་ཉེར་བཞི་ངག་ཏུ་བརྗོད་པས་ལུས་ཀྱི་གནས་རྣམས་སུ་འཁོར་ལོའི་རྩིབས་ཁོང་སྟོང་དམར་པོའི་སྟེང་དུ་ཉི་གདན་ལ་ལྷ་རྣམས་དགོད་པར་བཤད་དེ། གནས་རྣམས་སུ་དགོད་པ་ཡང་ལྭ་བ་པ་སོགས་ཀྱིས་བཤད་པས་དགོས་ཤིང༌། ཕྱིས་ཀྱི་མཁས་པ་དག་གིས་ཀྱང་འགྲེལ་པ་རྣམས་བཞིན་དུ་མཛད་པ་ལེགས་སོ། །བོད་ཁ་ཅིག་བདེ་མཆོག་ནས་པཱུལླི་ར་མ་ལ་ཡ་ལ་སོགས་པ་དང༌། དགྱེས་རྡོར་ནས་མི་ཕྱེད་མ་ལ་སོགས་པ་གསུངས་པ་རྣམས་མིང་གི་རྣམ་གྲངས་ཡིན་གསུང་བ་ནི་དོན་མིན་ཏེ། ཕྱིའི་ཡུལ་དང་དཀྱིལ་འཁོར་གྱི་ཤར་རྩིབས་སོགས་ལ་པཱུལླི་ར་ལ་སོགས་པར་བཤད་པ་དང་ནི་མི་ཕྱེད་མ་ལ་སོགས་པ་མིང་གི་རྣམ་གྲངས་སུ་འོང་དོན་མེད་པ་ནི་གོ་སླ་ལ། ནང་ལུས་ཀྱི་སྤྱི་བོ་ལ་སོགས་པ་ལ་བྱེད་ནའང་སྤྱི་བོ་དང་སྤྱི་གཙུག་དང་རྣ་བ་གཡས་གཡོན་སོགས་རྩ་མིན་པས་མི་ཕྱེད་མ་སོགས་མིན་ནོ། །ལྭ་བ་པ་དང༌། པྲཛྙཱ་རཀྵི་ཏའི་འགྲེལ་པ་ལས་ཀྱང་གནས་དེ་ན་གནས་པའི་རྩ་རྣམས་ཞེས་འབྱུང་པས། སྔར་པཱུལླི་ར་ལ་སོགས་པར་སྐྱེད་པའི་གནས་དེའི་རྩ་རྣམས་ལྷར་སྐྱེད་ཀྱི་གནས་དེ་རྣམས་ལྷར་སྐྱེད་པ་མིན་ནོ། །སྤྱི་བོ་དང་སྤྱི་གཙུག་དང་ལྟག་པའི་གནས་ནི། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་སྤྱི་བོ་ཞེས་པ་


JLD009_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྲའི་གནས་སོ། །སྤྱི་གཙུག་ཅེས་པ་ནི་གཙུག་ཕུད་ཀྱི་གནས་སོ། །རྒྱབ་ཀྱི་ཆ་ཞེས་པ་ནི་རྒྱབ་ཀྱི་དབུས་ཀྱི་གཞུངས་པ་གྱེན་དུ་ལངས་པའོ། ཞེས་བཤད་དེ་དང་པོ་ནི་སྐྲ་མཚམས་སོ། །འདི་དག་ནི་ཞེས་པ་ནི་ལྷ་དང་ལྷ་གནས་གཉིས་ཀ་ལ་བྱའོ། །ཁ་ཞེས་འབྱུང་བ་ནི་སྔར་བཤད་པ་བཞིན་ལྕེའི་རྩ་བའོ། །ཧི་མ་ལ་ཡ་ནི་ཆག་གིས་འདོམས་བར་དང༌། མར་དོས་ལྒང་པར་བསྒྱུར། རྡོ་རྗེ་མཁའ་འགྲོ་ལས་ཆུ་སོར་བསྒྱུར་ཡང༌། དོན་ནི་མན་སྙེ་ལས། ཆུ་སོ་ནི་ས་བོན་གྱི་སྦུགས་གཉིས་སོ་ཞེས་དང༌། མངོན་བརྗོད་འབྲོག་འགྱུར་ལས་བུ་ལ་བསྒྱུར་བ་ལྟར་བྱའོ། །ན་ག་ར་ལ་འདིར་སོར་མོ་རྣམས་ཞེས་སྤྱིར་འབྱུང་བ་བཞིན་དུ་རྡོ་རྗེ་མཁའ་འགྲོ་དང་མངོན་བརྗོད་དང་ཀུན་སྤྱོད་དང་སཾ་བྷུ་ཊ་ལས་ཀྱང་སྤྱིར་འབྱུང་ངོ༌། །བླ་མ་སྔ་མ་ཁ་ཅིག་མཐེ་བོང་བཞི་མ་གཏོགས་པའི་སོར་མོ་བཅུ་དྲུག་ལ་འདོད་པ་ལ། བླ་མ་གཞན་དག་སྡོམ་འབྱུང་དང་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་རྐང་སོར་ལ་བཤད་པས་སྔ་མ་མི་འཐད་ཅེས་འགོག་མོད་ཀྱང༌། མན་སྙེར། སོར་མོ་བཅུ་དྲུག་ན་ག་ར་རུ་སྡུ་གུ་མ་མྱོས་བྱེད་དང༌ཚིལ་བུའོ། ཞེས་བཤད་ལ། མཐེ་བོང་ནི་རྐང་པ་ལ་སོགས་པའི་མཐེ་བོང་གཉིས་སོ། ཞེས་ཀྱང་བཤད་པས་རྐང་པའི་མཐེ་བོང་དང་སོགས་ཀྱིས་ལག་པའི་མཐེ་བོང་ཡང་བཟུང་དགོས་པས་སྤྱིར་མཐེ་བོང་གཉིས་ཡིན་ཀྱང་ཕྱེ་ན་བཞི་ཡིན་པས་མ་རུ་མཐེ་བོང་བཞི་ལ་འདོད་པ་ཡང་མི་འཐད་པ་མིན་ནོ། །རྐང་པའི་རྒྱབ་ནི་བོལ་ལོ། །སྐུའི་འཁོར་ལོ་ཡང་སྔར་བཞིན་ཏེ། ལྷག་མ་ནི་འགའ་ཞིག་ནི་བཤད་ཟིན་ལ། མ་བཤད་པ་ཡང་


