Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  expand section
   
དཔལ་མངོན་པར་རྟོགས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ།
   
   
   
   


 
previousདཔལ་མངོན་པར་རྟོགས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ།next

དཔལ་མངོན་པར་རྟོགས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ།


JLD009_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མངོན་པར་རྟོགས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ་བཞུགས་སོ། །


JLD009_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མན་ངག་ཇི་ལྟ་བ་བཞིན་དུ། སྒྲུབ་ཐབས་བཤད་ནས་སྒྲུབ་ཐབས་འདི་ཁོ་ན་བསྐྱེད་པ་དང༌། རྫོགས་པའི་རིམ་པས་མན་ངག་ཇི་ལྟ་བ་བཞིན་དུ་རྣམ་པར་འབྱེད་དེ་དེ་ལ་ཤིན་ཏུ་རྣལ་འབྱོར་གྱི་མཐའི་བར་ནི་བསྐྱེད་པའི་རིམ་པའོ། །རྣལ་འབྱོར་ཆེན་པོ་ནི་རྫོགས་པའི་རིམ་པ་སྟེ། བསྐྱེད་པ་དང་རྫོགས་རིམ་འདི་གཉིས་ནི། རིགས་པས་བསྒྲུབ་པའི་ཡན་ལག་དྲུག་གི་གོ་རིམ་ཁོ་ནས་བསམ་གཏན་བྱའོ། །གཞན་དུ་ན་ཡང་དག་པའི་སྒྲུབ་པ་ཐོབ་པར་མི་འགྱུར་རོ། །དེ་བཞིན་དུ་གསུངས་པའང་དཔལ་གསང་བ་འདུས་པ་རྒྱུད་ཕྱི་མ་ལས། བསྙེན་དང་ཡན་ལག་དྲུག་སྦྱོར་བས། །གྲུབ་པའི་མཆོག་ནི་བྱས་ནས་སུ། །བསྒྲུབ་པར་བྱའོ་གཞན་དུ་ན། །གྲུབ་པའི་མཆོག་ནི་མི་ཐོབ་བོ། ཞེས་སོ། །སོ་སོར་


JLD009_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། ཅེས་བྱ་བ་དེ་ལ་མིག་ལ་སོགས་པའི་འབྲེལ་པ་ཅན། རྣམ་པར་ཤེས་པ་ལྔ་རྣམས་གཟུགས་ལ་སོགས་པའི་ཡུལ་རྣམས་ལས་སོ་སོར་སྡུད་པ་ནི་བཀུག་ནས་ཡང་དག་པར་དུལ་བར་བྱེད་པ་གང་དེ་སོ་སོར་སྡུད་པའོ། །ཡང་ན་ལྷ་ཉིད་ཀྱི་ཚུལ་དུ་ཡུལ་བཟུང་བ་ནི་སོ་སོར་སྡུད་པའོ། །བསམ་གཏན་སོ་སོར་སྡུད་པའི་གོ་རིམས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལྷ་ཉིད་དུ་སྒོམ་པའོ། །དེའང་རྣམ་པར་རྟོག་པ། རྣམ་པར་དཔྱོད་པ་དགའ་བ་བདེ་བ་སེམས་རྩེ་གཅིག་པའི་དབྱེ་བས་རྣམ་པ་ལྔའོ། །དེ་ལ་སྣོད་དང་བཅུད་ཀྱི་དཀྱིལ་འཁོར་དང་བཅས་པ། བཅོམ་ལྡན་འདས་དཔལ་སྡོམ་པའི་ཡོངས་


