Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
མན་ངག་སྙེ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།
  expand section
   
   
   
   
   
   
   


 
previousམན་ངག་སྙེ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།next

མན་ངག་སྙེ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།


JLD010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་སྙེ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ་བཞུགས་སོ། །


JLD010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་སྙེ་མའི་སྙེ་མ་ལྔ་པ་ལས། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དང་ལྡན་པའི་དགའ་བ་བཞི་རྣམས་སྤྲོས་ཞེས་གསུངས་པ་ནི། དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ནི་སྒྲུབ་པ་སྟེ། བདག་དང་གཞན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་འགྲོ་བ་རྣམས་ཀྱི་དོན་དུ་བརྩོན་འགྲུས་རྩོམ་པའི་ཕྱིར་དེ་ཉིད་ནི་དགའ་བ་སྟེ། དགའ་བ་ལས་གཞན་པའི་བདེ་བར་ལོངས་སྤྱོད་པའི་སྦྱོར་བ་མེད་པའི་ཕྱིར་རོ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ་ཞེས་པ་ནི་ལེགས་པར་རོལ་པའི་དགའ་བས་དོན་དུ་གཉེར་བའི་ཕྱིར་ལ། ཤིན་ཏུ་གསང་བའི་མཆོག་ཏུ་དགའ་བའི་ཁྱད་པར་གྱི་ངོ་བོ་ལ་ཤིན་ཏུ་གསལ་བས་སོ། །མ་ལུས་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེས་


JLD010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྐྱེས་པ་དང་བུད་མེད་དག་གི་བསམ་པ་མཉམ་པའི་ཕྱིར་རོ། །དགའ་བ་མཆོག་གི་རང་བཞིན་དག་ནི་དཔའ་བོ་དང་རྣལ་འབྱོར་མ་དག་འདུས་པ་དང་འདྲ་བའི་ཕྱིར་རོ། །དེའི་བདེ་བའི་ཐབས་ཞེས་པ་ནི་དེའི་ཤིན་ཏུ་དགའ་བའི་བདེ་བའི་ཐབས་དག་ནི་འདིའི་དེ་མ་ཐག་པའི་རྒྱུའོ། །ཞེས་པས་དེའི་བདེ་བའི་ཐབས་ཐམས་ཅད་རིག་སྟེ། ཐམས་ཅད་མཁྱེན་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཕྱིར་བཅོམ་ལྡན་འདས་སོ། །འདི་དག་གི་ངོ་བོ་མཚོན་པར་འདོད་ནས་གསུངས་པ་དང་པོ་ཞེས་པ་ལ་སོགས་པ་སྟེ། དགའ་བ་ཙམ་ནི་མཆོག་མ་ཡིན་པས་བདེ་བ་ཆུང་ངུ་མ་རྣམ་པ་སྣ་ཚོགས་པའི་གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་ལས་འབྱུང་བའི་འཁྱུད་པ་དང༌། འོ་བྱེད་པ་ལ་


JLD010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང༌། པདྨ་དང་རྡོ་རྗེ་གཉིས་ཡང་དང་ཡང་དུ་རེག་པས་ཤིན་ཏུའང་བདེ་བ་འདོད་པའི་མཚན་ཉིད་ཀྱི་རྡོ་རྗེ་པདྨར་འདྲུད་པའི་མཐར་ཐུག་པ་སྟེ། ཤེས་རབ་བཅུ་དྲུག་ལོ་ལོན་པ། །དཔུང་པ་གཉིས་ཀྱིས་འཁྱུད་པ་ཡི། །དྲིལ་བུ་རྡོ་རྗེ་མཉམ་སྦྱོར་བ། །སློབ་དཔོན་གྱི་དབང་རབ་བརྗོད་པ། །ཞེས་བརྟག་པ་གཉིས་པ་ལས་གསུངས་སོ། །མཆོག་ཏུ་དགའ་བ་ནི་གོང་ནས་གོང་དུ་བདེ་བ་འདོད་པའི་མཚན་ཉིད་ཀྱང་དགའ་བའི་མཆོག་ཉིད་ཀྱིས་ལྡོག་པའི་བདེ་བའི་ཡེ་ཤེས་ཀྱིས་ཉེ་བར་ལོངས་སྤྱོད་པ་རྣམ་པར་སྨིན་པའི་ངོ་བོས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་བསྲབ་པར་གྱུར་ནས་མི་སྒྲིབ་པའི་ཕྱིར་རོ། །རྣམ་པར་དགའ་བ་བརྗོད་ཅེས་པ་ནི་ཁྱད་པར་གྱིས་རོལ་པའི་བདེ་བ་འདོད་པའི་ངོ་བོ་ཉིད་དང་ཆགས་པ་རྣམ་པར་དག་པས་ལོངས་སྤྱོད་པ་ལྷག་པར་མི་འབྲལ་བའི་རྣམ་པར་རྟོག་པ་ཉེ་བར་མཚོན་པ་འདིར་དེའི་བདེ་བ་དག་གིས་ལོངས་སྤྱད་པ་ཞེས་རྣམ་པར་ཉེད་པའི་ངོ་བོ་རབ་ཀྱི་གནས་སྐབས་ཀྱི་བདེ་བར་འདོད་ཆགས་པའི་ངོ་བོར་འཛིན་པའི་རྣམ་པར་རྟོག་པ་དང་ལྡན་པ་དེ་དང་བྲལ་བས་ལྷག་པས་ཏེ། དེ་སྐད་དུ་བརྟག་པ་གཉིས་པ་ལས་གསུངས་པ། གསུམ་པ་འདོད་ཆགས་བྲལ་བའི་ཕྱིར། གསུངས་སོ། །བཞི་པ་ལྷན་ཅིག་སྐྱེས་པ་ཞེས་པ་ནི། ལྷན་ཅིག་སྐྱེས་པའི་དགའ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རང་གི་ངོ་བོ་སྟོང་པ་ཉིད་ཀྱི་བདེ་བ་ཆེན་པོས་ཉམས་སུ་མྱོང་བས་རྣམ་པར་མི་རྟོག་པ་


JLD010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཏེ། དེའི་ཕྱིར་ན་ཆགས་པའི་བདེ་བ་སྤངས་པ་དང༌། དེ་ལས་ལྡོག་པའི་མངོན་པར་ཞེན་པ་སྤངས་ཏེ། དེ་གསུངས་པ་ནི། མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་པའོ། །དེ་ཅི་འདིར་མཐོང་བའི་ལམ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཐབས་ཀྱི་ཁྱད་པར་གྱི་ས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང༌། བླ་མའི་བྱིན་རླབས་ཀྱིས་ཐོབ་ལ། རང་གིས་ཐོབ་པ་དེ་ལྟར་འགྱུར་རོ། །འདིར་དེ་ཉིད་ནི་དབུགས་དབྱུང་བ་གཉིས་སུ་བརྗོད་དོ། །བདེ་བ་ཆེན་པོའི་ཡེ་ཤེས་དང་སྟོང་པ་ཉིད་དག་པའི་བདག་ཉིད་གཅིག་པའི་ཕན་ཚུན་རྒྱས་བཏབ་པ་དགའ་བ་བསྐྱེད་པ་དང༌། རྡོ་རྗེ་འཛིན་པའི་ཚུལ་གྱིས་ཕྱིར་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པར་ངེས་པར་འབྱུང་བར་འགྱུར་རོ། །ཞེས་པ་དང་། དེའི་ལམ་ཐོབ་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང༌། རྡོ་རྗེ་འཛིན་པའི་དབུགས་དབྱུང་བ་དང་བསྐྱེད་པའི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། ཐབས་དང་ཐབས་བྱུང་དབྱེ་བ་ཡིས། །བཞི་པའི་དོན་ནི་གཉིས་སུ་འདོད། །གཅིག་ནི་དེ་བཞིན་གཤེགས་པས་འགྲུབ། །གཞན་ནི་རྡོ་རྗེ་འཛིན་པར་འདོད། །ཅེས་པའོ། །འོ་ན་ལྷན་ཅིག་སྐྱེས་པའི་དགའ་བའི་རྗེས་སུ་དགའ་བྲལ་གྱི་དགའ་བ་རིགས་ཏེ། ཇི་སྐད་དུ་བརྟག་པ་གཉིས་པ་


