Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  collapse section
   
   
   
   
ཤོག་ལྷེབ་ ༥༠༡ ནས་ ༥༩༥ བར།
   
   
   
   
   


 
previousཤོག་ལྷེབ་ ༥༠༡ ནས་ ༥༩༥ བར།next

ཤོག་ལྷེབ་ ༥༠༡ ནས་ ༥༩༥ བར།


JLD009_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་བཞིན་དུ་བཤད་ཅིང༌། ཁྱད་པར་དུ་དེ་ལས། དེ་བཞིན་དུ་བཅོམ་ལྡན་འདས་མའི་ༀ་བཾ་ཞེས་བྱ་བ་ལ་སོགས་པའོ། ཞེས་བསྒྱུར་བ་ལེགས་སོ། །མན་སྙེ་དང༌། འཁྲུལ་སྤོང་དང༌། རྒྱལ་བ་བཟང་པོ་དང༌། ཛ་ཡ་སེ་ནས་ཀྱང་གཙོ་བོ་ཡབ་ཡུམ་ཉིད་ལ་འགོད་དོ། །བྲམ་ཟེ་རིན་ཆེན་རྡོ་རྗེ་དང༌། ཉིན་མོ་མཛད་དང༌། དེ་བཞིན་གཤེགས་པའི་རྡོ་རྗེས་ནི། ལྷ་ཐམས་ཅད་ལ་གོ་ཆ་བྱེད་པར་ཡང་བཤད་དོ། །དེ་ལྟར་མང་དུ་ཡོད་ཀྱང་ལོ་དྲིལ་ནག་གསུམ་གྱི་སྒྲུབ་ཐབས་ཀྱི་སྐབས་སུ་ནི། གཙོ་བོ་ཡབ་ཡུམ་ཙམ་ཞིག་གོ་ཆ་འགོད་པའི་གཞིར་གཟུང་ངོ་། །དེ་ཡང་གཞིའི་ཧེ་རུ་ཀ་ཡབ་ཡུམ་སྟེ། ཕག་མོ་མངོན་འབྱུང་ལས་གསུངས་པ་ལྟར་ཡུམ་རྐྱང་ལ་བཀོད་པ་ཡང་མང་ངོ༌། །སྤྱིར་ནི་གོ་ཆའི་ལྷ་རྣམས་ཕྱིའི་དཀྱིལ་འཁོར་ལ་འགོད་པ་དང༌། ལག་པ་ལ་འགོད་པ་སོགས་མང་དུ་ཡོད་དོ། །འོ་ན་དེ་ལ་འགོད་པའི་གོ་ཆ་ཡང་ཇི་ལྟ་བུ་སྙམ་ན། ལྭ་བ་པས། སྔགས་དང་ལྷ་རྣམས་ཐ་དད་མེད་པས་སྔགས་ཉིད་འགོད་པ་དང༌། ཡང་ན་སྔགས་རྣམས་ལས་བསྐྱེད་པའི་ལྷ་འགོད་པའི་ཚུལ་གཉིས་བཤད་དེ། པྲཛྙཱ་རཀྵི་ཏས་ཀྱང་དེ་བཞིན་དུ་བཤད་དོ། །འདོད་བྱའི་སྔགས་ནི་རྩ་རྒྱུད་ལས། ཡི་གེ་བཾ་དང་ཡོཾ་དད་ནི། །ཡི་གེ་མོཾ་དང་ཧྲིཾ་ཉིད་དང༌། །ཧཱུཾ་དང ཕཊ་ཅེས་སྦྱར་བ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་བཤད། ཅེས་དཔའ་མོ་དྲུག་གི་གོ་ཆའི་སྔགས་གསུངས་ལ། སྦྱར་བའི་དོན་ནི། ༀ་ཧཾ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ་དྲུག་གི་སྔོན་དུ་སྦྱོར་བ་ལ། སྐལ་ལྡན་དང་རྒྱལ་བ་བཟང་པོས་བཤད་དོ། །དཔའ་བོ་དྲུག་གི་


JLD009_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱང་དེ་ཉིད་ལས། ཡ་སྡེ་བརྒྱད་པའི་ས་བོན་དང༌། །དེ་བཞིན་གུག་དཀྱེད་བཅུ་གཉིས་ཀྱིས། །ཡི་གེ་བར་མ་དོར་བྱས་ལ། །ཡན་ལག་དྲུག་ཧེ་རུ་ཀར་བརྗོད། །དཔའ་བོ་དྲུག་དང་མཉམ་སྦྱོར་བ། །ཡི་གེ་གཅིག་ཏུ་ཡང་དང་གནས། །ༀ་ན་མ་སྭཱཧཱ་བཽ་ཥཊ། །ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། ཞེས་གསུགས་སོ། །དེ་ལ་ཡ་ནས་བཟུང་སྟེ། ཧའི་བར་ནི་ཡ་སྡེ་བརྒྱད་དོ། །བརྒྱད་པའི་ས་བོན་ནི་ཧའོ། །ད་ལ་རྀ་ལྀ་བཞི་སྤངས་པར་གུག་བཀྱེད་དབྱངས་བཅུ་གཉིས་ཀྱིས་མཛེས་པར་བྱས་པས། ཧ་ཧཱ་ནས་ཧཾ་ཧཿ ཞེས་པའི་བར་བཅུ་གཉིས་སོ། །དེའི་ཡི་གེ་བར་མ་རིང་པོ་ལྔ་དང་ཐ་མ་དོར་ནས། ཧ་ཧི་ཧུ་ཧ་ཧཾ་ཧོ་སྟེ་ཐུང་ངུ་དྲུག་བཞག་གོ །དེ་ནི་ཧེ་རུ་ཀའི་སྙིང་ཁ་ལ་སོགས་པའི་ཡན་ལག་དྲུག་ཏུ་བརྗོད་དེ། དེ་ཡང་རྟེན་དང་བརྟེན་པའི་ཡི་གེ་གཉིས་ངོ་བོ་དབྱེར་མེད་པའམ། དོན་དམ་པར་ཐ་མི་དད་པའོ། །ཡི་གེ་གཅིག་ཏུ་ཞེས་པ་ལ། ཡི་གེ་རེ་རེ་ཞེས་འབྱུང་བ་དག་པས། ཧ་ཧི་ལ་སོགས་པའི་ཡི་གེ་རེ་རེ་གནས་པ་ནི། ༀ་ནས་ཕཊ་ཀྱི་བར་གྱི་དཔའ་བོ་དྲུག་དང་མཉམ་པར་སྦྱར་བར་བྱ་སྟེ། ཡི་གེ་རེ་རེ་བ་རྣམས་ཀྱི་སྔོན་དུའོ། །འདི་ནི་སྐལ་ལྡན་གྲགས་པའི་འགྲེལ་པའི་ལུགས་སོ། །རྩ་རྒྱུད་ཀྱི་སྔགས་ཇི་བཞིན་དུ་ཀུན་སྤྱོད་དང་སྡོམ་འབྱུང་ལས་ཀྱང་གསུངས་ལ། ལོ་དྲིལ་གཉིས་ཀྱི་གཞུང་དུ་བཀོད་པ་དེ་རྣམས་དང་མཐུན་ནོ། །ནག་པོ་པས་བཅུ་གཉིས་པོ་རེ་རེའི་ཐོག་མར་ༀ་ཡིག་སྦྱར་བ་ནི། རྡོ་རྗེ་མཁའ་འགྲོ་ལ་བརྟེན་པའོ། །མངོན་བརྗོད་ལས། སྐུ་གསུང་ཐུགས་དམ་ཚིག་སོགས་ཀྱི་བདེ་མཆོག་རིགས་སོ་སོ་ལ་གོ་ཆ་གཉིས་ཀྱི་སྔགས་རྣམས་རྩ་རྒྱུད་དང་འདྲ་བ་དང་མི་འདྲ་བ་དུ་མ་ཞིག་བཤད་དོ། །གོ་ཆའི་


JLD009_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ནི་མངོན་བརྗོད་ལས། པདྨ་འདབ་མ་ལྔ་པའི་དབུས་སུ་ཕག་མོ་དང༌། ཤར་ནས་གཡོན་སྐོར་དུ་གཤིན་རྗེ་མ་ནས། ཙཎྜི་ཀའི་བར་ལྔ་བཀོད་ནས། རྡོ་རྗེ་སེམས་དཔའ་སོགས་དྲུག་དང་མཉམ་པར་སྦྱོར་བ་བཤད་དེ། གནས་ཀྱི་ངོ་བོ་རུ་ཡུམ་བཞུགས་ནས་ཡབ་ཀྱིས་འཁྱུད་པ་དང༌། ཕག་མོ་ནི་ཞལ་གསུམ་ཕྱག་དྲུག་པ་དང༌། ལྷ་མོ་གཞན་ལྔ་ཞལ་གཅིག་ཕྱག་བཞི་པ་དང༌། སྐུ་མདོག་ནི་རིམ་པ་བཞིན་དུ། དམར། སྔོ། དཀར། སེར། ལྗང་གུ །དུ་བའི་མདོག་ཅན་དང༌། རྡོར་སེམས་སོགས་ནི་རིམ་པ་བཞིན་དུ། དཀར། སེར། དམར། སྔོ། དམར། ལྗང་དང༌། རྡོར་སེམས་ཞལ་གསུམ་ཕྱག་དྲུག་པ། གཞན་ལྔ་ཞལ་གཅིག་ཕྱག་བཞི་པར་བཤད་ཅིང༌། ཡང་ན་སོ་སོར་བསྒོམ་པར་བྱ། ཞེས་ཡབ་ཡུམ་ཕྲན་ནས་སྒོམ་པར་ཡང་བཤད་ལ། ཡང་ན་ཐམས་ཅད་ཞལ་དྲུག་ཕྱག་བཅུ་གཉིས་པར་སྒོམ་པར་ཡང་བཤད་དོ། །སྒྲུབ་ཐབས་ཀྱི་འགྲེལ་པ་ལྭ་བ་པས་མཛད་པ་དང༌། པྲཛྙཱ་རཀྵི་ཏས་རྡོར་སེམས་ཀྱི་རྩ་ཞལ་དཀར། གཡས་དམར། གཡོན་ནག །ཕྱག་དྲུག་གི་གཡས་གསུམ་ན། རྡོ་རྗེ་དང༌། ཌཱ་མ་རུ་དང༌། མགོ་བོ། གཡོན་གསུམ་ན། དྲིལ་བུ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པར་བཤད་དེ། འཁྲུལ་སྤོང་ལས་ཀྱང་དེ་བཞིན་ནོ། །རྒྱུད་ན། རྡོ་རྗེ་དྲིལ་ཐོད་ཁ་ཊྭཱཾ་ག །རལ་གྲི་ཅང་ཏེའུ་མགོ་བོ་འཆང༌། ཞེས་རལ་གྲི་ཞེས་ལྷག་པོ་གཅིག་འཆད་དོ། །གཞན་ལྔ་པོའི་ཞལ་ཕྱག་གི་གྲངས་དང་ཁ་དོག་སྔར་དང་འདྲ། གཡས་གཉིས་ཀྱི་དང་པོ་ན་རིམ་པ་བཞིན་དུ་འཁོར་ལོ་དང༌། པདྨ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་


JLD009_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རལ་གྲི། འོག་མ་ན་ཌཱ་མ་རུ་དང༌། གཡོན་གཉིས་ན་དྲིལ་བུ་དང༌། ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་འཛིན་པར་བཤད། རྒྱུད་ལས་ཕྱག་བཞིས་ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། ཅང་ཏེའུ་དང་དྲིལ་བུ་འཛིན་པར་བཤད་ཀྱང༌། དེའི་འོག་གི་སྐབས་སུ་རང་རྟགས་ཀྱི་ཕྱག་མཚན་འཛིན་པ་ཡང་བཤད་དོ། །དཔའ་མོ་དྲུག་གི་སྐུ་མདོག་དང་ཞལ་ཕྱག་གི་གྲངས་ནི་སྔར་དང་འདྲ་ལ། ཕག་མོ་ནི་དམར་སྔོ་ལྗང་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་ན་ལྕགས་ཀྱུ་དང༌། ཚངས་མགོ་དང༌། གྲི་གུག་དང༌། གཡོན་གསུམ་ན་ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། ཞགས་པ་འཛིན་པ་དང༌། ལྷག་མ་ལྔའི་གཡས་གཉིས་ན་ཌཱ་མ་རུ་དང་གྲི་གུག །གཡོན་གཉིས་ན་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང༌། དྲིལ་བུ་འཛིན་པར་བཤད་དེ། རྒྱུད་ནའང་དེ་བཞིན་དུ་ཡོད་དོ། །ཡབ་ཡུམ་ཐམས་ཅད་ཀྱང་གཡས་བརྐྱང་གིས་གདན་ལ་བཞུགས་པ། དཀར་པོ་རྣམས་ཟླ་གདན་དང༌། ཟླ་བའི་འོད་ཀོར་ཅན། གཞན་རྣམས་ཉི་མའི་གདན་དང༌། དེའི་འོད་ཀོར་ཅན་ནོ། །དཔའ་བོ་རྣམས་ཕྱག་རྒྱ་དྲུག་པ་དང༌། ཐོད་པའི་དབུ་རྒྱན་དང༌། མགོ་བོའི་དོ་ཤལ་དང༌། སྤྱན་གསུམ་པ། སྟག་ལྤགས་ཅན་དང༌། དཔའ་མོ་རྣམས་ཕྱག་རྒྱ་ལྔ་པ་དང༌། གཅེར་མོ་སྐྲ་གྲོལ་བ་དང༌། སྤྱན་གསུམ་པ་དང༌། ཐོད་པའི་དབུ་རྒྱན་དང་མགོ་ཕྲེང་ཅན་ནོ། །རྩ་རྒྱུད་ཀྱི་འགྲེལ་པ་རྣམས་སུ་ཚུལ་འདི་ལས་གཞན་དུ་བཤད་པའང་ཡོད་དོ། །སྒྲུབ་ཐབས་ཀྱི་འགྲེལ་པ་གཉིས་ལ་སོགས་པ་མང་པོས་ཡབ་ཀྱི་གོ་ཆ་ལ་ཡུམ་མ་བཤད། ཡུམ་གྱི་གོ་ཆ་ལ་ཡང་ཡབ་མ་བཤད་ལ།


JLD009_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་ཀྱི་འགྲེལ་པ་ཁ་ཅིག་གིས་ཡབ་ཀྱི་གོ་ཆ་ཡུམ་བཅས་དང༌། ཡུམ་གྱི་གོ་ཆ་ལ་ཡབ་མ་བཤད་ལ། ཨ་བྷྱཱ་ཀ་རས་ཡབ་ཀྱི་གོ་ཆ་ཡུམ་བཅས་དང༌། ཡུམ་གྱི་གོ་ཆ་ལ་ཡབ་ཡོད་མེད་གཉིས་ཀ་བཤད་དེ། མངོན་བརྗོད་ལས་གདམ་ང་ཅན་དུ་གསུངས་པ་ལ་བརྟེན་པའོ། །གང་ལྟར་ཡང་ལྟེ་བར་ༀ་བཾ་ཞེས་སོགས་ཀྱིས་དཔའ་མོའི་གོ་ཆ་འགོད་པ་ནི་ཡུམ་ལ་ཡིན་གྱི། ཡབ་ལ་མི་བྱེད་དོ། །ༀ་ཧ་སོགས་སྙིང་ཁ་སོགས་སུ་འགོད་པ་ཡང་ཡུམ་ལ་མི་བྱེད་དོ། །དེ་ལྟར་གཉིས་བཤད་ཀྱང༌ལོ་དྲིལ་གཉིས་ལ་ནི་འགྲེལ་པ་གཉིས་བཞིན་དུ་བྱའོ། །འོ་ན་གོ་ཆ་དེ་དག་མངོན་རྟོགས་ཀྱི་སྐབས་གང་དུ་བྱེད་སྙམ་ན། ལོ་དྲིལ་གཉིས་ཀྱིས་སྒྱུབ་ཐབས་ཆེ་བ་གཉིས་ལས་དམ་ཚིག་པ་རྫོགས་ཤིང༌། ཡེ་ཤེས་པ་སྤྱན་མ་དྲངས་པའི་སྐབས་སུ་གོ་ཆ་མཛད་པ་ནི་མངོན་སྤྱོད་དང་སྡོམ་འབྱུང་དང་མཐུན། ཕྱི་མའི་ལུགས་དེ་ལྟར་ཡིན་པར་དེའི་མདོར་བསྟན་གྱི་སྐབས་ལས་ཤེས་སོ། །མངོན་བརྗོད་ལས་དེ་ལྟར་བཤད་པ་དང༌། ཡེ་ཤེས་པ་སྤྱན་དྲངས་པའི་འོག་དང༌། མཉམ་གཞག་ལས་ལངས་པའི་དུས་སུ་གོ་ཆ་བྱེད་པ་ཡང་བཤད་དོ། །དེ་ལྟར་ཡོད་ཀྱང་སྐབས་གང་གི་གཞུང་ཁུངས་ཐུབ་གང་ཡིན་པ་ནས་བཤད་པ་བཞིན་དུ་མ་འདྲེས་པར་བྱས་ན་ལེགས་སོ། །འོ་ན་གོ་ཆ་དེ་དག་ཚུལ་ཇི་ལྟར་དགོད་སྙམ་ན། འདི་ནི་ཚིག་དོན་གྱི་སྐབས་སུ་བཤད་པར་བྱའོ། །གོ་ཆའི་དོན་ནི་ལཱུ་ཨི་པའི་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལས། གོ་ཆ་གཉིས་ཀྱིས་ལུས་བཅིངས་ན། །མི་ཕྱེད་པ་དང་མི་གཡོ་བར་འགྱུར་རོ། ཞེས་


JLD009_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། དེར་ཡེ་ཤེས་པ་གཞུག་པ་མ་བྱུང་བས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་དབྱེར་མི་ཕྱེད་པར་བྱེད་པ་མིན་པས། གཙོ་བོ་ཡབ་ཡུམ་དུ་བསྐྱེད་པ་ན་ཧེ་རུ་ཀ་དང༌། རྡོ་རྗེ་ཕག་མོར་དངོས་སུ་མོས་པས་བྱས་པ་དེ་ལས་གཞན་དུ་བགེགས་ཀྱིས་མི་ཕྱེད་ཅིང་གཡོ་མི་ནུས་པར་བྱེད་པའོ། །ཀུན་སྤྱོད་དང་སྡོམ་འབྱུང་ལས། གོ་ཆ་དྲུག་གིས་བསྲུངས་པར་བཤད་པའི་དོན་ཡང་དེའོ། །གཉིས་པ་ནི། དོན་གཉིས་མདོར་བསྟན་པའི་རྗེས་དེ་ནས་སྔར་གོ་ཆ་གཉིས་ཤེས་པས་ཞེས་གསུངས་པ་རྒྱས་པར་བཤད་པར་བྱ་སྟེ། ༀ་ཧ་དཀར་པོ་སྙིང་ཁར་དགོད་ལ། རྡོ་རྗེ་སེམས་དཔའ་དང་ངོ་བོ་དབྱེར་མེད་དུ་མོས་པར་བྱ་བའམ། ཡང་ན་སྔགས་དེ་ཡོངས་སུ་གྱུར་པ་ལས། རྡོར་སེམས་སུ་སྔར་བཤད་པ་ལྟར་བསྐྱེད་དེ། ལྷག་མ་ལྔ་ལ་ཡང་དེའི་རིགས་པ་སྦྱར་རོ། །མགོ་ནི་སྐྲ་མཚམས་སམ་མཚོགས་མའོ། །ཕཊ་ཧཾ་ཡན་ལག་ཐམས་ཅད་ལ་ཞེས་པའི་ཡན་ལག་ཐམས་ཅད་ནི། ལྭ་བ་པས། པགས་པའི་ནང་ན་གནས་པའི་རྡུལ་ཕྲ་རབ་རྣམས་དེའི་རང་བཞིན་དང༌། ཁ་དོག་ཅན་དུའོ་ཞེས་གསུངས་པ་ལྟར་པྲཛྙཱ་རཀྵི་ཏས་ཀྱང་བཤད་པས། ལུས་དབང་གི་རྡུལ་ཕྲ་རབ་ཐམས་ཅད་རྟ་མགྲིན་གྱི་ངོ་བོའི་ཕཊ་ཧཾ་ལྗང་གུར་མོས་པར་བྱའོ། །སྔགས་འགོད་པའི་གནས་ནི། ལྭ་བ་པས། དཔྲལ་བར་འགོད་པར་གསུངས་པ་ལྟར་བྱ་སྟེ། ལྷ་འགོད་ན་ཡང་ལུས་དབང་གི་རྡུལ་ཐམས་ཅད་དེའི་ངོ་བོར་མོས་པར་བྱའོ། །ཁ་ཅིག་ཡན་ལག་ཐམས་ཅད་ལ་ཞེས་བཤད་པས། དཔྲལ་བར་འགོད་པ་འགོག་པ་ནི་མི་འཐད་དེ། དེ་ལྟ་ཡིན་ན་གཟུགས་ཕུང་ལ་རྣམ་སྣང་ཞེས་དང༌། ལུས་ལ་ཕྲག་


JLD009_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དོག་རྡོ་རྗེའོ། ཞེས་སོགས་བཤད་པ་ལ་ལྷ་དེ་གཉིས་སྤྱི་བོ་དང་དཔྲལ་བར་སྒོམ་པ་ཡང་མི་འཐད་པར་འགྱུར་བ་སོགས་མང་ངོ༌། །པགས་པའི་ནང་དུ་ཞེས་གསུངས་པས་གོ་ཆ་ལྷག་མ་རྣམས་ཀྱང་ལུས་ཀྱི་ནང་དུ་དགོད་དོ། །ལྭ་བ་པས། གཞན་དུ་གོ་ཆའི་ལྷ་བཅུ་གཉིས་པོ་ས་བོན་གྱི་ཡི་གེ་ཧ་དང་བཾ་ལ་སོགས་པ་རེ་རེ་ལས་ཀྱང་སྐྱེད་པར་བཤད་དོ། །ༀ་བཾ་ལ་སོགས་པ་ཡང་ཡི་གེ་འགོད་པའམ་ལྷ་འགོད་པ་སོགས་སྔར་དང་འདྲ་ཞིང༌། ཡན་ལག་ཐམས་ཅད་ཀྱང་སྔར་བཞིན་ནོ། །མཚོན་ཆའོ་ཞེས་པ་གཉིས་ནི་སྔར་བཤད་པའི་དྲུག་ཚན་གཉིས་གོ་ཆར་སྟོན་པའོ། །ལྟེ་བ་ཞེས་སོགས་ནི་ཡུམ་གྱི་གོ་ཆ་དྲུག་གང་དུ་འགོད་པའི་གནས་སོ། །ཁ་ནི་མགྲིན་པར་འགོད་པ་ལ་ཡང་དེ་ལྟར་བཤད་པ་མང་བ་བཞིན། ལྭ་བ་པས། ལྟེ་བ་སྙིང་ཁ་མགྲིན་པ་མགོ །ཞེས་ཀྱང་བཤད་པས་མགྲིན་པར་དགོད་དོ། །སྤྱི་གཙུག་ནི་སྔར་བཞིན་ནོ། །མཚོན་ཆ་ཉིད་ཅེས་པ་ནི་སྐབས་འདིར་ཡན་ལག་ཐམས་ཅད་ལ་བྱའོ། །མན་སྙེར་དང་པོ་གཉིས་འདྲ་ཞིང༌། ཕྱི་མའི་ཡི་གེ་བཞིའི་སྔོན་དུ་ཧོ་ཧཱི་སྭཱ་ཧཱ། ཞེས་པ་སྦྱར་རོ། །རྩ་རྒྱུད་ལས། དང་པོ་གསུམ་དང་ལྔ་པའི་གནས་སྔར་དང་འདྲ་ཞིང༌། བཞི་པ་གོ་ཆ་ཉིད་དུ་ཡིན་ཞེས་པ་ནི། ཧེ་ཕྲག་པ་གཉིས་སུ་གོ་ཆའི་གཟུགས་ཀྱིས་འགོད་པ་དང༌། དྲུག་པ་མཚོན་ཆ་ཞེས་བྱར་འདོད། ཅེས་པ་ནི་རྟ་མགྲིན་ལུས་ཐམས་ཅད་ལ་འགོད་པ་ལ་སྐལ་ལྡན་གྲགས་པས་བཤད་དོ། །གཉིས་པ་ནི། སྔར་སྔགས་དང་ཕྱག་རྒྱས་ཡེ་ཤེས་པ་སྤྱན་འདྲེན་པར་


JLD009_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་འཆད་པ་ལ་ཕྱག་རྒྱ་ནི། མཛུབ་མོ་གཉིས་མདུད་པ་སྟེ་ལུ་གུ་རྒྱུད་དུ་བྱ། གུང་མོ་གཉིས་རྩེ་མོ་སྦྱར་བ་དང༌། མཐེ་བོང་གཉིས་རྡོ་རྗེ་སྟེ་མི་ཕྱེད་པར་བརྟན་པོར་རབ་ཏུ་སྦྱར་ནས་ཐུར་དུ་བསྟན། མིང་མེད་དང་མཐེའུ་ཆུང་རྣམས་བརྐྱང་བ། དཔྲལ་བའི་དབྱེས་ཀྱི་དབུས་ཀྱི་ཐད་བཞག་ནས། ཀུན་ཏུ་བསྒྱུར་བར་བྱའོ། །ཇི་ལྟར་ན་འགྲེལ་པ་སྡོམ་འབྱུང་ལས། གཡོན་དང་གཡས་སུ་བསྐོར་བར་བྱ། ཞེས་བཤད་པ་ལྟར། རྒྱལ་བ་བཟང་པོས་ཀྱང་གཡོན་དང་གཡས་གཉིས་ཀར་བསྐོར་བར་བཤད་པས། དང་པོར་གཡོན་དུ་བསྐོར་ཞིང་དེ་ནས་གཡས་སུ་བསྐོར་བས་སོ། །ཀུན་སྤྱོད་ལས། རྐང་པ་མནན་ཞིང་ཞེས་པ་ཙམ་ལས་མི་འབྱུང་ལ། མངོན་བརྗོད་ལས། རྐང་པ་ཕྱེད་མནན་ཞེས་དང༌། རྐང་པ་གཡས་བརྐྱང་གནས་ནས་སུ། ཞེས་འབྱུང་བའི་དོན་འཁྲུལ་སྤོང་དང༌། འགྲེལ་པ་སྡོམ་འབྱུང་ལས་རྐང་པ་གཡོན་པས་གཡས་པ་མནན་པར་བཤད་ཅིང༌། རྒྱལ་བ་བཟང་པོས། རྡོ་རྗེ་སྐྱིལ་མོ་ཀྲུང་བརྐྱང་ནས། ཞེས་རྡོ་རྗེ་སྐྱིལ་མོ་ཀྲུང་བཤིག་ནས་གཡས་བརྐྱང་བའོ། །ལངྐའི་སྒྲུབ་ཐབས་སུ་རྐང་པ་གཡས་པའི་མཐེབ་ཆེན་གྱི་སྟེང་དུ་གཡོན་པའི་མཐེབ་ཆེན་གྱིས་མནན་པ་ཞེས་འབྱུང་བས་དེ་ལྟར་བྱའོ། །དེའི་དཀྱིལ་ཆག་ཏུ་གནོན་ལུགས་བཟློག་སྟེ་འབྱུང་བ་ནི་འགྱུར་སྐྱོན་ཡིན་གསུང་བ་ལྟར་ལེགས་སོ། །གྱེན་དུ་བལྟ་ཞེས་པ་ནི་སྐོར་བའི་སྔོན་དུ་མིག་ཅུང་ཟད་འོག་ཏུ་དམའ་བར་བྱས་ནས། གཡོན་ནས་གྱེན་དུ་བལྟས་ཏེ་བྱ་བར་འགྲེལ་པ་སྡོམ་འབྱུང་ལས་བཤད་པ་ལྟར་རོ། །གྱེན་དུ་བལྟས་ནས་ཕ໊་ཞེས་པའི་སྒྲ་སྒྲོགས་པ་ཡིས།


JLD009_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་བའི་ཡེ་ཤེས་ཀྱི་འཁོར་ལོ་འགུགས་པར་བྱེད་དོ། །ཀུན་སྤྱོད་ལས་ཕཊ་ཅེས་ཀྱང་འབྱུང་ངོ༌། །ལྭ་བ་པས། སྙིང་ཁའི་འོད་ཟེར་གྱིས་དྲངས་པ་ཞེས་འབྱུང་བ་ནི། པྲཛྙཱ་རཀྵི་ཏས་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་ཞེས་འབྱུང་བ་ལྟར་ཡིན་པས། དེ་ཡང་དགོས་ལ། སྙིང་ཁའི་ས་བོན་ནི་ཨ་བྷྱཱ་ཀ་ར་དང༌། དེ་བཞིན་གཤེགས་པའི་རྡོ་རྗེས་དམ་ཚིག་པ་གསལ་གདབ་པ་རྫོགས་པ་དང༌། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་སྒོམ་པར་བཤད་པ་ཡིན་ནོ། །ལྭ་བ་པ་དང་པྲཛྙཱ་རཀྵི་ཏའི་འགྲེལ་པ་རྡོག་འགྱུར་ལས། ལྷ་མོ་བཅུ་དྲུག་གིས་མཆོད་བཞིན་པའི་ཡེ་ཤེས་པ་སྤྱན་འདྲེན་པར་བཤད་པ་ལྟར་ན། སྤྱན་དྲངས་པའི་རྗེས་སུ་མཆོད་པ་མི་བྱེད་པ་འདྲ་བ་ཅིག་ཡོད་ཀྱང་འགྲེལ་པ་ཕྱི་མའི་འགྱུར་གཞན་དང༌། འགྲེལ་པ་སྡོམ་འབྱུང་ལས། སྤྱན་དྲངས་པ་ལ་མཆོད་ནས་རང་ལ་གཞུག་པར་བཤད་པ་བཞིན་བྱེད་དགོས་སོ། །སྤྱན་འདྲེན་པའི་ཕྱག་རྒྱ་ལ་ལང་ཀས་དམ་ཚིག་གི་ཕྱག་རྒྱ་ཞེས་ཟེར། འགྲེལ་པ་སྡོམ་འབྱུང་ལས། ཕྱག་རྒྱ་དྲ་བ་ཞེས་པ་འདིས། ཞེས་དྲ་བའི་ཕྱག་རྒྱར་བསྒྱུར་བ་ནི། འཁྲུལ་སྤོང་ལས། འབར་བའི་ཕྱག་རྒྱ་ཞེས་བསྒྱུར་བ་ལེགས་ཏེ། མེ་འབར་བའི་རྣམ་པ་ཅན་ལས་བཏགས་པའི་ཕྱིར། ཛྭ་ལ་འབར་བ་དང༌། ཛྭ་ལ་དྲ་བ་ལ་ཡང་འཇུག་པའི་ཆ་གཉིས་ཡོད་པར་སྣང་ངོ༌། །སྡོམ་འབྱུང་དང་ཀུན་སྤྱོད་དང༌། འགྲེལ་པ་གཞན་གསུམ་དང༌། འཁྲུལ་སྤོང་ལས།


JLD009_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་འཇུག་པ་ལ་སྔགས་མ་གསུངས་ཀྱང་དྲིལ་བུ་པས་གསུངས་པ་བཞིན་དུ་ཇོ་བོ་ཆེན་པོའི་འགྲེལ་པ་ལས། ཛཿ ཧཱུཾ་བཾ་ཧོཿ ས་དགུག་གཞུག་བཅིང་མཉེས་བཞི་བྱ་བར་གསུངས་པ་འདིར་ཡང་སྦྱར་ཏེ། མངོན་བརྗོད་ལས། ཛཿ ཧཱུཾ་བཾ་ཧོཿ རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས། དགུག་ཅིང་གཞུག་སྟེ་བཅིངས་ལ་དབང་དུ་བསྡུའོ། ཞེས་ལུས་དཀྱིལ་རྐྱང་པ་སྒོམ་པ་ལ་གསུངས་པས། དཀྱིལ་འཁོར་དེར་སྒོ་བ་ལྕགས་ཀྱུ་ལ་སོགས་པ་མེད་ཀྱང༌། དེ་དག་གིས་དགུག་པ་སོགས་བྱ་བར་ཤིན་ཏུ་རུང་ངོ༌། །དེ་ཡང་བཛྲ་ཨངྐུ་ཤ་ཛཿ ཞེས་བརྗོད་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་རང་རང་གི་སྟེང་དུ་དགུག །བཛྲ་པཱ་ཤ་ཧཱུཾ་ཞེས་པས་སོ་སོ་ལ་གཞུག །བཛྲ་སྤོ་ཊ་བཾ་ཞེས་པས་འོ་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་བཅིང༌། བཛྲ་གྷཎྜ་ཧོཿ ཞེས་པས་མི་བཞེད་པ་མེད་པར་དགྱེས་བཞིན་དུ་བཞུགས་པར་བསམ་སྟེ། རྟེན་རྣམས་ལ་ཡང་འོད་ཕྲེང་དང་དུར་ཁྲོད་ལ་སོགས་པའི་བར་དུ་ཡང་བསྟིམ་མོ། ། དེ་ནི་བདག་དང་ཡེ་ཤེས་པ་ཐ་དད་དུ་རྟོག་པ་འགོག་པ་དང་དབྱེར་མེད་ཀྱི་ང་རྒྱལ་བརྟན་པ་དང༌། བྱིན་གྱིས་རློབ་པའི་དོན་དུ་ཡིན་པར་ཇོ་བོ་ཆེན་པོས་བཤད་དོ། །གོ་ཆ་བགོ་བ་དང༌། ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་ནས། དམ་ཚིག་པ་ལ་གཞུག་པ་ནི། སྔར་བཤད་པ་བཞིན་དུ་དྲིལ་བུ་པའི་ལུས་དཀྱིལ་ལ་ཡང་བྱའོ། །དྲིལ་བུ་པའི་ལྷ་ལྔར། ཕྱི་གསང་མཆོད་པའི་ལྷ་མོ་རྣམས། །སྤྱན་དྲངས་བགེགས་བསྐྲད་མཆོད་ཡོན་དབུལ། ཞེས་སྤྱན་དྲངས་པ་ལ་བགེགས་བསྐྲད་པ་དང༌། མཆོད་ཡོན་སྔོན་དུ་འགྲོ་བའི་ཕྱིར་དང་གསང་བའི་མཆོད་པས་མཆོད་


JLD009_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་ནི་དྲིལ་བུ་པའི་ལུས་དཀྱིལ་ལ་ཡང་བྱའོ། །གཞུང་ཆུང་ལས། ཡེ་ཤེས་སྤྱན་དྲངས་ལེགས་མཆོད་ནས། །ཡི་གེ་བཞི་ཡིས་རང་ལུས་གཞུག །གནས་གསུམ་བྱིན་བརླབ་གོ་ཆ་བཅིང༌། ཞེས་གཤད་པའི་གནས་གསུམ་བྱིན་བརླབ་ནི་ལུས་དཀྱིལ་དང་ལྷ་ལྔ་ལ་ཡང་བྱའོ། །དེ་ནས་གོ་ཆ་བགོ་བ་ནི་སྤྱིར་ཡེ་ཤེས་པ་བཅུག་པའི་འོག་ཏུ་ཡང་བྱེད་པར་རྒྱུད་ནས་གསུངས་མོད་ཀྱང༌། ལོ་དྲིལ་གྱི་ལུགས་ནི་སྔར་བཤད་པ་ལྟར་བྱེད་པར་སྣང་བས་གཞུང་ཆུང་གིས་བཤད་པའི་རིམ་པ་ལ་དེ་ལྟར་བྱུང་ཡང་གོང་དུ་བླངས་ན་མཐུན་པར་འགྱུར་རོ། །ཡེ་ཤེས་པ་བཅུག་པའི་རྗེས་སུ། ༀ་ཡོ་ག་ཤུདྡྷ་ཞེས་པས་ང་རྒྱལ་འཛིན་ཏེ། དེ་ལ་ཡོ་ག་ནི་རྣལ་འབྱོར་དང་སྦྱོར་བ་གཉིས་ལ་འཇུག་ཀྱང༌། འདིར་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་མཉམ་དུ་སྦྱར་བ་ལ་བྱའོ། །འོ་ན་དེ་ཆོས་ཐམས་ཅད་ཀྱི་དག་པར་འོང་ལུགས་ཇི་ལྟར་ཡིན་སྙམ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང༌། བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ངོ་བོར་དབྱེར་མེད་ཡིན་ལ། དེ་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་ཤར་བར་མོས་པ་ཡིན་ཞིང༌། དེ་ཡང་གཙོ་བོ་ཡབ་ཡུམ་དུ་ཤར་བའི་ཆ་ཤས་སུ་མོས་དགོས་པས་ངའོ་ཞེས་ང་རྒྱལ་འཛིན་ནོ། །སྔགས་ཀྱིས་ང་རྒྱལ་འཛིན་པ་བཤད་པའི་རྗེས་དེ་ནས་སྙིང་པོའི་ཕྱག་རྒྱ་སྦྱིན་པ་བཤད་པར་བྱ་སྟེ་ཞེས་སོ། །འདི་ལ་འགྲེལ་པ་གཉིས་ཀྱི་འགྱུར་དང༌། ཆག་འགྱུར་ལས། སྙིང་ཁའི་ཕྱག་རྒྱ་ཞེས་འབྱུང་ལ། ལོ་ཆེན་དང་མར་དོའི་འགྱུར་ལས། སྙིང་པོའི་ཕྱག་རྒྱ་ཞེས་འབྱུང་ངོ༌། །སྔགས་གོང་མ་