JLD009_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གོ་སླའོ། །ཕྱི་ནང་འདྲ་ཚུལ་ནི་ཕྱི་རོལ་དུ་པཱུལླི་ར་ལ་སོགས་པའི་གནས་རྣམས་ཀྱི་ཆུ་བོ་རྣམས་ཀྱིས་གནས་རྣམས་གསོ་བ་དང༌། ནང་དུ་ནི་སྤྱི་བོ་ལ་སོགས་པའི་གནས་རྣམས་ཀྱི་རྩ་རྣམས་ཀྱིས་སོ་དང་སེན་མོ་ལ་སོགས་པ་རྒྱས་པར་བྱེད་པ་གཉིས་འདྲ་ལ། ཕྱི་རོལ་དུ་རྡོ་རྗེའི་གདན་ནི་བྱང་ཆུབ་ཆེན་པོའི་གནས་དང༌། ཆུ་ཀླུང་ནེ་རཉྫ་ན་ཡིན་པ་བཞིན་དུ་ནང་དུ་རྡོ་རྗེའི་གདན་ནི་བདེ་བ་ཆེན་པོའི་འཁོར་ལོ་དང༌། ནེ་རཉྫ་ན་ནི་དྷཱུ་ཏཱིའོ། ཞེས་འཆད་དོ། །གསུམ་པ་ནི། སྔར་རྟེན་དང་བརྟེན་པ་སྐྱེད་པ་སོགས་ཀྱི་དོན་བསྡུ་བ་ནི། འདིར་རྐང་པ་བཞི་པ་ལ་ཆག་འགྱུར་ལས། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། ཞེས་འབྱུང་བའི་སྐུ་གཅིག་པ་ནི་གཅིག་པའི་སྐུ། ཞེས་བྱ་ལ་གཅིག་པ་སྟེ་དབྱེར་མེད་པའི་བཅོམ་ལྡན་འདས་ཀྱི་སྐུར་འགྱུར་བ་སྟེ་བསྐྱེད་ཅེས་པའོ། །དབྱེར་མེད་ལུགས་ཇི་ལྟར་ཞེ་ན། ནང་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས་ཕྱེ་བའི་འཁོར་ལོ་གསུམ་དང༌། ཕྱི་མཐོ་རིས་ཏེ་ས་བླ་དང༌། ས་སྟེང་དང༌། ས་འོག་གསུམ་རང་བཞིན་དབྱེར་མེད་པའི་བདག་ཉིད་གཅིག་ཏུ་གྱུར་པའོ། ཞེས་པའི་དོན་ཏེ། འགྲེལ་པ་གཞན་གཉིས་ཀྱི་དོན་ཁྱད་པར་གསལ་བྱེད་ཀྱིས་གསལ་དུ་བཏང་བ་ལྟར་རོ། །གང་ལས་བསྐྱེད་སྙམ་ན། ༀ་ཨཱཿ ཧཱུཾ་གི་ཡི་གེ་གསུམ་གྱི་རང་བཞིན་ལས་ཏེ། དེ་ལས་བྱུང་བ་ཞེས་པྲཛྙཱ་རཀྵི་ཏས་བཤད་དེ། དེ་ནི་སྔར་ནམ་མཁར་བཞག་པའི་ནཱ་དའོ། །དེ་ཟླ་བའི་སྟེང་དུ་བབས་ཏེ་ཡོངས་སུ་གྱུར་བའི་སྒོ་ནས་རང་གི་རང་བཞིན་ཧཱུཾ་གི་རྣམ་པར་རིམ་གྱིས་བསྐྱེད་ལ། དེ་ལས་ལྷན་ཅིག་སྐྱེས་དགའི་རང་བཞིན་ཧེ་རུ་ཀའི་སྐུར་རྫོགས་པར་སྐྱེས་པའོ། །བཤད་པ་དེ་དག་ལྟར་ན་


JLD009_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་ནམ་མཁར་ཡི་གེ་གསུམ་བཞག་པ་ལས་བྱུང་བའི་ནཱ་ད་འཇོག་པ་འདྲ་བ་ཅིག་ཡོད་ཀྱང༌། སྟོང་པར་སྒོམ་པའི་དུས་ཀྱི་ཡི་གེ་གསུམ་རིམ་གྱིས་བསྡུས་པའི་སྟོང་པ་ལས་ནཱ་ད་བྱུང་བར་སྔར་བཤད་པ་ལྟར་ཡིན་ནོ། །ཆག་འགྱུར་ལས་གསུམ་གྱི་རང་བཞིན་ལས་ཞེས་འབྱུང་བ་འགྲེལ་པ་དང་མཐུན་ནོ། །སྐད་ཅིག་ཅེས་པ་ནི་ཕྱག་མཚན་སོགས་ལ་མི་ལྟོས་པར་སྐྱེད་པའོ། །དེ་བཞིན་གཤེགས་པའི་རྡོ་རྗེས་ཀྱང་དེ་བཞིན་དུ་བཤད་པ་ནི་སྔར་མངོན་བྱང་གི་སྐབས་སུ་ཕྱག་མཚན་ལས་སྐྱེད