Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
དྲིལ་བུ་རིམ་ལྔའི་ཁྲིད་ཡིག་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོས་མཛད་པ།
   
   
   
   
  expand section
   
   
   
   
   
   
   


 
previousདྲིལ་བུ་རིམ་ལྔའི་ཁྲིད་ཡིག་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོས་མཛད་པ། next

དྲིལ་བུ་རིམ་ལྔའི་ཁྲིད་ཡིག་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོས་མཛད་པ།


JLD010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་རིམ་ལྔའི་ཁྲིད་ཡིག་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོས་མཛད་པ་བཞུགས་སོ། །


JLD010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཆོག་ཧེ་རུ་ཀ་དང་རྗེ་བཙུན་མ། །དཔའ་བོ་དཔའ་མོའི་དབང་ཕྱུག་ཐམས་ཅད་དང༌། །རྡོ་རྗེ་འཆང་དངོས་རྗེ་བཙུན་ཙོང་ཁ་པའི། །ཞབས་ལ་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །འདིར་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་གི་ལམ་ལ་འཁྲིད་པ་ལ་གསུམ། ལམ་གྱི་སྔོན་དུ་འགྲོ་བ་དང༌། ལམ་དངོས་དང༌། ལམ་བསྒོམས་པའི་འབྲས་བུའོ། །དང་པོ་ནི། ཐེག་ཆེན་པ་གཉིས་ཀྱི་ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱང་བ་དང༌། ལུགས་འདིའི་དབང་རྫོགས་པར་བསྐུར་བ་དང༌། དམ་ཚིག་དང་སྡོམ་པ་དག་པར་བྱེད་པ་གསུམ་གཙོ་བོ་ཡིན་པས་གཞན་དུ་བཤད་པ་ལྟར་བྱས་ལ། བླ་མ་གོང་མའི་ཕྱག་བཞེས་ལྟར། རྡོ་རྗེ་སེམས་དཔའི་སྒོམ་


JLD010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་དང༌། བླ་མའི་རྣལ་འབྱོར་བསྒོམས་ནས་གསོལ་བ་དྲག་ཏུ་འདེབས་པའང་བྱའོ། །གཉིས་པ་ལ་གཉིས། བསྐྱེད་རིམ་ལ་བསླབ་པ་དང༌། རྫོགས་རིམ་ལ་བསླབ་པའོ། །དང་པོ་ནི། སྒྲུབ་ཐབས་ན་ཡོད་པ་ལྟར་ལྷའི་གསལ་སྣང་རྙེད་པ་དང༌། དེ་ལ་རིང་དུ་གནས་པའི་སེམས་བརྟན་པོ་རྙེད་པའི་ཁྲིད་རིམ་བྱེད་པའོ། །གཉིས་པ་ལ་གཉིས། གང་ལ་གནས་ནས་བསྒོམ་པའི་རྟེན་གྱི་རྣལ་འབྱོར་དང༌། དེ་ལ་བརྟེན་ནས་བསྒོམ་པའི་ཚུལ་དངོས་སོ། །དང་པོ་ནི། བསྐྱེད་རིམ་ལ་སེམས་བརྟན་པོ་རྙེད་ན་མཚམས་འདི་ནས་བསྐྱེད་རིམ་ཞར་བྱུང་དུ་དང༌། གཙོ་བོར་རྫོགས་རིམ་བསྒོམ། དེ་ལྟ་མིན་པར་བསྐྱེད་རིམ་ལ་མང་དུ་སློབ་པ་སྔར་སོང་བ་མ་ཡིན་ན་ཐུན་དང་པོ་ལ་བསྐྱེད་རིམ་


JLD010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ལན་ཅིག་དང༌། ཐུན་གཞན་གསུམ་གྱི་དུས་སུ་བསྡུས་ནས་བསྒོམ་པའི་ཚུལ་གཉིས་བྱས་ཏེ། ལྷའི་རྣལ་འབྱོར་ཐུན་འཚམས་པར་བསྒོམ་པ་སྔོན་དུ་བཏང་ནས། ཐུན་གྱི་མཐར་ལྷ་བསྡུས་པའི་འོག་ཏུ། ཧེ་རུ་ཀ་ཡབ་ཡུམ་དུ་ལངས་པའི་ལྷའི་རྣལ་འབྱོར་གསལ་གདབ་པར་བྱས་ལ་བསྒོམ་མོ། །གཉིས་པ་ལ་གཉིས། བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་པའི་སྔོན་དུ་འགྲོ་བའི་རིམ་པ་དང༌། བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་པའི་ཚུལ་དངོས་སོ། །དང་པོ་ལ་གཉིས། བྱང་སེམས་དཀར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་བསྐྱེད་ཚུལ་དང༌། བྱང་སེམས་དམར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་བསྐྱེད་ཚུལ་ལོ། །དང་པོ་ལ་གསུམ། དྷཱུ་ཏཱིའི་དབུས་སྙིང་གར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་བསྐྱེད་ཚུལ་བདག་བྱིན་རླབས་ཀྱི་རིམ་པ་དང༌། དྷཱུ་ཏཱིའི་ཡར་སྣ་མར་སྣར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་སྐྱེ་ཚུལ་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ཕྱག་རྒྱ་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་བསྐྱེད་ཚུལ་ནོར་བུ་འགེང་བའི་རིམ་པའོ། །དང་པོ་ལ་གཉིས། ས་བོན་དང་བཅས་པའི་རང་བྱིན་རླབས་དང༌། ས་བོན་མེད་པའི་རང་བྱིན་རླབས་སོ། །དང་པོ་ལ་གསུམ། སྒོམ་པའི་སྔར་ཇི་ལྟར་བྱ་བ་དང༌། དེ་ནས་ཇི་ལྟར་བསྒོམ་པ་དང༌། བསྒོམས་པས་ཇི་ལྟར་སྐྱེ་བའོ། །དང་པོ་ནི། ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་འཁོད་ནས། གནད་བཞི་དང་ལྡན་པར་བྱ་བ་ལ། ལུས་ཀྱི་གནད་ནི། རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་གང་བདེ་བཅས་ལ། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་


JLD010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་དགུག །མགོ་མི་མཐོ་མི་དམའ་བར་བྱ། མིག་སྣ་རྩེར་བལྟ། སྣ་ལྟེ་བའི་ཐད་སོར་འོང་བ་དང༌། མཆུ་དང་སོ་རང་ལུགས་པར་བཞག །ལྕེའི་རྩེ་མོ་ཅུང་ཟད་གྱེན་དུ་ལྡོག །ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་བྱའོ། །དུས་ཀྱི་གནད་སྤྱིར་རྒྱུན་དུ་བྱ་བ་ཡིན་ལ། ཁྱད་པར་ཐོ་རངས་སོགས་རིག་པ་གསལ་བ་དང༌། ཕྱི་དྲོ་མེའི་དུས་སུ་བསྒོམ་མོ། །རླུང་གི་གནད་ནི། རླུང་ཕྱི་ནང་དུ་འབྱུང་འཇུག་བྱེད་པ་ཧ་ཅང་སྒྲ་ཅན་དང༌། དྲག་པར་མི་བྱ་བར་དལ་གྱིས་རྒྱུ་བའི་འཇམ་པོར་བྱའོ། །གང་དུ་དམིགས་པ་གཏོད་པའི་ཡུལ་གྱི་གནད་ནི། ལུས་ལ་གནད་དུ་བསྣུན་པའི་གདམས་པ་རྣམས་ལ། གང་དུ་དམིགས་པ་གཏོད་བའི་གནད་ངོས་ཟིན་ནས། དེར་སེམས་གཏོད་པ་རྣམ་པར་དག་པ་ཞིག་མེད་ན་ཅི་ཙམ་བསྒོམས་ཀྱང༌། རླུང་དབུ་མར་ཐིམ་པའི་ལྷན་སྐྱེས་ཀྱི་བདེ་ཆེན་མི་སྐྱེ་བས། ལུས་ལ་གནད་དུ་བསྣུན་སའི་གཙོ་བོའང༌། དབུ་མའི་ཡར་སྣ་མར་སྣ་དང་རྩ་འཁོར་གྱི་དབུས་སོགས་གང་རུང་ཁོ་ན་ཡིན་ཏེ། རོ་རྐྱང་གི་དབུས་ཀྱི་དབུ་མར་ཨཾ་ཡིག་བསྒོམས་པས་དབུ་མའི་ནང་གི་གཏུམ་མོ་འབར་ནས་བདེ་ཆེན་སྦྱིན་པར་གསུངས་པའི་ཕྱིར་ཏེ། སྡོམ་འབྱུང་ལས། དེ་དག་དབུས་སུ་གནས་ལྷ་མོ། །ཨཾ་ཡིག་སྣ་ཚོགས་གཟུགས་ཅན་མ། །ལྷ་མོ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཐམས་ཅད་རབ་སྩལ་མ། །བདེ་བ་ཆེན་པོ་སྦྱིན། ཅེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཤེས་བྱ་དབུས་སུ་རླུང་རྒྱུ་བ། །མེ་


