Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  expand section
   
   
མཁའ་འགྲོ་རྒྱ་མཚོའི་སྐོར་གྱི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།
   
   
   


 
previousམཁའ་འགྲོ་རྒྱ་མཚོའི་སྐོར་གྱི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།next

མཁའ་འགྲོ་རྒྱ་མཚོའི་སྐོར་གྱི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།


JLD009_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྒྱ་མཚོའི་སྐོར་གྱི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ་བཞུགས། །


JLD009_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་གྲུ་གཟིངས་ཀྱི་ལེའུ་དང་པོར། འདིར་གལ་ཏེ་དེ་སྲིད་དུ་དོན་མེད་པ་ཅན་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་རབ་ཏུ་མི་གནས་པ་དང༌། རབ་ཏུ་གནས་པ་དང་བྲལ་བ་ཡིན་ན། དེའི་ཚེ་ལུང་ཐམས་ཅད་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གསུང་ཡང་ཚད་མར་མི་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་དམྱལ་བ་ལ་སོགས་པར་འགྲོ་པར་བྱེད་དོ། ཞེས་གཞན་དག་ཐེ་ཚོམ་ཟ་ན་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ལན་ཚིག་གསུངས་པ། གང་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྟེ་དཔེ་གསུངས་པའོ། །གཞན་འདུ་ཤེས་ཞེས་བྱ་བ་ནི་གཞན་དུ་ཕྱི་རོལ་པ་ནམ་མཁའ་ཡོངས་སུ་བརྟགས་པར་གང་འདྲ་སྟེ། མདོ་སྡེ་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་ཀྱི་དངོས་པོར་


JLD009_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་འདྲ་བ་ནི་བདག་རིག་པ་སྟེ་ཞེས་བྱ་བ་ནི་རབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་རྡོ་རྗེ་ཕག་མོས་ཡང་དག་པར་རྟོགས་པའོ། །སྣང་བ་མེད་ཀྱང་ཡོངས་སུ་གསལ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བས་སྣང་བ་མེད་པ་དང༌། དེའི་རྣམ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་གསལ་བར་ཡང་སྟེ། རང་གི་རིག་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་འབྱུང་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་འདིར་མེད་པ་སྟེ། གཅིག་དང་དུ་མའི་རང་བཞིན་དང་འདིར་བྲལ་བས་སོ། །དེར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གོང་བུ་རྡུལ་ཕྲ་རབ་ཀྱི་ཆ་དྲུག་གི་དབྱེ་བ་མེད་དོ། །འོན་ཀྱང་ཐ་སྙད་དུ་འཇིག་རྟེན་པ་གཞན་ལ་ཞེས་བྱ་བ་སྟེ།


JLD009_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཐ་སྙད་ཙམ་མོ། །མི་བདེན་པའི་བདེན་པ་ཉིད་དེ་དེ་རྣམས་ཀྱིས་རྟོགས་པ་སྣ་ཚོགས་རྣམས་ལ་གནོད་པར་འགྱུར་ཏེ་དར་གྱི་སྲིན་བུ་བཞིན་ནོ། །དེའི་ཕྱིར་མ་སྐྱེས་པ་མི་འགག་པ་སྒྱུ་མ་དང་སྨིག་རྒྱུ་དང་མཚུངས་པའོ། །དེར་ནི་མངོན་སུམ་གྱིས་ཀྱང་ནི། །ཡོད་པར་མི་མཐོང་མི་བདེན་པའོ། །དབང་པོ་རྣམས་ལ་རང་བཞིན་ནི། །མཐོང་ཡང་མེད་པ་བལྟ་བར་བྱོས། །རང་བཞིན་ལ་ཡང་དབང་པོ་མེད། །དེ་རུ་གཟུགས་ནི་ཅི་ཞིག་མཐོང༌། །ཡིད་ཀྱིས་དམིགས་པའི་གཟུགས་ཀྱང་ནི། །ཡིད་ནི་ནམ་མཁའི་མཚན་ཉིད་དོ། །ཐམས་ཅད་རྒྱུ་རྐྱེན་ཚོགས་ལས་སྐྱེས། །ས་ལུ་ལ་སོགས་མྱུ་གུ་བཞིན། །བེམ་པོའི་དངོས་པོ་ཐམས་ཅད་དུ། །རྣམ་པར་འཕྲོ་བར་མི་འདོད་དོ། །དབང་པོ་གཅིག་སོགས་ཐམས་ཅད་ནི། །ཁུ་བ་དང་ནི་ཁྲག་ལས་བྱུང༌། །ལུས་ཀྱིས་སུ་ནི་མི་འདོད་དེ། །སྐད་ཅིག་པས་ནི་སྐྱེ་བར་བྱེད། ཅེས་སོ། དཔེ་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ནམ་མཁའ་དྲི་མ་མེད་པ་ལས་མེ་སྐྱེས་པ་སྟེ། དེ་བཞིན་འདིར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ནམ་མཁའ་ལས་བྱུང་བ་ཡེ་ཤེས་ཀྱི་མེའི་རང་བཞིན་སངས་རྒྱས་ཀྱི་གཟུགས་རང་གི་བག་ཆགས་ཀྱི་སྐྱོན་དང་བྲལ་བ་ཡིས་སེམས་ཅན་རྣམས་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རོ་བྲོ་བ་ནི་གཅིག་དངོས་ལ་ཞེས་བྱ་བ་ནི་སྐྱུ་རུ་ར་ལ་སོགས་པའི་རྫས་གཅིག་ལ་རོ་བྲོ་བར་འགྱུར་ཏེ། དེའི་ནང་ནས་དངོས་པོ་མང་པོ་ཞེས་བྱ་བ་ནི་དེ་བཞིན་དུའང་འཆོས་པ་དང་མྱང་བ་དང༌། ལྕེས་རོ་དེ་བཞིན་དུ་བཟུང་བ་དང༌། བལྡད་པ་དང་མིད་པ་རྣམས་ཀྱིས་ལན་ཚྭ་དང་ཁ་བ་


