Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
རྣལ་འབྱོར་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་རིན་པོ་ཆེའི་བང་མཛོད།
   
   
   
   
   
   
  expand section
   
   
   
   
   
   
   


 
previousརྣལ་འབྱོར་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་རིན་པོ་ཆེའི་བང་མཛོད། next

རྣལ་འབྱོར་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་རིན་པོ་ཆེའི་བང་མཛོད།


JLD010_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་རིན་པོ་ཆེའི་བང་མཛོད་བཞུགས་སོ། །


JLD010_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ། རྗེ་བཙུན་བླ་མ་དམ་པ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཇི་སྙེད་ཤེས་བྱའི་འཁོར་ལོ་མ་ལུས་པ། །ལྷན་སྐྱེས་བདེ་བ་ཆེན་པོའི་གནས་སྡོམ་པ། །ཧེ་རུ་ཀ་དཔལ་ཡབ་ཡུམ་བླ་མ་ཡི། །ཞབས་ཀྱི་པདྨར་གུས་པས་ཕྱག་བྱས་ནས། །ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ། །དབང་བསྐུར་ཆོ་གའི་རིམ་པ་མཆོག །གྲུབ་ཆེན་དྲིལ་བུའི་ཞབས་ཀྱི་གཞུང༌། །རྟོགས་པར་དཀའ་བ་གསལ་བར་བྱ། །འདིར་འཁོར་ལོ་བདེ་མཆོག་གི་ཕྱི་དང་ནང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་


JLD010_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ། བསྒོམ་པ་དང་བཟླས་པ་རྫོགས་པའི་སྒོ་ནས་ལྷ་མཉེས་པར་བྱས་པའི་སློབ་དཔོན་གྱིས། སློབ་མ་བདེ་མཆོག་གི་ཕྱིའི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་བ་སྔོན་དུ་སོང་ཞིང༌། དམ་ཚིག་དང་སྡོམ་པ་ལེགས་པར་འཛིན་པ། ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་མཆོག་ཏུ་གུས་པ་ལ་དབང་བསྐུར་བའི་དཀྱིལ་འཁོར་གྱི་དབྱེ་བ་དང༌དབང་གི་དབྱེ་བ་ནི་དྲིལ་བུ་ཞབས་ཀྱིས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེ་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །


JLD010_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལས་ཚོན་དགྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པ་འོ། །དེ་ཡི་དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། །དེ་ཡི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། །དབང་བསྐུར་སོགས་རིམ་ཀུན་རྫོབ་ཏུ། །མངོན་སུམ་དུ་ནི་སྒྲུབ་པའོ། །སློབ་དཔོན་ལ་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་བཞིར་བཤད་དེ། །ཆུ་ཡི་དབང་སོགས་དབྱེ་བ་ཡིས། །བཞི་པོ་དེ་ནི་བཅུ་བཞིའོ། །ཞེས་གསུངས་པ་ལྟར་ཤེས་དགོས་སོ། །དབང་བསྐུར་བ་ལ་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་པ་ནི་སྔོན་དུ་དཀྱིལ་འཁོར་དུ་གཞུག་པའི་སྐོར་མ་བྱས་པར་དབང་བསྐུར་དུ་མི་རུང་བའི་དོན་ཡིན་ལ། དེ་ཡང་ཕྱི་དང་ནང་གི་དཀྱིལ་འཁོར་གསུམ་ག་ལ་འདྲ་ལ། དེ་རྡོ་རྗེ་འཆང་གིས་གསུངས་ཚུལ་ནི། བདེ་མཆོག་རྩ་རྒྱུད་ལས། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་རྡེག་དང༌། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་སྔོན་དུ་དཀྱིལ་འཁོར་དུ་བཅུག་སྟེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་མཐོང་བར་ལམ་སྒོམ་


JLD010_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་པ་ཁྱད་པར་ཅན་འདོད་པ་ནི་དཔེ་གཉིས་དང་འདྲ་བར་འདོད་དོན་མི་འགྲུབ་པར་གསུངས་ཤིང༌། མཉམ་སྦྱོར་བརྟག་པ་བདུན་པ་ལས་ཀྱང༌། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་ནན་ཏན་དུ་གསུངས་ཤིང༌། རྒྱུད་གཞན་ལས་ཀྱང་ཤིན་ཏུ་མང་བར་གསུངས་པས། ལུགས་འདི་ལ་དཀྱིལ་འཁོར་དུ་གཞུག་པའི་སྐོར་གཞན་རྣམས་འདོར་བ་དང༌། ལུགས་གཞན་ལའང་དེ་དག་དང་དབང་མང་པོ་ཞིག་དོར་ནས་རྫོགས་རིམ་གྱི་དབང་ནས་ཐོག་མར་བྱེད་པ་ནི་ཉེས་པ་ཆེན་པོ་བསྐྱེད་པའི་ནོར་པ་ཆེན་པོའོ། །དེ་ལྟར་གསུངས་པ་འོན་ཀྱང་གང་དུ་གཞུག་པའི་དཀྱིལ་འཁོར་ཅི་ཙམ་ཞིག་ཡོད་པ་མི་གསལ་བ་འདིར་གསལ་བར་བཤད་ན་དཀྱིལ་འཁོར་གསུམ་ཡོད་དེ། རི་མོར་གནས་པའི་ལས་ཀྱི་དཀྱིལ་འཁོར་བསྟན་པ་བྲིས་སྐུའི་དཀྱིལ་འཁོར་དང༌། ཐིག་གདབ་པ་ལས་ཚོན་དགྱེ་བའི་རིམ་པ་བསྟན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། འགྲོ་བ་འདི་དག་ཉིད་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་རོ། །བཅོས་མ་དང་རང་བཞིན་གྱིས་གྲུབ་པ་ནི་རིམ་པ་གཉིས་ལ་ཐ་སྙད་དེ་གཉིས་ཀྱིས་བསྟན་པ་ནི་འདིར་བསྐྱེད་རིམ་པ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་དང༌། ལུས་དཀྱིལ་ལ་ལྷ་རེ་གཉིས་སྒོམ་པ་ཡང་བསྐྱེད་རིམ་ཉིད་ཡིན་པའི་ཕྱིར་ན་མ་བཅོས་


JLD010_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་རང་བཞིན་གྱིས་གྲུབ་པ་ནི་རྫོགས་རིམ་མིན་ནོ། །དེའི་ཕྱིར་བདེ་མཆོག་གི་དཀྱིལ་འཁོར་གང་ལས་སྒྲུབ་པའི་སྒྲུབ་གཞི་རི་མོ་མཁན་ལ་སོགས་པས་གསར་དུ་བཅོས་པ་དང༌། དེ་དག་གིས་གསར་དུ་བསྒྲུབས་པ་མིན་པར་ལུས་རྫོགས་པ་ནས་རང་ཆས་སུ་གྲུབ་པ་ལ་བྱའོ། །དེའི་ཕྱིར་སྒྲུབ་གཞི་ཉིད་ལྷར་བསྐྱེད་པའི་གཉིས་སུ་མེད་པའམ་རྟེན་སྔོན་དུ་རྫོགས་ནས་བརྟེན་པའི་མཚན་མ་ཕྱིས་རྫོགས་པའི་ཆ་གཉིས་མེད་པར་རྟེན་རྫོགས་པ་དང་བརྟེན་པ་རྫོགས་ནས་འོང་བ་ཡིན་ནོ། །དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཤིན་ཏུ་གསལ་ཡང་དེ་ལས་རས་བྲིས་ཅུང་མི་གསལ་ལ། དེ་ལས་ཀྱང་ལུས་དཀྱིལ་དུ་དབང་བསྐུར་བའི་དཀྱིལ་འཁོར་རྒྱུད་ན་མི་གསལ་བས་འོན་ཀྱང་ཞེས་གསུངས་སོ། །བཅོས་མ་ཞེས་པ་རྐང་པ་གསུམ་གྱི་དོན་ནི་རས་བྲིས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གཉིས་སུ་དབང་བསྐུར་བ་གདུལ་བྱ་དབང་པོ་རྟུལ་འབྲིང་དང༌། ལུས་དཀྱིལ་དུ་དབང་བསྐུར་བ་གདུལ་བྱ་མཁས་པ་སྟེ་དབང་པོ་རབ་ལ་བྱེད་ཅེས་པའི་དོན་མིན་ཏེ། དང་པོར་འཇུག་པའི་གང་ཟག་རབ་ལ་ཡང་རྡུལ་ཚོན་དུ་དབང་བསྐུར་བ་དུ་མ་ཞིག་གསུངས་པའི་ཕྱིར་དང༌། རས་བྲིས་ལ་ཡང་དེ་ལྟར་ཡིན་པའི་ཕྱིར་རོ། །དེས་ན་མཁས་པའི་བསྒྲུབ་བྱ་སྟེ་ལུས་ལ་གནད་དུ་བསྣུན་པའི་དཀྱིལ་འཁོར་ནི་བཅོས་མ་གཉིས་ལ་མི་བྱའི་ལུས་དཀྱིལ་ལ་བྱ་དགོས་ཏེ། སྔ་མ་ལ་གནད་དུ་བསྣུན་པས་གྲོལ་བར་མི་འགྱུར་གྱི། ཕྱི་མ་ལ་གནད་དུ་བསྣུན་པ་ལས་ཡང་དག་པའི་དོན་མཐོང་ནས་གྲོལ་བར་འགྱུར་


JLD010_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ་ཞེས་པའི་དོན་ནོ། །དེས་ན་ཕྱི་དཀྱིལ་རྐྱང་པར་དབང་བསྐུར་བ་ལས་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མཆོག་ཏུ་འགྱུར་རོ། །འཁོར་ལོ་གསུམ་གྱི་ཞེས་པའི་རྐང་པ་གཉིས་ཀྱིས་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་སྒྲུབ་པའི་གཞི་རང་ཆས་སུ་གྲུབ་པ་ལས་རྟེན་གྱི་དཀྱིལ་འཁོར་དང་བརྟེན་པའི་ལྷ་རྣམས་གྲུབ་པ་སྟེ་བསྒྲུབ་པར་བྱའོ་ཞེས་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་བསྟན་ཏེ། དབང་གི་སྔོན་དུ་དཀྱིལ་འཁོར་འགྲོ་བར་སྔར་བཤད་པ་སྟོན་པའོ། །དེ་ལ་དབང་བསྐུར་ཞེས་པའི་རྐང་པ་བཞིའི་དང་པོ་གཉིས་ཀྱིས་ནི་ལུས་དཀྱིལ་དེའི་དབང་བསྐུར་དང༌། སོགས་ཀྱིས་དཀྱིལ་འཁོར་དུ་གཞུག་པའི་རིམ་པ་སྔར་མ་གྲུབ་པ་སྟེ་མ་ཐོབ་པ་ནི་ཅི་ནས་ཡང་སྟེ་ཀྱང་གྲུབ་པ་སྟེ་གདུལ་བྱ་ལ་སྒྲུབ་པར་བྱེད་པ་སྟོན་ནོ། །ཅི་ནས་ཀྱང་ལུས་དཀྱིལ་གྱི་དབང་བསྐུར་བ་སྒྲུབ་པ་དེ་དགོས་པ་གང་གི་ཕྱིར་ཡིན་སྙམ་ན། ལུས་དཀྱིལ་གྱི་རང་བཞིན་ཏེ་གནས་ཚུལ་མི་ཤེས་པ་རྣམས་ལུས་དཀྱིལ་སྒོམ་པའི་སྣོད་རུང་ཁྱད་པར་ཅན་དུ་བྱ་བར་བཞེད་ནས་ཡིན་ཞེས་པ་ནི་དེའི་རང་བཞིན་ཞེས་པའི་རྐང་པ་གཉིས་ཀྱིས་སྟོན་ནོ། །ལུས་དཀྱིལ་དེ་སྒྲུབ་པ་དང་མཆོད་པ་སོགས་དང༌། གཞུག་པ་དང་དབང་བསྐུར་བའི་ཆོ་ག་མངོན་སུམ་དུ་སྒྲུབ་པའི་རིམ་པ་ནི་ཀུན་རྫོབ་ཏུ་སྟེ་རང་བཞིན་མེད་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུའི་དོན་དུ་རྟོགས་ནས་བསྒྲུབ་པར་བྱ་བར་དབང་བསྐུར་སོགས་རིམ་པ་ཀུན་རྫོབ་ཏུ་ཞེས་པའི་རྐང་པ་


JLD010_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་སྟོན་ནོ། །འོ་ན་དབང་ཇི་ཙམ་ཞིག་བསྐུར་སྙམ་ན། བསྡུ་ན་རྡོ་རྗེ་སློབ་དཔོན་ནམ་བུམ་པའི་དབང་དང༌། ལ་སོགས་པས་བསྡུས་པ་གསང་བ་དང་ཤེས་རབ་ཡེ་ཤེས་དང༌དབང་བཞི་པ་སྟེ་བཞིར་བཤད་པ་དང༌། ཕྱེ་ན་ཆུ་དབང་ལ་སོགས་པའི་དབྱེ་བས་བུམ་དབང་བཅུ་གཅིག་དང་དབང་གོང་མ་གསུམ་སྟེ་བཅུ་བཞིའོ། །འདི་ལ་རྒྱུད་རྡོ་རྗེ་ཕྲེང་བ་ལས། དབང་བསྐུར་བ་ཡི་དབྱེ་བ་ནི། །དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པ་འོ། །གཙོ་བོའི་དབྱེ་བས་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བ་འོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེ་འོ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང༌། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བྱ་དགོས་ཏེ། དྲིལ་བུ་ཞབས་ཀྱི་དབང་ཆོག་ནི་དོན་ཚན་འགའ་ཡར་མ་གཏོགས་པ་རྒྱུད་རྡོར་ཕྲེང་ཇི་བཞིན་དུ་སྣང་བའི་ཕྱིར་རོ། །དེས་ན་དབང་བཅུ་གཅིག་ནི་དབང་ཆོག་ལས་རིག་པའི་དབང་ལྔ་དང༌། སྔགས་ཀྱི་དབང་དང༌། ཕྱིར་མི་ལྡོག་པའི་དབང་དངོས་གཞི་སྟེ་བདུན་གསལ་བར་བཤད་ཅིང༌། དེ་ནས་བཞི་ལ་ལུང་བསྟན་དང་དབུགས་དབྱུང་གཉིས་གཅིག་ཏུ་མཛད་ཅིང༌། རྡོ་རྗེའི་བརྟུལ་ཞུགས་དང༌། སྤྱོད་པའི་བརྟུལ་ཞུགས་དང༌། རྗེས་གནང་གསུམ་སོ་སོར་བཤད་པ་ལྟར་བྱའི། སྡོམ་འབྱུང་ནས་བརྟུལ་ཞུགས་དང༌། ལུང་