JLD010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སད་བྱེད་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ལྷ་མོ་ཨཾ་ཡིག་ནི། ཕག་མོའི་ཨཾ་ཡིག་བསྒོམ་པ་ལ་བཤད་དེ། ཡི་གེ་གཞན་དང་ཐིག་ལེ་སོགས་བསྒོམ་པ་ལའང་མཚོན་ནོ། །གཉིས་པ་ནི། རིམ་ལྔ་ལས། སྒྲ་དང་ཐིག་ལེར་ལྡན་པའི་སེམས། །སྙིང་གར་གཞག་བྱ་ཞེས་གསུངས་པ་ལྟར། ནུ་མ་གཉིས་ཀྱི་དབུས་དྲང་པོ་ནས་ཐད་ཀར་ཕྱིན་པའི་སྒལ་ཚིགས་ཀྱི་ནང་ལོགས་སུ་རྩ་དབུ་མ་ལ་རོ་རྐྱང་གིས་མདུད་པ་བརྒྱབ་པའི་དབུ་མའི་ནང་དུ་ཐིག་ལེ་དཀར་དམར་ཁ་སྦྱར་གྱི་དབུས་སུ་ཐིག་ལེ་ནཱ་ད་ཟླ་ཕྱེད་མགོར་ལྡན་པའི་ཧཱུཾ་ཡིག་དཀར་པོ་ཡུངས་ཀར་གྱི་ཚད་ཙམ་བ་མོ་འཛག་པ་ལ་སེམས་གཟུང་བར་བྱའོ། །དམིགས་རྟེན་དབུ་མའི་ནང་དུ་འཛིན་པ་དང༌། ཆུང་བའི་ཚད་དང་བ་མོ་འཛག་པ་ནི་ཁ་སྦྱོར་ལས་ཀྱང་གསུངས་ཏེ། དེ་ལས། དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུ་འཛག་པ་གཉིས། །ཞེས་གསུངས་པའི་ཕྱིར་རོ། །དམིགས་རྟེན་ཤིན་ཏུ་ཕྲ་བ་ལ་སེམས་གཏད་ན་རླུང་འདུ་སླ་བས་སྔར་ལྟར་བྱ། དེ་ལྟར་མི་ནུས་ན་རེ་ཞིག་དམིགས་རྟེན་ཆེ་བ་ལ་སེམས་གཏད་ལ། དེ་ནས་ཇེ་ཕྲ་ཇེ་ཕྲར་བཏད་ལ་སེམས་བཟུང༌། སེམས་འཛིན་ལུགས་ནི་ཚུར་ངོས་ནས་ཕར་ངོས་ན་ཡོད་པ་ལ་བལྟ་བ་ལྟར་མི་བྱ་བར། ཧཱུཾ་ཡིག་གི་ནང་དུ་ཞུགས་དེ་དབྱེར་མེད་དུ་སོང་བ་ལྟར་བྱས་ནས་འཛིན་པར་གསུངས་པས་དེ་བཞིན་དུ་བྱའོ། །སེམས་ཀྱི་འཛིན་སྟངས་ནི། སེམས་ཀྱི་འགྲིམས་ཆ་ཧ་ཅང་ཆེས་ན་རྒོད་པ་སྐྱེས་ནས་གནས་སུ་


JLD010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཏུབ་ལ་གྲིམས་ཆ་བཞག་ན་གནས་པ་སྐྱེའང་བྱིང་བ་ཕྲ་མོ་མི་ཆོད་པས་རླུང་ཤིན་ཏུ་འདུ་དཀའ་བས་འདི་ཙམ་ཞིག་སྒྲིམས་ན་ངེས་པར་རྒོད་པ་སྐྱེ་བ་ཉམས་ཀྱི་སྟེང་ནས་ཤེས་པར་བྱས་ལ། དེ་ཙམ་དུ་མི་སྒྲིམ་པར་དེའི་འོག་ནས་སྒྲིམས་ཏེ་བཞག་གོ །གང་བྱས་ཀྱང་དམིགས་རྟེན་གསལ་དུ་མ་འདོད་ན་རྩ་འཁོར་གྱི་དབུས་དབུ་མའི་ནང་ཉིད་དུ་འཛིན་པའི་ཚུལ་གྱིས་སེམས་དེར་བཟུང་ལ། སེམས་གནས་རྙེད་པ་ན་དམིགས་རྟེན་གསལ་བར་སྣང་བ་ལ་སློབ་བོ། །འདིར་དམིགས་རྟེན་ལ་དྲན་པ་བརྟེན་ཚུལ་དང༌། བྱིང་རྒོད་བྱུང་ན་གཅོད་པའི་ཚུལ་ནི། དབུས་མཐའ་ལས། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། འདི་ལྟར་བསྐྱངས་པས་སེམས་རྒོད་པ་ཕྲ་མོ་དང་བྲལ་བའི་མི་རྟོག་པ་ཤིན་ཏུ་འཐུག་པོ་དང༌། བྱིང་བ་ཕྲ་མོའང་ཆོད་པའི་རིག་པ་ངར་དང་ལྡན་པའི་གསལ་དངས་ཆེ་བ་དང་ལུས་སེམས་ལ་བདེ་བའི་ཉམས་ཆེ་བ་རྣམས་འབྱུང་མོད་ཀྱང༌། དེ་འདྲ་བ་ནི་ཆོས་འདི་པ་དང༌། གཞན་པ་དང༌། ཐེག་པ་ཆེ་ཆུང་གཉིས་ཀ་དང༌། རྒྱུད་སྡེ་གོང་འོག་དང༌། རིམ་པ་གཉིས་ཀའི་ཐུན་མོང་བ་ཡིན་པས། རྫོགས་རིམ་པའི་ལུས་ལ་གནད་དུ་བསྣུན་པས་ཏིང་ངེ་འཛིན་སྐྱེ་ལུགས་ཐུན་མོང་མ་ཡིན་པ་སྲོག་དྷཱུ་ཏཱིར་ཞུགས་པ་སོགས་ཀྱི་རྟགས་མི་འཁྲུལ་བ་དགོས་ལ། དེ་ལ་ནི་སྔར་བཤད་པའི་ལུས་ལ་གནད་དུ་བསྣུན་