JLD009_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དང་བཅས་པ་སྐབས་འདིར་བྱེད་པ་ནི་སྡོམ་འབྱུང་ལས་གསུངས་ཏེ། སྔགས་གོང་མ་བརྗོད་པའི་མཇུག་ཏུ། སྙིང་ཁང་གཡས་གཡོན་ཕྱག་དག་གིས། །བཀོད་དེ་པདྨ་ལྟར་རྒྱས་བྱ། །སྙིང་པོའི་ཕྱག་རྒྱ་སོགས་ལ་བསྐོར། །མཁའ་འགྲོ་མ་ཡི་དྲ་བ་སྡོམ ། ཞེས་འགྱུར་གསར་སྙིང་ཀ་ལས་སྙིང་པོའི་ཕྱག་རྒྱ་ཞེས་འབྱུང་བས་དེ་དག་པར་མངོན་ནོ། །ཕྱག་རྒྱ་ནི། ལག་པ་གཡོན་པ་དང་གཡས་པ་དག་སྙིང་ཁར་པདྨ་ཁ་བྱེ་བ་ལྟར་གྱི་པད་ཀོར་བྱས་པའི་མཐར། ཕྱག་རྒྱ་སྡུད་པ་ན་འཁྱུད་པའི་ཚུལ་བྱེད་པའོ། །དེ་ལྟར་བསྐོར་བ་དེ་ནི་མཁའ་འགྲོ་མའི་དྲ་བ་སྟེ། ཚོགས་ཀུན་གྱི་བདེ་བ་དམ་པ་སྟེ་མཆོག་སྦྱིན་པར་བྱེད་པའོ། །དེས་ན་མཁའ་འགྲོ་མའི་སྙིང་པོ་སྟེ་ཐུགས་མཉེས་པར་བྱེད་པའི་ཕྱག་རྒྱ་སྟེ། སྔགས་སྔ་མ་བརྗོད་ཅིང་བྱེད་དོ། །འདི་ལ་མར་དོས་སྔགས་ལན་རེ་དང་པད་ཀོར་གཡོན་དང་གཡས་དང་དབུས་གསུམ་དུ་བྱས་པའི་མཐར་འཁྱུད་ཚུལ་བྱེད་ལ། མལ་གྱོ་ནས་བརྒྱུད་པ་རྣམས་རྣམ་ལྔ་འདོད་པའི་ཕྱོགས་སུ་ཞེས་པས་དབུས་སུ་གསུམ་དང༌། གཡས་གཡོན་དུ་རེ་རེ་བྱེད་དོ། །སོགས་ལ་བསྐོར་ཞེས་པ་ནི་སོགས་ཀྱིས་བསྐོར་བའི་དོན་དང༌། སོགས་ཀྱིས་ནི་སྔགས་བརྗོད་པ་བསྡུའོ། །དེ་ནས་འགྲེལ་པ་རྣམས་ནས་སྔར་ལྟར་སྔགས་གསུམ་གྱིས་ང་རྒྱལ་འཛིན་པར་གསུངས་པའི་དོན་ནི་སྔར་ལྟར་རོ། །སྔར་བཤད་པ་ནི་སྔར་གྱི་དཀྱིལ་འཁོར་མངོན་བྱང་ལས་སྐྱེད་པའི་སྐབས་སུ་སྔགས་གསུམ་ལས་སྐྱེད་པའི་དོན་བསྡུ་ཡིན་གྱི། སྐབས་དེར་སྔགས་གསུམ་གྱིས་ང་རྒྱལ་འཛིན་པ་མིན་པ་ནི། རྣལ་འབྱོར་དབང་ཕྱུག་གི་དགོངས་པར་སྔར་བཤད་པ་ལྟར་ཡིན་པས། དེར་བཤད་པའི་


JLD009_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཙམ་ལ་འཁྲུལ་བར་མི་བྱ་སྟེ། རྒྱ་གར་བ་ཁ་ཅིག་གིས་ཀྱང་དོན་དེ་རྣལ་འབྱོར་དབང་ཕྱུག་གི་དགོངས་པ་ལྟར་མ་ངེས་པར་འདུག་པའི་ཕྱིར་རོ། །གཉིས་པ་ནི། གཞུང་དུ་དབང་བསྐུར་བའི་ཚིགས་བཅད་དང་སྔགས་སྔགས་མཆོད་ཀྱི་འོག་ཏུ་གསུངས་པ། ལྭ་བ་པས། སྐབས་འདིར་དྲངས་ཏེ་བཤད་པ་ལྟར། དྲིལ་བུ་ཞབས་ཀྱི་གཞུང་གསུམ་དུ་ཡང་ཡེ་ཤེས་པ་བཅུག་པའི་འོག་བདག་བསྐྱེད་ལ་མཆོད་པའི་སྔོན་དུ་བྱ་བར་གསུངས་ལ། དེ་བཞིན་དུ་ཇོ་བོ་ཆེན་པོ་དང༌། པྲཛྙཱ་རཀྵི་ཏ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེས་ཀྱང་བཤད་པས། འདིར་བླང་ངོ༌། །དེ་ལ་དབང་བསྐུར་བའི་ལྷ་ནི་སྔར་ཡེ་ཤེས་པ་སྦྱན་དྲངས་པ་དང་དུས་མཉམ་དུ་སྤྱན་འདྲེན་པ་མན་ངག་ཡིན་པར་ལྭ་བ་པས་གསུངས་པ་ལྟར། འགྲེལ་པ་གཞན་གཉིས་ཀྱིས་ཀྱང་བཤད་དོ། །དྲིལ་བུ་པས་ཀྱང༌། སྙིང་ཁའི་ཧཱུཾ་གི་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་དབང་བསྐུར་ལྷ། །སྤྱན་དྲངས། ཞེས་གསུངས་པ་ཡང་དེ་དང་འདྲའོ། །དབང་གི་ལྷ་ནི་ཇོ་བོས་ལྷ་སོ་བདུན་ལ་བཤད་པ་ལྟར་བྱ་ལ། དེའི་རྣལ་འབྱོར་མ་རྣམས་ནི། ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དང༌། ཌཱ་མ་རུ་འཛིན་པའོ། །དེ་ལྟར་སྤྱན་དྲངས་པ་ལ། རང་གི་སྙིང་ཁའི་ས་བོན་ལས་བྱུང་བའི་རིག་མ་བཅུ་དྲུག་སོགས་ཀྱིས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་གདབ་པར་བྱའོ། །དེའི་ཚེ་རྣལ་འབྱོར་མ་རྣམས་ཀྱིས་ཇི་ལྟར་བལྟམས་


JLD009_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་པ་ནས་ཁྲུས་བྱའོ། ཞེས་པའི་བར་བརྗོད་ཅིང༌། ཕྱག་གཡོན་པའི་ཐོད་པ་ཅུང་ཟད་ཡོ་བར་བྱས་ཏེ། བླུགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱན་གྱིས་སྤྱི་བོ་ནས་དབང་བསྐུར་བས་རང་དང་ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་བསམ་མོ། །འགྲེལ་པ་གཉིས་ནས་རིགས་བདག་གིས་རྒྱས་བཏབ་པའི་འོག་ཏུ་དབང་བསྐུར་གྱི་སྔགས་བརྗོད་པར་གསུངས་ཀྱང༌། དྲིལ་བུ་པས་དབང་བསྐུར་བའི་ཚེ་བརྗོད་པར་གསུངས་པ་ལྟར་བྱའོ། །ཚིགས་བཅད་ཀྱི་དོན་ནི་ཇི་ལྟར་ཏེ་དཔེར་ན། བཅོམ་ལྡན་འདས་ཡུམ་ལས་བལྟམས་པ་ཙམ་གྱི་དུས་སུ་དེ་བཞིན་གཤེགས་པ་ཀུན་གྱིས་ཁྲུས་གསོལ་བ་དེ་བཞིན་དུ་དབང་གི་ལྷ་ཡི་བདུད་རྩིའི་ཆུ་རྣམ་པར་དག་པ་ཡིས། དབང་བསྐུར་བའི་ལྷ་བདག་གིས་དྲི་མ་འཁྲུད་པའི་ཁྲུས་བྱའོ་ཞེས་དང༌། སརྦྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །ཨ་བྷི་ནི་མངོན་པར་རོ། །ཥེ་ཀ་ནི་དབང་བསྐུར་བའོ། །ས་མ་ཡ་ཤྲི་ཡེ་ནི་དམ་ཚིག་གི་དཔལ་ཏེ། དེ་ལྟར་གསུང་བར་བསམ་པའོ། །མདོ་སྡེའི་ཕྱོགས་རྣམས་ལས་ཡུམ་ལས་བལྟམས་པའི་དུས་སུ་འཇིག་རྟེན་པའི་ལྷས་ཁྲུས་གསོལ་པར་བཤད་པ་ཙམ་ལས་མ་བྱུང་ཡང་མངོན་བརྗོད་སོགས་ནས་སྔར་བཞིན་གསུངས་སོ། །དབང་བསྐུར་བའི་དུས་སུ་སྒོ་མཚམས་མ་བརྒྱད་ཀྱིས་བགེགས་སྐྲོད་པ་དང༌། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་དང༌། དཔའ་མོ་རྣམས་ཀྱིས་གླུ་དང༌། ཡུམ་བཞི་ཕག་མོ་དང་ལྔས་རིན་པོ་ཆེའི་བུམ་པ་བདུད་རྩིས་དཀང་པ་བསྣམས་ནས་དབང་བསྐུར་བར་ཇོ་བོས་བཤད་དོ། །མངོན་བརྗོད་ལས་


JLD009_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་རྣམས་ནས་འབྱུང་བ་བཞིན་དུ་བདུད་རྩི་ལྔས་གང་བའི་ཐོད་པས་དབང་བསྐུར་བ་དང༌། ཡེ་ཤེས་གྱི་བདུད་རྩིའི་ཆུས་གང་བའི་བུམ་པས་དབང་བསྐུར་བ་གཉིས་ཀ་བཤད་དོ། །མངོན་རྟོགས་སྒོམ་པའི་སྐབས་ཀྱི་ལྷ་དབང་བསྐུར་བ་ལ་རྒྱུད་དང་རྒྱ་གཞུང་གཞན་ནས་ཆུ་དབང་ཙམ་ལས་མ་གསུངས་ཀྱང༌། སློབ་དཔོན་ཆེན་པོ་མཚོ་སྐྱེས་ཀྱིས་ཀྱཻ་རྡོར་གྱི་སྒྲུབ་ཐབས་དང༌། དཔའ་ལྡན་ཨ་ཏི་ཤས། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པར་དབང་བཞི་བསྐུར་བ་མཛད་དོ། །སྔ་མས་ནི། བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པས་བདག་ལ་དབང་བསྐུར་བར་བསྒོམ་པར་བྱའོ། །འདི་ལྟར་རྣམ་པ་ཇི་ལྟ་བཞིན་དུ་རྣམ་པ་དུ་མ་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་འཇོམས་པ་དང༌། རྣམ་པའི་མཚན་ཉིད་ཀྱི་སྐད་ཅིག་མ་བཞི་པོ་དག་ལས་དགའ་བ་དང༌། མཆོག་དགའ་དང༌། རྣམ་པའི་དགའ་བ་དང༌། ལྷན་སྐྱེས་ཀྱི་དགའ་བའི་མཚན་ཉིད་མངོན་དུ་གྱུར་པའོ། །རྒོད་པ་དང་ལྟ་བ་དང་འཁྱུད་པ་དང་འཁྲིག་པ་དང་བཞི་རྣམ་པར་དག་པ་ལས་སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། མཆོག་ཏུ་དགའ་བ་བདེ་བ་ཆེན་པོའི་དབང་བཞི་པ་བླང་བར་བྱའོ། ཞེས་གསུངས་སོ། །འདིའི་འགྲེལ་པ་ཛཱ་ལན་དྷ་རི་པས་མཛད་པ་ལས་ནི། དབང་བཞི་ལེན་ལུགས་གསལ་བར་མ་བཤད་ཅིང༌། འདིའི་འགྲེལ་པ་རྡོ་རྗེ་དྲིལ་བུ་པས་མཛད་ཟེར་བ་ལས་ནི་ལྷ་མོ་ལ་འཁྱུད་པ་ཙམ་དུ་གནས་ཀྱི། བྱང་ཆུབ་ཀྱི་སེམས་ཞེས་ལྟ་བ་ཙམ་ཡང་མི་བྱེད་པའི་ཕྱིར། རྒོད་པ་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་དང༌། བདེ་ཆེན་གྱི་རོ་མྱོང་བ་


JLD009_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང༌། བྱང་ཆུབ་ཀྱི་སེམས་ཞེས་ལྟ་བ་ནི་གསང་དབང་དང༌། ཕྱག་རྒྱ་ལ་འཁྱུད་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། གཉིས་གཉིས་ཀྱི་བདེ་ཆེན་ཉམས་སུ་མྱོང་བ་ནི་དབང་བཞི་པར་བཤད་ལ། དགའ་བ་བཞི་དབང་བཞིར་འཇོག་པ་ནི། རྩ་རྒྱུད་ལས། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། ཞེས་གསུངས་པའི་དོན་དུ་འདོད་དོ། །བོད་ཀྱི་བླ་མ་ཁ་ཅིག་བུམ་པའི་ཆུ་རྒྱུན་དེས་སྨིན་མཚམས་དང༌། མགྲིན་པ་དང༌། སྙིང་ཁ་དང༌། རྐང་མཐིལ་ཡན་ཆད་ཁེངས་པས་རིམ་པ་བཞིན་དུ་ལུས་ངག་ཡིད་གསུམ་རེ་རེ་བ་གསུམ་དང༌། སྒོ་གསུམ་བསྡོམས་པའི་དྲི་མ་དག་ནས་དབང་བཞི་རིམ་པ་བཞིན་ཐོབ་པར་འཆད་དོ། །བླ་མ་ཁ་ཅིག་ནི། ཆུ་དབང་བསྐུར་ནས་རིགས་བདག་གིས་རྒྱས་གདབ་པ་བུམ་དབང་དང༌། དེ་ནས་ནམ་མཁའི་ལྷ་ཚོགས་སྙོམས་འཇུག་བྱས་པས་ཐིག་ལེ་དཀར་དམར་ལྕེ་ཐོག་ཏུ་གནང་བ་ནི། གསང་དབང་དང༌། ནམ་མཁའི་ལྷ་ཚོགས་ཀྱིས་རང་ལ་རེག་བྱ་རྡོ་རྗེ་མ་གཏད་ནས་སྙོམས་པར་ཞུགས་པས་ཉམས་མྱོང་སྐྱེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ཡང་སྐད་ཅིག་མ་དང་དགའ་བ་བཞི་རིམ་གྱིས་སྐྱེ་བ་དང༌། རྒོད་པ་ལ་སོགས་པའི་འདོད་ཆགས་བཞི་དག་པས། བུམ་པ་ལ་སོགས་པའི་དབང་བཞི་བྱུང་བའོ། ཞེས་ཟེར་རོ། །དེ་ལྟར་མང་དུ་བཤད་ཀྱང༌། དགོངས་པ་ནི་མན་སྙེ་ལས། དབང་པོ་རབ་ཀྱི་སེམས་ཅན་ལ་ནི། དགའ་བ་བཞི་པོ་ཁོ་ན་དབང་བསྐུར་བཞི་རྣམས་སོ། ཞེས་སྟོན་པའི་དོན་དུ་དེ་ཡང་དབང་བསྐུར་རྣམ་པ་བཞི་ཞེས་གསུངས་ཏེ་དེ་ནི་དགའ་བ་ལ་


JLD009_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། ཞེས་གསུངས་ལ། དེ་དང་སྔར་དྲངས་པའི་ཀྱཻ་རྡོར་གྱི་ལུང་གིས་དགའ་བ་བཞི་དབང་བཞིར་བཤད་པ་གཉིས་དོན་གཅིག་ཏུ་བཤད་པ་ལྟར་གྱི། དགའ་བ་བཞི་ལ་དབང་བཞིར་བྱེད་པ་ཡིན་གྱི། ཆུ་དབང་གི་སྟེང་ནས་བྱེད་པ་མིན་ནོ། །དེ་ལྟར་ན་རྒོད་པ་སོགས་བཞི་ནི་དགའ་བཞི་སྐྱེད་པའི་ཐབས་ཡིན་པས་རིག་མ་དང་སྙོམས་པར་ཞུགས་པས་དགའ་བ་བཞི་སྐྱེད་དགོས་སོ། །དེས་ན་དབང་བཞི་བླང་བར་བྱའོ་ཞེས་གསུངས་པའི་ལེན་ས་ནི་དབང་གི་ལྷ་ཡིན་ལ། དེ་ལས་ལེན་ཚུལ་ནི་ཧེ་རུ་ཀས་ཕྱག་རྒྱ་གཏད་པ་ལས་དབང་བཞིའི་ངོ་བོ་དགའ་བཞི་སྐྱེད་པ་ཡིན་ལ། ཕྱག་རྒྱ་ཡང་སྐབས་འདིར་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ཞིང༌། དེ་ཡང་སྐབས་སྟོབས་ཀྱིས་ཤེས་དགོས་པས་ཀྱཻ་རྡོར་ལ་བདག་མེད་མའོ། །མན་སྙེ་ལས། དབང་བཞིར་བཞག་པའི་དགའ་བ་བཞི་ཀ་ཕྱག་རྒྱ་ལ་བརྟེན་ནས་སྐྱེད་པར་བཤད་པའི་རིམ་པ་ནི། ཡེ་རྒྱ་ལ་ཡང་བྱ་དགོས་སོ། །དེ་ཡང་སྙོམས་པར་ཞུགས་པ་ལས་བྱང་ཆུབ་ཀྱི་སེམས་ཞུ་བ་རིམ་གྱིས་བབས་པ་ལས་ལུས་ཀྱི་གནས་སོ་སོར་བྱང་སེམས་བབས་པ་སླེབ་པ་ན་སོ་སོར་དགའ་བཞི་སྐྱེས་པ་ངོས་བཟུང་ལ། དབང་བཞི་ཐོབ་པར་བསམ་སྟེ། དམིགས་པ་གསལ་ཞིང་བརྟན་པ་ལ་དངོས་སུ་བྱང་སེམས་ཞུ་བ་ཡང་འོང་ལ། དེ་ཙམ་གྱི་ནུས་པ་མེད་པས་ནི་ཡང་ཡང་གོམས་པ་ལས་མཐར་དངོས་སུ་འབྱུང་ངོ༌། །ཇོ་བོའི་བཞེད་པས་ནི་སློབ་དཔོན་གྱི་དབང་གི་ངེས་པ་མི་མཛད་པར་བུམ་དབང་ཙམ་ཞིག་


JLD009_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་ཡིན་ལ། དེ་བདེ་བ་ལ་ངོ་སྤྲོད་པ་ཡང་མ་མཛད་པས། ཆུ་དབང་བསྐུར་ནས་དྲི་མ་བཀྲུས་པ་ལས་བུམ་དབང་དང༌། དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞི་ཕག་མོ་ལ་ཐིམ་ནས་དེ་དང་ཧེ་རུ་ཀ་སྙོམས་པར་ཞུགས་པའི་བྱང་སེམས་ལྕེ་ལ་བཞག་པ་མྱངས་པ་ལས། གསང་དབང་དང༌། དེ་ནས་ཧེ་རུ་ཀས་ཕག་མོ་ཕྱག་རྒྱར་གནང་བ་ལ་སྙོམས་པར་ཞུགས་པས་རླུང་ཐིམ་པས་ལྷན་སྐྱེས་ཀྱི་བདེ་བ་མྱོང་བ་ནི་ཤེས་རབ་ཡེ་ཤེས་དང༌། དེ་ནས་ཧེ་རུ་ཀས་དོན་གྱི་དབང་བཞི་པ་བསྟན་པའི་དོན་གོ་བ་ལས། ཚིག་གི་སྒོ་ནས་དབང་བཞི་པ་ཐོབ་པར་བསྒོམ་པའོ། །ཚིག་གིས་སྟོན་ལུགས་ནི། རིགས་ཀྱི་བུ་ཁྱོད་ཀྱིས་ཕྱག་རྒྱ་དང་སྦྱར་བ་ལ་བརྟེན་ནས་མྱོང་བའི་སྣང་བ་ཐོབ་པའི་ཡེ་ཤེས་དེ་འོད་གསལ་བར་སྒོམས་ཤིག །འོད་གསལ་དེ་ནི་སྣང་མཆེད་ཐོབ་གསུམ་གྱི་རྣམ་ཤེས་རྣམ་པར་དག་པ་ཤེར་ཕྱིན་གྱི་ངོ་བོ་ཡིན་ལ། དོན་དམ་པའི་བདེན་པ་དེ་ནི་མཐོང་བ་གཞན་གྱི་ཡུལ་ལས་འདས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤིག །དེ་ལྟར་གཞན་གང་གི་ཡང་རང་བཞིན་དུ་མ་མཐོང་བ་དེ་འོད་གསལ་མཐོང་བ་ཡིན་ནོ། །དེའི་ངོན་རྒྱུ་འབྲས་གང་ཡང་མེད་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སོ་བདུན་གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་མ་འདྲེས་པར་སོ་སོར་སྣང་བ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་ལྟོས་ཤིག །དེ་འདྲ་བའི་ཀུན་རྫོབ་དང་འོད་གསལ་དོན་དམ་གཉིས་དབྱེར་མི་ཕྱེད་པར་ཟུང་དུ་འཇུག་པ་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་དབང་བཞི་པའོ། ཞེས་བསྟན་པར་


JLD009_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མོ། །བོད་ཀྱི་མཁས་པ་དག་དབང་བཞི་ཚང་བར་ལེན་པའི་ལུགས་ལ་འདི་ལེགས་ཤིང༌། ཁྱད་པར་དུ་འཕགས་པ་ཡབ་སྲས་ཀྱི་དགོངས་པ་བཞིན་ལོངས་འདུག་པས་མཆོག་ཏུ་ལེགས་སོ། ཞེས་གསུང་བ་ལྟར་བཟུང་ངོ༌། །འདི་འདྲ་བའི་ཟུང་འཇུག་ལ་དབང་བཞི་པའི་ངོ་སྤྲད་པས་སྣོད་རུང་ཁྱད་པར་ཅན་དུ་སྒྲུབ་པའི་དབང་བཞི་པ་ཐོབ་པར་འཇོག་པ་འདི་ནི་དྲིལ་བུ་ཞུབས་ཀྱིའང་བཞེད་པར་སྣང་བས། མ་རྒྱུད་བདེ་མཆོག་ལའང་དེ་ལྟར་བྱེད་པ་གཞན་ནས་བཀབ་པ་མིན་ནོ། །བོད་ན་ཏིང་ངེ་འཛིན་གྱི་དབང་བཞི་མདོར་བསྡུས་ལེན་པ་ལ། ཕལ་ཆེར་ཡི་གེ་གསུམ་གྱི་འོད་ཟེར་སྤྲོ་བསྡུ་ཙམ་ལ་བརྟེན་པ་སོགས་མང་བར་སྣང་ཡང་མཁས་པ་གཉིས་ཀྱི་བཞེད་པ་སྔར་ལྟར་བཀོད་པའི་རྒྱུད་སྡེའི་དོན་ལ་ལེགས་པར་ཞུགས་པ་ཉུང་བར་སྣང་བས། སྒྲུབ་ཐབས་རྒྱས་བསྡུས་གང་རུང་ལ་བརྟེན་ནས་དབང་བཞི་མདོར་བསྡུས་སྔར་ལྟར་བླངས་ན་ཤིན་ཏུ་གནད་ཆེ་བར་མཐོང་ནས་ཞིབ་ཏུ་བཤད་དོ། །དེ་ལྟར་བྱེད་པའི་ལུགས་ལ་རིགས་བདག་གིས་རྒྱས་གདབ་པ་ནི། ཇོ་བོས་ཆུ་དབང་གི་རྗེས་སུ་མཛད་ལ། མཚོ་སྐྱེས་ཀྱིས་དབང་བཞི་ཀ་བླངས་ཟིན་པའི་མཇུག་ཏུ་མཛད་དེ་གང་བྱས་ཀྱང་ཆོག་གོ །འགྲེལ་པ་གཉིས་ལས་ཆུའི་ལྷག་མ་ལས་ལྷ་རྣམས་རྫོགས་པ་དང་སྐྱེས་པར་གསུངས་པ་ནི། སྤྱི་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་ལྷར་སྐྱེད་པའོ། །དེ་ཡང་གཙོ་བོ་ལ་མི་བསྐྱོད་པ་དང༌། ཕག་མོ་ལ་རྣམ་སྣང་


JLD009_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མཁའ་འགྲོ་མ་སོགས་བཞི་ལ་རིན་འབྱུང་དང༌། ཐུགས་གསུང་སྐུ་དམ་ཚིག་གི་ལྷ་རྣམས་ལ་རིམ་པ་བཞིན་དུ་མི་བསྐྱོད་པ། སྣང་མཐའ། རྣམ་སྣང༌། དོན་གྲུབ་ཀྱིས་རྒྱས་གདབ་སྟེ། གཞུང་ཆུང་ལས་ཀྱང༌། ཕག་མོ་མ་གཏོགས་པ་དེ་བཞིན་དུ་བཤད་དོ། །ལྷ་ལྔར། གཙོ་བོ་ལ་རྡོར་སེམས་དང༌། ཡུམ་ལ་མི་བསྐྱོད་པ་དང༌། མཁའ་འགྲོ་མ་སོགས་ལ་གཡོན་སྐོར་དུ། རྟག་པ་དོན་གྲུབ་དཔག་མེད་རིན་འབྱུང་གིས་རྒྱས་བཏབ་བོ། །ལྭ་བ་པའི་འགྲེལ་པའི་སྐབས་གཞན་དུ་གཙོ་བོ་ལ་སྔར་དང་འདྲ། ཡུམ་ནག་མོ་ཡིན་ན་མི་བསྐྱོད་པ་དང༌། དམར་མོ་ཡིན་ན་རྡོར་སེམས་དང༌། རྣལ་འབྱོར་མ་བཞི་ལྷ་ལྔ་བཞིན་དང༌། འཁོར་ལོ་གསུམ་གྱི་ལྷ་སྔར་དང་འདྲ། སྒོ་མཚམས་མ་བརྒྱད་ལ་ཤར་དང་ཤར་ལྷོ་པ་གཉིས་ལ་རྣམ་སྣང་དང༌། ལྷོ་དང་ལྷོ་ནུབ་པ་གཉིས་ལ་རིན་འབྱུང༌། ནུབ་དང་ནུབ་བྱང་བ་གཉིས་ལ་འོད་དཔག་མེད་དང༌། བྱང་དང་བྱང་ཤར་བ་གཉིས་ལ་དོན་གྲུབ་ཀྱིས་རྒྱས་གདབ་པ་ཡང་མཛད་དོ། །གཞུང་ཆུང་ལས། བདུད་རྩིས་དབང་བསྐུར་ཐམས་ཅད་ལ། རྡོ་རྗེ་མཚན་མ་འཛིན་པའོ། ཞེས་དང༌། བསྡུས་ལ་བསྡུས་པའི་དབུ་རྒྱན་ཉིད། ཅེས་གསུངས་པས། དྲིལ་བུ་པའི་ལྷ་རེ་གཉིས་པ་ལྟ་བུ། རིགས་བསྡུས་པའི་ལྷ་ལ་ནི་བསྡུས་པའི་དབུ་རྒྱན་བྱ་སྟེ། དེ་ཡང་རྡོ་རྗེའི་མཚན་མ་འཛིན་པར་བཤད་པའོ། །འདི་ནི་སྤྱི་བོར་རྡོ་རྗེས་མཚན་པ་འདྲ་བ་ཅིག་འདུག་ཀྱང༌། ཐམས་ཅད་ལ་མི་བསྐྱོད་པས་རྒྱས་འདེབས་པ་སྟེ། སྔ་མ་དང་འདི་གཉིས་རྒྱས་བསྡུས་སོ། །དེ་ལྟ་ནའང་རིགས་ལྔས་རྒྱས་འདེབས་པ་དང་མི་འགལ་ཏེ། རིགས་ལྔ་རེ་རེ་ལ་ཡང་རིགས་ཆུང་


JLD009_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལྔ་ཡོད་པར་གསུངས་པའི་ཕྱིར་རོ། །རྒྱས་འདེབས་དང་པོའི་གཙོ་བོའི་རྒྱས་འདེབས་ནི། རྒྱུ་ལ་འབྲས་བུའི་རྒྱས་གདབ་དང༌། ཡུམ་གྱི་ནི་ཆོས་སྐུ་ལ་གཟུགས་སྐུའི་རྒྱས་གདབ་དང༌། དེ་མན་ཆད་ཀྱི་ནི་སོ་སོའི་རིགས་ངེས་པའི་ཕྱིར་ཡིན་པ་དང༌། རིགས་བདག་གིས་རྒྱས་བཏབ་པའི་འོག་ཏུ་དབང་ལྷ་རང་ལ་བསྟིམ་པ་མངོན་བརྗོད་ཀྱི་དགོངས་པར་ཇོ་བོས་བཤད་དོ། །དེ་ལྟར་དབང་བསྐུར་བ་ལ་ནི། བགེགས་དང་སྒྲིབ་པ་དང་ཐེག་དམན་སེལ་བ་དང་བཟླས་སྒོམ་གྱི་སྣོད་དུ་རུང་བ་དང༌། ཞི་སོགས་ཀྱི་ལས་སྒྲུབ་པ་ལ་མཐུ་དང་ལྡན་པ་དང༌། བྱང་ཆུབ་ཀྱི་སེམས་ཉམས་པ་སྐོང་བ་དང༌། དམ་ཚིག་དང་སྡོམ་པ་ཉམས་པ་སྐོང་བ་དང༌། མ་འོངས་པ་ན་སངས་རྒྱས་ཀྱིས་དབང་བསྐུར་བའི་དགོས་པ་བརྒྱད་ཇོ་བོས་བཤད་དོ། །ལྔ་པ་ལྷ་རྣམས་ལ་མཆོད་ཅིང་བསྟོད་པ་ནི། མཆོད་པའི་སྐབས་འདིར་གཞུང་ནས་སྔགས་ཀྱི་མཆོད་པ་ཙམ་ལས་མ་བྱུང་ཡང༌། ལྭ་བ་པས། དེ་ནས་མཆོད་པ་སྔོན་དུ་འགྲོ་བས། ལྷ་མོ་རོ་མས་དྲངས་པའི་བདུད་རྩི་མྱང་བར་བྱའོ། །སྙིང་པོ་ལ་སོགས་པ་ནས་རྐང་པ་བརྒྱད་པའི་བར་གྱི་སྔགས་ཀྱིས་བསྟོད་པར་བྱའོ། ཞེས་གསུངས་པ་བཞིན་དུ། པྲཛྙཱ་རཀྵི་ཏས་ཀྱང་བཤད། ཇོ་བོའི་འགྲེལ་པར་བུམ་དབང་དང༌། འབྲེལ་བའི་ཕྱི་དང༌། ནག་དང་གསང་བ་དང་དེ་ཁོ་ནའི་མཆོད་པའོ། །གསང་བ་དང་འབྲེལ་པའི་བདུད་རྩི་མྱང་བ་དང༌། ཤེས་རབ་ཡེ་ཤེས་དང་འབྲེལ་བ་དགའ་བ་བརྩམ་པའི་མཆོད་པ་བྱ་བར་བཤད་དོ། །དེའི་དོན་ནི་སྤྱིར་མཆོད་པ་ལ་ཕྱི་མཆོད་ལ་


JLD009_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བཞིར་བྱ་ལ། དེའི་དང་པོ་ནི་བུམ་དབང་གི་མཆོད་པ་དང༌། གཉིས་པ་ནང་བདུད་རྩིའི་མཆོད་པ་ནི་གསང་དབང་གི་མཆོད་པ་དང༌། གསུམ་པ་གསང་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་ནས་དགའ་བཞི་སྐྱེད་པ་སྟེ། དབང་གསུམ་པའི་མཆོད་པའོ། །དབང་བཞི་པའི་མཆོད་པ་ནི་དངོས་སུ་མ་སྨོས་ཀྱང་དེ་ཁོ་ན་ཉིད་ཀྱི་མཆོད་པར་ཤེས་སོ། །དེ་ལ་ཕྱི་མཆོད་ནི་འགྲེལ་པ་དེ་ལས་སྙིང་ཁའི་ས་བོན་ལས་སྤྲུལ་བའི་མེ་ཏོག་མ་སོགས་ལྔ་དང༌། གཟུགས་རྡོ་རྗེ་མ་སོགས་ལྔ་གཟུགས་དང་ལང་ཚོ་དང་རྒྱན་ཕུན་སུམ་ཚོགས་པ་བུད་མེད་ཀྱི་ཉམས་དང་ལྡན་པས་མཆོད་པ་དང༌། འདོད་ཡོན་ལྔ་དང༌། གདུགས་དང་། རྒྱལ་མཚན་དང༌། བ་དན་དང༌། བླ་རེ་དང༌། རིན་ཆེན་སྣ་བདུན་དང༌། རྡོ་རྗེའི་གླུ་དང༌། རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་བཤད་པ་རྣམས་ཡིན་ནོ། །དེ་ཡང་མེ་ཏོག་མ། བདུག་པ་མ། མར་མེ་མ། བྱུག་པ་མ། ཞལ་ཟས་མ་རྣམས་རིམ་པ་བཞིན་དཀར་བོ། དུ་བའི་མདོག །དམར་སེར། ལྗང་གུ །སྣ་ཚོགས་མདོག་ཅན། ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོར་དྲིལ་དང༌། ལྷག་མ་གཉིས་ཀྱིས་རིན་པོ་ཆེའི་སྣོད་རང་རང་གི་མཆོད་སྤྲིན་གྱིས་གང་བ་འཛིན་པ་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་མ་རྣམས་རིམ་པ་བཞིན་དུ་དཀར། སྔོ། དཀར། དམར། ལྗང་བ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་དང༌། ལྷག་མ་གཉིས་ཀྱིས་མེ་ལོང་སོགས་རང་རང་གི་མཚན་མ་འཛིན་པ་སྟེ། སྔ་ཕྱི་གཉིས་ཀའི་ཕྱག་ལྷག་མ་གཉིས་ཀྱིས་ནི་ཕྱག་མཚན་གཅིག་ཐུན་མོང་དུ་འཛིན་པའོ། །སྔགས་ནི་


JLD009_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ་སྭཱཧཱ་དང༌། པུཥྤེའི་གནས་སུ་དྷཱུ་བེ་དང༌། དཱི་བེ་དང་། གནྡྷེ་དང༌། ནཻ་ཝི་དྱ་བཅུག་ལ་ལྷག་མ་སྔར་བཞིན་དུ་བྱའོ། །འདོད་ཡོན་མན་ཆད་ཀྱིས་མཆོད་པའི་སྔགས་ནི། ༀ་སརྦྦ་བི་ཤྭ་སྠ་པྲ་ས་ར་པཱུ་ཛ་མེ་གྷ་ས་མུ་དྲ་ཨཱཿ ཧཱུཾ་སྭཱཧཱ། ཞེས་པར་ཡང་བཤད་དོ། །དྲིལ་བུ་པས། གཟུགས་མ་སྒྲ་མ་དྲི་རོ་མ། །རེག་མ་ཆོས་མ་ཞི་བ་མ། །དམར་སྔོ་སེར་དམར་ལྗང་དཀར་མ། །ཞལ་གཅིག་ཕྱག་བཞི་གཡོན་ཐོད་ཊྭཱཾ། །གཡས་རྣམས་མེ་ལོང་པི་ཝཾ་དང༌། །དྲི་མཆོག་རོ་མཆོག་ན་བཟའ་དང༌། །ཆོས་འབྱུང་དང་ནི་ཌཱ་མ་རུ། །ༀ་ཨཱཿ བཛྲ་ཨཱ་དརྴེ་ཧཱུཾ། ༀ་ཨཱཿ ་བཛྲ་བི་ཎི་ཧཱུཾ། ༀ་ཨཱཿ བཛྲ་གནྡྷེ་ཧཱུཾ། ༀ་ཨཱཿ ་བཛྲ་ར་སེ་ཧཱུཾ། ༀ་ཨཱཿ བཛྲ་སྦ་རྴེ་ཧཱུཾ། ༀ་ཨཱཿ བཛྲ་དྷརྨེ་ཧཱུཾ། ཞེས་པའི་ཚུལ་གྱིས་མཆོད་པ་ཕྱི་མཆོད་དུ་བཤད་དོ། །སྙིང་ཁའི་ས་བོན་ལས་སྤྲུལ་པའི་རིག་མ་བཅུ་དྲུག་གིས་ཀྱང་སྔར་བཞིན་མཆོད་དེ། མཆོད་པ་བསང་སྦྱངས་སོགས་ནི་བཤད་ཟིན་ཏོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབ། ཝ་བ་པས། ལྕེ་ཧཱུཾ་ལས་རྡོ་རྗེ་དཀར་པོར་སྐྱེད་པར་གསུངས་པ་ནི། དྲིལ་བུ་པས། བཅོམ་ལྡན་འདས་དང་རྣལ་འབྱོར་མ་རྣམས་ལྕེ། །ཡི་གེ་ཧཱུཾ་བྱུང་རྡོ་རྗེ་རྩེ་གསུམ་པ། །དཀར་པོ་ནས་འབྲུ་ཙམ་བཀོད་སྦུ་གུས་དྲངས། །བདུད་རྩི་གསོལ་བས་ལྷ་ཚོགས་མཆོག་ཚིམ་བལྟ། ཞེས་གསུངས་པས་གསལ་དུ་བཏང་བས་དེ་ལྟར་བསྐྱེད་པའི་རྗེས་སུ། ༀ་ཨ་མྲི་ཏ་ཨུ་ད་ཀ་ཧཱུཾ་ཧཱུཾ་ཋ་ཋ། ཏྲི་ཨཱཿ ཁཾ་ཧཱུཾ། ཞེས་པ་དང༌། ཡི་གེ་གསུམ་