JLD010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལྷན་ཅིག་སྐྱེས་དགའི་རང་བཞིན་དང༌། །མཆོག་མཐའ་དགའ་བྲལ་དང་པོར་འདོད། །ཅེས་སོ། །ཞེ་ན་མ་ཡིན་ཏེ། མཆོག་དགའི་མཐའ་དང་དགའ་བྲལ་ཏེ། །གང་གིས་ཐོག་མ་མཆོག་དགའ་ལས། །དེའི་རྗེས་སུ་དགའ་བྲལ། དེའི་རྗེས་སུ་ལྷན་ཅིག་སྐྱེས་པའི་ཞེས་པ་དོན་གྱིས་ཐོབ་པའི་ཕྱིར་རོ། །གང་དུ་མཆོག་གི་མཐའ་བྲལ་བའི་དང་པོར་མཆོག་དང་བྲལ་བ་གཉིས་ཀྱི་བར་དུའོ། །ཞེས་པའི་དོན་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ། དགའ་བྲལ་དང་པོར་མཚོན་པར་བྱ། །དེ་ནི་དགའ་བ་གསུམ་སྤངས་པ། །ཞེས་གསུངས་པའི་ཕྱིར་རོ། །དེས་ནི་བྲལ་བའི་དང་པོ་ཞེས་བྲལ་བའི་དུས་ཉིད་དུ་གསུངས་པས། ལྷན་ཅིག་སྐྱེས་པ་དང་པོར་འདི་ཉིད་མཚོན་པར་བྱ། ཞེས་བསྒྲུབས་པས་སོ། །ལྷན་ཅིག་ཤར་བས་རྣམ་པར་རྟོག་པ་ཉིད་ནུབ་པས་གོང་ནས་གོང་དུ་མཚོན་པར་འགྱུར། ཞེས་པ་དང༌། དེ་ཉིད་ཡེ་ཤེས་རྡོ་རྗེ་བསྡུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ལས། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་པ་དང༌། རིམ་པ་ལྔ་པ་ལས། མཚན་མོ་སྣང་བའི་ཆ་ལས་གསལ་བར་ཉི་མའི་ཟེར་འགྱེད་ཉིན་མོ་སྣང་བ་ཆེན་པོ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལྷན་ཅིག་མིན་པར་འདིར་སྦྱོར་བ། །མཚན་མིན་ཉིན་པར་མིན་ལ་


JLD010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱང་མིན་པའི་གང་ཞིག་རང་བཞིན་རྣམས་ལས་རྣམ་གྲོལ་བ། །རྟོགས་པའི་སྐད་ཅིག་འདིར་ནི་ཐུབ་པའི་མཆོག་གིས་རྣལ་འབྱོར་པ་རྣམས་ཀུན་གྱིས་རྟོགས་བྱར་གསུངས། །ཞེས་པ་འདིས་ཀྱང་དགའ་བ་གསུམ་གྱི་རང་བཞིན་ནི་མཚོན་བྱ་ལ། མཚན་ཉིད་མེད་པ་ནི་བཅོམ་ལྡན་འདས་ཀྱིས་བཞི་པར་གསུངས་ཏེ། མཚན་ཉིད་བྲལ་བ་གསུམ་ལས་གཞན་ཞེས་པ་འདིས་ནི། འདིར་ཇི་ལྟར་ལྷན་ཅིག་སྐྱེས་པའི་རྗེས་སུ་དགའ་བྲལ་རིགས་པ་སྟེ། མཚོན་པར་མི་ནུས་པའི་ཕྱིར་རོ། །དགའ་བྲལ་གྱི་རྗེས་སུ་དྲན་པ་དེ་ཉིད་མཚན་ཉིད་ཀྱི་ཉམས་སུ་མྱོང་བའི་ཐབས་ཀྱང་མ་བསྟན་པར་ཐལ་བ་ལ། ལྷན་ཅིག་སྐྱེས་པ་འཆར་བའི་གནས་ཉིད་ལ་ནི་རྩོད་པ་མེད་པ་ཉིད་དོ། །གང་དུ་མཚན་ཉིད་དེ་ཉམས་སུ་མྱོང་བ་མེད་པའི་ཕྱིར་འདིར་ཡང་ཞེ་ན། མ་ཡིན་ཏེ་ཐོ་རངས་ཀྱི་དུས་བཞིན་དུ་མཚམས་ཀྱང་ངོ༌། །འོ་ན་དེ་ལྟར་ནའང་དེའི་ངོ་བོ་ཉེ་བར་མཚོན་དུ་མེད་པ་ཉིད་དོ་ཞེ་ན། བདེན་ཏེ། ཉམས་སུ་མྱོང་བའི་ཐབས་ཉིད་དུ་ཉེ་བར་བསྟན་པས་སོ། །འོ་ན་དེ་ཉིད་ཀྱི་ཐབས་ཀྱང་བསྒོམ་པར་བྱ་བ་མི་རིགས་སོ་ཞེ་ན་དེ་ནས་མ་བཟུང་སྟེ། དེའི་ཉེ་བར་མཚོན་པའི་མངོན་པར་ཞེན་པ་རྣམས་འདིར་དེ་མི་སྲིད་པའི་ཕྱིར་རོ་ཞེ་ན། བདེན་ཏེ། དེ་ལྟར་འགྱུར་བའི་བདག་ཉིད་དེ་དེ་ལྟར་ཤར་བར་བྱེད་པའི་ཇི་ལྟ་བ་ནི་བླ་མས་བསྟན་པར་བྱ་བ་ཉིད་དེ། དེ་ལྟར་གཉིས་ཀའི་འདོད་པ་ཉེ་བར་མཚོན་པའི་རིམ་པས་གསལ་བར་བྱས་


JLD010_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཁོ་ན་བསྟན་པའང༌། འདིར་མཆོག་མཐའ་དགའ་བྲལ་དང་པོ་ཅན། །ཞེས་པ་ནི་འདིར་ཡང༌། མཆོག་གི་མཐའ་ནི་མཆོག་གི་མཐའ་གང་ཞིག་གིས་དང་པོ་དགའ་བྲལ་ལ། དགའ་བྲལ་དང་པོ་ནི་མཆོག་དང་བྲལ་བའི་དགའ་བ་དག་གི་མཐར་གཉིས་པ་ཞེས་པའི་དོན་ཏོ། །དེའི་དེ་ཁོ་ན་ཉིད་དེ་ཇི་ལྟ་བུ་ཞེས་པ་ལ། ཐོག་མ་ཐ་མ་དབུས་མེད་པ། །སྲིད་མེད་མྱ་ངན་འདས་མིན་ཏེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །གཞན་མིན་བདག་ཀྱང་མ་ཡིན་ཏེ། །ཞེས་པ་དང་པོ་དང་ཐ་མ་དང་དབུས་ཀྱི་སྐྱེ་བ་དང་འགག་པ་དང་གནས་པ་རྣམས་བཀག་པས་ཆོས་ཐམས་ཅད་སྟོང་པ་ཉིད་དང་བདེ་བ་ཆེན་པོར་རོ་གཅིག་པར་ཐབས་འདིས་མངོན་པར་རྟོགས་པར་བྱེད་དོ་ཞེས་ལན་གྱི་དོན་ཏོ། །དགའ་བ་དང་བྲལ་བ་དང་མཆོག་ཏུ་དགའ་བ་རྣམས་བཀག་པས་མི་འཕོ་བའི་ཕྱིར་ན་སྲིད་པ་དང་ཞི་བ་ལ་མི་གནས་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཅེས་པའོ། །དེ་ལྟར་ཡང༌། མཆོག་མཐའ་དབུས་དང་བྲལ་བའོ། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་ཏེ། འདིར་མཆོག་ཏུ་དགའ་བའི་མཐར་གང་ཞིག་གི་དབུས་ཀྱི་དགའ་བྲལ་དེའི་རྗེས་ཐོགས་ཉིད་དུ་འབྲེལ་བ་ཅན་གྱི་མཚོན་བྱ་ནི་སྟོང་པ་སྟེ། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ། །སྟོང་མིན་ནི་ད་ལྟར་བརྗོད་པའང་མི་དམིགས་པའི་ཕྱིར་རོ། །གཉིས་སྤངས་ནས་བདེ་བ་ཆེན་