JLD010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་པ་འདི་འདྲ་བ་ལ་རིང་དུ་བསྐྱང་བས་ཐུན་རེའི་བར་དུ་བྱིང་རྒོད་ཕྲ་མོ་དང་བྲལ་བར་སེམས་ཤིན་ཏུ་བརྟན་པར་གནས་པའི་ཐུན་འཁྱོངས་པ་དགོས་སོ། །འདིར་ཐུན་གཅིག་ནི་ཞག་གཅིག་གི་དྲུག་ཆའོ། །འོ་ན་རྟགས་མི་འཁྲུལ་པ་ཇི་ལྟ་བུ་སྙམ་ན། ཐུན་འཁྱོངས་པའི་འོག་ཏུ་རང་གི་སྣ་བུག་གང་རུང་རེ་རེ་བར་རྒྱུ་བའི་འཕོས་མ་ཐག་པའི་སྐབས་ངོས་བཟུང་ལ། དེ་ནས་ལུས་གནད་དང་སེམས་ཀྱི་འཛིན་ལུགས་སྔར་བཞིན་བྱས་པའི་མཐུས། རིང་པོ་མི་ཐོགས་པར་སྣ་སྒོར་བརྟགས་པ་ན་རླུང་མཉམ་རྒྱུར་ཐེངས་པ་དང༌། དེའང་ལན་རེ་རེ་གཉིས་གཉིས་ཙམ་ལ་ངེས་པ་མེད་ཀྱི། འགལ་རྐྱེན་གཞན་མེད་ན་ངེས་ཅན་ཐེངས་ཀྱིན་འདུག་པ་དང༌། མཉམ་རྒྱུའང་གང་རུང་གཅིག་དྲག་ལ་ཅིག་ཤོས་ཞན་པ་མ་ཡིན་པར་དྲག་ཞན་ཤེད་མཚུངས་སུ་རྒྱུ་བ་འོང་བར་སྣང་ན། རྣལ་འབྱོར་དེའི་སྟོབས་ཀྱིས་སྲོག་དབུ་མར་འཛུད་ནུས་པ་ཙམ་དུ་འཇོག་ནུས་མོད་ཀྱང༌། ལན་ཅིག་ཚུད་ནས་གཡས་གཡོན་རེ་རེ་བར་མི་འཕོ་བ་མིན་ནོ། །དེ་ནི་སྲོག་དྷཱུ་ཏཱིར་ཞུགས་པ་ཡིན་ལ། དྷཱུ་ཏཱིར་གནས་པ་ནི་མཚམས་འདི་ནས་དྲིལ་ཏེ་བསྒོམས་པས་སྣ་བུག་གི་རྒྱུ་བ་ཞན་དུ་སོང་བའི་མཐར་ཞིབ་ཏུ་བརྟགས་པ་ན། རྒྱུ་བ་ཕྲ་མོའང་བཟློག་པ་ཞིག་འོང༌། ཟློག་ཚུལ་དེའང་ངེས་དཀའ་ན་ལུས་དྲང་པོར་གཡོ་འགུལ་མེད་པར་བདེ་མོར་གནས་པའི་དུས་སུ་ལྟོ་བ་འགུལ་མི་འགུལ་བརྟག །ཅུང་ཟད་འགུལ་བར་སྣང་ན་མ་ལོག་པའི་རྟགས་ཡིན། བརྟག་པ་འདི་ཁྱད་པར་ལྟེ་བ་མན་ཆད་ཀྱི་ཐུར་སེལ་འོག་གི་སྣ་


JLD010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་འབྱུང་འཇུག་བྱེད་མི་བྱེད་རྟོག་པ་ལ་གལ་ཆེ་བ་ཡིན། སྣ་བུག་གི་རྒྱུ་བ་ཕྲ་མོ་ལོག་པ་ལ་ཐིམ་དཀའ་སླ་གཉིས་ལས། ཐིམ་དཀའ་ན་ཡུད་ཅིག་ལ་ལྟོ་བ་རླུང་གིས་ཁེངས་པ་འབྱུང་ཞིང་དེ་ནས་ཞི་བར་འགྱུར་ལ། ཞི་མ་ཐག་ལྟེ་བ་དང་གསང་གནས་ཀྱི་མེ་གནས་པའི་ཐད་ནས་དྲོད་ཁྱད་པར་ཅན་སྐྱེ། དེ་ནས་རིམ་གྱིས་ཞུ་བདེ་འདྲེན་ཏེ། ཁ་སྦྱོར་ལས། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །ཞེས་དང༌། ཞལ་ལུང་ལས། སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་མདོར་གྲུ་གསུམ་མེ་འབར་བས། །ཁམས་བཞུས་ནས་ནི་བཅུ་དྲུག་ཆར། །ཞེས་གསུངས་པའི་ཕྱིར་རོ། །སྣ་བུག་གི་རྒྱུ་བ་ཕྲ་མོའང་ལོག་པ་འདི། བྱིང་བ་ཕྲ་མོ་མཆོད་པར་བསགས་པས། བྱིང་བ་ཤས་ཆེ་བ་ཞིག་ལའང་འོང་ལ། རྩ་འཁོར་གྱི་ལྟེ་བར་གནད་དུ་བསྣུན་པ་ལ་མི་མཁས་པར་བུམ་པ་ཅན་མང་དུ་བསྒོམ་པར་བྱས་ཤིང༌། སྲོག་དྷཱུ་ཏཱིར་འཆིང་བར་ནི་མ་ནུས་པའི་རླུང་རྩ་གནས་གཞན་དུ་བྱེར་བ་ལ། རླུང་འབྱུང་འཇུག་ཀྱང་མི་བྱེད་ཅིང་ནང་དུ་འཛིན་རྒྱུའང་མེད་པ་ཞིག་འོང་ཡང༌། དེ་ནི་དྷཱུ་ཏཱིར་ཚུད་པ་དང་ཐིམ་པ་གང་ཡང་མིན་པས། ཁྱད་པར་དེ་རྣམས་ལོགས་པར་ཕྱེད་པར་བྱའོ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བཞི་དང་སྟོང་པ་བཞི་སྐྱེ་བ་ནི་རིམ་པ་ལྔ་ཀའི་སྐབས་སུ་འོང་ཡང་དགའ་བཞི་སྐྱེ་ཚུལ་ནི། རིམ་པ་གསུམ་པའི་སྐབས་སུ་འཆད་


JLD010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྟོང་པ་བཞི་སྐྱེ་བ་དང༌། བསེ་བ་གསུམ་བྱེད་ཚུལ་ནི་རིམ་པ་ལྔ་པའི་སྐབས་སུ་བཤད་པར་བྱའོ། །གཉིས་པ་ས་བོན་མེད་པའི་རང་བྱིན་རླབས་ནི། རིམ་ལྔ་ལས། ཉི་མ་དང་ཟླ་བའི་བདག་ཉིད་ཅན་གྱི་ལམ། སྟོང་པ་ཉིད་ཀྱི་རང་བཞིན། ནམ་མཁའ་སྟོང་པའི་ངོ་བོ་གང་ནས་བར་ཆད་མེད་པར་རླུང་འཇུག་པ་དང་འབྱུང་བར་འགྱུར་བའི་ལམ་དེར་རླུང་དང་ལྷན་ཅིག་སྦྱར་ལ་གཅིག་ཏུ་བྱས་པའི་སེམས་གཟུང་བར་བྱའོ་ཞེས་གསུངས་པ་ལྟར་བསྒོམ་པ་ལ། ལུས་དང་རླུང་དང་དུས་ཀྱི་གནད་གསུམ་ནི་སྔར་དང་འདྲ་ལ། ཡུལ་གྱི་གནད་ནི། སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཧཱུཾ་ཡིག་དཀར་པོ་བསམ་པ་ལ་རླུང་འཇུག་གནས་ལྡང་གསུམ་བྱས་ཏེ། དེའང་རླུང་འཇུག་པའི་དུས་སུ་དྷཱུ་ཏཱིའི་ནང་གི་རླུང་གི་གདངས་ༀ་ཡིག་གི་གདངས་སུ་ཞུགས་པར་བསམས་ལ་ཧཱུཾ་ལ་གཞུག །དེ་ལས་འཇུག་ལྡང་གང་རུང་གི་ཡུན་ཚད་ཙམ་ཞིག་ཞུགས་པ་དེར་བཟུང་ནས་དེའི་རང་གདངས་ཨ་ཡིག་གི་གདངས་སུ་བསམ། དེ་ནས་དྷཱུ་ཏཱིའི་ནང་གི་རླུང་ལས་ཕྱིར་འགྲོ་བའི་ཚེའང་དྷཱུ་ཏཱིའི་ནང་ནས་ཕྱིར་འགྲོ་བར་བསམ་ཞིང་དེའི་ཚེ་རླུང་གི་རང་གདངས་ཧཱུཾ་གི་གདངས་སུ་འབྱུང་བར་བསམས་ལ། བསྐྱེད་རིམ་པའི་ཡིད་བཟླས་ཀྱིས་རྡོར་བཟླས་སུ་མ་ཤོར་བར་རླུང་གི་གདངས་དང་སྔགས་གསུམ་གྱི་གདངས་དབྱེར་མི་ཕྱེད་པར་གནས་པ་ལ་སེམས་གཏད་དེ་རྡོར་བཟླས་བྱའོ། །རྡོར་བཟླས་བྱས་པས་མྱོང་བ་སྐྱེ་ཚུལ་ནི། རེ་ཞིག་རླུང་གི་གདངས་ལ་སྔགས་སུ་མོས་པ་ཙམ་ལས་མི་འོང་ཡང་། གོམས་པའི་མཐར་ཕར་ལ་མོས་པ་བྱས་