JLD009_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྐ་བ་དང་ཚ་བ་དང་མངར་བའི་རིམ་པ་ཇི་ལྟར་གོ་བར་བྱའོ་ཞེས་སོ། །ལྷན་ཅིག་སྐྱེས་པའི་དགའ་བའི་ཆོས་གང་འདིར་རྣམ་པར་བརྟགས་ན་རྒྱུ་རྐྱེན་གྱི་དབང་གིས་སྐྱེ་བ་སྟེ། དེ་ཉིད་ལ་ཉེ་བར་དམིགས་པ་མེད་ཅེས་བྱའོ། །བསྒྲུབ་པར་བྱ་བ་ཅི་ཞེ་ན། །དཔེར་བྱ་མེད་པ་ཡི་ནི་ཆོས། །རྡོ་རྗེ་ལ་ནི་དགའ་བར་གྱིས། ཞེས་བྱ་བ་སྟེ། མི་ཕྱེད་པའི་རྡོ་རྗེའི་ཡེ་ཤེས་དབྱེ་བ་མེད་པའི་ཆོས་ཉིད་ཀྱི་ཡེ་ཤེས། ཚད་མེད་པ་དཔེ་དང་བྲལ་བའི་དོན་ཅན་ལ་དགའ་བར་གྱིས་ཞེས་བྱ་བར་དགོངས་སོ། །དེ་ལྟར་ལྷའི་རྣམ་པའི་རྣལ་འབྱོར་བདག་ཅེས་བྱ་བ་ནི་སྦྱོར་བ་འདིས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའོ། །འཕྲལ་དུ་ཡིད་ཆེས་བྱེད་པ་ཅན་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་འབྲས་བུ་སྟེར་བ་པོ་རང་གི་འདོད་པའི་ལྷ་བསྒོམས་པ་ཙམ་གྱིས་ཞེས་བྱ་བའོ། །དེའི་མི་མཐུན་པའི་ཕྱོགས་བྱིས་པའི་སྐྱེ་བོ་ལ་བརྟེན་པ་གཞན་གྱི་རྣལ་འབྱོར་གྱི་དབང་དུ་བྱས་ནས་གསུངས་པ། ལུགས་མ་ལ་སོགས་པ་ཞེས་བྱ་བ་སྟེ། དེ་ལྟར་སྔོན་དུ་བཤད་པའི་རྣལ་འབྱོར་སྤངས་ནས། ལུགས་མ་སྟེ། བཟླས་པ་དང་རི་མོ་ལ་སོགས་པའི་སྦྱོར་བ་ལ་བརྟེན་པའོ། །དེས་རྣམ་པར་བྱས་པའི་དབྱིབས་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པ་སྐྱེས་བུའི་རྣམ་པར་འགྲོ་བའོ། །ཐར་པ་ལ་གནས་པར་མི་འགྱུར་རོ། །འདིའང༌། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ཡོད་མིན་ཏེ། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་སྐྱེ། ཞེས་སོ། །འོན་ཀྱང་སྔོན་དུ་བཤད་པའི་རྣལ་འབྱོར་གྱི་ཁྱད་པར་དུ་བྱེད་པ་སྟོང་པ་ཉིད་དང་པོར་དུ་


JLD009_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པའི་རྟགས་བཅུས་ཨ་བ་དྷཱུ་ཏྭཱིའི་ནང་དུ་སོན་པ་རབ་ཏུ་བསྒྲུབ་པ་སྟེ། ཡན་ལག་དྲུག་གི་རྣལ་འབྱོར་གྱིས་ཀྱང་མཚོན་པར་བྱའོ། ཞེས་བྱ་བའོ། །དེའང་། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། ཅེས་སོ། །དེས་སྒོམ་པ་པོ་གནས་པ་པོ་ལ་སོགས་པ་དེས་རང་གི་གཟུགས་མཐོང་བའོ། །རང་བྱིན་བརླབ་པའི་མཚན་ཉིད་དོ། ཞེས་བྱ་བ་ནི་ཁ་དོག་སྣ་ཚོགས་ཀྱི་རང་བཞིན་རྣམས་སུ་མཐོང་བའོ། །དེ་ལྟར་ལུགས་མ་ལ་སོགས་པ་ལ་རང་བཞིན་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ། ཞེས་བྱ་བ་སྟེ་རང་བྱིན་གྱིས་བརླབ་པའི་མཚན་ཉིད་དོ། །རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྒྱུ་མ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཐོག་མར་དཔེ་བཅུ་གཉིས་རྣམས་ཀྱིས་ཉེར་བར་མཚོན་པར་བྱའོ། ཞེས་བྱ་བ་སྟེ། དེ་ལ་སྒྱུ་མ་དང་སྨིག་རྒྱུ་དང་མེ་ལོང་གི་གཟུགས་བརྙན་དང་བརྒྱ་བྱིན་གྱི་གཞུ་དང་སྤྲིན་དང་དྲི་ཟའི་གྲོང་ཁྱེར་དང་ཆུའི་ཟླ་བ་དང་ཆུའི་ཆུ་བུར་དང་གསལ་སྣང་དང་སྒྱུ་འཕྲུལ་དྲ་བ་དང༌། རྨི་ལམ་དང༌། བྲག་ཆའོ། །དེ་ལྟར་སྒྱུ་མ་ལ་སོགས་ཀུན། །རྣལ་འབྱོར་རྣམས་ཀྱི་རང་མཚན་ཉིད། །ཕུང་པོ་སྒྱུ་མའི་རང་བཞིན་ཏེ། །རྣམ་ཤེས་བརྒྱད་ནི་སྨིག་རྒྱུའོ། །མེ་ལོང་གི་ནི་གཟུགས་བརྙན་ཀྱང༌། །དབང་པོ་རྣམས་ཀྱི་རང་བཞིན་ནོ། །ཡུལ་རྣམས་བརྒྱ་བྱིན་གྱི་ནི་གཞུ། །སྐྱེ་མཆེད་སྤྲིན་གྱི་གྲིབ་མའོ། །ཁམས་ནི་དྲི་ཟའི་གྲོང་ཁྱེར་ཏེ། །ལས་ཀྱི་དབང་པོ་ཟླ་བ་གང༌། །ཆུ་བུར་ལས་ཀྱི་བྱ་


JLD009_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། །དངོས་པོ་རྣམས་ནི་གསལ་སྣང་བཞིན། །སྒྱུ་འཕྲུལ་དྲ་བ་འཁོར་བ་སྟེ། །རྨི་ལམ་དང་མཉམ་བལྟ་བར་གྱིས། །འདོད་ཆགས་ལ་སོགས་བྲག་ཆར་ནི། །བསྒོམ་པར་བྱ་ཞིང་བཟློག་པར་གྱིས། །དེ་ཕྱིར་འདི་རྣམས་སྒྱུ་མ་ཆེ། །རང་བཞིན་མཐར་ཡི་རྒྱལ་བའོ། ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་བླ་ན་མེད་པ་འཐོབ་ཅེས་བྱ་སྟེ། བྱང་ཆུབ་ཅེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་སྟེ་སྒྱུ་མའི་རྒྱལ་བ་རྣམས་དང་དབྱེར་མེད་པ་ཉིད་ཀྱིས་འོད་གསལ་བར་རང་བཞིན་གྱིས་འབྱུང་ཞེས་པའོ། །ལེའུ་དང་པོར། ཡོངས་སུ་ཤེས་པས་འགྲོལ་པའོ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འཁྲུལ་པས་དྲི་ཟའི་གྲོང་ཁྱེར་ལྟ་བུར་ཡོངས་སུ་མ་ཤེས་པས་མཆིང་པའོ། །སྐྱེ་བ་དང་འགག་པ་རྣམ་པར་དཔྱད་པས་དངོས་པོ་མེད་པའི་ཕྱིར་དེ་རྣམས་ཀྱིས་ཡོངས་སུ་ཤེས་པ་དང་ལྷན་ཅིག་རྣམ་པར་དཔྱད་པས་མ་འཁྲུལ་བར་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཡང་འཆད་པར་འགྱུར་བའི་མཆོད་པ་བཞི་ལ་སོགས་པའི་དེ་ཁོ་ན་ཉིད་རྣམས་ཀྱིས་འགྲོལ་བ་སྟེ། རྨོངས་པས་ཡོངས་སུ་ཤེས་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཉིད་ཅེས་བྱ་བ་ནི་སྣ་ཚོགས་པ་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་མེད་པ་སྟེ་སྣ་ཚོགས་པ་གཅིག་གི་རྣམ་པ་ཉིད་པས་དངོས་སུ་ཡོད་པའི་མཁས་གསུམ་གནས་པའོ། །ལུས་ལ་སོགས་པའི་ཁམས་སུ་གནས་པར་བཤད་པས་འོད་གསལ་བའི་སེམས་དེ་སྟོན་པའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གི་མཚན་ཉིད་ཆོས་ཐམས་ཅད་ཡོངས་སུ་ཤེས་པའོ། །དེས་དེ་བཞིན་དུ་འཆད་