JLD010_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དང༌། དབུགས་དབྱུང་དང༌། རྗེས་གནང་བཞི་སོ་སོར་ཕྱེ་ནས་བུམ་དབང་དུ་གསུངས་པ་ལྟར་མི་བྱ་སྟེ། དེའི་ལྟར་ན་རིག་པའི་དབང་ལྔ་དང༌། དེ་ནས་སྔར་བཤད་པ་བཞི་དང༌། ཕྱིར་མི་ལྡོག་པའི་དབང་ལ་བུམ་དབང་དུ་གསུངས་པ་མ་གཏོགས་པ་སྔགས་དབང་ལ་མ་བཤད་པས་བཅུ་ལས་མེད་པའི་ཕྱིར་རོ། །རྒྱུད་རྡོར་ཕྲེང་ལས་ཀྱང་དབང་བདུན་དབང་ཆོག་དང་འདྲ་ཞིང༌། ལུང་བསྟན་དང་དབུགས་དབྱུང་གཉིས་གཅིག་ཏུ་མཛད་དོ། །དཀྱིལ་འཁོར་དུ་གཞུག་པའི་སྐོར་ལ། དབང་ཆོག་ལས་དམ་ལ་བཞག་པ་དང༌། ཡེ་ཤེས་འབེབས་པ་དང༌། དཀྱིལ་འཁོར་སྟོན་པ་གསུམ་ལས་མ་གསུངས་པ་བཞིན་དུ། ཁ་སྐོང་མི་བྱེད་པར་དེ་ཙམ་ཞིག་ཁ་ཅིག་གིས་བྱེད་པ་ནི་ནོར་བ་ཆེན་པོ་ཡིན་ཏེ། དེ་ལྟ་ཡིན་ན་རྒྱུད་རྡོར་ཕྲེང་ལས་ཀྱང་དེ་ལྟར་གསུངས་པས། གསང་འདུས་མི་བསྐྱོད་པའི་དཀྱིལ་འཁོར་དུ་གཞུག་པའི་སྐོར་ལ་ཡང༌། གཞུག་པའི་སྐོར་ལྷག་མ་རྣམས་ཁ་སྐོང་བར་འགྱུར་བ་དང༌། བུམ་པ་སྟ་གོན་ཡང་མ་བཤད་པས་ཆུ་དབང་ཡང་བསྐུར་བ་མི་འཐད་པ་སོགས་ཀྱི་གནོད་པ་དུ་མ་ཡོད་པའི་ཕྱིར་རོ། །དེས་ན་རྗེ་བཙུན་ས་སྐྱ་པ་དང་བུ་རངས་པའི་ཕྱག་བཞེས་ལ་དབང་ཆོག་ནས་ཟིན་པ་ཙམ་མིན་པར་ཁ་སྐོར་བ་ལེགས་ཞེས་མཁས་པ་དག་གསུངས་པ་ནི་གྲུབ་ཆེན་གྱི་དགོངས་པ་ཡིན་ཏེ། དེ་ནས་སློབ་མ་བདག་འདྲར་བསམ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་དང༌།


JLD010_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཕྱི་རོལ་བསྟན་པ་གང༌། །ཐམས་ཅད་ནང་དུ་གནས་པའོ། །ཞེས་གསུངས་པའི་དབང་ལ་སོགས་པ་ཕྱི་དཀྱིལ་ལ་གསུངས་པ་རྣམས་ནང་ལུས་དཀྱིལ་ལ་བྱེད་པར་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་ལུས་ལས་ཕྱི་རོལ་ཏུ་ས་ལ་ཐིག་འདེབས་པ་སོགས་ཀྱི་སྒོ་ནས་ཕྱི་དཀྱིལ་དབང་གི་དོན་དུ་སྒྲུབ་པ་མེད་པས་སའི་ཆོ་ག་དང་སའི་ལྷ་མོ་ལྷག་གནས་མི་དགོས་སོ། །ཁ་ཅིག་ལྷ་ལ་སྙན་གསན་འབེབས་པའི་ལྷ་སྟ་གོན་མི་དགོས་ཏེ། ལྷ་གཞན་ནས་སྤྱན་དྲངས་མི་དགོས་པའི་ཕྱིར་རོ་ཞེས་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟ་ན་ལུས་དཀྱིལ་སྒོམ་པ་ལ་ཡང་ལྷ་གཞན་ནས་སྤྱན་དྲངས་མི་དགོས་པར་འགྱུར་བའི་ཕྱིར་རོ། །དེས་ན་རང་ལུགས་ལ་ལྷ་སྟ་གོན་ནི་ལྷ་ལ་སྙན་གསན་འབེབས་པ་ཙམ་མིན་གྱི། དཀྱིལ་འཁོར་ཚོན་གྱིས་འདྲི་བའི་དུས་ཀྱི་ལྷའི་གནས་གང་དུ་འོང་བའི་ཐད་དུ་དཀྱིལ་འཁོར་དེའི་ལྷ་བསྐྱེད་ནས་ལྷ་དེ་རྣམས་ལ་སྙན་གསན་འབེབས་པ་ཡིན་ལ། དེ་ལུས་དཀྱིལ་ལ་མི་དགོས་པའི་རྒྱུ་མཚན་གྱིས་ཡིན་ནོ། །བུམ་པ་སྟ་གོན་གསལ་བར་མ་གསུངས་ཀྱང་ཆུ་དབང་གི་སྐབས་སུ་རྣམ་རྒྱལ་སོགས་པའི་བུམ་པ་བླང༌། །པདྨའི་སྣོད་ལ་གནས་པའི་ཆུ། །ཞེས་རྣམ་རྒྱལ་ལ་སོགས་པའི་བུམ་པའི་ཆུ་བླངས་པ་ཐོད་པའི་སྣོད་དུ་གནས་པ་མི་བསྐྱོད་པར་བསྐྱེད་པར་གསུངས་ལ། རྣམ་རྒྱལ་གྱི་སོགས་ཁོངས་ནས་ལས་བུམ་འདོན་པ་དོན་མིན་པས། དབང་བསྐུར་བའི་བུམ་པ་གཞན་འདོན་དགོས་ལ། དེ་ལྟ་ན་རྣམ་རྒྱལ་གྱི་ནང་དུ་གཙོ་བོའི་སྐུ་ལ་ལུས་དཀྱིལ་ལྟར་ལྷ་


JLD010_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རེ་གཉིས་བཀོད་ནས་བུམ་པ་སྒྲུབ་པ་མིན་ཏེ། དེ་ཡིན་ན་ནི་རྣམ་རྒྱལ་དང་ལས་བུམ་ལས་གཞན་པའི་བུམ་པར་འཁོར་གྱི་ལྷ་བསྐྱེད་མི་དགོས་པའི་ཕྱིར་སོགས་ཀྱི་སྒྲ་སྨོས་པ་དོན་མེད་པའི་ཕྱིར་རོ། །དེའི་ཕྱིར་བུམ་པ་སྒྲུབ་ཚུལ་ལུས་དཀྱིལ་ལྟར་བྱེད་པ་ལེགས་པ་དང༌། བུམ་པ་རྙེད་ན་དགུ་བྱ་གསུང་བ་ནི་འཐད་པར་མི་སྣང་ངོ༌། །དབང་ཆོག་ལས་སློབ་མ་སྟ་གོན་མ་བཤད་པ་ལ། ཁ་ཅིག །སློབ་མ་ལ་ལྷ་རང་བཞིན་གྱིས་གྲུབ་པའི་ཕྱིར་དངོས་གྲུབ་འགྲུབ་མི་འགྲུབ་རྟོག་པའི་སོ་ཤིང་འདོར་བ་སོགས་ཀྱི་སློབ་མ་སྟ་གོན་མི་དགོས་ཟེར་བ་ནི། མ་གྲུབ་པའི་གཏན་ཚིགས་ལྟར་སྣང་ཆེན་པོ་ཡིན་ལ། དེ་ལྟ་ཡིན་ན་དྲི་མ་འཁྲུད་པའི་དབང་ལ་སོགས་པ་ཡང་མི་དགོས་པར་ཧ་ཅང་ཐལ་བའི་ཕྱིར་རོ། །སློབ་མ་སྟ་གོན་བྱས་ན་ནི་ལེགས་མོད་ཀྱང་། སྔ་མ་རྣམས་ཀྱི་ལུགས་ལ་མི་བྱེད་པ་ནི། སྔར་བདེ་མཆོག་གི་ཕྱི་དཀྱིལ་དུ་དབང་བསྐུར་བའི་ཚེ་སྟ་གོན་བྱས་པ་དང༌། དེ་ཡང་འདྲ་བ་ལ་བསམས་པ་འདྲའོ། །ཁ་ཅིག་སློབ་མ་སྟ་གོན་གྱི་དོན་དམ་ཚིག་དང་སྡོམ་པ་འཛིན་པ་ལ་བྱེད་པ་ནི་དོན་མིན་ནོ། །བུམ་པ་སྟ་གོན་བྱེད་པ་ལ། བུམ་པའི་གྲངས་ཅི་ཙམ་བྱེད་པ་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས་མང་དུ་གསུངས་པའི་ནང་ནས། འཁོར་ལོ་ལྔ་ལ་བུམ་པ་རེ་རེ་སྟེ་ལྔ་འམ།


JLD010_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་རྣམ་རྒྱལ་དང་ལས་བུམ་གཉིས་སུ་ཡང་བསྡུས་པས་ཆོག་པས། བུམ་པ་རྩ་བ་དང་ནག་ནོག་མེད་པའི་མཚན་ཉིད་ཚང་བ་དྲི་བཟང་དང་བཅས་པའི་ས་དཀར་གྱིས་བྱུག །བུམ་པ་ལྔ་ཡོད་ན་བདེ་ཆེན་གྱི་འཁོར་ལོའི་བུམ་པ་ལ་རྡོ་རྗེ་དང་གྲི་གུག་དང་རིན་པོ་ཆེ་དང༌། ཐུགས་འཁོར་གྱི་ལ་རྡོ་རྗེ་དང༌། གསུང་འཁོར་གྱི་ལ་པདྨ་དང༌། སྐུ་འཁོར་གྱི་ལ་འཁོར་ལོ་དང༌། དམ་ཚིག་གི་འཁོར་ལོའི་བུམ་པ་ལ་རལ་གྲིའི་མཚན་མ་བྲིས་པ་འདོགས་པའམ་ཡང་ན་བུམ་པའི་ལོགས་ལ་བྲི། བུམ་པ་གཅིག་ལས་མེད་ན་རྣམ་རྒྱལ་ལ་དེ་དག་བྲི་བའམ་གདགས། གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དང་གྲི་གུག་གི་མཚན་མ་གཉིས་ཙམ་ཡང་རུང་ངོ༌། །ལས་བུམ་ལ་དུམ་སྐྱེས་མའི་མཚན་མ་གྲི་གུག་བྲི་བའམ་གདགས། དར་རམ་རས་ཟུང་གི་མགུལ་ཆིངས་པྲོག་གསུམ་པ་ཅན་ལ་ཧཱུཾ་ལན་བདུན་བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས། ༀ་བཛྲ་ཤེ་ཀ་ར་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ། ཞེས་བཟླས་ལ་བཅིང་། དེ་ནས་བུམ་པ་ལ་གུ་གུལ་གྱིས་བདུག །ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་གྱིས་རྡེག་ལ་བགེགས་བསྐྲད། རྟ་གླང་དང་བོང་བུ་སོགས་ཀྱིས་མ་བགྲོད་པའི་ཆུ་གཙང་མ་སྲོག་ཆགས་མེད་པ་སྣོད་གཞན་ལ་མ་རེག་པར་བླངས་ལ་དྲི་བཟང་དང་བསྲེས་པས་རན་པར་དགང༌། དེ་དག་གི་ནང་དུ་གསེར་ལ་སོགས་པའི་རིན་པོ་ཆེ་ལྔ་དང༌། གྲོ་ལ་སོགས་པའི་འབྲུ་ལྔ་དང༌། ག་བུར་ལ་སོགས་དྲི་ལྔ་དང༌། བྲི་ཏཱ་ཏཱི་ལ་སོགས་པའི་སྨན་ལྔ་རྣམས་གཞུག །


JLD010_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཆུང་ན་རྣམ་རྒྱལ་དང་ལས་བུམ་གཉིས་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱའོ། །དེ་ཡང་རྣམ་རྒྱལ་ངེས་པར་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱ་བར་བཤད་པས་བུམ་པ་ལ་སོགས་པ་ནི་སློབ་མས་སྒྲུབ་པ་ཡིན་ནོ། །གཙོ་བོ་ཡིན་པ་དང་བྱ་བ་མང་བའི་ཕྱིར་རྣམ་རྒྱལ་གྱི་སྟེང་དུ་ཧཱུཾ་གིས་བསྔགས་པའི་དུང་ཆོས་སམ་ཐོད་པ་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་བཀང་བའི་སྟེང་དུ་རྡོ་རྗེ་མེ་ཏོག་གི་ཕྲེང་བ་དབུས་སུ་བཅིངས་པ་བཞག །བུམ་པ་ལྔ་ཡོད་ན་བདེ་ཆེན་འཁོར་ལོའི་བུམ་བ་དབུས་སུ་དང༌། གཞན་བཞི་ཕྱོགས་སུ་ཀུ་ཤའི་གདན་ལ་དགོད་དོ། །དེ་ནས་རང་ཉིད་གཙོ་བོའི་རྣལ་འབྱོར་བསྡུས་པ་བྱས་ལ་སྔོན་འགྲོའི་གཏོར་མ་བཏང༌། མཆོད་པ་བསང་སྦྱང་སོགས་བྱ། ཞལ་བཞི་པའི་སྔགས་སམ་དུམ་སྐྱེས་མའི་སྔགས་བརྗོད་ཅིང་ནང་མཆོད་གཏོར་བས་བགེགས་དང་མ་དག་པ་བསང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་ཨཱ་ལས་ཟླ་བའི་སྟེང་དུ་བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་སྐྱེད། བུམ་པ་ལྔ་ཡོད་ན་རིམ་པ་བཞིན་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་འཇིགས་བྱེད་དུས་མཚན་གྱི་གདན་དང༌། ཐུགས་གསུང་སྐུའི་འཁོར་ལོ་རྩིབས་བརྒྱད་པ་གསུམ་དང༌། ཕྱོགས་དང་མཚམས་སུ་རོ་གདན་བསྐྱེད། བདེ་ཆེན་འཁོར་ལོའི་བུམ་པའི་ནང་གི་