JLD010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ངོ་བོར་གནས་པའི་ཕྱིར་ལ། དེ་ཉིད་བཅོམ་ལྡན་འདས་ཏེ། ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ། །མཆོག་དང་བྲལ་དགའ་དག་གི་དབུས་སུ་མཚོན་བྱ་བལྟས་ལ་བརྟན་པོར་གྱིས་ཞེས་པ་ནི། འདིར་གལ་ཏེ་སོ་སོ་སྐྱེ་བོའི་ངག་ཡིན་ན་ཅི་སྟེ། འདི་ལ་གུས་པར་བྱེད་དེ། དེ་ནས་ལུང་ཡིན་ན་ནི་དེའི་དོན་འདི་ཡིན་ཏེ། དབུས་མ་དགའ་བ་ཙམ་ཉིད་དོ། །ཞེས་པ་བརྟག་པ་གཉིས་པ་ལས་གསུངས་པས། དགའ་བ་དང་མཆོག་དགའ་དང་དགའ་བྲལ་རྣམས་ཡོད་པར་འགྱུར་བ་ཉེ་བར་འཆར་བའི་ལྷན་ཅིག་སྐྱེས་པ་མཚོན་པར་བྱ་བ་ཞེས་པའི་དོན་དྲུག་པོ་དེའི་རང་བཞིན་ངེས་པར་བཟུང་བའི་ཕྱིར་མཆོག་ནི་རབ་སྟེ། ལྷན་ཅིག་སྐྱེས་པའི་དེ་གཉིས་ཀའི་དབུས་སུ་མཚོན་པར་བྱ་ཞེས་པའི་དོན་ཏོ། །བདེ་བའི་ཕྱིར་མཆོག་ནི་མཆོག་དགའ་སྟེ། འདིས་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་དེ། མཆོག་དགའ་ཉིད་ནི་ཐོབ་པའོ། །སྣ་ཚོགས་སྤངས་པའི་སྐད་ཅིག་མ་ཞེས་བཤད་པས་སོ། །ཕྱག་རྒྱ་བཞི་པའི་གཞུང་ན། སོ་སོའི་སྐྱེ་བོའི་གདམས་ངག་མི་ཤེས་པས་བྱས་པའི་ཕྱིར། ཕན་ཚུན་འགལ་བས་འཕགས་པས་གསུངས་པ་མ་ཡིན་ཏེ། དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་རིམ་པ་ལྔ་པའི་དོན་གསལ་བར་བྱེད་པར་འཕགས་པ་ཤཱཀྱ་བཤེས་གཉེན་གྱི་ཞགས་ཀྱིས་ཀྱང་གསུངས་ཏེ། སྟོང་དང་དེ་བཞིན་ཤིན་ཏུ་སྟོང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་


JLD010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲས་བུར་རབ་དབྱེ་བས། །ཤེས་རབ་ཐབས་སུ་མཉམ་སྦྱོར་བས། །རྫོགས་པ་ཉེ་བར་ཐོབ་པ་ཡི། །རྫོགས་པ་ཉེ་བར་ཐོབ་གྱུར་ནས། །ཐམས་ཅད་སྟོང་པ་འོད་གསལ་བའི། །རྒྱུ་ཡི་རིམ་པ་དག་དང་ནི། །རྣམ་ཤེས་གསུམ་གྱི་སྦྱོར་བ་ལས། །སྟོང་པ་གསུམ་ནི་མཉམ་སྦྱར་བས། །བླ་མེད་གོ་འཕང་འཐོབ་པར་འགྱུར། །སྣང་བ་སྟོང་དང་ཤེས་རབ་བཞིན། །ཞེས་པ་སྣང་བ་མཆེད་པ་གསུངས། །ཤིན་ཏུ་སྟོང་པ་ཐོབས་དང་ལྡན། །ཞེས་པ་ནི་སྣང་བ་མཆེད་པ་སྦྱོར་བ་ལས་སྐྱེས་པ། སྣང་བ་ཉེ་བར་ཐོབ་པ་ནི་དེ་བཞིན་ཉེ་བར་ཐོབ་པའོ། །ཞེས་པ་དང༌། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་འདིར། །གསལ་བར་འདིར་ནི་མཚོན་པར་འགྱུར། །ཆགས་པ་ཉིད་ནི་ཆགས་བྲལ་དང༌། །དེ་ཡི་གཉིས་པ་ཞེས་གསུངས་པ་དང༌། འདི་སྐད་དུ་གཞན་ཉིད་དུའང་གསུང་རབ་ཀྱི་དོན་རྣམས་ཕན་ཚུན་མི་འགལ་ཏེ། དེའང་ངེས་པར་བརྗོད་པའི་རྒྱུད་བླ་མ་ལས། འཁྱུད་དང་དེ་བཞིན་འོ་བྱེད་པས། །སྣ་ཚོགས་རྣམ་པས་སྣ་ཚོགས་ཚུལ། །བྷ་ག་ལིངྒའི་སྦྱོར་བ་ཡིས། །རྣམ་པར་སྨིན་པའི་ཡེ་ཤེས་མཆོག །ཕྱག་རྒྱ་རྣམ་པར་ཉེད་བྱས་ལ། །མཚན་ཉིད་བྲལ་བ་མྱུར་བར་མཚོན། །དགའ་བ་དང་པོ་ཡེ་ཤེས་དང༌། །མཆོག་ཏུ་དགའ་བར་ཡང་དག་ལྡན། །ཤིན་ཏུ་དགའ་ལས་གྲུབ་པ་ཆེ། །ལྷན་ཅིག་སྐྱེས་དགའི་ཕྱི་མར་རོ། །ཞེས་པ་དང༌། རྒྱུད་གཞན་གྱི་ཕྱི་མ་ལས། དགའ་


JLD010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ནི་བསྐྱོད་བྱས་པས། །བདེ་བར་གནས་ལས་མི་གཡོ་བས། །ཐུན་གཅིག་ཡང་ནི་ཉིན་གཅིག་གམ། །ཟླ་ཕྱེད་ཡང་ན་ལོ་གཅིག་གམ། །བསྐལ་པའམ་བསྐལ་པ་སྟོང་ཕྲག་ཏུ། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་ཆུབ་གཤེགས་གསོལ་མི་བྱེད་པས། །དེ་སྲིད་དགའ་བ་ལས་སྐྱེད་བདེ། །རྒྱུན་མི་འཆད་པར་འཐོབ་པར་འགྱུར། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྷུངས་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་བས། །གང་དུ་དགའ་བའི་དངོས་གྲུབ་འགྱུར། །ཞེས་པ་དང༌། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ཀྱང༌། བརྟན་པ་མཆོག་ཏུ་བདེ་བ་སྟེ། །མི་བརྟན་པ་ནི་ཇི་ལྟར་བདེ། །ཞེས་པ་དང༌། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཞེས་པའོ། །ཕྱག་རྒྱ་ཆེན་པོ་འགྲུབ་པའང་མི་རིགས་ཏེ། ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བའི་ཐབས་གཞན་མི་སྲིད་པས། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ནི་འབའ་ཞིག་མི་རིགས་པའང་མེད་ཅེས་སྔོན་བཞིན་གྱི་འདོད་པ་ནི་གདམས་ངག་མི་རིགས་པ་རྣམས་སྨྲ་སྟེ། གང་དུ་རིགས་པ་མེད་པའི་བདག་ཉིད་ཅན་གྱི་བཙན་ཐབས་ཀྱི་སྦྱོར་བ་དེ་ཉིད་ཀྱིས་བདེ་བ་ཁྱད་པར་ཅན་གྱི་བར་དགའ་བྲལ་གསུམ་པ་ལྷན་ཅིག་སྐྱེས་པ་བཞི་པ་ལས་གཞན་པའི་ལྷན་ཅིག་སྐྱེས་པ་གསུམ་པ་དགའ་བྲལ། བཞི་པ་ཞེས་སྨྲས་པ་དེ་དག་ནི་མ་རྟོགས་པ་ཉིད་དོ་ཞེས་


JLD010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སྤྲོས་པ་ལ་དགོས་པ་མེད་དོ། །སྐབས་སུ་བབ་པ་བསྟན་པ་ནི་དེ་ལ་བོ་ལའི་རྩ་བ་ནས་གསང་བའི་པདྨ་རྡོ་རྗེ་ནོར་བུ་སྔོན་དུ་དགའ་བ་ལ་སོགས་པ་གསུམ་པ། ནོར་བུའི་དཀྱིལ་དུ་ནི་ལྷན་ཅིག་སྐྱེས་པའོ་ཞེས་པ་ནི་རྣམ་པར་བཞག་པ་གཅིག་ལ། པདྨའི་ནམ་མཁའ་དང་ནོར་བུའི་ཟེ་འབྲུ་དག་བཙིར་བའི་གནས་སུ། རྡོ་རྗེའི་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་པ་ལྟར། །གང་དུ་སྐྱེ་འགྱུར་ཡེ་ཤེས་ཀྱི། །ཡེ་ཤེས་དེ་ཡི་ངོ་བོ་དམིགས། །ཞེས་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པའི་ཕྱིར། ཆུ་སྐྱེས་ཀྱི་དབུས་ནི་སྟོང་པ་ཉིད་ཀྱི་ཡུལ་དག་དེར་རྡོ་རྗེའི་མཐའ་ཡོངས་སུ་མཚན་པའོ། །ཡང་ན་རྡོ་རྗེ་སྐྱིལ་ཀྲུང་ནི་བསྟེན་པ་ལས་ནོར་བུའི་ནང་དུ་ཆུད་པའི་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་དེ་དང་འདྲ་བའི་ཡེ་ཤེས་ངེས་པར་རྟོགས་ཤིང་ཐོབ་པའི་བར་དུ་འཇུག་པའི་རྒྱུད་གཞན་རྣམས་སུའང་ལྷན་ཅིག་སྐྱེས་པ་ནོར་བུའི་ནང་དུ་ཆུད་པར་ནི་གསལ་བར་མང་དུ་གསུངས་ཏེ། ཁ་ཅིག་ལས་བཤད་པ་ནི། གང་དུ་དྲུད་པའི་བར་ནི་དགའ་བ་ལ་འདྲུད་པས་བྱང་ཆུབ་ཀྱི་སེམས་ནོར་བུ་དང་ཉེ་བའི་ཇི་སྲིད་ནོར་བུའི་མདུན་དུ་རེག་པའི་བར་ནི་མཆོག་ཏུ་དགའ་བའོ། །རིན་པོ་ཆེའི་རྩེ་མོ་ནས་ཇི་སྲིད་དུ་རྡོ་རྗེའི་ནང་དུ་དེའི་རྩེ་མོར་རམ། ཐོད་པ་ལྷུང་བ་ལས་མི་འདོད་ཀྱང་དེ་ཉིད་བློས་ཁ་ཅིག་རྡོ་རྗེའི་ཁ་རུ་ལྷན་ཅིག་སྐྱེས་པའི་དགའ་བ་ལ། བྱང་ཆུབ་ཀྱི་སེམས་ལྷུང་བ་དེ་ནི་དགའ་བྲལ་གྱི་དགའ་བ་སྟེ། གཉིས་སོད་གཉིས་མཉམ་རྡོ་རྗེ་ལྷུང་དང་པདྨར་རེག །