JLD010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་མིན་པར་ཚུར་ལ་རང་གི་གདངས་ཡི་གེ་གསུམ་གྱི་གདངས་སུ་འཆར་བའི་གསུང་གི་ང་རྒྱལ་འཕོས་པ་འབྱུང་ལ། དེའང་དང་པོར་དྷཱུ་ཏཱིའི་ནང་ནས་འབྱུང་འཇུག་བྱེད་པར་མོས་པ་ཙམ་ཡིན་ཡང༌། གོམས་པ་བསྲིངས་ན། དྷཱུ་ཏཱིའི་ནང་ནས་དངོས་སུ་འབྱུང་འཇུག་བྱེད་པ་འོང་ངོ༌། །འདི་ལ་ཡང་འཛིན་སྟངས་ལ་ངར་ཐོན་པ་དང་བྱིང་རྒོད་བྱུང་ན་གཅོད་ཚུལ། རླུང་ཞུགས་གནས་ཐིམ་གསུམ་གྱི་རྟགས་འོང་ཚུལ་ནི་སྔར་དང་འདྲའོ། །རླུང་འབྱུང་འཇུག་གཉིས་ལ་རྡོར་བཟླས་བྱས་པས་སྙིང་གའི་དྷཱུ་ཏཱི་ལ་རོ་རྐྱང་གིས་དཀྲིས་པའི་མ་རིག་པའི་མདུད་པ་འབྱེད་པ་ཡིན་ཏེ། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། རླུང་གཉིས་ཀྱིས་ནི་ཕྱེད་ནས་ནི། །མ་རིག་མདུད་པ་འབྱེད་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་དྷཱུ་ཏཱིའི་ཡར་སྣ་མར་སྣར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་སྐྱེད་ཚུལ་སྣ་ཚོགས་རྡོ་རྗེའི་རིམ་པ་ལ་གཉིས། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །དང་པོ་ནི། རིམ་ལྔ་ལས། སྣ་ཚོགས་རྡོ་རྗེའི་གཞིར་གནས་པའི་རྡོ་རྗེ་དང༌། རྡོ་རྗེ་རྩེ་མོར་དང་པོ་མཆོག་གི་སྤྱིར་གནས་པ། །ཟླ་བ་ལྟ་བུར་དྲི་མེད་ལུས་ཅན་ཐིག་ལེ་ནི། །སྒོམ་པར་བྱེད་ཅེས་གསུངས་པ་ལྟར་བསྒོམ་པ་ལ། གནད་གཞན་གསུམ་སྔར་དང་འདྲ་ལ། ཡུལ་གྱི་གནད་ནི་རང་གི་རིག་མའི་བྷ་གའི་ནང་དུ་རང་གི་རྡོ་རྗེ་བཅུག་པ་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དུ་བྱས་པའི་རྩེ་མོའི་དབུ་མའི་ནང་ཙམ་དུ་ཧཱུཾ་དཀར་པོ་མགོ་གྱེན་དུ་བལྟ་བ་སྟེང་གི་ཐིག་ལེ་དང་


JLD010_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལ་སེམས་དབྱེར་མེད་དུ་བྱས་ཏེ་གཞག་པར་བྱའོ། །སྣ་ཚོགས་རྡོ་རྗེ་ཞེས་པ་དེ་ལྟར་བསྒོམས་པས་ཡོན་ཏན་སྣ་ཚོགས་སྐྱེ་བའི་ཆ་ནས་མིང་བཏགས་པའོ། །གཉིས་པ་ནི། རིམ་ལྔ་ལས། མཛོད་སྤུར་ཉི་མའི་གཟུགས་བཀོད་པ་སེམས་ཀྱིས་དམིགས་སོ། །དེའི་སྟེང་དུ་ཟླ་བའི་གཟུགས་བཀོད་ལ། དེའི་སྟེང་དུ་སྐར་མའི་ཚོགས་བཀོད་པ་སྟེ། དེ་ལྟར་སེམས་དམིགས་པ་མེད་པ་ལ་བརྟན་པར་འགྱུར་བ་ནི་ཞེས་གསུངས་པ་ལྟར་བསྒོམ་པ་ལ། གནད་གཞན་གསུམ་སྔར་དང་འདྲ་ལ། ཡུལ་གྱི་གནད་ནི། སྨིན་མ་གཉིས་ཀྱི་མཚམས་ཀྱི་དབུ་མའི་ཡར་སྣའི་ནང་ཙམ་དུ་རྡོ་རྗེ་རྩེ་གཅིག་པ་བསྒོམས་ནས་དེའི་རྩེར་ཉི་མའི་གཟུགས་བཀོད་ལ་སེམས་བཟུང་། དེ་ལ་དམིགས་པ་བརྟན་པ་ན་ཉི་མའི་སྟེང་དུ་ཟླ་བའི་གཟུགས་ཀྱི་ཐིག་ལེ་བཀོད་ལ་སེམས་བཟུང༌། ཟླ་བ་ལ་དམིགས་པ་བརྟན་པ་ན་ཟླ་བའི་སྟེང་དུ་སྐར་མའི་རྣམ་པ་ཅན་གྱི་དབུས་སུ་ཐིག་ལེ་སྔོན་པོ། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་སྟེ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་བསམས་ལ། དེ་དང་དབྱེར་མེད་གཅིག་ཏུ་སེམས་གཟུང་བར་བྱའོ། །གསུམ་པ་ཕྱག་རྒྱ་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་བསྐྱེད་ཚུལ་ནོར་བུ་འགེང་བའི་རིམ་པ་ལ་བཞི། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེང་ཚུལ་དང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེང་ཚུལ་དང༌། ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེང་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་ནོར་བུ་འགེང་ཚུལ་ལོ། །དང་པོ་ནི། རིམ་ལྔ་ལས།


JLD010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བའི་ཆོ་གས་རྡོ་རྗེ་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་སོན་པ་ན་བདེ་བ་ཇི་འདྲ་བ་ཞིག་སྐྱེ་བ་དེ་ཡང་དག་པར་ཉེ་བར་བརྟགས་ཤིང་བརྟན་པར་བྱས་ནས་དེའི་བདག་ཉིད་དུ་གྱུར་པ་ལ་ནི་ཞེས་གསུངས་པ་ལྟར་བསྒོམ་པ་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་ཚུལ་བསྐྱེད་རིམ་ལྟར་བྱས་ཏེ་སྙོམས་པར་ཞུགས་པ་ནོར་བུའི་རྩེར་བྱང་ཆུབ་ཀྱི་སེམས་ཀུན་ད་སླེབ་པ་ན། ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བར་འདུག་པ་དེ་ངོས་ཟིན་པར་བྱས་ལ་ཆོས་ཐམས་ཅད་བདེན་པར་མེད་སྙམ་དུ་བལྟ་བ་དང་སྦྱར་ཏེ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ཡང༌། རིམ་པ་སྔ་མ་གཉིས་ལ་ནུས་པ་ཐོན་པ་ཡིན་ན་ཐབས་འདིས་ཀྱང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་བ་འདྲེན་ནུས་སོ། །ཕྱག་རྒྱ་གཉིས་པ་ནི། ལས་རྒྱ་ལ་བརྟེན་རན་པ་ན་མཚན་ཉིད་ཚང་བའི་བུད་མེད་བཙལ་ནས་དབང་བསྐུར་ཏེ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་དཀྱིལ་འཁོར་གྱི་འཁོར་ལོ་དང་འདོད་པའི་བསྟན་བཅོས་ལ་མཁས་པའི་ལས་རྒྱ་དང་སྙོམས་པར་ཞུགས་པའི་བྱང་སེམས་ནོར་བུའི་རྩེར་སླེབ་པ་ན། བདེ་བ་སྐྱེ་བ་ངོས་འཛིན་པ་སྔ་མ་བཞིན་བྱས་ཏེ། བདེ་སྟོང་སྦྱར་ནས་བསྒོམ་པའོ། །ཕྱག་རྒྱ་གསུམ་པ་ནི། རང་གི་རྡོ་རྗེ་ནོར་བུའི་དབུས་སུ་ཧཱུཾ་ཁ་དོག་དམར་སྐྱ་ཞིག་བསམས་ལ། སྔར་གྱི་ཕྱག་རྒྱ་གཉིས་ལ་བརྟེན་པའི་བདེ་བ་ཉམས་སུ་མྱོང་བ་ཡང་ཡང་གོམས་པ་ལས་བྱུང་བའི་བདེ་སྟོང་སྦྱར་ཏེ་