JLD009_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །དེ་ལྟར་ཡང་གསུངས་པ། སྣ་ཚོགས་འོད་གསལ་པ་ནི་མ། །དངོས་པོ་ཀུན་གྱི་ཕ་ཡིས་ནི། །སྐྱེད་པར་བྱེད་ཅིང་དེ་བཞིན་དུ། །བསྐྲུན་ཏེ་ཀུན་རྫོབ་ཏུ་ནི་སོན། །འོད་གསལ་དང་བྲལ་བྱང་ཆུབ་ནི། །བདག་བྱིན་བརླབས་པ་མི་མཐོང་ངོ༌། །དེ་ཡིས་བྱང་ཆུབ་ངེས་ཤེས་པས། །བསྟན་བྱ་སྟོན་པ་དབྱེར་མེད་དེ། །ཀུན་རྫོབ་དང་ནི་དོན་དམ་པ། །གཙོ་བོ་དང་ནི་དཀྱིལ་འཁོར་པ། །རྣམ་པ་གཅིག་ཏུ་རིག་གང་གིས། །དེ་ནི་བསྲུང་བ་ཀུན་ཏུ་སོན། ཅེས་སོ། །ལེའུ་གསུམ་པ་ལས། དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་རྣམས་སུ་སེམས་འོད་གསལ་དུ་སོན་པས་དེ་ཁོ་ན་ཉིད་རང་གི་རིག་པ་གཉིས་སུ་མེད་པ་ཡིད་ཆེས་པས་རང་གི་དངོས་སུ་ཉམས་སུ་མྱོང་བར་འགྱུར་རོ། །གལ་ཏེ་སེམས་དེ་སྲིད་དུ་འོད་གསལ་བར་སོན་པ་དེའི་ཚེ་དེ་ཁོ་ན་ཉིད་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་རྣམས་སུ་གང་གིས་ཡིད་ཆེས་པར་འགྱུར་བ་གསུངས་པ། སློབ་དཔོན་གྱིས་སེམས་རྡོ་རྗེ་ཞེས་བྱ་བ་སྟེ། འདིར་མཁས་པ་རྣམས་ཀྱིས་ཐོག་མར་རྩའི་ཡི་གེས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ཚུལ་ལ་བརྟེན་པར་བྱའོ། །དེ་ཇི་ལྟར་ཞེ་ན། གསུངས་པ། འདིར་ལུས་ལ་འབྱུང་བ་ཆེན་པོ་ལ་སོགས་པའི་ཁམས་རྣམས་ཆོས་མངོན་པའི་རིགས་པས་དང་བྱེ་བྲག་སྨྲ་བའི་ཆོས་ཀྱིས་རྣལ་འབྱོར་པ་དེས་མི་རྟག་པར་བྱའོ། །དེས་སླར་ཡང་མདོ་སྡེ་པ་རྣམ་པ་དང་བཅས་པའི་ལྟ་བ་ལ་སེམས་བརྟན་པ་སྐྱེད་པར་བྱེད་དེ་སྣ་ཚོགས་པའི་སྐྱེས་རབས་ལ་སོགས་པའོ། །དེ་ལྟར་ཡང་མི་བདེན་པར་བྱས་ནས་སེམས་ནམ་མཁའི་ངོ་བོ་ཅན་དུ་རྣལ་འབྱོར་སྤྱོད་པར་གྱུར་པ་མ་རིག་པ་ཡོངས་སུ་སྤོང་བ་ལས་སེམས་རྡོ་རྗེའོ། །དབུ་མ་ནི་རྩ་བ་སྟེ་དེ་ལྟར་སྤྱོད་ཡུལ་ནི་དངོས་པོ་ཐམས་ཅད་དོ། །


JLD009_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱི་སྤྱོད་པ་ཉིད་ཀྱི་ཕྱིར་ཡོངས་སུ་ཤེས་པ་དང་རིག་པའོ། །དེ་ལྟར་སེམས་ཀྱི་རྡོ་རྗེའི་ཆོས་ཐམས་ཅད་ཀྱི་སློབ་དཔོན་གྱིས་དེའི་ཚེ་ཁྱད་པར་ཉིད་ཀྱིས་དེའི་ནང་དུ་ཆོས་ཐམས་ཅད་སོན་པའོ། །དེའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱི་ལུས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པ་རིག་པ་པོ་ཀུན་རྫོབ་ཀྱི་འོད་གསལ་བར་སོང་བའང་སྒྱུ་མའི་རྣམ་པར་སེམས་རྡོ་རྗེ་སོ་སོར་སྣང་བའི་སྐུའི་རྣམ་པ་ཉིད་ཀྱིས་སོ། །དོན་དམ་པར་ནི་ཐམས་ཅད་དུ་རྒྱན་བཏགས་སྒྲོ་བཏགས་པ་ཐོང་ཞིག །དེ་ཇི་ལྟར་ཞེ་ན། དབུ་མའི་ཚུལ་ཞེས་བྱ་བ་གསུངས་པ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཅན་མ་ཡིན། །མཐའ་བཞི་ལས་ནི་རྣལ་གྲོལ་བ། །དེ་ཁོ་ན་ཉིད་དབུ་མར་ཤེས། ཞེས་བྱ་བའོ། །དེ་ལྟར་གནས་སྐབས་ཐམས་ཅད་དང་བྲལ་བ་བཞི་པ་ལས་འདས་པའི་ངེས་པར་བཞག་པ་དེ་ཉིད་ཀྱི་གནས་སྐབས་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ཉིད་བརྟན་པ་ཐོབ་པ་ཞེས་བྱ་བ་ནི་བླ་མ་རྡོ་རྗེ་འཆང་ལས་དཔེ་ཡིས་མཚོན་པར་བྱ་བའི་མཐར་དེ་ཁོ་ན་ཉིད་ཐོབ་པའོ། །དེའང་ཇི་ལྟར་ཕ་དང་མ་སྙོམས་པར་འཇུག་པའི་དུས་སུ་དྲི་ཟའི་སེམས་ཅན་གྱི་བདེ་བ་ཉམས་སུ་མྱོང་སྟེ་འཛག་པའི་དུས་སུ་ནི་དེ་བཞིན་དུ་དེ་ལྟར་ཉེ་བར་སྟོན་པ་ལུས་འཛིན་པའི་དངོས་པོ་མངོན་སུམ་དུ་ཉམས་སུ་མྱོང་ངོ༌། །དེའི་རང་བཞིན་དུ་འགྲོ་བའོ། །ནིའི་སྒྲ་ནི་ངེས་པར་བཟུང་བའོ། །དབུ་མ་ཆེན་པོའི་མཚན་ཉིད་དོ། ཞེས་བྱ་བ་ནི་བདེ་བ་དང་སེམས་གཉིས་ཀྱི་ཀུན་རྫོབ་ཀྱི་གཟུགས་ཐམས་ཅད་བུམ་པ་དང་སྣམ་བུ་དང་ཤིང་རྟ་ལ་སོགས་པ་སྟེ་དེ་ཉིད་དེ་ལྟར་དོན་དམ་པའོ། །


