Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
རྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ།
   
   
  expand section
   
   
   
   
   
   
   


 
previousརྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ། next

རྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ།


JLD010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ་བཞུགས་སོ། །


JLD010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལས། ལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་བྱ་བ་ལ། ལུས་ལ་ལྷག་པར་བྱིན་གྱིས་བརླབས་པས་ན་ལྷག་པ་ཡིན་ལ། མེད་པའི་རང་གི་རྐྱེན་ཕན་དུ་བྱས་པས་གསལ་ཞིང་རིག་པ་དང་སྤྲུལ་པ་རྒྱས་པར་བྱེད་པས་ན་ལྷ་སྟེ། ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་བྱུང་བ་ཀུན་རྫོབ་ཀྱི་བདེན་པར་ཤེས་པར་བྱའོ། །གཅིག་ཉིད་ཅེས་བྱ་བ་ནི། ཆོས་ཀྱི་དབྱིངས་རང་བཞིན་དོན་དམ་པའི་བདེན་པ་སྟེ། དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མར་གྱུར་པས་ལྷག་པའི་དོན་ཉིད་དུ་བལྟ་བར་བྱའོ་ཞེས་དང༌། བདག་ཉིད་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་


JLD010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷའི་གཟུགས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ལྷའི་གཟུགས་བསྒོམས་པར་བསྟན་ཏོ། །ཞེས་དང༌། འདི་ཡིས་ནི་ཞེས་བྱ་བ་བསྟན་མ་ཐག་པའི་ཕྱག་རྒྱ་འདིས་སོ། །ཕྱག་དང་ཞལ་ལ་སོགས་པའི་ཀུན་རྫོབ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པ་དེས་ཅི་ཞིག་བྱ་ཞེ་ན། ས་གསུམ་མ་ལུས་པར་བཟའ་བར་བྱ་ཞེས་བྱ་བ་སྟེ། སྐུ་ལ་སོགས་པའི་ཐ་མལ་པའི་གཟུགས་བཟློག་པར་བྱ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པའི་ཕྱིར་གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པའི་ཕྱིར་གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་


JLD010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་གིས་སོ། །སྦྱོར་བ་མ་ཚང་བ་ཞེས་བྱ་བ་ནི་སྣང་བ་ལས་མ་འདས་པའོ། །འདའ་ཞེས་བྱ་བ་ནི་བདག་གི་དོན་ཙམ་ཡང་མེད་པར་མྱ་ངན་ལས་འདའ་བའོ། །ཇི་ལྟ་བུར་ཞེ་ན། མར་མེ་ལྟ་བུ་སྟེ། ཇི་ལྟར་མར་མེ་མར་གྱི་རྒྱུན་གྱིས་ནམ་མཁའི་ངོས་སུ་གསལ་ཞིང་འབར་བ་ལས། གང་གི་ཚེ་མར་གྱི་རྒྱུན་ཟད་པ་དེའི་ཚེ་དེ་ཉིད་དུ་ཟད་ཅིང་གཏུགས་པར་གྱུར་པས་བདག་ཉིད་ཀྱང་མི་སྣང་ན་གཞན་སྣང་བར་བྱེད་པ་ལྟ་ཅི་སྨོས། དེ་བཞིན་དུ་སྟོང་པ་ཉིད་འབའ་ཞིག་གི་ཏིང་ངེ་འཛིན་ཡང་བལྟ་བར་བྱའོ་ཞེས་དང༌། ཡང་ན་སྐད་ཅིག་ཙམ་གྱིས་རི་རབ་ཀྱི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་བརྩེགས་པའི་ཁང་བུར་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྐྱེད་པའི་རིམ་པས་བསྒོམ་པར་བྱའོ། །ཅི་དེ་ཡང་རང་བཞིན་གྱིས་གྲུབ་བ་ཞིག་གམ། འོན་ཏེ་མ་ཡིན་ཞེ་ན། འདིར་དེ་དག་རང་གི་སེམས་རྣམ་པར་དག་པ་ཉིད་ཀྱི་སྣང་བ་ཡིན་པས། འོ་མ་ལ་མར་ལྟར་གྲུབ་པ་བསྒྲུབ་པར་བྱ་ཡི། ཆུ་ལ་མར་ལྟར་མ་གྲུབ་པ་ནི་འགྲུབ་པར་མི་འགྱུར་རོ། །དེ་ཡང་ཆུ་ཡི་རྙོག་པ་ནོར་བུས་སྦྱོང་བ་ལྟར་བསྐྱེད་པའི་རིམ་པས་བདག་ཉིད་སྔོན་དུ་སྦྱངས་ནས་རྫོགས་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །གཞན་དུ་སྦྱང་བ་མ་བྱས་ན་ཡང་འཁོར་བ་ཉིད་ཡིན་པས་རྣམ་པར་དག་པའི་འབྲས་བུ་སྤྲུལ་བར་མི་ནུས་ལ་རང་བཞིན་གྱིས་