JLD010_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའོ། །ཕྱག་རྒྱ་བཞི་པ་ནི། སྔར་གྱི་ཕྱག་རྒྱ་གསུམ་ལ་ནུས་པ་ཐོན་རྗེས་སུ་ལྷན་སྐྱེས་ཀྱི་བདེ་བས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་ཀྱི་ཕྱག་ཆེན་ལ་མཉམ་པར་བཞག་པ་ཡུན་རིང་དུ་གོམས་པ་ལས་བྱུང་བའི་བདེ་སྟོང་སྦྱོར་བའོ། །ཕྱག་རྒྱ་ཕྱི་མ་གསུམ་ལ་ད་ལྟ་ནུས་པ་ཐོན་དཀའ་བས་གོ་དོན་ཙམ་མ་གཏོགས་ལག་ལེན་ལ་འཁྲིད་པ་བཞག་གོ །རིམ་པ་ལྔ་པར་མ་ཟད་རིམ་པ་དང་པོ་བཞི་ཡང༌། ཡས་བབས་མས་བརྟན་གྱི་དགའ་བཞི་དང་སྟོང་པ་བཞི་སྐྱེ་བས་མཉམ་གཞག་ཏུ་བདེ་བ་མ་ཡལ་གྱི་རིང་ལ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་སྙམ་དུ་བདེ་སྟོང་སྦྱར་ནས་བསྒོམ་དགོས་ཏེ། དོ་ཧ་ལས། གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་པའི་ཕྱིར་རོ། །དགའ་བཞི་ངོས་བཟུང་ན། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་དེ་འོད་གསལ་ཞེས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ཡས་བབས་ཀྱི་དགའ་བཞི་རིམ་པ་བཞིན་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་གསུངས་སོ། །བྱང་སེམས་ཞུ་བ་གནས་གང་དུ་སླེབ་པ་ན། ཡས་བབས་ཀྱི་དགའ་བཞི་སྐྱེ་ཚུལ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང༌། །


JLD010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་པ་ལྟར། སྤྱི་བོ་ནས་མགྲིན་པའི་བར་དུ་སླེབ་པ་ན་དགའ་བ་སྐྱེ་ལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །མས་བརྟན་གྱི་དགའ་བཞི་སྐྱེ་ཚུལ་ནི། མངོན་བརྗོད་བླ་མ་ལས། ལྟེ་བ་སྙིང་པད་ནུ་མའི་དབུས། །ལྕེ་ཡི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ལྟར། བྱང་སེམས་ནོར་བུ་ནས་བརྩམས་ཏེ་ལྟེ་བའི་འཁོར་ལོའི་བར་ལོག་པ་ན་དགའ་བ་སྐྱེ་ལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །མན་ངག་སྙེ་མར། མས་བརྟན་གྱི་དགའ་བ་བཞི་ཁ་ལྷན་སྐྱེས་ལ་ཆུང་ངུ་དང་བར་མ་དང་ཆེན་པོ་དང་ཆེན་པོའི་ཆེན་པོར་ཕྱེ་བར་བཤད་པ་རྒྱུད་ཀྱི་དོན་ཡིན་ཏེ། བརྟག་གཉིས་ལས། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་བསྐྱེད་རིམ་ལ་དགའ་བ་གསུམ་གྱི་ལྷན་སྐྱེས་སྤངས་པ་དང་རྫོགས་རིམ་ལ་དགའ་བ་གསུམ་གྱི་བདག་ཉིད་དུའང་འགྱུར་བའི་ལྷན་སྐྱེས་བཤད་དོ། །དེ་ལྟར་བྱས་ན། ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་འོད་གསལ་གྱི་ཡེ་ཤེས་སུ་མི་རུང་ཡང༌། ལུགས་ལྡོག་གི་དགའ་བ་གཞན་གསུམ་ལྷན་སྐྱེས་སུ་འཇོག་པ་ཞིག་བཤད་ལ། དེ་བཞིན་དུ་ལུགས་མཐུན་གྱི་སྣང་མཆེད་ཐོབ་གསུམ་དང་དེ་གསུམ་དགའ་བ་གསུམ་དུ་


JLD010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གི་ལྷན་སྐྱེས་ཀྱི་དགའ་བར་མི་འཇོག་གོ །ལུགས་མཐུན་ཡས་བབས་ཀྱི་དགའ་བ་གསུམ་ལྷན་སྐྱེས་ཀྱི་དགའ་བར་འཇོག་པའི་སྐབས་ཤིག་ཀྱང་ཡོད་པར་མངོན་གསུང་བ་ནི། མས་བརྟན་གྱི་དགའ་བཞིའི་རྗེས་སུ་ཡས་བབས་ཀྱི་དགའ་བ་གསུམ་སྐྱེ་བ་ལ་དགོངས་པ་འདྲའོ། །མཉམ་གཞག་ཏུ་རྫོགས་རིམ་པའི་བདེ་སྟོང་བསྐྱངས་པའི་མཐར་ལངས་པའི་རྗེས་ཐོབ་ཏུ་གཟུགས་སྒྲ་ལ་སོགས་པའི་ཡུལ་སྣང་གང་ཤར་ཐམས་ཅད་ལ་སྔར་གྱི་བདེ་སྟོང་དྲན་ནས་དེས་རྒྱས་བཏབ་ནས་བསྒོམས་ན་དེ་གོམས་པ་ལ་བརྟེན་ནས་ཡུལ་སྣང་གང་ཤར་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། དེ་ཡི་དུས་སུ་གང་མཐོང་བ། །དངོས་པོ་ཀུན་ལ་བལྟ་བར་བྱ། །འདོད་ཆགས་ཆེན་པོའི་ཚུལ་བདག་ཉིད། །རྟག་ཏུ་བདག་ཉིད་ལ་འབྱུང་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རྐང་པ་སྔ་མ་གཉིས་ཀྱིས་རྒྱསཚུལ་དང༌། ཕྱི་མ་གཉིས་ཀྱིས་རྒྱས་བཏབ་པས་བདེ་བ་འབར་བའི་གྲོགས་སུ་འགྲོ་ཚུལ་བསྟན་ནོ། །གཉིས་པ་བྱང་སེམས་དམར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་བསྐྱེད་ཚུལ་ནི། རིམ་ལྔ་ལས། ལྟེ་བ་ཆུ་སོའི་མཚམས་སུ་ནི། །འཁོར་ལོ་གྲུ་གསུམ་དཀར་དམར་ལ། །མདོག་ལྔར་ལྡན་པའི་ཐིག་ལེ་ནི། །སངས་རྒྱས་ལྔ་རྣམས་ཀྱིས་མཚོན་པ། །སྲོག་འགོག་དང་ལྡན་བསྒོམ་བྱས་ནས། །ཞེས་གསུངས་པ་ལྟར་བསྒོམ་པ་ལ། ལྟེ་འོག་སོར་བཞིའི་གསང་གནས་ཀྱི་འཁོར་ལོའི་དབུ་མའི་ནང་དུ་ཆོས་འབྱུང་དཀར་ལ་དམར་བའི་མདངས་ཆགས་པའི་དབུས་སུ་ཐིག་ལེ་སྔོན་པོ་མདུན་དུ་དཀར་པོ།