JLD009_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་བྱིས་པའི་རིགས་ཅན་རྣམས་ཀྱིས་ཐ་དད་སོ་སོར་ཡོངས་སུ་བརྟགས་སོ། །དེ་ལྟར་གང་ཀུན་རྫོབ་དེ་དོན་དམ་པ་སྟེ་གང་ཞིག་དོན་དམ་པ་ནི་ཀུན་རྫོབ་ཏུ་བདེ་བ་དང་སེམས་དག་གིས་ལུས་དང་བདེ་བའོ། །འོ་ན་དེ་ལྟར་བྱེ་བྲག་སྨྲ་བ་ལ་སོགས་པ་གྲུབ་པའི་མཐའ་བཞི་དེ་རྣམས་ཀྱི་སྤྱོད་ཡུལ་བླ་མའི་གདམས་ངག་དེའི་ཚེ་ཐམས་ཅད་ཕྱི་རོལ་པར་འགྱུར་རོ། །ཕྱི་དང་ནང་གི་བདག་ཉིད་ཀྱི་ཆོས་ལ་དབྱེ་བ་མེད་པར་འགྱུར་ཞེ་ན། དེ་ལ་ཇི་ལྟར་བླ་མའི་གདམས་ངག་ནི་ཅི། དེ་ལྟར་གལ་ཏེ་མི་འགྱུར་ན་དེའི་ཚེ་གལ་ཏེ་མི་འགྱུར། དེའི་ཚེ་སྐྱོན་དེ་སྔགས་ཀྱི་ཚུལ་གྱི་བསྟན་བཅོས་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་བཞིན་གཤེགས་པས་གསུངས་པའི་ཆོས་བརྫུན་དུ་འགྱུར་རོ། །གཅིག་ཏུ་ན་སྔགས་ཀྱི་ཚུལ་གྱི་བསྟན་བཅོས་ཐམས་ཅད་གཅིག་པའི་དངོས་པོ་བས་དུ་མར་མི་འགྱུར་རོ། །བརྫུན་དེས་ཁྱོད་ཀྱིས་ཕྱིན་ཅི་ལོག་བསྟན་པས་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་རོ་ཞེ་ན། དེ་བཞིན་དུའང་བཤད་པ། དེ་བཞིན་གཤེགས་པས་ཆོས་བསྟན་གང༌། །བདེན་པ་གཉིས་ཀྱི་བདག་ཉིད་ཅན། །གསང་སྔགས་ཚུལ་ཚོགས་ཐམས་ཅད་ལ། །སུན་འབྱིན་བྱེད་པ་དམྱལ་བར་འགྲོ། མ་ཐོས་བའམ་ཐོས་ཆུང་བས། །ཕྱིན་ཅི་ལོག་ཏུ་འཆད་པའོ། །དེ་ལ་གྲུབ་དང་བདེ་མེད་འགྱུར། །མནར་མེད་སོགས་སུ་ངེས་པར་འཚེད། །དེ་ལྟར་ཐེ་ཚོམ་ཐམས་ཅད་སེལ་བར་བྱེད་པའི་བཅོམ་ལྡན་འདས་ཀྱིས་ཚིག་གིས་གསུངས་པ། གྲུབ་མཐའ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་གང་གསུངས་པ་དེ་བདེན་ནོ། །འོན་ཀྱང་ལྟ་བ་ཐམས་ཅད་ལ་གདམས་ངག་གི་གྲུབ་མཐར་བྲལ་ན་མི་འགྱུར་ཏེ། དེ་ཇི་ལྟར་གསུངས་


JLD009_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པ། འདིར་རྨོངས་པ་རྣམས་གདམས་ངག་ལ་འཇུག་པའི་དུས་སུ་སྣ་ཚོགས་པའི་དཔེ་རྣམས་ཀྱིས་འཇུག་པར་བྱེད་དེ། བསྟན་པའི་གསུང་རབ་ཀྱིས་སོ། །ཇི་ལྟར་དགའ་བ་ལ་སོགས་པ་ཤེས་རབ་དང་མཉམ་པར་སྦྱོར་བའི་དཔེས་མཚོན་པའོ། །དེ་ལྟར་གྲུབ་མཐའ་རྣམས་ཐིག་ལེ་བཞི་དང་དགའ་བ་བཞི་ལ་སོགས་པས་བྱེ་བྲག་སྨྲ་བ་ལ་སོགས་པར་རིམ་པ་ཇི་ལྟ་བར་ཤེས་པར་བྱའོ། །དེའང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཅན་ཀྱང་མིན། ཞེས་བྱ་བ་ལ་སོགས་པའོ། །དཔེ་དང་བྲལ་བའི་ཡེ་ཤེས་ལས་རང་གིས་རིག་པའི་དུས་སུའང་རྣལ་འབྱོར་པ་རྣམས་ཀྱི་དངོས་སུ་ཡིད་ཆེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གདམས་ངག་བླ་མས་ཉེ་བར་བསྟན་པའི་སྤྱོད་ཡུལ་ཅན་གྲུབ་པའི་མཐའི་སྒོ་ནས་རབ་ཏུ་འཇུག་པར་བྱེད་དོ། །བླ་མ་གྲུབ་པའི་མཐའི་སྤྱོད་ཡུལ་ཏེ་གཞན་གྱི་དངོས་པོ་རྣམས་ཀྱི་མ་ཡིན་ནོ། །ཡང་ན་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་ལ་སོགས་པའི་སྤྱོད་ཡུལ་གདམས་ངག་རང་རང་གི་བསྟན་བཅོས་སུ་བཤད་པའི་རིགས་པས་གདམས་ངག་ལ་འཇུག་པར་བྱེད་དོ། །དེའི་ཕྱིར་གྲུབ་མཐའི་ཡུལ་དང་གདམས་ངག་སྟེ་གྲུབ་པོ་དེ་རྣམས་ཀྱི་སྐྱོན་མེད་དོ། །འོན་ཀྱང་པཎྜི་ཏ་རྣམས་ཀྱི་སྤྱོད་ཡུལ་མིན་ཞེས་བྱ་བ་ནི་རྟོག་གེ་སྒམ་པོ་ལ་དགའ་བ་རྣམས་དང་ལམ་དམ་པ་དང་བྲལ་བ་རྣམས་དང་བྱིས་པའི་པཎྜི་ཏ་རྣམས་ཀྱི་ཡེ་ཤེས་འདི་འདྲ་བའི་སྤྱོད་ཡུལ་མ་ཡིན་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེར་བ་པོ་རྙེད་པ་དཀའ་སྟེ་སངས་རྒྱས་ཀྱི་ཡུལ་