JLD010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྷུང་བ་མི་བསྐྱོད་པ། །པདྨར་རེག་པ་རྡོ་རྗེ་སྟེ། །རྒྱུ་ལ་འབྲས་བུ་རྒྱས་བཏབ་པ། །བདེ་བ་ཆེན་པོ་རྒྱལ་པོ་ཉིད། །ཅེས་འདོད་པ་ནི་མ་བསྡམས་པས་ལྷུང་བ་ཡིན་ཏེ། པདྨར་ནོར་བུ་ཡང་དག་པར་རེག་པའི་གནས་སྐབས་དེ་ཉིད། བྱང་ཆུབ་ཀྱི་སེམས་སུ་མྱོང་བའི་སྦྱོར་བ་ལ། རྡོ་རྗེའི་ཕྱི་རོལ་ཏུ་བྱུང་ནས་པདྨ་རེག་པ་དེ་ལ་ནི་ཉམས་སུ་མྱོང་བའི་དྲིའང་མེད་དོ། །བྲལ་བའི་དགའ་བ་ཉིད་ཀྱང་མ་ཡིན་ལ། བདེ་བ་ཆེན་པོའི་རྒྱལ་པོ་ཉིད་ཀྱི་རྡོ་རྗེ་སེམས་དཔའ་ཡང་མ་ཡིན་ཏེ། བདེ་བ་མྱོང་བ་དང་བྲལ་བ་གང་དུ་རྡོ་རྗེ་སེམས་དཔའ་ཡོད་པ་མ་ཡིན་ནོ། །དེ་བདེ་བ་ཉམས་སུ་མྱོང་བ་ལས་གཞན་དུ་འགྱུར་བའི་བདེ་བ་ཆེན་པོའི་ངོ་བོ་མི་བསྐྱོད་པ་དང་ཕན་ཚུན་རྒྱས་བཏབ་པའང་མེད་དེ། ཆོས་དང་ཆོས་ཅན་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་དེའི་བདག་ཉིད་ལ་རྒྱས་བཏབ་པར་བརྗོད་ཀྱི། དུས་ཐ་དད་པ་ལ་ནི་དེའི་བདག་ཉིད་ཀྱང་མེད་ལ། རིན་པོ་ཆེ་ལས་གཞན་པའི་རྡོ་རྗེའི་ཁར་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའང་མ་ཡིན་ན། འདིར་དེ་ཁོ་ན་ཉིད་རིག་པ་གང་དུ་རིན་པོ་ཆེའི་ནང་དུ་ཆུད་པའི་བདག་དང་གཞན་གྱི་གྲུབ་པའི་མཐའ་ལ་གཞན་གྱིས་ཐལ་འགྱུར་བྱེད་པ་དེའང་མང་དུ་མི་ཤེས་པའི་མངོན་པར་འདོད་པ་ཅན་ནོ། །ནོར་བུའི་དབུས་སུ་སོ་སོར་རང་གིས་རིག་པ་རྣམ་པ་ཐམས་ཅད་ཀྱི་མཆོག་གིས་ཡོངས་སུ་སྤྲས་པའི་ཀུན་རྫོབ་ཀྱི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་དོན་


JLD010_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་རང་བཞིན་མེད་པ་དབུ་མའི་ལམ་གྱི་ངོ་བོ་ལ་དབུ་མ་ལས་གཞན་དུ་འདོད་པ་ཞེས་པ་ནི་མ་ཡིན་ཏེ། ངེས་པར་བློ་ཆུང་བའི་འཕྲལ་བཟོ་རྣམས་ལ་ཆེད་དུ་བྱེད་པ་ལ་དགོས་པ་མེད་པའོ། །གཞན་དུའང་རྣམ་པར་བཞག་པ་ནི། །གཙུག་ཏོར་ནས་ནི་སྨིན་མཚམས་ཀྱི། །ས་བོན་པདྨར་འགྲོ་དགའ་བ། །མགྲིན་པ་སྙིང་ག་མཆོག་ཏུ་དགའ། །སྣ་ཚོགས་རོལ་པའི་ལྟེ་བར་གནས། །གསང་བའི་པདྨར་འགྲོ་བ་གང༌། །དེར་ནི་དགའ་བྲལ་འགྱུར་བའོ། །གསང་གནས་རྡོ་རྗེ་ནོར་བུ་འབར། །ཟགས་མིན་ལྷན་ཅིག་སྐྱེས་དགའ་བ། །རབ་ཏུ་མི་གནས་མྱ་ངན་འདས། །ཆགས་པ་ཆེན་པོ་མི་འགྱུར་གཙོ། །དགའ་བྲལ་འབད་སོགས་ཀྱིས་མི་འབོ། །དེ་འདིར་མྱ་ངན་འདས་པར་གནས། །ཞེས་དུས་ཀྱི་འཁོར་ལོ་ལས་བརྗོད་དེ། དེ་ལ་རབ་ཀྱི་རྣམ་པར་རྟོག་པ་རགས་པ་མེད་པ་ནི་དགའ་བའོ། །རབ་ཀྱི་རགས་པ་མེད་པ་ནི་མཆོག་དགའ་འོ། །འབྲིང་གི་རགས་པ་མེད་པ་ནི་བྲལ་བའོ། །ཐ་མའི་རགས་པ་མེད་པ་ཙམ་གྱིས་ཕྲ་མོ་ཡོད་ཀྱང་ལྷན་སྐྱེས་སུ་རྣམ་པར་བཞག་པའོ། །ཕྲ་མོའི་རྣམ་པར་རྟོག་པ་ནི་ཆུང་དང་འབྲིང་དང་ཆེན་པོའི་དབྱེ་བས་ཐ་དད་པར་རིམ་པ་ཇི་ལྟ་བ་བཞིན་དུ་མེད་པས་དགའ་བ་བཞི་ཞེས་པའི་དོན་དུ་བཤད་པའི་ཉེ་བར་བསྟན་པའི་གདམས་ངག་ལས་ཤེས་པར་བྱའོ། །བུད་མེད་ཀྱིའང་གསང་བ་ཆུ་སྐྱེས་ཀྱི་ལྟེ་བ་ནི་ནོར་བུ་ལྟ་བུ་ཡིན་ལ། གང་དུ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། གཉེར་མ་རིམ་པ་གསུམ་གནས་


JLD010_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གྲུ་གསུམ་དེ་ཡི་རྩེ་མོར་ནི། །གྲུ་གསུམ་ལྟེ་བའི་རྣམ་པ་ནི། །རྡོ་རྗེའི་རང་བཞིན་ཅན་དུ་གསལ། །གྲུ་གསུམ་པོ་ནི་རྩ་རྣམས་ཀྱི། །གནས་སུ་མཆོག་ཏུ་དྲན་པར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་དབང་བསྐུར་བ་གསུམ་བསྟན་ནས། བཞི་པའི་རིམ་པ་སོ་སོར་སྒྲུབ་པར་འདོད་པའི་དགའ་བ་བཞི་རྣམ་པར་དག་པའི་ངོ་བོ་དབང་བཞི་པ་སྟོན་པར་འདོད་ནས་གསུངས་པ་ནི། དེ་ནི་ཞེས་པ་ལ་སོགས་པ་སྟེ། བཞི་པ་དེ་ཡང་དེ་ལྟར་རོ། །ཞེས་པ་ནི་དེ་ཉིད་ཀྱི་ཤེས་རབ་ཡེ་ཤེས་ཀྱི་མྱུ་གུ་ཡིས་བྱང་ཆུབ་ཀྱི་སེམས་སོ། །ཡང་ན་ཕྱིས་བཞི་པར་བརྗོད་པའོ། །དེ་ལྟར་ཞེས་པ་ནི་དེ་དང་འདྲ་བ་ཉིད་དོ། །ཇི་ལྟ་བའི་ཆོ་གས་ཞེས་དང་རབ་ཏུ་འཕེལ་བར་བྱེད་པ་དེ་ཁོ་ན་ཉིད་ཀྱི་བླ་མའི་མན་ངག་གིས་སྒྲིབ་པ་མེད་པའི་ལྷན་ཅིག་སྐྱེས་པའི་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་དུ་བརྗོད་དོ། །དེ་ཉིད་ཀྱིས་ནི་འགྲེལ་པ་མཐའ་དྲུག་པ་ལས་བཤད་པ་ནི། སྐྱོན་ཐམས་ཅད་ཀྱི་དྲི་མ་བཀྲུས་ནས། ཡེ་ཤེས་འཆར་བར་བྱེད་པའི་བྱང་ཆུབ་ཏུ་དབང་བསྐུར་བ་ཞེས་པའོ། །དེའང་བསོད་ནམས་དང་ཡེ་ཤེས་བསགས་པ་ལས། བག་ཆགས་རྣམས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་དེ་ཉིད་གསལ་པོར་སྣང་བ་དེ་ལས་གཞན་པ་རྣམས་ལས་ནི་ཚིག་གིས་བསལ་བར་བྱ་སྟེ། ཤེས་རབ་ཡེ་ཤེས་ཀྱི་ཐབས་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་མཚན་