JLD010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་སེར་པོ། རྒྱབ་ཏུ་དམར་པོ། གཡོན་དུ་ལྗང་གུ་ལྔ་སངས་རྒྱས་རིགས་ལྔའི་ངོ་བོར་བསམ་པ་དང་སྟེང་རླུང་མར་ལ་ཐེན། འོག་རླུང་གྱེན་དུ་དྲངས་ཏེ་ཤིན་ཏུ་ཕྲ་བའི་ཆོས་འབྱུང་གི་དབུས་ཀྱི་ཐིག་ལེ་ལྔའི་བར་སར་རླུང་ཁ་སྦྱོར་བྱེད་པའི་བུམ་པ་ཅན་དང་ལྷན་ཅིག་སྦྲགས་ནས་བྱའོ། །འདི་ནི་ཐུར་སེལ་ལ་དམིགས་ཀྱིས་བཀར་ནས་ཐུར་སེལ་གྱི་གནས་ཉིད་དུ་དམིགས་པ་དང༌། རླུང་སྦྱོར་གྱིས་གནད་དུ་བསྣུན་པས་དམིགས་པ་གོང་མ་རྣམས་ལས་བྱང་སེམས་དམར་པོའི་གཏུམ་མོ་ལྷག་པར་རྒྱས་པར་བྱེད་པའོ། །ཡང་རིམ་ལྔ་ལས། བུ་ག་གཞན་ནས་འབྱུང་འགྱུར་ཞིང༌། །མཁའ་གཞན་ནས་ནི་མྱུར་དུ་འཇུག །གང་ཚེ་སྒོམ་པ་བརྟན་གྱུར་པ། །ཞེས་གསུངས་པ་ལྟར་སྒོམ་པ་ནི། སྔར་བཤད་པ་ལྟར་གསང་གནས་ཀྱི་དམིགས་པ་གཉིས་བསྒོམས་པས། ལྟེ་བ་ནས་ཡེ་ཤེས་ཀྱི་མེ་འབར་བ་རིམ་གྱིས་གྱེན་དུ་སོང་བས་སྙིང་གར་གནས་པའི་རིགས་ལྔའི་ས་བོན་བྷྲུཾ་ཨཾ་ལ་སོགས་པ་རྣམས་བསྲེགས་ནས་མཛོད་སྤུར་གནས་པ་རང་གི་སྣ་བུག་གཡས་པའི་བུ་ག་ནས་ཐོན་ཏེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཤངས་སྒོ་གཡོན་ནས་ཞུགས་པས། དེ་དག་གི་སྤྱི་གཙུག་ནས་མར་ཡོང་ནས་སྔར་བཞིན་ཐུགས་ཀར་གནས་པ་རྣམས་བསྲེགས་ཏེ། ཐུགས་ཀའི་ཆོས་དབྱིངས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་ཤངས་སྒོ་གཡས་ནས་འོ་མའི་རྒྱུན་ལྟར་འོང་ཞིང་རང་གི་སྣ་སྒོ་གཡོན་ནས་ཞུགས། ལོངས་སྤྱོད་ཀྱི་འཁོར་ལོ་ངལ་བསོས་ཏེ་སྙིང་གར་བསྲེགས་པ་རྣམས་སླར་ཡང་


JLD010_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་པར་བསམ་ཞིང་། ལྟེ་བའི་འཁོར་ལོར་གནས་པར་ཡང་ཡང་བསྒོམ་མོ། །གཞུང་འདི་ནི། སཾ་བྷུ་ཊའི་དོན་ནག་པོ་སྤྱོད་པས་བཤད་པའི་གཞུང་ལ་བརྟེན་ནས་བཤད་པ་གཏུམ་མོ་བསྒོམ་པ་ལ་སངས་རྒྱས་ཀྱི་བྱིན་རླབས་མྱུར་དུ་འཇུག་པའི་སྒོ་ཟབ་མོ་ཞིག་གོ །གཉིས་པ་བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་པའི་ཚུལ་དངོས་ལ་གཉིས། སྤྲོས་པ་རྣམས་སྙིང་གའི་ཐིག་ལེ་ལ་བསྡུས་ནས་འོད་གསལ་དུ་འཇུག་ཚུལ་དང༌། དེ་ལས་སྒྱུ་མའི་སྐུར་ལྡང་ཚུལ་ལོ། །དང་པོ་ནི། རིམ་ལྔ་ལས། གཟུགས་སོགས་རྣམས་ཀྱིས་དྲངས་གྱུར་ཏེ། །ངོ་བོ་ཉིད་ཀྱིས་གང་གཡོ་བའི། །སེམས་ནི་སྙིང་གར་བརྟན་བྱས་ནས། །བློ་དང་ལྷན་ཅིག་དབང་དུ་བྱ། །ཞེས་དང༌། སེམས་ནི་སྟོང་དེ་ཉིད་ལ་གཞུག་ཅིང༌། །ཞེས་གསུངས་པའི་དོན་ཡིན་པས། འདི་དྲིལ་བུ་པའི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་བྱུང་བའི་ཚིག་གིས་གསལ་དུ་བཏང་ན། སྒྲུབ་ཐབས་དེ་ལས། སྡུག་མ་བདག་པོ་མཁའ་ནོར་བུ། །དེ་བཞིན་གཤེགས་པ་ལྔ་ཡི་འོག །སྐུ་དང་ཡན་ལག་མཆོག་དང་ནི། །ཟླ་བ་ཐིག་ལེ་ནཱ་ད་རྣམས། །འདི་རྣམས་རིམ་གྱིས་མི་སྣང་གཞུག །ཅེས་གསུངས་པ་ལྟར། རང་བདེ་མཆོག་ཡབ་ཡུམ་དུ་བསྒོམས་པའི་ཡུམ་ཡབ་ལ་ཐིམ། ཡབ་དམ་ཚིག་སེམས་དཔའི་ཐུགས་ཀའི་ཉི་གདན་གྱི་སྟེང་གི་ཏིང་ངེ་འཛིན་སེམས་དཔའི་ཧཱུཾ་ལ་དང༌། དེའི་ཞབས་ཀྱུ་ཧའི་ལུས་ལ་དང༌། ཧ་དེའི་མགོ་བོ་ལ་དང༌། མགོ་བོ་ཟླ་ཕྱེད་ལ་དང༌། དེ་ཐིག་ལེ་ལ་དང༌། དེ་ནཱ་ད་ལ་ཐིམ་ཞིང༌། ནཱ་དའང་མི་དམིགས་པར་ཡང་ཡང་བསམ་མོ། །དེ་


JLD010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསྡུས་པས་རླུང་དབུ་མར་ཞུགས་ཏེ་རིམ་གྱིས་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པ་ན་ཡིད་ངོར་སྨིག་རྒྱུ་ལྟ་བུ་དང༌། ཆུ་མེ་ལ་ཐིམ་པ་ན་དུ་བ་ལྟ་བུ་དང༌། མེ་རླུང་ལ་ཐིམ་པ་ན་སྲིན་བུ་མེ་ཁྱེར་ལྟ་བུ་དང༌། རླུང་སྣང་བ་ལ་ཐིམ་པ་ན་རླུང་གིས་མ་བསྐྱོད་པའི་མར་མེ་ལྟ་བུའི་སྣང་བ་འཆར་རོ། །དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་དང༌། དེ་ནས་སྟོན་གྱི་ནམ་མཁའི་དྲི་མ་མེད་པ་ལ་ཉི་མའི་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་མཆེད་པ་དང༌། དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་ཉེར་ཐོབ་རྣམས་སྔ་མ་ཕྱི་མ་ལ་ཐིམ་པའི་ཚུལ་གྱིས་སྐྱེ་ཞིང༌། མཐར་ཉེར་ཐོབ་ཀྱི་སེམས་ཀྱང་ཐམས་ཅད་སྟོང་པ་འོད་གསལ་དུ་གཞུག་ཅིང་ཐིམ་པ་ན་དཀར་དམར་ནག་གསུམ་གྱི་སློད་བྱེད་ཀྱང་མེད་པའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུ་འཆར་ཞིང་། དེའང་སྟོང་ཉིད་ལ་བཞག་པ་ནི་གཉིས་སྣང་ཕྲ་མོའང་ནུབ་པ་ལ་བྱ་དགོས་སོ། །གཞུང་རྐང་པ་ཕྱི་མ་འདིས། འཇུག་རིམ་གྱི་ཕྱོགས་གཅིག་བསྟན་པས་གཞན་སྔ་མ་རྣམས་ཀྱང་མཚོན་ནོ། །གཉིས་པ་ནི། རིམ་ལྔ་ལས། སྟོང་པ་སེམས་སུ་རྣམ་གཞུག་བྱ། །ཞེས་གསུངས་པ་འདིས། འོད་གསལ་ལས་ལུགས་ལྡོག་གི་སྟོང་པ་གསུམ་གྱི་སེམས་སུ་བལྟ་བར་མ་ཟད་འཁོར་ལོ་བདེ་མཆོག་གི་སྐུར་ཡང་ལྡང་བའི་བྱེད་ལུགས་བསྟན་ཏེ། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། བསམ་གྱིས་མི་ཁྱབ་གཟུགས་རྫོགས་