JLD009_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཇི་ལྟར་ཞེ་ན། གསུངས་པ། གྲུབ་མཐའ་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྟེ་འདིར་ཆོས་ཐམས་ཅད་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་སོགས་པའི་གཟུགས་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་ལས་དམིགས་པའོ། །དེ་རིག་པ་ནི་མཁས་པ་སྟེ་ཤེས་བྱ་དང་ཡེ་ཤེས་ཀྱི་གཟུགས་ཅན་གྱི་བླ་མའོ། །མ་རིག་པ་ནི་མཁས་པ་མ་ཡིན་ཏེ། གྲུབ་པའི་མཐའ་མངོན་སུམ་པ་ཤེས་བྱ་ཙམ་ལ་བརྟེན་པ་དཔྱོད་པ་པ་ལྟ་བུ་སྒྲ་ཙམ་རྗེས་སུ་རིག་པ་ཙམ་གྱིས་དམ་པའི་ཆོས་ཀྱི་ངེས་པ་མི་ཤེས་སོ། །དམུས་ལོང་ལྟ་བུའི་སྐྱེས་བུས་དཀར་པོ་དང་སེར་པོ་ལ་སོགས་པའི་རྫས་རྣམས་ཀྱི་རྣམ་པར་དབྱེ་བ་དེ་བཞིན་དུ་མི་ཤེས་སོ། །རང་བཞིན་མདོག་ནག་པོ་གཅིག་ཏུ་མཐོང་ངོ༌། །དེའི་ཕྱིར་དེ་ཁོ་ན་ཉིད་མངོན་སུམ་ལ་བརྟེན་པ་རྣམས་ཀྱི་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱིས་དག་པའི་བདག་ཉིད་འདི་གའི་ཞེས་བྱ་བའི་དོན་ཏེ་ཞེས་སོ། །མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་གྲུ་གཟིངས་ཀྱི་གསང་བའི་ལེའུའི་རབ་ཏུ་བྱེད་པ་བཅུ་པ་ལས་ཉི་ཤུ་རྩ་གཉིས་དབང་ཕྱུག་སོ་སོར་མངོན་པར་ཤེས་པ་ཡོད་པར་སྨྲ་བ་རྣམས་སེལ་བར་བྱེད་པ་སྟེ། དེ་ལ་རང་གི་སེམས་ཀྱི་གནས་སྐབས་བཅུ་གཅིག་དང༌། དབང་ཕྱུག་སོ་སོར་མངོན་པར་ཤེས་པ་ཡོད་པར་སྨྲ་བའི་བཤད་པ། བྱེད་པ་པོ་དེའོ་ཐམས་ཅད་ཀྱི། །དེ་ནི་ཀུན་ཏུ་བྱེད་པོ་བྱེད། འཚོ་བར་བཤད་དང་འཚོ་བའི་གཟུགས། །ཐར་པ་འཁོར་བའི་འཁོར་ལོ་སྐྱེས། །ཡེ་ཤེས་དབང་པོ་རིག་པ་དང༌། །རྣལ་འབྱོར་ཡེ་ཤེས་སོགས་དེ་བཞིན། །འཇིག་རྟེན་པ་སོགས་དེ་ཉིད་གང་། །མདོར་བསྡུས་པ་ཡིས་བཅུ་གཅིག་གོ །ཞེས་སོ། །དེ་ལྟ་བུར་རྣམ་པར་གནས་པ་ལ་དམ་


JLD009_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དམ་པ་མ་ཡིན་པར་རྣམ་པར་དཔྱད་པས་མེད་པ་ཉིད་སོ་སོ་མངོན་པར་ཤེས་ཤེ་ན། དེའི་སེལ་བར་བྱེད་པ་རྣམ་པ་བཅུ་གཅིག་གསུངས་པ། ཀུན་གྱི་བྱེད་པ་དེ་མིན་ཏེ། །ལས་རྣམས་ཀྱིས་ནི་འབྱུང་བའོ། །ལས་ཀྱི་རྒྱུ་ཡང་མེད་པ་སྟེ། །འདི་ལ་འབྱུང་བ་ཡོད་མ་ཡིན། །གང་གི་བྱེད་པ་ཡང་དག་བྱུང༌། །དེ་ལ་བྱ་བའི་དངོས་པོ་མེད། །བྱས་དང་བྱེད་པ་མེད་པའོ། །དངོས་པོ་ཐམས་ཅད་མ་བྱས་པའོ། །བྱ་བ་བྱེད་པོའི་འགྲེལ་པ་ཡིས། །འདིར་ནི་དངོས་པོ་མེད་པར་བཤད། །ལས་དང་བྲལ་བས་བྱེད་པ་མེད། །བྱ་བ་མེད་པས་བྱེད་པོ་མེད། །གལ་ཏེ་འབྱུང་བའི་བདག་ཡོད་ནའང༌། །འབྱུང་པོ་མེད་པས་མེད་པའོ། །གཅིག་དང་དུ་མར་རྣམ་དཔྱད་པས། །འབྲེལ་པའི་དངོས་པོ་མེད་པར་འདོད། །སུ་ཞིག་བྱེད་པོ་ཅིའི་བྱེད་པོ། །འདི་རྣམས་བྱེད་པ་ཡོད་མ་ཡིན། །གང་གིས་རྟག་ཏུ་འཚོ་བར་འགྱུར། །དངོས་པོའི་གཟུགས་ནི་མི་རིག་གོ །ཇི་ལྟར་གཟུགས་ཅན་གང་ཟག་བཤད། །སྨིག་རྒྱུ་དང་ནི་འདྲ་བར་འགྱུར། །འཁྲུལ་པས་འཁྲུལ་པའི་རྣམ་པར་ནི། །ཡོད་པ་སྐད་ཅིག་མར་འགྱུར་རོ། །འཇིག་རྟེན་གྱི་ནི་སྐྱེ་བ་མེད། །རང་ལས་འབྲས་བུས་བགྲོད་པར་འགྱུར། །ཀུན་ལ་ཐར་པ་ཡོད་པ་མིན། །གང་ནའང་འཆི་བ་མེད་པའོ། །གལ་ཏེ་ཐར་པ་ཙམ་ཡོད་ཀྱང༌། །རོར་འཛིན་པ་ནི་དེ་ལ་མེད། །དེའི་ཕྱིར་འཇིག་རྟེན་ལས་འབྲས་བུ། །དགེ་དང་མི་དགེས་གང་བྱས་པ། །རྨོངས་པའི་སྐྱེས་བུ་དེ་ཡོད་པར། །འཁོར་བར་ཡང་ནི་འདོད་པའོ། །སྒྱུ་མས་འཁོར་བར་རྨོངས་བདག་ཉིད། །རྨོངས་པས་


JLD009_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་འདོད་པའོ། །གཏི་མུག་བདག་ཅན་འཁོར་བ་མེད། །རྡུལ་ཕྲན་ཆ་ཤས་མེད་པས་སོ། །ཡེ་ཤེས་ཞེས་བྱ་འདིར་མེད་དེ། །སེམས་བྱུང་གཟུགས་མེད་པའི་ཕྱིར་རོ། །དབང་པོ་ལ་སོགས་བརྗོད་པ་མེད། །རིག་པ་ཅི་ཞིག་འབྱུང་བ་མེད། །མངོན་སུམ་བཞི་ཡིས་དངོས་པོ་རྣམས། །དབང་པོ་ལ་སོགས་དེ་བཞིན་ཏེ། །ཡིད་ཀྱི་མངོན་སུམ་རྣལ་འབྱོར་དང༌། །རང་གིས་རིག་པའི་མངོན་སུམ་མོ། །ཇི་ལྟར་ཡེ་ཤེས་བཞི་དབུས་སུ། །མངོན་སུམ་ཉིད་ཀྱང་མི་རིག་གོ །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །དེར་ནི་དེ་ཉིད་ཡང་དག་བྱུང༌། །མངོན་སུམ་དང་ནི་རྗེས་དཔག་གིས། །དེ་རྣམས་དངོས་པོ་རིག་མ་ཡིན། །ངག་ཙམ་དུ་ནི་བཞག་པ་སྟེ། །འཁྲུལ་པ་ངེས་པ་མེད་པའོ། །དེ་ལྟར་བཤད་པའི་རིམ་ཤེས་བྱ། །རྒྱ་ཆེ་བར་ནི་དུ་མའོ། །དབང་ཕྱུག་ཐམས་ཅད་དུ་མེད་པས། །སོ་སོར་མངོན་ཤེས་ཀྱི་ལས་འགྱུར། །མཁས་པས་རྣམ་པ་དཔྱད་བྱ་ཡི། །འདི་ལ་སྡང་བར་མི་བྱའོ། ཞེས་སོ། །ལེའུ་གསུམ་པ་ལས་དེ་ཕྱིར་ཐམས་ཅད་བླ་མའི་ཞལ་ལས་ཤེས་པར་བྱའོ་ཐམས་ཅད་ཅན་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དམ་པའི་དངོས་པོ་ཅན་གྱི་ཆོས་སོ། །དེ་ཞེས་བྱ་བ་ལ་སོགས་པ་རྟོགས་པ་སླའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པས་སྔོན་བཞིན་དུ་སྡུད་པར་མཛད་པ་པོ་དེས་རང་ཉིད་ཀྱི་སྐྱོན་ཡོངས་སུ་སྤང་བའོ་ཞེས་སོ། །ལེའུ་བཞི་པ་ལས། རྣལ་འབྱོར་རྣམ་པ་དྲུག་ཅུ་ཞེས་བྱ་བ་ནི་རྣམ་པ་རྣམས་ནི་དྲུག་ཅུར་རིག་པར་བྱ་སྟེ་གང་གིས་སྦྱོར་བའི་ཡན་ལག་དྲུག་བསྒོམ་པ་ལ་དངོས་པོའི་རྣལ་འབྱོར་དེ་དེ་བཞིན་དུ་གསུངས་སོ། །