JLD010_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཇི་ལྟ་བ་བཞིན་མན་ངག་གི་ཡན་ལག་གཞན་དང་ལྡན་པས་བསླབས་པའི་མི་གཡོ་བའི་བདེ་བ་ཆེན་པོ་མཚོན་བྱས་ནི། ཤིན་ཏུ་བའི་ཐབས་ལས་བྱུང་བའི་རྫོགས་པའི་ཡན་ལག་ཉེ་བར་བསྐྱེད་པ་ལས་ལམ་གྱི་གནས་སྐབས་སུ་བདག་ཉིད་འགྲུབ་པའོ་ཞེས། རྒྱུད་གཞན་ལས་གསུངས་པའི་རྒྱུ་དང་འབྲས་བུ་དབྱེར་མེད་པར་ལྷག་པར་མོས་པའི་ཕྱག་རྒྱ་ཆེན་པོའི་ང་རྒྱལ་དང་ལྡན་པས་བསྒོམ་པར་བྱ་སྟེ། དེ་ལྟར་འདུས་པའི་རྒྱུད་སྟོང་ཕྲག་ཉི་ཤུ་ལྔ་ལས་གསུངས་ཏེ། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་པར་ལྟ། །རྒྱུ་མཐུན་ལ་སོགས་བདེ་བར་རྫོགས། །ཇི་སྲིད་དྲི་མ་མེད་པའོ། །ཞེས་པའོ། །དེ་ལྟར་ཡང༌། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་མི་འབྱིན་ཞིང༌། །ཁམས་གསུམ་མ་ལུས་པ་རྣམས་ཀྱི། །སངས་རྒྱས་གཟུགས་བརྙན་བསྒོམ་པར་བྱ། །ཞེས་པ་དང༌། བདེ་མཆོག་ལས་ཀྱང༌། ནང་དུ་ཆུད་པའི་ཡིད་ཀྱིས་ནི། །འདོད་པའི་དངོས་གྲུབ་བསྒོམ་བྱའོ། །ཞེས་ཏེ། འདིར་རྡོ་རྗེ་སྐྱིལ་ཀྲུང་གི་གདན་ལས་དེའི་ཆ་བཅུ་དྲུག་རྫོགས་པའི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ལས། ནང་དུ་ཆུད་པའི་ཡིད་ཅེས་བརྗོད་དེ། དེའི་འཕོ་བ་མེད་པའི་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོའི་སྦྱོར་བས། ཁམས་གསུམ་པ་བརྟན་པ་དང་གཡོ་བའི་དངོས་པོ་འདིས། རང་བཞིན་གྱི་བདག་ཉིད་ཅན་མ་ལུས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བདེ་


JLD010_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོའི་རང་བཞིན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡོད་པ་དང༌། མེད་པ་ལས་འདས་པའི་གནས་མེད་པ་དང༌། དམིགས་པ་མེད་པར་རྟོགས་པར་བསྒོམ་པར་བྱ་སྟེ། དེ་སྐད་གསུངས་པའང་ནི། ཇི་སྲིད་རྣལ་འབྱོར་པ་ཡིས་ནི། །སྐྱེ་གནས་རྒྱུན་མི་འཆད་སྦྱོར་བས། །བྱང་ཆུབ་སེམས་སྤོང་མི་བྱེད་པ། །དེ་སྲིད་བར་དུ་དགའ་བའི་མཆོག །བདེ་བའི་ངོ་བོ་དེ་དང་ནི། །སངས་རྒྱས་གཟུགས་སུ་ཀུན་སྦྱོར་བ། །ཇི་སྲིད་ས་བོན་བརྟན་གྱུར་པས། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །ཞེས་སོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་འགྱུར། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆ་མེད་ཆ་ལས་འདས་པ་ཡི། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །འདིར་སངས་རྒྱས་འགྲོ་བའི་ཆོས་ནི་དགའ་བ་གསུམ་པོ་རོ་གཅིག་པའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་འཛིན་པ་ནི་དེའི་བདག་ཉིད་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཀུན་རྫོབ་ལ། དོན་དམ་པར་ནི་རྣམ་པ་མེད་པའི་ཐམས་ཅད་དུ་རང་བཞིན་མེད་པ་ཉིད། དེ་རྣམས་རྣམ་པ་མེད་པའི་ངོ་བོ་ཉིད་ལ་བརྗོད་ལ། དེ་ལྟར་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། རྣམ་བཅས་དངོས་པོ་ཀུན་བརྟགས་དང༌། །སྣང་བ་མེད་ཉིད་དུ་བརྟགས་ལ། །རྣལ་འབྱོར་


JLD010_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས་གཅིག་བྱས་སྤྱད། །དེ་ཤེས་ཟུང་གཅིག་འཇུག་པ་ཅན། །ཞེས་བཤད་དོ། །ཆ་མེད་པ་ནི་བཅོ་ལྔའི་ཆའི་མཐའ་ལ་གནས་པའོ། །ཆ་ལས་འདས་པ་ནི་ནག་པོའི་ཚེས་གཅིག་ལ་རབ་ཏུ་ཞུགས་པའོ། །འདི་དག་གིས་ནི་ཐབས་དང་ཐབས་ལས་བྱུང་བའི་བདེ་བ་དག་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་དོ། །གང་དུ་བདེ་བ་དེ་ཉིད་དེ་ཁོ་ན་ཉིད་དུ་རྟོགས་པར་གནས་པ་དེ་དག་གི་འཁྲུལ་པ་བསལ་བའི་དོན་དུ། བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་པ་སྟེ། འབྱུང་བ་ཆེན་པོའི་བདེ་བ་ཞེས་པ་ནི་ས་བོན་དང་བདེ་བ་དག་བདག་ཉིད་གཅིག་པས་སོ། །ལྷན་ཅིག་སྐྱེས་ཀྱང་རྟག་ཏུ་ཐམས་ཅད་འབྱུང་བ་མ་ཡིན་ཏེ། དེ་ལྟར་ན་ལྷན་སྐྱེས་དངོས་པོའི་ངོ་བོ་སྟེ། དེའི་དོན་དམ་སྟོང་པ་ཉིད། ཀུན་རྫོབ་རྟོགས་པའི་བདེ་བ་གལ་ཏེ་རྟོགས་ཀྱང༌། དེ་ལྟར་ནའང་རྟག་ཏུ་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། སྡུག་བསྔལ་དང་བཏང་སྙོམས་ཉམས་སུ་མྱོང་བའི་དུས་ཐ་དད་པ་བསམ་གཏན་བཞི་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྟོགས་པ་བཞིན་ཉམས་སུ་མྱོང་བར་བྱས་པའི་ཕྱིར་རོ། །གང་དུ་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པ་ནི། བསམ་གཏན་བཞི་པའི་རྩེ་མོ་ཅན། །ཞེས་པ་ནི། དེ་ལ་བསམ་གཏན་བཞི་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་རྩེ་མོ་ནི་སྒྲིབ་པ་མེད་པར་རྟོགས་པའི་མཐར་ཐུག་ནས། དེའི་བདག་ཉིད་དུ་གནས་པའི་ཕྱིར་དེའི་རང་བཞིན་འཛིན་ཞེས་པའི་དོན་ནོ། །