་པ་དང་འགལ་དོགས་ཡོད་དོ། །རྣལ་འབྱོར་བདག་ནི་བཅོམ་ལྡན་འདས་མ་དང་བཅས་པ་ཉིད་དུ་རྫོགས་པའི་དོན་ནོ། །དེ་ནི་རྣལ་འབྱོར་ཞེས་པའི་དོན་སྦྱོར་བ་ལ་ཡང་འགྲོ་བས་དེའི་དོན་བཤད་པ་ན་ཡུམ་དང་སྦྱོར་བར་བཤད་པའོ། །ཕྱག་རྒྱ་ཅན་ནི་རང་དང་དུས་མཉམ་པ་ཁོ་ནར་ཤེས་རབ་མ་དང་བཅས་སོ་ཞེས་པའི་དོན་ནོ། །སྐད་ཅིག་རྣམ་པའི་ཞེས་པ་ནི་ཕྱག་མཚན་སོགས་ལ་མི་ལྟོས་པ་ཡིན་ལ། སྔ་མས་དེ་ལྟར་རྫོགས་ནས་ཡུམ་དང་སྦྱོར་བར་བཤད་པ་དེ་ཡང་རིམ་གྱིས་ཡིན་ནམ་སྙམ་པ་ལ། ཕྱི་མས་དུས་མཉམ་དུ་རྫོགས་པར་སྟོན་པས་སྔ་ཕྱི་གཉིས་མི་ཟློས་སོ། །ཆག་འགྱུར་ལས། ཀུན་ནས་ཐམས་ཅད་སྐད་ཅིག་སྟེ། ཞེས་འབྱུང་བའི་དོན་ནི། ཀུན་ནས་ནི་རྟེན་དང་བརྟེན་པ་ཐམས་ཅད་ཀུན་ཏུ་སྟེ་ལྷན་ཅིག་ཏུ་སྐད་ཅིག་སྟེ་དུས་གཅིག་ཏུ་རྫོགས་ཞེས་པའོ། །འདི་ཡང་རྟེན་བརྟེན་པ་དུས་གཅིག་ཏུ་སྐྱེད་པའི་ཁུངས་སོ། །སྐད་ཅིག་གིས་ནི་གསང་སྔགས་འདོན། ཞེས་པའི་སྐད་ཅིག་ནི་སྔར་དང་འདྲ་ལ། གིས་ནི་ཞེས་པ་


JLD009_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་སྐྱེད་པའི་སྔགས་སོ། །ལྭ་བ་པའི་འགྲེལ་པ་དང༌། པྲཛྙཱ་རཀྵི་ཏའི་འགྲེལ་པ་རྡོག་འགྱུར་ལས། རྫོགས་པ་དང་དུས་མཉམ་པ་ཁོ་ནར་སྔགས་གསུམ་འདོད་པར་བཤད་ལ། དེ་བཞིན་གཤེགས་པའི་རྡོ་རྗེས་སྐྱེ་བ་དང་དུས་མཉམ་པར་ཞེས་བཤད་ཀྱང༌། པྲཛྙཱ་རཀྵི་ཏའི་འགྲེལ་པའི་འགྱུར་ལས། སྐད་ཅིག་གིས་ནི་གསང་སྔགས་བརྗོད། ཅེས་པ་ནི། གསང་སྔགས་བརྗོད་པ་ལས་དུས་མཉམ་པ་ཉིད་དུ་རྫོགས་པའོ། ཞེས་བསྒྱུར་བ་ལེགས་ཏེ། སྔགས་བརྗོད་པ་འདི་ནི་རྟེན་དང་བརྟེན་པ་བསྐྱེད་པའི་དུས་ཀྱི་སྔགས་བརྗོད་ཚུལ་སྟོན་པ་ཡིན་པའི་ཕྱིར་དང༌། དུས་མཉམ་པ་ནི་རྟེན་བརྟེན་པ་གཉིས་དུས་མཉམ་པའི་དོན་ཡིན་པའི་ཕྱིར་རོ། །སྔགས་ཀྱི་ཚིག་གསུངས་པ་ལ་གསུམ་ཡོད་པའི་དང་པོ་ནི་ཡི་གེ་གསུམ་མོ། །གཉིས་པ་ནི་ༀ་སརྦ་སོགས་སོ། །གསུམ་པ་ནི་ༀ་བཛྲ་སོགས་སོ། །དེ་ལྟར་བཤད་པ་ནི་འགྲེལ་པ་གསུམ་གའི་ལུགས་ཡིན་ལ། དེ་ཡང་ལུས་དཀྱིལ་ལ་མི་སྦྱོར་བར། སྔར་ཕྱི་དཀྱིལ་བཤད་པའི་དོན་བསྡུར་བཤད་དོ། །ཇོ་བོ་ཆེན་པོས། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར་ནི། སྟོང་ཉིད་སྔོན་དུ་སོང་བའི་མངོན་བྱང་ལྔ་ལས། རྟེན་བརྟེན་པ་གཉིས་དུས་གཅིག་ལ་གྲུབ་པ་དང༌། སྐད་ཅིག་ཙམ་གྱིས་རྣལ་འབྱོར་བདག་ནི། ཧེ་རུ་ཀ་ཚང་བར་དམིགས་པ་དང༌། སྐད་ཅིག་ཕྱག་རྒྱའི་རྣམ་པ་ཅན་ནི། ཡུམ་གསལ་བར་དམིགས་པ་དང༌། སྐད་ཅིག་གིས་ནི་སྐུ་འཆང་ཞིང༌། ཞེས་པ་ནི་ཡེ་ཤེས་སེམས་དཔའ་དང༌། ཀུན་ནས་ཀུན་ཏུ་སྐད་ཅིག་ནི། ཏིང་ངེ་འཛིན་སེམས་དཔའ་དང༌། སྐད་ཅིག་