JLD009_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་དབུ་མའི་ནང་དུ་སོན་པའི་སེམས་ཀྱིས་ཐམས་ཅད་ནམ་མཁའི་བུ་གར་གནས་པ་ན་དེར་མཐོང་བར་འགྱུར་ཏེ་གཟུགས་བརྙན་བཞིན་དུའོ། །དེ་བཞིན་དུ་རྣམ་པ་དྲུག་ཅུ་རྣམས་བཤད་པར་བྱ་སྟེ། ཡན་ལག་དྲུག་དང་ལྷན་ཅིག་ཏུའོ། །འདིར་ནི། དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །དེ་བཞིན་མར་མེ་རབ་འབར་དང༌། །ཟླ་ནི་ཀ་མ་རཱ་ཧཱུ་དང༌། །དུས་ཀྱི་མེ་དང་བཅུ་པོ་ནི། །སོ་སོར་སྡུད་པའི་འོ། །བསམ་གཏན་རྣམ་པ་བཅུ་ནི། དེའང་སྲོག་ལ་སོགས་པ་འཆད་པར་འགྱུར་བའི་རྩ་བཅུ་རྣམས་ཀྱི་སྟེ། དེ་བཞིན་དུའང༌། པད་ཅན་སྣ་ཚོགས་ཅན་ཉིད་དང༌། །གླང་ཆེན་དུང་ཅན་མ་དེ་བཞིན། །ལུག་དང་སེར་སྐྱ་ཡིད་བཟང་མ། །གླང་པའི་ལྕེ་མ་གཞོན་ནུ་མ། །འཇིགས་པའི་གཟུགས་སུ་ཡང་དག་བཤད། །བཅུ་པོ་རྣམས་ཀྱི་རང་བཞིན་ནོ། །སྒྱུ་མ་སྨིག་རྒྱུ་དྲི་ཟ་དང༌། །བརྒྱ་བྱིན་གཞུ་དང་མེ་ལོང་དང༌། །ཟླ་བའི་གཟུགས་དང་གྲིབ་མ་དང༌། །ཆུ་བུར་དང་ནི་བྲག་ཆ་དང་། །གསལ་སྣང་བཅུ་པར་ཤེས་པར་བྱ། །བསམ་གཏན་སྦྱོར་བ་བསྒོམ་པར་འགྱུར། །དེ་བཞིན་དུ་སྲོག་རྩོལ་རྣམས་ཀྱི་བཤད་པ། དེའང་རྣམ་པ་བཅུ་སྟེ། སྲོག་དང་ཐུར་སེལ་མཉམ་གནས་དང་། །བསམ་གཏན་ཁྱབ་གནས་འདི་ལྔའོ། །ཀླུ་དང་རུས་སྦལ་སྡིག་པ་དང༌། །ལྷས་བྱིན་དང་ནི་ནོར་ལས་རྒྱལ། །དེ་ལྟར་རླུང་ནི་བཅུ་རྣམས་ཀྱིས། །སྲོག་རྩོལ་ཉེ་བར་མཚོན་པར་བྱ། །དེ་བཞིན་དུ་འཛིན་པ་ཡང་གསུངས་པ། དེའང་རྣམ་པ་བཅུ་སྟེ། གཡོན་པ་དང་གཡས་པའི་སྣ་བུག་ནས་རྒྱུ་བའི་དཀྱིལ་འཁོར་བཅུ་རྣམས་ཏེ་དེ་ལྟར་ན། ནམ་མཁའི་དང་རླུང་


JLD009_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དང་མེ་དང་ཆུ་དང་ས་དང་དབང་ཆེན་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས་སོ། །དེ་འཛིན་པས་ན་སྐྱེ་བའི་གནས་རྣམས་སུ་ཐིམ་པ་རྣམས་བྱེད་དོ། །འཛིན་པའི་དེ་བཞིན་དུ་རྗེས་སུ་དྲན་པའི་གསུངས་པ། དེའང་བཅུ་སྟེ། འདོད་པའི་གནས་སྐབས་བཅུ་རྣམས་སོ། །དེ་ཉིད་བཤད་པ། འདར་དང་འཕར་དང་བརྒྱལ་བ་དང༌། །རྒོད་དང་རབ་ཏུ་དགའ་དེ་བཞིན། །ལྐུགས་དང་ངལ་བསོ་གཉིད་དང་ནི། །མཆི་མ་ལྷུང་དང་འགྱེལ་བ་སྟེ། །དེ་ནི་རྗེས་དྲན་རྗེས་སུ་དྲན། ཞེས་སོ། །དེ་བཞིན་དུའང་ཏིང་ངེ་འཛིན་གྱིས་གསུངས་པ། དེའང་རྣམ་པ་བཅུ་སྟེ། སྤྱན་མ་དང་མཱ་མ་ཀཱི་དང་དཀར་མོ་དང་སྒྲོལ་མ་དང་གཟུགས་རྡོ་རྗེ་མ་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི། སྐུ་ཆེན་པོ་ནི་མཐོང་འགྱུར་ཏེ། །དེ་བཞིན་གཤེགས་པས་འཁྱུད་པའོ། །དེ་ལྟར་ཏིང་འཛིན་འགྲོད་འགྱུར་ཏེ། །སྐྲ་ཙམ་གྱི་ནི་ནང་དུ་གནས། ཞེས་བྱ་བས་སོ། །དེའི་ཕྱིར་སྡོམ་པ་དངོས་པོ་དམ་པ་ཀུན་ཞེས་བྱ་བ་སྟེ། བཤད་པའི་བཅུ་བཅུ་པོ་རྣམས་ཀྱི་དྲུག་པོ་དེ་རྣམས་ལའང་སྡོམ་པ་དྲུག་སྟེ་རེ་རེ་ལ་རིམ་པ་ཇི་ལྟ་བས་ཤེས་པར་བྱའོ། །དེ་ལྟར་བཅུ་བསྐྱེད་པར་འགྱུར་བའི་དངོས་པོའི་རྫས་ཀྱི་གཟུགས་ཀྱི་ཡེ་ཤེས་སོ། །ཐམས་ཅད་དམ་པའི་དོན་གྱི་དངོས་ཞེས་བྱ་བ་ནི་རང་བཞིན་གྱི་བདག་ཉིད་ཅན་ཏེ། སླར་ཡང་བདག་གི་རྣལ་འབྱོར་སྡོམ་པ་ཞེས་བྱ་བ་ནི་ཐམས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་སྟེ་སྟོན་པ་པོའི་གཟུགས་ཉིད་ཀྱི་ཕྱིར་ཏེ། སངས་རྒྱས་མི་བསྐྱོད་པའི་གཟུགས་སོ། །མི་གཡོ་ཞིང་མི་