JLD010_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་རང་བཞིན་མུ་མེད་པའི་ཁམས་གསུམ་པ་མཐོང་བར་འགྱུར་བས། བསམ་གཏན་ལ་སོགས་པའི་བདེ་བ་ཆེན་པོའི་རང་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་གཞན་མ་ཡིན་པའི་ཐོས་པ་དེ་ལྟར་གསུངས་པ་ནི་བཟླས་པ་དང་བཤད་པའི་དོན་དུའོ། །འོ་ན་ཇི་ལྟར་ན་བདེ་བ་ལ་ལྷན་ཅིག་སྐྱེས་པར་བརྗོད་ཅེ་ན། ཇི་ལྟར་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ནི། དེ་ཁོ་ན་ཉིད་མ་མཐོང་བས་ཡོད་པ་མ་ཡིན་པའི་ལྷག་པར་མོས་པར་སྒོམ་པར་བྱེད་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་བདག་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་ངོ་བོའང་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ལྟར་བདེ་བའང་རེས་འགའ་ཉམས་སུ་མྱོང་བའི་གནས་སྐབས་སུ་མ་མྱོང་བའི་གནས་སྐབས་ཀྱིས་དེ་ཉིད་མ་མཐོང་བར་ལྷག་པར་མོས་པའི་བདེ་བ་དང༌། སྙིང་རྗེ་དབྱེར་མེད་པར་ངོ་བོ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བསྒོམ་པར་བྱ་བས་དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་ཀྱི་འཇིག་རྟེན་ལས་འདས་པ་ལྷུན་གྱིས་གྲུབ་པ་ནི། བཅོས་མ་མ་ཡིན་པས་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ཁོ་ན་ཉིད་མ་རྟོགས་པའི་གནས་སྐབས་ཀྱིས་མྱོང་བ་ནི། ཟག་པ་དང་བཅས་པ་དང༌། མི་བདེན་པ་དང༌། མ་རྒྱས་པ་དང༌། ཡན་ལག་མ་རྫོགས་པ་དང༌། གློག་འགྱུ་བ་བཞིན་དུ་ཡུད་ཙམ་སྐད་ཅིག་ཙམ་གྱིས་འཇིག་རྟེན་པའི་ཀུན་རྫོབ་རྩོལ་བ་དང་བཅས་པ་ཉིད་ཀྱིས་ནི། བཅོས་མ་ཉིད་ཀྱང་


JLD010_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པར་བརྗོད་དེ། ལྷན་ཅིག་སྐྱེས་པའི་རྗེས་སུ་བྱེད་པའི་ཕྱིར་འོད་གསལ་བ་བཞིན་ཏེ། ཇི་སྐད་དུ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། གང་འདིར་དགའ་བ་སྣང་བཅས་པ། །སྣང་བ་མཆེད་པ་མཆོག་ཏུ་དྲན། །བྲལ་བ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་པ་འོད་གསལ་བ། །ཞེས་གསུངས་སོ། །འདི་ཉིད་ནི་ལྷན་ཅིག་སྐྱེས་པ་ལས་བྱུང་བའི་དེ་ཁོ་ན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སྟོང་པ་དང༌། སྙིང་རྗེ་དབྱེར་མེད་པ་འདི་ཅི་ཤེས་རབ་ཡེ་ཤེས་སམ་གཞན་ཉིད་ཡིན་ཞེ་ན། གཞན་མིན་ཏེ། དེ་ཉིད་འདིར་མི་མཐུན་པའི་ཕྱོགས་ཀྱིས་བཏང་ནས་རང་གི་ངོ་བོ་གསལ་བར་བྱེད་པའོ། །དེའི་ཕྱིར་ཆོ་གའི་སྐབས་འདི་ཉིད་དུ་ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་བ་དང་ཡན་ལག་བསྒོམས་པ་འཕེལ་བར་བྱེད་པའི་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པའི་དྲི་མ་དངོས་སུ་བཀྲུས་ནས་བཞི་པ་འོད་གསལ་བ། དཔག་བསམ་གྱི་ཤིང་བཞིན་དུ་མངོན་པར་མཐོ་བ་ལ་སོགས་པ་འབྲས་བུ་རྣམས་ཀྱིས་ཇི་ལྟར་གདུལ་བྱ་ལ་ཤེས་རབ་ཡེ་ཤེས་དང་ཁ་སྦྱོར་བའི་དཔལ་བདེ་མཆོག་ལ་སོགས་པའི་སྐུའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པས་འགྲོ་བ་ཚིམ་པར་བྱེད་པ་དང་། མི་འབྲལ་བར་མུ་མེད་པའི་དུས་ཀྱིས་གནས་པའི་ཕྱིར་གནས་པ་སྟེ། དེ་ལྟར་འདིར་ལོངས་སྤྱོད་རྫོགས་པ་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད་པ་དང་། །ཐུགས་རྗེ་ཆིམ་


JLD010_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྒྱུན་མི་འཆད་དང་། འགོག་པ་མེད་སྟེ་ཡན་ལག་བདུན་གྱི་མཚན་ཉིད་དང་ལྡན་པར་གསུངས། འདིར་དང་པོ་ཡན་ལག་གསུམ་གྱིས་ནི་ཐེག་པ་གཞན་དང་ཐུན་མོང་མ་ཡིན་པར་བསྟན་ཏེ། རྒྱུའི་གནས་སྐབས་སུ་བསྐྱེད་པའི་རིམ་པ་དཔལ་བདེ་མཆོག་ལ་སོགས་པའི་རང་གི་ངོ་བོར་སྒོམ་པ་གསུངས་པ་མེད་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་མཚན་དང་དཔེ་བྱད་ཀྱིས་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་འབྲས་བུའི་གནས་སྐབས་ཉིད་དུ་མངོན་པར་མ་བརྗོད་པའི་ཕྱིར་རོ། །ཤེས་རབ་དང་སྦྱོར་བའང་མེད་ལ་དེ་ལས་སྐྱེས་པའི་བདེ་བ་ཆེན་པོའང་མེད་དོ། །ཁ་ཅིག་གིས་སེམས་ལོངས་སྤྱོད་རྫོགས་པ་དང༌། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཤེས་རབ་དང་ཁ་སྦྱོར་ཏེ། དེ་བསྒོམས་པ་ལས་སྐྱེས་པའི་བདེ་བ་ཆེན་པོ་དེའི་རང་བཞིན་མེད་པ་ཉིད་དེ་ལས་འབྱུང་བའི་ཐུགས་རྗེའོ། །ཞེས་པའི་ཡན་ལག་ལྔ་ཐུན་མོང་མ་ཡིན་པ་རྣམ་པར་བཞག་པ་ནི་རིགས་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་འདི་ཉིད་གསུངས་པའི་ཕྱིར་རོ། །དེས་ན་སེམས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ། དཔལ་ཧེ་རུ་ཀ་ལ་སོགས་པའི་རང་བཞིན་དུ་ལྷག་པར་མོས་པར་བྱེད་པ་དང༌། དངོས་པོ་མེད་པའི་བློ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་ཉིད་དོ། །དེ་གཉིས་ཀའི་ཁྱད་


JLD010_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་གྱི་ལྷ་ཁ་སྦྱོར་བར་བསྒོམས་པ་ལས་བྱུང་བའི་བདེ་བ་ཆེན་པོ་དེ་ནི་རང་བཞིན་མེད་པ་ཉིད་དོ། །དེ་ལྟ་བུའི་རྣམ་པའི་ལམ་སྟོན་པས་ཁྱད་པར་ཅན་གྱི་སེམས་ཅན་གྱི་དོན་བྱེད་པ་ཡོད་པས་ཀྱང་ཐུགས་རྗེ་རྒྱུན་མི་འཆད་པའོ། །ཞེས་པ་ནི་ཐུན་མོང་མ་ཡིན་པ་ཉིད་དེ། དེ་དག་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་དེ་ལྟར་མ་གསུངས་པའི་ཕྱིར་རོ། །གང་དུ་དེ་ལྟར་འགྱུར་བའི་བཅོམ་ལྡན་འདས་བར་ཆད་མེད་པས་བར་མ་ཆད་པ་ཉིད་དང༌། མྱ་ངན་ལས་འདས་པའི་ཕྱོགས་གཅིག་པ་མེད་པས་འགོག་པ་མེད་པ་ནི་ཐུན་མོང་མ་ཡིན་ནོ། །ཞེས་པའི་ཡན་ལག་བདུན་ཆར་ཡང་ཐུན་མོང་བ་ཡིན་པའོ་ཞེས་བཤད་པའི་ཕྱིར། བསྐྱེད་པའི་རིམ་པ་ལའང་རྗོད་པར་བྱེད་པ་ཁ་ཅིག་གིས་ལོངས་སྤྱོད་པའི་ཡན་ལག་དེ་ཉིད་ཐབས་ཡིན་པར་འཁྲུལ་ནས། ཐུགས་རྗེའི་ཡན་ལག་ཏུ་གསུངས་པ་དེ་ནི་རིགས་པ་མ་ཡིན་ཏེ། སྡུག་བསྔལ་ལས་གདོན་པར་འདོད་པ་ནི་སྙིང་རྗེ་སྟེ། དེའང་ལས་དང་པོ་པའི་སེམས་ཅན་གྱི་ངོ་བོ་ཉིད་མི་དམིགས་པ་ལས་སྐྱེས་པར་འགྱུར་རོ། །དེའི་རྗེས་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཆོས་ལ་སྦྱོར་བའི་དམིགས་པ་མེད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་རྗེས་རབ་ཏུ་བྱུང་བའི་དངོས་པོའི་རྣམ་པར་རྟོག་པ་མེད་པ་ནི་སངས་རྒྱས་རྣམས་ཡིན་ཏེ། དེ་ཉིད་ཀྱི་དམིགས་པ་མེད་པ་ལྷུན་གྱིས་གྲུབ་པས་རྒྱུན་མི་འཆད་པར་འགྲོ་བའི་དོན་ལ་བརྗོད་དོ། །དེ་ལྟར་གསུངས་ཏེ། ཡིད་བཞིན་ནོར་