JLD009_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་གསང་སྔགས་འདོན་པ་ནི། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་སྐད་ཅིག་ལ་གྲུབ་པ་ལ་བཤད་དེ། སྔར་བཤད་པ་དང་མི་མཐུན་ཀྱང་ལུས་དཀྱིལ་ལ་མི་སྦྱོར་རོ། །ཡེ་ཤེས་སྒྲོན་མ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། ཞེས་པ་ནས། སྐད་ཅིག་སྟེ་ཞེས་པའི་བར་གྱིས། ཨ་ཨུ་མའི་ཡི་གེ་གསུམ་གྱི་རང་བཞིན་ཧཱུཾ་ལས་རྟེན་དང་བརྟེན་པ་ཐམས་ཅད་དུས་གཅིག་ཏུ་རྫོགས་པ་དང༌། ཡབ་ཡུམ་རྫོགས་པའི་དུས་སུ་གནས་གསུམ་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ། སྔགས་ལྷག་མ་གཉིས་ཀྱིས་བྱིན་གྱིས་རློབ་པ། སྐད་ཅིག་གིས་སྔགས་འདོན་པའི་དོན་དུ་བྱས་ནས་དེ་དག་ཀྱང་དབང་པོ་འབྲིང་གི་མངོན་རྟོགས་སྒོམ་པའི་དོན་དུ་འདོད་པ་ནི་དོན་མ་རྟོགས་པ་ཆེན་པོའི་བཤད་པའོ། །བཱི་ར་བཛྲས་བྱས་ཟེར་བ་ལས། ཡི་གེ་གསུམ་ཞེས་པ་མངོན་བྱང་ལས་སྐྱེད་པའི་སྐབས་ཀྱི་ཉི་ཟླའི་འོག་ཏུ་ༀ་དང༌། བར་དུ་ཨཱཿ སྟེང་དུ་ཧཱུཾ་བཀོད་པ་དང༌། སྐད་ཅིག་གིས་ཞེས་པ་རྫུས་སྐྱེས་དང༌། སྔགས་འདོན་པ་ནི་ཀུན་ཀྱང་ཧཱུཾ་འདོན་པ་དང༌། ༀ་ཨཱཿ ཧཱུཾ་སོགས་ནི་སྔར་ཡི་གེ་གསུམ་བཀོད་པ་བྱིན་གྱིས་རློབ་བ་ལ་འཆད་པ་ནི། མངོན་བྱང་ལས་སྐྱེད་པ་དང༌། རྫུས་སྐྱེས་གཉིས་འགལ་བ་སོགས་ཀྱི་སྐྱོན་ཆེར་ཆགས་པའི་བཤད་པའོ། །སྡོམ་འབྱུང་ལས། དཀྱིལ་འཁོར་སྐྱེད་པ་འདི་དང་ཕལ་ཆེར་འདྲ་བ་ཅིག་བཤད་པ་ནི། ས་བོན་སོགས་ལས་སྐྱེད་པ་ལ་བློ་བྱང་བའི་དབང་རྣོན་གྱིས་སྐད་ཅིག་ཙམ་གྱིས་སྐྱེད་པར་དེའི་འགྲེལ་པར་གསུངས་པ་ལྟར་ཡིན་པས་འདི་དང་སྐབས་མི་གཅིག་གོ །འདིར་མར་དོས་


JLD009_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཞེས་པ་ནས་སྐད་ཅིག་སྟེ་ཞེས་པའི་བར་ཕྱི་དཀྱིལ་ལ་མི་སྦྱོར་བར་ལུས་དཀྱིལ་ཁོ་ན་ལ་སྦྱར་ཞིང༌། སྐད་ཅིག་གིས་ཞེས་པའི་དོན་རྣམས་དཀྲོངས་བསྐྱེད་ཀྱི་དོན་དུ་བྱས་ནས་བརྟེན་པའི་ལུས་དཀྱིལ་ཐམས་ཅད་སྐད་ཅིག་གིས་དཀྲོངས་བསྐྱེད་དང༌། སྔགས་དང་པོའི་དོན་ནི་ཡུལ་ཉེར་བཞིའི་དཔའ་བོ་དང་དཔའ་མོའི་རང་བཞིན་ནི། བདག་གི་དམ་ཚིག་པའི་འཁོར་ལོ་གསུམ་གྱི་དཔའ་བོ་དང་དཔའ་མོ་འདི་དག་ཡིན་ཞིང༌། དེས་ཀྱང་རྣལ་འབྱོར་མ་ལྷག་མ་རྣམས་ཀྱང་མཚོན་པ་དང༌། སྔགས་གཉིས་པའི་དོན་ནི་དམ་ཚིག་པའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི། ངའི་ལུས་ཀྱི་དཀྱིལ་འཁོར་གྱི་དཔའ་བོ་དང་རྣལ་འབྱོར་མ་འདི་རྣམས་ཡིན་ནོ། ཞེས་པ་དང༌། སྔགས་གསུམ་པའི་དོན་ནི་ལུས་དཀྱིལ་གྱི་ལྷ་ཐམས་ཅད་བདེ་ཆེན་གྱི་ངོ་བོ་ཉིད་དོ་ཞེས་བྱིན་གྱིས་རློབ་པ་ལ་འཆད་དོ། །མལ་གྱོའི་རྗེས་འབྲང་དག་ཀྱང་གཞུང་དེ་རྣམས་ལུས་དཀྱིལ་ཉིད་