JLD009_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དེ་བྱིན་གྱིས་བརླབ་བོ། །དེ་ནས་བོད་ཀྱི་བླ་མའི་ཕྱག་བཞེས་ལ་འབྱུང་བ་ལྟར། དངོས་དང་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར་ཡི་གེ་གསུམ་གཏགས་ལ་དབུལ། དཀྱིལ་འཁོར་པའི་ལྷའི་སྔགས་ཀྱི་མཐར་ཡང་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་དུར་ཁྲོད་པ་དང་ཕྱོགས་སྐྱོང་འབྱུང་པོའི་བར་རྣམས་ལའང་དབུལ་ཏེ། དེ་ཡང་སྔར་བཤད་པའི་ལྷ་མོ་རོ་རྡོ་རྗེ་མས་བདུད་རྩི་བསྟབས་པར་བསམས་ལ། ཆང་གིས་མཆོད་དེ་ལྷ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་བསམ་ལ། ༀ་ཨ་མྲྀ་ཏ་སྭཱ་ཧ་ན་སྭ་བྷཱ་ཝ་ཨཱ་ཏ་མ་ཀོ་྅ཧཾ། ཞེས་བརྗོད་དོ། །སྙིང་ཁའི་ས་བོན་ལས་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་དེ། བཅུ་གཉིས་སྤྲོས་ལ་ཐོད་པ་ན་གནས་པའི་བདུད་རྩི་ལྔས་ཀྱང་མཆོད་པར་བྱ་སྟེ་ནང་མཆོད་དོ། །དྲིལ་བུ་པས། སྙིང་པོའི་རྣལ་འབྱོར་མ་བཞིས་བདུད་རྩི་ལྔས་མཆོད་པ་ནང་མཆོད་དུ་བཤད་དོ། །གསང་མཆོད་ནི་སྔར་བཤད་པ་ལྟར་ཡབ་ཡུམ་གསལ་བཏབ་སྟེ། གནས་བཞིར་ཡི་གེ་བཀོད་པ་སོགས་གསལ་གདབ་ལ། སྙོམས་པར་ཞུགས་ཏེ་དགའ་བ་བཞི་བསྐྱེད་པས་ཕྱི་ནང་གི་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བསམ་སྟེ། ལྷ་ཐམས་ཅད་ཧེ་རུ་ཀའི་ཆ་ཤས་ཙམ་དུ་ཟད་པའི་ཕྱིར་རོ། །དྲིལ་བུ་ཞབས་ཀྱིས། མྱུར་དུ་དངོས་གྲུབ་བྱེད་པར་ནི། །ཕྱག་རྒྱའི་མཆོད་འདི་ཐེ་ཚོམ་མེད། ཅེས་གསུངས་པས་མཆོད་པའི་གཙོ་བོ་འདི་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་གཉིས་ལེགས་པར་དམིགས་ཕྱེད་པ་དང་ཡུན་མི་ཐུང་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། མན་


JLD009_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྙེ་ལས། བླ་ན་མེད་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། བྱང་ཆུབ་ཀྱི་སེམས་སྒོམ་པ་ཁོ་ན་སྟེ། གང་མངོན་པར་བརྗོད་པ་ཕྱི་མར་གསུངས་པ། རང་བཞིན་མེད་པའི་གནས་གོམས་ལས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། ཞེས་གསུངས་པ་དྲངས་པ་ལྟར་ལྷན་སྐྱེས་ཀྱི་བདེ་བ་དང༌། དེ་ཁོ་ན་ཉིད་ལྟ་བ་གཉིས་དབྱེར་མེད་པར་སྦྱར་ནས་ཡུན་རིང་དུ་བསྒོམ་མོ། །དེ་ལྟར་ན་མཆོད་པའི་འཁོར་གསུམ་པོ་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་མོས་ནས་བྱས་པས། ཚོགས་བདེ་བླག་ཏུ་རྫོགས་པར་འགྱུར་བས་དེ་ལ་འབད་དོ། །དེ་ནས་བསྟོད་པ་ནི། ༀ་ཤྲཱི་བཛྲ་ཞེས་སོགས་བཅོམ་ལྡན་འདས་ཀྱི་སྙིང་པོ་དང༌། ༀ་ཧྲཱིཿ ཧ་ཧ་ཞེས་སོགས་དེའི་ཉེ་བའི་སྙིང་པོའི་སྔགས་དང༌། ༀ་བཛྲ་བཻ་རོ་ཙ་ནཱི་ཞེས་སོགས་བཅོམ་ལྡན་འདས་མའི་སྙིང་པོ་དང༌། ༀ་སརྦྦ་བུདྡྷ་ཞེས་སོགས་བཅོམ་ལྡན་འདས་མའི་ཉེ་བའི་སྙིང་པོར་བཤད་དོ། །ཇོ་བོ་ཆེན་པོས། སྙིང་རྗེ་དང་ཤེས་རབ་ཀྱི་ཐབས་ཤེས་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ལྷའི་སྙིང་པོ་ཡིན་ལ། སེམས་དེ་སྐུལ་བར་བྱེད་པས་སྙིང་པོ་དང༌། ཉེ་བར་བསྐུལ་བས་ཉེ་སྙིང་དང༌། འཇིག་རྟེན་པའི་སེམས་ལས་སྐྱོབ་པས་སྔགས་དང༌། ཡང་དང་ཡང་དུ་བསྐུལ་བས་ཤེས་རབ་ཁྱད་པར་ཅན་སྐྱེད་པས་རིག་སྔགས་དང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་དྲན་པ་སྐྱེད་པས་གཟུངས་སྔགས་སོ། ཞེས་བཤད་དོ། །དེ་ནས་ཡབ་ཀྱི་རྩ་སྔགས་ལ་ཚན་པ་ཉེར་བཞིར་


JLD009_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་ཐོག་མར་ༀ་དང༌། མཐར་ཧུཾ་ཧུཾ་ཕཊ་སྦྱར་བ་ཉེར་བཞི་དང༌། དེ་ནས་དཔའ་མོ་ཉེར་བཞི་དང༌། དེ་ནས་སྒོ་མཚམས་མ་བརྒྱད་དང༌། དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞིའི་མཚན་སྔགས་དང༌། དེ་ནས་ཡབ་ཀྱི་རྐང་བརྒྱད་དེ། དེ་རྣམས་ཀྱི་ཐོག་མཐའ་གཉིས་སུ་སྔར་ལྟར་སྦྱར་རོ། །མཆོད་པའི་སྔགས་སོ་ཞེས་བཤད་པ་ནི་འགྲེལ་པ་གཉིས་ནས་བསྟོད་པར་བཤད་དོ། །འཁྲུལ་སྤོང་ལས། རྐང་བརྒྱད་ཀྱི་སྔགས་བསྟོད་པ་དང༌། སྔགས་ལྷག་མ་རྣམས་བཟླས་པའི་སྐབས་ཀྱི་སྔགས་སུ་མཛད། དེ་བཞིན་གཤེགས་པའི་རྡོ་རྗེས་རོ་མས་བདུད་རྩི་དྲངས་པའི་འོག་ཏུ་རྐང་བརྒྱད་ཀྱིས་བསྟོད་ནས། ལྷ་སོ་སོའི་སྔགས་རྐང་བརྒྱད་དང་བཅས་པས་མཆོད་པར་བཤད་དེ། སྔགས་ཐམས་ཅད་མཆོད་སྔགས་སུ་འདོད་དོ། །སྔགས་འདི་རྣམས་དང་བཟླས་པའི་སྔགས་གཉིས་གཅིག་ཡིན་ཀྱང༌། འདིར་བཤད་པ་ནི་མཆོད་སྔགས་ཡིན་པས་འདིར་ཡང་ཚང་དགོས་སོ། །མཆོད་སྔགས་སུ་འགྲོ་ཚུལ་ནི་ནང་མཆོད་ཀྱི་སྐབས་སུ་སྔགས་འདི་རྣམས་བརྗོད་ནས་དེས་མཆོད་པ་མིན་ཏེ། རོ་མས་དྲངས་པའི་བདུད་རྩི་མྱངས་པའི་འོག་ཏུ་སྔགས་རྣམས་ཀྱིས་བསྟོད་པར་གསུངས་པས་སོ། །དེ་བཞིན་དུ་མཆོད་རྫས་གཞན་འབུལ་བའི་མཆོད་སྔགས་ཀྱང་མིན་ལ། གཞུང་ལས་མཆོད་སྔགས་སུ་ཡང་བཤད་ཅིང༌། རྩ་རྒྱུད་ལས་ཀྱང༌། སྔགས་རྣམས་ཀུན་གྱིས་ཡང་དག་མཆོད། ཅེས་གསུངས་པས་བསྟོད་པའི་མཆོད་པའི་སྔགས་སོ། །དེ་ཐོག་མར་བྱེད་པ་ཡང་མིན་ཏེ། མཆོད་པ་སྔོན་དུ་འགྲོ་བས་ནང་མཆོད་བྱས་པའི་མཇུག་ཏུ་སྔགས་ཀྱིས་བསྟོད་པར་ཡང་གསུངས་པའི་ཕྱིར་རོ། །དེ་


JLD009_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་གཞན་པའི་མཆོད་པ་ནི་སྔར་བཤད་པ་རྣམས་ཏེ། དེ་ལ་སྙོགས་འཇུག་གི་མཆོད་པ་འགྲེལ་པ་གཉིས་ནས་གསལ་བར་མ་བྱུང་ཡང་འདིར་མཆོད་པ་དེ་བྱེད་པ་ནཱ་རོ་པའི་ཕྱག་བཞེས་ཡིན་པར་མར་དོས་བཤད་ཅིང་ཇོ་བོའི་འགྲེལ་པར་ཡང་འབྱུང་ལ། སྤྱི་མིང་གིས་ཀྱང་གོ་ནུས་སོ། །སྔགས་མཆོད་ཀྱི་བསྟོད་པ་ལ་རྐང་བརྒྱད་ནི། ཐུན་མོང་དང༌། ལྷ་སོ་སོའི་སྔགས་ནི་ཐུན་མོང་མ་ཡིན་པའི་བསྟོད་པར་མར་དོ་བཞེད་དོ། །དྲུག་པ་ལྷའི་འཁོར་ལོ་བསྒོམ་ཞིང་དག་པ་དྲན་པ་ལ་གཉིས། ལྷ་སྒོམ་པ་དང༌། དག་པ་དྲན་པར་བྱ་བའོ། །དང་པོ་ནི། སྐབས་འདིར་འགྲེལ་པ་གསུམ་ལས། དེ་ནས་དཀྱིལ་འཁོར་ཡེ་ཤེས་ལྔ་དང༌། སྐུ་གསུམ་གྱི་བདག་ཉིད་གཟུགས་བརྙན་ལྟ་བུར་མོས་པར་བྱའོ། ཞེས་གསུངས་པ་ནི་དཀྱིལ་འཁོར་པའི་ལྷ་སྒོམ་པ་སྟོན་པ་ཡིན་པས་དེ་བཤད་པར་བྱའོ། །དེ་ལ་ལྷ་རྣམས་སྐུ་གསུམ་གྱི་སྒོ་ནས་སྒོམ་པ་ནི། ཀུན་སྤྱོད་ལས། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་དག་ནི་རྣམ་སྒོམ་པ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །དེར་ནི་ངེས་པར་འབྱུང་བར་འགྱུར། ཞེས་གསུངས་པའོ། །འདི་ལ་ཕམ་འཐིང་པ་ནས་བརྒྱུད་པའི་བླ་མ་རྣམས་ལ་སྐུ་གསུམ་སྒོམ་ལུགས་མི་འདྲ་བ་མང་དུ་སྣང་ཡང༌། དཔལ་དཱ་རི་ཀ་པས། ཕྱི་དཀྱིལ་གྱི་ལྷ་སྒོམ་པ་དང༌། བྱང་ཕྱོགས་སོ་བདུན་སྒོམ་པ་དང༌། ལུས་དཀྱིལ་སྒོམ་པ་ནི་རིམ་པ་བཞིན་དུ་སྤྲུལ་སྐུ་དང༌། ཆོས་སྐུ་དང༌། ལོངས་སྐུའི་སྒྲུབ་ཐབས་སུ་གསུངས་སོ། །དང་པོ་ནི་གདུལ་བྱ་ཐུན་མོང་བའི་དོན་དུ་གསུངས་པ་ཤིན་ཏུ་རགས་པའི་


JLD009_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་རྣམ་པ་ཅན་ཡིན་པས་སྤྲུལ་སྐུ་དང༌། གཉིས་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཞུགས་པའི་རྣམ་པ་ཅན་ཡིན་པས་ཆོས་སྐུ་དང༌། གསུམ་པ་ནི་གདུལ་བྱ་མཆོག་གི་དོན་དུ་གསུངས་པ་ཤིན་ཏུ་ཕྲ་བའི་རྩ་དང༌། ཁམས་ཀྱི་སྒོ་ནས་གཟུགས་ཀྱི་སྐུ་འཛིན་པའི་རྣམ་པ་ཅན་ཡིན་པས་རྩ་དང་ཁམས་བྱིན་གྱིས་བརླབས་པའི་སྒོ་ནས་བདེ་བ་ལ་རྫོགས་པར་ལོངས་སྤྱོད་པ་ལ་ལོངས་སྐུར་བཞག་སྟེ་ལེགས་པ་ཡིན་ནོ། །ཡེ་ཤེས་ལྔ་ནི་འཁོར་ལོ་ལྔའི་ལྷ་རྣམས་རིགས་ལྔའི་རིགས་ཀྱི་དབང་གིས་འཇོག་པས་རྣམ་སྣང་མེ་ལོང་ལྟ་བུ་དང༌། མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་དང༌། རིན་འབྱུང་མཉམ་ཉིད་དང༌། སྣང་མཐའ་སོར་རྟོག་དང༌། དོན་གྲུབ་བྱ་སྒྲུབ་ཡེ་ཤེས་སུ་འཇོག་པའི་སྒོ་ནས་ཡེ་ཤེས་ལྔར་ཤེས་པར་བྱའོ། །དེ་འདྲ་བའི་ལྷ་རྣམས་ནི་ཇོ་བོའི་འགྲེལ་པ་ལས། ཡང་དང་ཡང་དུ་གུས་པ་དང༌། རྒྱུན་མི་འཆད་པ་ལ་སོགས་པའི་ཚུལ་གྱིས་རྒྱུན་མ་ཆད་པར་བསྒོམ་པར་བྱའོ། ཞེས་གསུངས་པ་ལྟར་རྟག་ཏུ་དད་གུས་པར་སྦྱོར་བས་བསྒོམ་དགོས་ལ། དེ་ཡང་སྒྲུབ་ཐབས་ཀྱི་ཐོག་མ་ནས་རིམ་པ་བཞིན་དམིགས་པ་དུ་མ་ལ་རྣམ་པ་སྣ་ཚོགས་སུ་སྒོམ་པ་རྐྱང་པ་མིན་གྱི། ལྷར་བསྐྱེད་པའི་དོན་ལ་སེམས་གཞན་དུ་མི་གཡོ་བར་རྩེ་གཅིག་ཏུ་བཞག་སྟེ་སྒོམ་པ་ཡང་བྱ་སྟེ། དེ་ནི་བསྐྱེད་རིམ་སྒོམ་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །འདི་ལ་གཉིས་ལས་ཐ་མལ་བའི་ཞེན་པའི་གཉེན་པོར་ནི་གཞལ་ཡས་ཁང་དང་ལྷ་སྒོམ་པ་ན་སངས་རྒྱས་ཀྱི་ཞིང་དག་པ་དང༌། སངས་རྒྱས་ཀྱི་སྐུ་དེ་དང་དེ་དངོས་ཡིན་སྙམ་པའི་དག་པའི་ང་རྒྱལ་ཤུགས་ཅན་རེ་སྐྱེད་


JLD009_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དེ་ལྟར་བསྐྱེད་པའི་དོན་ལ་བློ་དེའི་ཤུགས་མ་ཡལ་བར་དུ་དེའི་རྒྱུན་ཉིད་ལས་གཞན་དུ་མི་གཡེང་བར་འཇོག་པ་ཅིག་དགོས་ཏེ། གཞུང་དུ་མ་ལས་ལྷ་ལ་སོགས་པའི་མཆོག་གི་ང་རྒྱལ་བསྐྱེད་པར་བྱ་བ་དང༌། ཐ་མལ་པའི་ང་རྒྱལ་བསལ་དགོས་པར་ལན་དུ་མར་གསུངས་པའི་ཕྱིར་རོ། །གཉིས་པ་རྟེན་བརྟེན་པ་ལ་ཐ་མལ་པའི་སྣང་བ་ཉིད་འཆར་བའི་གཉེན་པོར་ནི་ཡོངས་སུ་དག་པའི་རྟེན་དང་བརྟེན་པའི་སྣང་བ་སྒོམ་པ་ན་རིམ་ཅན་དུ་སྒོམ་པའི་ཚེ། སྐབས་གང་ཡིན་གྱི་སྣང་བ་ཁྱད་པར་ཅན་དུ་རེ་རེ་ནས་གསལ་འདེབས་པ་དང༌། འཇོག་སྒོམ་བྱེད་པའི་ཚེ་སྐབས་ཀྱི་དམིགས་པ་གང་ཡིན་པ་གསལ་བཏབ་པ་ཤར་བ་དེ་ལ་སེམས་རྩེ་གཅིག་ཏུ་འཛིན་པའོ། །ཐ་མལ་བའི་སྣང་བ་ནི་དབང་པོའི་ཤེས་པ་ལ་སྣང་བའི་སྣོད་བཅུད་མིན་གྱི། ཡིད་ཀྱི་ཤེས་པ་ལ་ཐ་མལ་གྱི་སྣོད་བཅུད་དུ་སྣང་བ་ཡིན་ལ། དེ་དང་ཐ་མལ་པའི་ང་རྒྱལ་གཉིས་བསྐྱེད་རིམ་གྱིས་འགོག་ཚུལ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བ་ལྟར། ས་བོན་སྤོང་བ་སྐབས་འདིར་འོང་དོན་མེད་ལ། འཇིག་རྟེན་པའི་ལམ་གྱིས་སྤོང་བ་ལྟར་ས་བོན་ཉམས་སྨད་ནས་མངོན་གྱུར་སྤོང་བ་ཡང་མིན་ནོ། །འོ་ན་ཇི་ལྟར་འགོག་སྙམ་ན། གློ་བུར་བའི་འགལ་རྐྱེན་གཞན་མེད་པ་ན། རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དག་དེའི་ང་རྒྱལ་བཟུང་བའི་ཚེ། སྔར་བཤད་པ་ལྟར་གྱི་ང་རྒྱལ་དུ་འཕོ་ནུས་པ་དང༌། དཀྱིལ་འཁོར་གཉིས་གསལ་བཏབ་པའི་ཚེ་གསལ་གང་བཏབ་པ་བཞིན་དུ་ཤིན་ཏུ་གསལ་བར་སྣང་བ་སྐྱེས་ནས་ཡིད་


JLD009_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ངོའི་ཐ་མལ་བའི་སྣང་བ་བཟློག་པའི་ཚུལ་དེས་ཐ་མལ་པའི་སྣང་ཞེན་གཉིས་བཟློག་པ་ཡིན་ནོ། །འདི་ཡང་ཅུང་ཟད་རེའི་བར་དུ་ཟློག་ནུས་པས་མི་ཆོག་གི །ཤིན་ཏུ་བརྟན་པ་ཅིག་དགོས་སོ། །གོམས་པ་ཆེ་བས་ལྷའི་རྣལ་འབྱོར་ལ་མཉམ་བར་བཞག་པ་ན་མིག་ཤེས་སོགས་ཀྱི་སྣང་བ་གཞན་མི་འཆར་བ་ནི། ཡིད་ཀྱི་ཤེས་པ་དོན་དེ་ལ་རྗེས་སུ་ཞུགས་དྲགས་པས་མིག་ལ་སོགས་པའི་ཤེས་པ་སྐྱེ་བའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པས། དེ་དག་རེ་ཞིག་མ་སྐྱེས་པས་ཁ་དོག་ལ་སོགས་པའི་སྣང་བ་གཞན་མ་ཤར་བ་ཡིན་གྱི། སྣང་བ་དེ་དག་བསྐྱེད་རིམ་གྱིས་བཀག་པ་མིན་ཏེ། རིགས་པའི་རྒྱལ་པོས། རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། ཞེས་གསུངས་པ་བཞིན་ནོ། །དེས་ན་ཁྱད་པར་ཅན་གྱི་སྣང་བས་ཡིད་ཤེས་ཀྱི་ངོར་ཐ་མལ་པའི་སྣང་བ་འགོག་པའི་ནུས་པ་ཐོབ་ན་དེས་དགོས་པ་འགྲུབ་ལ། དངོས་པོ་ལ་ལྷར་མ་སོང་ཡང་ལྷའི་བཅོས་མིན་གྱི་ང་རྒྱལ་སྐྱེས་ནའང་དེས་དགོས་པ་འགྲུབ་བོ། །གང་གསལ་བཏབ་པ་དེའི་སྐོར་མིན་པར་དེ་ལས་གཞན་དུ་གང་ཤར་ཡང་དེའི་རྗེས་སུ་མི་འབྲང་བར་རྩ་བའི་དམིགས་པ་ལ་སེམས་བཟུང༌། གསལ་བཏབ་པའི་སྐོར་ནས་ཆ་གཅིག་གསལ་ན་དེ་ལ་བཟུང༌། དེ་མི་གསལ་བར་སོང་བའམ་འགྲོ་བར་སྣང་ན་སྐུའི་སྤྱི་ལ་གཟུང༌། དེ་ལྟར་ང་རྒྱལ་དང་སྣང་བ་གཉིས་སྤེལ་མར་བསྒོམས་པས་ཐ་མལ་པའི་ང་རྒྱལ་ལོག་ནས་ལྷའི་ང་རྒྱལ་དུ་འཕོས་པ་ནི། དཔེར་ན་ཡེ་ཤེས་ལེགས་པར་ཕེབས་པ་ན་སྔར་གྱི་རང་ཉིད་གང་ཡིན་པའི་


JLD009_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྟངས་དེ་དོར་ནས་ལྷ་ཡིན་ནོ་སྙམ་པའི་བསམ་པ་འགྱུར་འགྲོ་བ་བཞིན་དུ་མི་བསྐྱོད་པ་དང་རྣམ་སྣང་ལ་སོགས་པའོ་སྙམ་པའི་བསམ་པ་བཅོས་མ་དེ་འགྱུར་ནས་ལྷའི་ང་རྒྱལ་དུ་འཕོས་པ་ལ་བྱའོ། །འདི་ལ་ཁ་ཅིག་ལ་ལྷའི་ང་རྒྱལ་མ་བཅོས་པ་སྐྱེ་ཡང་རྟེན་བརྟེན་པའི་སྣང་བ་གསལ་པོ་མེད་པ་དང༌། ཁ་ཅིག་ལ་རྟེན་བརྟེན་པའི་སྣང་བ་གསལ་པོ་ཡོད་ཀྱང་བཅོས་མིན་གྱི་ང་རྒྱལ་མེད་པ་དང༌། ཁ་ཅིག་ལ་གཉིས་ཀ་ཡོད་པ་དང༌། གཉིས་ཀ་མེད་པ་སྟེ་མུ་བཞི་འོང་བར་སྣང་ངོ༌། །དེ་ཡང་ཁྱད་པར་ཅན་གྱི་ང་རྒྱལ་སྒོམ་པ་ནི་གཙོ་བོ་ཡིན་ལ། ཁྱད་པར་བའི་སྣང་བ་སྒོམ་པ་ནི་དེའི་ཡན་ལག་གོ །ཐུན་རེ་རེ་ལ་ང་རྒྱལ་འཕོས་པ་བརྟན་པ་དང༌། ཐུན་རེ་ལ་སྣང་བ་ཁྱད་པར་ཅན་དུ་སོང་ནས། ཡིད་ངོར་ཐ་མལ་པའི་སྣང་བ་ལོག་པ་དང༌། དེ་ལ་སེམས་ཀྱི་གནས་ཆ་བརྟན་ན་རགས་པ་ལ་ལོབས་པ་ཡིན་ནོ། །ཐོག་མར་ཞལ་གཅིག་ཕྱག་གཉིས་པ་ལྟ་བུ་ལ་ལོབས་པ་ན་ཞལ་ཕྱག་རྫོགས་པ་དང་རྒྱན་དང་ཕྱག་མཚན་སོགས་རྫོགས་པ་དུས་གཅིག་ཏུ་གསལ་གསལ་དུ་བསླབ། དེ་ལ་ལོབས་པ་ན་ལྷ་གཞན་གཅིག་དང་གཉིས་ལ་སོགས་པ་བསྣན་ཞིང༌། དེ་རྣམས་དུས་གཅིག་ཏུ་གསལ་ནས་གནས་པ་ལ་བསླབ། དེ་ནས་ནང་ལུས་ཀྱི་དཀྱིལ་འཁོར་གྱི་གསལ་སྣང་སོགས་ལ་བསླབ་བོ། །གཟུགས་བརྙན་ལྟར་མོས་པར་བྱ་བར་བཤད་པ་དང༌། ཀྱཻ་རྡོར་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་


JLD009_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཞེས་གསུངས་པའི་སྒོམ་ཚུལ་ནི། གསལ་སྣང་ཐོབ་པ་དང་དམིགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་ངེས་ཤེས་དང་ལྡན་པར་སྐྱོང་བ་སྟེ། བསྐྱེད་རིམ་པའི་ཟབ་གསལ་གཉིས་མེད་ཅེས་ཀྱང་ཟེར་རོ། །ལྷ་ལ་སེམས་འཛིན་པ་སོགས་ཀྱི་ཁྱད་པར་མ་གཏོགས་པ། སེམས་དམིགས་པ་ལ་གཏོད་པའི་དྲན་ཤེས་དང༌། བྱིང་རྒོད་གཅོད་པ་དང༌། ཞི་གནས་དངོས་དང་རྗེས་མཐུན་པར་སོང་མ་སོང་ནི་ཐེག་པ་ཐུན་མོང་གི་ལམ་རིམ་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱ་ཞིང༌། བསྐྱེད་རིམ་ལ་ལོག་རྟོག་གི་གནས་བསལ་བ་སོགས་ནི་སྔགས་རིམ་ཆེན་མོར་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ནི། དག་པ་དྲན་པ་ནི་གཞུང་ལས། མཆོད་པའི་རྗེས་སུ་གཏོར་མ་གསུངས་ལ། འགྲེལ་པ་གཉིས་ལས་བཟླས་པའི་རྗེས་ལ་གཏོར་མའི་ཆོ་ག་གསུངས་པ་ནི། ཕྱིས་བརྗོད་པར་བྱའོ་ཞེས་གཏོར་མ་བཟླས་པའི་རྗེས་སུ་བྱ་བར་བཤད། དཀྱིལ་འཁོར་བསྒོམས་པའི་འོག་བཟླས་པའི་གོང་འདིར་རྣམ་དག་བསྒོམ་པར་བཤད་ཅིང༌། དེ་ལྟར་བདག་ཉིད་རྣམ་བསམས་ནས། ཞེས་པ་ནས། སྤྱོད་པའི་དུས་སུ་གང་བྱ་བ་དེ་བྱ་བར་ལྭ་བ་པས་གསུངས་པའི་སྤྱོད་པ་ནི། པྲཛྙཱ་རཀྵི་ཏས་རྒྱུ་བའི་དུས་སུ་ཞེས་གསུངས་པ་ཡིན་ལ། གཏོར་མ་ཕུལ་རྗེས་སུ་ལྷའི་གཟུགས་ཀྱིས་གནས་པར་བྱའོ། ཞེས་དེ་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པར་བཤད་པས། དག་པ་དྲན་པ་ནི་སྐབས་འདིར་བྱེད་པ་ཡིན་ནོ། །སེན་མོ་དང་སོ་དག་ལ་ཁཎྜ་ཀ་པཱ་ལའོ་ཞེས་པ་ནས། སྣབས་ལ་ནི་རྡོ་རྗེ་སེམས་


JLD009_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དཔའོ། །དེ་དག་ནི་དཔའ་བོའི་ཡན་ལག་རྣམ་པར་དག་པའོ། ཞེས་དཔའ་བོ་ཉེར་བཞིའི་རྣམ་དག་བཤད་པ་ནི། སྔར་ལུས་དཀྱིལ་དུ་བཤད་པ་བཞིན་མི་ཕྱེད་མ་ལ་སོགས་པའི་རྩ་ཉེར་བཞི་ནས་འབབ་པ། སོ་དང་སེན་མོ་སོགས་སྐྱེད་པའི་ལུས་ཀྱི་ཁམས་ཉེར་བཞི་ནི། སྐབས་འདིར་དཔའ་བོ་ཉེར་བཞིའི་ངོ་བོར་མོས་པ་ཙམ་བྱེད་པ་ཡིན་ལ། དེ་དག་གི་དོན་ནི་རྒྱས་པར་བཤད་ཟིན་ཏོ། །དེ་ནས་སྔགས་དང་རྒྱན་ཆའི་དག་པ་དྲན་པར་བྱ་བ་ནི། དཔའ་བོ་སྟེ་གཙོ་བོའི་རྩ་བའི་སྔགས་ནི། ཀ་ར་ཀ་ར་ལ་སོགས་པའི་འཕྲེང་སྔགས་སོ། །དེ་ཁོ་ན་དང་པོ་སྟེ་མཆོག་གོ་ཞེས་ལྭ་བ་པས་བཤད་དེ། པྲཛྙཱ་རཀྵི་ཏ་ཡང་དེ་དང་འདྲ་བས། དཔའ་བོའི་རྩ་བའི་སྔགས་དང་པོ་ཞེས་པ་དག་ལ། དང་པོ་ནི་གྲངས་ཀྱི་མིན་གྱི་མཆོག་གི་དོན་ནོ། །དེ་ནི་ཚངས་པའི་སྐུད་པ་དང༌། སོགས་ཀྱིས་ཐལ་བ་དང་སྤྱི་བོའི་འཁོར་ལོར་བརྟག་གོ །དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་ཉེར་བཞི་ཡིས་ནི་ལུས་ཀྱི་ཁམས་སོ་དང་སེན་མོ་སོགས་ཉེར་བཞི་ཡོངས་སུ་དག་པར་བརྟག་པར་བྱའོ། །དཔའ་བོ་སྟེ་ཡབ་ཀྱི་གོ་ཆ་དྲུག་པོ་ཡིས་ཏེ་དེས་བསྐྱེད་པའི་ཕྱག་རྒྱ་དྲུག་པོ་འདི་ཡིས་ལུས་ཏེ་སྐུ་མཛེས་པའོ། །རྡོ་རྗེ་ཕག་མོའི་རྩ་བའི་སྔགས་གང་ཡིན་པ་ལས་བྱུང་བའི་མགུར་ཆུ་སྟེ་མགུལ་རྒྱན་གྱིས་མགྲིན་པ་བརྒྱན་ནོ། །ལྷ་སྟེ་གཙོ་བོ་ཡི་སྙིང་པོ་ཡི་གེ་ཉེར་གཉིེས་པའི་སྔགས་ཀྱིས་ཏེ། དེས་བསྐྱེད་པའི་མགོ་བོའི་ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་སྐུ་ལ་བརྒྱན་


JLD009_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཉེ་སྙིང་ཡི་གེ་བདུན་པའི་གསང་སྔགས་ཀྱིས་བསྐྱེད་པའི་གདུབ་ཀོར་ཏེ་རྣ་རྒྱན་གྱིས་ནི་རྣ་བ་ལ་བརྒྱན་ནོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་ནི། ཡུམ་གྱི་ཉེ་སྙིང་སརྦ་བུདྡྷ་ཞེས་པའི་སྔགས་ཀྱིས་བསྐྱེད་པའི་གླང་ལྤགས་ཀྱི་གོས་ནི་འཛིན་པར་བྱེད་པའོ། །རྣལ་འབྱོར་མ་ཕག་མོ་ལ་སོགས་པའི་གོ་ཆའི་གསང་སྔགས་དྲུག་རྣམས་ཀྱིས་བསྐྱེད་པའི་སྐ་རགས་བྱས་པ་ནི་སྐུ་རྣམ་པར་བརྒྱན་པའོ། །མཁའ་འགྲོ་མ་ནས་བཟུང་སྟེ། གཤིན་རྗེ་འཇོམས་མའི་བར་གྱི་འཁོར་ལོ་ལྔ་པོ་ཀུན་གྱི་རྣལ་འབྱོར་མའི་སྔགས་ལས་བྱུང་བའི་ཀ་པཱ་ལ་ནི་བཏུང་བའི་ཐོད་པའོ། །སྔགས་ནི་འདིར་སྙིང་རྗེའོ་ཞེས་འགྲེལ་པ་གཉིས་ལས་བཤད་པ་ནི་སྔགས་ལས་བྱུང་བའི་ཐོད་པའོ། །དེ་ཡང་ལྷན་སྐྱེས་ཀྱི་བདེ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ལ། ཀ་པཱ་ལའི་ངེས་དོན་ཡང་བདེ་བ་སྐྱོང་བ་ཡིན་ཞིང༌། དེ་ཉིད་ནི་ཡིད་སྐྱོབ་པས་སྔགས་ཞེས་བྱའོ། །ཇོ་བོའི་འགྲེལ་པར་རྣལ་འབྱོར་མ་སོ་སོའི་སྔགས་ལས། སོ་སོའི་ཕྱག་གི་ཐོད་པ་སྐྱེད་པར་བཤད་དོ། །བཻ་རོ་ཙ་ནཱི་ཞེས་པའི་སྔགས་ཡུམ་གྱི་སྙིང་པོ་གང་ཡིན་པ་ལས་བྱུང་བའི་ཐོད་པ་ལྔས་དབུ་ལ་བརྒྱན་པའོ། །སྔགས་དེ་རྣམས་ལས་རྒྱན་ཆ་དེ་རྣམས་སྐྱེད་པར་ཇོ་བོའི་འགྲེལ་པར་བཤད་དེ། དངོས་སུ་ཡོད་ནའང་དེ་ལྟར་བྱས་ལ་གདགས། ཕྱག་རྒྱ་དེ་རྣམས་དངོས་སུ་འཛིན་པ་མེད་ནའང་སྔགས་བརྗོད་པས་སྔ་མ་དང་མཚུངས་པའི་ཕན་ཡོན་འཐོབ་པར་བཤད་པས་སྔགས་རྣམས་ལས་བསྐྱེད་པའི་རྒྱན་ཆ་རྣམས་ལུས་ལ་བཏགས་པར་མོས་པར་བྱའོ། །འོག་གི་ཁ་ཊྭཱཾ་ག་ནི་


JLD009_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས། གང་དུའང་མི་གནས་པའོ་ཞེས་པའི་བར་ནི་འགྲེལ་པ་གསུམ་ལས། ཐོད་པས་དབུ་ལ་བརྒྱན་པའོ། ཞེས་པའི་མཇུག་ཏུ་སྦྱར་བར་གསུངས་པས་འདིར་བླང་ངོ༌། །རང་གིས་འཆང་བའི་ཁ་ཊྭཱཾ་ག་ནི་ལྷ་སྟེ་ཧེ་རུ་ཀའི་སྐུའི་རང་བཞིན་དུ་མོས་པའམ། ཡང་ན་རང་གི་རུས་པའི་གཞུང་ཚིགས་ཁ་ཊྭཱཾ་གའི་རང་བཞིན་དུ་བལྟའོ། །ཌཱ་མ་རུའི་སྒྲ་ནི་ཤེས་རབ་སྟེ་སྟོང་པ་ཉིད་བྲག་ཆ་ལྟ་བུར་རྟོགས་པར་བྱའོ། །དཔའ་བོ་བཅོམ་ལྡན་འདས་ནི་ཐབས་སྣང་ཕྱོགས་ཡིན་པས་དམིགས་པའི་ཕྱིར་ཉིན་མོ་ཞེས་གསུངས་ལ། རྣལ་འབྱོར་མ་བཅོམ་ལྡན་འདས་མ་ནི་སྣང་བ་སྡུད་པའི་སྟོང་ཕྱོགས་ཡིན་པས་མི་དམིགས་པའི་ཕྱིར་མཚན་མོ་ཞེས་པར་བརྗོད་དོ། །མྱ་ངན་འདས་བྱུང་ཞེས་པ་བཞིའི་དོན་ནི་རྫོགས་རིམ་གྱི་སྐབས་སུ་འཆད་པར་འགྱུར་ལ། སྐབས་འདིར་ནི་དཔའ་བོ་བཅོམ་ལྡན་འདས་ཟུང་འཇུག་གི་སྐུར་མོས་པ་དང༌། ཕག་མོ་ནི་སྟོང་པ་ཉིད་འོད་གསལ་གྱི་ངོ་བོར་མོས་པར་བྱའོ། །ཡི་གེ་བཞིའི་དོན་ནི་ཅི་རིགས་པ་ཅིག་ནི་བཤད་ཟིན་ལ། རྫོགས་རིམ་གྱི་སྒོ་ནས་བཤད་དགོས་པ་ནི་འཆད་པར་འགྱུར་རོ། །བླ་མ་མལ་ནས་བརྒྱུད་པ་ཁ་ཅིག །དག་པ་དྲན་པ་འདི་བླ་མ་ཕམ་མཐིང་པ་ལ་སོགས་པ་རྣམས་མཉམ་གཞག་གི་རྗེས་ལ་བྱེད། ནཱ་རོ་པའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ནི་མཉམ་གཞག་རང་དུ་འདོད། མལ་གྱོས་ནི་ཉམས་ལེན་མཛད་པ་ན་བརྗེད་ཀྱིས་དོགས་ནས་བསྐྱེད་རིམ་མཉམ་གཞག་གི་རྗེས་རང་ལ་དག་པ་