JLD010_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མ་ལུས་པ། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། །ཅེས་ཏེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འདི་ཉིད་ནི། དབང་པོ་རབ་ཀྱི་ལས་དང་པོ་པས་ཀྱང་ལྷག་པར་མོས་པའི་སྒོམ་པའོ། །ཞེས་པའི་སྙིང་རྗེ་ནི་ཡན་ལག་ལོགས་ཤིག་པ་ཡིན་ནོ། །འདི་ཉིད་ནི་དབང་བཞི་པ་སྟེ། དབང་བསྐུར་སྦྱིན་ཞེས་བྱ་བ་ལ་སོགས་པས་རྒྱས་པར་འཆད་པ་ནི། དབང་པོ་རབ་ཀྱི་སེམས་ཅན་ནི་དགའ་བ་བཞི་ཉིད་དབང་བཞི་ཞེས་བསྟན་པར་འདོད་ནས། དེའང་དབང་རྣམ་པ་བཞི་ཞེས་གསུངས་ཏེ། དེའི་དགའ་བ་ལ་སོགས་པ་དེ་ལྟར་བརྟག་པ་གཉིས་པ་ལས། སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་ཡང་ནི་དེ་ལྟར་ཏེ། །དབང་བཞི་པ་ཡི་གྲངས་ཀྱི་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་སོ། །འདིར་ཡང་བྱང་ཆུབ་ཀྱི་རྟེན་ལ་རྡོ་རྗེའི་བུམ་པས་བྱ་བ་བྱེད་པའི་བུམ་པའི་དབང་གིས་སྤྱོད་པའི་བྱེ་བྲག་ལས་བྱུང་བ། སློབ་དཔོན་གྱི་དབང་ཡང་དགའ་བ་སྟེ། དེ་ལྟར་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། བཅུ་དྲུག་ལོ་ལོན་གཟུགས་བཟང་མ། །དགའ་བའི་རོ་ཡིས་ཚིམ་བྱས་པའི། །ཕྱག་རྒྱ་དེ་ནི་གཅེར་བུ་བྱ། །ཐོག་མར་དམ་ཚིག་སོགས་པས་མཆོད། །དེ་རྗེས་ཁ་སྦྱོར་སྦྱོར་བ་ཡིས། །ཡང་ནས་ཡང་དུ་འདོད་སྤྱད་པ། །ཇི་སྲིད་ས་བོན་འབྱུང་འགྱུར་བར། །ཅུང་ཟད་ཀྱི་ནི་བསྲུང་བར་བྱ། །ཆུ་སྐྱེས་སུ་ནི་བྱུང་བའི་ཚེ། །སྙིང་ག་ལ་ནི་མྱུར་གཏོར་བྱ། །


JLD010_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སློབ་དཔོན་དབང་མཆོག་ཏུ། །འགྱུར་རོ་དགའ་བའི་དབང་ཕྱུག་མ། །གསང་བའི་དབང་ནི་མཆོག་གྱུར་པ། །བཤད་ཀྱིས་གུས་པར་མཉན་པར་གྱིས། །གསང་གནས་གང་དུ་བདེ་བ་ནི། །སྐད་ཅིག་ལེགས་པར་གནས་གྱུར་པ། །དེ་ནི་གསང་བར་ཡང་དག་བཤད། །གཞན་དུ་འཇིག་རྟེན་པ་རུ་འགྱུར། །ཤེས་རབ་ཡེ་ཤེས་དབང་འགྱུར་བའི། །ཀུན་ཏུ་རྙེད་དཀའ་བཤད་པར་བྱ། །ཤེས་རབ་ས་བོན་ངོ་བོར་བཤད། །ཡེ་ཤེས་བདེ་བའི་རང་བཞིན་དྲན། །དབང་བསྐུར་ཞུ་བར་འགྱུར་བའི་བདག །ཡེ་ཤེས་གནས་སྐབས་ལས་གཞན་བདག །དེ་འགོག་པ་ནི་བཞི་པར་བརྗོད། །ལྷན་སྐྱེས་ཡེ་ཤེས་མཚན་ཉིད་དོ། །ཞེས་གསུངས་སོ།། །།མན་ངག་སྙེ་མའི་སྙེ་མ་དྲུག་པ་ལས། འོ་ན་རྣམ་པར་མི་རྟོག་པ་སྒོམ་པ་ཞེས་པའི་དོན་ཅི་ཡིན་ཞེ་ན། བདེ་བ་ཆེན་པོས་ཐབས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ནི་སྒོམ་པའོ། །ཞེས་བྱ་བའི་དོན་ནོ། །དེ་ཅི་བདེ་བ་ཆེན་པོ་སྒོམ་པའི་རྣམ་པར་རྟོག་པ་སྐྱོན་མ་ཡིན་ནམ་ཞེ་ན། སྐྱོན་མིན་ཏེ། དེའང་འགྲོ་བ་ཐ་དད་པ་ཉིད་པས་འགྲོ་བ་སྟོང་པ་ཉིད་ཀྱིས་ན་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་ལ། སྟོང་པ་ཉིད་ནི་བསམ་པར་མི་འབྱུང་ཞེས་པས། དེའི་རྣམ་པར་རྟོག་པའི་སྐྱོན་མེད་དེ། རྣམ་པར་མི་རྟོག་པའི་རྗེས་སུ་མཐུན་པའི་ཕྱིར། ཉེ་བར་བསྟན་པ་སྟེ། ཇི་སྐད་དུ། འཁྲུལ་པ་གཞན་དག་བཟློག་པ་ལ། །འཁྲུལ་པ་ཡིས་ཀྱང་ཕན་པར་བྱེད། །ཅེས་གསུངས་སོ། །དེ་ཉིད་ལས། གང་དུ་འདིའི་ངོ་བོ་ཉིད་མེད་པར་ཚད་མས་བསྒྲུབས་པ་ནི་བདག་གིས་


JLD010_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྒྱས་པར་རྩ་དབུ་མའི་སྙེ་མ་ལས་ཉེ་བར་བཀོད་པ་དང་ཐུབ་པ་དགོངས་པའི་རྒྱན་ལས་ཀྱང་ལུང་གི་རྗེས་སུ་འབྲང་ནས་དང༌། མི་འཇིགས་པའི་གཞུང་འགྲེལ་ལས་ཀྱང་མདོར་བསྡུས་ནས་བསྟན་པས་སོ། །འདིར་དངོས་པོ་དང་དངོས་པོ་མེད་པ་ལས་ངོ་བོ་མེད་པར་སྤྲོས་པ་ཐམས་ཅད་པས་སོ། །དེ་དག་དངོས་པོ་དང་དངོས་པོ་མེད་པར་གནས་པས་དེ་ཉིད་ཀྱིས་ཁྱབ་པའི་ཕྱིར་ན་ཁྱབ་བྱེད་མེད་པས་ན་ཁྱབ་བྱའང་མེད་པ་སྟེ། འདི་ཉིད་ནི་དེ་ཁོ་ན་ཉིད་མཐོང་བ་ལ་མཐོང་བ་ཉིད་མངོན་པར་འདོད་ཀྱི། གཉིད་ལོག་པའམ་མིག་བཙུམ་པ་བཞིན་གང་དུ་ཡིད་ལ་མི་བྱེད་པས་ནི་མ་ཡིན་ནོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་གསལ་བར་བྱ་བའི་ཚེར་མ་ཟུག་པ་བཏོན་པ་གཞན་དེས་མ་ཡིན་གྱིས་དེ་ཉིད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་དང༌། རང་དང་གཞན་གྱི་དངོས་པོ་ལ་སོགས་པའི་ཡིད་ལ་བྱེད་པ་བསལ་ནས་ཐམས་ཅད་ཡིད་ལ་བསྡུས་ནས་ཅིའང་བསམ་པར་མི་བྱ་སྟེ། དེ་ལྟར་ཡང༌། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་བཤད་པའོ། །དེ་ཉིད་ཀྱི་གང་གིས་ཤེས་རབ་ཀྱི་སྤྱན་གྱིས་རྣམ་པར་བརྟགས་པས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བར་གྱུར་ནས་ཆོས་ཐམས་ཅད་མི་སྣང་སྟེ། དེ་ལ་དེ་ཁོ་ན་ཉིད་ཀྱིས་རྣལ་འབྱོར་གྱི་སྤྱོད་ལམ་ཐམས་ཅད་དུ་རྣམ་པར་གནས་པ་རྣམས་ཀྱིས་ཆོས་ཐམས་ཅད་མཐོང་བའང་མ་མཐོང་བ་སྟེ། རྣལ་འབྱོར་