JLD010_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །གང་ཡང་སྐད་ཅིག་སྦྱོར་བ་ཡིས། །རང་ཉིད་རྡོ་རྗེ་མཁའ་འགྲོར་གྱུར། །ཞེས་གསུངས་པའི་ཕྱིར་རོ། །རིམ་པ་ལྔ་པའི་སྐབས་འདིར། འོད་གསལ་དུ་འཇུག་པའི་རྟེན་དུ་བདེ་མཆོག་ཡབ་ཡུམ་བསྒོམ་པའང་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་སྐུ་བསྒོམ་པ་ཡིན་གྱི་བསྐྱེད་རིམ་པའི་སྒོམ་ཚུལ་དང་མི་འདྲའོ། །འོ་ན་བསྐྱེད་རིམ་བརྟན་ནས་བདག་བྱིན་རླབས་སོགས་བསྒོམ་པ་ན་ལྷའི་བསྐྱེད་ཚུལ་ཇི་ལྟར་ཡིན་སྙམ་ན། བསྐྱེད་རིམ་བརྟན་པ་དེས་བདག་བྱིན་རླབས་སོགས་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དཔེའི་ལྷན་སྐྱེས་ཀྱི་འོད་གསལ་མ་ཐོབ་ཚུན་ཆད་དུ། དཀྱིལ་འཁོར་གྱི་འཁོར་ལོ་དང་དཔའ་བོ་གཅིག་པ་གང་བསྒོམ་ཡང་བསྐྱེད་རིམ་པའི་སྔགས་ཀྱི་སྐུ་ལས་མི་འདའ་ལ། གང་གི་ཚེ་དཔེའི་ལྷན་སྐྱེས་ཀྱི་འོད་གསལ་རྒྱུད་ལ་སྐྱེས་པ་ནས་བཟུང་སྟེ་སྒྱུ་མའི་སྐུ་དངོས་མ་ཐོབ་ཀྱང་བསྐྱེད་རིམ་ལས་འདས་པའི་སྒྱུ་མའི་སྐུ་རྗེས་མཐུན་པ་ཞིག་བསྒོམ་ནུས་སོ། །དེའང་རིམ་པ་བཞི་པ་ཡན་ཆད་དམ། རིམ་པ་ལྔ་པའི་སྟོད་ནས་སྒྱུ་མའི་སྐུ་དངོས་འགྲུབ་པས་ལྷ་བསྒོམ་པ་རྣམས་ཡེ་ཤེས་ཀྱི་སྐུ་དངོས་ཀྱི་སྟེང་ནས་བསྒོམ་ནུས་པ་ཡིན་ནོ། །རིམ་པ་ལྔ་པ་ལ། དོན་གྱི་འོད་གསལ་གྱི་རིམ་པ་གཅིག་དང༌། དེ་དང་སྒྱུ་མའི་སྐུ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་རིམ་པ་གཉིས་ཡོད་དེ། རིམ་ལྔ་ལས། སྟོང་དང་སྟོང་མིན་ལ་སོགས་པའི། །ཀུན་རྟོག་རབ་སྤངས་མཁའ་མཉམ་འགྱུར། །ཞེས་དང༌།


JLD010_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་པའི་དབང་ཆོག་ལས། སྣང་མེད་རབ་རྫོགས་གནས་མེད་པ། །དེ་ཉིད་ལྔ་པ་རྫོགས་པའི་རིམ། །ཞེས་དང༌། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། འགའ་ཞིག་ཏུ་ཟུང་འཇུག་ཅེས་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྔར་གྱི་དམིགས་པ་གཏོད་ས་རྣམས་ལ་གནད་དུ་བསྣུན་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྟོང་པ་བཞི་དང་དགའ་བ་བཞི་འདྲེན་ནུས་པའི་མཚམས་ནས་བསྲེ་བ་གསུམ་བྱེད་ཚུལ་ལ། སད་དུས་ཀྱི་སྟོང་པ་བཞིའི་སྐབས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་ནི་སད་དུས་ཀྱི་ཆོས་སྐུ་ཡིན་ལ། རླུང་གཡོས་པའི་དབང་གིས་འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན། ལོངས་སྤྱོད་རྫོགས་པའི་ལྷའི་སྐུ་ཡབ་ཡུམ་དུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་རྣམ་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་བའི་ལྷའི་སྐུ་ཡབ་ཡུམ་དུ་ལངས། དེ་ལ་དམིགས་ནས་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ནི་སད་དུས་ཀྱི་ལོངས་སྐུ་ཡིན་ཞིང༌། དེ་ལ་གནས་མ་ནུས་ན་ལུས་སྔ་མ་དམ་ཚིག་སེམས་དཔའ་ཡབ་ཡུམ་གྱི་སྐུར་བལྟས་ལ་དེའི་ཐུགས་ཀར་འཇུག་པ་ནི་སད་དུས་ཀྱི་སྤྲུལ་སྐུའོ། །སད་དུས་ཀྱི་དེ་དག་ལ་བརྟེན་ནས་གཉིད་དུས་ཀྱི་སྐུ་གསུམ་བསྒོམ་ཚུལ་ནི། རིམ་ལྔ་ལས། རྣལ་འབྱོར་གཉིད་དང་ལྡན་པ་ཡིས། །རྫོགས་པའི་སངས་རྒྱས་འདིར་རྟོགས་མཛད། །ཅེས་གསུངས་པ་དང༌། ལཱུ་ཨི་པའི་འགྲེལ་པ་ལྭ་བ་པས་མཛད་པ་ལས། འོད་གསལ་སྔོན་དུ་ཕྱོགས་པར་བྱས་ལ་གཉིད་ཀྱང་འོད་གསལ་ཉིད་དུ་མོས་པར་བྱས་ཏེ་ཉལ་ལོ། །ཞེས་གསུངས་


JLD010_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་གཉིད་ཀྱི་འོད་གསལ་བསྒོམ་ཚུལ་ནི། བླ་མ་དང་ཡི་དམ་ལ་གཉིད་ཀྱི་འོད་གསལ་འཛིན་ནུས་པའི་གསོལ་བ་མང་དུ་བཏབ། ཉལ་བའི་དུས་སུ་གཞོགས་གཡས་འོག་ཏུ་འཇུག་པ་ལ་སོགས་སྤྱི་དང་མཐུན་པར་བྱས་ལ་རང་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཧཱུཾ་དཀར་པོ་ལ་སེམས་དབྱེར་མེད་གཅིག་ཏུ་བྱས་ནས་དམིགས་པ་འཛིན་པའམ། རྡོར་བཟླས་བྱེད་པའམ། ཡུམ་ཡབ་ལ་ཐིམ་པ་ནས་ནཱ་དའི་བར་ཐིམ་སྟེ་ནཱ་ད་ལ་དམིགས་པ་འཛིན་པ་སོགས་གང་རུང་བྱས་ཏེ་གཉིད་དུ་འགྲོ་ཁ་ཚུན་ཆད་ལ་དེར་བཟུང་བས་སྟོང་པ་བཞི་སྐྱེས་བྱུང་ན་སྟོང་ཉིད་དང་སྦྱར་ཏེ་བསྒོམ་པ་ནི་གཉིད་དུས་ཀྱི་ཆོས་སྐུ་ཡིན་ལ། རླུང་གཡོས་པའི་དབང་གིས་འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན། ལོངས་སྤྱོད་རྫོགས་པའི་ལྷའི་སྐུ་ཡབ་ཡུམ་དུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་བས་རྣམ་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་བའི་ལྷའི་སྐུ་ཡབ་ཡུམ་དུ་ལངས་པ་ན། དེ་ལ་དམིགས་ནས་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ནི་རྨི་ལམ་གྱི་ལོངས་སྐུ་ཡིན་ཞིང༌། དེ་ལ་གནས་མ་ནུས་ན་ལུས་སྔ་མ་དམ་ཚིག་སེམས་དཔའ་ཡབ་ཡུམ་གྱི་སྐུར་བལྟས་ལ་དེའི་ཐུགས་ཀར་འཇུག་པ་ནི་རྨི་ལམ་སད་དུས་ཀྱི་སྤྲུལ་སྐུའོ། །འཆི་བ་སོགས་ཀྱི་སྐུ་གསུམ་བསྒོམ་ཚུལ་ནི། བདེ་མཆོག་རྩ་རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པའི་མཁའ་སྤྱོད་ལ་དྲང་ངེས་གཉིས་ཡོད་པའི་ངེས་དོན་གྱི་མཁའ་སྤྱོད་འཆད་པ་ན། ལྭ་བ་པས། འཆི་བའི་དུས་སུ་དཔལ་ཧེ་རུ་ཀ་དང་ཕག་མོ་ལ་སོགས་