JLD009_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྟག་པ་ཉིད་ནི་རྣམ་པར་རྟོག་པ་སྟེ། དེ་ཁོ་ན་ལ་བརྟན་པ་ཉིད་ཀྱིས་ངེས་པ་ནི་རྣམ་པར་དཔྱོད་པའོ། །རྣམ་པར་དཔྱོད་པས་དེ་དང་དེའི་ལྷ་ཉིད་དུ་དམིགས་པས། ཡིད་བདེ་བ་དེ་ནི་དགའ་བའོ། །དགའ་བས་བསྒོམས་པའི་ལྷ་ལ་སིམ་པ་དང་བཅས་པའི་སེམས་གང་ཡིན་པ་དེ་ནི་བདེ་བའོ། །བདེ་བ་དང་ལྡན་པའི་སེམས་ཏེང་ངེ་འཛིན་དུ་གྱུར་པའི་ཕྱིར། རྣམ་པ་སྣ་ཚོགས་པ་ལོག་པའི་ཀུན་རྫོབ་ཀྱི་ཡུལ་ཅན་གྱི་མི་ཤེས་པའི་སྐྱེ་བ་ཟད་པས་འདོད་པའི་ལྷ་ཁོ་ན་ལ་དམིགས་པའི་སེམས་ནི་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་བསམ་གཏན་ཡན་ལག་ལྔའོ། །དེ་ལྟར་སྔ་དྲོའི་ཐུན་མཚམས་ལ་ཇི་ལྟར་གསུངས་པར་གོ་རིམས་ཀྱིས་དཀྱིལ་འཁོར་འཁོར་ལོ་བསྒོམས་ནས་ནི་ཉི་མའི་གུང་ཐུན་ལའང་སྐད་ཅིག་ཏུ་དེ་ཁོ་ན་བཞིན་དུ། དཀྱིལ་འཁོར་འཁོར་ལོ་དམིགས་ནས་སོ་སོར་སྡུད་པ་དང་བསམ་གཏན་དག་གི་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་མངོན་པར་ཕྱོགས་པར་བྱེད་ཅིང་བསམ་གཏན་བྱའོ། །དེའི་རྗེས་ལ་ཐུན་མཚམས་ཀྱི་དུས་སུ་དངོས་སུའམ་མོས་པས་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ། ཐོད་པ་ཁ་ཊྭཱཾ་ག་ཌཱ་མ་རུ་འཛིན་པ། སངས་རྒྱས་ཐོད་པ་ཅན་གྱི་བརྟུལ་ཞུགས་སྒྲུབ་པ་པོས་དཀྱིལ་འཁོར་ཁོ་ན་བསྒོམ་ཞིང་བསྐོར་བ་དང༌། བཟའ་བ་ལ་སོགས་པའི་ལས་བྱའོ། །ཡང་གསུངས་པ་ཐུན་གསུམ་དུ་བྱིན་གྱིས་བརླབས་པའི་སྒོམ་པ་རྣམ་པར་བསྒོམ་པ་ནས་ལངས་ཏེ་ལྷའི་གཟུགས་སུ་བཞག་གོ །དོན་འདི་ཁོ་ན་ལ་དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་ལེའུ་སོ་དགུ་པ་ལས། ཧེ་རུ་ཀ་དཔལ་ཚུལ་གྱིས་ནི། །ཁ་ཊྭཱཾ་ག་སོགས་སྒོམ་རྣམས་ཀྱིས། །ཐོད་པ་གཡོན་པའི་ཕྱག་གིས་ཏེ། །


JLD009_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ལྡན་པས་སྤྱོད་པ་སྤྱད། ཅེས་སོ། །ཁྱད་པར་དུ་ལས་ཁ་ཚར་གྱི་དོན་དུ་ཤིང་སྡོང་ལ་སོགས་པ་བཙུགས་པ་ན་ཚུལ་དེ་ཁོ་ནས་གཏོར་མ་སྦྱིན་པ་དང༌། བསྲུང་བ་ཞག་རེ་རེ་ལ་བྱའོ། ཞེས་པའི་ངག་གིས་སྒྲུབ་ཐབས་ཀྱི་བང་མཛོད་ཅེས་བྱ་བའི་ཊཱིཀྐ་ལས་ཀྱང་གསུངས་པ། ཁ་ཊྭཱཾ་ག་སོགས་སྒོམ་རྣམས་ཀྱིས། ཞེས་བྱ་བ་ནི། སོགས་པའི་སྒྲས་ཌཱ་མ་རུའོ། །ཆུས་བྲན་པ་ལ་སོགས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། སྐོར་བ་དང་བཟའ་བ་ལ་སོགས་པའི་ལས་ཐམས་ཅད་ལ་ཚུལ་འདི་ལྟར་བྱའོ། །བྱེ་བྲག་ཏུ་ཕྱག་མཚན་གསུམ་པའི་ནང་ནས་དམ་ཚིག་གི་དབང་གིས་གང་ཉེ་བར་སྦྱོར་བ་དེ་འདོད་པ་ལྟར་གཟུང་བར་བྱའོ། །འགའ་ཞིག་ཏུ་རྡོ་རྗེ་དང་དྲིལ་བུའང་བཟུང་སྟེ་རྟག་ཏུ་འདི་བཟུང་གི་ངེས་པར་མི་བྱེད། དེ་ལྟར་སངས་རྒྱས་ཐོད་པའི་བརྟུལ་ཞུགས་འཛིན་པ། ཕྱག་བཅུ་གཉིས་པ་ལ་སོགས་པའི་དཔལ་སྡོམ་པ་ལ་སོགས་པའི་ཏིང་ངེ་འཛིན་དངོས་སུ་བྱ་བའི་གོ་རིམ་གྱིས་འཇིག་རྟེན་གསུམ་གྱི་ཁོངས་སུ་ཆུད་པའི་སྒྲུབ་པ་དང་ཡོངས་སུ་མཐར་ཐུག་པ་ལ་ཕྱག་རྒྱ་ཆེན་པོའི་སྒྲུབ་པའང་བསྒྲུབ་པར་བྱའོ། །འདིའང་ཐོད་པ་འཆང་བའི་བརྟུལ་ཞུགས་ནི། རྣལ་འབྱོར་མའི་རྒྱུད་དུ་དབང་བསྐུར་བའི་དུས་ཁོ་ནར་སྦྱིན་པར་བྱ་སྟེ། སྒྲུབ་པ་པོས་འདི་ཁོ་ན་མཚན་སུམ་ཅུ་རྩ་གཉིས་པ་ལ་སོགས་པའི་ཚུལ་གྱིས་སྟོང་པ་ཉིད་ལ་ལྡང་ཞེས་པ་འདི་ལ་ཐེ་ཚོམ་མི་བྱའོ། །འདི་ལའང་སྔ་དྲོའི་ཐུན་ནས་མཚན་མོའི་ཕྱེད་ཀྱི་ཐུན་གྱི་བར་དུ་ལྷ་ཁོ་ན་བསྒོམ་ཞིང་གནས་པར་བྱའོ། །དེ་ནས་སྟོང་པ་ཉིད་


