Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ་གྲུབ་ཆེན་དཱ་རི་ཀ་པས་མཛད་པའི་ཟིན་བྲིས་རྗེས་གནང་བ།
   
  expand section
   
   
   
   
   
   
   


 
previousརྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ་གྲུབ་ཆེན་དཱ་རི་ཀ་པས་མཛད་པའི་ཟིན་བྲིས་རྗེས་གནང་བ། next

རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ་གྲུབ་ཆེན་དཱ་རི་ཀ་པས་མཛད་པའི་ཟིན་བྲིས་རྗེས་གནང་བ།


JLD010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ་གྲུབ་ཆེན་དཱ་རི་ཀ་པས་མཛད་པའི་ཟིན་བྲིས་རྗེས་གནང་བ་བཞུགས་སོ། །


JLD010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ། གྲུབ་ཐོབ་ཆེན་པོ་དཱ་རི་ཀ་པས་མཛད་པར། དེ་ལ་འདིར་སྟོང་ཉིད་ཇི་ལྟར་བསྒོམ་པ་ནི། ཆོས་ཐམས་ཅད་དངོས་པོ་མེད་པར་བསྒོམ་པ་ཉིད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྐྱེ་བའི་རྒྱུ་ལས་བྱུང་བའི་དྲི་མ་དག་པས་སོ་སོ་སྐྱེ་བོའི་ཕུང་པོར་འཛིན་པ་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བས། བསྐྱེད་རྫོགས་གཉིས་ཀྱི་ལྷ་བསྒོམ་པར་བྱའོ། །འདིར་གང་གི་ཕྱིར་སྟོང་པ་ཉིད་བསྒོམ་པ་ནི། རིགས་པའི་སྐབས་ཀྱིས་ཆོས་ཐམས་ཅད་ཀྱི་གཟུང་འཛིན་གྱིས་དབེན་པའི་སེམས་གཅིག་པུའི་ངོ་བོ་རྣམས་ལ་རང་བཞིན་མེད་པ་ནི་སྟོང་པ་ཉིད་དོ། །འདི་ལྟར་སྔོན་པོ་ལ་སོགས་པ་ཕྱི་རོལ་ཐམས་ཅད་དང༌། ནང་གི་མིག་ལ་སོགས་


JLD010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སེམས་ཀྱིས་ནང་སྒྲོ་བཏགས་པའོ། །གང་གི་ཕྱིར་སེམས་ལས་གཞན་བེམ་པོ་རྣམས་ཐ་དད་མེད་དོ། །དེ་མེད་པས་འཛིན་པའང་མེད་དོ། །སེམས་གཅིག་པུ་ངོ་བོ་གཉིས་མི་འཐད་པའི་ཕྱིར་རོ། །འོན་ཏེ་སེམས་ཙམ་བདེན་པར་གྱུར་ན་དེ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་དེ་ལའང་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྣམས་དངོས་པོ་མེད་པ་སྟེ། དེའི་ཕྱིར་མ་སྐྱེས་པའོ། །དེ་ཉིད་ཀྱིས་རང་བཞིན་གྱིས་སྒྲོ་བཏགས་པ་ཐམས་ཅད་ཀྱི་མུན་པ་དང་བྲལ་བས་འོད་གསལ་བའོ། །གང་གི་ཕྱིར་དང་པོ་མ་སྐྱེས་པའི་ཕྱིར་རོ། །དང་པོ་སྐྱེས་ནས་ཕྱི་མར་གང་ལའང་རྣམ་པར་འཇིག་པ་དེ་མ་ཡིན་ནོ། །དེའི་ཕྱིར་ཆོས་རྣམས་གཞན་སྒྱུ་མ་ལ་