JLD010_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཧཱུཾ་བཾ་དང༌། འདབ་མ་ལ་ལཾ་མཾ་པཾ་ཏཾ་དང༌། འཁོར་ལོ་གསུམ་གྱི་བུམ་པར་རྩིབས་ཀྱི་སྟེང་དུ། ཀཾ་ཁཾ་གཾ་གྷཾ་ངཾ༌། ཙཾ་ཚཾ་ཛཾ་ཛྷཾ་ཉཾ། ཊཾ་ཐཾ་ཌཾ་ཌྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ། པཾ་ཕཾ་བཾ་བྷཾ་དང༌། སྒོ་མཚམས་མའི་བུམ་པའི་ནང་གི་གདན་གྱི་སྟེང་དུ་ཧཱུཾ་རིང་པོ་དང༌། དེ་རྣམས་ལས་རང་རང་གི་ཕྱག་མཚན་དང༌། དེ་ལས་རང་རང་གི་སྐུ་རྫོགས་པ་དང༌། ནང་གི་གྲྭ་བཞིའི་གནས་སུ་ཐོད་པ་བཞི་བསྐྱེད་དོ། །གཉིས་ལས་མེད་ན་རྣམ་རྒྱལ་གྱི་ནང་དུ་སྒྲུབ་ཐབས་བཞིན་དུ་མངོན་བྱང་ལྔ་ལས་པདྨ་དང་འཁོར་ལོ་གསུམ་དང་རོའི་གདན་གྱི་རྟེན་དང་བརྟེན་པ་ལྷ་དྲུག་ཅུ་རྩ་གཉིས་དུས་གཅིག་ཏུ་རྫོགས་པར་བསྐྱེད་ལ་རིམ་པ་བཞིན་དུ་གསལ་གདབ་བོ། །ལས་བུམ་དུ་སྣ་ཚོགས་པད་ཉིའི་གདན་ལ་དུམ་སྐྱེས་མ་པཾ་དང་གྲི་གུག་ལས་བསྐྱེད། གོ་བགོ །ཡེ་ཤེས་པ་གཞུག །དབང་བསྐུར་རྒྱས་གདབ། མཆོད་བསྟོད་རྣམས་སྒྲུབ་ཐབས་བཞིན་དུ་བྱའོ། །ལས་བུམ་དུ་ཁཎྜ་རོ་ཧི་བསྐྱེད་པར་བོད་ཀྱི་མཁས་པ་དག་བཞེད་དེ་རྒྱ་གར་བའི་གཞུང་མང་པོའི་དགོངས་པ་ཡིན་པས་ལེགས་སོ། །དེ་ནས་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་ལ་བཏགས་པའི་མེ་ཏོག་གི་ཕྲེང་བ་ནས་གཡོན་པའི་ཁུ་ཚུར་གྱིས་བཟུང༌། གཡས་པས་ཕྲེང་བ་བགྲང་ཞིང་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང༌། ཉེ་སྙིང་དང༌། ལྷ་གཞན་རྣམས་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་རེ་བཟླས། ལས་བུམ་ལ་ཞལ་བཞི་པའི་སྔགས་དང༌། དུམ་སྐྱེས་མའི་སྔགས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་


JLD010_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཧཱུཾ་ཞེས་པ་ཅི་མང་དུ་བཟླས་ལ། སྔགས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་བསམ། དེ་ནས་དུང་ཆོས་ཀྱི་ཆུ་ལ་དམིགས་ནས། ༀ་བཛྲ་ཨ་མྲི་ཏ་ཨུད་ཀ་ཧཱུྃ། ཞེས་དང༌། ཡི་གེ་གསུམ་བཟླས་ཏེ་བསྔགས་པས་དུང་ཆོས་ཀྱི་ཆུའི་རྡུལ་ཕྲ་རབ་རྣམས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བསམས་ལ། ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་གཙོ་བོའི་སྔགས་དང་ཧཱུཾ་ལན་བདུན་བཟླས་ནས་བུམ་པ་རྣམས་སུ་དུང་ཆོས་ཀྱི་ཆུས་མཆོད་ཡོན་དབུལ། ལས་ཐམས་ཅད་པ་བཟླས་པའི་མེ་ཏོག་དཀར་པོ་གསུམ་ཡང་གཞུག །དེ་ནས་མེ་ཏོག་སོགས་ཀྱིས་མཆོད་ལ། ལས་བུམ་གྱི་ཆུས་བསངས་ལ་དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པ་དེ་སྲིད་དུ་བགེགས་རྣམས་ཟློག་པར་མཛོད་ཅིག་ཅེས་བརྗོད་དེ་བུམ་པ་སྟ་གོན་ནོ། །འདིར་རང་ཉིད་གང་འཇུག་པ་དང་སློབ་མ་གང་དུ་གཞུག་པའི་དཀྱིལ་འཁོར་སྒྲུབ་པ་ནི་ལུས་ཀྱི་དཀྱིལ་འཁོར་དུ་ངེས་མོད་ཀྱང༌། དེའི་སྒྲུབ་ཚུལ་ཅི་འདྲ་ཞིག་ཡིན་སྙམ་ན། འདི་ལ་ཁ་ཅིག་ནི་མདུན་དུ་ཕྱི་དཀྱིལ་ལྟར་ལྷ་རེ་གཉིས་ཀྱི་དཀྱིལ་འཁོར་བསྐྱེད་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་ཐ་མི་དད་དུ་སྒོམ་པར་འདོད། ལ་ལ་ནི་


JLD010_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ཀྱི་སྟེང་བསྲུང་འཁོར་གྱི་ནང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་འཁོར་ལོ་ལྔ་ལྡན་གྱི་ལྟེ་བར་བླ་མ་ཧེ་རུ་ཀ་དང་ཐ་མི་དད་པའི་ལུས་ལ་ལུས་དཀྱིལ་ཚང་བ་སྒོམ་པར་བཞེད། གཞན་དག་བདག་བསྐྱེད་ཀྱི་ལུས་དཀྱིལ་གྱི་ཧེ་རུ་ཀ་ལས་རང་ཆ་གཉིས་པར་བྱེ་ནས་མཆོད་བསྟོད་ནས་གཏོར་མའི་བར་བྱས་ནས་རང་གི་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བཞེད་པ་ཡོད་ཀྱང༌། རང་གི་བླ་མ་ཕྱིའི་ཧེ་རུ་ཀའི་ལུས་ལ་རྟེན་བརྟེན་པར་བཅས་པ་ཚང་བར་སྒོམ་པ་ཉིད་དྲིལ་བུ་པའི་གཞུང་གི་དགོངས་པ་ཡིན་པས། རྩ་བའི་བླ་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་བསྒོམས་ནས་བདག་ཉིད་སངས་རྒྱས་སུ་བསྐྱེད་ལ་མཆོད་བསྟོད་བྱ་ཞེས་ཟེར་རོ། །དེའི་དང་པོ་ནི་མི་འཐད་དེ། འདིར་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དགོས་ལ་དེ་ལ་ལུས་དཀྱིལ་སྒོམ་པ་མི་སྣང་བའི་ཕྱིར་རོ། །གཉིས་པ་ཡང་མིན་ཏེ། འདིའི་ལུས་དཀྱིལ་སྒྲུབ་པ་ལ་གཞལ་ཡས་ཁང་ལ་འཁོར་ལོ་ལྔ་སྒོམ་པ་མི་དགོས་པའི་ཕྱིར་དང༌། དབང་སྐུར་བྱེད་མཁན་ལ་དབང་བསྐུར་བའི་བླ་མའི་ལུས་དཀྱིལ་སྒོམ་པ་འགོག་པར་འགྱུར་བའི་ཕྱིར་རོ། །བཞི་པ་ཡང་མི་རིགས་ཏེ་འདིའི་དཀྱིལ་འཁོར་སྒྲུབ་པ་དབང་བྱེད་མཁན་ལ་དབང་བསྐུར་བའི་བླ་མའི་ལུས་ཀྱི་དཀྱིལ་འཁོར་སྒོམ་པ་ཡིན་ན། སློབ་མས་མེ་ཏོག་འདོར་བའི་ཚེ་དབང་བྱེད་མཁན་གྱི་སྙིང་གའི་ནང་གི་ཧེ་རུ་ཀ་ལ་འབུལ་བ་མི་རིགས་ཏེ། དབང་གི་དཀྱིལ་འཁོར་གཞན་དུ་བསྒྲུབས་


JLD010_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གཞན་དུ་མེ་ཏོག་འདོར་བ་མི་འཐད་པའི་ཕྱིར་དང༌། དཀྱིལ་འཁོར་སྟོན་པ་ན་དབང་བྱེད་མཁན་གྱི་ལུས་ཀྱི་དཀྱིལ་འཁོར་སྟོན་པ་མི་རིགས་པའི་ཕྱིར་དང༌། དབང་གི་རྣམ་དག་འཆད་པ་ན་དབང་བྱེད་མཁན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་པར་འཆད་པ་འགལ་བའི་ཕྱིར་ཏེ། དབང་གི་དཀྱིལ་འཁོར་གང་དུ་བསྒྲུབས་པ་དེར་བུམ་དབང་ཐོབ་དགོས་པའི་ཕྱིར་དང༌། དཀྱིལ་འཁོར་གང་བསྒྲུབས་པ་དེ་ཉིད་སློབ་མ་ལ་སྟོན་དགོས་པའི་ཕྱིར་རོ། །དེས་ན་འདིའི་དཀྱིལ་འཁོར་སྒྲུབ་པ་ནི། ལུས་དཀྱིལ་སྒྲུབ་པར་ངེས་ལ། དེ་ལ་ཡང་ལུས་སྤྱི་ཙམ་པ་དང་སློབ་མའི་ལུས་དང་དབང་བྱེད་མཁན་གྱི་བླ་མའི་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་མིན་གྱི། གཞན་ལ་དབང་བསྐུར་མཁན་དང་རང་བདག་འཇུག་བྱེད་མཁན་གྱི་ལུས་དཀྱིལ་འཁོར་དུ་སྒྲུབ་པ་དགོངས་པ་ཡིན་ལ། དེ་ཡང་སྒྲུབ་ཐབས་བཞིན་དུ་བདག་བསྐྱེད་ཀྱི་ལུས་དཀྱིལ་སྒོམ་པ་ཉིད་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་ཡིན་གྱི་ལོགས་པ་མེད་དོ། །དབང་ཆོག་ལས་ཀྱང༌། དང་པོར་རེ་ཞིག་འཁོར་ལོ་གསུམ། །བདག་ཉིད་རྡོ་རྗེ་སློབ་དཔོན་རང། །དེ་ནས་སློབ་མ་བདག་འདྲར་བསམ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་གཞན་ལ་དབང་བསྐུར་བའི་དང་པོར་རྡོ་རྗེ་སློབ་དཔོན་རང་ཉིད་འཁོར་ལོ་གསུམ་གྱི་བདག་ཉིད་དུ་སྒོམ་ཞེས་གསུངས་ཏེ། འདི་ནི་སྔོན་དུ་མངོན་རྟོགས་བསྒོམས་ནས་ལུས་དཀྱིལ་


JLD010_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཡིན་ནོ། །གཞུང་དེ་ཡང་རྒྱུད་རྡོ་རྗེ་འཕྲེང་བ་ལས། འཁོར་བ་འདི་དག་དཀྱིལ་འཁོར་ཏེ། །རང་བཞིན་དག་པ་གཉིས་མེད་པའོ། །ཐོག་མར་དཀྱིལ་འཁོར་རྣལ་འབྱོར་བདག །རྡོ་རྗེ་སློབ་དཔོན་རང་ཉིད་སྒོམ། །སློབ་མ་བདག་ཉིད་འདྲར་དམིགས་ནས། །དེ་འོག་ཐམས་ཅད་རབ་བསྒྲུབ་བྱ། །ཞེས་པ་བཀོད་པར་སྣང་ལ། རྒྱུད་དེ་ལས་ཕྱི་ནང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐུན་མོང་བའི་དབང་དུ་མཛད་ཀྱང༌། འདིར་ནི་ལུས་དཀྱིལ་རྐྱང་བར་དབང་བསྐུར་བའི་དབང་དུ་མཛད་དོ། །དེའི་ཕྱིར་ལུགས་གསུམ་པས་རང་ཉིད་ཀྱིས་ལུས་དཀྱིལ་བསྒོམས་པའི་ཧེ་རུ་ཀ་ལས་ཆ་གཉིས་པར་ཕྱེ་ནས་བདག་འཇུག་ལེན་པར་བཞེད་པ་ལེགས་ཤིང༌། གཞན་ལ་དབང་བསྐུར་བ་ན་བདག་འཇུག་ཟིན་པ་དང་སླར་ཡང་ཧེ་རུ་ཀ་དང་དབྱེར་མེད་དུ་བྱས་ལ་སློབ་མ་ལ་དབང་བསྐུར་ཏེ། དཔེར་ན་ཕྱི་དཀྱིལ་དུ་དབང་བསྐུར་བ་ན་བདག་མདུན་ཐ་མི་དད་དུ་བསྒྲུབས་པ་ཡིན་ན་བདག་འཇུག་གི་དུས་སུ་གཙོ་བོ་ལས་ཆ་གཉིས་པར་ཕྱེ་ནས་བྱེད་ཅིང༌། གཞན་ལ་དབང་བསྐུར་བའི་ཚེ་རང་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་དབྱེར་མེད་དུ་བྱེད་པ་བཞིན་ནོ། །དེ་ལྟར་བདག་འཇུག་བྱས་པའི་མཐར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་བཞིན་ཉིད་ལས་ངེས་པར་སྐྱེ། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་


JLD010_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་ལེགས་པར་བརྟགས་པའི་སློབ་མ་མཚན་ཉིད་དང་ལྡན་པ་རྣམས་ཁྲུས་བྱས། ཕྱག་འཚལ་གདན་ལ་འཁོད་དེ་མཎྜལ་ཕུལ་ཐལ་མོ་སྙིང་གར་སྦྱར་བ་དང་བཅས་པས་མེ་ཏོག་བཟུང་ལ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་བླ་མས་སྔར་བཤད་པ་བཞིན་དཀྱིལ་འཁོར་དང་དབང་སྤྱིའི་རྣམ་གཞག་དང༌། ཁྱད་པར་དུ་ལུས་དཀྱིལ་དང་དེའི་དབང་ཁྱད་པར་དུ་འཕགས་པའི་ཚུལ་རྣམས་སློབ་མ་ལ་བཤད་ལ། ལས་ཐམས་ཅད་པ་བཟླས་པའི་དར་དམར་པོའམ་སེར་པོས། ༀ་ཙཀྵུ་བནྡྷ་བ་ར་མ་ན་ཡ་ཧཱུཾ། ཞེས་པས་མིག་དར་བཅིང༌། ཨཱཿ ཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་འཛིན་དུ་གཞུག །ལས་ཐམས་ཅད་པའི་བུམ་ཆུས་བསང༌། སློབ་མ་གཙོ་བོར་གསལ་བའི་གནས་གསུམ་དུ་ཉི་མ་དང་ཟླ་བའི་གདན་ལ་ཧཱུཾ་སྔོན་པོ། ཨཱཿ དམར་པོ། ༀ་དཀར་པོ་བཀོད་དེ་དེའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ། བླ་མས་བུ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲི། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡིས་བུ་ལ་