JLD009_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ་སྟེ། དེ་ལ་གསུང་རབ་ལས་གྲུབ་པའི་མན་ངག་འདི་ལྟ་སྟེ། ལྟེ་བར་འཁོར་ལོར་ཟླ་བའི་དཀྱིལ་འཁོར་ལ། ཇི་ལྟར་གསུངས་པའི་ཧཱུཾ་ཡིག་དབུས་སུ་གནས་པའི་ཨཱ་ལི་ཀཱ་ལིའི་སྦྱོར་བ་སྐད་ཅིག་ཏུ་མོས་ནས་དེ་དང་དེའི་ཡི་གེ་དང་བཅས་པའི་འོད་ཟེར་རྣམས་སྤྲོ་བར་བྱའོ། །འོད་ཟེར་དེའི་ངེས་པར་འབྱེད་པས་བཻ་དམ་པ་ལ་སོགས་པ་ཐམས་ཅད་སྣོད་དང་བཅུད་ཀྱི་དཀྱིལ་འཁོར་འོད་ཀྱི་རང་བཞིན་དུ་བྱས་ནས། ཨཱ་ལི་ཀཱ་ལིའི་སྦྱོར་བ་དེ་ཁོ་ན་ལ་རབ་ཏུ་ཞུགས་པར་བྱའོ། །ཡང་དེ་བཞིན་དུ་འོད་ཟེར་རྣམ་པར་སྤྲོས་པས་འོད་ཟེར་དེའི་ངེས་པར་དབྱེད་པས་བཅོམ་ལྡན་འདས་མ་དང་བཅས་པའི་བཅོམ་ལྡན་འདས་འོད་ཟེར་གྱི་རང་བཞིན་དུ་བྱས་ནས་ཡང་དེ་ཁོ་ན་བཞིན་དུ་རབ་ཏུ་འཇུག་པར་བྱའོ། །དེ་ཁོ་ན་བཞིན་དུ་ཡང་འོད་ཟེར་རྣམས་སྤྲོས་ནས་དེའི་འོད་ཟེར་གྱི་ངེས་པར་འབྱེད་པས། ཟླ་བའི་དཀྱིལ་འཁོར་ཧཱུཾ་ཡིག་དང་ཨཱ་ལི་ཀཱ་ལིའི་སྦྱོར་བ་འོད་ཀྱི་རང་བཞིན་དུ་བྱས་ནས། ཇི་ལྟར་དབུགས་རླུང་མེ་ལོང་ལ། །ཀུན་ནས་སིམ་པར་འགྲོ་བ་ཡི། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །སྐད་ཅིག་རེ་རེར་རབ་ཏུ་འཇུག །ཅེས་འདི་ལྟར་འོད་གསལ་ལ་མངོན་དུ་ཕྱོགས་པར་བྱས་ནས་གལ་ཏེ་ངལ་བསོ་བའི་བློས་ཉལ་བར་འདོད་ན་དེའི་ཚེ་འདིའི་དམིགས་པ་ཁོ་ནས་ཉལ་བར་བྱའོ། །དེ་ནས་མ་བཅོས་པའི་རང་བཞིན་ཁོ་ནས་སྒྲུབ་པ་པོས་འོད་གསལ་གྱི་རྣམ་པར་དག་པ་ལས། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པར་ཐོད་པ་ཁ་ཊྭཱཾ་ག་ཌཱ་མ་རུ་བསྣམས་པ་ཉིད་ཀྱིས་རྡོ་རྗེ་ཐོད་ལྡན་གྱི་བརྟུལ་ཞུགས་འཆང་བ་ཁོ་ན་ཞལ་གཅིག་ཕྱག་གཉིས་པའི་དཔལ་བདེ་མཆོག་གི་མོས་པ་བསལ་བ་ལས་