JLD009_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་པས་གང་གི་ཕྱིར་མི་བསྐྱོད་པ་སྟེ། ཇི་ལྟར་ཐུགས་རྡོ་རྗེ་དངོས་པོ་ཐམས་ཅད་ཀྱི་ནང་དུ་ནམ་དུའང་མི་གཡོ་བའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་སྟོན་པ་ན་ནམ་ཡང་གཡོ་བ་མེད་དེ། རྡོ་རྗེ་ཐེག་པའི་ནང་ལས་སོ། ཞེས་དང༌། ལེའུ་བཞི་པ་ལས། ནམ་མཁའི་གཟུགས་ཅན་གྱིས་དེའི་ནང་དུ་སོད་པའི་སྲོག་གི་བདག་ཉིད་ཅན་གྱི་ཡེ་ཤེས་ནི་རྡོ་རྗེ་སྟེ་རྡོ་རྗེ་རྣལ་འབྱོར་མ་སྣ་ཚོགས་པའི་རྣམ་པ་ནི། མཁའ་འགྲོའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣལ་འབྱོར་གྱི་མཁའ་འགྲོས་གསུངས་པ། གཏང་མེད་ཅེས་བྱ་བ་ལ་སོགས་པ་སྟེ་འདིར་སྔར་བཤད་པའི་མཁའ་འགྲོའི་བདག་ཉིད་ཅན་དང༌། སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་དབུ་མའི་ནང་དུ་གནས་པ་ཉིད་ནི་དེའི་ཚེ་རྒྱུ་མཚན་མེད་པར་བྱུང་བ་སྟེ། ཕུང་པོ་ལྔ་རྣམས་ཀྱི་བདག་མེད་པར་མཐོང་བའི་གཟུགས་སུ་འགྱུར་རོ། །དེ་ཇི་ལྟར་ཞེ་ན། གང་གི་ཚེ་རྣལ་འབྱོར་གོམས་པ་རང་བཞིན་གྱི་གཟུགས་རྗེས་སུ་དམིགས་པ་མེད་པར་གྱུར་པ་དེའི་ཚེ་ན་ནམ་མཁའ་ལ་རང་གི་གཟུགས་མཐོང་བར་འགྱུར་རོ། །སྒྱུ་མ་ཆེན་པོ་པདྨའི་གཟུགས་ཅན་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ཆུ་སྐྱེས་རྣམས་སུ་རིགས་ཐམས་ཅད་མཆོག་ཏུ་སོན་ནས་རྣལ་འབྱོར་མའི་གཟུགས་ཀྱིས་ཡེ་ཤེས་སྐྱེད་པར་བྱེད་དོ། །དེ་ལྟར་རྣལ་འབྱོར་རང་གི་སེམས་ལ་བསམ་མེད་པའོ། ཞེས་བྱ་བ་ནི་རང་གི་ཡེ་ཤེས་བསམ་དུ་མེད་པ་ཕ་རོལ་གྱི་ཡེ་ཤེས་སྐྱེད་པར་བྱེད་དེ། རྣལ་


JLD009_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མཁའ་འགྲོའི་དེ་བཞིན་དུ་བཤད་དོ། །རྣལ་འབྱོར་མ་བསམ་དུ་མེད་པའི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ། །ད་ནི་འཁོར་ལོ་མཁའ་འགྲོས་གསུངས་པ། འཁོར་ལོ་ནང་གི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ལྟར་སྔོན་དུ་བཤད་པའི་རྩའི་འཁོར་ལོ་རྣམས་སུ་སྦྱོར་བ་ལ་གོམས་པས་ཐམས་ཅད་ཀྱིའང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་ཐིག་ལེའི་གཟུགས་ཡེ་ཤེས་སུ་འགྱུར་རོ། །དེ་ལྟར་ཐམས་ཅད་དུ་སྦྱར་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་སུ་སྦྱར་བར་བྱའོ། ཞེས་སོ། །ལེའུ་བཅོ་ལྔ་པ་ལས། དེ་ལྟར་གཉིས་པོ་བདག་མེད་པར་གྲུབ་སྟེ་གང་གི་ཚེའང་རྒྱུ་དང་འབྲས་བུའི་ངེས་པར་དཔྱད་པ་མེད་དོ། །འབྲས་བུའི་དངོས་པོ་ལ་རྒྱུ་ཅི་ཡོད་ས་ལུ་ལ་སོགས་པའི་ས་བོན་ཀྱང་ངོ༌། །དེ་ལྟར་གལ་ཏེ་རྒྱུ་མེད་ན་འབྲས་བུ་ཇི་ལྟར་ཞེ་ན་དེ་ལ་སོགས་པ་རྒྱུའི་དངོས་པོ་ལ་རྣམ་པར་དཔྱོད་པ་མེད་དོ། །གལ་ཏེ་ཡང་རིགས་ལས་བྱུང་བ་ལ་རིགས་བསྟེན་པ་དེའི་ཚེ་ཇི་ལྟར་བཤད་པ་བཞིན་ནོ། །དེ་ལྟར་གང་གི་ཕྱིར་ཀའི་ཡི་གེ་གསུངས་པ་སྟེ་སངས་རྒྱས་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་གང་ནའང་གནས་པ་མེད་དོ། །དེ་ཇི་ལྟར་བྱང་ཆུབ་ཅེ་ན་ཐམས་ཅད་མི་བདེན་པའི་སྐུ་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ཕྱིར་བྱང་ཆུབ་ཅེས་བྱའོ། །དེའང་སྒོམ་པ་དང་ཡིད་ཀྱིས་བཟུང་བའི་དངོས་པོའང་མི་བདེན་པའོ། །དེའི་དངོས་བོའང་སྟོང་པ་སྟེ་གོང་བུ་རྡུལ་ཕྲ་རབ་ཀྱི་དབྱེ་བས་རྣམ་པར་དཔྱད་པར་གྱུར་པས་བུམ་པ་དང་སྣམ་བུ་ལ་སོགས་པ་ཆོས་ཀྱི་སྐུའི་གཟུགས་སོ། །དེའང་བསྟན་པའི་རབ་ཏུ་བཅིངས་པས་ཆོས་ཀྱི་སྐུ་མངོན་པར་བརྗོད་པའི་འདུ་ཤེས་ཙམ་མོ། །དེ་ལྟར་དངོས་མེད་