JLD010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བཞིན་དུ་དང་པོར་མ་སྐྱེས་པ་ཉིད་ཀྱིས་དོན་དམ་པའི་དངོས་པོས་སྟོང་པ་དེ་བཞིན་དུ་སེམས་ཡང་ངོ༌། །རིགས་པས་མཚུངས་པའི་ཕྱིར་རོ། །འདིར་ནི་ད་ལྟ་བར་བསྟན་ནས། འདས་པ་དང་མ་འོངས་པ་གཉིས་ལའང་སྤྱིར་སྟོང་པ་ཉིད་བསྟན་པས་སྟོང་པ་ཉིད་ལ་སོགས་པའི་རང་བཞིན་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏེ། དེ་བས་ན་དག་པ་གསུམ་བརྗོད་པར་བྱའོ། །ཞེས་པ་ནི་ༀ་གསུམ་གྱིས་རང་བཞིན་དང༌། རྡོ་རྗེ་དང་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་དག་པའི་སྔགས་གསུམ་བརྗོད་པར་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་ཀྱིས་དངོས་པོ་དང་དངོས་མེད་དང་གཟུང་འཛིན་སྒྲོ་བཏགས་དང་བྲལ་བས་དྲི་མ་མེད་པའོ། །ཕུང་པོ་ལ་སོགས་པ་ཐམས་ཅད་དང་བདག་ཀྱང་དེ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པའི་ཕྱིར་རོ། །རྡོ་རྗེ་ནི་སྟོང་ཉིད་དེ། སྟོང་ཉིད་རྡོ་རྗེ་བརྗོད་པར་བྱ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་མཚན་མ་མེད་པ། མ་ལུས་པ་སྒྲོ་བཏགས་པ་དང་བྲལ་བས་དག་པའོ། །རྣལ་འབྱོར་ནི་བྱང་ཆུབ་སེམས་ཏེ། སྨོན་པ་དང་བྲལ་བས་དག་པའོ། །བདག་འཛིན་སྤང་དཀའ་བའི་ཕྱིར་ཏེ། བདག་རང་བཞིན་གྱིས་དག་པ་ལ་སོགས་པ་ཞེས་གསུངས་པའི་ཕྱིར་རོ། །སྔགས་གསུམ་གྱིས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་བཤད་དོ། །རང་བཞིན་གྱིས་ཡོངས་སུ་དག་ཀྱང་འདི་དག་གིས་གློ་བུར་དུ་དྲི་མ་སྤངས་པའི་ཕྱིར་རོ། །དེའི་རྗེས་སུ་སྨོན་པ་སྔོན་དུ་འགྲོ་བས་སྙིང་


JLD010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་སྟོང་པ་ཉིད་ལས་རབ་ཏུ་སད་ནས། ལྷའི་རྣམ་པའི་སྒོམ་སྐབས་སུ་བྱེད་པ་གསུངས་པ་ནི། དེ་ལས་ཞེས་བྱ་བ་ལ་སོགས་པ་ནི། དེ་ལས་སྟོང་པ་ཉིད་ཀྱི་རྗེས་ལ་རང་གི་ལུས་ཁམས་གསུམ་སྟེ། ལུས་ངག་ཡིད་རྣམ་པ་གསུམ་དེ་ཡོངས་སུ་དག་པར་འགྱུར་བའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་ཕོ་བྲང་ཀྱང་དེ་ཡིན་པས་ཁམས་གསུམ་གྱིས་རྣམ་པར་དག་པའི་གཞལ་ཡས་ཁང་ངོ༌། །ཁམས་གསུམ་ཀྱང་གཞལ་ཡས་ཁང་གིས་རྣམ་པར་དག་གོ །ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་ལྷག་པར་མོས་པ་སྟེ། སྐད་ཅིག་ཙམ་གྱིས་ས་བོན་དང་ཕྱག་མཚན་ལ་མི་བལྟོས་པར་ལྟེ་བའི་དཀྱིལ་འཁོར་ལ། དཔལ་རྡོ་རྗེ་རྣལ་འབྱོར་མ་ཡིས་རྟག་ཏུ་བསྒོམ་ཞེས་འབྲེལ་ཏོ།། །།འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།། །།


previousརྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ་གྲུབ་ཆེན་དཱ་རི་ཀ་པས་མཛད་པའི་ཟིན་བྲིས་རྗེས་གནང་བ། next