JLD009_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ལ། སྔ་དྲོའི་ཐུན་པ་སྔར་བཞིན་དུ་སོ་སོར་སྡུད་པའི་རིམ་པས་སྒྲུབ་ཐབས་ཡན་ལག་དང་བཅས་པ་བསྒོམ་པར་བྱའོ། །དེ་བཞིན་དུ་རིམ་པས་དང་པོ་དང་བཅས་པ། བར་མ་ཆད་པར་ཡུན་རིང་པོར་སྒོམ་པ་དང་མ་བྲལ་བའི་སྒྲུབ་པོ་ལ་དཔལ་བདེ་མཆོག་ལ་སོགས་པ་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱིས་རབ་ཏུ་འབད་པས་བདག་ཉིད་ཉེ་བར་སྟོན་པར་བྱེད་དེ། འདིར་ཡང་མངོན་སུམ་དུ་མཐོང་བ་དེ་རྣམས་ཀྱིས་ཀྱང་འདི་ལ་རྗེས་སུ་འཛིན་ཏོ་ཞེས་བྱ་བ་བསྐྱེད་པའི་རིམ་པའོ། །སྲོག་རྩོལ་བ་ལ་སོགས་པའི་རིམ་པས་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། དེ་ལ་རིམ་པ་འདི་ལྟ་སྟེ། མེ་ལོང་ལྟ་བུ་མཉམ་པ་ཉིད་སོ་སོར་རྟོག་པ། བྱ་བ་སྒྲུབ་པ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཤེས་བྱའི་ཡེ་ཤེས་ལྔའི་རྒྱུ་ཉིད་ཡིན་པས་ཡེ་ཤེས་ལྔའི་རང་བཞིན་མེ་རླུང་དབང་ཆེན་ཆུ་ནམ་མཁའི་རང་བཞིན་ཉིད་ཡིན་པས་འབྱུང་པ་ལྔའི་བདག་ཉིད་ཅན། སྲོག་རླུང་ཐུར་དུ་རྒྱུ་བར་བྱས་ནས་ཡུངས་འབྲུའི་ཚད་ཙམ་ཞིག་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འགྲེལ་པའི་ཚུལ་གྱིས་རྡོ་རྗེའི་སྣའི་རྩེ་མོར་ཕབ་ནས་གོང་དུ་གསུངས་པའི་སོ་སོར་སྡུད་པ་དང་ཡན་ལག་ལྔའི་བསམ་གཏན་གྱི་རིམ་པས་བསམ་པར་བྱའོ། །འདིའང་ཐིག་ལེའི་སྦྱོར་པ་སྟེ། སྲོག་རྣམས་ཕྱི་རོལ་ཏུ་འགྲོ་བ་ལྡོག་པའི་དོན་དུ་དེ་བས་ན་དེའི་རྒྱུ་ཉིད་ཀྱིས་གསང་བ་འདུས་པ་ཕྱི་མའི་རྒྱུད་ལས་སྲོག་རྩོལ་ཞེས་བྱ་བར་བརྗོད་དོ། །འདིའང་ཉེ་བར་མཚོན་པ་ཙམ་སྟེ། ལྟེ་བར་ཕྲ་བའི་ཨཱ་ལི་ཀཱ་ལིའི་སྦྱོར་བའམ་ཐུགས་ལ་སོགས་པ་ལ་ཐིག་ལེ་ལ་སོགས་པའི་སྦྱོར་བའི་བསམ་གཏན་གང་དེའང་སྲོག་འཐོན་པ་


JLD009_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པའི་དོན་ཉིད་ཀྱིས་སྲོག་རྩོལ་ཞེས་བརྗོད་དོ། །བྱེ་བྲག་ཏུ་བསམ་གཏན་འདི་ལྟ་བུའི་སྟོབས་ཀྱིས་རོ་མ་དང་རྐྱང་མ་དག་གི་རྒྱུ་བ་ལས་ལྡོག་ནས་དབུ་མར་སྲོག་རླུང་གི་རྩོལ་བ་ནི་རབ་ཏུ་རྒྱུ་སྟེ། འདིའང་སྲོག་རྩོལ་ཞེས་བརྗོད་དོ། །དེ་ནས་ཐུགས་ཀར་ཉི་མ་མེད་པའི་ཧཱུཾ་ཡིག་རྐྱང་པ་བསྒོམས་ནས་དེའི་ཐིག་ལེ་ལ་སྲོག་རབ་ཏུ་འཇུག་པའི་སྒོ་ནས་གཟུང་བ་དང་འཛིན་པ་སྲོག་རྩོལ་དང་བཅས་པ་ཉམས་ན་དེ་ཁོ་ནའི་ཕྱིར་སྟོང་པ་ཉིད་ཁོ་ནར་གནས་པ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཞི་བ་སྣང་དམིགས་ཡོད་པ་ཙམ་པོ་སེམས་རིན་པོ་ཆེ་ནམ་མཁའ་དང་མཉམ་པའི་འོད་གསལ་ཉིད་དུ་གྱུར་པ་ལས་གང་སྲོག་རླུང་བརྟན་པར་གྱུར་པ་དེ་འཛིན་པའོ། །འདིའང་ཉེ་བར་མཚོན་པ་ཙམ་སྟེ། ལྟེ་བའི་རྩ་བར་གནས་པ་ཕྲ་བའི་ཨཱ་ལི་ཀཱ་ལིའི་སྦྱོར་བའམ། རྡོ་རྗེའི་སྣའི་རྩེ་མོ་ལ་སྒོམ་པའི་ཐིག་ལེའི་སྦྱོར་བའམ། གཏུམ་མོ་ལ་སོགས་པའི་སྦྱོར་བ་གང་ཡང་རུང་བའམ། གསུངས་མ་ཐག་པའི་རིམ་པས་གང་སྲོག་རླུང་བརྟན་པར་གྱུར་པ་དེའང་འཛིན་པའོ། །འཛིན་པ་འདིའི་མཇུག་ཐོགས་སུ་བར་མ་ཆད་པར་སྨིག་རྒྱུ་དུ་བ་སྲིད་བུ་མེ་ཁྱེར་མར་མེ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་རྟགས་ལྔ་མཐོང་བར་འགྱུར་རོ། །དེ་ནས་སྲོད་རྩོལ་དང་ལྷན་ཅིག་ཏུ་འོད་གསལ་བའི་རང་བཞིན་ཉིད་ཀྱིས་གང་གི་ཚེ་སེམས་བརྟན་པར་གྱུར་པ་དེའི་ཚེ་སྨོན་ལམ་གྱིས་བར་ཏུ་འབྱེད་པའི་མཐུས་དང་པོ་སྒོམ་པའི་ལྷ་ལ་རྗེས་སུ་དྲན་པ་འབྱུང་བ་དེ་ལའང་བསྒོམས་པའི་ཨཱ་ལི་ཀཱ་ལི་ལ་སོགས་པའི་ཕྲ་བའི་སྦྱོར་བ་ལས་སྒོམ་པ་པོས་འོད་ཟེར་སྤྲོ་བར་བྱས་པ་འདི་ནི་རྗེས་སུ་དྲན་པའོ། །འོད་དེ་དང་བཅས་པ་བ་སྤུའི་བུ་ག་རེ་རེ་རྣམས་ཀྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་