ལ་སྦྱོར་བ་དང༌། མལ་གྱོའི་བཞེད་པ་བཀོད་པ་ན། རྩ་དང་རྩ་ནང་གི་ཁམས་རྣམས་དཔའ་བོ་དང་དཔའ་མོར་འོས་པ་ཙམ་བྱེད་པ་དང༌། གཞུང་གི་དོན་འཆང་པ་ན། སྐད་ཅིག་གིས་སྐྱེད་པ་དང༌། པྲཛྙཱ་རཀྵི་ཏས་རྟེན་དང་བརྟེན་པ་གཉིས་ཀ་ལྷན་ཅིག་ཏུ་སྐྱེད་པར་བཤད་པ་ཡང་རང་ལུགས་ལ་འཇོག་པ་དང༌། ༀ་ཞེས་བརྗོད་པའི་ཚེ་ལུས་དཀྱིལ་དང༌། འཛམ་བུ་གླིང་དང་འོག་མིན་ན་བཞུགས་པའི་སྐུའི་འཁོར་ལོ་གསུམ་དྲན་པར་བྱེད། དེ་བཞིན་དུ་ཨཱ་ཞེས་པས་གསུང་གསུམ་དང༌། ཧཱུཾ་ཞེས་པས་ཐུགས་གསུམ་དང༌། ༀ་སརྦ་ནས་ཙིཏྟའི་བར་གྱིས་ལྷ་རེ་གཉིས་པོ་ཐམས་ཅད་དྲན་ཏེ། དེ་མན་ཆད་


JLD009_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས། ཕྱི་དང་ལུས་ཀྱི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་དང༌། ཞིང་སྐྱེས་དང་ལྷན་སྐྱེས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རང་བཞིན་ང་ཡིན་ནོ་སྙམ་དུ་བྱས་ནས། སྔགས་གསུམ་པའི་དོན་ནི་སྔ་མར་མ་ཟད་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཀྱང་འཁོར་ལོ་ལྔའི་ལྷར་མོས་པ་བྱས་ལ། དེ་རྣམས་བདག་གི་ལུས་ཀྱི་ལྷ་དང་ཐ་མི་དད་པར་མོས་པའི་དོན་དུ་འཆད་དོ། །བོད་ཀྱི་བཤད་སྲོལ་དེ་གཉིས་ནི་ལུས་དཀྱིལ་གྱི་འོག་ཏུ་བཤད་པས་འཁྲུལ་གཞི་བྱས་ནས་ཕྱི་དཀྱིལ་གྱི་སྐྱེད་ཆོག་སྔར་བཤད་པའི་དོན་བསྡུར་མ་དགོངས་འདུག་པ། འགྲེལ་པ་གསུམ་གྱི་བཤད་པ་བཞིན་བྱ་དགོས་ལ། ལུས་དཀྱིལ་དཀྲོངས་བསྐྱེད་བྱེད་པ་མི་འཐད་པར་བསྟན་ཟིན་པ་དང༌། མལ་གྱོའི་བཞེད་པ་རང་ལུགས་ལ་འཇོག་པ་དང་སྐད་ཅིག་གིས་སྐྱེད་པ་གཉིས་འགལ་ཞིང༌། པྲཛྙཱ་རཀྵི་ཏའི་བཤད་པ་རང་ལུགས་པ་འགོད་པ་དང༌། ཕྱི་དཀྱིལ་ལ་མི་སྦྱོར་བ་ཡང་འགལ་ལོ། །དེའི་ཕྱིར་སྔགས་དོན་བཤད་པ་རྣམས་ཀྱང་འདིར་གཙོ་བོའི་དོན་སྐྱེད་སྔགས་སུ་བཤད་པ་མ་ཐོན་པས་མི་ལེགས་ཏེ། མཁའ་འགྲོ་རྒྱ་མཚོ་ལས། གསང་སྔགས་འདི་ནི་འདོན་པ་ན། །སྐད་ཅིག་རྣམ་པའི་རྣལ་འབྱོར་ལྡན། །སྐད་ཅིག་སྔགས་ལས་འབྱུང་བདག་ཉིད། །དཔའ་བོ་ཀུན་དང་རྣལ་འབྱོར་མའོ། ཞེས་སྐད་ཅིག་མའི་སྔགས་བརྗོད་པ་ལས། དཔའ་བོ་དཔའ་མོ་ཀུན་སྐྱེད་པར་གསུངས་པའི་ཕྱིར་དང༌། འགྲེལ་པ་གསུམ་གས་ཀྱང་སྔགས་དེ་སྐྱེད་སྔགས་གསུངས་པའི་ཕྱིར་རོ། །མཁའ་འགྲོ་རྒྱ་མཚོའི་སྐབས་དེར་བྱུང་བའི་སྔགས་དང༌། འདིའི་སྔགས་