JLD010_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་བྱ། སངས་རྒྱས་མཆོག་གི་དམ་ཚིག་བགྱི་འཚལ་ཞེས་ལན་བཏབ་པས་རིགས་དང་མོས་པ་ཤེས་པར་བྱ། ཐལ་མོ་སྦྱར་རྐང་པ་མཉམ་པར་འདུག་པ་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་ལ་སེམས་བསྐྱེད། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་དྲན་པར་བྱས་ལ། དེ་ཉིད་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་སྒོམ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པར་མོས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་བསྐྱེད་དེ། ༀ་སརྦྦ་ཡོ་ག་ཅིཏྟཾ་ཨུཏྤ་ཏ་ཡཱ་མི། ཞེས་བརྗོད་དུ་གཞུག་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད། དེས་ནི་ལམ་གཞན་དུ་མི་ལྡོག་པར་རིགས་ངེས་པར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་ཁར་བཟུང་ལ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད་དེ་


JLD010_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བར་གདམས། རྡོ་རྗེ་ལ་ལག་པ་གཉིས་ཀྱིས་འཇུས་ཏེ། ཧཱུཾ་ཛཿ ཧཱུཾ་ཞེས་བརྗོད་དེ་བླ་མའི་ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྐྱེད་པའི་ཤར་སྒོར་འདུག་པར་བསམ།དེ་ནས་བླ་མ་དང་ལྷ་ལ་སྐྱབས་སུ་འགྲོ་བའི་བསམ་པས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་རྩ་ཉོན་མོངས་ཆོད་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཅེས་གསོལ་བ་གདབ་བོ། །དེ་ནས་བླ་མས་ཕྱིའི་ཧེ་རུ་ཀའི་ང་རྒྱལ་འཇིན་པས། ནང་ལུས་དཀྱིལ་གྱི་ལྷ་ལ་སློབ་མ་གཞུག་པའི་དོན་དུ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བ་བཏབ་པས་ལྷས་གནང་བ་བྱིན་པར་བསྒོམས་ལ། སློབ་མ་ལ། གོང་ནས་གོང་གི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་སྡོམ་པ་འཛིན་པར་གདམས་ནས། སློབ་མས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་ཐམས་ཅད་གཟུང་བར་བྱའོ་སྙམ་དུ་བསམས་ལ་བླ་མའི་རྗེས་ཟློས་བྱ་སྟེ། སངས་རྒྱས་བྱང་


JLD010_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང༌། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །


JLD010_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབྱུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་གཞུག་ལ་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང༌། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཧེ་རུ་ཀ་དཔལ་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་སྲུང༌། །ཞེས་པས་རྩ་ལྟུང་བཅུ་བཞི་དང་ཡན་ལག་གི་ཉེས་པ་བརྒྱད་ཀྱི་བཅས་པ་དམ་ཚིག་ཉི་ཤུ་རྩ་གཉིས་གཟུང་ངོ༌། །དེ་ནས་བྱིན་གྱིས་བརླབ་པའི་སྔོན་འགྲོར་སྦྱང་བ་བྱ་བ་ལ། གཏོར་མ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ༀ་སརྦྦ་བིགྷྣན་ནམཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དཾ་བ་ལི་ཏ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་གཏོར་མས་སློབ་མ་ལ་ཕྱིར་ལ་བསྐོར། ཏིང་ལོའི་མར་མེ་དང་ཆངས་བུས་ཀྱང་ཕྱིར་ལ་བསྐོར་ཞིང་ཞལ་བཞི་པའི་སྔགས་བཟླས། ཆེ་གེ་མོ་ལུས་ཀྱི་དཀྱིལ་


JLD010_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་འཇུག་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་གདུག་པའི་སེམས་ཞི་ཞིང་། ཞི་བ་དང་ཕན་པའི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཞིག །ཅེས་བརྗོད་ལ་ཞལ་བཞི་པའི་སྔགས་བཟླས་གུ་གུལ་གྱི་དུད་པས་བདུག །ཡུངས་ཀར་གྱིས་བྲབས་ཏེ་བགེགས་སྦྱང་བའོ། །དེ་ནས་སློབ་མའི་སྡིག་སྒྲིབ་ཐམས་ཅད་སྙིང་ཁར་བཾ་ནག་པོའི་རྣམ་པར་གྱུར་པ་སྣ་སྒོ་ནས་འཐོན་ནས་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ། མེ་བསངས་ཏེ་ཡེ་ཤེས་ཀྱི་མེར་བསྐྱེད་པའི་ནང་དུ་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞལ་གདངས་པ་བསྐྱེད་ནས་དེའི་ཞལ་དུ་ཕུལ་བས་གསོལ་བར་བསམ་ཞིང༌། ༀ་བཛྲ་ཌཱ་ཀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦྦ་པཱ་པཾ་ད་ཧ་ན་བྷ་སྨི་ཀུ་རུ་སྭཱཧཱ། ཞེས་བརྗོད་ཅིང་ལག་པ་གཡས་གཡོན་གྱིས་ཏིལ་བཟུང་སྟེ་གཡས་དང་གཡོན་དུ་བསྐོར་ནས་གཡས་ཀྱིས་མེ་ནང་གི་ཁྲོ་བོའི་ཞལ་དང་གཡོན་དུ་རྒྱ་མཚོ་ཆེན་པོའི་ཆུ་བོར་དོར་བར་བསམས་ལ། མེ་དང་ཆུར་དོར་བར་བྱ་སྟེ་སྡིག་པ་སྦྱང་བའོ། །མེ་ནང་དུ་རྡོ་རྗེ་མཁའ་འགྲོ་བསྐྱེད་པ་དང་མི་བསྐྱེད་པ་གཉིས་ཡོད་ཀྱང་བསྐྱེད་པ་སྔགས་དོན་དང་མཐུན་ནོ། །དེ་ནས་ལས་ཐམས་ཅད་པའི་སྔགས་བཟླ་ཞིང༌། ཇི་ལྟར་བལྟམས་པ་སོགས་ཀྱི་ཚིགས་བཅད་དང་སྔགས་བརྗོད་ལ། ལས་བུམ་གྱི་ཆུས་ཁྲུས་བྱ་སྟེ་དྲི་མ་སྦྱང་བའོ། །བྱིན་གྱིས་བརླབ་པ་དངོས་ནི། སྭ་བྷཱ་ཝའི་སྔགས་ཀྱིས་


JLD010_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པར་སྦྱངས་ལ། སློབ་མ་རྣམས་སྣ་ཚོགས་པད་ཉིའི་གདན་ལ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པ་རེར་སྒོམ་དུ་བཅུག་ལ་ནང་ལུས་དཀྱིལ་དང་བཅས་པ་བསྐྱེད། གོ་ཆ་བགོ །ཡེ་ཤེས་པ་གཞུག་པའི་དུས་སུ་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ལྷ་སོ་བདུན་གྱི་རྣམ་པར་སྤྱན་དྲངས་ཨཱ་ལི་ཀཱ་ལི་ལྔ་བཅུར་གྱུར་ཏེ། དེ་ཡང་ལུས་ཀྱི་སྟོད་ལ་ནག་པོ། བར་ལ་དམར་པོ། སྨད་ལ་དཀར་པོའི་རྣམ་པས་ཞུགས་ནས་སྙིང་གར་ཐིམ་པར་བསམ་མོ། །ཆོ་ག་འདི། དེ་ནས་སློབ་མ་བདག་འདྲར་བསམ། །ཞེས་པའི་དོན་མིན་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང་དེ་ལྟར་འབྱུང་ཡང་འདི་དང་འདིའི་དོད་གང་ཡང་མ་བྱུང་བས་སོ། །དེས་ན་དེའི་དོན་ནི་སྔར་བཤད་པ་ལྟར་སློབ་མ་གཙོ་བོར་བསྐྱེད་པ་ཡིན་ལ། འདི་བླ་མ་གོང་མའི་ཕྱག་བཞེས་སུ་སྣང་ཞིང་དེ་ཡང་དཀྱིལ་འཁོར་དུ་འཇུག་པ་དངོས་གཞིའི་དོད་ཡིན་པས། སློབ་མ་དང་ལྷ་རྣམས་སྐལ་བ་མཉམ་པར་བྱེད་པར་བཤད་པ་ལྟར་ལེགས་སོ། །དེ་ནས་དམ་ལ་བཞག་པ་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས།


JLD010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དེ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པའོ། །འདིའི་དུས་སུ་སློབ་མའི་ལག་པ་ནས་བཟུང་ནས་བྱེད་པ་ལྭ་བ་པ་དང་མི་ཐུབ་ཟླ་བས་བཤད་ལ། བོད་ཀྱི་བླ་མ་རྣམས་མགོ་བོར་རྡོ་རྗེ་བཞག་སྟེ་བྱེད་དོ། །དེ་ནས་མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང༌། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། ཞེས་བརྗོད་དོ། །སྙིང་ཁར་རྡོ་རྗེ་བཟུང་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་དེ་དམ་ཚིག་མ་བསྲུངས་པའི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའོ། །ཐོད་པར་གནས་པའི་བདུད་རྩི་ལྔ་ལ་ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་མཐེ་བོང་དང་མིང་མེད་ཀྱིས་ཐོད་པ་ནས་བཟུང་སྟེ་སྦྱིན་ཞིང༌། འདི་ནི་བུ་ཁྱོད་བདུད་རྩི་སྟེ། །མ་བསྲུངས་སྲེག་པར་བྱེད་པའི་དུག །བསྲུངས་ན་དངོས་གྲུབ་འགྱུར་བ་སྟེ། །བདུད་རྩི་ལྔ་ཡི་ཆུས་འགྲུབ་པའོ། །ༀ་པཉྩ་ཨ་མྲྀ་ཏ་ཨུད་དཀ་ཋཿཋཿཋཿ ཞེས་བརྗོད་དེ་དམ་ཚིག་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་ཁྱོད་ཀྱིས་སྨད་པར་མི་བྱ་ཞིང༌། །དམ་ཚིག་འགལ་བར་མི་བྱ་སྟེ། །དམྱལ་ལ་སོགས་པར་འགྲོ་འགྱུར་རོ། །དེང་ནས་བརྩམས་ནས་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །


JLD010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཡ་ང་བ་མ་སྤངས་བར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་དེ་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པའོ། །འདི་བརྗོད་པའི་དུས་སུ་སློབ་མའི་ལག་པ་ནས་བཟུང་ནས་བྱེད་པར་ཀླུ་བྱང་གིས་གསུངས་སོ། །དེ་ནས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི་སློབ་མས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀས་བདག་ལ་དབབ་པར་མཛོད་ཅིག །ཅེས་གསོལ་བ་གདབ། བླ་མ་བདེ་མཆོག་གི་གཟུགས་ཅན་གཡས་བརྐྱང་དུ་གནས་པས། སློབ་མ་ཡང་དེ་ལྟར་གནས་ཤིང་ཐལ་མོ་སྙིང་ཁར་སྦྱར་བའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་དཀྱིལ་སྔོན་པོ་གཞུ་ལྟ་བུ་གཡོ་བའི་བ་དན་གཉིས་ཀྱིས་མཚན་པ། རྐང་མཐིལ་དུ་ཛྷཻཿ དམར་པོ་རེ་རེ། ལྟེ་བར་རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་རས་མཚན་པ། སྙིང་ཁར་ལཾ་ལས་ས་དཀྱིལ་སེར་པོ་གྲུ་བཞི་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། སྤྱི་བོར་བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། སྙིང་གི་ནང་དུ་ཧེ་རུ་ཀ་ཡབ་ཡུམ་མཚོན་གང་བ་ཞིག་བསམ། དེ་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རླུང་ལ་ཕོག །ཛྷཻཿ ཡིག་གཉིས་འོག་གི་རླུང་གིས་བསྐྱོད་པས་རྐང་མཐིལ་གྱི་བུ་ག་ནས་ཞུགས་པ་ལྟེ་བའི་བར་དུ་བུས་པས་དེའི་མེ་དང་ཕྲད་ནས་གྱེན་དུ་འབར་བས་སྙིང་ཁའི་ས་བསྲེགས་ཤིང་སྤྱི་བོའི་ཆུ་བསྐོལ་བ་ལས་བདུད་རྩི་འཛགས་


JLD010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚིམ་ཞིང་འོག་གི་རླུང་གིས་བར་སྣང་ལ་བཏེག་པར་བསམ། དེའི་ཚེ་སྙིང་གའི་ནང་གི་ཧེ་རུ་ཀ་ཡབ་ཡུམ་མཚོན་གང་བ་གློག་འཁྱུག་པ་ལྟར་གར་བྱེད་ཅིང༌། ཡབ་ཡུམ་གྱི་གསང་གནས་བསྐྱོད་པས་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམ་མོ། །དེ་ནས་བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་འཁོར་ལོ་བདེ་མཆོག་གི་ལྷའི་རྣམ་པར་སྤྱན་དྲངས། རང་གི་ལུས་ལ་ཆར་ཆེན་པོ་བབ་པ་བཞིན་དུ་བ་སྤུའི་སྒོ་ཐམས་ཅད་ནས་ཞུགས་ཤིང་གཉིས་སུ་མེད་པར་ཐིམ་པར་བསམ་ཞིང༌། གཡོན་གྱིས་དྲིལ་བུ་དཀྲོལ་ཞིང་གཡས་པས་བདུག་པས་བདུགས་ནས་སྔགས་བརྗིད་བག་དང་བཅས་པས་བརྗོད་དེ་དབབ་བོ། །སྔགས་ནི་ཡབ་ཡུམ་གཉིས་ཀྱི་སྙིང་པོ་གཉིས་ཀྱི་མཐར། ༀ་ཏིཥྛ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ་ཤྲཱི་ཧེ་རུ་ཀཱ་ཡ་བིདྨ་ཧེ་བིདྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭཱཧཱ། ཞེས་པ་སྟེ་འདིས་དཔའ་བོ་བསྐུལ་བར་བྱའོ། །བདུག་པའི་རྫས་ནི་བུད་མེད་ཀྱི་འདོམས་དཀྲིས་ཟླ་མཚན་གྱིས་གོས་པ་གཏུགས་པ་ལ་ཤ་ལྔ་དང་བདུད་རྩི་ལྔ་དང་བྱི་ལའི་བྲུན་གྱིས་བྱུག་ཅིང་གུ་གུལ་དང་བསྲེས་པའོ། །བདུག་པའི་ཚུལ་ནི་པོད་ཕོར་དུ་བཞག་པའི་རོ་སོལ་གྱི་མེ་ལ་བསྲེགས་ནས་འདུག་གོ །འདིར་དབང་ཆོག་ལས། རྐང་པ་གཡོན་བརྐྱང་ལ་གནས་པས། །འཁོར་ལོ་གསུམ་བདག་ཁྲོ་བོ་འབབས། །ཞེས་གཡོན་བརྐྱང་དུ་བཤད་པ་ནི་འགྱུར་ནོར་བ་སྟེ་རྒྱུད་རྡོར་ཕྲེང་ལས། ཁྲོ་བོ་རྡོ་རྗེ་གསུམ་བདག་ཉིད། །གཡས་བརྐྱང་པ་ཡི་གནས་པས་གནས། །ཞེས་གསུངས་པའི་ཕྱིར་དང༌།