JLD010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་པ་ཡང་ཆོས་འགལ་བའི་མ་ཡིན་ནོ། །རྒྱུ་དང་འབྲས་བུ་ནི་རྗེས་སུ་མཐུན་པ་ཉིད་ཀྱིས་ན། དག་པས་རྣམ་པར་དག་པ་བསྒྲུབ་པར་བྱའོ། །ཞེས་མན་ངག་ལས་ཤེས་པར་བྱའོ། །རྗེས་སུ་མཐུན་པ་ཡང་རྗེས་སུ་བྱེད་པ་ཡིན་ཏེ། རྒྱུ་ཡང་འབྲས་བུར་འདོད་པ་དང་རྗེས་སུ་མཐུན་པ་ཡིན་ན། ས་ལུའི་མྱུ་གུ་ལ་ས་ལུའི་ས་བོན་ལྟར་གདོན་མི་ཟ་བར་སྐྱེད་ནུས་ཀྱི། གཞན་དུ་ཀོ་ཏྲ་བའི་མྱུ་གུ་ལ་ས་ལུའི་ས་བོན་ལྟར་ནུས་པ་ཡོད་པ་མ་ཡིན་ནོ། །འབྲས་བུ་ཡང་རྒྱུར་འདོད་པ་དང་རྗེས་སུ་མཐུན་ན་སྐྱེ་བར་འགྱུར་གྱི། གཞན་ཏུ་དེ་དག་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །དེ་ལྟར་ན་འོ་མའི་ཡོན་ཏན་དཀར་བ་ལྟར་རྣམ་པ་གྲུབ་པ་དེ་དག་ཡང་དང་ཡང་གོམས་པས་གློ་བུར་བའི་དྲི་མ་བཟློག་སྟེ། གཉུག་མ་དེ་ཉིད་གསལ་བར་གྱུར་པར་དགོངས་སོ།། །། ༄། གང་དུ་དུས་ཀྱི་འཁོར་ལོ་ལས་གསུངས་པ་ནམ་མཁའི་དཀྱིལ་འཁོར་སོགས་གཅིག་ཏུ་བཏོན་ནས་གསུངས་པ་དེ་མུ་སྟེགས་པའི་མངོན་པར་ཞེན་པ་དང་ལྡན་པའི་ཉི་མའི་ཤིང་རྟ་ལ་སོགས་པའི་གདུལ་བྱ་རྣམས་ངེས་པའི་དོན་ལ་གཞུག་པར་བྱ་བ་ལ་དགོངས་ནས་དྲང་བའི་དོན་ཏེ། སྣོད་ཀྱི་འཇིག་རྟེན་ས་ར་ཧ་ལ་སོགས་པའི་རྗེས་སུ་འཇུག་པ་ཉིད་ཀྱིས་རི་རབ་ཀྱི་མཐའི་བར་དུ་ཁམས་གསུམ་གྱི་རྣམ་པར་བཞག་པ་ལ་སོགས་པ་བསྟན་པ་བཞིན་ཤེས་པར་ཤིན་ཏུ་རྒྱས་པར་བཤད་པའོ། །འོ་ན་དུས་ཀྱི་འཁོར་ལོ་དང་དེའི་རྗེས་སུ་འབྲང་བའི་གཞུང་ནས་མང་དུ་


JLD010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་གསུམ་དང་འགལ་བའི་རྣམ་གཞག་རྒྱས་པ་བྱས་པས། དེས་ན་དེའི་གཞུང་བྱེད་པའི་གྲགས་པ་དང་པདྨ་དཀར་པོ་དང་རྡོ་རྗེ་སྙིང་པོ་དང་ཕྱག་ན་རྡོ་རྗེའི་མིང་ཅན་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་མང་དུ་མཁྱེན་པ་རྣམས་སྨྲ་བ་དེས་ན་འགལ་བ་ཐམས་ཅད་མི་སྤོང་བར་འགལ་བ་འགའ་ཙམ་སྤོང་བ་ལ་རྩོལ་བར་བྱེད་ཅེ་ན། དུས་ཀྱི་འཁོར་ལོ་ནས་བསྟན་པའི་རྒྱུད་གཞན་དང་མི་འགལ་བའི་དོན་གྱི་ཆ་ཤས་འགའ་ཞིག་བདག་གི་གཞུང་གི་རྗེས་སུ་མཐུན་པ་དང་། འགའ་ཞིག་གདུལ་བྱའི་བསམ་པའི་རྗེས་སུ་འཇུག་པས་ཁ་ཅིག་སྤངས་ལ་དེ་ལས་གཞན་པའི་འགལ་བ་རྣམས་མ་སྤངས་ཀྱང་དེ་རྣམས་ཀྱིས་ཉམས་པ་ཅི་ཡང་མེད་དོ་ཞེས་བྱ་བ་སྟེ་ཤིན་ཏུ་རྒྱས་པའི་གཏམ་གྱིས་དགོས་པ་མེད་དོ། །སྔགས་ཀྱི་ཟིན་བྲིས་འདི་རྗེ་ཙོང་ཁ་པ་ཆེན་པོས་བརྗེད་བྱང་དུ་བྲིས་པ་ལས་མ་དཔེ་བྱས་པ་ཡིན། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།


previousརྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ། next