JLD009_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། ལྷའི་རང་བཞིན་སྤྲོས་པ་ནི་རྗེས་སུ་དྲན་པ་ཞེས་བྱ་བ་ནི་དགོངས་པ་ཅན་ཡིན་ནོ། །དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས། བརྟན་པས་རིན་ཆེན་སྤྲོ་བར་བྱེད། །མི་བརྟན་པས་ནི་སྤྲོ་མི་བྱ། །རབ་མཆོག་སྤྲིན་རྣམས་ཀྱིས་སྤྲོ་བྱ། །སངས་རྒྱས་ཡེ་ཤེས་མཉམ་འོད་ཀྱིས། ཞེས་བྱའོ། །དེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རང་བཞིན་གྱིས་སྤྲོས་པའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ལྷ་རྣམས་འོད་ཀྱི་རང་བཞིན་དུ་བྱས་ནས་འོད་ཟེར་རྣམས་ཀྱང༌། གསུངས་པའི་སྦྱོར་བ་རྣམས་ལས་རྒྱུད་ཐ་དད་པའི་ཕྱིར་སྒྲུབ་ཐབས་མི་གཅིག་པས་སྒོམ་པའི་གང་ཡང་རུང་བའི་ཕྲ་བའི་སྦྱོར་བ་ལ་སྟོང་པ་དང༌། སྙིང་རྗེ་དབྱེར་མི་ཕྱེད་པའི་རང་བཞིན་ལ་འགྲིལ་བའི་ཚུལ་དུ་བསྡུས་ནས། སྐད་ཅིག་གིས་རང་རིག་པའི་ཡེ་ཤེས་འབྱུང་བ་ནི་ཏིང་ངེ་འཛིན་ཏོ། །འདི་ཁོ་ན་རྒྱུད་གཞན་ནས་འབྱུང་བ་དང༌། བརྒྱུད་པའི་རིམ་པ་ལས་བྱུང་བའི་བཤད་པའོ། །འོད་གསལ་ལས་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཞེས་པ་དེའང་ཏིང་ངེ་འཛིན་ཅེས་བྱ་བའང་འགའ་ཞིག་ཏུ་བཤད་དོ། །དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ། བཅུ་པོ་དབང་པོ་རྣམས་ཀྱི་ནི། །རང་འཇུག་གནས་པ་ཐམས་ཅད་དུ། །སོ་སོར་སྡུད་པ་ཞེས་བརྗོད་དེ། །འདོད་པའི་བསྡུས་པ་སོ་སོའོ། །འདོད་པ་ལྔ་རྣམས་བསྡུས་པ་ཡིས། །སངས་རྒྱས་ལྔ་ནི་རབ་སྦྱོར་བས། །བརྟགས་པ་བསམ་གཏན་དུ་བརྗོད་དེ། །བསམ་གཏན་རྣམ་པ་ལྔར་འགྱུར་ཏེ། །རྣམ་པར་རྟོག་དང་རྣམ་པར་དཔྱོད། །དགའ་དང་དེ་བཞིན་བདེ་བ་དང༌། །སེམས་ཀྱི་རྩེ་གཅིག་ཉིད་དང་ནི། །ལྔ་པོ་


JLD009_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་བསམ་གཏན་བསྡུས། །གསང་རྒྱུད་སྐུ་རྣམས་ཐམས་ཅད་ལ། །རྣམ་པ་སྣ་ཚོགས་ཡོངས་སུ་གྲགས། །གསང་གསུམ་འབྱུང་བ་རྟོག་པ་ཡིན། །རྣམ་དཔྱོད་ཡོངས་སུ་དེ་ལོངས་སྤྱོད། །གསུམ་པ་ཡིད་བདེ་དགའ་བ་སྟེ། །བཞི་པ་བདེ་བས་བསྡུས་པའོ། །སེམས་ཀྱི་ཡང་བ་ཤེས་པར་བྱ། །ཤེས་དང་ཤེས་བྱའི་སྐྱེ་བ་ཉམས། །སངས་རྒྱས་ཐམས་ཅད་རང་བཞིན་ཞི། །ཐམས་ཅད་འདོད་པ་སོ་སོར་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །འགྲིལ་བའི་ཚུལ་གྱིས་ཕབ་ནས་སུ། །སྣ་ཡི་རྩེ་མོར་རབ་རྟོག་བྱ། །ཁ་དོག་ལྔ་ལྡན་རིན་ཆེན་ཆེ། །སྲོག་རྩོལ་ཞེས་བྱ་དྲན་པ་ཡིན། །རང་སྔགས་སྙིང་ཁར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་བཞག །རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །འགོག་པའི་རྡོ་རྗེར་གནས་སེམས་ལ། །རྟགས་ཀྱི་འབྱུང་བ་རབ་ཏུ་སྐྱེ། །དེ་ཡི་རྟགས་ཀྱང་རྣམ་པ་ལྔ། །བྱང་ཆུབ་རྡོ་རྗེ་ལས་བྱུང་བ། །དང་པོ་སྨིག་རྒྱུའི་རྣམ་པ་ཅན། །དུ་བའི་རྣམ་པ་གཉིས་པ་སྟེ། །གསུམ་པ་སྲིན་བུ་མེ་ཁྱེར་བཞིན། །བཞི་པ་མར་མེས་གསལ་བྱེད་པ། །ལྔ་པ་རྟག་ཏུ་གསལ་བྱེད་དེ། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །བརྟན་པ་རྡོ་རྗེའི་ལམ་གྱིས་སུ། །ནམ་མཁའི་ཁམས་ལ་དགྲམ་པར་བྱ། །བསྒོམས་ནས་རྗེས་སུ་དྲན་པ་གང༌། །དེ་ཡི་རྣམ་པ་ཅན་ཡང་དགྲམ། །རྗེས་སུ་དྲན་ཞེས་ཤེས་པར་བྱ། །དེ་ལ་རབ་ཏུ་གསལ་བར་སྐྱེ། །ཤེས་རབ་ཐབས་དང་སྙོམས་འཇུག་པས། །ཐམས་ཅད་དངོས་པོ་ཐམས་ཅད་དུ། །འགྲིལ་བའི་ཚུལ་དུ་བསྡུས་ནས་ནི། །ཐིག་ལེའི་དབུས་སུ་རྣམ་པར་


JLD009_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །སྐད་ཅིག་ཡེ་ཤེས་རྫོགས་པ་ནི། །ཏིང་ངེ་འཛིན་ཅེས་མིང་ཅན་ནོ། །ཚིག་ལེའུར་བྱས་པ་འདི་རྣམས་ལས་རྟོགས་པར་དཀའ་བའི་ཚིག་རྣམ་པར་བཤད་དེ། བཅུ་པོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིའོ། །དེའི་ཕྱིར་འདི་ཁོ་ན་གསུངས་ཏེ། དབང་པོ་རྣམས་ཀྱི་རང་འཇུག་གནས་ཞེས་པའོ། །དབང་པོ་རྣམས་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །ཡང་རང་འཇུག་པར་གནས་པ་ནི་རང་རང་གི་ཡུལ་ལ་འཇུག་པ་ནི་རབ་ཏུ་འཇུག་པ་སྟེ། རང་གི་འཇུག་པ་ལ་གནས་པའི་ཕྱིར་རང་འཇུག་གནས་པ་ནི་མིག་ལ་སོགས་པའི་ཤེས་པ་ལྔ་ཞེས་བྱ་བའི་དོན་ཏོ། །འདི་ཡང་བསྡུས་པ་སོ་སོ་ཞེས་པ་ནི། འདོད་པར་བྱེད་པ་ནི་མངོན་པར་ཞེན་པར་བྱེད་པའི་ཕྱིར་འདོད་པའི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ལྔ་སྟེ། དེ་རྣམས་ལས་གཟུགས་ལ་སོགས་པའི་ཤེས་པ་ལྔ་རིམ་པ་བཞིན་དུ་སྡུད་པ་ནི་འགུགས་པར་བྱེད་པའི་ཕྱིར་སྡུད་པ་སྟེ། ཡུལ་དང་བྲལ་བའི་ཡིད་ནི་འདོད་པའི་བསྡུས་པའོ། །དེ་ལ་སོ་སོ་ཞེས་བྱ་བ་ནི་འདོད་པའི་བསྡུས་པ་ཐོབ་ནས་ཞེས་བྱ་བའི་དོན་ཏོ། །རང་འཇུག་པའི་གནས་གང་ཤེས་པ་ལྔ་དེ་ཁོ་ན་རིམ་གྱིས་རང་འཇུག་པ་དང་བྲལ་ཞིང་སོ་སོར་སྡུད་པར་བརྗོད་དོ། །འདོད་པ་ལྔ་རྣམས་ནི་ཡུལ་ལྔ་སྟེ། དེ་རྣམས་ལ་ལྷའི་ཚུལ་གྱིས་ཡོངས་སུ་རྟོག་པ་ཞེས་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཐམས་ཅད་ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དཔལ་བདེ་མཆོག་ལ་སོགས་པའི་ལྷ་ཉིད་ཀྱི་རབ་ཏུ་སྦྱོར་བས། ཡོངས་སུ་རྟོག་པའང་བསམ་