JLD010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བརྗོད་འབུམ་པ་ལ་བརྟེན་ནས་བདེ་མཆོག་གི་ཡེ་ཤེས་འབེབས་པ་ལ་དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་ཡང་དཔོན་སློབ་གཉིས་ཀ་བདེ་མཆོག་གཡས་བརྐྱང་དུ་གནས་པར་བཤད་ཅིང༌། འདིར་གཡོན་བརྐྱང་དམིགས་བསལ་ལ་ཡང་འོད་དོན་མེད་པའི་ཕྱིར་རོ། །ཡེ་ཤེས་འབེབས་པ་ལ་སྙིང་ཁར་ཧེ་རུ་ཀ་སྒོམས་པ་གཞུང་གཞན་ནས་མ་བཤད་ཀྱང༌། ཐོད་པའི་དཀྱིལ་ཆོག་ལས་མ་ཕེབས་པའི་སྤོགས་ཆོག་ལ་སྙིང་གར་སངས་རྒྱས་ཐོད་པ་ཡབ་ཡུམ་ཡུངས་ཀར་ཙམ་ཞིག་བསྒོམས་ལ། དེའི་མཁའ་གསང་བསྐྱོད་ལས་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམས་ལ། སྔགས་བཏོན་ནས་དབབ་པར་བཤད་པ་དང་མཐུན་ནོ། །སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། ༀ་ཏིཥྛ་བཛྲ་ཞེས་བརྗོད་དེ་བབས་པ་བརྟན་པར་བྱའོ། །སློབ་མས་མེ་ཏོག་གི་ཕྲེང་བ་བླ་མའི་ཐུགས་ཀའི་ཧེ་རུ་ཀ་ལ་ཕུལ་བར་བསམས་ལ། པྲ་ཏཱིཙྪ་བཛྲ་ཞེས་བརྗོད་དེ་བླ་མའི་ཕྱག་ཏུ་དབུལ། བླ་མས་མེ་ཏོག་གི་ཕྲེང་བ་དེ། ༀ་པྲ་ཏི་གྲྀཧྞ་སྟྭཾ། ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཞེས་བརྗོད་དེ་སློབ་མའི་མགོ་བོ་ལ་བཅིང༌། དེ་ནི་སེམས་དཔའ་སྟོབས་པོ་ཆེ་ཞེས་མེ་ཏོག་ཕོག་པའི་ལྷ་ལ་བོས་ནས། སློབ་མ་པ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་ཟུངས་ཤིག །ཅེས་ལྷ་ལ་སློབ་མ་གཏད་པས། ལྷ་དེས་དེའི་བར་དུ་རྗེས་སུ་འཛིན་པའི་ཐབས་ཟབ་མོའོ། །དེ་ནས་སློབ་མའི་སྙིང་ཁར་ཉི་མ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ༀ་རེ་རེ་བསམས་ལ། ཧཱུཾ་གིས་བསྐུལ།


JLD010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་གྱིས་སྡིག་སྒྲིབ་བསྲེགས། ༀ་གྱིས་འོད་གསལ་བར་བྱས་ནས་མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་བསམས་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ནཻ་ཏྲཾ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་བརྗོད་ལ་གདོང་གཡོགས་དབྱེའོ། །དེ་ནས་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་བསྟན་པར་བྱ་སྟེ། རང་བཞིན་གྱིས་ནི་དག་པའི་བདག །ལུས་ནི་རང་བཞིན་དྲི་མ་མེད། །དཔའ་དང་དཔའ་མོ་དབང་མོའི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །དེ་ནས་གནས་དང་ཉེ་གནས་སོགས། །བདག་ཉིད་དཀྱིལ་འཁོར་ལུས་དཀྱིལ་འཁོར། །ལ་གནས་བྱང་ཆུབ་ཕྱོགས་ཀྱི་ཆོས། །སུམ་ཅུ་རྩ་བདུན་རང་བཞིན་ཏེ། །རྩ་ནི་སུམ་ཅུ་རྩ་བདུན་པོ། །ལྷ་ཡི་འཁོར་ལོ་དཀྱིལ་འཁོར་པ། །དཔལ་ནི་ཧེ་རུ་ཀ་ཡི་ནི། །ཡན་ལག་ཡན་ལག་ཉེར་བསྟན་བྱ། །ཞེས་བརྗོད་ལ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་གནས་ལ་སོགས་པ་བཅུའི་བདག་ཉིད་ཀྱི་རྩ་དང་ཁམས་རྣམས་བྱང་ཕྱོགས་སོ་བདུན་གྱི་ངོ་བོའི་ལྷ་སོ་བདུན་དུ་བསྒྲུབས་པའི་བརྟེན་པའི་དཀྱིལ་འཁོར་དང༌། ལུས་འདོམ་གང་གྲུ་བཞི་ལ་སོགས་པ་སྒྲུབ་ཐབས་སུ་བཤད་པ་ལྟར་རྟེན་གྱི་དཀྱིལ་འཁོར་བློའི་ཡུལ་དུ་བསྟན་པར་བྱ་སྟེ། དཀྱིལ་འཁོར་དུ་གཞུག་པའི་སྐོར་གྱི་ཆོ་གའོ། །དེ་ནས་ལུས་ཀུན་ནས་འདུད་པའི་ཕྱག་དང་མཎྜལ་བྱས་ལ། ཆོས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་


JLD010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །ཅེས་ལན་གསུམ་གསོལ་བ་གདབ། བུམ་པ་སོ་སོ་བ་ཡོད་ན་རྣམ་རྒྱལ་ལ་སོགས་པའི་བུམ་པའི་ཆུ་རྣམས་བསྡུས་ནས་པདྨའི་སྣོད་ཅེས་པ་ཐོད་པར་བཞག །མེད་ན་མི་དགོས་སོ། །སློབ་མ་དང་དབང་རྫས་ཀྱི་ཆུ་ལས་བུམ་གྱི་ཆུས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་སློབ་མ་དང་དབང་རྫས་ཀྱི་ཆུ་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པའི་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་མཱ་མ་ཀཱི་སྔོན་མོ་རང་དང་འདྲ་བས་ཡབ་ལ་འཁྱུད་པ། ཡབ་ལ་ཕྱག་རྒྱ་དྲུག་དང༌། ཡུམ་ལ་ཕྱག་རྒྱ་ལྔས་བརྒྱན་ཅིང་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པར་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ། ཛཿ ཧཱུཾ་བཾ་ཧོཿ ཞེས་པས་དགུག་གཞུག་བཅིང་མཉེས་བྱ། དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་རྫས་ཀྱི་ལྷ་ལ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ཏེ་མི་བསྐྱོད་པས་དབུ་བརྒྱན། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་ཞུ་བའི་བུམ་པའི་ཆུར་བསམ་མོ། །འདིར་ཁ་ཅིག་བུམ་ཆུ་མི་བསྐྱོད་པར་མི་བསྐྱེད་པར་བུམ་པ་མི་བསྐྱོད་པར་བསྐྱེད་པ་ཞུ་བ་


JLD010_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་ཆུར་བྱེད་པ་ནི་ཤིན་ཏུ་རགས་པ་ལ་འཁྲུལ་བའོ། །དེ་ནས་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པ་ནམ་མཁར་སྤྱན་དྲངས་ལ་མཆོད་དེ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་སློབ་མ་ལ་ཆུ་དབང་བསྐུར་བའི་དོན་དུ་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་བཅས་པས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔས་བཀང་བ་བཟུང་ནས་སྤྱི་བོ་ནས་དབང་བསྐུར་བར་བསམ་སྟེ། སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་པར་རྣམས་མ་གཏོགས་པ་ཅོད་པན་ལ་སོགས་པ་དབང་ལྷག་མ་རྣམས་ལའང་དེ་ལྟར་བྱའོ། །དེ་ནས་སློབ་དཔོན་དང་ལས་ཀྱི་རྡོ་རྗེས་དབང་གི་བུམ་པ་ཐོགས་ནས། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ངེས་འབྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཅེས་བརྗོད་དེ་སློབ་མ་ལ་ཤིས་བརྗོད་བྱའོ། །དེ་ནས་སློབ་དཔོན་གྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །


JLD010_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་ཙཀྲ་བཱི་ར་སྟྭཾ་ཨ་བྷི་ཥིཙྪ་མི། ཞེས་བརྗོད་དེ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ཅིང་འཐུང་དུའང་གཞུག་གོ །སྔགས་སྔ་མའི་མཇུག་ཏུ་སྒོ་མཚམས་མ་བརྒྱད་ཀྱི་སྔགས་འདོན་པར་བཞེད་པ་ཡོད་དེ་བཤད་པ་གསལ་བར་མི་སྣང་ངོ༌། །དེ་ལྟར་དབང་བསྐུར་བས་ལུས་བདུད་རྩིའི་ཆུ་རྒྱུན་གྱིས་གང་ཞིང་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར། དྲི་མ་དག་སྤྱི་བོ་ནས་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །དེ་ནས་རང་གཙོ་བོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་མི་བསྐྱོད་པའི་ངོ་བོར་བསམས་ལ། མཆོད་ཡོན་དང་མེ་ཏོག་ལ་སོགས་པས་མཆོད་ལ། དབང་གི་དག་པ་སྦྱིན་པ་ནི། ཁྱེད་ཀྱིས་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་དང་པོ་ཆུའི་དབང་ངོ༌། །དེ་ནས་དབང་ལྷ་སྤྱན་དྲངས་པ་སོགས་སྔར་བཞིན་བྱས་ལ་སློབ་མ་དང་བྲིས་པ་སོགས་ཀྱི་དབུ་རྒྱན་བསང་སྦྱངས་ཏེ། སྟོང་པའི་ངང་ལས་པད་ཉིའི་


JLD010_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས་སློབ་མ་དང་དབུ་རྒྱན་རྡོ་རྗེ་ཉི་མ་སྟེ་རིན་འབྱུང་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རིན་པོ་ཆེ་དང་གཡོན་དྲིལ་བུ་འཛིན་པས་རང་དང་འདྲ་བའི་རིན་ཆེན་སྒྲོལ་མ་ལ་འཁྱུད་པར་བསྐྱེད་པ་སོགས་སྔར་བཞིན་བྱས་ཏེ། རིན་འབྱུང་ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་གྱུར་པར་བསམས་ལ། བླ་མས་དབུ་རྒྱན་སློབ་མའི་སྤྱི་བོར་བསྐོན་ཏེ། ཡུམ་གྱི་ཉེ་སྙིང་དང་འཁོར་ལོ་ཐམས་ཅད་ཀྱི་དཔའ་བོ་དང་དཔའ་མོའི་སྔགས་བརྗོད་དོ། །འདིར་དབང་ཆོག་ལས། དེ་བཞིན་དུ་སྔགས་གཞན་ཡང་བརྗོད་དེ། ཞེས་གསུངས་པའི་དོན་ནི་ནག་པོ་པའི་དཀྱིལ་ཆོག་ལས། འཁོར་ལོ་ཐམས་ཅད་ཀྱི་དཔའ་བོ་ལ་སོགས་པའི་སྔགས་བརྗོད་དེ། ཞེས་གསུངས་པ་དང་མཐུན་པར་བྱ་བར་བཞེད་པ་ལེགས་པས་དེ་ལྟར་བརྗོད་ལ། ཇི་ལྟར་བལྟམས་པ་སོགས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད་ལ་བུམ་པའི་ཆུས་ཀྱང་དབང་བསྐུར། རིན་འབྱུང་གིས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །དེ་ནས་རང་གཙོ་བོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་རིན་འབྱུང་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་རིན་འབྱུང་གི་ངོ་བོར་བསམས་ལ། མཆོད་ཡོན་དང་མེ་ཏོག་སོགས་ཀྱིས་མཆོད་ལ་དབང་གི་དག་པ་སྦྱིན་པ་ནི། ཁྱོད་ཀྱིས་རིན་འབྱུང་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་སྦྱངས། ཚོར་བའི་ཕུང་པོ་གནས་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་


JLD010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱས། རིན་འབྱུང་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་གཉིས་པ་ཅོད་པན་གྱི་དབང་ངོ༌། །དེ་ནས་ཐུན་མོང་བ་རྣམས་སྔར་བཞིན་བྱས་ལ་སློབ་མ་དང་རྡོ་རྗེ་བསང་སྦྱངས་ཏེ། པད་ཉིའི་སྟེང་དུ་ཛྲ່་ལས་པདྨ་ཛྲ່་གྱིས་མཚན་པ་ལས་སློབ་མ་དང་དབང་རྫས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པས་གོས་དཀར་མོ་རང་དང་འདྲ་བ་ལ་འཁྱུད་པར་བསྐྱེད་པ་སོགས་སྔར་བཞིན་བྱས་ཏེ། འོད་དཔག་མེད་ཞུ་བ་ལས་བྱུང་བའི་རྡོ་རྗེར་གྱུར་པའི་རྡོ་རྗེ་སློབ་དཔོན་གྱི་ལག་པ་གཡས་ཀྱིས་བཟུང་ནས། ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥེ་ཀ་ཏ་ཏྭ་མ་སི་བི་རེཿ ཤྲཱི་ཧེ་རུ་ཀཱ་དཱི་བྷིཿ ཨེཏྟ་ཏྟ་ད། སརྦ་བུད་དྷཱ་སྟྭཾ། གྲྀཧྞ་བཛྲ་སུ་སིདྡྷ་ཡེ། ཞེས་སམ། ཡང་ན་བོད་སྐད་དུ་བསྒྱུར་བའི། ཧེ་རུ་ཀ་དཔལ་དཔའ་སོགས་ཀྱིས། །དེང་ཁྱོད་བདག་པོར་དབང་བསྐུར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུངས། །ཞེས་བརྗོད་ཅིང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་གཏུགས་ཏེ་ལག་པ་གཡས་སུ་སྦྱིན། ཆུས་ཀྱང་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །འདིར་སྣང་མཐའི་ས་བོན་ལ་དབང་ཆོག་གི་དཔེ་ལ་ཛྙ່་ཞེས་འབྱུང་བ་གཉིས་ཀ་དཔེ་མ་དག་པས། ཧྲཱིཿ ལས་བསྐྱེད་ཅེས་ཁ་ཅིག་ཟེར་མོད་ཀྱང༌། ཛྲ່་ཞེས་པ་མ་དག་པ་མིན་ཏེ་དབང་ཆོག་ལས། ཧཱུཾ། ཨཾ། ཛྲ່། ཁཾ། བྷྲུཾ། རྣམས་རིགས་ལྔའི་