JLD009_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་བསྒོམས་ནས། དེ་ནས་མཆོད་པ་ལ་སོགས་པ་མཛད་ཟེར་ལ། མར་དོ་དང་འགྲེལ་པ་རྣམས་ཀྱི་ལུགས་ནི་ལུགས་གཉིས་པ་ལྟར་བྱེད་པ་ཡིན་ནོ། །འགྲེལ་པ་རྣམས་ནས་ཕྱོགས་མཐུན་སོ་བདུན་དང་སྦྱོར་བས་ཐམས་ཅད་ཤེས་པ་ཉིད་དང༌། ས་བཅུ་རྣམ་པར་དག་པ་གནས་ལ་སོགས་པ་དང་སྦྱོར་བས་ནི་ལམ་ཤེས་པ་ཉིད་དང༌། གོ་ཆ་ནས་རྣམ་དག་གི་བར་གྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུངས་པར་འཆད་དོ། །དེ་ནི་སྒྲུབ་ཐབས་འདིར་ཕར་ཕྱིན་པའི་མཁྱེན་གསུམ་གྱི་ལམ་རྣམས་འདུས་པར་བསྟན་པའི་ཕྱིར་ཡིན་ནོ། །དེ་ཡང་གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི་ཆོས་སོ་བདུན། ཕྱི་དཀྱིལ་ལྷ་སོ་བདུན་གྱི་ངོ་བོར་གྱུར་པས་ནི་གཞི་ཤེས་བསྡུས་ལ། ལྷན་སྐྱེས་ཀྱི་བདེ་སྟོང་གི་རྟོགས་པ་ལ་ལམ་ཤེས་ས་བཅུར་བཞག་པ་ཉིད་ལ་ལུས་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པར་མོས་པར་བྱས་པ་ལ་ལུས་དཀྱིལ་སྒོམ་པས་ནི་ལམ་ཤེས་བསྡུས་ཤིང༌། རྣལ་འབྱོར་པ་རང་གི་གཞི་དང་ལམ་ཁྱད་པར་གྱི་གཞིར་བྱས་པའི་སྟེང་ནས་ཁྱད་པར་གྱི་ཆོས་ཀྱི་རྣམ་པ་གོ་ཆ་འཆིང་བ་སོགས་མཁྱེན་པས་ནི་རྣམ་མཁྱེན་གྱི་ལམ་བསྡུས་སོ། །བཞི་པ་ནི། གཞུང་དུ། ཨཱ་ལི་ཀཱ་ལི་མདུན་བསམས་ནས། ཞེས་པ་ནས། དེ་ལས་གཟུངས་ནི་ཐོབ་པར་འགྱུར། ཞེས་འབྱུང་བ་འདིས་རྫོགས་རིམ་སྟོན་པར་འགྲེལ་པ་བཞི་ཀ་ནས་བཤད་ཅིང༌། ཕམ་མཐིང་པ་ནས་བརྒྱུད་པ་རྣམས་ཀྱང་དེ་བཞིན་དུ་བཞེད། དེ་གཞུང་གཞན་ནས་ནི་མཆོད་པ་དང༌། གཏོར་མ་དང༌།


JLD009_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དྲན་པ་དང༌། མཉམ་ལངས་ཀྱི་བྱ་བ་རྣམས་བཤད་པའི་འོག་ཏུ་འབྱུང་བས། བསྐྱེད་རིམ་སྒོམ་པའི་སྐོར་ཟིན་པའི་འོག་ཏུ་བྱེད་པ་འདྲ་བ་ཅིག་སྣང་ངོ༌། །ཡང་འགྲེལ་པ་གསུམ་ག་ལས། ཨཱ་ལི་ཞེས་སོགས་ཀྱིས་བསྟན་པའི་སྡུད་རིམ་ལས་གཞན་པའི་སྡུད་རིམ་བྱས་པའི་མཐར། དཀྱིལ་འཁོར་གྱིས་འཁོར་ལོར་ལངས་ནས་བཟླས་པ་དང༌། གཏོར་མ་བྱ་བར་བཤད་དོ། །འགྲེལ་པ་དེ་རྣམས་ལས། ཨཱ་ལི་ཞེས་སོགས་ཀྱིས་བསྟན་པའི་སྡུད་རིམ་ལས་གཞན་པའི་སྡུད་རིམ་མ་བཤད། གཙུག་ནོར་ལས། བཟླས་པའི་མཇུག་ཏུ་དཀྱིལ་འཁོར་པ་ནས། ནཱ་ད་སྡུད་པའི་བར་གྱི་སྡུད་རིམ་བསྐྱེད་རིམ་གྱི་ཁོངས་སུ་བསྡུས་ནས་ཨཱ་ལི་ཞེས་སོགས་རྫོགས་རིམ་སྒོམ་པ་ལ་སྦྱར་བས་སྡུད་རིམ་གཉིས་ཡོད་དོ། །མར་དོ་ཡང་དེ་དང་མཐུན་པར་སྡུད་རིམ་གཉིས་བྱེད་ཅིང༌། བསྐྱེད་རིམ་གསལ་ཞིང་ཡུན་རིང་དུ་སེམས་གཏོད་ནུས་པའི་ཚེ་རྫོགས་རིམ་གྱི་སྡུད་རིམ་སྒོམ་ལ། བསྐྱེད་རིམ་བསྡུས་ཏེ་བསྒོམ་པའི་བཟླས་པ་ཅུང་ཟད་ཅིག་བྱས་པའི་འོག་ཏུ་གཙོ་བོར་དེ་བསྒོམ་ཞིང༌། དེ་ལས་ལངས་པ་ན་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་པར་བཞེད་དོ། །མལ་ནས་བརྒྱུད་པ་རྣམས་སྡུད་རིམ་གཉིས་མི་བྱེད་ཅིང༌། བསྐྱེད་རིམ་བསྒོམ་རེས་ཀྱིས་གཏོར་མའི་འཇུག་ཏུ་རྫོགས་རིམ་གྱི་སྡུད་རིམ་བསྒོམས་པའི་མཐར་བཟླས་པ་བྱས་པའི་འོག་ཏུ་རྗེས་སྤྱོད་ལ་འཇུག་པར་འདོད་དོ། །དེ་ལྟར་མང་དུ་ཡོད་ཀྱང་བཟླས་པའི་སྔོན་དུ་སྡུད་རིམ་བྱེད་པ་འདི་བསྐྱེད་རིམ་བསྒོམ་པ་ལ་ཐུན་མཚམས་བྱ་བར་འདོད་ནས་དཀྱིལ་


JLD009_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྡུད་པ་ནི་མིན་པས་རྫོགས་རིམ་གྱི་ཁོངས་སུ་གཏོགས་ལ། དེ་ཡང་བསྐྱེད་རིམ་གསལ་བ་དང་ཡུན་རིང་དུ་སེམས་གཏོད་མི་ནུས་བར་དུ་གཙོ་བོར་བསྐྱེད་རིམ་དང༌། ཞར་ལ་རྫོགས་རིམ་གྱི་སྡུད་རིམ་རེ། བསྐྱེད་རིམ་གྱི་བར་སྐབས་སུ་བྱེད་པ་ཡིན་ལ། འདིར་ནི་སྐབས་འདིར་བྱེད་ཅིང༌། བསྐྱེད་རིམ་ཅུང་ཟད་ལས་སུ་རུང་བ་ནས་བསྐྱེད་རིམ་གྱི་ལྷ་ཉུང་དུ་མི་བྱེད་ཀྱང་སྐྱེད་ཆོག་རྣམས་བསྡུས་ཏེ་གཙོ་བོར་མི་སྒོམ་ལ། རྫོགས་རིམ་གྱི་སྡུད་རིམ་གཙོ་བོར་བྱས་ཏེ་ཡུན་རིང་དུ་སྒོམ་པ་ཡིན་ནོ། །དེའི་ཚེ་ནི་ཐུན་གྱི་ངོ་བོའི་བསྐྱེད་རིམ་གྱི་སྐོར་རྣམས་ཟིན་པའི་མཇུག་ཏུ་བསྒོམས་ནས། ལྡང་བ་ན་ཕྱག་གཉིས་པ་ཡབ་ཡུམ་དུ་ལྡང་བར་བྱའོ། །གང་ཟག་རབ་ལ་བསྐྱེད་རིམ་མཐར་ཕྱིན་ནས། དེ་ནས་རྫོགས་རིམ་སྒོམ་པ་ཡིན་པས། དེའི་དབང་དུ་བྱས་ན་བསྐྱེད་རིམ་བཞག་ནས་རྫོགས་རིམ་སྒོམ་པར་གསུངས་ཏེ། འོན་ཀྱང་ལྷའི་འཁོར་ལོ་མི་སྒོམ་པ་ནི་མིན་ནོ། །དེས་ན་ད་ལྟའི་གང་ཟག་རྣམས་ལ་སྐབས་འདིར་རྫོགས་རིམ་སྒོམ་པ་རེ་ཡང་གལ་ཆེ་བས་དེ་བཟླས་པའི་སྔོན་དུ་བྱེད་ན་དབྱངས་གསལ་ངག་ཏུ་བརྗོད་ཅིང༌། དེའི་ཚེ་དབྱངས་གསལ་གྱི་འཕྲེང་བ་འོག་ཟེར་ལྔ་ལྡན་འཁོར་ལོ་གསུམ་གྱི་ལྷ་ཚོགས་འཕྲོ་བ། སྣ་བུག་གཡས་པའི་རླུང་དང་འགྲོགས་ནས་འཕྲོས་པས་འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷ་ཚོགས་སུ་བྱས། བྱས་པ་དེ་རྣམས་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རོ་མཉམ་དུ་གྱུར་ཏེ། སྣ་བུག་གཡོན་ནས་ཞུགས་ནས་ལྟེ་བར་གནས་པ་ཡོངས་སུ་གྱུར་པ་ལས་དབྱངས་


JLD009_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་གཟུགས་བརྙན་དང་ལྡན་པའི་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་ཅན་དུ་གྱུར་པར་བསྒོམ། དེའི་དབུས་སུ་སྐད་ཅིག་གིས་ཧཱུཾ་ཡིག་དཀར་དམར་དེ་དང་ཟླ་བ་གཉིས་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་དཀར་པོ་གཡས་བརྐྱང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བསྣམས་པ། ནམ་མཁའི་འཇའ་ཚོན་ལྟ་བུ་ཡུམ་རྡོ་རྗེ་ཕག་མོ་ཞལ་གཅིག་མ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པ་དང༌། སྙོམས་པར་ཞུགས་པས་གསང་གནས་གཉིས་བསྐྱོད་པའི་སྒྱུ་མའི་དགའ་བའི་སྒྲས་འགྲོ་བ་རྣམས་བཀུག་སྟེ། དུར་ཁྲོད་ལ་ཐིམ། དེ་ནི་རྟེན་གྱི་འཁོར་ལོ་ལ། དེ་སྐུ་འཁོར་ལ། དེ་གསུང་འཁོར་ལ། དེ་ཐུགས་འཁོར་ལ་ཐིམ། དེའི་ཤར་ནས་གཡོན་སྐོར་གྱིས་ཕྱོགས་ན་གནས་པ་བཞི་ནི་རིམ་པ་བཞིན་དུ་མཁའ་འགྲོ་མ་ནས་བཟུང་སྟེ། གཡོན་སྐོར་གྱིས་ལྷ་མོ་བཞི་ལ་དང༌། དེ་ནས་མེ་ནས་བརྩམས་ཏེ་མཚམས་ན་གནས་པ་བཞི་ནི། གཟུགས་ཅན་མ་ནས་བཟུང་སྟེ་གཡས་སྐོར་གྱིས་ལྷ་མོ་བཞི་ལ་ཐིམ། འདིར་ཐོད་པ་བཞི་ཇི་ལྟར་སྡུད་པ་མ་བཤད་ཀྱང༌། གཟུགས་ཅན་མ་ལ་སོགས་པ་བཞི་ལ་བསྡུའོ། །ལྷ་མོ་བཞི་ཡང་རང་ངོས་ཀྱི་གཙོ་བོའི་ཞལ་བཞི་ལ་རིམ་པ་བཞིན་བསྡུ། དམ་ཚིག་པ་ཡབ་ཡུམ་ནི་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཐིམ། པཎྜི་ཏ་ཁ་ཅིག་ལུགས་འདི་ལའང་ཡེ་ཤེས་སེམས་དཔའ་ལྟེ་བ་དང༌། སྙིང་ཁར་སྒོམ་པ་གདམ་ང་ཅན་དུ་བྱེད་དོ། །དེ་གཉིས་ཀྱང་སྙོམས་པར་ཞུགས་པས་ཞུ་བར་གྱུར། ཞུ་བ་དེ་ཡོངས་སུ་གྱུར་པ་ལས། སིནྡྷུ་རས་བྱུགས་པའི་མུ་ཏིག་ལྟ་བུའི་ཧཱུཾ་


JLD009_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། དེའི་ཨཱུ་ནས་ནཱ་དའི་བར་དུ་སྔ་མ་ཕྱི་མ་ལ་རིམ་གྱིས་བསྡུས་ནས། ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཙམ་དུ་བྱས་པ་ལ་སེམས་བཟུང་ངོ་། །རབ་ཀྱིས་ནི་དེ་ཡང་མི་དམིགས་པར་འོད་གསལ་དུ་བསྡུས་པ་ལ་སེམས་ནུས་ཚད་དུ་གཟུང་ངོ༌། །ཡེ་ཤེས་སེམས་དཔའ་བསྐྱེད་པ་ནས་འདིའི་བར་ནི། འགྲེལ་པ་གསུམ་ག་ལས་རྣལ་འབྱོར་ཆེན་པོར་བཤད་ཅིང༌། འདི་ནས་རྣལ་འབྱོར་ཆེན་པོ་རྫོགས་པར་བཤད་ལ། དེ་ལྟར་བདག་ཉིད་རྣམ་བསམ། ཞེས་པ་སོགས་རྗེས་སྤྱོད་ཀྱི་རྣལ་འབྱོར་རྣམས་ཀྱང་ཤིན་ཏུ་རྣལ་འབྱོར་དུ་བཤད་པས། བཟླས་པ་དང་གཏོར་མ་སོགས་ཀྱང་ཤིན་ཏུ་རྣལ་འབྱོར་དུ་བསྡུའོ། །སྡུད་རིམ་གྱི་རྫོགས་རིམ་འདི་དང༌། རྡོ་རྗེ་བཟླས་པ་གཉིས་ཀྱི་གནད་ནི་ཤིན་ཏུ་རྟོགས་དཀའ་བར་ཡོད་པ་ལོགས་སུ་བཤད་པར་བྱའོ། །གསུམ་པ་ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བ་ལ་གཉིས། བཟླས་པ་ཇི་ལྟར་བྱ་བ་དང༌། གཏོར་མ་ཇི་ལྟར་བྱ་བའོ། །དང་པོ་ནི། དེས་སྐྱོ་བར་གྱུར་ན་རྟེན་བརྟེན་པའི་འཁོར་ལོ་ཐམས་ཅད་སྐད་ཅིག་གིས་དམིགས་པར་བྱས་ལ་བཟླས་པ་བྱ་སྟེ། རྡོ་རྗེ་བཟླས་པ་ནི། རང་གི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུཾ་དཀར་དམར་རམ། ཡང་ན་ནཱ་ད་རྐྱང་བ་དཀར་དམར་བལྟས་ལ། དེ་གཉིས་གང་ཡིན་ཀྱང་རླུང་ཕྱིར་འབྱུང་བ་ན་ཧཱུཾ་ཡིག་གི་གདངས་ཀྱིས་ནཱ་ད་ལས་འཁོར་ལོ་ལྔའི་ལྷ་ཚོགས་ཡང་དག་པར་སྤྲོས་ཏེ་འགྲོ་བའི་དོན་བྱས་པར་བསམ། སླར་ཡང་ཕྱིར་འཇུག་པ་ན་འཇུག་པའི་རླུང་ༀ་ཡིག་གི་གདངས་ཀྱིས་ཕྲེང་བའི་སྐུད་པ་ཚུར་འཐེན་པ་


JLD009_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྔགས་དང་ལྷ་ལྷན་ཅིག་ཏུ་འོངས་ནས་ལྟེ་བའི་ནཱ་ད་དེ་ཉིད་ལ་ཐིམ་པར་བསམ་མོ། །རྡོར་བཟླས་འདི་ལ་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པར་འགྲེལ་པ་གསུམ་ག་ལས་བཤད་པས། གནས་པའི་རླུང་ལ་ཇི་ལྟར་བྱ་བ་མི་གསལ་ཡང༌། ནང་དུ་ཞུགས་ནས་ཐིམ་པའི་འོག་ཏུ་རླུང་ཅུང་ཟད་ནང་དུ་བཟུང་ནས་དེའི་གདངས་ནི་ཨཱཿ འི་གདངས་སུ་བཟླའོ། །འགྲེལ་པ་སྡོམ་འབྱུང་ལས། བླ་མ་དམ་པའི་གདམས་པས། ཡང་ནས་ཡང་དུ་རྡོར་བཟླས་བྱ་བར་བཤད་པ་བཞིན་འདིའི་གནད་ལེགས་པར་བླ་མ་ལས་བཙལ་དགོས་སོ། །དམ་ཚིག་གི་བཟླས་པ་ནི། ནཱ་ད་དེ་ཉིད་ལས་གཙོ་བོའི་སྙིང་པོ་དང༌། ཉེ་སྙིང་གི་སྔགས་བརྗོད་ཅིང་འཁོར་ལོ་སྡོམ་པའི་ལྷ་ཚོགས་སྔར་བཞིན་འགྲོ་བའི་དོན་ལ་སྤྲོ་བ་དང༌། སླར་ཡང་སྡུད་པའི་ཚུལ་གྱིས་སྤྲོས་པ་དང༌། ལྷ་གཞན་སོ་སོའི་སྔགས་བརྗོད་པ་རྫོགས་པ་ན་རེ་རེ་ཞིང་སྤྲོ་བ་དང༌། སྡུད་པའི་ཚུལ་གྱིས་ཟློ་བའོ། །ལྷ་གཞན་གྱི་སྔགས་ཟློ་ཚུལ་ནི། དེ་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དགོད་པར་བཤད་པས་དེ་ལ་བཟླས་བྱའི་སྔགས་ཀྱི་ཕྲེང་བས་འཁོར་བར་དམིགས་ནས་བཟླའོ། །དོ་ལིའི་བཟླས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་སྔགས་ཕྲེང་རང་གི་ཞལ་ནས་ཞུགས་ནས་རྡོ་རྗེའི་ལམ་ནས་ཡུམ་གྱི་པད་མར་ཞུགས། དེའི་དྷཱུ་ཏཱིའི་ལམ་ནས་སྟེང་དུ་ལངས་ཏེ། གཙོ་མོའི་ཞལ་ནས་འཐོན་ནས་རང་གི་ཞལ་དུ་ཞུགས་ཤིང་ནཱ་དར་ཐིམ་པ་དང༌། ཡང་སྔར་བཞིན་འཁོར་བར་བསྒོམས་ནས་ཕྲེང་སྔགས་ཟློ་བའོ། །ལྭ་བ་པའི་འགྲེལ་པར་འགྱུར་ཅུང་འཁྲུགས་ཡོད་ཀྱང༌། པྲཛྙཱ་རཀྵི་ཏ་དང༌། འགྲེལ་པ་སྡོམ་འབྱུང་ལས་


JLD009_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་འདི་ལེགས་སོ། །བཟླས་བྱའི་སྔགས་ལ། ཤྲཱི་བཛྲ་ནི་དཔལ་རྡོ་རྗེ་དང༌། ཧེ་དང་རུ་གཉིས་གཉིས་ཀྱི་རྗེས་སུ་ཀཾ་ནི་ཁྲག་འཐུང་གཉིས་བསྟན་ཟེར་མོད་ཀྱང༌། རུ་དྷི་ར་ཁྲག་ལ་འཇུག་པའི་ཟུར་ཙམ་ལ་བརྟེན་ནས་ཁྲག་འཐུང་དུ་སྔ་མ་རྣམས་ཀྱིས་བསྒྱུར་བའི་འགྱུར་མི་ལེགས་ཞེས་བོད་ཀྱི་མཁས་པ་དག་གསུང་ངོ༌། །ཌཱ་ཀི་ནཱི་ནི་མཁའ་འགྲོ་མའོ། །ཛཱ་ལ་ནི་དྲ་བའམ་ཚོགས་སོ། །སམྦ་རཾ་ནི་སྔར་ལྟར་གཉིས་སོ། །སྭཱ་ཧཱ་ནི་གཞི་ཚུགས་ཤིག་པའོ། །བཛྲ་བཻ་རོ་ཙ་ནཱི་ཡེ་ནི་རྡོ་རྗེ་རྣམ་པར་སྣང་མཛད་མའོ། །སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའོ། །བཛྲ་ཝརྞ་ནཱི་ཡེ་ནི་རྡོ་རྗེ་རབ་བསྔགས་མའོ། །མངོན་སྤྱོད་ལས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གཉིས་ལ། སྐུ་གསུང་ཐུགས་ལ་སོགས་པའི་བདེ་མཆོག་གི་རིགས་སོ་སོ་ལ་བརྟེན་པའི་སྔགས་མི་འདྲ་བ་མང་དུ་གསུངས་པ་ལས། ལཱུ་ཨི་པ་ནས་གསུངས་པ་ལྟར། དྲིལ་བུ་པས་ཀྱང་གསུངས་ཏེ། རྩ་རྒྱུད་དང༌། མངོན་བརྗོད་དག་པ་འགའ་ཞིག་ལས་ཀྱང་དེ་བཞིན་དུ་འབྱུང་ངོ༌། །ལཱུ་ཨི་པ་འགྱུར་བཅོས་མ་བྱས་པའི་མར་དོའི་འགྱུར་དང༌། ལོ་ཆེན་དང་ཆག་དང༌། ཟངས་དཀར་གྱི་འགྱུར་དང༌། དྲིལ་བུ་པའི་ལུས་དཀྱིལ་ཆེ་བ་རྣམས་ལས། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་སྔར་དང་འདྲ། ལོ་ཆེན་གྱི་འགྱུར་མར་དོས་བཅོས་པ་ལས། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གཉིས་སྔར་བཤད་པ་ལས་བཟློག་སྟེ་འབྱུང་ཡང་དཔེ་མ་དག་པར་མངོན། ནག་པོ་སྤྱོད་པའི་སྒྲུབ་ཐབས་སུ་དེ་ལྟར་འབྱུང་བ་ནི་མ་དག་པ་མིན་ནོ། །ཡིད་བཞིན་ནོར་བུ་ལས། དང་པོར་སངས་རྒྱས་མཁའ་འགྲོ་མ་དང༌།


JLD009_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྣང་མཛད་མའི་སྔགས་བཤད་ནས་ལྷ་མོའི་སྙིང་པོ་དང་ཉེ་སྙིང་དུ་བཤད་ཀྱང་རིམ་པ་བཞིན་གྱི་ཚིག་མེད་པས་ལུས་དཀྱིལ་བཞིན་བྱས་ན་ལེགས་སོ། །རྩ་རྒྱུད་དང་ཀུན་སྤྱོད་ལས། དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྔགས་ལ། ཐོག་མར་ༀ་དང༌། མཐར་ཧུཾ་གཉིས་དང་ཕཊ་སྦྱོར་བར་བཤད་དོ། །དེ་ལ་དཔའ་བོ་ཉེར་བཞིའི་སྔགས་ལ་ནི། རང་རང་གི་མཚན་སྔགས་མེད་པ་དང༌། ཡོད་པ་གཉིས་ལས་དང་པོ་ནི། གཞུང་འདི་ནས་འབྱུང་བ་ལ་རྩ་སྔགས་ཀ་ར་ཀ་ར་ལ་སོགས་པ་ཚན་པ་ཉེར་བཞིར་བཅད་པའི་ཐོག་མཐར་སྔར་བཞིན་སྦྱར་བའོ། །འདི་ཡང་མངོན་བརྗོད་ལས་འབྱུང་ངོ༌། །མཚན་སྔགས་ཡོད་པ་ལ་རྩ་སྔགས་ཉེར་བཞི་དང་སྤེལ་ལུགས་གསུམ་མངོན་བརྗོད་ལས་གསུངས་ཏེ། ༀ་ཁཎྜ་ཀ་པཱ་ལ་ཀ་ར་ཀ་ར་ཧུཾ་ཧུཾ་ཕཊ། ཅེས་པ་ལྟ་བུ། ༀ་དང་མཚན་སྔགས་ཉེར་བཞི་ཐོག་མར་བྱས་ནས། རྩ་སྔགས་ཀྱི་དུམ་བུ་ཉེར་བཞི་འོག་ཏུ་བཏོན་པ་ཅིག་དང༌། ཡང་ༀ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལ་ཧུཾ་ཧུཾ་ཕཊ། ཅེས་པ་ལྟ་བུ། རྩ་སྔགས་ཀྱི་དུམ་བུ་སྔར་བྱས། མཚན་སྔགས་འོག་ཏུ་བྱས་པ་ཅིག་དང༌། ཡང་ༀ་ཀ་ར་ཁཎྜ་ཀ་པཱ་ལ་ཀ་ར་ཧུཾ་ཧུཾ་ཕཊ། ཅེས་རྩ་སྔགས་ཀྱི་དུམ་བུ་ཕྱེད་མར་བཏང་བའི་བར་དུ་མཚན་སྔགས་ཉེར་བཞི་བཅུག་པ་ཅིག་གོ །ཁྱད་པར་གསལ་བྱེད་ལས། ༀ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལི་ནི། པྲ་ཙཎྜེ་ཧུཾ་ཧུཾ་ཕཊ། ཅེས་སྦྱར་བ་ཅིག་ཀྱང་ཡོད་དོ། །དཔའ་བོ་རྡོ་རྗེས་དཔའ་བོའི་མཚན་སྔགས་ཉེར་བཞི་བསྒྲིགས་པ་ལ། ཐོག་མར་ༀ་དང་མཐར་ཧུཾ་གཉིས་དང་ཕཊ་སྦྱར་ཏེ། འདོན་པ་ནི་དཔའ་


JLD009_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྙིང་པོ་དང་ཉེ་སྙིང་བསྡུས་པའི་ལུགས་དང༌། དཔའ་མོ་ཉེར་བཞི་ལ་ཡང་དེ་བཞིན་དུ་བྱས་པ་ནི། དཔའ་མོའི་སྙིང་པོ་དང་ཉེ་སྙིང་བསྡུས་པའི་ལུགས་སུ་བཤད་དོ། །དེ་ལ་ཀ་ར་གཉིས་ནི་གྱིས་གཉིས་དང༌། ཀུ་རུ་གཉིས་ནི་མཛོད་གཉིས་དང༌། བན་དྷ་གཉིས་ནི་ཆིངས་གཉིས་དང༌། ཏྲཱ་ས་ཡ་གཉིས་ནི་སྐྲག་པར་གྱིས་གཉིས་དང༌། ཀྵོ་བྷ་ཡ་གཉིས་ནི་བསྐྱོད་པར་གྱིས་གཉིས་དང༌། ད་ཧ་གཉིས་ནི་སྲེགས་གཉིས་དང༌། པ་ཙ་གཉིས་ནི་ཚོས་གཉིས་དང༌། བྷ་ཀྵ་གཉིས་ནི་ཟོ་གཉིས་དང༌། བ་ས་ནི་ཞག་དང༌། རུ་དྷི་རཱ་ནི་ཁྲག་དང༌། ཨནྟྲ་ནི་རྒྱུ་མ་དང༌། མཱ་ལཱ་བ་ནི་ཕྲེང་བ་དང༌། ལམྦི་ནེ་ནི་འཕྱང་བ་དང༌། སཔྷ་ནི་བདུན་དང༌། པཱ་ཏ་ལ་ནི་ས་འོག་དང༌། ག་ཏ་ནི་གནས་པ་དང༌། བྷུ་ཛཾ་གཾ་ནི་ལག་འགྲོ་དང༌། སར་པཾ་བཱ་ནི་སྦྲུལ་རྣམས་ཀྱང་ངོ༌། །ཁ་ཅིག་སརྦ་བཱ་ཞེས་འདོན་ཞིང་ལག་འགྲོ་ཐམས་ཅད་ཅེས་ཟེར་རོ། །ཏ་རྫ་ཡ་གཉིས་ནི་བསྡིགས་གཉིས་དང༌། ཨཱ་ཀཌ་ཌྷྱ་གཉིས་ནི་ཁུག་གཉིས་སོ། །དེ་ནས་སྒོ་མཚམས་མ་བརྒྱད་དང༌། རྣལ་འབྱོར་མ་བཞིའི་མཚན་སྔགས་ཀྱི་མགོར་ༀ་དང༌། མཐར་ཧུཾ་གཉིས་དང་ཕཊ་སྦྱར་བ་ནི། སོ་སོར་འདོན་པ་དང༌། དང་པོར་རྣལ་འབྱོར་མ་བཞི་དང༌། དེ་ནས་སྒོ་མཚམས་མ་བརྒྱད་ཀྱི་མཚན་སྔགས་བཅུ་གཉིས་བསྒྲིགས་པ་ལ་ཐོག་མཐར་སྔར་བཞིན་སྦྱར་བ་ནི། དེ་དག་གི་བསྡུས་པའི་ཉེ་སྙིང་དུ་དཔའ་བོ་རྡོ་རྗེས་བཤད་དོ། །ཌཱ་ཀི་ནཱི་ལ་སོགས་པའི་མཚན་ནི་བརྡ་ཕྲད་པར་སླའོ། །ཡབ་ཀྱི་རྐང་བརྒྱད་ཀྱི་དང་པོར་བཅོམ་ལྡན་འདས་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ལོ། ཞེས་པ་དང༌། མཧཱ་ཀལྤ་ནི་བསྐལ་པ་ཆེན་


JLD009_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། ཨགྣི་སཾ་ནི་བྷཱ་ཡ་ནི་མེ་དང་མཉམ་པའི་འོད་ཅན་དང༌། ཛཏཱ་ནི་རལ་བ་དང༌། མུ་ཀུ་ཊོཏྐ་ཊཱ་ཡ་ནི་ཅོད་པན་མི་བཟད་པ་ཅན་དང༌། དཾཥྚཱ་ཀ་རྭ་ལོ་གྲ་ནི་མཆེ་བ་རྣམ་པར་གཙིགས་པ་དང་། བྷཱི་ཥ་ཎ་མུ་ཁཱ་ནི་འཇིགས་པའི་ཞལ་ཅན་ནོ། །ཁ་ཅིག་དྲག་ཤུལ་ཅན་འཇོམས་པའི་ཞལ་ཟེར་རོ། །ས་ཧ་སྲ་ནི་སྟོང་དང༌། བྷཱུ་ཛ་ནི་ཕྱག་དང༌། བྷཱ་སུ་རཱ་ཡ་ནི་འབར་བའི་འོད་ཅན་དང༌། པརྴུ་ནི་དགྲ་སྟ་དང༌། པཱ་ཤོ་དྱ་ཏ་ནི་ཞགས་པ་གདེངས་པ་དང༌། ཁ་ཊྭཱཾ་དྲུག་དང༌། ཨཾ་ག་ཡན་ལག་ཟེར། གཞན་དག་ཁ་ཊྭཱཾ་ནི་མཁའ་དང༌། ཨ་ག་ཧི་ལུས་ཟེར་རོ། །དྷཱ་རི་ཎེ་ནི་འཛིན་པའོ། །བྱཱ་གྷྲ་ནི་སྟག་དང༌། ཛི་ནཱ་མྦ་ར་དྷ་རཱ་ཡ་ནི་པགས་པའི་ན་བཟའ་ཅན་ནོ། །མཧཱ་དྷཱུམྦྲཱནྡྷ་ཀ་ར་ཝ་པུ་ཥ་ཡ་ནི་དུད་ཁ་ཆེན་པོའི་མུན་པ་དང་འདྲ་བའི་སྐུ་ཅན་ཟེར། ཁ་ཅིག་དུད་ཁ་ཆེན་པོ་དང༌། མུན་པ་ཆེན་པོའི་སྐུ་ཟེར་རོ། །འདི་ལ་ཡང་རྐང་པ་བརྒྱད་ཀའི་མགོར་ༀ་གཅིག་དང༌། མཐར་ཧཱུཾ་གཉིས་ཕཊ་སྦྱར་ཏེ་བསྡུས་པ་གཅིག་དང༌། རྐང་པ་རེ་རེའི་མགོར་ༀ་རེ་དང་མཐར་ཧཱུཾ་གཉིས་དང་ཕཊ་སྦྱར་བ་སོ་སོར་བྱས་པ་གཉིས་བཤད་དོ། །ཕམ་ཐིང་པ་ལ་བརྒྱུད་པ་ལ་གཉིས་ལས། ཁ་ཅིག་ནི་སྙིང་པོའི་ལྷ་མོ་བཞིའི་སྔགས་དང༌། ཞལ་བཞི་པའི་སྔགས་སྦྲེལ་བ་དང༌། སྒོ་མཚམས་མ་བརྒྱད་ཀྱི་སྔགས་དང༌། རྐང་པ་བརྒྱད་པའི་སྔགས་སྦྲེལ་བ་དང༌། འཁོར་གྱི་ལ་དཔའ་བོའི་སྔགས་ལ་ཧུཾ་ཕཊ་བཅད། རྣལ་འབྱོར་མའི་སྔགས་རྣམས་ལ་ༀ་བཅད་ལ་བཟླའོ། ཞེས་འདོད་ལ། ཁ་ཅིག་ནི་དེ་ལྟ་བུ་མི་བྱེད་པར་གཞུང་ནས་འབྱུང་བ་བཞིན་བྱེད་དོ། །དེ་ལ་ལུགས་དང་པོས་ནི། རྣལ་འབྱོར་


JLD009_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉེར་བཞིའི་སྔགས་རེ་དང༌། རྩ་སྔགས་ཀྱི་དུམ་བུ་རེ་སྤེལ་འདུག་སྙམ་དུ་གོ་ནས། རྣལ་འབྱོར་མ་ལྷག་མ་བཅུ་གཉིས་ཀྱི་སྔགས་ལའང་སྔགས་གཞན་དང་སྤེལ་དགོས་པར་བཟུང་ནས་དེ་ལྟར་བྱས་པར་སྣང་ངོ༌། །དེ་ནི་མ་ཡིན་ཏེ། རྩ་སྔགས་ལ་ཉེར་བཞིར་བཅད་པ་ནི། དཔའ་བོ་ཉེར་བཞིའི་སྔགས་ཡིན་ལ། དེའི་རེ་རེའི་འོག་ཏུ་དཔའ་མོ་རེའི་མཚན་སྔགས་འབྱུང་པ་ནི། དཔའ་བོ་དེའི་ཡུམ་གྱི་སྔགས་ཡིན་གྱི། ལྷ་གཅིག་གི་སྔགས་ལ་སྤེལ་ནས་སྔགས་གཉིས་སུ་བྱས་པ་མིན་པའི་ཕྱིར་ཏེ། དཔེར་ན་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་གི་འོག་ཏུ་ཡུམ་གྱི་སྔགས་དེ་གཉིས་བཤད་པ་ཡིན་ཀྱང༌། ལྷ་རེ་རེའི་སྔགས་སྤེལ་བ་མིན་པ་དང་འདྲའོ། །དཔའ་བོ་རྡོ་རྗེས་ནི་རྐང་བརྒྱད་བསྐྱར་ནས་དཔའ་བོའི་མཚན་སྔགས་ཉེར་བཞི་དང་སྤེལ་བ་བྱས་ཀྱང༌། སྒོ་མཚམས་མ་དང་མ་སྤེལ་ལ། སྙིང་པོའི་ལྷ་མོའི་སྔགས་ཞལ་བཞི་པའི་སྔགས་དང་སྤེལ་བ་ཡང་མི་སྣང་ངོ༌། །མངོན་བརྗོད་ལས། རྩ་སྔགས་ལ་དུམ་བུ་ཉེར་བཞིར་བྱས་པ་གཅིག་དང༌། དཔའ་བོ་ཉེར་བཞིའི་མཚན་སྔགས་དང་སྤེལ་ཡང༌། དཔའ་མོ་ཉེར་བཞི་དང་མ་སྤེལ་ལོ། །དཔའ་བོ་དང་དཔའ་མོའི་སྔགས་གཅོད་ཚུལ་དེ། དེ་བཞིན་གཤེགས་པའི་རྡོ་རྗེས་བཤད་པ་ལྟར། གཉིས་ཀའི་སྔགས་བསྡུས་ཏེ་འདོན་ན་དེ་ལྟར་ཡིན་ཀྱང༌། སྤྱིར་དེ་ལྟར་གཅོད་དགོས་པ་ནི་མིན་ནོ། །དཔའ་བོ་རྡོ་རྗེས་གོ་ཆ་གཉིས་ལའང༌། ༀ་ཧ་སོགས་ཀྱི་མགོར་ༀ་དང༌། མཐར་ཧུཾ་གཉིས་དང་ཕཊ་སྦྱར་བ་གཅིག་དང༌། བཛྲ་སཏྭ་སོགས་མཚན་སྔགས་བཅུ་གཉིས་ཀྱི་ཐོག་མཐར་སྔར་བཞིན་སྦྱར་བ་དང༌། དཔའ་བོའི་གོ་ཆ་དྲུག་ཚན་གཉིས་པོ་དེ་བསྡུས་ནས་ཐོག་