JLD009_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཏོ། །ཡིད་ཀྱི་དབང་པོ་དང་དེའི་རྣམ་པར་ཤེས་པ་དག་ནི། སྐུ་གསུང་ཐུགས་ཀྱི་གསང་བའི་བདག་ཉིད་ལྷ་རྣམས་གསལ་བའི་ཚུལ་དུ་བྱུང་བ་ནི་གསང་གསུམ་བྱུང་སྟེ། དེ་ཁོ་ན་རྣམ་པར་རྟོག་པའོ། །ཤེས་དང་ཤེས་བྱའི་སྐྱེ་བ་ཉམས། ཞེས་པ་ནི། ལོག་པའི་ཀུན་རྫོབ་ཀྱི་ངང་ཚུལ་ཅན་ཤེས་པ་དང༌། ཤེས་བྱའི་རྣམ་པར་རྟོག་པའི་སྐྱེ་བ་མེད་དོ། །རིན་ཆེན་ཆེ་བ་ཞེས་བྱ་བ་ནི་འབྲས་བུའི་མཆོག་སྦྱིན་པའི་ཕྱིར་རོ། །འགོག་པའི་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ལ་གནས་པའི་སེམས་ནི་དེའི་རང་བཞིན་དུ་གྱུར་པའོ། །བརྟན་པ་རྡོ་རྗེའི་ལམ་གྱིས་སུ། །ནམ་མཁའི་ཁམས་ལ་དགྲམ་པར་བྱ། ཞེས་བྱ་བ་ནི། བརྟན་ཞིང་རྡོ་རྗེའི་ལམ་གྱིས་རྗེས་སུ་དྲན་པས་ནམ་མཁའི་ཁམས་རྣམས་སུ་དགྲམ་པར་བྱ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་འོད་ཟེར་དང་ལྡན་པའི་ལྷ་ཚོགས་རྣམས་སོ། །ཤེས་རབ་ཐབས་དང་སྙོམས་འཇུག་པས། །ཐམས་ཅད་དངོས་པོ་ཐམས་ཅད་དུ། ཞེས་བྱ་བ་ནི། ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་ནི། སྟོང་ཉིད་དང་སྙིང་རྗེ་ཐ་མི་དད་པའི་ཚུལ་གྱིས་སོ། །ཐམས་ཅད་དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་འོད་ཟེར་དང་བཅས་པའི་ལྷ་ཉིད་ཀྱི་ཚོགས་རྣམས་སོ། །འགྲིལ་བའི་ཚུལ་གྱིས་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་ཚུལ་གྱིས་དེ་རྣམས་རང་གི་ལུག་ལ་བསྒོམ་པ་གང་ཡང་རུང་བའི་ཐིག་ལེའི་དབུས་སུ་ཉེ་བར་བསྡུས་ནས་ཐིག་ལེ་དེ་ཁོ་ན་བསྒོམ་པར་བྱའོ། །ཐིག་ལེ་ཞེས་བྱ་བ་ཉེ་བར་མཚོན་པ་སྟེ། རིམ་པ་འདི་བཞིན་དུ་ཨཱ་ལི་ཀཱ་ལིའི་སྦྱོར་བ་ལ་སོགས་པ་ཡང་ངོ༌། །