JLD010_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་དུ་གསུངས་པ་བཞིན་གཞུང་ཁུངས་ཐུབ་དུ་མ་ལས་ཀྱང་འབྱུང་བའི་ཕྱིར་རོ། །དེས་ན་ཧྲཱིཿ དང་ཛྲ່་གཉིས་ཀ་འོད་དཔག་མེད་ཀྱི་ས་བོན་ཡིན་ཡང༌། འདིར་དབང་ཆོག་ལས་ཛྲ່་ཞེས་འབྱུང་བ་ལྟར་བྱའོ། །རང་གཙོ་བོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་འོད་དཔག་མེད་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་འོད་དཔག་མེད་ཀྱི་ངོ་བོར་བསམས་ལ། མཆོད་ཡོན་དང་མེ་ཏོག་སོགས་ཀྱིས་མཆོད་ལ་དབང་གི་དག་པ་སྦྱིན་པ་ནི། ཁྱེད་ཀྱིས་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་གསུམ་པ་རྡོ་རྗེའི་དབང་ངོ༌། །དེ་ནས་ཐུན་མོང་བ་རྣམས་སྔར་བཞིན་བྱ། སློབ་མ་དང་དྲིལ་བུ་བསང་སྦྱངས་ཏེ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། སློབ་མ་དང་དབང་རྫས་དོན་གྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རལ་གྲི་དང་གཡོན་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་རང་དང་འདྲ་བ་ལ་འཁྱུད་པར་བསྐྱེད་པ་སོགས་སྔར་བཞིན་བྱས་ཏེ། དོན་གྲུབ་ཞུ་བ་ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་དུ་སྦྱིན་ཞིང༌། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུ་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་


JLD010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒྱལ་བ་བཞེད། །དཔའ་བོའི་ལག་ཏུ་རྡོ་རྗེ་དྲིལ། །བཟུང་ངོ་འཁོར་ལོ་གསུམ་གྱི་བདག །རང་བཞིན་མཛེས་པས་དགའ་བ་ནི། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ། །ཅེས་བརྗོད་དོ། །རྡོ་རྗེ་དྲིལ་ཞེས་པ་ནི་དྲིལ་བུ་གཅིག་པུ་ལ་རྡོ་རྗེ་དྲིལ་བུ་ཞེས་མང་དུ་གསུངས་པ་ལྟར་ཡིན་ལ། དེ་ལག་ཏུ་བཟུང་བར་གྱིས་ཤིག །དེ་ཡང་རང་ཉིད་རང་བཞིན་གྱིས་མཛེས་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབས་ལ་གྱིས་ཤིག་ཅེས་པའི་དོན་ཏེ་དེ་སློབ་མ་ལ་གོ་བར་བྱའོ། །དེ་ནས་ཆུས་ཀྱང་དབང་བསྐུར། དོན་གྲུབ་ཀྱིས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །དེ་ནས་རང་གཙོ་བོར་གསལ་བའིཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་དོན་གྲུབ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་དོན་གྲུབ་ཀྱི་ངོ་བོར་བསམས་ལ། མཆོད་ཡོན་དང་མེ་ཏོག་སོགས་ཀྱིས་མཆོད་ལ་དབང་གི་དག་པ་སྦྱིན་པ་ནི། ཁྱེད་ཀྱིས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར། བྱ་བ་སྒྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་གྲུབ་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་བཞི་པ་དྲིལ་བུའི་དབང་ངོ༌། །དེ་ནས་ཐུན་མོང་བ་རྣམས་སྔར་བཞིན་བྱས་ལ། སློབ་མ་བསང་སྦྱངས་ཏེ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་


JLD010_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས། སློབ་མ་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་རང་དང་འདྲ་བའི་སྤྱན་མ་ལ་འཁྱུད་པར་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །ལག་པ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སློབ་མའི་སྤྱི་བོར་བཞག་ལ། མིང་གདགས་ཏེ་སྔར་ཕྱི་དཀྱིལ་དུ་དབང་བསྐུར་བའི་དུས་ཀྱི་མིང་དེ་ཉིད་བཏགས་པས་ཆོག་གོ །དེ་ནས་བུམ་པའི་ཆུས་ཀྱང་དབང་བསྐུར་ལ་རྣམ་སྣང་གིས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །དེ་ནས་རང་གཙོ་བོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་རྣམ་སྣང་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་རྣམ་སྣང་གི་ངོ་བོར་བསམས་ལ་མཆོད་ཡོན་དང་མེ་ཏོག་སོགས་ཀྱིས་མཆོད་ལ། དབང་གི་དག་པ་སྦྱིན་པ་ནི། ཁྱེད་ཀྱིས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་ལྔ་པ་མིང་གི་དབང་ངོ༌། །རིག་པའི་དབང་ལྔ་བསྐུར་བ་ལ་སློབ་དཔོན་གྱིས་གཙོ་བོའི་ང་རྒྱལ་ཉིད་ཀྱིས་བྱེད་པ་དང་མི་བསྐྱོད་པ་སོགས་ང་རྒྱལ་སོ་སོར་འཕོ་བ་གཉིས་གསུངས་པ་གཉིས་པའང་རུང་མོད་ཀྱང༌། འདིར་དང་པོ་ལྟར་བྱ། སློབ་མ་བདེ་མཆོག་རིགས་ལྔར་


JLD010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང་སྤྱི་འགྲོའི་རིགས་ལྔ་ལྟར་བསྐྱེད་པ་གཉིས་ལའང་གོང་མ་རྣམས་ཕྱི་མ་ལྟར་མཛད། ཁ་ཅིག་དབང་ཆོག་ལས་ཅོད་པན་གྱི་སྐབས་སུ་རྡོ་རྗེ་ཉི་མར་གསུངས་པ་ལ་བརྟེན་ནས་རིགས་ལྔར་བསྐྱེད་པ་ཕུང་པོ་བྱིན་རླབས་ཀྱི་སྐབས་ལྟར་བྱེད་མོད་ཀྱང་མི་ལེགས་ཏེ། བདེ་མཆོག་ལ་དེ་ལྟར་དགོས་པའི་དམིགས་བསལ་རྒྱུད་དང་རྒྱ་གཞུང་ལས་མི་འབྱུང་བ་དང༌། དབང་ཆོག་ལས་ཀྱང་སྤྱི་འགྲོ་ལྟར་གསུངས་པས་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་ལེགས་སོ། །དབང་ལྔ་རེ་རེའི་མཐར་དབང་ལྷ་སློབ་མ་ལ་བསྟིམ་པར་སྔ་མ་རྣམས་ཀྱིས་མཛད་པ་ནི། དཱ་རི་ཀ་པ་དང་ལྭ་བའི་ན་བཟའ་ཅན་ལ་སོགས་པས་ཀྱང་མཛད་པ་དང་མཐུན་ལ། བསྟིམ་པའི་ཚུལ་ལ་སྙིང་ག་ལ་སོགས་པའི་གནས་ལྔ་སོ་སོར་ཧཱུཾ་ཨཾ་ལ་སོགས་པའི་ཡི་གེ་རེ་རེའི་འོད་ཟེར་གྱིས་སྤྱན་དྲངས་ཏེ་གནས་ལྔ་སོ་སོ་ནས་འཇུག་པར་འདོད་པ་ཡོད་ཀྱང༌། ལྭ་བ་པ་དང་བྷཱ་བ་བྷཏྲས་བ་སྤུའི་སྒོ་ཐམས་ཅད་ནས་བསྟིམ་པ་དང༌། བསྟིམ་པའི་ལྷ་སྤྱན་འདྲེན་པ་ཡང་ལྭ་བ་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ཏེ་བསྟིམ་པ་ཉིད་ལེགས་པ་ཡིན་ནོ། །དེ་ལྟར་དབང་ལྔ་ནི་སངས་རྒྱས་ལྔ་འགྲུབ་པའི་གེགས་ཀྱི་དྲི་མ་ལྔ་དག་པར་བྱེད་པ་དང་། མ་རིག་པ་དང་བྲལ་བ་ལས་རིག་པ་ཡེ་ཤེས་ལྔ་སྒྲུབ་པའི་ནུས་པ་ཁྱད་པར་བ་འཇོག་པས་རིག་པའི་དབང་ལྔ་སྟེ། དབང་བསྐུར་ལྔ་ཐོབ་རྒྱུ་ལས་ནི། །སངས་རྒྱས་ལྔ་པོ་འདི་རྣམས་དག །


JLD010_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པ་དང་བྲལ་བ་ལས། །ཡེ་ཤེས་ལྔ་ནི་ཐོབ་པར་བྱེད། །ཅེས་གསུངས་སོ། །གཞན་ཡང་དབང་ལྔ་པོ་འདི་དག་ལ་རིག་པའམ་རིག་མ་སྤྱན་མ་ལ་སོགས་པའི་ལྷ་མོས་ཆུའི་དབང་བསྐུར་བར་བྱེད་པའི་ཕྱིར་རིག་པའི་དབང་དང་བུམ་པའི་དབང་ཞེས་བྱའོ། །དེ་ནས་བླ་མའི་ནང་གི་ཧེ་རུ་ཀའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་མཐའ་སྐོར་གྱི་ཡི་གེ་ཉི་ཤུ་རྩ་གཉིས་པའི་སྔགས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་གྱིས་སྙིང་ག་ནས་བརྒྱུད་དེ་ཞལ་ནས་བྱུང༌། སློབ་མའི་ཁ་ནས་ཞུགས། སྙིང་ཁའི་ཧཱུཾ་གི་མཐའ་མར་གཡོན་སྐོར་དུ་འཁོད་པའི་འོད་ཟེར་གྱིས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཡི་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཞེས་བརྗོད་དེ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་དུ་གཞུག་ལ། སློབ་མས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ་མེ་ཏོག་གི་ཕྲེང་བ་བླ་མ་ལ་འབུལ། བླ་མས་ཀྱང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག་ཅེས་བརྗོད་ལ། ཞེས་ཁྱོད་ཀྱིས་སྔགས་ཀྱི་དབང་ཐོབ་པར་བྱས་པས། སྔགས་བཟླས་པས་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་དོ། །སྔགས་དབང་འདི་དབང་ལྔའི་སྔོན་དུ་བྱེད་


JLD010_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡོད་མོད་ཀྱང་དབང་ཆོག་དང་རྒྱུད་རྡོར་ཕྲེང་གཉིས་ཀ་ལས་སྐབས་འདིར་གསུངས་སོ། །བུམ་དབང་བཅུ་གཅིག་གི་དྲུག་པ་སྔགས་ཀྱི་དབང་ངོ་། །བརྟུལ་ཞུགས་ཀྱི་དབང་ལ་གཉིས་ལས་ཐུན་མོང་གི་བརྟུལ་ཞུགས་སྦྱིན་པ་ནི། སློབ་མ་དང་རྡོ་རྗེ་བསང་སྦྱངས་ཏེ། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། སློབ་མ་དང་རྡོ་རྗེ་གཉིས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཕྱག་རྒྱ་དྲུག་དང་ལྔས་བརྒྱན་པའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །དབང་བསྐུར་མི་བསྐྱོད་པས་རྒྱས་གདབ། མཆོད་དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ་གནས་གསུམ་དུ་རེག་ལ་ལག་པ་གཡས་སུ་གཏད་དེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །དཔལ་ཧེ་རུ་ཀའི་བརྟུལ་ཞུགས་བརྟན། །ཞེས་བརྗོད་ཅིང་སློབ་མས། ༀ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེཥ་སྟཾ་དྷ་ར་ཡཱ་མི་ༀ། ཧ་ཧ་ཧ་ཧ་ཧཱིཿ ཞེས་བརྗོད་དེ་སྔགས་ཀྱི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེའི་དམ་ཚིག་འདི་བདག་ལ་ཞུགས་ཤིག་གཟུང་བར་བགྱིའོ་ཞེས་པའོ། །སྙིང་གི་ནང་དུ་ཡང་རྡོར་སེམས་ཡབ་ཡུམ་འོད་ཟེར་འཕྲོ་བ་གཅིག་སྒོམ་དུ་


JLD010_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་ལ། དེང་ཕྱིན་ཆད་རྡོར་སེམས་ཐོབ་པའི་ཐབས་སུ་ཡེ་ཤེས་ལྔའི་ནང་གི་རྡོ་རྗེ་དེ་མ་བྲལ་བར་ཆོངས་ཤིག་ཅེས་གོ་བར་བྱའོ། །བུམ་དབང་བཅུ་གཅིག་གི་བདུན་པ་རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་ངོ༌། །གཉིས་པ་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་སྦྱིན་པ་ནི། སློབ་མ་བསང་སྦྱངས་ཏེ། སྟོང་པའི་ངང་ལས་སྣ་ཚོགས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་སློབ་མ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན། ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་ཐོད་པ་རྣམས་ལ་ཡབ་ཀྱི་སྙིང་པོ་ལན་གསུམ་བཟླས་ཏེ། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་ན་ཡང་དག་གནས། །ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་དག །བྱིན་པ་དཔའ་བོས་བཟུང་བར་གྱིས། །ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་བཟང༌། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་ཅིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྡོ་རྗེ་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་བརྗོད་དེ་ལག་པ་གཡས་སུ་ཌཱ་མ་རུ། གཡོན་དུ་ཐོད་པ་བདུད་རྩིས་གང་བ། གཡོན་གྱི་གྲུ་མོར་ཁ་ཊྭཱཾ་ག །སེ་རལ་ཁར་ཚངས་སྐུད་སྦྱིན་ནོ། །ཁ་ཊྭཱཾ་ག་ལྷའི་སྐུ་བདེ་བ་ཆེན་པོ། ཌཱ་མ་རུ་ཤེས་རབ་སྟོང་པ་ཉིད། ཐོད་པ་བདེ་སྟོང་དབྱེར་མེད་དུ་སྐྱོང་བ། ཚངས་སྐུད་རྣམ་པར་མི་རྟོག་པའི་མཚོན་བྱེད་དུ་ཤེས་པའི་སྒོ་ནས་དེ་དག་དང་མི་འབྲལ་བར་གྱིས་ཤིག་ཅེས་བཤད་ལ་


JLD010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་མ་རུ་དང་དྲིལ་བུའི་སྒྲ་བྱེད་དུ་གཞུག་པའི་ཕྱིར་དང་། སྙིང་གི་ནང་དུ་ཧེ་རུ་ཀ་མཚོན་གང་བ་ཡབ་ཡུམ་གཅིག་སྒོམ་པའི་ནང་གི་དབང་བྱའོ། །ལྷུང་བཟེད་དང་སྣོད་ནི་ཐོད་པའོ། །བུམ་དབང་བཅུ་གཅིག་གི་བརྒྱད་པ་སྤྱོད་པའི་བརྟུལ་ཞུགས་ཀྱི་དབང་ངོ༌། །དེ་ནས་བླ་མ་ཤཱཀྱ་ཐུབ་པའི་ཆ་ལུགས་སུ་གནས་པས་ལག་པ་གཡོན་གྱིས་ཆོས་གོས་ཀྱི་གྲྭ་སེང་གེའི་རྣ་བ་ལྟར་སྙིང་ཁའི་གཡོན་དུ་བཟུང༌། གཡས་པས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བཅས་ལ། འདི་ལྟར་ང་ཡིས་ལུང་བསྟན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནཱི་ན་མཿ སརྦྦ་ཏ་ཐཱ་ག་ཏ་སིདྡྷིཿ ས་མ་ཡ་སྟྭཾ་བྷཱུར་བྷུ་བ་སྭཿ ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་བརྗོད་དེ་ལུང་བསྟན་པའོ། །འདིར་དབང་ཆོག་ལས། མདོར་བསྟན་དུ། དབུགས་དབྱུང་སྦྱིན་པར་བྱ། ཞེས་གསུངས་ནས་མཇུག་སྡུད་དུ་ལུང་བསྟན་པའོ། །ཞེས་དེ་གཉིས་གཅིག་ཏུ་གསུངས་པས་བུམ་དབང་བཅུ་གཅིག་གི་དགུ་པ་ལུང་བསྟན་པའི་དབང་ངོ༌། །འདི་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཐའ་རྟེན་དུ་བྱེད་པ་ཡོད་ཀྱང་། གྲུབ་ཆེན་གྱི་གཞུང་ན་རིམ་པ་འདི་བཞིན་དུ་ཡོད་ཅིང༌། དེ་ལྟར་བྱེད་པ་ལ་མི་འཐད་པ་མེད་པས་འདིར་བྱས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཏེ།