JLD009_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་སྟོང་པ་ཉིད་ཅེས་བྱ་བ་ནི་འདི་ནི་སྒྱུ་མ་དང་རྨི་ལམ་དང་དབང་པོའི་དྲ་བའི་རང་བཞིན་ཁམས་གསུམ་གྱི་དངོས་པོ་རབ་ཏུ་གསལ་བ་ཙམ་སྟོང་པ་མ་ཡིན་པ་གཟུང་བ་མེད་པས་དངོས་པོ་ཙམ་གྱི་རང་བཞིན་ཅན་ནོ། ཞེས་སོ། །ལེའུ་ཉི་ཤུ་པ་ལས། བདུན་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ཏུ་བསྐྱོད་མའི་ལས་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པར་རང་གི་སེམས་གཡོ་བའི་ཕྱིར་དེའི་མི་གཡོ་བ་ཉིད་ཀྱིས་དང་ལས་རྣམས་སུ་ལུང་གི་སྒོར་བསྟན་པ་ཉིད་ནི་ཀུན་བསྐྱོད་མ་ལྟ་བུའོ། །དེ་ཉིད་གསུངས་པ། ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་ས་ནས་ནམ་མཁའི་མཐའ་ཟད་པ་རྣམ་པ་ལྔ་ནི་གང་ཉན་ཐོས་རྣམས་ཀྱི་ལྟ་བའོ། །དེ་བཞིན་དུ་འདུལ་བ་དང༌། ཆོས་མངོན་པ་དང༌། མདོ་སྡེ་དང་རྣམ་པ་གསུམ་སྟེ། གང་ཟག་གིའང་ལྔ་པའོ། །རང་སངས་རྒྱས་ཀྱི་ལྟ་བ་གཉིས་ཞེས་བྱ་བ་ནི་བསེ་རུའི་སྤྱོད་པ་དང༌། སྡེ་ན་སྤྱོད་པའོ། །རྣལ་འབྱོར་སྤྱོད་པའི་བདུན་ཞེས་བྱ་བ་ནི་བརྟགས་པ་དང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་སྟེ། དེ་ལྟར་ཡང་རེ་རེ་ལ་རྣམ་པ་གཉིས་རབ་ཏུ་གསུངས་ཏེ། བདུན་པ་ནི་འདི་རྣམས་ཀྱི་བྱེད་པས་ཏེ་བརྟགས་པ་ནི། མིག་དང་རྣ་བ་དག་གོ །གཞན་གྱི་དབང་ནི་སྣ་དང་ལྕེའོ། །ཡོངས་སུ་གྲུབ་པ་ནི་ལུས་དང་ཡིད་དག་སྟེ། ཚོར་བ་དང་ཉོན་མོངས་པ་ཅན་དེ་བཞིན་ནོ། །སྔོན་པོ་སེར་པོ་སོགས་སྣང་བ། །བཏགས་པའི་མིང་དུ་བརྗོད་པའོ། །དེ་ནི་རྒྱུན་དུ་མ་མཐོང་སེམས། །འཁྲུལ་པ་དེ་ནི་དབང་པོ་རུ། །སྒྲ་ཡི་ཡུལ་དུ་གང་ཤེས་པ། །རྟོག་པ་ཡིས་ནི་བཏགས་


JLD009_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཀུན་སོང་བའི་བདག་ཉིད་དུ། །སེམས་ནི་ཀུན་ཏུ་འགྲོ་བའོ། །ཐམས་ཅན་རང་བཞིན་བདག་མེད་པར། །དྲི་ནི་ས་ལ་སོགས་དེ་བཞིན། །སྣོམ་པར་གྱུར་པ་མ་བྱུང་བའི། །བདག་ཉིད་སེམས་ནི་གཞན་དབང་ངོ༌། །ཁམས་གསུམ་རོ་ནི་མྱང་པ་སྟེ། །ཆོས་སྐུ་བདག་ཉིད་ཆེན་པོ་འཛིན། །ལྕེ་ནི་ཀུན་གྱི་རང་བཞིན་ཁམས། །སེམས་ནི་ཡེ་ཤེས་དབང་ཅན་ནོ། །བདེ་བ་སྣ་ཚོགས་རབ་ཏུ་བཤད། །རོ་མཉམ་ལྷ་རྫས་གཉིས་སུ་མེད། །ལུས་ཀྱི་དངོས་པོ་ཡང་དག་འཐོབ། །ཡོངས་གྲུབ་རྒྱུད་དུ་སྨྲ་བའོ། །ཡིད་ཅེས་བྱ་བ་ཐམས་ཅན་དུ། །འགྲོ་བའོ་གང་དུ་དེར་འགྲོ་བའོ། །རྟོག་མེད་བདག་ཉིད་དེ་ཡང་ནི། །ཤེས་བྱའི་མཚོན་བྱ་སོགས་པས་མཚོན། །དེ་རྣམས་སུ་ནི་འབྱིན་བྱེད་ཙམ། །ཉོན་མོངས་ཀྱང་ནི་ཀུན་ཕུན་ཚོགས། །ཆོས་དབྱིངས་ལ་སོགས་བདག་བདག་ཏུ། །རྟོག་པས་ཡིད་ཀྱི་བདག་ཉིད་དོ། །དེ་ལྟར་སེམས་རིག་པ་ཐམས་ཅད། །དེ་ནི་དངོས་མེད་བསམ་མིན་པའོ། །གཞི་ནི་ཀུན་གྱི་བདག་ཉིད་དེ། །བདུན་གྱིས་བདུན་རྣམས་ནུས་པའོ། ཞེས་བྱ་བ་ནི་མདོར་བསྡུས་པའོ། །རྒྱ་ཆེ་བ་ནི་སྣ་ཚོགས་པའི་བསྟན་བཅོས་སུ་གོ་བར་བྱའོ། །བདག་གིས་ནི་གཞུང་རྒྱ་ཆེ་བའི་འཇིགས་པས་མ་བཤད་དོ། །དབུ་མ་མཆོག་རྣམས་ཀྱིས་ནི་བརྒྱད་ཅེས་བྱ་བ་ནི་བྱེ་བྲག་སྨྲ་བ་དང་རྣལ་འབྱོར་སྤྱོད་པ་པ་དང༌། མདོ་སྡེ་པ་དང༌། རྩ་བའི་དབུ་མ་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། དབུ་མ་ཆེན་པོ་དང༌། ལྟ་བ་ཐམས་ཅད་ཀྱི་བདག་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་བཅུ་དྲུག་


JLD009_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ནི། སྟོང་པ་ཉིད་བཅུ་དྲུག་གི་དབྱེ་བས་སོ། །གསང་སྔགས་ཐེག་པའི་སུམ་ཅུ་དྲུག་ཅེས་བྱ་བ་ནི་ཁམས་སུམ་ཅུ་རྩ་དྲུག་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་ཕྱེ་བས་སོ། །གཉིས་ཀྱི་བདུན་དང་བརྒྱད་དང་རྣམས་ཀྱི་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་དང་དབུ་མ་རྣམས་ཀྱི་བདུན་དང་བརྒྱད་པོ་རྣམས་ཀྱི་དེའི་ཚེ་ནང་དུ་སོན་པས་སོ། །དེ་ལྟར་ཐམས་ཅད་སྔགས་ཀྱི་ཐེག་པའོ་ཞེས་བྱ་བ་ནི་ལྟ་བ་བདུན་ཅུ་རྩ་གཉིས་པོ་རྣམས་ཏེ་དེ་དེ་བཞིན་དུ་གསུངས་ཏེ། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་དབྱེ་བ་རྣམས་སུའོ། །དེའི་ཕྱིར་དེ་ལྟར་བླ་མའི་དྲིན་གྱིས་ཤེས་པར་བྱའོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། ཨོཾ་སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། ཆོས་དེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ། །


previousམཁའ་འགྲོ་རྒྱ་མཚོའི་སྐོར་གྱི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།next