JLD009_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཇི་བཞིན་དུ་མི་འདྲ་ཡང༌། སྐད་ཅིག་མའི་སྔགས་ལས་ལྷ་རྣམས་འབྱུང་བར་གསུངས་པ་འདྲའོ། །དེས་ན་སྔགས་གསུམ་པོ་འདི་རྟེན་དང་བརྟེན་པ་སྐྱེད་པའི་དོན་དུ་བརྗོད་པའི་ཚེ་ན་འབྱུང་འགྱུར་གྱི་ང་རྒྱལ་བྱེད་པ་ཡིན་ཏེ། འདི་སྐྱེད་སྔགས་སུ་བཤད་པའི་སྐབས་གཞན་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འོ་ན་ལུས་དཀྱིལ་རྫོགས་པའི་སྐབས་སུ་བཤད་པ་འདི་འདྲའི་སྐབས་སྔོན་དུ་བསྐྱེད་ཟིན་པ་ལ་བྱར་མི་རུང་ངམ་སྙམ་ན། བསྐྱེད་ཟིན་པ་ལ་ཡང་བྱེད་པ་ནི་འཆད་པར་འགྱུར་ལ། དེ་ལ་བྱེད་པའི་སྐབས་ནི་ཡེ་ཤེས་པ་བཅུག་པའི་རྗེས་སུ་བྱེད་པར་བཤད་པ་ལྟར་བྱ་ཡི། བཤད་པའི་སྐབས་འདིར་བྱེད་པ་ནི་མ་ཡིན་ནོ། །འདི་ནི་དྲིལ་བུ་པ་ལ་ཡང་ཤེས་པར་བྱའོ། །དེ་ལ་ༀ་ཨཱཿ ཧཱུཾ་ནི་སྐུ་གསུང་ཐུགས་མདོར་བསྟན་པའོ། །སརྦྦ་ནི་ཐམས་ཅད་དོ། །བཱི་ར་ནི་དཔའ་བོའོ། །ཡོ་གི་ནཱི་ནི་རྣལ་འབྱོར་མ་སྟེ། ལྷ་རེ་གཉིས་པོ་ཐམས་ཅད་ཡིན་ལ། གཞལ་ཡས་ཁང་དང་བཅས་པ་ལ་ཡང་བྱ་སྟེ། སྐྱེད་པའི་སྐབས་སུ་རྟེན་དང་བརྟེན་པ་གཉིས་ཀའི་སྐྱེད་སྔགས་སུ་འགྲོ་བའི་གནད་ཀྱིས་སོ། །ཀཱ་ཡ་ནི་དེ་ཐམས་ཅད་ཀྱི་སྐུ་སྟེ། སྔར་གྱི་ༀ་གྱི་དོན་ནོ། །ཝཱ་ཀ་ནི་དེ་ཐམས་ཅད་ཀྱི་གསུང་སྟེ་ཨཱཿ འི་དོན་ནོ། །ཙིཏྟ་ནི་དེ་ཐམས་ཅད་ཀྱི་ཐུགས་ཏེ་ཧཱུཾ་གི་དོན་བཤད་པའོ། །འོག་མིན་དང་ཡུལ་ཉེར་བཞི་ན་བཞུགས་པའི་ལྷ་ཙམ་དུ་མ་ཟད་ཕྱོགས་དུས་ཀུན་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་ཀུན་གྱི་སྐུ་གསུང་ཐུགས་ཀུན་ལ་གོ་བར་བྱའོ། །རྡོ་རྗེ་ནི་དེ་གསུམ་ག་ལ་སྦྱར་རོ། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །ང་རྒྱལ་འཛིན་ལུགས་ནི་སྔར་བཤད་པ་ཐམས་ཅད་དང༌། རང་གིས་བསྒོམས་པའི་ཕྱིར་དང་


JLD009_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་རང་དཀྱིལ་འཁོར་གྱི་གཙོ་བོར་བྱས་པ་དེའོ་སྙམ་པ་སྟེ། འདི་ལ་གཟུགས་སྐུའི་རྣམ་པ་ཅན་གྱི་ཧེ་རུ་ཀའི་ངོ་བོར་མོས་པ་དང༌། ལྷན་སྐྱེས་ཀྱི་བདེ་ཆེན་གྱི་ངོ་བོར་མོས་པ་གཉིས་ཤེས་དགོས་ལ། དེ་ཡང་ལྷན་སྐྱེས་ཀྱི་བདེ་ཆེན་ཧེ་རུ་ཀའི་གཟུགས་ཀྱི་སྐུར་ཤར་བར་མོས་ནས་དེའི་ངོ་བོར་མོས་པ་དྲག་པོ་བསྐྱེད་དོ། །བཛྲ་ནི་རྡོ་རྗེ་དང༌། ཤུདྡྷཿ ་ནི་དག་པ་དང༌། སརྦྦ་དྷ་རྨྨཿ ནི་ཆོས་ཐམས་ཅད་དང༌། ཤུདྡྷ་ཨ་ཧཾ་ནི་དག་པ་དེ་ངའོ་ཞེས་པ་སྟེ། ཕྱི་མའི་དོན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་ཀྱི་རྡོ་རྗེ་དང་དབྱེར་མེད་པར་ཞུགས་པའི་དག་པ་དེ་ལ་ང་རྒྱལ་འཇོག་པས་སྔར་བཤད་པ་ལས་རྒྱ་ཆེ་ཞིང༌། བཛྲ་ཤུདྡྷཿ ནི་དག་པ་དེ་དང༌། རང་ཉིད་དབྱེར་མེད་པར་མོས་པ་དེ་ཡང་རྡོ་རྗེ་ལྟར་བརྟན་པར་བྱ་བའི་དོན་ནོ། །བཞི་པ་གོ་བགོ་ཞིང་ཡེ་ཤེས་པ་བཅུག་ནས་དབང་བསྐུར་བ་ལ་གཉིས། གོ་ཆ་བྱ་ཞིང་ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་ནས་རྒྱས་གདབ་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཕྱི་དཀྱིལ་དང་ལུས་དཀྱིལ་བསྐྱེད་པའི་རྗེས་དེ་ནས་ཡབ་དང་ཡུམ་གྱི་གོ་ཆ་གཉིས་བགོ་བའི་ཚུལ་ཤེས་པས་གོ་བགོ་བ་སྔོན་དུ་བཏང་ནས་ཡེ་ཤེས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་འདྲེན་པ་སོགས་རྣམ་པར་བསྒོམ་པར་བྱའོ། །ཕ໊་ཞེས་སོགས་ཀྱི་སྔགས་དང་འབར་བའི་ཕྱག་རྒྱའི་སྦྱོར་བ་ཡིས་ཡེ་ཤེས་པ་སྤྱན་དྲངས་ལ། དམ་ཚིག་པའི་དཀྱིལ་འཁོར་གྱི་འཁོར་ལོར་གཞུག་པར་བྱའོ། །མྱུར་ཞེས་པ་ནི་འགྲེལ་པ་


JLD009_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ག་ནས་མཆོད་ཡོན་ལ་སོགས་པ་ལ་མི་ལྟོས་པར་རོ་ཞེས་འབྱུང་ལ། ཡང་འགྲེལ་པ་གསུམ་གར་འོག་ནས་རིག་མ་བཅུ་དྲུག་གིས་ཡེ་ཤེས་པ་ལ་མཆོད་པར་ཡང་བཤད་པ་གཉིས་མི་འགལ་བ་ནི་ལྷ་སྤྱན་དྲངས་ཟིན་པ་ལ་མཆོད་པའི་དབང་དུ་མ་བྱས་ཀྱི། སྤྱན་འདྲེན་པ་ལ་རྒྱུད་གཞན་ནས་མཆོད་ཡོན་གྱིས་སྤྱན་འདྲེན་པ་ལྟར་མི་བྱེད་པར་མྱུར་དུ་སྤྱན་དྲངས་ཞེས་པའི་དོན་ཡིན་པས་མི་འགལ་ལོ། །འོ་ན་སོགས་ཀྱི་དོན་གང་སྙམ་ན་སྤྱན་འདྲེན་པའི་ལྷ་བཞེངས་བཞུགས་ཀྱི་སྟངས་ཅན་ལ་རང་གིས་ཀྱང་དེ་ལྟར་བྱས་ནས་སྤྱན་འདྲེན་པར་བཤད་པ་སྡུད་པའམ། ཡང་ན་སོགས་ཀྱི་སྐད་དོད་ནི་དང་པོ་ལ་ཡང་འཇུག་པས་འདིར་དང་པོའི་དོན་དུ་བྱའོ། །གཉིས་པ་ལ་གཉིས། གོ་ཆ་བཅིང་བ་རྒྱས་པར་བཤད་པ་དང༌། ཡེ་ཤེས་པ་གཞུག་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། གོ་ཆ་འདི་རྣམས་དོན་གཉིས་ཤེས་པར་བྱ་བ་ལ། གོ་ཆ་ནི་ལྷ་ཅི་ཙམ་ཞིག་ལ་འགོད་སྙམ་ན། འདི་ལ་ཁ་ཅིག་མངོན་བརྗོད་ལས། གོ་ཆ་གཉིས་པོ་ཉིད་དག་ཀྱང༌། །འཁོར་ལོ་ཀུན་ལ་རྣམ་བསྒོམས་ནས། ཞེས་གསུངས་པས་ལྷ་ཐམས་ཅད་ལ་གོ་ཆ་བྱེད་པར་བཤད་ཟེར་མོད་ཀྱང༌། དེའི་འགྲེལ་པར། འཁོར་ལོ་ཀུན་ལ་ལུས་ཀྱི་དཀྱིལ་འཁོར་བསམ་པར་བཤད་ཅིང༌། འཁོར་ལོ་ཀུན་ལ་གོ་ཆ་བགོ་བ་མ་བཤད་ལ། མངོན་བརྗོད་ཀྱི་འགྱུར་གཞན་མང་པོ་ལས། གོ་ཆ་གཉིས་པོ་བགོ་བར་བྱ། །འཁོར་ལོ་ཐམས་ཅད་རྣམ་བསྒོམས་ནས། ཞེས་འབྱུང་བས་གཞུང་དེས་འཁོར་ལོ་ཐམས་ཅད་ལ་གོ་ཆ་སྒོམ་པར་སྟོན་པ་མིན་ནོ། །ཡང་ནག་པོ་པའི་དཀྱིལ་ཆོག་


JLD009_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དཔའ་བོ་ཀུན་དང་རྣལ་འབྱོར་མ། །གོ་ཆ་གསུམ་གྱིས་བརྒྱན་པ་ཡིན། ཞེས་པས་ལྷ་ཐམས་ཅད་ལ་གོ་ཆ་བྱེད་པར་བསྟན་ཟེར་བ་ཡང་མར་དོས་བསྒྱུར་བའི་འགྱུར་གཉིས་ཡོད་པའི་གཅིག་ལ། དཔའ་བོ་རྣལ་འབྱོར་མ་ཀུན་གྱི། །གོ་ཆ་གསུམ་གྱིས་ཞེས་འབྱུང་ལ། །གཅིག་ལས། དཔའ་བོ་ཀུན་དང་རྣལ་འབྱོར་མའི། །གོ་ཆ་ཞེས་འབྱུང་བས། བུམ་བཟླས་བྱེད་མཁན་གྱི་སློབ་དཔོན་ལ་དཔའ་བོ་དང་རྣལ་འབྱོར་མའི་གོ་ཆས་བརྒྱན་པའི་དོན་ཡིན་གྱི། དཔའ་བོ་དང་རྣལ་འབྱོར་མ་ཀུན་ལ། གོ་ཆ་གསུམ་གྱིས་བརྒྱན་ཞེས་པ་མིན་པའི་ཕྱིར་དང༌། དཀྱིལ་ཆོག་གི་འགྲེལ་པར་མར་དོས། སྔར་སྒྲུབ་ཐབས་སྒོམ་དུས་སུ་གོ་ཆ་གསུམ་བྱས་པའམ། ཡང་ན་རང་ལ་གོ་ཆ་ཆེན་པོ་དང༌། དཔའ་བོའི་གོ་ཆ་གཉིས། ཕྱག་རྒྱ་ལ་དཔའ་མོའི་གོ་ཆ་བཀོད་པ་གསུམ་ལ་འཆད་དོ། །གཞུང་དེ་ནི་རྩ་རྒྱུད་ཀྱི་ལེའུ་ཉེར་བདུན་པ་ན་ཡོད་པ་བཀོད་པར་སྣང་ལ། རྩ་རྒྱུད་ལོ་ཆེན་གྱི་འགྱུར་གྱི་ཇོས་བཅོས་པ་ལ། དཔའ་བོ་ཀུན་དང་རྣལ་འབྱོར་མ། །གོ་ཆ་རྣམ་པ་གཉིས་ཀྱིས་བརྒྱན། ཞེས་དཔེ་ཁ་ཅིག་ལས་འབྱུང་བ་ལ་ཡང་། འི་མེད་པ་མ་དག་སྟེ། དེར་ཡང་སྤྱོད་པ་བྱེད་པའི་གང་ཟག་ཆས་འཇུག་བྱས་པ་ཅིག་གི་སྤྱོད་ལམ་གྱི་སྐབས་སུ་སྣང་བའི་ཕྱིར་རོ། །མལ་གྱི་འགྱུར་ལ་དེ་ཆད་ཀྱང༌། འགྱུར་གྱི་ཕྱི་མོ་མ་དག་པར་གསལ་ལ། མར་དོ་གཅིག་པུས་བསྒྱུར་བའི་འགྱུར་གཉིས་སྣང་བ་ལས། དཔའ་བོ་དཔའ་མོ་ཐམས་ཅད་ནི། །གོ་ཆ་གསུམ་གྱིས། ཞེས་འབྱུང་ཡང་སྔ་མ་ལྟར་དག་གོ །ཀུན་སྤྱོད་ལས། དཔའ་མོའི་གོ་ཆ་དྲུག་བཤད་


JLD009_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐར། གོ་ཆ་དྲུག་ཉིད་ཕག་མོ་སྟེ། ཞེས་གསུངས་པས་དེའི་ལེའུ་སྔ་མར་ལྷ་ཚང་བར་བཤད་པའི་མཚམས་ཡིན་ཀྱང༌། ༀ་བཾ་སོགས་ཀྱི་གོ་ཆ་དྲུག་ཕག་མོ་ལ་འགོད་པར་བཤད་པས། ༀ་ཧ་སོགས་དྲུག་ཀྱང་གཙོ་བོ་ལ་འགོད་པར་གསལ་ཏེ། སྡོམ་འབྱུང་དང་ཀུན་སྤྱོད་གཉིས་ཀྱང་གོ་ཆ་འདྲ་བར་སྣང་བས། དེའི་དགོངས་པ་ཡང་དེ་བཞིན་ནོ། །དེའི་ཕྱིར་ལཱུ་ཨི་པའི་གཞུང་ཡང་སྡོམ་འབྱུང་དང་མཐུན་ནོ། །མངོན་བརྗོད་ལས། ལངས་པའི་དུས་སུ་གོ་ཆ་འགོད་པར་བཤད་པ་མང་ལ། དེ་ལྟ་ན་ནི་སྔ་མ་དང་འདྲ་ཞིང༌། གཞན་སྒྲུབ་ཐབས་སྒོམ་པའི་སྐབས་སུ་འགོད་གཞི་གསལ་བར་མི་སྣང་ངོ༌། །ལཱུ་ཨི་པ་དང་དྲིལ་བུ་པའི་ལུས་དཀྱིལ་ལས། གོ་ཆ་བཅུ་གཉིས་འགོད་པར་གསུངས་ཀྱང༌། ལྷ་གང་ལ་འགོད་མི་གསལ་ལ། དྲིལ་བུ་པའི་ལྷ་ལྔར་ནི། གཙོ་བོ་ཡབ་ཡུམ་བསྐྱེད་ཅིང་འཁོར་མ་བསྐྱེད་པའི་བར་དུ་གོ་ཆ་བཀོད་པས་གཙོ་བོ་ཡབ་ཡུམ་ཉིད་ལ་འགོད་དོ། །ནག་པོ་སྤྱོད་པའི་སྒྲུབ་ཐབས་ལས་ནི། གཙོ་བོ་ཡབ་ཡུམ་གཉིས་ཙམ་ལ་བཀོད་ཀྱི། གཞན་ལ་མ་བཀོད་དོ། །ཡི་གེ་བདུན་པའི་སྒྲུབ་ཐབས་སུ་ཡང་དེ་དང་འདྲའོ། །ལཱུ་ཨི་པའི་འགྲེལ་པར་ལྭ་བ་པས། དཔའ་བོའི་གོ་ཆ་ཁ་དོག་དྲུག་པའི་ཡི་གེ་དྲུག །ལྷ་དང་དབྱེར་མེད་དུ་བྱས་ནས་འགོད་པར་བཤད་པའི་མཇུག་ཏུ་དེ་ཁོ་ན་བཞིན་དུ་བཅོམ་ལྡན་འདས་མ་ལ་ཡང་ངོ་། ཞེས་ལྷ་དང་སྔགས་དྲུག་དབྱེར་མེད་དུ་བྱས་ནས་འགོད་པ་གཙོ་མོ་ལ་ཡང་བྱ་བར་བཤད་པས། གོ་ཆ་སྔ་མ་དྲུག་ཡབ་ལ་འགོད་པར་ཤེས་ཏེ། པྲཛྙཱ་རཀྵི་ཏའི་འགྲེལ་པར་


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next