JLD010_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔའ་བོ་དང་རྡོ་རྗེ་རྣལ་འབྱོར་མ་མེ་ཏོག་དང་བདུག་སྤོས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་རྣམ་པ་སྣ་ཚོགས་ཕྱག་དུ་ཐོགས་པ་རྣམས་ཀྱིས་འོད་གསལ་གྱི་གོ་འཕང་ལ་དགོད་པར་བྱེད་དོ། །ཞེས་གསུངས་པས། སད་དུས་དང་གཉིད་དུས་ཀྱི་སྟོང་པ་སོགས་འཛིན་ནུས་ན་འཆི་དུས་ཀྱི་སྟོང་པ་སོགས་ཇི་ལྟ་བ་བཞིན་འཛིན་ནུས་ལ། དེ་ལྟར་མི་ནུས་པས་ཀྱང་ད་ལྟ་ནས་མོས་པའི་དབང་གིས་གོམས་པར་བྱས་ན། འཆི་བ་དང་བར་དོ་འདུན་པའི་དབང་གིས་ཟིན་པ་འོང་བས་གང་ཟག་དེ་གཉིས་ཀས་སྦྱོང་བར་བྱའོ། །དེའི་ཚུལ་ནི། གང་ཟག་སྔ་མས་ལྷ་དང་བླ་མ་ལ་སྐྱེ་ཤི་བར་དོ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་བསྲེ་ནུས་པའི་གསོལ་བ་མང་དུ་གདབ་པ་དང༌། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཉམས་པ་རྣམས་སླར་གསོར་གཞུག་ཅིང་དག་པར་བྱ་བ་དང༌། འཆི་བ་དང་བར་དོའི་དུས་ཀྱི་བསྲེ་བ་རྣམས་སྔོན་དུ་བྱའོ་སྙམ་པའི་འཕེན་པ་ཉིན་རེ་བཞིན་མང་དུ་བཏང༌། དེ་ནས་འཆི་བའི་དུས་སུ་འོང་རྒྱུའི་འབྱུང་བ་ཐིམ་རིམ་གྱི་རྟགས་བཞི་དང་སྟོང་པ་བཞི་འཆར་བའི་ཚུལ་ཡིད་ལ་བྱས་ཏེ། དེ་དག་རེ་རེའི་སྐབས་སུ་སྟོང་པ་ཉིད་དང་སྦྱར་ནས་བསྒོམ་པ་ད་ལྟ་ཉིད་ནས་ཉི་མ་རེ་རེ་ཞིང་མང་དུ་བྱས་ལ། ད་གཟོད་འཆི་ཁ་མའི་སྐབས་སུ་སླེབ་པ་ན་ལྷ་དང་བླ་མ་ལ་གསོལ་བ་གདབ་པ་དང༌། དམ་ཚིག་དག་པར་བྱ་བ་དང༌། ས་ཆུ་ལ་ཐིམ་པ་ནས་འོད་གསལ་གྱི་བར་རྣམས་ངོས་ཟིན་པར་བྱས་ནས་དེ་ལ་ཅི་ནུས་སུ་མཉམ་པར་འཇོག་པ་ནི་འཆི་བ་ཆོས་སྐུ་ཡིན་ལ། རླུང་གཡོས་པའི་


JLD010_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན་བར་དོའི་ལུས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་བས་དེར་ལངས་ན། དེ་ལ་མཉམ་པར་བཞག་ཅིང་སྐྱེ་བ་ཁྱད་པར་ཅན་བཟུང་བའི་དོན་དུ་ངས་བར་དོ་ལོངས་སྐུ་འདི་ལ་བརྟེན་ནས་སྤྲུལ་པའི་སྐུའི་སྐྱེ་བ་གཟུང་བར་བྱའོ་སྙམ་པའི་འཕེན་པ་བཏང་བས། སྐྱེ་བའི་གནས་ལྷ་ཡབ་ཡུམ་གྱི་སྐུར་བལྟས་ལ་དེའི་ཐུགས་ཀར་འཇུག་པ་ནི་བར་དོར་སྐྱེ་བ་ལེན་པའི་སྤྲུལ་སྐུའོ། །བསྲེ་ཞེས་པའི་དོན་ལ། འོད་གསལ་ཆོས་སྐུ་གསུམ་གྱི་བསྲེ་ཚུལ་ནི། སད་དུས་ཀྱི་སྟོང་པ་བཞི་སྐྱོང་ནུས་པ་ཞིག་གིས་གཉིད་དུས་ཀྱི་སྟོང་པ་བཞི་ཟིན་ན་དེ་ལ་སད་དུས་བཞིན་རྩེ་གཅིག་ཏུ་འཇོག་པ་དང༌། འཆི་དུས་ཀྱི་སྟོང་པ་བཞི་ཟིན་ན་དེ་ལ་སྔ་མ་གཉིས་བཞིན་རྩེ་གཅིག་ཏུ་འཇོག་པའོ། །དེས་སྒྱུ་མ་ལོངས་སྐུ་གསུམ་གྱི་བསྲེ་ཚུལ་དང༌། སྣ་ཚོགས་སྤྲུལ་སྐུ་གསུམ་གྱི་བསྲེ་ཚུལ་ཡང་འགྲེའོ། །གང་ཟག་གཉིས་པས་ཀྱང་སྔགས་ཀྱི་དམིགས་པ་དེ་དག་ལ་མོས་པའི་དབང་གིས་གོམས་པར་བྱས་པས་འཆི་བ་དང་བར་དོ་ཟིན་པ་བྱུང་ན། དེ་གཉིས་ཀྱི་དམིགས་པ་སྔར་བཞིན་ཐུབ་པ་དམ་ཚིག་དང་སྡོམ་པ་གཙང་བ་དང༌། བསྐྱེད་རྫོགས་མ་ཆག་པར་གོམས་ན་འོང་བ་སྔར་གྱི་གཞུང་རྩ་འགྲེལ་དྲངས་པ་ལས་ཤེས་སོ། །གསུམ་པ་ལམ་བསྒོམས་པའི་འབྲས་བུ་ནི། སྔར་རིམ་པ་ལྔ་པའི་སྐབས་སུ་བཤད་པ་ལྟར་སློབ་པའི་ཟུང་འཇུག་ཐོབ་ན་དེ་ལ་གོམས་པར་བྱས་པས་མི་སློབ་པའི་ཟུང་འཇུག་གི་སྐུར་འགྱུར་ཞིང༌། འཁོར་བ་


JLD010_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་པར་ཆོས་སྐུ་དང་ལོངས་སྐུ་གཉིས་ལས་མི་གཡོ་བར་བཞུགས་སོ།། །།འཁོར་ལོ་སྡོམ་པར་སྦས་པའི་རྫོགས་རིམ་གནད། །རིམ་ལྔར་བསྡུས་པ་གྲུབ་ཆེན་དྲིལ་བུའི་གཞུང༌། །ཇི་བཞིན་བཀྲལ་བ་བླ་མའི་རྣམ་བཤད་དོན། །ལག་ལེན་ཉམས་སུ་བླང་ཚུལ་བཀོད་པ་ལ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བཟོད་མཛད་ཅིང༌། །འདི་བཀོད་དགེ་བས་ཧེ་རུ་ཀ་དཔལ་དང༌། །དྲིལ་བུ་པ་དང་རྗེ་བཙུན་ཙོང་ཁ་པས། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པར་ཤོག །ཅེས་པ་འདི་ནི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ལྕེས་སྟོན་ཀུན་དགའ་བཟང་པོས་སྦྱར་བའོ། །། །།སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།


previousདྲིལ་བུ་རིམ་ལྔའི་ཁྲིད་ཡིག་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོས་མཛད་པ། next