JLD010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་ད་འདིར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ་བོ། །བླ་མས་སློབ་མ་བསང་སྦྱངས་ཏེ། སྟོང་པའི་ངང་ལས་དབང་སྟེགས་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་དུ་པད་ཉིའི་གདན་ལ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་ལས། སློབ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས། ཡུམ་རྡོ་རྗེ་བསྙེམས་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ་ལ་འཁྱུད་པ། ཡབ་ཕྱག་རྒྱ་དྲུག་དང་ཡུམ་ཕྱག་རྒྱ་ལྔས་བརྒྱན་པའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲངས་ལ་གཞུག །སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། ཕྱོགས་ཐམས་ཅད་དུ་མཆོད་པའི་སྤྲིན་དང་བཅས་པར་བསྐྱེད། རྡོ་རྗེ་དང་དྲིལ་བུ་བསང་སྦྱངས་ཏེ། ཧཱུཾ་ལས་རྡོ་རྗེ་དང་ཨཿ ལས་དྲིལ་བུར་བསྐྱེད་དེ། རྡོ་རྗེ་རྡོ་རྗེ་སེམས་དཔའ་དང་དྲིལ་བུ་རྡོ་རྗེ་བསྙེམས་མའི་ངོ་བོར་བསམས་ལ། སྔར་གྱི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་ཚིག་དང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ༀ་མ་ཧཱ་བཛྲ་ཧཱུཾ་ཞེས་བརྗོད་ཅིང་སྟོང་པ་ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི་གསང་བའི་རྡོ་རྗེ་ཡིན་ལ།


JLD010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལག་ཏུ་འཛིན་པའི་ཚེ་དེ་དྲན་པར་གྱིས་ལ་ཟུངས་ཤིག་ཅེས་བརྗོད་དེ་ལག་པ་གཡས་སུ་སྦྱིན།དེ་ནས་དྲིལ་བུ་སྔར་གྱི་ཚིགས་བཅད་དང༌། ཨཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །བཛྲ་གྷཎྜེ་ཨཿ ཞེས་བརྗོད་ཅིང་དྲིལ་བུ་དཀྲོལ་བ་ནི་ཆོས་ཐམས་ཅད་ནི་རང་བཞིན་མེད་པའོ་ཞེས་སོགས་ཀྱི་སྒྲ་དྲིལ་བུས་སྒྲོགས་པར་སོམས་ལ་དཀྲོལ་ཅིག་ཅེས་བརྗོད་ལ་ལག་པ་གཡོན་དུ་གཏད་ལ་དཀྲོལ། དེ་ནས། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་བརྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱད་དེ། །དངོས་གྲུབ་ཐམས་ཅད་སྒྲུབ་པར་གྱིས། །ཞེས་རང་གི་ལུས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྒོམ་པ་ནི་འདིར་མི་རུང་བའི་ཕྱག་རྒྱའི་དམ་ཚིག་ཡིན་ལ། དེ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་མཉམ་པར་སྦྱར་ཏེ། དངོས་གྲུབ་ཐམས་ཅད་སྒྲུབ་དགོས་སོ་ཞེས་གོ་བར་བྱས་ལ་ཡབ་ཡུམ་ཕན་ཚུན་འཁྱུད་པར་སེམས་སུ་གཞུག་ཅིང་རྡོར་དྲིལ་འཛིན་པའི་ལག་པས་ཀྱང་འཁྱུད་པའི་ཚུལ་བྱེད་དུ་གཞུག །དེ་ལས་བྱུང་བའི་བདེ་སྟོང་གཉིས་སུ་མེད་པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞིར་ངོ་སྤྲད་དེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་


JLD010_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནི་དབང་དུ་འདོད། །ཅེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱའི་དམ་ཚིག་གསུམ་ཚང་བ་དབང་ཆོག་ན་མེད་ཀྱང༌། བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ལ་འབྱུང་བ་ཤིན་ཏུ་ལེགས་ཏེ། དབང་ཆོག་ལས། རྡོ་རྗེ་འཆང་དབང་དབང་བསྐུར་བར། །དཔའ་བོས་རྣམ་པར་བསམ་པར་བྱ། །ཞེས་སློབ་མ་རྡོ་རྗེ་འཆང་དུ་བསྐྱེད་པ་ལ་དབང་བསྐུར་བའི་ཕྱག་རྒྱའི་དམ་ཚིག་གསལ་བར་གསུངས་པས། དེའི་འཁོར་དམ་ཚིག་གཞན་གཉིས་ཀྱང་ཤུགས་ཀྱིས་ཤེས་ནུས་པའི་ཕྱིར་རོ། །དེའི་ཕྱིར་སྐབས་འདིར་རྡོ་རྗེ་འཆང་དུ་བསྐྱེད་པར་གོང་མ་རྣམས་བཞེད་པ་ལྟར་བྱས་ན་ལེགས་སོ། །དེ་ནས་བླ་མ་འཁོར་ལོ་གསུམ་གྱི་བདག་པོར་གྱུར་པའི་སྟོན་པས་ཡེ་ཤེས་སེམས་དཔའི་ངོ་བོ་ནང་གི་ཧེ་རུ་ཀའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཡང་དག་པར་བསྐུལ་ནས། གཙོ་བོ་ཡབ་ཡུམ་གྱི་དེ་བཞིན་གཤེགས་པ་དང་དཔའ་བོ་དང་དཔའ་མོ་རྣམས་རིམ་གྱིས་བཀུག་སྟེ་ནམ་མཁར་གནས་པ་ལ་མཆོད་པས་མཆོད་ནས། སློབ་མ་ལ་དབང་བསྐུར་བར་གསོལ་བ་བཏབ་པས། སྔར་ཆུ་དབང་གི་སྐབས་སུ་བཤད་པ་བཞིན་དབང་བསྐུར་བར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པ་དང་སྔར་གྱི་ཆུ་དབང་གི་སྔགས་བཟླས་ཤིང་དབང་བསྐུར་བས་ལུས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། ཆུ་ལྷག་མ་སྤྱི་གཙུག་ན་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་


JLD010_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། དབང་གི་ལྷ་ཐམས་ཅད་སྤྱི་བོ་ནས་ཐིམ་པར་བསམ། སློབ་དཔོན་གྱིས་ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བར་བསམ་ཞིང༌། དེར་འདུས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་མེ་ཏོག་ལ་སོགས་པས་ཇི་ལྟར་འདོད་པར་མཆོད་པར་བྱའོ། །བུམ་དབང་བཅུ་གཅིག་གི་གཙོ་བོ་བཅུ་པ་ཕྱིར་མི་ལྡོག་པའི་དབང་ངོ༌། །དེ་ནས་སློབ་དཔོན་གྱིས། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །ཞེས་བརྗོད་ལ་བདེ་སྟོང་དབྱེར་མི་ཕྱེད་པའི་དེ་ཉིད་རིག་པའི་སྒོ་ནས་འདོད་པའི་ཡོན་ཏན་ལ་སྤྱད་པར་བྱའོ་ཞེས་འདོད་ཡོན་ལ་སྤྱོད་པའི་རྗེས་གནང་དང༌། བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་དངོས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་མཆོད་བྱ། །ཞེས་བརྗོད་ལ། རང་ཉིད་དཔའ་བོ་དང་རྣལ་འབྱོར་མ་འདུས་པའི་ངོ་བོ་ཧེ་རུ་ཀར་བལྟས་ལ་བདག་ཉིད་མཆོད་པར་བྱའོ་ཞེས་ལྷ་མཆོད་པའི་རྗེས་གནང་དང༌། རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་བརྗོད་ལ། སྣོད་བཅུད་སྒྱུ་མ་ལྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་བྱོས་ཤིག་ཅེས་སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་སྦྱིན་ཏེ། བུམ་དབང་བཅུ་གཅིག་པ་རྗེས་གནང་གི་དབང་ངོ༌། །


JLD010_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ཁྱེད་ཀྱིས་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་འཁྲུད། བསྐྱེད་རིམ་ཁྱད་པར་ཅན་ནང་ལུས་ཀྱི་དཀྱིལ་འཁོར་ཟབ་མོ་སྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ་ཞེས་དག་པ་སྦྱིན་ནོ། །དེ་ནས་བླ་མའི་ལུས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་མདུན་དུ་བུམ་དབང་ཐོབ་པའི་བྱ་བ་བྱས་པའི་སློབ་མས། འཁོར་ལོའི་སྤྱན་ཞེས་པ་འཁོར་ལོའི་འདྲེན་པ་གཙོ་བོ་དང་ཐ་མི་དད་པའི་བླ་མ་དཔའ་བོ་ཆེན་པོ་ལ་གསང་དབང་གི་དོན་དུ་ཕྱག་འཚལ། མཎྜལ་དང་རིག་མ་མཚན་ཉིད་དང་ལྡན་པ་ཕུལ་བར་མོས་པ་བྱས་ལ། སྐྱོབ་མེད་སྐྱོབ་པ་སྐྱབས་མེད་སྐྱབས། །དཔལ་ནི་འཁོར་ལོ་བདེ་བའི་མཆོག །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མཁོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བོས་བདག་ཀྱང་དེ་འདྲར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་པ་བདག་ལ་སྐྱབས་མཛོད་ཅིག །ཅེས་ལན་གསུམ་གསོལ་བ་གདབ་བོ། །འདིར་དབང་ཆོག་ལས། དེ་ལ་འདིར་ཕྱག་རྒྱའི་རིམ་པ་ནི་ས་བོན་ལྔའི་རིགས་ཀྱི་རང་བཞིན་དག་པའི་ཕྱག་རྒྱ་ལས་དང་ཆོས་དང་ཆེན་པོ་དང་དམ་ཚིག་རྣམས་ཐམས་ཅད་བུད་མེད་དུ་འདོད་པའོ། །ཞེས་གསུངས་པའི་དོན་ནི་གསང་དབང་གི་སྐབས་འདིར་སློབ་དཔོན་གྱིས་ཕྱག་རྒྱ་མ་ལ་བརྟེན་ནས་དབང་བསྐུར་དགོས་པ་ལ་ཕྱག་རྒྱའི་རིམ་པ་ནི། ལས་རྒྱ་དང༌། ཆོས་རྒྱ་དང། ཕྱག་ཆེན་དང༌། དམ་ཚིག་གི་ཕྱག་རྒྱ་ཡིན་ལ། དེ་རྣམས་ཀྱང་རྣལ་འབྱོར་པ་ལ་བདེ་བ་སྟེར་


JLD010_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བས་བུད་མེད་ཀྱི་ཐ་སྙད་བྱེད་དོ། །བུད་མེད་ཀྱི་ཕྱག་རྒྱ་ཡང་ཧཱུཾ་ཨཾ་ལ་སོགས་པའི་ཡི་གེ་ལས་སྐྱེས་པའི་རིགས་ལྔའི་རང་བཞིན་དག་པ་ལྔ་ཡོད་ཅེས་པའོ། །དེ་ནས་ཡི་གེ་བདུན་པ་བརྗོད་ལ་གདོང་གཡོགས་བཅིང༌། འབྲུ་གསུམ་བརྗོད་ཅིང་ནང་མཆོད་གཏོར་ལ་བསྲུང༌། བླ་མ་གཙོ་བོ་དང་ཐ་མི་དད་པས་རིགས་ལྔའི་རིགས་ཀྱི་ཕྱག་རྒྱ་མ་གང་རུང་ཕག་མོར་བསྐྱེད། སྒྲུབ་ཐབས་ལྟར་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ། སློབ་མ་གཙོ་བོའམ་གསུང་རྡོ་རྗེ་འོད་དཔག་མེད་དུ་བསྐྱེད། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དཔའ་བོ་དང་དཔའ་མོ་རྣམས་སྤྱན་དྲངས་ཏེ་དཔའ་བོ་རྣམས་ཡབ་ཀྱི་ཞལ་དང་དཔའ་མོ་རྣམས་ཡུམ་གྱི་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ་སྐུའི་དབྱིབས་བརྒྱུད་ནས་དཔའ་བོ་ཐམས་ཅད་འདུས་པའི་བྱང་སེམས་དཀར་པོ་དང༌། ལྷ་མོ་ཐམས་ཅད་མཉམ་པོར་ཞུ་བའི་བྱང་སེམས་དམར་པོ་གཉིས་འདྲེས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་མོས་ལ། དངོས་སུ་བྱིན་གྱིས་བརླབས་པའི་ནང་མཆོད།འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་དེ་གང་མྱང་བར་བྱ། །ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས། །སྔོན་ཆད་སྲས་ནི་དབང་བསྐུར་བ། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །ཞེས་བརྗོད་ལ་སློབ་མའི་ལྕེ་ཐོག་ཏུ་བཞག །སློབ་མས་ཀྱང་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསམས་ལ་རྟོག་པ་མེད་པར་


JLD010_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མྱངས་པས་བདེ་བ་ཆེན་པོ་སྐྱེས་པར་བསམས་ལ་ཀྱེ་མ་བདེ་བ་ཆེན་པོ་ཞེས་བརྗོད་དེ། དེ་འདྲ་བའི་བདེ་བ་དང་སྟོང་པ་དབྱེར་མེད་པ་གསང་དབང་དུ་ངོ་སྤྲད་དོ། །བླ་མ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཧེ་རུ་ཀ་ཡབ་ཡུམ་འཕྲོས་སློབ་མའི་མགྲིན་པར་ཐིམ་པར་བསམ། འབྲུ་གསུམ་བརྗོད་ཅིང་བདུད་རྩི་གཏོར་ལ་གདོང་གཡོགས་དབྱེ། དེ་ལྟར་ན་དབང་ཆོག་ལས། ཀུན་རྫོབ་པ་ཡི་བྱང་ཆུབ་སེམས། །གསང་བ་གང་ཡིན་དེར་དབང་བསྐུར། །ཞེས་གསུངས་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། གཙོ་བོར་ངག་གི་དྲི་མ་འཁྲུད། བདག་བྱིན་བརླབས་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་སྒོམ་པ་ལ་དབང༌། འབྲས་བུ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པའི་སྐལ་བ་དང་ལྡན་པར་བྱས་སོ་ཞེས་དག་པ་སྦྱིན་ནོ། །དེ་ནས་སློབ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་ཕྱག་དང་མཎྜལ་ཕུལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་ཀྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་གསོལ་བ་ལན་གསུམ་གདབ། སློབ་མའི་གདོང་གཡོགས་པ་དང་བསྲུང་བ་སྔར་བཞིན་བྱ། སློབ་མ་བསང་སྦྱངས་ཏེ་འཁོར་ལོ་སྡོམ་པར་བསྐྱེད།སྔར་བྱིན་གྱིས་བརླབས་པའི་གསང་དབང་གི་རིག་མའམ་རིག་མ་གཞན་ཡང་རུང་སྟེ། སྟོན་པ་བླ་མས་སློབ་མ་ལ་