JLD009_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་སྡེ་མ་གཅིག་མ་ཚོང་མེད།༽མཐར་སྔར་བཞིན་སྦྱར་བ་གཉིས་དང༌། དེ་བཞིན་དུ་དཔའ་མོའི་གོ་ཆ་ལའང་སྦྱར་བ་གཉིས་བཤད་དོ། །གཞན་ལ་དབང་བསྐུར་བ་དང༌། རང་ཉིད་བདག་འཇུག་བྱེད་པ་དང༌། རབ་གནས་སོགས་ལ་དབང་བ་ལ་སྔོན་དུ་བསྙེན་པ་གལ་ཆེ་ལ། དེ་ཡང་གྲངས་ཇི་ཙམ་ཞིག་གི་བར་དུ་བསྙེན་དགོས་སྙམ་ན། མངོན་བརྗོད་ལས། སྔོན་དུ་བསྙེན་པ་བྱ་བ་ནི། །ཆོ་ག་བཞིན་དུ་འབུམ་དུ་བཟླ། །འཁོར་ལོའི་གསང་སྔགས་འབུམ་བཟླས་ཤིང༌། །རང་གི་ལྷའི་ཡང་འབུམ་དུ་བཟླ། །གཞན་ནི་ཁྲི་རུ་བཟླ་བར་བྱ། ཞེས་གསུངས་ལ། ལྭ་བ་པས་ཀྱང༌། གཙོ་བོ་ལ་འབུམ་དང༌། འཁོར་ལ་ཁྲི་བཟླ་བར་བཤད་དོ། །སྤྱོད་པ་པས། དཔའ་བོའི་སྙིང་པོའི་གསང་སྔགས་ནི། །ཁྲི་ཕྲག་གསུམ་དུ་བཟླ་བར་བྱ། །དཔའ་བོ་རྣལ་འབྱོར་མ་འཁོར་ལོའི། །ཁྲི་ཕྲག་གཉིས་ནི་བསྙེན་པར་བྱ། །ཀ་ཀ་ལ་སོགས་རྣམ་པ་བརྒྱད། །སྙིང་པོའི་རྣལ་འབྱོར་མ་བཞི་ཡི། །སྟོང་ཕྲག་ལྔ་དང་ལྔ་བརྒྱ་ནི། །སྔོན་དུ་བསྙེན་པ་བྱ་བ་སྟེ། ཞེས་གཙོ་བོ་ལ་ཁྲི་ཕྲག་གསུམ། འཁོར་ལོ་གསུམ་གྱི་ལྷ་རེ་རེ་ལ་ཁྲི་ཕྲག་གཉིས་གཉིས། ལྷ་མོ་གཞན་བཅུ་གཉིས་པོ་རེ་རེ་ལ་སྟོང་ཕྲག་ཕྱེད་དྲུག་རེ་བཟླ་བར་བཤད་དེ། གཙོ་མོ་ལའང་ཁྲི་ཕྲག་གསུམ་མོ། །དེ་དང་མཐུན་པར་དཱ་རི་ཀ་པས་ལཱུ་ཨི་པའི་དཀྱིལ་ཆོག་ཏུ་ཡང་གསུངས་པས། ལཱུ་ཨི་པ་དང་དྲིལ་བུ་པའི་ལྷ་རེ་གཉིས་པ་ལའང་དེ་བཞིན་དུ་བྱ། ཡང་དཱ་རི་ཀ་པས། འབྲིང་ངམ་ཆུང་ངུའི་ཚུལ་གནས་ན། །དཀྱིལ་འཁོར་དབང་པོ་འབུམ་དུ་སྟེ། །དེ་བཞིན་མཁའ་འགྲོ་སྟོང་ཕྲག་


JLD009_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། །བཟླས་ཏེ་ལྷ་རྣམས་མཉེས་པར་བྱ། །ཡེ་ཤེས་མཆོག་ལ་ཁྲི་ཕྲག་སྟེ། །སྦྱིན་སྲེག་མཆོག་གིས་ཉེ་བར་མཆོད། ཅེས་གསུངས་པ་ནི། སྔར་བཤད་པ་བཟླས་པ་རབ་ཡིན་ལ། བཟླས་པ་འབྲིང་དང་ཐ་མ་ནི། གཙོ་བོ་ལ་འབུམ་དང༌། འཁོར་ལ་ཁྲི་ཕྲག་རེ། གཉིས་ཀ་ལ་ཐུན་མོང་དུ་ཡེ་ཤེས་འབེབས་པའི་སྔགས་ལ་ཁྲི་ཕྲག་གཅིག །དེ་རྣམས་ལ་སྤྱིར་བཟླས་པའི་ཉེས་པ་དག་བྱེད་ལ་ནི། ཇི་ཙམ་འཚམ་པ་གཅིག་གི་སྦྱིན་སྲེག་བྱ། ཡེ་ཤེས་འབེབས་པ་ལ་ནི། གཞན་ནས་བཅུ་ཆའི་སྦྱིན་སྲེག་བྱ་བར་གསུངས་ཏེ། སྔ་མ་ནི་ཞི་བ་དང༌། ཕྱི་མ་ནི་དབང་ངོ་། །བཟླས་རྒྱུའི་སྔགས་ནི་རྩ་སྔགས་ཡིན་ན་རབ། དེ་མིན་ནའང་སྙིང་པོའི་སྔགས་ཞེས་གསུངས་པ་ལྟར་བྱ། འཁོར་གྱི་ནི་བཤད་ཟིན་ཏོ། །བགྲང་ཕྲེང་ནི་མངོན་བརྗོད་ལས། མི་རུས་ཀྱི་ཕྲེང་བ་ལ་བྱ་བར་མང་དུ་བཤད་པ་ལྟར་བྱ། དེ་མ་གྲུབ་ན་གདན་བཞི་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཅི་ནི་ལས་ཀུན་བྱེད། ཅེས་གསུངས་པ་ལྟར་བྱའོ། །ཕྲེང་ཐག་ནི་གཞོན་ནུ་མ་མ་ཉམས་པས་བཀལ་པའི་རས་བལ་གྱི་སྐུད་པ་ལ་བྱ་བར་རྡོ་རྗེ་མཁའ་འགྲོ་ལས་བཤད་དོ། །རབ་གནས་རྒྱས་པ་ནི་ཕྲེང་བ་དང་མན་སྙེ་ལས་བཤད་པ་བཞིན་བྱ། བསྡུས་པ་ནི་ཕྲེང་བ་ལས། ཕྲེང་བ་ལ་གསུང་རྡོ་རྗེ་བསྒོམས་ཏེ། ཡེ་ཤེས་པ་དང་གཅིག་ཏུ་བྱས་ནས་གཟུགས་དེ་ཡོངས་སུ་གྱུར་པ་ལས་ཕྲེང་བའི་རྣམ་པར་བསམས་ལ་བུམ་པའི་ཆུས་གཏོར་ཏེ། མཆོད་ནས་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླ་བར་གསུངས་པ་བཞིན་བྱའོ། །གསུང་རྡོ་རྗེ་ནི་འདིར་པདྨ་གར་གྱི་དབང་ཕྱུག་གོ །དེའི་སྙིང་པོ་ནི། ༀ་པདྨ་ནིར་ཏྱ་ཤྭ་ར་ཧུཾ་ཧུཾ་ཕཊ་ཅེས་པའམ།


JLD009_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ་ཧུའི་ཐོག་མཐར་སྔར་བཞིན་སྦྱར་བའོ། །སེམས་མ་ཡེངས་པ་ལ་འབད་ནས་བཟླས་པའི་སྐྱོན་ཧ་ཅང་མྱུར་བུལ་དང༌། ཧ་ཅང་སྒྲ་ཆེ་བ་དང༌། རིང་ཐུང་གི་ཚད་ལས་ཉམས་པ་དང༌། དེ་གཉིས་བཟློག་ནས་འདོན་པ་སོགས་ལ་བཤད་པ་རྣམས་དང་བྲལ་བར་བཟླས་སོ། །འདི་ལ་ཡིད་བཟླས་རྡོ་རྗེ་བཟླས་པ་དང༌། ངག་བཟླས་གཉིས་ཀ་ཡོད་ལ། དེ་ཡང་ཐུན་ངོ་བོ་ལ་མ་ཡེངས་པར་བཟླས་པ་རྣམས་གྲངས་སུ་གཞུག་གི །ཐུན་བར་དུ་བཟླས་པ་དང༌། སེམས་གཡེངས་ནས་བཟླས་པ་སོགས་ནི་གྲངས་ལ་མི་ཕན་ཡང་བཟླ་བར་ནི་བཤད་དོ། །རྡོ་རྗེ་མཁའ་འགྲོ་ལས། མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་པར་བསམ། །ཤིན་ཏུ་མཉམ་གཞག་སྔགས་བཟླས་ན། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། ཅེས་པ་དང༌། ཁ་སྦྱོར་ལས། དེ་ཉིད་ཡོད་ན་འགྲུབ་ལ་མེད་ན་མི་འགྲུབ་པར་གསུངས་པའི་དོན་ནི། མན་སྙེ་ལས། ལག་པ་གཡས་པའི་སོར་མོ་རྣམས་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་པའི་སོར་མོ་རྣམས་པདྨའི་འདབ་མའི་རྣམ་པར་སྐད་ཅིག་གིས་བསམས་ལ། དེ་གཉིས་ལ་རིམ་པ་བཞིན་དུ་ཨཱཿ ལས་སྐྱེས་པའི་ཉི་མ་ཨཱཿ ས་མཚན་པ་དང༌། ཨ་ལས་སྐྱེས་པའི་ཟླ་བ་ཨས་མཚན་པ་བསྒོམས་པ། སྟོང་པ་དང༌། སྙིང་རྗེ་དབྱེར་མེད་པར་བསྒོམས་ནས་གཡས་པས་བགྲང་བ་དང༌། ལྷའི་སྐུ་རང་བཞིན་མེད་པར་ཤེས་པའི་དེ་ཉིད་ཡོད་ན་འགྲུབ་ཀྱི། མེད་ན་མི་འགྲུབ་པར་གསུངས་པ་དང༌། ཞལ་དུ་ཡོད་དང་འཁོར་གྱི་ལྷ་དུ་ཡོད་ཀྱིས་འདོན་པར་མོས་པར་དྲིལ་བུ་པ་དང་ལྭ་བ་པས་


JLD009_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་བཏོན་ན་དེ་དག་གི་གྲངས་ཀྱི་འགྱུར་ཡོད་པར་གསུངས་སོ། །མངོན་བརྗོད་ལས། དུང་ཆེན་ཕྲེང་བ་བླངས་ནས་སུ། །ལག་གཡོན་མཐེ་བོང་སྲིན་ལག་གིས། །གསང་སྔགས་དག་ནི་བཟླས་པ་བྱ། ཞེས་གསུངས་སོ། །གཉིས་པ་ནི། གཏོར་མའི་ཆོ་ག་ནི་རྩ་རྒྱུད་ལས་མི་གསལ་ལ། གཞུང་ནས་ཀྱང༌། འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་སྔགས་ཙམ་མ་གཏོགས་པ་ཆོ་ག་གཞན་གསལ་བར་མ་གསུངས་སོ། །དེ་ལ་ལྭ་བ་པས། གཏོར་མའི་ཆོ་ག་གསལ་བར་གསུངས་པ་ནི། གཙོ་བོར་སྡོམ་འབྱུང་ལ་བརྟེན་པ་ཡིན་ལ། པྲཛྙཱ་རཀྵི་ཏ་དང་དེ་བཞིན་གཤེགས་པའི་རྡོ་རྗེ་སོགས་མང་པོས་ཀྱང་ལྭ་བ་པ་ལྟར་བཤད་དོ། །འདིར་སྡོམ་འབྱུང་ལས། མྱོས་བྱེད་གཏོར་མ་མེད་པར་ལས། །མྱུར་དུ་འགྲུབ་བར་མི་འགྱུར་རོ། །དེས་ན་སྔོན་གྱི་སངས་རྒྱས་ཀྱིས། །གཏོར་མའི་རབ་ཏུ་བསྔགས་པ་གསུངས། ཞེས་གསུངས་ལ། ཀུན་སྤྱོད་ལས། རབ་འདོད་ལས་ལ་སྦྱིན་བྱ་བ། །ཁྱད་པར་དུ་ཡང་གཏོར་མ་སྦྱིན། །མར་ངོ་ཡི་ནི་ཚེས་བཅུ་དང༌། །ཡར་ངོ་ཡི་ཡང་དེ་གྱུར་ལ། །མྱུར་དུ་འབད་པས་ཆང་དང་ཤ་ཡིས་ཀྱང༌། །རྡོ་རྗེ་ལྷ་མོ་རབ་ཏུ་མཆོད་པར་བྱ། ཞེས་ཤ་ཡང་དགོས་པར་གསུངས་ཤིང༌། སྤྱིར་ཐུན་གྱི་ཐོག་མཐའ་དང༌། ཁྱད་པར་དུ་ཚེས་བཅུ་གཉིས་ཀྱི་དུས་སུ་བྱ་བར་བཤད་དོ། །དེ་ལ་གཏོར་མ་སྦྱང་བ་ནི། མདུན་དུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དང༌། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་རོ། །གཏོར་སྣོད་ནི་ༀ་ཨཱཿ ཧཱུཾ་གསུམ་ལས་བྱུང་བའི་མི་མགོ་རློན་པའི་སྒྱེད་བུ་གསུམ་ལ་གནས་པའི་ཨ་དཀར་པོ་ལས་བྱུང་


JLD009_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བའི་པདྨའི་སྣོད་དུ་བསྐྱེད་དོ། །དྲིལ་བུ་པས། དེ་སྟེང་ཨ་ལས་པདྨའི་སྣོད། །དུམ་བུ་གཅིག་པ་ནང་དམར་པོ། ཞེས་ཐོད་པ་དུམ་བུ་གཅིག་པ་ནང་དམར་པོར་བཤད་དེ། གཙུག་ནོར་ལས་ཀྱང་ངོ༌། །ཕྱི་ནི་དཀར་པོའོ། །དེའི་ནང་དུ་གཏོར་མའི་རྫས་གང་ཡིན་རྣམས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་བསྐྱེད་པ་ནི། ཤར་ནས་བརྩམས་ཏེ་དབུས་ཀྱི་བར་དུ་གཡོན་སྐོར་གྱིས་ༀ་ཁཾ་ཨཾ་ཏྲཾ་ཧཱུཾ་རིམ་པ་བཞིན་དུ་དཀར་ལྗང་དམར་སེར་མཐིང་ཁ་རྣམས་ཡོངས་སུ་གྱུར་པ་ལས། རིམ་པ་བཞིན་དུ་གསང་བའི་སྨན་དྲི་ཆེན་དང༌། ཤ་ཆེན་དང༌། བྱང་སེམས་དཀར་པོ་དང༌། རང་བྱུང་གི་མེ་ཏོག་རཀྟ་དང༌། དྲིའི་ཆུ་རྣམས་ལ་སླར་ཡང་ཡི་གེ་དེ་དག་ཉིད་ཀྱིས་མཚན་པ་དང༌། མེ་ནས་བརྩམས་ཏེ་དབུས་ཀྱི་བར་དུ་གཡས་སྐོར་གྱིས་ལཾ་མཾ་པཾ་ཏཱཾ་བཾ་དཀར་སྔོ་དམར་ལྗང་ཡོངས་སུ་གྱུར་པ་ལས། བ་ལང་ཁྱི་གླང་པོ་ཆེ་རྟ་ཡི་སྒྲོན་མ་སྟེ་ཤ་རྣམས་ཡི་གེ་དེ་དག་གིས་བྱིན་གྱིས་བརླབས་པའོ། །འགྲེལ་པ་རྣམས་ནས་ས་བོན་ལྔ་ཚན་གཉིས་ལས། བདུད་རྩི་ལྔ་དང་ཤ་ལྔ་སྐྱེད་པར་བཤད་པ་ཙམ་ལས། ས་བོན་གང་ལས་དེ་རྣམས་གང་སྐྱེད་མི་གསལ་བས་སྐྱེད་ལུགས་དེ་ནི་ཡིད་བཞིན་ནོར་བུ་དང་གཙུག་ནོར་ལྟར་ཡིན་ནོ། །དེར་ཁཾ་ལས་ཤ་ཆེན་སྐྱེད་པ་ལ་བསམས་ནས་ཤའི་སྐབས་སུ་ཤ་ཆེན་མེད་ཅིང༌། ས་བོན་གྱི་ཡི་གེ་བཾ་མ་བྱུང་བ་ནི་ཤ་ཆེན་དེ་ཤ་དང་བདུད་རྩི་གཉིས་ཀ་ལ་གཏོགས་པའི་འགྲེལ་པ་རྣམས་ཀྱི་ལུགས་ལྟར་ན། སྡོམ་འབྱུང་ལས། བདུད་རྩི་ལྔ་པ་ལ་ཀླད་པ་དང་། རྐང་མར་


JLD009_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིལ་གསུམ་གང་རུང་ཅིག་བཤད་པས། ཁཾ་ལས་དེ་གསུམ་གང་རུང་གཅིག་དང༌། དབུས་སུ་བཾ་དམར་པོ་ལས་ཤ་ཆེན་བསྐྱེད་ནས་ལྷག་མ་སྔར་ལྟར་བྱས་ན་ལེགས་ལ། བདུད་རྩི་ལྔ་ལ་གཤེགས་པ་གཤེགས་མར་འཇོག་ཚུལ་དང༌། ཕྱོགས་དང་མཚམས་སུ་འགོད་ཚུལ་རྒྱུད་སོ་སོ་ནས་བཤད་པ་མང་དུ་ཡོད་ཀྱང༌། ཚུལ་འདི་ནི་སྡོམ་འབྱུང་གི་དགོངས་པའོ། །དེ་ནས་རླུང་གཡོས་པས་མེ་འབར་བའི་དྲོད་ཀྱིས་ས་བོན་གྱི་ཡི་གེ་ལ་སོགས་པ་ཞུ་སྟེ། ཉི་མ་འཆར་ཀའི་མདོག་ལྟར་དམར་པོར་བལྟའོ། །དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རང་བཞིན་ཅན་མགོ་ཐུར་དུ་བལྟས་པ་ཐོད་པར་ལྷུང་སྟེ་ཞུ་བས་བཅུད་དེ་དག་དངུལ་ཆུའི་མདོག་ཅན་བསིལ་བར་གྱུར་པར་བསམ་མོ། །དེ་ནས་དབྱངས་གསལ་གྱི་ཐོག་མར་ༀ་དང༌། མཐར་ཧཱུཾ་ཧཱུཾ་ཕཊ་དང་བཅས་པ་བརྗོད་པས་ཡི་གེ་དེ་ཉིད་ཁ་དོག་སྣ་ཚོགས་པ་བདུད་རྩིའི་སྟེང་དུ་གནས་པར་བལྟས་ལ། དེ་རྣམས་ཡོངས་སུ་གྱུར་པ་ལས། ༀ་དཀར་པོ། ཨཱཿ དམར་པོ། ཧཱུཾ་སྔོན་པོ་སྟེང་ནས་སྟེང་དུ་གནས་པར་བསམ་མོ། །འོད་ཟེར་འཕྲོས་པས་རྒྱ་མཚོ་ལ་སོགས་པ་ན་གནས་པའི་བདུད་རྩི་དང༌། ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ཅིང༌། འོད་ཟེར་གྱིས་འགྲོ་པ་རྣམས་འཁོར་ལོ་གསུམ་གྱི་ལྷར་བྱས་པའི་དཔའ་བོ་དང༌། དཔའ་མོ་རྣམས་ཀྱང་བཀུག་པ་རྣམས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བ་ཡི་གེ་གསུམ་ལ་ཐིམ། དེ་གསུམ་ཡང་རིམ་གྱིས་


JLD009_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ཐོད་པར་ཐིམ་པར་བསམས་ལ། ཡི་གེ་གསུམ་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ་བོ། །གཏོར་མགྲོན་ནི་སྔར་བཤད་པ་ལྟར་འབར་བའི་ཕྱག་རྒྱ་དང་སྔགས་ཀྱིས་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་ལ་སོགས་པའི་འཁོར་དང་བཅས་པ་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ་མདུན་དུ་བཞག་ལ། མཆོད་ཡོན་སོགས་སྔོན་དུ་འགྲོ་བས་མཆོད་དོ། །དེ་ནས་ལག་པ་གཉིས་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཟླ་བ་དང་ཉི་མའི་རང་བཞིན་དུ་གྱུར་པའི་དབུས་སུ་ཧཱུཾ་ཡིག་བལྟས་ཏེ། ༀ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨྨཿ པ་ར་སྤ་ར། ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཿ ཨ་ཏྱནྟ། ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཿ ། ༀ་ཨཱཿ ཧཱུཾ་ཞེས་བརྗོད་པ་སྔོན་དུ་འགྲོ་བས་ཟླ་ཉི་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་ཐལ་མོར་བྱས་པའི་ལག་མཐིལ་དུ་བདུད་རྩི་གཏོར་མའི་སྣོད་དངོས་སུ་བཞག་པའམ་བཞག་པར་བསམས་ཏེ། དེ་ནས་འགྲོན་གྱིས་གཏོར་མ་བདག་གིར་མཛད་པའི་ཕྱིར་དུ་རང་གི་འདོད་དོན་བརྗོད་དེ། ལྷ་མོ་ཚད་མ་དམ་ཚིག་མ་དང༌། །དེ་བརྗོད་གསུང་ཡང་མཆོད་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་མཆོད་པའི་འཁོར་གསུམ་པོ་རྣམས་བདེ་སྟོང་གི་ངོ་བོར་དབྱེར་མེད་པར་བལྟས་ལ། ལྷ་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་བཀོད་དེ། འདིར་སྔར་ལྟར་


JLD009_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཉིས་ཀྱི་བྱིན་གྱིས་བརླབ་པ་མ་བཤད་ཀྱང༌། ཁ་ཟས་ཀྱི་དུས་སུ་དེ་བྱ་བར་བཤད་པ་ལྟར་བྱས་ན་ལེགས་སོ། །རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་བདུད་རྩི་གསོལ་བར་བསམ་ཞིང༌། བདུད་རྩིའི་སྣོད་དེ་ཤར་ནས་བརྩམས་ཏེ་ཕྱོགས་གཡོན་སྐོར་དང༌། མེ་ནས་བརྩམས་ཏེ་མཚམས་གཡས་སྐོར་དུ་བསྐོར་ལ། ༀ་ཀ་ར་ཀ་ར་ནས་ཧུཾ་ཧུཾ་ཕཊ་ཀྱི་བར་ལན་ཅིག་བརྗོད་ལ། འཁོར་ལོ་གསུམ་གྱི་ལྷ་ལ་དབུལ་ལོ། །དེ་ནས་གཙོ་བོ་ཡབ་ཡུམ་དང༌། ལྷ་མོ་བཞི་དང༌། སྒོ་མཚམས་མ་བརྒྱད་ལ་ཇི་ལྟར་རིགས་པར་བསྐོར་ཏེ། ༀ་ཨཱཿ བཛྲ་ཨ་ར་ལི་ཧོཿ ཛཿ ཧཱུཾ་བཾ་ཧོཿ ་བཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་ཏྲི་ཤྱ་ཧོཿ ། ཞེས་པ་འདི་གཅིག་ནས་ལྔ་བརྗོད་པས་དབུལ་བར་བྱའོ། །ད་ལྟ་འགྱུར་བའི་སྡོམ་འབྱུང་ལས་ཡེ་ཤེས་པ་སྤྱན་དྲངས་པ་ལ་སྙིང་གའི་ཕྱག་རྒྱ་སྦྱིན་པ་དང༌། ས་མ་ཡ་སྟྭཾ་ལ་སོགས་པ་བརྗོད་པ་དང༌། ཕྱོགས་མཚམས་བརྒྱད་དང་སྟེང་འོག་ནས་ཕྱོགས་སྐྱོང་སོ་སོར་འགུགས་པའི་སྔགས་སོ་སོ་དང༌། དེ་ནས་སྔགས་གཞན་ཞིག་མགོ་བོར་བཏགས་པའི་རྩ་སྔགས་ལན་ཅིག་བརྗོད་ནས་གཙོ་བོ་ཡབ་ཡུམ་ལ་འབུལ་ཞིང༌། སྔགས་འོག་མ་ལན་ཅིག་ནས་ལྔའི་བར་བརྗོད་པས་ལྷ་མོ་བཅུ་གཉིས་ལ་འབུལ་བར་བཤད་དེ། རྒྱུད་དེར་སྒྲུབ་ཐབས་ལ་ལྷ་བཅུ་གསུམ་ལས་མེད་པ་ལ་དགོངས་པར་མངོན་ནོ། །གཞུང་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་མཚན་ཕྱེད་ན་གཏོར་མ་སྦྱིན་པར་བྱ་སྟེ་ཞེས་གསུངས་ནས། གཏོར་སྔགས་གཉིས་བཀོད་པ་མ་གཏོགས་པ་


JLD009_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་གང་ལ་འབུལ་བ་སོགས་མི་གསལ་ལ། སྔགས་གོང་མའི་མཐར་ཞེས་བྱ་བ་འདིས་ལན་ལྔའི་བར་དུ་མངོན་པར་བསྔགས་པར་བྱས་ལ་བསྟབ་པར་བྱ་སྟེ། ཞེས་གསུངས་ཏེ། ལན་གཉིས་སོགས་གདམ་ང་ཅན་གྱི་ཚིག་མེད་དོ། །མངོན་བརྗོད་དང་ཀུན་སྤྱོད་ལས། སྐྲ་གྲོལ་ཞིང་གཅེར་བུར་བྱས་ནས་ལྷོར་བལྟས་ཏེ་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས་མཚན་ཕྱེད་ན་གཏོར་མ་བྱ་བར་བཤད་ཅིང༌། སྔགས་ལན་གཉིས་སོགས་བརྗོད་པ་ལ་གདམ་ང་ཅན་གྱི་ཚིག་མེད། དེས་ན་ལྭ་བ་པས་གདམ་ང་ཅན་དུ་བཤད་པ་ནི། སྤྱིར་ལན་ལྔ་བརྗོད་དགོས་ཀྱང་ལྷ་སོ་སོ་ལ་ལྟོས་ནས་མ་ངེས་པས་དེ་ལ་དགོངས་ཏེ། གཅིག་གཙོ་བོ་དང༌། དེ་ནས་གཅིག་བསྣན་ནས་ཡུམ་དང༌། དེ་ནས་གཅིག་བསྣན་ནས་ལྷ་མོ་བཞི་དང༌། དེ་ནས་གཅིག་བསྣན་ནས་སྒོ་མཚམས་མ་ཕྱོགས་ན་གནས་པ་དང༌། དེ་ནས་གཅིག་བསྣན་ནས་མཚམས་ན་གནས་པ་ལ་དབུལ་ལོ། །དེ་ལྟར་ཕུལ་བའི་རྗེས་སུ་ཞལ་བསིལ་དང༌། ལག་ཕྱིས་དང༌། སོ་རྩི་ལ་སོགས་པ་དབུལ་ཞིང་རིག་མ་བཅུ་དྲུག་གིས་མཆོད་ནས་རྐང་པ་བརྒྱད་པས་བསྟོད་དེ། འདོད་དོན་འགྲུབ་པར་གསོལ་བ་གདབ་པར་བྱ་སྟེ། སྲིད་པ་དང་མཉམ་ཞི་བའི་ཆགས་བཅོམ་ཀུན་ཏུ་རྟོག་པ་འཇོམས། །ཁྱོད་ནི་དངོས་པོ་མཐའ་དག་མཁའ་ལྟར་གཟིགས་པ་དག་དང་ལྡན། །མགོན་པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ་རྣམས་ནི་བདག་ལ་ཤིན་ཏུ་རྗེས་བརྩེར་མཛོད། ཅེས་བརྗོད་དོ། །དེ་ནས་


JLD009_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་གཏོར་མ་ནི་སྡོམ་འབྱུང་དང༌། འགྲེལ་པ་སོགས་ནས་དཀྱིལ་འཁོར་པའི་ལྷར་བསྒྱུར་བ་མེད་པར་འབུལ། ཕམ་འཐིང་པ་ནས་བརྒྱུད་པ་མང་པོས་ཀྱང་དེ་བཞིན་དུ་མཛད། ཨ་བྷྱཱ་ཀ་རས་འཇིག་རྟེན་པ་རྣམས་སྐད་ཅིག་གིས་འོད་གསལ་དུ་བཅུག་པའི་རྗེས་ལ། བདེ་མཆོག་གི་ལྷ་ཡུམ་དང་བཅས་པའི་སྐུར་བསྒྱུར་ནས་འབུལ་བ་མཛད་དོ། །ཕམ་འཐིང་པ་ནས་བརྒྱུད་པ་ཁ་ཅིག །ཐུགས་ཀ་ནས་འོད་ཟེར་འཕྲོས་པ་དུར་ཁྲོད་བརྒྱད་ལ་ཕོག་པས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་པ་བརྒྱད་དུ་གྱུར་པ་ལ་འབུལ་བར་བཞེད་དེ། རྒྱ་གཞུང་གི་ཁུངས་ནི་མ་མཐོང་ངོ༌། །སྔར་སྤྱན་དྲངས་པའི་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་ལ་ཕྱོགས་གཡོན་དང༌། མཚམས་གཡས་སུ་བསྐོར་ཞིང༌། ༀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦྦ་ཡཀྵ། རཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨ་ད། ཨ་པ་སྨཱ་ར། བཛྲ་ཌཱ་ཀ །ཌཱ་ཀི་ནྱཱ་ད་ཡ། ཨི་མཾ། བ་ལིཾ་གྲིཧྞ་ཏུ། ས་མ་ཡ་རཀྵནྟུ་མཱ་མ། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐེ་བཾ་ཡ་ཐེཥྚཾ། བྷུ་ཛ་ཐ། པཱི་བཱ་ཐ། ཛི་གྲ་ཐ། མཱ་ཏི་པྲ་མ་ཐ། མ་མ་སརྦྦཱ་ཀརྟ་ཡ། སད་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧེ་ཡི་ཀ་བྷ་ཝནྟུ། ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གཉིས་བརྗོད་ནས་ཕྱོགས་དང་མཚམས་ན་གནས་པ་ལ་དབུལ་བར་བྱའོ། །ཕྱོགས་སྐྱོང་ལ་སོགས་པས་བདུད་རྩི་དེ་གསོལ་བས་ལུས་བདེ་བ་ཆེན་པོས་ཚིམ་པར་བསམ་མོ། །དེའི་རྗེས་ལ་མགྲོན་སྤྱི་ལ་སོ་རྩི་ལ་སོགས་པ་དབུལ་ཞིང༌། རིག་མ་བཅུ་དྲུག་གིས་མཆོད་རྐང་བརྒྱད་ཀྱིས་བསྟོད་ལ། བརྡའི་ལག་པས་བརྡ་བྱས་


JLD009_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འདོད་དོན་ལ་གསོལ་བ་གདབ་བོ། །བརྡའི་ལག་པས་བརྡ་བྱེད་ཚུལ་ནི། འགྲེལ་པ་རྣམས་དང་རྟག་པའི་རྡོ་རྗེས་གསལ་བར་མ་བཤད། ཁ་ཅིག་གིས་ལག་པ་གཡས་པའི་མཐེབ་ཆེན་གྱི་སྟེང་ན་ཕར་ལ། གཡོན་པའི་མཐེབ་སྲིན་གྱིས་སེ་གོལ་བྱེད་པ་ཡིན་ཞེས་ཟེར་མོད་ཀྱང༌། འོག་ནས་འཆད་པའི་གཤེགས་གསོལ་གྱི་ཕྱག་རྒྱ་དང་གཅིག་པར་མངོན་ལ། འདིར་ནི་མཉེས་པར་བྱེད་པའི་བརྡ་དང༌། འོག་ཏུ་ནི་གཤེགས་གསོལ་གྱི་བརྡར་བྱའོ། །དེ་ནས་ཆོ་ག་ལྷག་ཆད་ཁ་སྐོང་བའི་དོན་དུ་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱཾ། བཛྲ་ཧེ་རུ་ཀ་མ་མེ་མུཉྩ། ཧེ་རུ་ཀ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཱཿ ཧཱུཾ་ཕཊ། ཅེས་ཡི་གེ་བརྒྱ་པའི་སྔགས་བཟླ་བར་བྱའོ། །འདི་ནི་མངོན་བརྗོད་ལས་གསུངས་སོ། །ཆོ་གའི་ལྷག་ཆད་ཁ་སྐོང་ཚུལ་ནི། སྔགས་དེས་ལྷག་ཆད་ཀྱི་ཉེས་པ་དག་པར་བྱས་པས་ཆོ་ག་ཚང་བར་འགྱུར་བའི་དོན་ནོ། །དེ་ནས། ༀ་ཡོ་ག་ཤུདྡྷཿ སརྦྦ་དྷརྨྨཿ ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང༌། སྙིང་ཁར་པད་ཀོར་གྱི་ཕྱག་རྒྱས་མཉེས་པར་བྱས་ལ། ཕྱག་རྒྱ་སྡུད་པ་ན། ལག་པས་འཁྱུད་པའི་ཚུལ་བྱ་ཞིང༌། མཐེ་བོང་དང་སྲིན་ལག་གིས་སེ་གོལ་གཏོག་པ་སྔོན་དུ་འགྲོ་བས། ༀ་བཛྲ་མུཿ ཞེས་བརྗོད་དེ་འཇིག་རྟེན་པ་


JLD009_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཤེགས་སུ་གསོལ་ཞིང༌། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་སྔར་བཤད་པ་ལྟར་གྱི་སྡུད་རིམ་ནཱ་ད་ཡང་མི་དམིགས་པའི་བར་དུ་བྱ་ལ། དེ་ལས་ལྡང་བ་ན་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པར་ལྡང་བར་བྱའོ། །ལུས་དཀྱིལ་ཇི་ལྟར་བསྡུ་བ་ནི་བཤད་ཟིན་ཏོ། །གཉིས་པ་ཐུན་སྔ་ཕྱིའི་བར་དུ་ཇི་ལྟར་བྱ་བ་ལ་གཉིས། དངོས་ཀྱི་དོན་དང༌། ཐུན་གཞན་བྱེད་ལུགས་སོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་ལངས་པ་ལ་རང་ལ་དཔའ་བོའི་གོ་ཆ་དྲུག་དང༌། ཡུམ་ལ་དཔའ་མོའི་གོ་ཆ་དྲུག་པོ་རྣམས་དང༌། རང་གི་གནས་ཉེར་བཞིར་ཉི་གདན་ལ་པུཾ་ལ་སོགས་པའི་ཡི་གེ་ཉེར་བཞིའི་གོ་ཆ་ཆེན་པོ་རྣམ་པར་བསམས་ནས། ཚམ་ངམ་སྟེ་བགེགས་འཇིགས་པར་བྱེད་པའི་ཞལ་བཞི་པའི་སྔགས་ཀྱིས་ཤིན་ཏུ་སྟེ་ཡང་དང་ཡང་དུ་བརྗོད་པས་བསྲུང་ངོ༌། །དེའི་ཚུལ་ནི། གཡོན་པའི་མཐེབ་མཛུབ་ཀྱིས་ཤར་ནས་གཡོན་སྐོར་དུ་སེ་གོལ་གཏོག་པ་སྔོན་དུ་འགྲོ་བས་སྔགས་བཞི་བརྗོད་པའོ། །ཚངས་པ་ནི་བདེ་མཆོག་ཡིན་ལ། དེར་སྤྱོད་པ་ནི་སེམས་ཅན་ཐམས་ཅད་འཁོར་ལོ་སྡོམ་པའི་ངོ་བོར་ལྟ་བའོ། །དེ་ནི་རྟག་གྱུར་ནས་ཏེ་རྒྱུན་མི་འཆད་དུ་བྱའོ་ཞེས་པའོ། །དཔའ་བོའི་རྐང་པ་བརྒྱད་པའི་གསང་སྔགས་ཀྱིས་བདག་ཉིད་ལ་མཆོད་པ་དང༌། བླ་མ་དང༌། སངས་རྒྱས་དང༌། བྱང་སེམས་མཐོང་ནའང་འཁོར་ལོ་སྡོམ་པར་མོས་པས་རྐང་བརྒྱད་ཀྱི་སྔགས་ཀྱིས་བསྟོད་ནས་ཕྱག་ལ་སོགས་པ་བྱའོ། །སངས་རྒྱས་བྱང་སེམས་ནི་དེ་དག་གི་སྐུ་གཟུགས་ལ་ཡང་གཟུང་ངོ༌། །སྤྱོད་པ་བྱེད་པའི་དུས་སུ་ནི་བླ་མ་མ་གཏོགས་


JLD009_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕྱི་རོལ་དུ་ཕྱག་ལ་སོགས་པ་མི་བྱེད་པར་བཤད་དོ། །རྒྱུད་འདི་ནས་བཤད་པ་ལྟར་ལེགས་པར་བསམས་པའི་སྦྱོར་བ་སྟེ། རྣལ་འབྱོར་པ་བདག་ཉིད་གཞན་ལ་བག་ཚ་བ་ལ་སོགས་པའི་སྐྲག་པ་ཐམས་ཅད་རྣམ་པར་སྤངས་ཏེ་བློ་གྲོས་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་སྤྱད་པར་བྱའོ། །ཇི་ལྟར་ཞེ་ན། ཁམས་གསུམ་པའི་འཁོར་ལོའི་ཚོགས་བདེ་བའི་མཆོག་ལྷན་སྐྱེས་ཀྱི་བདེ་སྟོང་གི་ངོ་བོར་དབྱེར་མེད་པར་སྡོམ་པ་ལ་གནས་ནས་སོ། །དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་རིགས་ལྔར་ཀུན་ཏུ་སྤྱོད་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རིགས་གཅིག་ཏུ་ནི་བརྟགས་པ་སྟེ་བཞག་པ་ཡིན་ནོ། ཞེས་ཤེས་པར་བྱའོ། །བདག་གཉིས་ཀྱི་མཚན་མར་རྣམ་པར་མི་རྟོག་པ་སྟེ། དེའི་དམིགས་གཏད་འཇིག་པའི་སེམས་ཀྱི་བདག་ཉིད་ཀྱིས་འདོད་པའི་ཡོན་ཏན་སྤྱི་དང༌། བྱེ་བྲག་ཏུ་ཕྱག་རྒྱའི་གཟུགས་ལ་སོགས་པ་ལྔ་ལ་བདེ་སྟོང་གི་ཏིང་ངེ་འཛིན་རྒྱས་པའི་ཕྱིར་དུ་སྤྱོད་པར་བྱེད་དེ། དེ་ལྟར་ལོངས་སྤྱད་པས་ནི་ལུས་རྒྱས་པས་བདེ་བའི་རྟེན་རྒྱས་པར་འགྱུར་ལ། དེ་བས་ནི་བདེ་བ་ཆེན་པོ་དང༌། དེ་ལས་ནི་ཏིང་ངེ་འཛིན་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་བྱ་མི་རུང་བ་དང༌། དེ་ལྟར་སྤྱད་པའི་འབུས་བུ་མི་ཟད་པ་འབྱུང་བའི་དོགས་པ་ཐམས་ཅད་རྣམ་པར་སྤངས་ལ། རྣལ་འབྱོར་པ་དཔའ་བོ་སེང་གེ་བཞིན་དུ་ཉམ་ང་བ་མེད་པར་སྤྱོད་དོ། །དེ་ལྟར་དཔལ་ཧེ་རུ་ཀའི་གོ་འཕང་གི་ཏིང་ངེ་འཛིན་ལ་གནས་པ་ལ་ནི་ལུས་ཀྱི་བསྒུལ་བསྐྱོད་དང༌། ངག་གི་སྨྲ་བརྗོད་བཏང་སྙོམས་པ་རྣམས་ཀྱིས་ཀྱང་ཕྱག་རྒྱ་བཅིངས་པ་དང༌། སྔགས་བཟླས་པ་དང་འདྲ་བའི་


JLD009_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫོགས་པར་བྱེད་དེ། ཀུན་སྤྱོད་ལས། ཤྲཱི་ཧེ་རུ་ཀའི་གོ་འཕང་གནས། །ཡན་ལག་གི་ནི་བསྐྱོད་པ་དང༌། །ཚིག་གི་རབ་འབྱམས་ཇི་སྙེད་པ། །དེ་སྙེད་ཕྱག་རྒྱ་གསང་སྔགས་ཡིན། ཞེས་ཏེ། རྗེས་སྤྱོད་བྱ་ཚུལ་དེ་རྣམས་ནི་ཀུན་སྤྱོད་དང་མངོན་བརྗོད་ལས་འབྱུང་ངོ༌། །ཁྲུས་བྱེད་པའི་དུས་སུ་ནི་ལྷ་དབང་བསྐུར་བའི་ཆོ་གས་བྱའོ། །ཁ་ཟས་ཀྱི་དུས་སུ་ནི་རང་གི་ལུས་ཀྱི་དཀྱིལ་འཁོར་སྐད་ཅིག་གིས་གསལ་གདབ། གཏོར་མ་སྔར་བཤད་པ་ལྟར་གྱི་ཆོ་གས་སམ། ཡང་ན་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་ལ། ༀ་ཁ་ཁ་ཞེས་སོགས་ལན་ཅིག་བརྗོད་ལ་ཕྱོགས་སྐྱོང་ལ་གཏོར་མ་འབུལ་བར་འགྲེལ་པ་རྣམས་ནས་བཤད་དོ། །དེ་ནས་རང་གི་བཟའ་བཏུང་རྣམས་འབར་བ་སོགས་ཀྱི་ཆོ་གས་སྦྱང་བར་འགྲེལ་པ་རྣམས་ནས་བཤད་པ་ནི། སྡོམ་འབྱུང་ལས། བླ་མ་དཔའ་བོ་རྣལ་འབྱོར་མ། །མཆོད་ཅིང་རྗེས་སུ་སྤྱད་པར་བྱ། །ༀ་ཨཱཿ ཧཱུཾ་ཞེས་པས་སྔགས་ཀྱིས། །རྟག་ཏུ་བྱིན་གྱིས་བརླབ་བྱ་ཞིང༌། །ཧ་ཧོ་ཧྲཱིཿ ཞེས་པས་སྔགས་ཀྱིས། །སྦྱང་བ་དང་ནི་རྟོགས་བྱ་སྟེ། །ཧ་ཡིག་ཁ་དོག་འཕྲོག་པར་བྱེད། །ཧོ་ཡིག་དྲི་རྣམས་འཕྲོག་པར་བྱེད། །ཧྲཱིཿ ཡིག་ནུས་པ་བཅོམ་པ་དང༌། །བདུད་རྩིའི་རྣམ་པའང་བརྟེན་པར་བྱ། །ལྷ་གསུམ་ལ་སོགས་དང་བྲལ་བ། །གལ་ཏེ་སྲེད་ལྡན་འཐུངས་གྱུར་ན། །དེ་ནི་དུག་འགྱུར་ཐེ་ཚོམ་མེད། །སྔགས་ཀྱི་དངོས་སྒྲུབ་སྐྱེ་མི་འགྱུར། ཞེས་གསུངས་པ་ལྟར་བྱ་དགོས་སོ། །དེའི་བྱེད་ཚུལ་ནི། སྡོམ་འབྱུང་འགྲེལ་པ་ལས། ལག་པ་གཡས་ལ་ཧོ་ཡིག་ལས་སྐྱེས་པའི་འཁོར་ལོ། །རྣམ་སྣང་གི་ངོ་བོ་ཧོ་ཡིག་གིས་མཚན་པ་བསམས་


JLD009_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེའི་སྟེང་དུ་རྫས་ཀྱི་སྣོད་བཞག་ལ། ལག་པ་གཡོན་པ་ལ་ཧ་ལས་སྐྱེས་པའི་སྣང་མཐའི་རང་བཞིན། པདྨ་དམར་པོ་འདབ་མ་བརྒྱད་པ་ཧས་མཚན་པ་བསྒོམས་པ་ཡིས་ཁ་དགེ་བ། རྫས་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧྲཱིཿ ཡིག་མི་བསྐྱོད་པའི་རང་བཞིན་ཅན་བལྟས་ལ། སྔགས་དེ་གསུམ་ལན་གསུམ་མམ་ལྔའམ་བདུན་བརྗོད་ནས། ཧྲཱིཿ འི་གཡས་སུ་ༀ། གཡོན་དུ་ཨཱཿ ། མདུན་དུ་ཧཱུཾ་གནས་པར་བསམས་ལ། ༀ་ཨཱཿ ཧཱུཾ་ཡང་སྔ་མ་ལྟར་བརྗོད་ནས། བླ་མ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་ལ་མཆོད་ནས་རང་གིས་བསྟེན་པར་བྱའོ། །དེ་ལྟར་མ་བྱས་པར་བསྟེན་པའི་ཉེས་པ་ནི་ལྷ་གསུམ་ཞེས་པ་བཞིས་བསྟན་པར་འཆད་དོ། །ཧ་ལ་སོགས་པས་ཁ་དོག་དང་དྲི་ནུས་ཀྱི་སྐྱོན་འཕྲོག་པ་ནི་སྦྱང་བའོ། །སྐྱོན་བསལ་ནས་བདུད་རྩིར་བྱེད་པ་ནི་རྟོགས་པའོ། །མང་པོར་སྦེལ་བ་ནི་འབར་བར་བྱས་པའོ། །འདི་ནི་བཟའ་བཏུང་ལ་ལོངས་སྤྱོད་རེས་ཀྱིས་བྱ་དགོས་ཏེ། དེ་ལྟར་མ་བྱས་ན་ཉེས་དམིགས་ཆེ་བར་གསུངས་པའི་ཕྱིར་རོ། །དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དོ་སྙམ་དུ་མོས་པའི་ང་རྒྱལ་སྔོན་དུ་འགྲོ་བས། ༀ་ས་མ་ཡ་ཤུདྡྷ་སརྦ་དྷརྨྨཿ ས་མ་ཡ་ཤུདྡྷོ྅ཧཾ། ཞེས་བརྗོད། ས་མ་ཡ་ནི་འདིར་མཉམ་པའི་དོན་དང༌། ཤུདྡྷ་ནི་དག་པའོ། །དེ་ནས་ལྕེ་རྡོ་རྗེར་སྐྱེད་པ་དང༌། བྱིན་གྱིས་བརླབ་པ་སྔར་བཞིན་དུ་བྱས་ལ་ལོངས་སྤྱད་པས་ལྟེ་བར་གནས་པའི་ཧཱུཾ་མཾ། ནཱ་ད་དཀར་དམར་ལྷ་ཐམས་ཅད་ཀྱི་ངོ་བོར་མོས་པ་ལ་ཕུལ་བས་ཚིམ་པར་བསམ་མོ། །དེ་འདྲ་བའི་ཚུལ་གྱིས་ཟོས་ན་ཡོན་སྦྱོང་ནུས་པ་ཡིན་ཏེ། གདན་བཞི་ལས།


JLD009_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཅུང་ཟད་བཟའ་བཏུང་རྣམས། །བསྔོ་བ་བྱས་ནས་བཟའ་བར་བྱ། །འདི་ལྟར་སྤྱོད་པའི་རྣལ་འབྱོར་བ། །བུ་ལོན་དུ་ཡང་མི་འགྱུར་རོ། ཞེས་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ཟ་བ་ལ་བུ་ལོན་དུ་མི་འགྱུར་བར་གསུངས་ཏེ་ཤིན་ཏུ་གལ་ཆེའོ། །གཉིས་པ་ནི། དེ་ལྟར་ཐུན་དང་པོ་ལ་ཇི་ལྟར་བྱ་བ་བཤད་ནས། ཉིན་གྱི་གུང་ཐུན་ལ་ནི་བསམ་གཏན་གྱི་ཁང་པར་ཞུགས་ཏེ། སྔར་བཤད་པའི་སྔགས་གསུམ་བརྗོད་པས་སྐད་ཅིག་གིས་རྟེན་བརྟེན་པའི་འཁོར་ལོ་རྫོགས་པར་མོས་པར་བྱས་ཏེ། སྔར་བཞིན་གསལ་གདབ། གཙོ་བོ་ཡབ་ཡུམ་གསལ་གདབ་ཟིན་པ་དང༌། གསང་གནས་བྱིན་རླབས་སོགས་བྱས་ལ་བདེ་སྟོང་བསྒོམ། འཁོར་རྣམས་གསལ་བཏབ་ཟིན་པ་དང༌། སྔར་གྱི་བདེ་བ་འདྲ་པར་བྱས་ལ། ཆོས་སོ་བདུན་གྱི་དག་པ་རྒྱས་བསྡུས་གང་རུང་ཞིག་དྲན་པར་བྱ། དེ་ནས་ལུས་དཀྱིལ་བསྒོམ། དེ་ནས་གོ་བགོ་བ་སོགས་སྔར་བཞིན་བྱའོ། །འགྲེལ་པ་རྣམས་ལས། དག་པ་གསུམ་ནས་སྦྱོར་བ་ཚོགས་བསག་གི་བར་རྣམས་ཐུན་གཞན་གསུམ་ལ་བྱ་བར་མ་བཤད་ཀྱང༌། བསྐྱེད་རིམ་ལ་སེམས་ཅུང་ཟད་ལས་རུང་གི་ཏིང་ངེ་འཛིན་མ་ཐོབ་བར་དུ་མ་ཆག་པ་རེ་དང༌། སྟོང་པའི་ངང་ནས་ནཱ་ད་འཇོག་པ་ནས་མངོན་བྱང་སྒོམ་པའི་བར་བྱས་ན་ལེགས་སོ། །ཐུན་དེ་བཏང་ནས་ཕྱི་དྲོའི་ཐུན་ལ་མ་ཞུགས་ཀྱི་བར་དང༌། ཕྱི་དྲོའི་ཐུན་ལའང་དེ་བཞིན་དུ་བྱའོ། །དེ་ནས་ཐུན་བཞི་པ་མཚན་མོའི་ཐུན་ལའང་དེ་བཞིན་དུ་བྱས་ལ། དེའི་མཐར་ནམ་གྱི་གུང་ལ་ནི། ངག་གི་བྱ་བ་ཐམས་ཅད་ཨཱ་ལི་ཀཱ་ལིའི་བདག་ཉིད་དུ་ཁོང་དུ་ཆུད་པར་བྱས་ལ། ༀ་ཚུར་སྤྱོན་ཚུར་སྤྱོན་དཔའ་


JLD009_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཆེ། །དག་པའི་ཚིག་ནི་སྟོན་པ་བོ། །སྐྱེ་དང་འཇིག་དང་རང་འབྱུང་བ། །སྟོང་ཉིད་ཡེ་ཤེས་འདི་ཁོ་ནའོ། ཞེས་བརྗོད་ཅིང༌། མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བའི་དབྱངས་གསལ་ཚར་གཅིག་བརྗོད་ལ། འོད་གསལ་ལ་མངོན་དུ་ཕྱོགས་པར་བྱས་ལ། གཉིད་ཀྱང་འོད་གསལ་དུ་མོས་པར་བྱའོ། ཞེས་བཤད་དོ། །འདི་ནི་གཉིད་ཀྱི་འོད་གསལ་འཛིན་པ་ལ་སློབ་པ་ཡིན་པས་བཟླས་པ་དང་གཏོར་མ་ཟིན་པའི་འོག་ཏུ་སྡུད་རིམ་སྙིང་ཁར་བྱས་ནས་ནཱ་ད་ཡང་མི་དམིགས་པར་བྱས་པའི་འོག་ཏུ་སེམས་གཡོ་མེད་དུ་བཟུང་ན་གཉིད་ཀྱི་འོད་གསལ་འཛིན་པའི་སྟོབས་ཆེའོ། །ཐུན་བཞི་པོ་ཐམས་ཅད་ཀྱི་མཐར་ཡི་གེ་བརྒྱ་པ་ཅི་མང་དུ་བརྗོད་པར་བྱའོ། །དེ་ནས་ཡང་ཐོ་རངས་ཀྱི་ཐུན་ལ་འོད་གསལ་ལས་ལངས་ཏེ། ལུས་དཀྱིལ་འཁོར་གྱི་འཁོར་ལོར་མོས་པ་བྱ་སྟེ། ༀ་ཚུར་སྤྱོན་སོགས་བརྗོད་ནས་ཐུན་དང་པོའི་བཤད་པ་ཐམས་ཅད་ལ་རྗེས་སུ་གནས་པར་བྱའོ། །དྲིལ་བུ་པའི་ལུས་དཀྱིལ་ལ་ནི། ལྷ་ལྔ་ལས། ས་བོན་འོད་ཀྱིས་ཤེས་རབ་བདག་པོ་དང༌། །འཁོར་ལོ་པ་དང་ཁང་པ་བརྩེགས་མ་རྣམས། །སྣང་བར་བྱས་ཏེ་འོད་གྱུར་རིམ་བཞིན་བསྡུ། ཞེས་གསུངས་པས། སྙིང་ཁའི་ཧེ་རུ་ཀའི་ཐུགས་ཀའི་ཧཱུཾ་ཡིག་ལས། འོད་ཟེར་འཕྲོས་པས་རྟེན་དང་བརྟེན་པ་ཐམས་ཅད་སྣང་བར་བྱས་པའི་མཐར་སྣོད་བཅུད་དུར་ཁྲོད་དང༌། དེ་དང་བསྲུང་འཁོར་གཞལ་ཡས་ཁང་དང༌། དེ་ལྷ་ལྔ་ལྟ་བུ་ཡིན་ན་ལྷ་ལ་སྡུད་ཅིང༌། ཡུམ་བཞི་སྔར་བཞིན་སྡུད། ལུས་དཀྱིལ་རྐྱང་པ་ཡིན་ན་ཁང་པ་བཞིའི་ཧེ་རུ་ཀ་ལ་བསྡུ། དེ་ནས་


JLD009_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་ལུས་དཀྱིལ་རྣམས་སྔར་བཤད་པ་བཞིན་རང་གནས་སུ་ཐིམ་པའམ་རིམ་གྱིས་བསྡུས་ཏེ། སྙིང་ཁའི་ཧེ་རུ་ཀ་ཡབ་ཡུམ་བཞག །དེ་ནས་གཞིའི་གཙོ་བོ་ཡབ་ཡུམ་གཉིས་སྙིང་ཁའི་གཙོ་བོ་ཡབ་ཡུམ་ལ་བསྡུ། དེ་གཉིས་ཀྱང་སྙིང་ཁའི་ཉི་གདན་ཧཱུཾ་དང་བཅས་པ་ལ་བསྡུ། ཉི་མ་དང་ཨཱུ་དང་ཧ་ནས་ནཱ་དའི་བར་རྣམས་སྔ་མ་ཕྱི་མ་ལ་རིམ་གྱིས་བསྡུས་ལ། ནཱ་ད་ཡང་མི་དམིགས་པར་བྱས་ཏེ། ཕྱག་གཉིས་པ་ཡབ་ཡུམ་དུ་ལངས་ལ་བསྔོ་བ་དང་སྨོན་ལམ་དང༌། ཡིག་བརྒྱ་ཡང་བརྗོད་གསུང་སྟེ། སྔར་བཤད་པ་རྣམས་ཀྱང་དགོས་སོ། །ཐུན་གཞན་ལ་འཇུག་པ་ན། གུང་དང་ཕྱི་དྲོའི་ཐུན་མཚམས་སུ། །བསམ་གཏན་ཁང་པར་སྟན་བདེར་འདུག །བདག་ཉིད་འོད་ཟེར་དུ་གྱུར་པ། །ཧཱུཾ་དུ་གྱུར་ཏེ་ཡོངས་གྱུར་ལས། །བཅོམ་ལྡན་འཁོར་ལོ་བདེ་མཆོག་གི །དཀྱིལ་འཁོར་འཁོར་ལོ་ལྷ་ལྔ་ཡི། །ཁང་བརྩེགས་རིན་ཆེན་ཚོགས་ལས་གྲུབ། །དུར་ཁྲོད་བརྒྱད་བསྐོར་གསལ་དམིགས་ནས། །དབང་བསྐུར་བ་ལ་སོགས་པ་ཆོ་ག་ཐམས་ཅད་བྱའོ། ཞེས་རང་འོད་དུ་བཞུས་པ་ཡོངས་སུ་གྱུར་པ་ལས་ཧཱུཾ་དུ་གྱུར། དེ་ཡོངས་སུ་གྱུར་པ་ལས་རྟེན་ཐམས་ཅད་དང༌། བཞིའི་ཧེ་རུ་ཀ་བསྐྱེད་པའམ། ཡང་ན་སྔར་བཞིན་དག་པ་གསུམ་ནས་ཡེ་ཚོགས་ཀྱི་བར་ཇི་ལྟར་འཚམ་པ་ཅིག་བྱ་ལ། མངོན་བྱང་གི་བར་དུ་བསྒོམས་ནས་སྐད་ཅིག་མའི་སྔགས་བརྗོད་ལ། རྟེན་ཐམས་ཅད་དང་གཞིའི་ཧེ་རུ་ཀ་བསྐྱེད་ལ་གསལ་གདབ། དེ་ནས་ལུས་དཀྱིལ་བསྒོམས་ལ་དབང་བསྐུར་བ་སོགས་བྱའོ། །ཐུན་མཚམས་ཐ་མ་ལ་ནི་སྔར་བསྟན་པའི་ཆོ་ག་ཐམས་ཅད་སྦྱང་ལ།


JLD009_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་ཀྱི་རྗེས་ལ་ཧཱུཾ་གི་འོད་ཟེར་གྱིས་ཐམས་ཅད་འོད་དུ་གྱུར་པ་དཀྱིལ་འཁོར་བདག་པོ་ལ་བསྡུས་ལ། དཀྱིལ་འཁོར་གཙོ་བོ་ཕྱག་རྒྱ་དང་བཅས་པ་ཡང་འོད་དུ་གྱུར་པ། སྙིང་ཁའི་ཤེས་རབ་རབ་གྱུར་ཡབ་ཡུམ་ལ། །དེ་ཡང་སྙིང་ཁའི་ཉི་བཅས་ཧཱུཾ། །ཉི་མ་ཨུ་ཧའི་མགོ་ཟླ་ཚེས། །ཐིག་ལེ་ནཱ་དའི་བར་བསྡུས་ལ། །དེ་ཡང་དམིགས་མེད་གཉིད་ལ་འཇུག །ནང་པར་གྱི་དུས་སུ་རྡོ་རྗེ་རྣལ་འབྱོར་མའི་གླུས་བསྐུལ་བས་སད་པར་མོས་པ་བྱས་ལ། ཆོ་ག་ཐམས་ཅད་ཉི་མ་སྔ་མ་བཞིན་དུ་བྱའོ། ཞེས་གསུངས་པ་ལྟར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ནི། ཨཱ་ལི་ཀཱ་ལི་མདུན་བསམས་ནས། ཞེས་སོགས་ཀྱིས་སྟོན་ཏེ་ཟུར་དུ་བཤད་པར་བྱའོ། །གསུམ་པ་ཕན་ཡོན་ནི། སེམས་ནི་ངལ་བསོ་སོགས་ནི་འགྲེལ་པ་གསུམ་ག་ནས་ཕན་ཡོན་དུ་འཆད་ལ། དེ་ཡང་བསྐྱེད་རིམ་ཁོ་ནའི་མིན་གྱི། རིམ་པ་གཉིས་ཀའི་ཕན་ཡོན་ནོ། །ཚིགས་བཅད་འདིའི་གོང་དུ་ཕན་ཡོན་གསུངས་པ་ནི། རྩ་རྒྱུད་ལས། མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་པ་ཐམས་ཅད་རྣམ་དག་པས། །དེ་བཞིན་གཤེགས་པའི་ས་ཐོབ་ཅིང༌། །སྐྱེ་དང་སྐྱེ་བར་བདེར་གཤེགས་ཀྱི། །རིགས་སྐྱེ་རྒྱལ་པོ་ཆོས་ལྡན་འགྱུར། །ཇི་ལྟར་སྔོན་བསགས་སྡིག་པ་ཡི། །མཚན་ཉིད་ཐམས་ཅད་དམན་པ་སྟེ། །གང་ཞིག་འདི་ནི་རྟག་སྒོམ་པ། །ས་ལ་འདོད་པ་ཀུན་དབང་ཕྱུག །དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་སུ་བཞག་པ་ནི། །མར་སར་སྟེང་དུ་ཞུ་གྱུར་ཅིང༌། །དེ་བཞིན་ཤྲཱི་ཧེ་རུ་


JLD009_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །བསམ་གཏན་བསམས་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་གྱུར་པ། །ཡང་ན་འཁོར་ལོས་སྒྱུར་བ་འཐོབ། ཅེས་བའི་འོག་ཏུ་རྣལ་འབྱོར་པ་རྣམས། ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་ས་ཐོབ་པ་ནི་མཐར་ཐུག་གི་ཕན་ཡོན་དང༌། དེ་ཚེ་འདིར་མ་ཐོབ་ཀྱང་སྐྱེ་བ་བརྒྱུད་ནས་འཐོབ་པ་ཡང་ཐེག་པ་མཆོག་གི་རིགས་སུ་སྐྱེ་བ་དང༌། ཆོས་འདི་སྤྱོད་པའི་ཆོས་ལྡན་གྱི་རྒྱལ་པོར་འགྱུར་བ་དང༌། ལས་ཀྱི་སྒྲིབ་པའི་སྡིག་ཀུན་འདག་པ་དང༌། ལམ་འདི་ལ་བསམ་གཏན་བྱས་པ་ཙམ་དང༌། གླེགས་བམ་ལ་ཀློག་པ་དང༌། ཁ་ཏོན་དུ་འདོན་པ་དང༌། རྒྱུད་ཀྱི་གླེགས་བམ་བྲིས་པས་ཀྱང་མཐོ་རིས་ཀྱི་དཔལ་སྤྱི་དང༌། ཁྱད་པར་པ་འཁོར་སྒྱུར་འཐོབ་པར་བསྟན་ནོ། །གལ་ཏེ་གཡེང་བས་མ་གྲུབ་ན་འཆི་བའི་ཚེ་ཕན་ཡོན་ནི། ལམ་འདི་ཡི་རྣལ་འབྱོར་པ་རྣམས་ལ་ནི་མྱང་འདས་ཏེ་འཆི་བ་དོན་དམ་པ་བསྟན་པ་མིན་ནོ། །འོ་ན་ཅི་ཞེ་ན། ཁྱིམ་བཟང་པོ་ནས་ཁྱིམ་བཟང་པོ་གཞན་དུ་འགྲོ་བའི་བར་སྐབས་སུ་ཅུང་ཟད་ངལ་བསོ་བ་དང་འདྲ་བར་ཆོས་སྤྱོད་པའི་གནས་འདི་ནས་གནས་ཁྱད་པར་ཅན་གཞན་དུ་འགྲོ་བའི་བར་སྐབས་སུ་རྣལ་འབྱོར་པ་སེམས་ངལ་བསོ་བ་ཙམ་ལ་འཆི་བ་ཞེས་བརྗོད་པ་ཙམ་མོ། །དེས་ན་འཆི་བ་དོན་དམ་པ་བ་མ་ཡིན་ཞེས་པ་ནི། འགྱོད་དགོས་པ་དང་ཕྱི་མར་འཇིགས་པའི་འཆི་བ་དེ་མིན་ཞེས་པའི་དོན་ནོ། །དེ་ཉིད་འཆད་པ་ནི། ལམ་འདིའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་འཇིག་རྟེན་འདི་ནས་འཇིག་རྟེན་


JLD009_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་འཕོ་བའི་ཚེ་ནི་དཔལ་ཁྲག་འཐུང་སྟེ་ཧེ་རུ་ཀ་དང༌། རྗེ་བཙུན་མ་ཕག་མོ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མ་ལག་ན་མེ་ཏོག་དང༌། བདུག་སྤོས་སྣ་ཚོགས་པ་དང༌། རྒྱལ་མཚན་དང་། བ་དན་སྣ་ཚོགས་པ་དང༌། སིལ་སྙན་གྱི་སྒྲ་སྣ་ཚོགས་པ་དང༌། ཡིད་དུ་འོང་བའི་གླུའི་མཆོད་པ་སྣ་ཚོགས་ཀྱིས་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་བྱེད་དོ། །འགྲེལ་པ་གསུམ་ནས་མཁའ་སྤྱོད་འོད་གསལ་ལ་བྱས་ནས་འོད་གསལ་གྱི་གོ་འཕང་ལ་འགོད་པར་བཤད་པ་ནི་ངེས་དོན་གྱི་བཤད་པ་ཡིན་ཏེ། འཆི་བ་འོད་གསལ་དུ་འཆར་དུ་འཇུག་པའོ། །གཉིས་ཀའི་བཤད་སྦྱར་ལས། དོན་དམ་པར་ནི་སྔོན་གྱི་གནས་ཡོངས་སུ་བཏང་སྟེ་ཁྱད་པར་དུ་འཕགས་པའི་གནས་རྣམས་ལ་བརྟེན་ནས་རྣལ་འབྱོར་པ་འགྲོའོ་ཞེས་སྒྲས་ཟིན་ཚོད་ཀྱི་སྟེང་ནས་བཤད་པ་ནི་དྲང་དོན་གྱི་མཁའ་སྤྱོད་དོ། །དེས་ན་འཆི་བ་ཞེས་པ་འདི་ནི་འཇིག་རྟེན་པའི་རྣམ་པར་རྟོག་པས་བཞག་པ་སྟེ། རྣལ་འབྱོར་པ་ཁྱད་པར་ཅན་རྣམས་ཀྱི་འཆི་བ་ནི་གནས་བཟང་པོ་གཅིག་བཏང་ནས། བཟང་པོ་གཅིག་ཏུ་འཇུག་པ་ཡིན་ལ། དེ་ལྟ་ན་ཚེ་འདིར་ཁང་བཟང་གཅིག་ནས་གཅིག་ཏུ་བགྲོད་པ་ལ་འཆི་བ་ཞེས་མི་བརྗོད་པ་བཞིན་ནོ། །དེའི་མཇུག་ཏུ། རྩ་རྒྱུད་ལས། དེ་འདྲའི་དཔའ་ཆེན་རྣལ་འབྱོར་མ། །ས་སྟེང་ན་ནི་རྙེད་པར་དཀའ། ཞེས་གསུངས་པ་ནི། ཕན་ཡོན་དེ་རྣམས་མངོན་དུ་བྱེད་ནུས་པའི་ལམ་ལ་སྒྲུབ་པ་བྱེད་པའི་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་ནི་སའི་སྟེང་ན་ཤིན་ཏུ་དཀོན་པར་བསྟན་པས། འདི་འདྲ་བའི་


JLD009_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་དཀའ་བའི་ལམ་ལ་ཉམས་ལེན་བྱ་ས་ཡོད་པའི་དུས་སུ་ནི། ཤིན་ཏུ་རྙེད་དཀའ་བར་ཤེས་པར་གྱིས་ལ། ལམ་འདི་ལ་ཐོས་བསམ་སྒོམ་པ་ལ་འབད་པར་བྱོས་ཤིག །ཅེས་སྟོན་པའང་ཡིན་པ་ནི་འདིའི་འོག་ཏུ་མགུལ་རྒྱན་ཞེས་པ་ནས། གོ་འཕང་མཆོག་ནི་བསྒོམ་པར་བྱ། ཞེས་སོགས་ལས་ཤེས་སོ། །དེ་ལྟར་གཉིད་ཀྱི་འོད་གསལ་དང་འཆི་བ་འོད་གསལ་དུ་འཆར་བ་གཉིས་ཀྱི་བསྲེ་བ་གསུངས་པ་འདི་ལ་བརྟེན་ནས་འདི་ཡི་གདམས་པ་ཐུན་མོང་མ་ཡིན་པ་ནི། ལུགས་འདིའི་རྫོགས་རིམ་གྱི་སྐབས་སུ་རྩད་བཅད་དགོས་པའང་ཤེས་པར་གྱིས་ཤིག །གཉིས་པ་མ་ཚང་བ་ཁ་སྐོང་བ་ནི། གཞུང་ནས་མ་ཟིན་ཀྱང༌། ལྭ་བ་པས། འདིར་ཕྱི་རོལ་དང༌། ལག་པ་ལ་མཆོད་པ་གཉིས་གསུངས་པས། སྔ་མ་ནི་ལག་པས་མཆོད་པ་དང༌། ཕྱི་མ་ནི་ལག་པ་ལ་མཆོད་པར་བཤད་དོ། །དེ་ནི་གཡོན་པའི་ཀུན་སྤྱོད་གྱི་ཁྱད་པར་ཅིག་ཡིན་ལ། དེ་ཡང་རྩ་རྒྱུད་ནས། དམ་ཚིག་བརྒྱད་གསུངས་པ་ཤེས་ནས་སྲུང་བ་གལ་ཆེའོ། །འདི་ལ་གཉིས། དམ་ཚིག་བརྒྱད་སྤྱིར་བཤད་པ་དང༌། ཁྱད་པར་དུ་གཡོན་པའི་དམ་ཚིག་བཤད་པའོ། །དང་པོ་ནི་རྩ་རྒྱུད་ལས། དེ་ནས་རྣལ་འབྱོར་རྒྱུད་དུ་ནི། །རྙེད་དཀའི་དམ་ཚིག་ང་ཡིས་བཤད། །སྐྱེས་པ་བུད་མེད་གཡོན་ནས་འགྲོ། །འདོད་པའི་འབྲས་བུ་སྟེར་པར་བྱེད། །ཁྱིམ་དང་ཞིང་དུ་རྣམ་གནས་པ། །ཤིན་ཏུ་རིང་ཡང་ཤེས་པར་འགྱུར། །ཤྲཱི་ཧེ་རུ་ཀ་རྣལ་འབྱོར་མཆོག །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །རྒྱུད་འདི་རུ་ནི་སྒྲུབ་པ་པོ། །ལེགས་པར་གྱུར་པ་ཉིད་ཡིན་ཏེ། །བརྙས་མི་བྱ་ཞིང་སྤང་མི་བྱ། །ནུས་པ་ཡིས་


JLD009_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་ཚོང་མེད༽ནི་མཆོད་པར་བྱ། །ཀཱ་ཀཱ་གདོང་སོགས་བརྒྱད་པོ་ནི། །གྲོལ་དང་དད་པ་འཕེལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་སྐྱོང་བར་བྱེད། །ལྷ་མོ་གཞན་དང་ཀུན་སྦྱོར་བའི། །རྣམ་པར་རྨོངས་པས་འདོད་པ་མིན། །གཉིས་སུ་འབྱེད་དང་ཐོགས་མེད་མིན། །དམ་ཚིག་སྤྱོད་པའི་སྤྱད་བྱ་བ། །མི་མོའི་དབང་ཕྱུག་ལེགས་པར་སྦྱོར། །ཚངས་སྤྱོད་དེ་བཞིན་བསམ་གཏན་ཏེ། །ཁྲོ་མེད་བུ་གར་ཀུན་ཏུ་སྤྱོད། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། །སྒྲུབ་པ་ལ་ནི་གནས་པ་ཡི། །སྒྲུབ་པ་པོས་ནི་རྟག་ཤེས་བྱ། ཞེས་གསུངས་སོ། །སྐྱེས་པ་བུད་མེད་ཅེས་པའི་རྐང་པ་བཞིའི་དོན་ནི། སྔགས་པས་བུ་མེད་དམ་སྐྱེས་པ་མཐོང་བ་ན་གཡོན་གྱི་ཆ་ནས་འགྲོའོ། །དེ་ལྟར་ན་ཤིན་ཏུ་རིང་ཡང་ཤེས་པར་འགྱུར་རོ། ཞེས་དང༌། ལང་ཀས། སྐྱེས་པའམ་བུད་མེད་རྣལ་འབྱོར་མ། ཁྱིམ་མམ་ཤིན་ཏུ་རིང་པོ་ན་གནས་པ་ཡང་ཤེས་པར་བྱས་ལ་གཡོན་ནས་སྤྱད་པར་བྱའོ། ཞེས་དང༌། དཔའ་བོ་རྡོ་རྗེས། སྐྱེས་པའམ་བུད་མེད་རྣལ་འབྱོར་མ་མཐོང་ན་གཡོན་གྱི་ཆ་རུ་བྱས་ནས་འགྲོ་བའོ། །རིང་ཡང་ཞེས་པའི་དོན་རིང་ཡང་ཁྱིམ་མམ་ཞིང་དུ་གཡོན་པའི་སྤྱོད་པས་བྱ། ཞེས་དང༌། གཉིས་ཀའི་བཤད་སྦྱར་ལས་ཀྱང་བུད་མེད་ནི་རྣལ་འབྱོར་མ་ལ་བཤད་པས། སྐྱེས་པ་ཡང་རྣལ་འབྱོར་པར་ཤེས་ལ། ཞིང་ན་གནས་པ་ཞེས་གསུངས་པས། གནས་ཁྱད་པར་ཅན་ན་བཞུགས་པའི་རྣལ་འབྱོར་ཕོ་མོ་ལ་བྱེད་པར་མངོན་ནོ། །གཞན་ཡང༌། བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །


JLD009_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་ཚོང་མེད༽ཁྱོད་མ་བདག་ནི་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། ཞེས་ཀྱང་གསུངས་ཏེ། གསོལ་གདབ་ནི། ཁྱོད་མ་ཞེས་སོགས་སོ། །འདི་དངོས་སུ་མ་ནུས་ཀྱང་ཡིད་ཀྱིས་བྱ་དགོས་པའི་འདི་པའི་དམ་ཚིག་གོ །མལ་ནས་བརྒྱུད་པ་དང༌། མར་དོས་རྒྱུད་འདིའི་རྣལ་འབྱོར་ཕོ་མོས། འགྲོ་བའི་ཚེ་རྐང་པ་གཡོན་པ་སྔོན་དུ་བཏང་ནས་འགྲོ་བ་དང༌། དེ་ལྟར་བྱས་པས་གནས་ཁྱད་པར་ཅན་ན་བཞུགས་པའི་རྣལ་འབྱོར་མས་རིང་མོ་ནས་ཀྱང་མཁྱེན་ནས་འཕྲད་ཅིང་ལུང་སྟོན་པར་འཆད་དོ། །གཞན་ཡང༌། རྩ་རྒྱུད་ལས། རྐང་བ་གཡོན་པ་སྔོན་དུ་འདོར། །ལག་པ་གཡོན་པ་ཡོངས་སུ་སྒྱུར། །གཡོན་གྱི་སྤྱོད་པས་རབ་མཆོད་བྱེད། །གཡོན་པས་འཁྱུད་པ་ཙམ་དང་ནི། །གཡོན་པ་ཡིས་ནི་མཆོད་ཅིང་ཟ། ཞེས་པ་ལ་སོགས་པའི་གཡོན་པའི་ཀུན་སྤྱོད་ཐམས་ཅད་དོ། །སློབ་དཔོན་ནི་རྣལ་འབྱོར་རྣམས་ཀྱི་སྐྱེད་བྱེད་ཡིན་པས་རྣལ་འབྱོར་མ་ཉིད་ཡིན། ཞེས་བྱའོ། །བདེ་མཆོག་གི་རྒྱུད་དུ་དབང་བསྐུར་བའི་སྒྲུབ་པ་པོ་དང༌། སློབ་དཔོན་ལ་བརྙས་པར་མི་བྱ་ཞིང༌། སྤང་བར་མི་བྱ་བར་ཅི་ནུས་པས་མཆོད་དོ། །ཀཱ་ཀཱ་ཞེས་པའི་རྐང་པ་གཉིས་ནི། ལྭ་བ་པ་དང༌། ལྷ་སྤས་ཀྱི་འགྲེལ་པར། དམ་ཚིག་བརྒྱད་བཤད་ཟིན་པའི་འོག་ཏུ་འབྱུང་ཞིང༌། ཕྱི་མར། ཁྭ་སོགས་ཕོ་ཉ་བརྒྱད་པོ་ལ། །གྲོལ་དང་དད་པ་འཕེལ་བྱེད་ཅིང༌། ཞེས་འདོན་ནོ། །འགྲེལ་པ་གཞན་རྣམས་ནས་སྔར་དྲངས་པའི་སྐབས་སུ་འབྱུང་ཡང་དམ་ཚིག་བརྒྱད་ལ་མི་འདྲེན་ནོ། །གཉིས་ཀའི་བཤད་སྦྱར་ལས། ཁྭ་གདོང་མ་ལ་


JLD009_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མཆོད་པ་དེ་བཞིན་དུ་སྒྲུབ་པ་པོས་རྣལ་འབྱོར་མ་རྣམས་ཀྱང་མཆོད་པར་བྱ་བའི་དོན་དུ་འཆད་ལ། མོས་དང་དད་པ་ཞེས་མང་པོ་ལས་འབྱུང་བས་ཁྭ་གདོང་སོགས་ལ་མོས་དང་ཞེས་སྦྱར་རོ། །དངོས་གྲུབ་ཀྱི་རྒྱུའི་དམ་ཚིག་བརྒྱད་ཀྱི་དང་པོ་ནི། སྔར་བཤད་པའི་གཡོན་པའི་ཀུན་སྤྱོད་དང༌། མི་བརྙས་ཤིང་མཆོད་པ་ནི་དམ་ཚིག་དང་པོའོ། །ལྷ་མོ་ཞེས་པ་གཉིས་ནི་དམ་ཚིག་གཉིས་པ་སྟེ། འདོད་པ་ལ་ཆགས་ཤིང་རྨོངས་པས་ཕོ་ཉ་མོ་གཞན་དང་སྦྱོར་བ་སྤོང་བའོ། །གཉིས་སུ་མེད་ཅེས་པ་ནི་དམ་ཚིག་གསུམ་པ་སྟེ། བདག་དང་གཞན་གྱི་ཆར་འབྱེད་པ་སྤོང་བ་ལ་ལང་ཀ་དང་དཔའ་བོ་རྡོ་རྗེས་བཤད་པ་ནི། སྐལ་ལྡན་གྲགས་པས། གཉིས་སུ་མེད་པར་རྟོགས་པ་དང་མ་བྲལ་བ་ལ་བཤད་པས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་སྐྱོང་བ་དང་མ་བྲལ་བར་བྱེད་པའོ། །ཐོགས་མེད་པ་ནི་དམ་ཚིག་བཞི་པ་སྟེ། སྐལ་ལྡན་དང་ལང་ཀས་སྒྲ་སོར་བཞག་ཙམ་ལས་གཞན་མ་བཤད། དཔའ་བོ་རྡོ་རྗེས། གང་གིས་ཀྱང་གཞོམ་དུ་མི་ནུས་པ་ལ་བཤད་དོ། །བླ་མ་སྔ་མ་རྣམས་ཐོགས་མེད་མིན། ཞེས་བཏོན་ནས་དམ་ཚིག་མེད་པ་སོགས་ལ། ཉོན་མོངས་པའི་འདོད་པའི་དབང་གིས་ཐོགས་པ་མེད་པར་བྱེད་པ་མིན། ཞེས་ཟེར་མོད་ཀྱང༌། འགྲེལ་པ་རྣམས་ནས། གཉིས་སུ་མེད་དང་ཐོགས་མེད་པ། ཞེས་བཏོན་ནས་འཆད་པས། དེ་ལྟར་དུ་བྱའོ། །རྩ་རྒྱུད་ལས། ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་ནས་རྨོངས་པས་བགྲོད་མི་བྱ། །ཕོ་ཉ་ལ་རྟག་ཞེན་ཐར་པ། །འདའ་བ་ཡིས་ཀྱང་ལོངས་


JLD009_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བྱ། ཞེས་གསུངས་པ་ལྟར། རང་གི་ཕོ་ཉ་ལ་ཐར་པའི་དོན་དུ་ཞེན་པས། རྟག་ཏུ་སྟེ་རྒྱུན་དུ་བྱ་བ་དེས་འདའ་བའི་ཚུལ་གྱིས་ལོངས་སྤྱད་པར་གསུངས་པ་ལྟར་བྱ་བ་ལ། དེ་འདྲ་བའི་ལམ་ལས་གང་གིས་ཀྱང་བཀྲི་བར་མི་ནུས་པ་ལ་བྱའོ། །དམ་ཚིག་ཅེས་པ་གཅིག་ནི་དམ་ཚིག་ལྔ་པ་སྟེ། དམ་ཚིག་ནི་ལྷ་མོ་རྣམས་སོ། །སྤྱོད་པ་ནི་འདོད་པ་སྤྱོད་པའོ། །སྤྱད་པ་ནི་དེ་བྱེད་པའོ། །དེའི་ཡུལ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་སོ། །དེ་ལ་ཡང་གསུམ་པས་ནི་དེ་ལྟར་བྱེད་པ་ན་དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་བྲལ་བར་སྤྱོད་པ་བཀག་ཅིང༌། བཞི་པས་ནི་ལམ་འདི་ལས་ཡིད་གཞན་དུ་མི་འགྱུར་བར་བྱེད་དོ། །མི་ཞེས་པ་གཅིག་ནི་དམ་ཚིག་དྲུག་པ་སྟེ། འདི་ལ་ཀོང་ནས། རྡོ་རྗེ་དང་པདྨ་འདུས་པའི་དུས་སུ་དབང་ཕྱུག་དང་བྲལ་བར་མི་བྱའི། གཞན་དུ་དབང་ཕྱུག་ཉིད་དུ་བྱའོ། ཞེས་བཞེད་ལ། དཔའ་བོ་རྡོ་རྗེས་ཀྱང་དེ་བཞིན་དུ་བཤད། ལང་ཀས། གཞན་འདྲ་བ་ལ་དབང་ཕྱུག་མ་དང་བྲལ་བར་མི་བྱ། ཞེས་བཤད་དོ། །སྐལ་ལྡན་དང་དཔའ་བོའི་འགྲེལ་པར། བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། ཞེས་འབྱུང་བ་ལྟར་ལེགས་ལ། དེ་ཡང་ལང་ཀའི་འགྲེལ་པར་ཀུན་ཏུ་སྦྱོར། ཞེས་འབྱུང་བ་གསལ་ཞིང་དོན་ནི་འདོད་པའི་དབང་ཕྱུག་མ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པའི་ནུས་པ་མ་རྫོགས་པ་དེ་སྲིད་དུ་ཞེས་པའོ། །འགྲེལ་པ་གསུམ་ལས། ཚངས་པར་སྤྱོད་པ་དེ་བཞིན་གཞི། ཞེས་འདོན་པ་ནི། དམ་ཚིག་བདུན་པ་སྟེ། སྐལ་ལྡན་གྱིས་གཞིར་གྱུར་པའི་བྱང་སེམས་ལེན་པའི་སྐབས་སུ། ཚངས་པ་ཉིད་དུ་སྤྱད་པར་བྱའོ། ཞེས་བཤད་ལ། དཔའ་བོས་ཀྱང་གཞིའི་དོན་


JLD009_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མ་གཏོགས་པ་དེ་བཞིན་དུ་མཛད། ལང་ཀ་ཡང་དེ་དག་དང་འདྲ་བ་ལ། བྱང་ཆུབ་ཀྱི་སེམས་འཛག་པའི་དུས་སུ་ཞེས་བཤད་དེ། དོན་ནི་དྲུག་པ་ལ་མི་འབྲལ་བར་བཤད་པ་དེ་བཞིན་དུ་སྤྱི་བོ་ནས་བྱང་སེམས་འཛག་པའི་དུས་སུ་ཡང་གསང་གནས་ཀྱི་རྩེ་ལས་ཕྱི་རོལ་དུ་མི་འབྲལ་བར་བྱེད་པ་ལ། ཚངས་པར་སྤྱད་ཅེས་བྱས་པའོ། །སྔ་མ་རྣམས་དྲུག་པ་གསང་གནས་སོགས་བྱིན་གྱིས་རློབ་པ་སོགས་དང༌། བདུན་པ་ནི། དགའ་བ་ལ་སོགས་པ་ལ་དམིགས་ཏེ་མཉམ་པར་འཇོག་པའི་བསམ་གཏན། ཚངས་པ་མི་གནས་པའི་མྱང་འདས་ཀྱི་དོན་དུ་སྤྱོད་པ་ལ་འཆད་མོད་ཀྱང༌། འགྲེལ་པ་གསུམ་ལྟར་ལེགས་སོ། །ཁྲོ་མེད་ཅེས་པ་གཅིག་ནི་བརྒྱད་པ་སྟེ། བུ་གར་ཀུན་ཏུ་སྤྱོད་པ་སྟེ་ཡུམ་གྱི་པདྨ་ནས་བྱང་སེམས་ལེན་པའི་དུས་སུ་ཁྲོ་བ་མེད་པར་སྤྱོད་པའོ། །ལང་ཀས། བྱང་སེམས་ལེན་པའི་དུས་སུ་སྡང་བར་མི་བྱེད་ཅེས་དང༌། སྐལ་ལྡན་གྱིས་ཁྲོ་ཞིང་སྤང་བར་མི་བྱ་ཞེས་བཤད་པའི་དོན་ནི། དཔའ་བོས། བྱང་སེམས་ལེན་པའི་དུས་སུ་བཙོག་པའི་འདུ་ཤེས་མི་བྱ་བ་ལ་བཤད་པ་ལྟར་ཡིན་ཏེ་བཙོག་ཅིང་སྐྱུག་བྲོ་བའི་བསམ་པ་ནི། ཡུལ་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་མི་འདོད་པ་ཡིན་པས། དེ་འདྲ་བ་དེ་ལ་སྡང་བ་ཞེས་གཞན་དུ་ཡང་འབྱུང་ངོ༌། །འགྲེལ་པ་གསུམ་ནས། ཁྲོ་མེད་རྒྱུན་གྱིས་ཀུན་ཏུ་སྤྱོད། ཅེས་འབྱུང་ཡང༌། འགྱུར་སྔ་མ་རྣམ་པ་གསལ་ལ། ཀུན་ཏུ་སྤྱོད་པ་ནི་ལྕེས་བླངས་ཏེ་འཐུང་བའོ། །དམ་ཚིག་བརྒྱད་ཀྱི་གྲངས་བྱེད་ལུགས་དང༌། ངོས་འཛིན་བྱེད་ལུགས་སྔ་མ་རྣམས་


JLD009_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚུལ་གཞན་ཡོད་ཀྱང༌། པཎྜི་ཏ་གསུམ་གྱི་དགོངས་པ་ནི་སྔ་མ་ལྟར་ཡིན་པས་ཡིད་ཆེས་པར་སྣང་ངོ༌། །འདི་རྣམས་བསྲུང་བའི་དམ་ཚིག་གལ་ཅན་ཡིན་ལ། ཡིད་ཆེས་པའི་བཤད་པ་ལ་མ་བརྟེན་ན་བསྲུངས་ཀྱང་འབྲས་བུ་ཆུང་བས་མཁས་པ་གུང་བསྒྲིགས་ཏེ་ཞིབ་ཏུ་བཤད་དོ། །དམ་ཚིག་འདི་བརྒྱད་གོང་མ་རྣམས་བདེ་མཆོག་གི་དམ་ཚིག་ཐུན་མོང་མ་ཡིན་པར་འཆད་ཀྱང༌། གཡོན་པའི་ཀུན་སྤྱོད་མ་གཏོགས་པ་བླ་མེད་པ་གཞན་དང་ཐུན་མོང་བ་ཡིན་ལ། རྩ་ལྟུང་བཅུ་བཞི་དང་སྦོམ་པོའི་ལྟུང་བ་བརྒྱད་དང༌། སྡོམ་པ་གཟུང་བསྒྲག་གི་སྐབས་ཀྱི་དམ་ཚིག་གི་ནང་དུ་མ་བྱུང་བ་ཡང་མང་བར་སྣང་བས་བྲིས་སོ། །གཉིས་པ་ལ་གཉིས། གཡོན་པའི་ཀུན་སྤྱོད་ཀྱི་གནད་བཤད་པ་དང༌། ལག་པའི་མཆོད་པ་བཤད་པའོ། །དང་པོ་ནི། ཧེ་རུ་ཀ་མངོན་འབྱུང་ལས། གཡོན་པའི་ཀུན་སྤྱོད་མང་དུ་གསུངས་པའི་མཐར། ཅུང་ཟད་གསུངས་དང་མ་གསུངས་པ། །དཔལ་ལྡན་ཁྲག་འཐུང་གཡོན་པས་སྤྱོད། །སྒྲུབ་པོ་ས་སྟེང་ས་འོག་ན། །བཟླས་དང་བརྟུལ་ཞུགས་བྲལ་བས་ཀྱང༌། །གཡོན་པས་དངོས་གྲུབ་འགྱུར་བ་ཡིན། ཞེས་དངོས་གྲུབ་འགྲུབ་པ་ལ་གཡོན་པའི་ཀུན་སྤྱོད་བསྔགས་པའི་རྒྱུ་མཚན་ཇི་ལྟར་ཡིན་སྙམ་ན། བཤད་པར་བྱ་སྟེ། རྩ་རྒྱུད་དང་མངོན་བརྗོད་སོགས་ལས། སྣོད་བཅུད་ཀུན་གཡོན་ནས་འབྱུང་བར་གསུངས་པ་འདི་ཉིད་གཡོན་པའི་ཀུན་སྤྱོད་བྱེད་པའི་རྒྱུ་མཚན་ཡིན་པར། རྡོ་རྗེ་མཁའ་འགྲོ་ལས། བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་གཡོན་ལས་བྱུང་བས་ན། །གཡོན་གྱིས་བཟའ་ཞིང་གཡོན་མཆོད་བྱ། ཞེས་


JLD009_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ཡང་མངོན་བརྗོད་ལས། གཡོན་པའི་སྤྱོད་པ་ཤེས་རབ་སྟེ། །གཡས་པ་དེ་བཞིན་ཐབས་ཡིན་ནོ། ཞེས་གཡས་གཡོན་གཉིས་ལས། གཡོན་པ་ཤེས་རབ་ཏུ་གསུངས་པས་ཤེས་པར་བྱའོ། །དེ་ལ་འདིར་ཤེས་རབ་ནི། ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་དེ་ཁོ་ན་ཉིད་དེ་ཤེས་རབ་ཀྱི་དམིགས་པ་ལ་དེར་བྱས་པ་དང༌། དོན་དེ་རྟོགས་པའི་ཤེས་རབ་གཉིས་སོ། །དེའི་དང་པོའི་དབང་དུ་བྱས་ན། སྣོད་བཅུད་ཀྱི་བྱ་བྱེད་ཐམས་ཅད་འཇོག་པ་ནི་དེའི་རྒྱུ་མཚན་གྱིས་འཇོག་སྟེ། རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་ནི། རྩ་ཤེ་ལས། གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། ཞེས་གསུངས་པ་བཞིན་དུ། བྱ་བྱེད་གང་ཡང་མི་རུང་པའི་ཕྱིར་དང༌། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ལ་ནི། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། ཞེས་གསུངས་པ་ལྟར། བྱ་བྱེད་ཐམས་ཅད་རུང་བའི་ཕྱིར་ན། སྣོད་བཅུད་ཐམས་ཅད་གཡོན་ནས་བྱུང་བར་གསུངས་ཀྱི། བུད་མེད་ལའང་གཡོན་པ་ཞེས་གསུངས་པ་ཡོད་པས་དེ་ལས་ཐམས་ཅད་འབྱུང་བ་དང༌། གཡོན་བརྐྱང་མ་ལས་བྱུང་བའི་དཀར་ཆ་ལས། ཐམས་ཅད་འབྱུང་བ་དང༌། ལག་པ་གཡོན་པ་ལས་ཐམས་ཅད་འབྱུང་བར་སྟོན་པ་མིན་ཏེ། རྒྱུད་རྣམས་ནས་ཀྱང༌། སྟོང་པ་ལས་ཐམས་ཅད་འབྱུང་བར་བཤད་པ་མང་ངོ༌། །ཡང༌། སྐྱེ་དང་འཇིག་དང་རང་འབྱུང་བ། །སྟོང་ཉིད་ཡེ་ཤེས་འདི་ཁོ་ནའོ། ཞེས་གསུངས་པ་ལྟར་ན་བདེ་སྟོང་དབྱེར་མེད་དུ་བྱས་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ཉིད་སྣོད་བཅུད་ཁྱད་


JLD009_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་དག་པའི་དཀྱིལ་འཁོར་གཉིས་སུ་འབྱིན་པ་དང༌། སྡུད་པར་བྱེད་པ་པོ་ཡིན་པས། བརྟན་གཡོ་ཐམས་ཅད་གཡོན་པ་ལས་འབྱུང་བར་གསུངས་ཏེ་ཚུལ་གཉིས་སུ་ཤེས་པར་བྱའོ། །དེ་ལྟར་བྱས་ན་གཡོན་པས་མཚོན་པའི་ཤེས་རབ་ནི་དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་བྱེད་ཡིན་པས། ལམ་དེའི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྟེན་འབྲེལ་ད་ལྟ་ནས་སྒྲིག་པའི་ཕྱིར་དུ་གཡོན་པའི་ཀུན་སྤྱོད་རྣམས་བྱེད་དོ། །དེ་ཡང་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་མཚན་ཉིད་རྫོགས་པར་རྟོགས་པ་ནི་ཐེག་པ་གཞན་དང་རྒྱུད་སྡེ་གཞན་དང་ཡང་ཐུན་མོང་བ་ཡིན་ལ། ལམ་གཞན་གྱིས་བསྐལ་པ་གྲངས་མེད་པས་སངས་རྒྱས་འཐོབ་དགོས་པ་ལམ་འདིར་སྐྱེ་བ་འདི་ཉིད་ལ་འཐོབ་པ་ནི། ཡུལ་གྱི་དེ་ཁོ་ན་ཉིད་ལ་ཁྱད་པར་མེད་ཀྱང་ཡུལ་ཅན་དམ་པའི་བདེ་བ་སྟེ། བདེ་བ་མཆོག་ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་བསྒོམས་པ་ལས་ཡིན་ཏེ། སཾ་བྷུ་ཊ་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་འཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། ཞེས་གསུངས་པས་སོ། །དེ་རྒྱས་ཅི་ཞིག་བྱ་ཞེས་པ་དང༌། མདོར་བསྡུས་པས་ནི། ཞེས་པ་ནི། སྐྱེ་བ་འདིར་བདེ་བས་འཐོབ་པར་འགྱུར། ཞེས་པ་དང་སྦྲེལ་རྒྱུ་ཡིན་པས་ལམ་གཞན་ལྟར་ཤིན་ཏུ་མང་པོ་ལ་བསླབ་མི་དགོས་པར་འགྲུབ་པ་ཡང་དེའི་གནད་ཀྱིས་ཡིན་ནོ། །ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ལ་ཐབས་མང་དུ་ཡོད་ཀྱང༌། ལས་དང་པོ་པའི་སྐབས་སུ་


JLD009_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུས་ལ་དམིགས་ཏེ་སྒོམ་པ་སོགས་ཀྱིས་ལྷན་སྐྱེས་མཚོན་མི་ནུས་པའི་ཚེ། ཕོ་ཉ་མོ་མཚན་ཉིད་ཐམས་ཅད་ཚང་བ་ལས་མཚོན་དགོས་ཏེ། གསང་བ་གྲུབ་པ་ལས། ལས་ཀྱི་ཕྱག་རྒྱ་མཉམ་ལྡན་པས། །རྡོ་རྗེ་པད་མ་མཉམ་སྦྱོར་བས། །བདེན་པ་གསུང་བས་མངོན་སུམ་དུ། །འདི་འདྲའི་སྒོམ་པ་གང་གསུངས་པ། །དང་པོའི་ལས་ཅན་སེམས་ཅན་ལ། །ལས་ཀྱི་ཕྱག་རྒྱ་གང་སྤངས་ནས། །བྱང་ཆུབ་སེམས་ནི་རབ་སྟོན་པ། །གཞན་གྱིས་མཚོན་པས་མི་མཐོང་སྟེ། །དང་པོའི་ལས་པས་རིག་པར་བྱ། །ཐོག་མ་བར་མཐའ་དྲི་མེད་པ། །རིག་སྟེ་གཞན་དུ་ནུས་མ་ཡིན། ཞེས་གསུངས་པས་སོ། །དེ་ལས་མཚོན་པ་སྔོན་དུ་སོང་ན་རང་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་བསྒོམས་པས། སྲོག་དྷཱུ་ཏཱིར་ཚུད་པ་ལ་བརྟེན་ནས་ལྷན་སྐྱེས་སྐྱེད་པར་སླ་ཞིང༌། དེ་ལྟར་བྱ་ནུས་པ་ནས་ཀྱང་ཕྱིའི་རྐྱེན་ཕོ་ཉ་མོ་སྔགས་སྐྱེས་མཚན་ཉིད་ཚང་བ་དང༌། ཁྱད་པར་དུ་ཞིང་སྐྱེས་དང་ལྷན་སྐྱེས་ཀྱི་ཕོ་ཉ་མོ་དང་འདུ་བའི་སྐལ་བར་ལྡན་ན་ལམ་ཆེས་མྱུར་བར་འགྱུར་གྱི། གཞན་དུ་མིན་པས་ཐབས་དེ་གཙོ་བོའོ། །དེ་འདྲ་བའི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པ་ལ་ཡང་གཡོན་པའི་ཀུན་སྤྱོད་ཀྱི་དམ་ཚིག་རྣམས་གལ་ཆེའོ། །དེ་ལ་དགོངས་ནས་རྩ་རྒྱུད་ལས། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣམས་ལ་འགྲུབ་མི་འགྱུར། ཞེས་དང༌། དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་


JLD009_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ། །བཟླས་བརྗོད་བསམ་གཏན་མཆོད་མེད་པར། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །སྔགས་དང་ཕྱག་རྒྱས་སྒྲུབ་པ་པོས། །མཆོད་པ་ཉིད་ལ་རབ་ཏུ་འཇུག །འདི་ལས་གཞན་པའི་མཆོད་མེད་དེ། །དེ་ལྟར་བསྟན་བཅོས་ངེས་པ་ཡིན། །ཕོ་ཉའི་ལམ་ལ་དགའ་རྣམས་ཀྱི། །སྒྲུབ་པ་པོ་ནི་དངོས་གྲུབ་འགྱུར། ཞེས་གསུངས་ཏེ། བསྟན་བཅོས་ནི། ཕ་རྒྱུད་མ་རྒྱུད་ཀུན་ནོ། །ངེས་པ་ནི་མི་འགྱུར་ཞེས་པའི་དོན་ནོ། །ཧེ་རུ་ཀ་མངོན་འབྱུང་ལས་ཀྱང༌། དཔའ་བོ་གང་ཞིང་ཕྱག་རྒྱ་དམན། །སྒྲུབ་པོ་མཆོད་པར་བྱེད་པ་ནི། །ཕུབ་མ་རྡུང་དང་མཚུངས་པ་སྟེ། ཞེས་གསུངས་སོ། །འོན་ཀྱང་རྩ་རྒྱུད་ལས། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང༌། ཞེས་གསུངས་པ་བསྟེན་པར་དཀའ་པའི་དོན་དུ་ཀོང་ཀ་ན་པ་བཞེད་པ་ནི། ཧེ་རུ་ཀ་མངོན་འབྱུང་ལས། རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་གྱུར་དང༌། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། ཅེས་གསུངས་ཏེ། ཡུལ་རྟེན་ཀུན་མཚན་ཉིད་མ་ཚང་བར་དེ་ལྟར་བྱེད་པ་ལ། ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་པ་རྣམས་ཤེས་དགོས་སོ། །ཡང་དེ་ཉིད་ལས། རྟག་ཏུ་གཡོན་པ་ཡིས་ནི་བྱ། །བུད་མེད་རྣམས་ལ་མཐུན་པར་བྱ། །དེ་ཡིས་ངེས་པར་རྟག་པར་འབྱུང༌། །རྐང་བ་གཡོན་པའི་མཐེ་བོང་གིས། །ས་ཡང་རྐོ་ཞིང་རི་མོ་འདྲི། །ལག་པ་གཡོན་པས་རང་ཕྱོགས་ཀྱི། །སྤྱི་


JLD009_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལ་ནི་འཕྲུག་པར་བྱེད། །རང་ཡུལ་ལག་པ་གཡོན་པས་སྟོན། །དེ་ཡིས་རང་གི་རིགས་ནི་དྲན། །སྒྲུབ་པོའི་ལུས་ལ་ཕན་པ་ཡིན། ཞེས་གསུངས་པ་ལྟར་མཁའ་འགྲོ་མའི་ཕོ་ཉ་མོ་མང་པོ་ཞིག་གཡོན་པའི་ཀུན་སྤྱོད་ལ་དགྱེས་ཤིང་བྱ་བ་དེས་འཇུག་པས་གཡོན་པའི་ཀུན་སྤྱོད་དེ་རྣམས་དང་མཐུན་པར་སྤྱད་པས་དེ་དག་ཡིད་དགའ་བར་འགྱུར་བ་ཡང་ཡིན་ནོ། །ཁྱད་པར་དུ་ལག་པ་གཡོན་པ་མཆོད་པའི་ཀུན་སྤྱོད་བྱེད་པ་ནི་ཕོ་ཉ་མོ་ཁྱད་པར་ཅན་དང་འདུ་བ་ལ་སྔོན་དུ་བརྡ་བསྟན་དགོས་ལ། བརྡ་ཡང་ལག་པ་གཡོན་པས་བྱེད་དེ། རྩ་རྒྱུད་ལས། བརྡ་ནི་ལྔ་པོ་བསྟན་པ་དག །སྒྲུབ་པ་པོ་ཡིས་ལག་གཡོན་གྱིས། །འདི་ནི་དཔའ་བོའི་གནས་ཡིན་ཏེ། །བརྡ་རྣམས་ལ་ནི་རབ་འཇུག་པའོ། །ཁམས་གསུམ་རྒྱུ་དང་མི་རྒྱུ་དང༌། །འགྲོ་ཀུན་གཡོན་ལས་འབྱུང་བ་ཡིན། ཞེས་དང༌། སྡོམ་འབྱུང་ལས་ཀྱང༌། དེ་ནས་ལག་གཡོན་གྱི་ནི་བརྡ། །མདོར་བསྡུས་འདི་ལ་བཤད་པར་བྱ། ཞེས་གསུངས་པས་དེ་འདྲ་བའི་འདུ་བ་བསྒྲུབ་པའི་ཕྱིར་དུ་ད་ལྟ་ནས་ལག་པ་གཡོན་པ་ལ་མཆོད་པར་བྱེད་དེ་དགོས་པ་གཞན་ཡང་ཡོད་དོ། །ལག་པ་གཡོན་པའི་སྐྱེད་ཆོག་བྱས་ནས་དེས་དཀྱིལ་འཁོར་པ་ལ་མཆོད་པ་སོགས་ནི་དེ་ལྟར་བྱས་ན་ཚོགས་ཁྱད་པར་ཅན་བདེ་སྟོང་སྐྱེ་བའི་ཐབས་ཀྱི་ཚོགས་རྣམས་རྫོགས་པར་སླ་སྟེ། ལག་པ་དེ་ནུས་ལྡན་དུ་སོང་བས་དེས་


JLD009_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གཞན་བྱེད་པ་ལ་ཡང་ཁྱད་པར་ཅན་དུ་འགྱུར་བའོ། །ཚུལ་འདི་དག་ལེགས་པར་ཤེས་ན་དཔལ་འཁོར་ལོ་བདེ་མཆོག་རྣལ་འབྱོར་མའི་རྒྱུད་ཀྱི་གཙོ་བོ་ཡིན་པ་ཤེས་པར་འགྱུར་ཏེ། རྩ་རྒྱུད་ཀྱི་བཅོ་ལྔ་པ་ལ་སོགས་པ་ལེའུ་མང་པོ་ཞིག་གིས་ཕོ་ཉ་མོའི་མཚན་ཉིད་དང་བརྡ་ལ་སོགས་པ་རྒྱས་པར་སྟོན་པ་རྣམས་ཀྱི་གནད་ལའང་ངེས་པ་རྙེད་པར་འགྱུར་རོ། །གཉིས་པ་ལ་གསུམ། ཕྱི་རོལ་མཆོད་པ་དང༌། ལག་པ་ལ་མཆོད་པ་དང༌། ལག་མཆོད་མ་གྲུབ་པའི་ཚེ་ཇི་ལྟར་བྱ་བའོ། །དང་པོ་ནི། ཕྱི་རོལ་མཆོད་པ་འདི་དུས་ནམ་གྱི་ཚེ་བྱ་བ་ནི། ལྭ་བ་པས། སྔ་དྲོ་ལངས་ལ་ཞེས་གསུངས་པའི་དོན་ལ། རྟག་པའི་རྡོ་རྗེས་ཐོ་རངས་ལངས་པའམ་སྐབས་ཇི་ལྟ་བ་བཞིན་དུ་ཞེས་བཤད་དེ། སྔ་དྲོའི་ཐུན་གྱི་སྔོན་དུའམ་ཐུན་གཞན་གྱི་བར་སྐབས་སུ་ཡང་རུང་ངོ༌། །བདག་བསྐྱེད་ནི་འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་ལྡན་པས་ཞེས་གསུངས་པས་ཐུན་པར་ཡིན་ན་ཕྱག་གཉིས་པ་ཡུམ་བཅས་ཀྱི་རྣལ་འབྱོར་དེ་ཉིད་གསལ་བཏབ་པས་འགྲུབ་ལ། དེ་འདྲ་མིན་པའི་སྐབས་ཡིན་ན་སྒྲུབ་ཐབས་ལྟར་གྱི་བདག་བསྐྱེད་དམ་དག་པ་གསུམ་གྱི་རྣལ་འབྱོར་གྱིས་ཀྱང་རུང་ངོ༌། །མདུན་བསྐྱེད་སྒྲུབ་ཚུལ་ནི་ས་ཕྱོགས་གཙང་མར་ཞལ་བཞི་པའི་སྔགས་བརྗོད་ལ་ཞེས་གསུངས་པ་ལ། རྟག་པའི་རྡོ་རྗེས་ས་ཕྱོགས་གཙང་མར་ལག་པ་གཏད་ནས་སྔགས་བཟླ་བར་གསུངས་ཏེ། འདི་ནི་གནས་དེའི་བགེགས་


JLD009_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བ་ཡིན་པས་དེས་བགེགས་བསྐྲད་པར་བྱའོ། །འདིར་མེ་ཏོག་འབུལ་བའི་སྔོན་དུ་ལག་པ་གཡོན་པ་སྦྱང་བར་གསུངས་པས་སྔོན་དུ་ལག་པ་ལ་ལྷ་སྐྱེད་པའི་ཆོ་ག་བྱས་ནས་བྱའོ། །བདུད་རྩི་ལྔ་དང་དྲི་བཟང་ལ་སོགས་པའི་གོང་བུའམ། དེ་དག་ཚང་བ་མེད་ནའང་དེ་རྣམས་ཀྱི་རྫས་གཞན་གང་རུང་དང་བསྲེས་པའི་བ་ལང་གི་ལྕི་བའི་གོང་བུས་མཎྜལ་གྲུ་བཞི་པ་དེ་ལག་པ་གཡོན་པས་བྱུག །དེ་ནས་སྐབས་འདིར་མ་བཤད་ཀྱང་ཆོ་ག་འདིའི་མཐར་དེ་ནས་དཀྱིལ་འཁོར་གྱི་རི་མོ་དབྱིའོ། ཞེས་གསུངས་པས་ལག་པ་གཡོན་པའི་མཐེབ་སྲིན་གྱིས་གཙོ་བོ་ཡབ་ཡུམ་དང་ཡུམ་བཞིའི་གནས་སུ་དྲི་བཟང་པོས་གྲུབ་བཞི་པ་རེ་དང་ལྷ་གནས་གཞན་རྣམས་སུ་ཟླུམ་པོ་རེ་བྱས་ཏེ་མེ་ཏོག་གི་ཚོམ་བུ་རེ་ཡང་དགོད་དོ། །དེ་ནས་དེའི་དཀྱིལ་དུ་ལག་པ་གཡོན་པ་བཞག་ལ། གནས་དེ་ཡུལ་ཉེར་བཞི་གནས་ལ་སོགས་པ་བཅུར་བྱས་པའི་ས་བཅུར་མོས་པ་སྔོན་དུ་བཏང་ནས་པཱུ་ཛཱ་ལ་སོགས་པའི་ཡི་གེ་ཉེར་བཞི་དང༌། ༀ་པཱི་ཐ། ཨུ་པ་པཱི་ཐ། ཀྵེ་ཏྲ། ཨུ་པ་ཀྵེ་ཏྲ། ཙྪ་ན་དོ་ཧ། ཨུ་པ་ཙྖ་ན་དོ་ཧ། མེ་ལཱ་ཀ །ཨུ་པ་མེ་ལཱ་ཀ །ཤྨ་ཤཱ་ནེ། ཨུ་པ་ཤྨ་ཤཱ་ནེ། ཞེས་པ་བཅུ་བརྗོད་པར་བྱ་སྟེ་འདིའི་དོན་སྔར་བཤད་ཟིན་ཏོ། །དེ་ནས་གནས་དེར་སྐད་ཅིག་གིས་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་དང༌། སའི་སྟེང་དུ་རི་རབ་