JLD009_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཡེ་ཤེས་རྫོགས་པ་ནི། ཞེས་བྱ་བ་སྐད་ཅིག་གིས་རང་རིག་སྐྱེ་བས་དེ་ཁོ་ན་ཉིད་མཐོང་བ་ཡང་ངོ་། །བྱེ་བྲག་ཏུ་གང་གི་ཚེའང་འདི་སྨིན་མ་དག་གི་དབུས་སུ་སོ་སོར་སྡུད་པའི་གོ་རིམ་གྱིས་ཐིག་ལེ་སྒོམ་པ་དེའི་ཚེའང་སྲོག་རྩོལ་དང་འཛིན་པ་དང་རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་འབྱུང་ངོ༌། །ཡང་གསུངས་པ། རྩ་བའི་རྒྱུད་ལས། སྨིན་མའི་དབུས་སུ་ཨ་ཝ་དྷཱུ་ཏཱིའི་གནས་བཞག་པར་བྱའོ། ཞེས་བྱའི་འདི་ཁོ་ན་གསུངས་པ་རི་གི་ཨ་ར་ལིའི་རྒྱུད་ལས་དེ་བཞིན་དུའང༌། ཨ་ར་ལིས་ཞུས་ལྷ་མོ་ལ། །ཡེ་ཤེས་མཆོག་ཀྱང་ཇི་ལྟ་བུ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པ་པོ་ཡིས་དངོས་གྲུབ་འཐོབ། །ལྷ་མོ་རིགས་ཀྱིས་ཡང་དག་གསུངས། །ཡེ་ཤེས་ཆེན་པོ་བདེ་བ་མཆོག །ཀུན་མཁྱེན་ཡེ་ཤེས་ལས་བྱུང་བ། །བསྲུང་བྱ་སྲུབ་བྱེད་ལས་བྱུང་བ། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །དབང་པོ་ཐམས་ཅད་དེས་བཀག་ནས། །སྐྱེ་འགྲོ་མེད་པའི་དབེན་ཕྱོགས་སུ། །གཉིས་པ་ཐམས་ཅད་དང་བྲལ་བའི། །མིག་གཉིས་མ་ཕྱེ་མ་བཙུམ་པར། །སྨིན་མའི་མཚམས་སུ་སེམས་བསྟད་ན། །མུན་པ་མི་བཟད་ཚུལ་ཡང་ནི། །སྒྲུབ་པ་པོ་ཡིས་དང་པོར་མཐོང༌། །དེ་ནས་གཡོན་པའི་རྣ་བ་ནི། །དལ་བུ་དལ་བུས་གཡོ་བར་བྱེད། །ཤེས་རབ་མ་ཡི་བདེ་བ་གང༌། །དེ་བཞིན་ཕྱག་རྒྱ་ཆེན་པོའི་བདེ། །ཉམས་པའི་རང་བཞིན་མི་ཕྱག་རྒྱ། །དེ་ཕྱིར་ཤེས་པའང་ཉམས་པ་ཡིན། །དེ་ཕྱིར་ཡེ་ཤེས་ཕྱག་རྒྱ་བསྒོམ། །བདེ་བ་ཆེན་པོ་བསྒྲུབ་བྱའི་ཕྱིར། །ཡེ་ཤེས་ཆེན་པོ་འདི་ཁོ་ན། །རང་


JLD009_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རིག་བྱའི་རང་བཞིན་ཏེ། །གཞན་ལ་བསྟན་པར་མི་ནུས་པ། གཞོན་ནུ་མ་ཡིས་བདེ་མྱོང་བཞིན། །སྦྱོར་བ་འདི་དང་བཅས་པ་ཡིས། །སེམས་ཅན་མགུ་བྱེད་སེམས་ཀྱིས་སུ། །སྙིང་རྗེས་སེམས་ཅན་ཐམས་ཅད་ལ། །སྦྱོར་བ་འདི་ནི་བདེ་བར་བྱེད། །འདི་ལ་གོམས་པའི་སྦྱོར་བ་ཡིས། །མཁའ་དང་མཉམ་པའི་སེམས་ཀྱིས་སུ། །སྙིང་རྗེ་ཆེན་པོའི་རྫུ་འཕྲུལ་ཅན། །རྣལ་འབྱོར་གྲུབ་འགྱུར་ཐེ་ཚོམ་མེད། །དང་པོར་མུན་པ་བྱེད་པ་མཐོང༌། །གཉིས་པ་དཀར་པོ་དུ་བ་བཞིན། །གསུམ་པ་སྲིན་བུ་མེ་ཁྱེར་མཚུངས། །བཞི་པ་ཛ་བའི་མེ་ཏོག་ལྟར། །ལྔ་པ་སྤྱིན་མེད་ནམ་འཁའ་སྟེ། །བདག་དང་གཞན་གྱི་ཚོར་བ་བྲལ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་ཡང༌། །སྤྲིན་མེད་ནམ་མཁའི་དཔེ་དང་ལྡན། །རྒྱུན་དུ་གོམས་པའི་སྦྱོར་བ་ཡིས། །རྩེ་གཅིག་སེམས་པ་འདི་ལྟར་བྱོས། །རྟག་ཏུ་ཡེ་ཤེས་བདུད་རྩི་ཡི། །བཏུང་བས་བཀྲེས་པའི་དགག་བྱ་མེད། །རྒ་དང་ནད་ཀྱི་གདུང་བ་མེད། །ཐབས་ཀྱི་སྦྱོར་བ་འདི་ཡིས་ནི། །རི་གི་ཐམས་ཅད་མཁྱེན་པར་འགྱུར། ཞེས་སོ།། །།རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ། །


previousདཔལ་མངོན་པར་རྟོགས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ།next