JLD010_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ནས་དེ་ལ་བརྟེན་ཏེ་བདེ་བ་དམ་པའི་མཆོག་བསྒྲུབ་པར་བྱ་བའི་ཕྱིར། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང༌། །བུ་ཡིས་བླ་མེད་མཆོད་པར་གྱིས། །ཞེས་བརྗོད་དེ་ཤེས་རབ་མ་གཏོད་པའོ། །དེ་ནས་ལྷ་མོ་དེས། དཔའ་བོ་བྱང་ཆུབ་སེམས་ཟ་བར། །ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་རབ་བྱུང་བ། །རིག་མ་མཆོད་པ་ལ་གུས་སམ། །དྲི་ཆེན་དྲི་ཆུ་སྟོབས་དང་ཁྲག །སོགས་བཟའ་ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲོས་དམ་ཚིག་བཟང༌། །ཇི་ལྟར་དགའ་བ་སྨྲོས་ཤིག་བུ། །ཞེས་དྲིས་པའི་ལན་དུ། ཇི་ལྟར་གསུངས་པའི་དམ་ཚིག་སོགས། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བྱེད། །པདྨ་མཆོད་པ་ཅིས་མི་བགྱིད། །ཅེས་བརྗོད་པས་ལྷ་མོ་དེ་དགྱེས་ཏེ་སྐྲ་གྲོལ་ཞིང་གོས་དང་བྲལ་བར་བྱས། པདྨ་རྒྱས་པའི་དབུས་ན་གནས་པའི་རྩ་བདེ་བ་ཆེན་པོ་འབབ་པ་བསྟན་ནས། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་གནས་ཏེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨར་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་གནས། །པདྨ་བྷ་ཛཧོཿ ཞེས་གསུང་བར་བསམས་ལ། རང་བདེ་མཆོག་དང་རིག་མ་ཕག་མོར་བསྐྱེད་པ་ལུས་ལྷའི་འདུ་ཤེས་དང༌། གཉིས་ཀའི་མཁའ་གསང་བྱིན་གྱིས་བརླབས་ནས་ཡི་གེ་བཀོད་པ་སྔགས་ཀྱི་འདུ་ཤེས་དང་། ཐབས་འདི་ལ་བརྟེན་ནས་


JLD010_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཀྱི་བདེ་བ་མངོན་དུ་བྱའོ་སྙམ་པའི་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་དང་ལྡན་པས་སྙོམས་འཇུག་བྱ། བླ་མའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་རྣམས་བཀུག་ལ་སློབ་མ་ལ་བསྟིམ། སློབ་མ་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་དང༌། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ་དང༌། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ་དང༌། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་པར་བསམས་ནས་སྟོང་པ་ཉིད་ཀྱི་ལྟ་བ་དྲན་པར་བྱས་ཏེ་བདེ་སྟོང་དབྱེར་མེད་དུ་སྦྱར་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དངོས་གཞིར་ངོ་སྤྲད་དོ། །དབང་གི་དངོས་གཞི་དབང་དུས་སུ་ངོ་སྤྲོད་དགོས་པ་རྣམས་མོས་པ་ཡིད་བྱེད་ཚུན་ཆོད་ཀྱིས་ཀྱང་བསྐྱེད་ལ་དམིགས་ལེགས་པར་ཕྱེད་པ་ཤིན་ཏུ་གལ་ཆེའོ། །དེ་ནས་ཤེས་རབ་མ་དེ་མཉེས་ནས་དེའེི་མགོར་ལག་པ་གཡོན་པ་བཞག་སྟེ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱིས་གྱིས། །ཞེས་རྗེས་སུ་གནང་བ་བྱིན་པར་བསམས་ལ་སྔར་བཞིན་གདོང་གཡོགས་བསལ་ལོ། །དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཙོ་བོར་ཡིད་ཀྱི་དྲི་མ་འཁྲུད། ཕྱག་རྒྱ་ཆེན་པོ་དོན་དམ་འོད་གསལ་གྱི་རྫོགས་རིམ་སྒོམ་པ་ལ་དབང༌། འབྲས་བུ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་འཐོབ་པའི་སྐལ་བ་དང་ལྡན་པར་བྱས་སོ་ཞེས་དག་པ་སྦྱིན་ནོ། །


JLD010_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དབང་བཞི་པའི་དོན་དུ་ཕྱག་དང་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ། བུམ་པ་ལ་སོགས་པའི་དབང་རིམ་པ་གསུམ་པོའི་བླ་མ་སྟེ་གོང་མ་འདིར་ཤེས་པར་བྱ་བ་ལ་དབང་ཆོག་ལས། དཔའ་བོས་ཀུན་སྤྱོད་རིམ་ཕྱེ་བས། །མན་ངག་ཉིད་ཀྱིས་ཤེས་པར་བྱ། །ཞེས་དཔའ་བོ་སྟེ་རྣལ་འབྱོར་པས་གསང་བའི་དོན་ལ་ཀུན་ཏུ་སྤྱོད་པའི་རིམ་པ་ལྔར་ཕྱེ་བའི་ནང་ནས་བསམ་མི་ཁྱབ་ཀྱི་རིམ་པའི་མན་ངག་གིས་དབང་བཞི་པ་ཤེས་པར་བྱ་བར་གསུངས་ལ། མན་ངག་དེ་ཡང་དེ་ཉིད་ལས། །ཕྱི་དང་ནང་གི་རང་བཞིན་ཉིད། །ཆོས་རྣམས་ཀུན་གྱི་ངོ་བོ་སྟེ། །བསམ་གྱིས་མི་ཁྱབ་ཅེས་བཤད་དོ། །སྣང་མེད་རབ་རྫོགས་གནས་མེད་པ། །དེ་ཉིད་ལྔ་པ་རྫོགས་པའི་རིམ། །ལྷན་ཅིག་སྐྱེས་པ་མི་ཟད་པ། །བསམ་གྱིས་མི་ཁྱབ་མཐའ་ཡས་སོགས། །དེ་ནི་བརྟན་གཡོ་འགྲོ་བདག་ཉིད། །བདག་མེད་ཉིད་ཀྱི་བདག་ཏུ་གནས། །དཔའ་བོ་བདེ་བ་ཆེན་པོ་རྟོགས། །འདི་ནི་དེ་ཁོ་ནའི་མན་ངག་གོ །ཞེས་གསུངས་པ་འདི་ཉིད་ཡིན་པས་དེའི་སྟེང་ནས་གྲུབ་ཆེན་གྱི་དགོངས་པའི་དབང་བཞི་པ་བསྐུར་ཚུལ་ཤེས་དགོས་སོ། །འདི་ལ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་ཚིག་དབང་བཞི་པ་བསྐུར་བ་ནི་དབང་གསུམ་པ་དང་དཔེ་དོན་དུ་སྦྱར་ནས་བསྐུར་བར་


JLD010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། རྒྱུད་རྡོར་ཕྲེང་ལས་ཀྱང་དབང་བཞི་པའི་སྐབས་སུ། བསྐྱེད་པའི་རིམ་པ་སྒོམ་པ་ཡི། །འདི་ནི་མན་ངག་ལས་ནི་ཤེས། །ཞེས་བཞི་པ་འདི་ནི་དབང་གསུམ་པ་བསྐུར་བའི་སྐབས་ཀྱི་བསྐྱེད་རིམ་གྱི་མན་ངག་ལས་ཤེས་པར་གསུངས་པས། དབང་གསུམ་པའི་སྐབས་སུ་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པ་དང་། སེམས་དེ་ཁོ་ན་ཉིད་ལ་ཞུགས་པའི་བདེ་བ་ཆེན་པོ་གཉིས་ཡོད་པ་དེ་བཞིན་དུ། དོན་གྱི་དབང་བཞི་པ་ཡང་ཕྱི་ནང་གི་ཆོས་བརྟན་གཡོ་ཀུན་གྱི་བདག་ཉིད་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དུ་གནས་པ་ལ། ཡུལ་ཅན་བདེ་བ་ཆེན་པོ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པས་གཉིས་སྣང་ཕྲ་མོ་ཡང་མེད་པའི་ཐུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་ཟད་པ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་དང༌། སོགས་ཀྱི་དོན་ལུས་ཡོངས་སུ་དག་པའི་སྒྱུ་མའི་སྐུར་སོང་བ་དང་། གཉིས་པོ་ངོ་བོ་གཅིག་ཏུ་ཚོགས་པའི་ཟུང་འཇུག་རྫོགས་རིམ་གྱི་རིམ་པ་ལྔ་པ་བསམ་མི་ཁྱབ་ཀྱི་རིམ་པ་དེ་ཉིད་དོན་གྱི་དབང་བཞི་པ་ཡིན་ལ། དེ་ཉིད་ཚིག་དབང་གིས་ངོ་སྤྲད་པའི་ཐབས་ཀྱི་ལམ་གོམས་པར་བྱས་པ་ལས་མངོན་དུ་འགྱུར་རོ་ཞེས་བརྡ་སྤྲད་པར་བྱའོ། །གྲུབ་ཆེན་གྱི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་ཀྱང༌། འདི་ནི་ངོ་བོ་ཉིད་ཀྱི་སྐུ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པ། །མ་ནིང་ཞེས་བྱར་གྲགས་པ་སྟེ། །འགའ་ཞིག་ཏུ་ནི་ཟུང་འཇུག་ཅེས། །སྒྲིབ་པ་མེད་པའི་ཆོས་ཀྱིས་ནི། །ཕུང་པོ་ལ་སོགས་འདི་ན་གནས། །རྟེན་དང་བརྟེན་པའི་མཚན་ཉིད་འདི། །


JLD010_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དཀྱིལ་འཁོར་ཉིད་ཡིན་ནོ། །ཞེས་གསུངས་པས། ལུགས་འདི་ལ་དབང་བཞི་པ་ཟུང་འཇུག་གི་དོན་ལ་ངོ་སྤྲད་ནས་བསྐུར་བ་དགོས་ལ། དེ་བླ་མས་དབང་གི་དུས་སུ་ངོ་སྤྲད་པ་ཉིད་ཀྱིས་ཚིག་དབང་བཞི་པ་འཐོབ་པས་དེ་ལས་གཞན་མང་པོ་ཞིག་མི་དགོས་སོ། །དེ་དག་གིས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ་ཞེས་དག་པ་སྦྱིན་ནོ། །དེ་ནས། འདི་ནི་རང་ཉིད་མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་སྤངས་པ་འོ། །རིག་འདི་བོར་ནས་དེ་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མའི་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ། །ཞེས་བརྗོད་དེ། དེའི་དོན་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་དམིགས་པ་ཉིད་ཀྱིས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདྲེན་པའི་ངེས་དོན་གྱི་རིག་མ་འདི་བོར་ནས་ཐབས་གཞན་གྱིས་འཚང་མི་རྒྱ་བས་རིག་མའི་བརྟུལ་ཞུགས་དེ་སྤྱོད་ཅིག །དེ་ནི་བརྟུལ་ཞུགས་ཐམས་ཅད་ཀྱི་ནང་ནས་གོང་མའི་གོང་མར་གྱུར་པའོ་ཞེས་གོ་བར་བྱ་སྟེ། རིག་མའི་བརྟུལ་ཞུགས་སྦྱིན་པའོ། །འདི་དབང་ཆོག་ན་སྔོན་དུ་ཡོད་ཀྱང༌། རྒྱ་གར་


JLD010_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཁས་པ་གཞན་གྱིས་དབང་བཞི་པའི་མཐའ་རྟེན་དུ་རིག་མའི་བརྟུལ་ཞུགས་སྦྱིན་པར་བཤད་པ་ལྟར། སྐབས་འདིར་དོན་གྱི་རིམ་པ་ལ་བརྟེན་ཏེ་བྱས་ན་ལེགས་སོ། །ཚིག་ཉུང་དོན་དཀའ་གལ་ཏེ་རྟོགས་གྱུར་ན། །མཁས་པའི་ཡིད་ལ་དགའ་བ་ཆེར་བསྐྱེད་པའི། །གྲུབ་ཆེན་དྲིལ་བུ་ཞབས་ཀྱི་དབང་ཆོག་དོན། །གོ་སླ་འཁྱེར་བདེའི་ཆོ་གའི་རིམ་པར་བསྒྲིགས། །ཤིན་ཏུ་དཔོག་དཀའི་དོན་ལ་ནོངས་གྱུར་ན། །བཅོམ་ལྡན་ཧེ་རུ་ཀ་ལ་སྙིང་ནས་འཆགས། །དེ་ཡི་དགེ་བས་གྲུབ་པའི་དབང་ཕྱུག་གི །ལུགས་བཟང་འཇིག་རྟེན་ཀུན་ཏུ་རྒྱས་གྱུར་ཅིག །ཅེས་དཔལ་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དྲིལ་བུ་ཞབས་ཀྱི་ལུགས་སུ་གྲགས་པ་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ་འདི། ཡོངས་སུ་གྲགས་པའི་སྡེ་སྣོད་འཛིན་པ་ཆེན་པོ་དགེ་ལེགས་དཔལ་གྱིས་ནན་ཆེར་བསྐུལ་ཞིང་གཞན་ཡང་མང་པོ་ལ་ཕན་པར་མཐོང་ནས། ལམ་འདི་ལ་མོས་པ་ཤིན་ཏུ་བརྟན་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། བདེ་མཆོག་གི་རྒྱུད་དང་རྒྱ་གཞུང་གི་སྐོར་དུ་མ་དང༌། ཁྱད་པར་གྲུབ་ཆེན་གྱི་གཞུང་ཀུན་ལ་འདྲེས་པར་བྱས་ཏེ། ས་སྐྱ་པ་ཡབ་སྲས་ཀྱི་ཕྱག་བཞེས་ལ་གཞི་བྱས་ཤིང༌། བོད་ཀྱི་མཁས་པ་གཞན་གྱིའང་ལེགས་པར་བཤད་པའི་ཆ་བླངས་ནས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ།། །།


JLD010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། མངྒ་ལཾ།


previousརྣལ་འབྱོར་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་རིན་པོ་ཆེའི་བང་མཛོད། next