JLD009_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ། །ལྭ་བ་པ་དང་དེ་བཞིན་གཤེགས་པའི་རྡོ་རྗེའི་འགྲེལ་པར་ཟླ་བ་མ་བྱུང་ཡང༌། པྲཛྙཱ་རཀྵི་ཏའི་གཞུང་ལས་བྱུང་བས་འགྱུར་གྱི་ཕྱི་མོའམ་བོད་དཔེ་ཅུང་མ་དག་པར་མངོན་ནོ། །ཟླ་བ་ནི་དཀར་ལ་དམར་བའི་མདངས་ཅན་དབྱངས་གསལ་གྱི་གཟུགས་བརྙན་ཅན་དུ་བལྟ་བ་སྟེ། འདི་རྟེན་དང་བརྟེན་པ་མངོན་བྱང་ལྔས་སྐྱེད་པ་བསྡུས་པའི་ལུགས་ཡིན་པས་སྔར་བཤད་པ་དང་རྒྱས་བསྡུས་སོ། །དེ་ནས་རང་གི་སྙིང་ཁ་ནས་ཡི་གེ་ཧཱུཾ་ཆད་ནས་སྣ་བུག་གཡས་པ་ནས་བྱུང་སྟེ་ཟླ་བའི་དབུས་སུ་བཞག་སྟེ། ཁ་དོག་ནི་དཀར་ལ་དམར་བའི་མདངས་ཅན་ནོ། །ས་བོན་དེའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་ཧཱུཾ་ལ་བཅུག་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འཁོར་དང་བཅས་པ་བལྟ་བར་བྱའོ། ཞེས་པ་ཙམ་ལས་མ་གསུངས་ཀྱང་། རྟག་པའི་རྡོ་རྗེ་དང་བི་བྷུ་ཏིས། རྣམ་པ་ཐམས་ཅད་རྫོགས་པར་བལྟ་བར་བཤད་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་ཀ་དུས་གཅིག་ཏུ་སྐྱེད་པའི་ལུགས་སོ། །དེ་ལྟར་ན་ཟླ་བའི་ཁ་དོག་གཉིས་དང༌། དབྱངས་གསལ་གཉིས་ནི་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། ས་བོན་ནི་སོར་རྟོག་དང༌། སྤྲོ་བསྡུ་སོགས་ནི་བྱ་བ་སྒྲུབ་པ་དང༌། ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པའོ། །དེ་ནས་དཀྱིལ་འཁོར་གསལ་གདབ། རྒྱ་གཞུང་


JLD009_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་དེའི་རྗེས་སུ་གོ་ཆ་དང༌། ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་བ་མ་བཤད་དེ་བསྡུས་པའི་ལུགས་སོ། །དེ་རྣམས་བྱ་བར་འདོད་ནའང་བྱེད་པ་ལ་མི་རུང་བ་མེད་དོ། །དེ་ནས་མཆོད་པ་ནི། ལྭ་བ་པས། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་རིག་མ་བཅུ་དྲུག་དང༌། ས་བོན་ལས་བྱུང་བའི་བདུད་རྩི་ལྔ་དང༌། རིན་པོ་ཆེ་སྣ་བདུན་ལ་སོགས་པས་མཆོད་པ་དང༌། དེ་ནས་ལག་པ་གཡོན་པ་ཆོ་ག་ཇི་ལྟ་བ་བཞིན་སྦྱངས་པས་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་གསུམ་གྱིས་ཡབ་ཡུམ་གཉིས་ལ་མེ་ཏོག་དབུལ། སླར་ཡང་དེ་ཉིད་དུ་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང༌། ཉེ་སྙིང་གིས་མེ་ཏོག་དབུལ། དེ་ནས་མཁའ་འགྲོ་མ་ནས་བཟུང་སྟེ། གཤིན་རྗེ་འཇོམས་མའི་བར་ལ་ཕྱོགས་གཡོན་སྐོར་དང༌། མཚམས་གཡས་སྐོར་གྱི་སྦྱོར་བས། གནས་ཇི་ལྟ་བར་དཀྱིལ་འཁོར་དུ་མེ་ཏོག་དབུལ། དེ་ནས་ལག་པ་ལ་བཀོད་པའི་ལྷ་རྣམས་ལ་གནས་དེ་དང་དེར་ༀ་ཧ་ལ་སོགས་པས་མེ་ཏོག་ཕུལ་ནས་ལག་པ་གཡོན་པ་ན་གནས་པའི་མེ་ཏོག་རྣམས་རྐང་བརྒྱད་ཀྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་དོར་ལ། སྤྱི་བོར་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་ལག་པའི་ལྷའི་འཁོར་ལོ་དེ་རང་ལ་གཞུག་གོ །ཞེས་བཤད་ལ། དེ་ནས་སྙིང་པོ་ལ་སོགས་པ་དང༌། རྐང་བརྒྱད་ཀྱི་སྔགས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བས་ཇི་ལྟར་གྲགས་པའི་བསྟོད་པ་རྣམས་ཀྱིས་བསྟོད་ལ། ཇི་ལྟར་ནུས་པས་སྡིག་


JLD009_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་སོགས་དང༌། བསམ་གཏན་དང༌། བཟླས་པ་དང༌། སྨོན་ལམ་གདབ་པ་སོགས་བྱ་བར་བཤད་པ་ལྟར་བྱའོ། །གཞུང་གཞན་གསུམ་ཡང་ཅུང་ཟད་ཙམ་མ་གཏོགས་པ་འདྲའོ། །བོད་རྣམས་མཆོད་ཡོན་སོགས་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྔོན་དུ་བྱེད་དོ། །བདུད་རྩི་ལྔ་དང་རིན་པོ་ཆེ་སྣ་བདུན་སོགས་སྙིང་གའི་ས་བོན་ལས་བྱུང་བར་བཤད་དེ་མཆོད་རྫས་དེ་དག་ཐོགས་པའི་ལྷ་མོ་སྤྲུལ་བའོ། །སོགས་ཀྱི་སྒྲས་ནི་འདོད་ཡོན་སོགས་གཞན་རྣམས་བསྡུའོ། །བསམ་གཏན་ནི་རང་གི་རྣལ་འབྱོར་སྒོམ་པའམ་མདུན་གྱི་ལྷ་ལ་སེམས་འཛིན་པའོ། །བསམ་གཏན་གྱི་བདག་འཇུག་བྱེད་པ་ལ་ཡང་མདུན་བསྐྱེད་རྒྱས་པ་མ་གྲུབ་ན་འདི་ལྟར་བྱས་པས་ཆོག་པར་མངོན་ནོ། །དེ་ནས་ཆད་ལྷག་གི་ཉེས་པ་དག་པའི་ཆེད་དུ་ཡི་གེ་བརྒྱ་པ་བརྗོད་པ་དང༌། སྙིང་གའི་ཕྱག་རྒྱ་སྔགས་དང་བཅས་པ་བྱས་པའི་མཐར་ཕྱག་རྒྱ་སྡུད་པ་ན་འཁྱུད་པའི་ཚུལ་སྔོན་དུ་འགྲོ་བས་སེ་གོལ་བརྡབ་ཅིང་སྲིན་ལག་གིས་ས་ལ་རེག་ལ། ༀ་བཛྲ་མུཿ ཞེས་བརྗོད་པས་རང་གི་གནས་ནས་གཤེགས་སུ་གསོལ་ཏེ་བདག་ཉིད་ལ་གཞུག་གོ །དེ་ནས་དཀྱིལ་འཁོར་གྱི་རི་མོ་དབྱི་བར་བྱ་བར་ལྭ་བ་པས་བཤད་པ་ལྟར་གཞུང་གཞན་གསུམ་ལས་ཀྱང་འབྱུང་ངོ༌། །གཉིས་པ་ནི། ལག་པ་ལ་མཆོད་པའི་དུས་ན་ལྭ་བ་པ་སོགས་ཀྱིས་ཚོགས་ཀྱི་དཀྱིལ་འཁོར་སོགས་བྱ་བར་གསུངས་པས། ཚོགས་འཁོར་བྱེད་ན་ལག་པ་ལ་མཆོད་པའི་ཆོ་ག་སྔོན་དུ་བཏང་དགོས་ལ།


JLD009_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མིན་པའི་སྐབས་གཞན་ཚེས་བཅུ་ལ་སོགས་པའི་དུས་སུ་ཡང་བྱའོ། །རྒྱུན་གྱི་བཟའ་བཏུང་གི་དུས་སུ་བྱེད་པར་ཡང་གསུངས་ཏེ། དྲིལ་བུ་པས། ཟས་ཀྱི་རྡོ་རྗེ་སེམས་སོགས་དང༌། །སྙིང་ཁའི་དཀྱིལ་འཁོར་སྦྱིན་སྲེག་བྱ། ཞེས་ཟས་ཀྱི་དུས་སུ་རྡོར་སེམས་སོགས་སྐྱེད་པ་བྱ་བར་གསུངས་པའི་ཕྱིར་རོ། །འདིའི་དགོས་པ་གཞན་ནི། ཀུན་སྤྱོད་ལས། རྣལ་འབྱོར་པ་ཡི་ལག་མཆོད་ཀྱིས། །དབུལ་བ་ཡིས་ནི་འདོད་དོན་འགྱུར། །སེམས་ནི་གཞན་དུ་གྱུར་པ་ཉིད། །བཟའ་བཏུང་གོས་སོགས་ཐོབ་པར་འགྱུར། །རྟག་ཏུ་མཆོད་པ་བྱས་པ་ཡིས། །ཡིད་ལ་བསམས་པ་འགྲུབ་བར་འགྱུར། ཞེས་གསུངས་ཏེ་རྐང་པ་གསུམ་པ་ལ་འགྱུར་གཞན་ལས། སེམས་ཀྱི་བསམ་པར་མ་བྱས་ཀྱང༌། ཞེས་འབྱུང་བ་ལེགས་ཏེ། སྤྱིར་ཅི་བསམས་པ་འགྲུབ་པ་དང༌། ཁྱད་པར་དུ་དབུལ་བ་སེལ་བར་གསུངས་སོ། །འདི་བྱེད་པའི་ཚེ་བདག་ཉིད་ལྷར་སྐྱེད་ཚུལ་ནི། སྡོམ་པའི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ཞེས་གསུངས་ལ། དེའི་དོན་ཡང་སྔར་བཤད་པ་ལྟར་རོ། །ལག་པ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ཏེ་ལག་པ་གཡོན་པ་ལ་བསང་གཏོར་བྱ། དེ་ནས་ལག་པ་གཡོན་པའི་སོར་མོ་རྣམས་བསྡུས་པའི་མཐེ་བོང་ལ་ཟླ་གདན། སོར་མོ་གཞན་བཞི་ལ་ཉི་གདན་རེ། བསྡུས་པའི་སེན་མོ་ལ་ཡང་ཉི་གདན་བསམ་མོ། །མཐེ་བོང་ནས་སེན་མོ་བསྡུས་པའི་བར་དྲུག་ལ་གོ་རིམ་བཞིན་དུ་རྡོར་སེམས་ནས་དོན་གྲུབ་ཀྱི་ངོ་བོར་གྱུར་པའི་ༀ་ཧ་དཀར་པོ་ལ་སོགས་པའི་ཡི་གེ་དགོད་


JLD009_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཞུང་གསུམ་ལས་བཤད་པས་དེ་ཙམ་ཞིག་གམ། ཡང་ན་དེ་བཞིན་གཤེགས་པའི་རྡོ་རྗེས་ལྷ་དང་ས་བོན་སྒོམ་པ་གདམ་ང་ཅན་དུ་བཤད་ཅིང༌། ཇོ་བོ་མ་ན་ཀ་ཤྲཱི་ཡང་ལྷར་སྒོམ་པར་བཞེད་ཟེར་བ་ལྟར་ཡང་ཆོག་པས་རྡོར་སེམས་སོགས་དྲུག་དཀྲོངས་བསྐྱེད་དམ། ཡི་གེ་ཙམ་ལས་སམ། ཡི་གེ་འགྱུར་བའི་ཕྱག་མཚན་ལས་ཆོ་ག་གསུམ་གྱིས་སྐྱེད་པ་གང་རུང་བྱའོ། །ཡི་གེ་ནི་ༀ་ཧ་སོགས་སམ། ཡང་ན་ཧ་ཧི་ནས་ཧཾ་གི་བར་དྲུག་ལས་སྐྱེད་པར་ཡང་བཤད་དོ། །ཡབ་ཀྱི་གོ་ཆ་དྲུག་ཡུམ་དང་བཅས་པར་སྐབས་གཞན་དུ་བཤད་པའི་རིགས་པ་སྦྱོར་ནའང་སྦྱར་བས་ཆོ་ག་སྟེ། ལྷ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་སོགས་ནི་སྔར་བཤད་ཟིན་ཏོ། །ལག་པ་གཡོན་པའི་མཐིལ་དུ་ཡང་སྐད་ཅིག་གིས་པདྨ་དམར་པོ་འདབ་མ་ལྔ་པ་གཅིག་བསམ་མོ། །དེའི་ཤར་གྱི་འདབ་མ་ནས་བཟུང་སྟེ། གཡོན་སྐོར་གྱིས་གོ་རིམ་བཞིན་ཧཾ་ཡཾ་སྔོན་མོ་ནས་ཕཊ་ཕཊ་དུད་ཁའི་བར་ལྔ་བཀོད་ལ་རིམ་པ་བཞིན་དུ་གཤིན་རྗེ་མ་ནས་གཏུམ་མོའི་བར་ལྔའི་རང་བཞིན་དུ་བསམ་པ་དང༌། པདྨའི་ལྟེ་བར་ༀ་བཾ་དམར་པོ་དགོད་ལ་རྡོ་རྗེ་ཕག་མོར་བསམ་པར་གཞུང་གསུམ་ལས་བཤད་པས་དེ་ཙམ་ཞིག་གམ། ཡང་ན་སྔར་བཤད་པ་ལྟར་ཕག་མོ་སོགས་དྲུག་ཏུ་དཀྲོངས་བསྐྱེད་དམ་ས་བོན་ཙམ་ལས་སམ། ཆོ་ག་གསུམ་ལས་བསྐྱེད་དེ། མངོན་བརྗོད་ལས། དཀྱིལ་འཁོར་གྱི་སྐབས་སུ་པད་མ་འདབ་མ་ལྔ་པའི་ལྟེ་བ་དང་བཅས་པ་ལ། དཔའ་མོ་དྲུག་བཀོད་ནས། རྡོར་སེམས་སོགས་ཀྱི་ཡབ་ཀྱིས་འཁྱུད་པ་དང༌། ཡབ་མེད་པར་སྒོས་པ་གདམ་ང་ཅན་དུ་གསུངས་པས་དེ་གཉིས་གང་རུང་ངོ༌། །ལག་པའི་རྒྱབ་


JLD009_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡང་སྔགས་སམ། ལྷ་བཅུ་གཉིས་ཀྱི་གཟུགས་བརྙན་ཤར་བར་བསམ་པའམ། ཡང་ན་ལག་པའི་རྒྱབ་ཏུ་འཁོར་ལོ་གསུམ་གྱི་ལྷ་ཚོགས་གསལ་བར་བལྟའོ། །ལག་པའི་རྒྱབ་ནི་བོལ་གོང་ངོ༌། །དེ་ནས་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་རྣམས་རིམ་པ་བཞིན་དུ་ལྟུང་བྱེད་མ་ལ་སོགས་པ་ལྔའི་ངོ་བོར་མོས་པར་བྱའོ། །དེ་ནས་ལག་པ་ལ་གནས་པའི་ས་བོན་གྱི་ཡི་གེ་རྣམས་ལ་ཁུ་བའི་རྫས་ཀྱི་བྱུག་པར་གཞུང་བཞི་ལས་བཤད་པས། བོད་ཀྱི་བླ་མ་སྔ་མ་རྣམས་ཡི་གེ་གསུམ་བརྗོད་ཅིང༌། ལག་པ་གཡས་པས་ཁུ་བའི་རྫས་བླངས་ནས་ལག་པ་གཡོན་པའི་ཕྱི་ནང་མེད་པར་ལན་གསུམ་དུ་བྱུག་ཅིང༌། ཆང་གིས་ཀྱང་དེ་བཞིན་དུ་བྱེད་དོ། །དེ་ནས་ལག་མཐིལ་དེ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་མོས་པར་བྱས་ལ། ཁུ་བའི་རྫས་ལ་སོགས་པས་མཆོད་པར་བཤད་དེ། ཁུ་བ་ནི་ཐུག་པ་དང་ཞོ་ལ་སོགས་པ་དང་། སོགས་ཀྱིས་ནི་གོང་བུའི་རྫས་ཤ་དང་ཟན་ལ་སོགས་པས་ཀྱང་མཆོད་དེ་བྱིན་གྱིས་བརླབ་ལ་བྱའོ། །དེ་ཡང་ཡི་གེ་གསུམ་དང་རྐང་བརྒྱད་ཀྱི་སྔགས་བརྗོད་ནས་དབུལ་ལོ། །སྔ་མ་རྣམས་ཡབ་ཀྱི་གོ་ཆ་ལ་གཡས་སྐོར་དང༌། ཡུམ་གྱི་གོ་ཆ་ལ་གཡོན་སྐོར་དང༌། འཁོར་ལོའི་ལྷ་ལ་ཕྱོགས་གཡོན་དང༌། མཚམས་གཡས་སྐོར་གྱིས་ལན་གསུམ་གསུམ་དང༌། ཆང་གིས་ཀྱང་གོ་ཆའི་སྔགས་བརྗོད་དེ། དེ་བཞིན་དུ་དང༌། ལྷ་གཞན་རྣམས་ལ་རང་རང་གི་སྔགས་ཀྱིས་ལན་གསུམ་གསུམ་དབུལ་ཟེར་རོ། །དེ་ནས་


JLD009_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་མཆོད་དེ་ཞེས་པ་ནི། རིག་མ་བཅུ་དྲུག་སོགས་ཀྱིས་མཆོད་པ་ལ་སྔ་མ་རྣམས་འཆད་དོ། །དེ་ནས་ཆད་ལྷག་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་བརྗོད། ཚོགས་འཁོར་བྱེད་པ་ཡིན་ན་དེ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ། སྐབས་གཞན་ཡིན་ན་སྐབས་དང་མཐུན་པར་འདོད་དོན་ལ་གསོལ་བ་གདབ་བོ། །དེ་ནས་ལྭ་བ་པའི་འགྲེལ་པར་གསོལ་བ་བཏབ་ལ། རྫས་དེ་རྫས་གཞན་དུའམ་གཞན་དུ་ཡང་རུང་སྟེ་བཞག་ནས་ཞེས་འབྱུང་བ་ནི། རྟག་པའི་རྡོ་རྗེས་རྫས་དེས་གཞན་བྱིན་གྱིས་བརླབ་པའམ་གང་ཡང་རུང་བར་བཞག་ལ། ཞེས་བཤད་པ་ལྟར་ལེགས་ལ། དོན་ནི་ལག་པ་ལ་མཆོད་པའི་རྫས་དེ་རྣམས་ཚོགས་ཀྱི་བཟའ་བཏུང་ངམ། རང་གི་བཟའ་བཏུང་ལ་བསྲེས་ལ་བྱིན་གྱིས་བརླབ་པའམ། ཡང་ན་སྣོད་ཅིག་གི་ནང་དུ་གཞུག་ལ་བཞག་ཅེས་པའི་དོན་ནོ། །ཕྱི་མ་འདི་ལྟར་བྱས་ནས་བཞག་ན་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཡོད་པར་བླ་མ་ཁ་ཅིག་བཞེད་དོ། །དེ་ནས་ལག་པ་གཡོན་པ་ལ་གོས་པའི་རྫས་གཡོན་པའི་སྲིན་ལག་གིས་བཟུང་སྟེ། སྙིང་ཁ་དང༌། ལྕེ་དང༌། མགོ་བོར་ཧཱུཾ་ཨཱཿ ༀ་བརྗོད་པ་སྔོན་དུ་འགྲོ་བས་བྱུག་པར་བྱའོ། །དེ་ཡང་དང་པོ་ལག་པ་གཡས་པས་གཡོན་པ་ལ་འགོས་པའི་རྫས་རྣམས་བསྡུས་ཏེ། གཡོན་གྱི་ལག་མཐིལ་དུ་བཞག །དེ་ནས་དེ་གཡོན་པའི་སྲིན་ལག་གིས་བླངས་ནས་བྱེད་པར་སྔ་མ་རྣམས་འཆད་དོ། །དེ་ནས་ལག་པའི་ལྷ་ཚོགས་རྣམས་བདག་ལ་ཞུགས་པར་བསམ་མོ། །འདི་ཡང་ཐོག་མར་པད་ཀོར་བྱས་ཏེ་མགོ་བོར་བཞག་ནས། ཡོ་ག་ཤུདྡྷོ་བརྗོད་པས་


JLD009_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ནས། སྤྱི་བོ་ནས་ཞུགས་ཏེ་གོ་ཆ་ལ་ཐིམ་པས་ཤིན་ཏུ་གསལ་བར་བསམ་ཞེས་སྔ་མ་རྣམས་ཟེར་རོ། །གསུམ་པ་ནི། འདིར་ལྭ་བ་པས། ཡང་ན་ཞེས་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་དཀྱིལ་འཁོར་པ་མཆོད་པ་ཞིག་བསྟན་པ་ནི། ཚོགས་འཁོར་གྱི་སྔོན་དུ་ལག་མཆོད་མ་གྲུབ་ན་ཆོ་ག་འདི་བྱས་ནས་ཚོགས་བྱིན་གྱིས་རློབ་པ་ཡིན་ཏེ། ཆོ་ག་འདིའི་མཐར་ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་བཏབ་སྟེ། ཞེས་གསུངས་པས་སོ། །འོན་ཀྱང་སྐབས་གཞན་དུ་ཡང་ཚུལ་འདིས་དཀྱིལ་འཁོར་མཆོད་པ་ཡང་རུང་ངོ༌། །དེའི་ཚུལ་ནི་གནས་དང་ཉེ་བའི་གནས་ལ་སོགས་པའི་མིང་བརྗོད་ཅིང༌། ལག་པ་ལྷ་སྐྱེད་པའི་ཆོ་གས་དག་པར་བྱས་པའི་ལག་པ་གཡོན་པའི་མིང་མེད་ཀྱིས་བདུད་རྩིའི་སྐྱེད་ཆོག་གིས་དག་པར་བྱས་པའི་མྱོས་བྱེད་ཀྱིས་མདུན་དུ་འཁོར་ལོ་གྲུ་གསུམ་པ་གཉིས་བྱུག་ཅིང༌། དེའི་དབུས་སུ་དཀྱིལ་འཁོར་ཟླུམ་པོ་གཅིག་བྱ། དེར་རང་གི་སྙིང་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསམ་པར་བྱའོ། །དེ་ལ་གྲུ་གསུམ་བྱེད་ཚུལ་ནི་གྲུ་གསུམ་བསྣོལ་མར་བཏང་བ་ཡིན་ཏེ། རྟག་པའི་རྡོ་རྗེས། རྩིབས་དྲུག་འཁོར་ལོ་ལ་གནས་པའི་ཞེས་ཟུར་དྲུག་པར་བཤད་པས་སོ། །དེ་ལ་འཁོར་ལོ་ཞེས་གསུངས་ཀྱང་དོན་ནི་ཆོས་འབྱུང་ངོ༌། །དེ་ནི་ཨེ་ཡིག་གི་དོན་དང༌། དེའི་དབུས་ཀྱི་ཟླུམ་པོ་ནི་བཾ་ཡིག་གི་དོན་དང༌། དང་པོ་ལ་ནི་མཆོད་ཏུ་དགའ་བ་ལྷན་སྐྱེས་ཀྱི་བདེ་བ་སྐྱེས་པའི་གཟུགས་ཅད།


JLD009_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མའི་ལུས་ལ་བརྟེན་པའི་སྐྱེ་གནས་ཀྱི་གཟུགས་ཅན་གྱི་ཆོས་འབྱུང་གཅིག་དང་། དེ་ལ་བརྟེན་ནས་བྱུང་བའི་བདེ་བས་རྣམ་ཐར་གསུམ་གྱི་སྟོང་ཉིད་རྟོགས་པའི་ཡུལ་སྟོང་པ་ཉིད་མཚོན་པའི་ཆོས་འབྱུང་གྲུ་གསུམ་པ་གཅིག་སྟེ་གཉིས་སོ། །དེ་ཡང་གསང་བ་གྲུབ་པ་ལས། མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །སེམས་ཅན་ཀུན་གྱི་བདེ་འབྱུང་བྱེད། །རྣམ་དག་ཤེས་རབ་ལུས་ལ་འབྱུང་། །སངས་རྒྱས་ཀུན་གྱི་གནས་ཞི་བ། །ལྷ་རྫས་ཆོས་འབྱུང་མི་འགྱུར་པ། །སངས་རྒྱས་དེ་ནི་བདག་གིས་བསྟེན། །ཨེ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་འབྱུང་གནས་པ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །རྒྱུད་ཀྱི་དང་པོར་གང་གནས་པ། །དེ་ཕྱིར་དེ་ནི་བཤད་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ན་ཆོས་འབྱུང་གཅིག་གི་གནས་ལ་བརྟེན་ནས་བྱུང་བའི་བཾ་ཟླུམ་པོས་མཚོན་པའི་བདེ་ཆེན་གྱིས་ཆོས་འབྱུང་གཉིས་པའི་དོན་རྟོགས་པ་མཚོན་ལ། དེ་འདྲ་བའི་ཆོས་འབྱུང་དང་། དབུས་ཀྱི་ཟླུམ་པོའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཀུན་ཚུད་པ་ནི། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་དེས་སྤྲུལ་བའི་རྣམ་འཕྲུལ་ཡིན་པས། ཡོན་ཏན་ཐམས་ཅད་དེའི་ནང་དུ་འདུས་པར་གོ་བའི་ཆེད་ཡིན་ཏེ། གསང་བ་གྲུབ་པ་ལས། ཆོས་འབྱུང་མི་འགྱུར་ཞི་བ་ཉིད། །ཤེས་རབ་རང་གི་དངོས་དེ་སྲིད། །ཀུན་ཏུ་ལྷ་རྫས་ཡེ་ཤེས་ཀྱིས། །སྤྲོས་པ་མེད་ཅིང་དག་པ་ལས། །འདི་དག་ཐམས་ཅད་རྣམ་པར་སྤྲུལ། །མཆོག་ཏུ་ཤེས་ཤིང་རྣམ་དག་གང་། །སངས་རྒྱས་ཀུན་གྱིས་


JLD009_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྱས་པ། །བརྗོད་མིན་ཀུན་ལ་ཁྱབ་པའི་གནས། །ཐམས་ཅད་དེ་ཡི་རྣམ་འཕྲུལ་ཡིན། ཞེས་གསུངས་པ་འདིའི་གནད་ཤེས་ནས་དཀྱིལ་འཁོར་སྔར་ལྟར་བསྒྲུབས་ནས་མཆོད་པ་ནི། དེ་འདྲ་བའི་གོ་བ་མེད་པར་དཀྱིལ་འཁོར་མཆོད་པ་ལས། ཆེས་མཆོག་ཏུ་གྱུར་པ་ཡིན་པས། ཆོས་འབྱུང་གི་ནང་དུ་དཀྱིལ་འཁོར་སྒོམ་པ་རྣམས་ཀྱི་ངེས་དོན་ཡང་དེ་ལྟར་ཤེས་པར་གྱིས་ཤིག །དེ་ནས་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པ་ནི། གཏོར་མ་བྱིན་གྱིས་བརླབ་པ་བཞིན་དུ་བདུད་རྩི་ལྔ་ལ་སོགས་པའི་ཚུལ་དུ་རྫོགས་པར་བྱས་པའི་བཟའ་བཏུང་སོགས་ཡི་གེ་གསུམ་དང་རྐང་བརྒྱད་ཀྱི་སྔགས་ཀྱིས་ཕུལ་ནས། ཐོད་པ་ན་གནས་པའི་མྱོས་བྱེད་བདུད་རྩིར་བྱས་པ་ཡང་མཐེ་བོང་དང༌། སྲིན་ལག་གིས་བླངས་ནས་གཙོ་བོ་ཡབ་ཡུམ་ལ་རང་རང་གི་སྙིང་པོ་དང༌། ཉེ་སྙིང་གིས་དང༌། ལྷ་ལྷག་མ་རྣམས་ལ་རང་རང་གི་སྔགས་ཀྱིས་ཕུལ་ཏེ། མཉེས་པར་བྱ་བར་བཤད་ལ། བོད་ཀྱི་བླ་མ་རྣམས་དངོས་བརྒྱུད་ཀྱི་བླ་མའི་མཚན་དང༌། ལྷའི་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་ནས་འབུལ་བ་དང༌། འཇིག་རྟེན་པ་གཞན་ལའང་འབུལ་བར་འདོད་དོ། །ཕྱི་རོལ་མཆོད་པའི་སྐབས་སུ་བདུད་རྩི་ལྔའི་མཆོད་པ་བྱེད་པར་བཤད་པའི་དུས་སུ་ཡང་མྱོས་བྱེད་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ནས་ཡང་དག་པར་མཆོད་པར་གསུངས་པ་ནི། རིག་མ་བཅུ་དྲུག་སོགས་སྔར་ཕྱི་རོལ་མཆོད་པའི་སྐབས་སུ་བཤད་པ་ལྟར་བྱའོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་པ་ནས་བདག་


JLD009_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཞུགས་པའི་བར་ནི། ཕྱི་རོལ་མཆོད་པའི་སྐབས་སུ་བཤད་ཟིན་པ་ལྟར་བྱའོ། །དེ་ནས་ས་དེ་ལ་གནས་པའི་མྱོས་བྱེད་གཡོན་པའི་སྲིན་ལག་གིས་བླངས་ཏེ། ཧཱུཾ་ཨཱཿ ༀ་གྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས། སྙིང་ཁ་དང༌། ལྟེ་བ་དང༌། མགོ་བོ་རྣམས་སུ་བྱུག་པར་བྱའོ། །དེ་ནས་ལག་པ་གཡོན་པ་ལ་གནས་པའི་ལྷའི་འཁོར་ལོ་ཡང་བདག་ཉིད་ལ་ཞུགས་པར་བལྟ་བར་བྱའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་དག་པར་བྱས་ཏེ། ཐུན་བཞིའི་རྣལ་འབྱོར་ལ་གནས་པའི་སྐབས་ནས་ཐུན་གྱི་བར་དུ་མཆོད་ཚུལ་གསུམ་པོ་དེས་མཆོད་པའི་དུས་ཁྱད་པར་བ་ནི། ཀུན་སྤྱོད་ལས། དགུན་འབྲིང་ལ་སོགས་ཟླ་བ་ཡི། །ཚེས་བཅུ་ལ་ནི་གུས་པས་མཆོད། ཅེས་གསུངས་པ་ལྟར་ཟླ་བ་རེ་རེའི་ཡར་མར་གྱི་ཚེས་བཅུ་གཉིས་དང༌། ཁྱད་པར་དུ་རྒྱལ་གྱི་ཟླ་བའི་ཚེས་བཅུ་གཉིས་ཡིན་པས་དུས་རྒྱུན་པ་དང་ཁྱད་པར་བ་རྣམས་ལ། བཅོམ་ལྡན་འདས་ཧེ་རུ་ཀའི་དཀྱིལ་འཁོར་པ་མཆོད་པ་ལ་བརྩོན་པར་བྱས་ན་སྐྱེ་བ་ཐམས་ཅད་དུ་དཔལ་ཧེ་རུ་ཀ་དང་རྗེ་བཙུན་མས་རྗེས་སུ་གཟུང་ནས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །གསུམ་པ་འཇུག་གི་དོན་ནི། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་དཔལ་ལཱུ་ཨི་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་ནི་མཛད་པ་དེ་མཐར་ཕྱིན་པའོ། །གཞུང་འདི་གང་གིས་བསྒྱུར་བ་ནི། རྒྱ་གར་གྱི་མཁན་པོ་དཔལ་སུམ་ཏི་ཀཱི་རྟི་བློ་བཟང་གྲགས་པའི་


JLD009_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔ་ནས་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག །གསང་མཚན་འཇམ་པའི་རྡོ་རྗེ་ཞེས་པའི་ཡུལ་དབུས་མ་ག་དྷའི་དཔེ་དང་སྦྱར་ནས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང༌། ཚིག་དོན་ལ་ཞུས་དག་བྱས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པའོ།། །།རྒྱལ་བའི་གསུང་རབ་ཀུན་གྱི་མཐར་སོན་པ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པ་ཡི། །རྣལ་འབྱོར་མ་རྒྱུད་ཀུན་གྱི་གཙོ་བོ་ནི། །འཁོར་ལོ་སྡོམ་པའི་རྒྱུད་ཅེས་བྱ་བར་གྲགས། །ཤིན་ཏུ་རྟོགས་དཀའི་རྒྱུད་དེ་ལས་བཏུས་ནས། །སྐལ་བཟང་རྣམས་ཀྱི་འཇུག་ངོགས་མཆོག་མཛད་པ། །གཞུང་ཉུང་དོན་རྒྱས་གནད་ཀུན་ལེགས་འདུས་པ། །རྣལ་འབྱོར་དབང་ཕྱུག་ལཱུ་ཨི་པ་ཡི་གཞུང༌། །འཁོར་ལོ་སྡོམ་པའི་རྩ་བཤད་རྒྱུད་ཀུན་དང༌། །རྒྱ་གར་མཁས་པས་མཛད་པའི་བདེ་མཆོག་གཞུང༌། །ཀུན་ལ་རིང་དུ་འདྲིས་པར་བྱས་པ་དང༌། །དམ་པ་སྔ་མ་རྣམས་ལས་ལེགས་འོངས་པའི། །བརྒྱུད་པ་སོ་སོའི་མན་ངག་དང་ལྡན་པར། །གོ་སླའི་ངག་གིས་གསལ་བར་བཤད་པ་འདི། །ལམ་འདི་ཆེས་ཆེར་ཉམས་པ་གསོ་ཕྱིར་དང༌། །བདག་ཀྱང་ཚེ་རབས་ཀུན་ཏུ་འདི་འདྲ་བའི། །ལམ་བཟང་རྣམས་དང་མི་འབྲལ་བྱ་ཕྱིར་དང༌། །ལོག་པར་བཤད་པའི་དྲི་མ་བསལ་བའི་ཆེད། །དེ་ཕྱིར་བདག་ལ་གནས་གསུམ་མཁའ་འགྲོ་མས། །བརྩེ་བ་ཆེན་པོས་བཟོད་པ་མཛད་དུ་གསོལ། །འདི་ན་ཡང་དག་པ་དང་ལྟར་སྣང་གི །བཤད་པ་ཇི་བཞིན་ཕྱེད་པ་ཆེས་དཀོན་ཞིང༌། །


JLD009_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རྡོ་རྗེ་ཐེག་པའི་གཞུང་ཀུན་ལ། །རྣམ་གཞག་ཆགས་པ་ཤིན་ཏུ་ཉུང་བས་ན། །ལེགས་བཤད་འདི་ལའང་ཆོས་ཀྱི་རྗེས་འབྲངས་ནས། །ངེས་པ་རྙེད་པ་དཀའ་བར་སྣང་ནའང༌། །མཁས་པ་རིང་དུ་བསྟེན་པའི་དཔྱོད་ལྡན་གྱིས། །ལེགས་པར་བཤད་ན་དགའ་བ་རྒྱས་པར་འགྱུར། །ལུང་དང་མན་ངག་རིགས་ལམ་ཕྲ་མོ་ཡིས། །རྣམ་པར་དཔྱད་ནས་བཞག་པ་ཡིན་མོད་ཀྱང༌། །ཚུ་རོལ་མཐོང་བའི་བྱིས་བློ་མ་གསལ་བས། །ནོངས་པར་གང་གྱུར་དམ་པའི་སྦྱན་སྔར་བཤགས། །རྣམ་དག་བསམ་པས་འབད་པ་ཆེན་པོ་ཡིས། །ཚུལ་འདི་བསྒྲུབས་པས་བསོད་ནམས་གང་ཐོབ་པ། །དེས་ནི་མར་གྱུར་འགྲོ་བ་མཐའ་དག་རྣམས། །བླ་མེད་ཐེག་པའི་ལམ་འདིར་འཇུག་པར་ཤོག །འཁོར་བར་འཁོར་བའི་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་ཧེ་རུ་ཀ་དང་རྗེ་བཙུན་མས། །མ་ལྟར་བརྩེ་བ་ཆེན་པོས་རྗེས་གཟུང་ནས། །ཡང་དག་ལམ་འདི་གེགས་མེད་མཐར་ཕྱིན་ཤོག །ཅེས་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པས་མཛད་པའི་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་རྒྱ་ཆེར་བཤད་པ་འདོད་པ་འཇོ་བ་ཞེས་བྱ་བ་འདི་ནི། མདོ་དང་སྔགས་ཀྱི་སྡེ་སྣོད་འཛིན་པ། ལམ་འདི་ཉིད་ཉམས་སུ་ལེན་པ་ལ་མོས་པ་མང་པོས་སྒྲུབ་ཐབས་ཀྱི་འགྲེལ་པ་ཤིན་ཏུ་རྒྱས་པ་ཞིག་གྱིས་ཞེས་ནན་ཏན་གྱིས་བསྐུལ་བའི་དོན་དུ་བདེ་མཆོག་གི་རྩ་བ་དང༌། བཤད་པའི་རྒྱུད་ཀུན་དང༌། དེ་དག་གི་འགྲེལ་པ་རྣམས་དང༌། གཞུང་འདིའི་འགྲེལ་པ་དྲུག་དང༌། སྒྲུབ་ཐབས་ཀྱི་རྒྱ་གཞུང་གཞན་


JLD009_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལའང་རིང་དུ་འདྲིས་པར་བྱས་ཤིང༌། བོད་ཀྱི་བདེ་མཆོག་གི་བཤད་སྲོལ་སོ་སོ་བ་ཡང་མང་དུ་བལྟས་ནས་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ།། །།མངྒ་ལཾ། །


previousཤོག་ལྷེབ་ ༥༠༡ ནས་ ༥༩༥ བར།next