JLD010_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ། །བླ་མའི་དྲིན་གྱིས་རྟོགས་པ་ཉིད། །ནི་བཅོམ་ལྡན་འདས་མ་ཤེས་རབ་མ་ལས་སྐྱེ་བར་འགྱུར་ན། རྒྱུན་མི་འཆད་པར་ཚད་མ་དང་གཞལ་བྱའི་འབྲས་བུས་རྣམ་པར་འབྱེད་པ་དེས་ན་ཀུན་རྫོབ་ཏུ་རང་གསལ་བའི་ངོ་བོ་ཉིད་དུ་སྤྲོས་པ་མེད་ཀྱང་སྤྲོས་པའི་བདག་ཉིད་ཀྱི་འཁོར་བའི་རང་བཞིན་གྱི་སྡུག་བསྔལ་གྱིས་མ་རྟོགས་ཏེ། དེ་ལ་ཇི་ལྟར་བདག་གིས་རྟོགས་པར་བྱ་ཞེས་རྣམ་པར་བསམ་སྟེ། དེའི་བདག་ཉིད་ཀྱིས་འགྲོ་བ་མ་ལུས་པ་དམིགས་པའི་དམིགས་པ་མེད་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོ་སྐྱེ་བར་གྱུར་ནས་དེས་བདག་ཉིད་ཅན་གྱི་རྫོགས་པའི་དཀྱིལ་འཁོར་གྱི་ངོ་བོའི་བདག་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བཅོམ་ལྡན་འདས་མ་ཤེས་རབ་མ་ཕྱག་རྒྱ་ཆེན་པོའི་མིང་གཞན་ཅན་དེ་དང་བདག་ཉིད་གཅིག་པའི་ཕྱིར་དབྱེར་མེད་པའི་རང་བཞིན་དུ་བལྟས་ནས། དེའི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ནི་རྣམ་པར་མི་རྟོག་པའི་རྣལ་འབྱོར་ཏེ། དེ་ལ་གང་དང་གང་གི་སེམས་བརྟན་པར་གྱུར་པ་དེ་ཉིད་དང་དེ་ནི་མཉམ་པར་བཞག་པའི་རྣལ་འབྱོར་ཉིད་ལ་དེ་ལས་གཞན་པ་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་ཉིད་དོ། །དེའི་ཕྱིར་ན་རྫོགས་པའི་རིམ་པའི་ཕྱག་རྒྱའི་སྦྱོར་བ་ལས། གཞན་ལས་ཀྱང་མཉམ་པར་བཞག་པའི་རྣལ་འབྱོར་ཉེ་བར་བསྟན་ཏོ། །བདེ་བ་ཆེན་པོའི་ཐབས་ཀྱི་ཆོས་ཐམས་ཅད་མི་རྟོག་པའི་གནས་སྐབས་ཀྱི་ཕྱག་རྒྱ་ཆེན་པོ་སྒྲུབ་པའང་ཕྱག་རྒྱའི་སྦྱོར་བ་ཉིད་ཀྱིས་སོ། །དེ་ཉིད་འདིར་སྟོང་པ་དང་སྙིང་རྗེ་བདག་ཉིད་གཅིག་པའི་སྦྱོར་བ་ནི། སོ་


JLD010_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དང་ནི་དེ་བཞིན་འཛིན། །རྗེས་སུ་དྲན་དང་ཏིང་འཛིན་དང༌། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པའི་སྦྱོར་བའི་ཡན་ལག་དྲུག་སྟེ། དེ་ལྟར་ཡང་གཞོན་ནུ་མའི་གཟུགས་བརྙན་གྱི་ཚོགས་མཐོང་བ་བཞིན་དུ་དབང་པོ་རྣམས་སྟོང་པ་ཉིད་དང་རོ་གཅིག་པས་རང་གི་ཡུལ་དུ་བྱས་པ་རྣམས་ལ་མ་ཞེན་པ་ནི་སོ་སོར་སྡུད་པ་སྟེ། སོ་སོར་དེ་རྣམས་ལ་སྡུད་པས་དབང་པོ་རྣམས་བཀུག་པར་བྱེད་པས་སོ། །དེས་རྣམ་པར་གཡེང་བ་དང་བྲལ་བའི་བསམ་གཏན་ཏེ། དེའང་རྣམ་པར་རྟོག་པ་ནི་དངོས་པོ་ལ་རྟོག་པའོ། །རྣམ་པར་དཔྱོད་པ་ནི་དངོས་པོ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དཔྱོད་པའོ། །དེ་ལྟར་ཕྱི་རོལ་གྱི་རང་བཞིན་ཡུལ་ལས་བཟློག་པའི་ཡིད་ཙམ་ནང་དུ་ཕྱོགས་པས་ལྷའི་བདག་ཉིད་ཅན་དུ་བདག་ཉིད་དམིགས་པར་བྱེད་པའི་བླ་ན་མེད་པའི་ཤེས་རབ་དང༌། ཐབས་རོ་གཅིག་པ་ཉིད་དུ་དཔྱོད་པ་གང་གིས་དེ་ཁོ་ན་ཉིད་ལ་འཇུག་པ་མངོན་པར་ཕྱོགས་པ་ཡིད་བདེ་བ་གང་དེ་ནི་དགའ་བའོ། །དེས་ལུས་སྦྱངས་པ་ལ་སོགས་པ་ནི་བདེ་བའོ། །དེ་ལྟར་བསྒོམས་པས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མཐར་ཐུག་པའི་ཤེས་རབ་ཀྱི་བདག་ཉིད་ཀྱིས་སེམས་རྩེ་གཅིག་པ་ཞེས་པ་རྣམ་པ་ལྔའོ། །དེ་ལ་ལཱ་ལ་ན་དང་རཱ་ས་ན་གཉིས་འགགས་ནས། ཨ་བ་དྷཱུ་ཏཱིའི་ལམ་ཉིད་དུ་འཇུག་པའི་གནས་པ་དང་ལྡན་པའི་བདག་ཉིད་ཅན་གྱི་སྲོག་གི་རླུང་ཕྲ་མོ་འཇུག་པ་ནི་སྲོག་


JLD010_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་ལོ། །དེ་ལ་ཨ་བ་དྷཱུ་ཏཱི་ལས་ཕྱིར་མ་བྱུང་བར་ལྟེ་བ་དང་སྙིང་ག་དང་ལྐོག་མ་དང་དཔྲལ་བའི་པདྨའི་ལྟེ་བ་རྣམས་སུ་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱིས་རིམ་པས་བསགས་པའི་བྱང་སེམས་ཀྱི་ཐིག་ལེ་ལས་སེམས་ཀྱི་བཞོན་པའི་སྲོག་གི་རླུང་གཞུག་ཅིང་སྟོང་པ་ཉིད་དང་རོ་གཅིག་པ་ནི་འཛིན་པའོ། །དེས་ཀྱང་གཏུམ་མོ་རང་གི་ངང་གིས་འབར་ཏེ། རི་བོང་ཅན་ཡང་དེས་བསྐུལ་བས་ཤིན་ཏུ་འཇོགས་ནས་དེ་རྡོ་རྗེ་ནོར་བུའི་ནང་དུ་ཚུད་པའི་བྱང་སེམས་ཀྱི་རིམ་གྱིས་རྫོགས་པ་ལ་སོགས་པའི་བདེ་བས་གང་ནས་དྲི་མ་མེད་པའི་བར་དུ་འདོད་པས་དེ་འཛིན་པ་ལ་བཅུག་པའི་སེམས་ལ་རང་གི་ངང་གི་སྨིག་རྒྱུ་དང་དུ་བ་དང་སྲིན་བུ་མེ་ཁྱེར་དང་མར་མེ་དང༌། རྟག་ཏུ་སྣང་བ་ཞེས་པའི་མཚན་མའི་སྣང་བ་སྔོན་དུ་འགྲོ་བ་ཅན་གྱི་རྫོགས་པའི་རིམ་པ་དཀྱིལ་འཁོར་གྱི་ལྷར་གཟུགས་བརྙན་གྱི་རྣམ་པའི་རྣམ་པར་རྟོག་པ་མེད་པ་ཅན་དུ་མཐོང་ནས་འོད་ཟེར་དུ་མ་སྤྲོ་ཞིང༌། དེ་ལས་ཁམས་གསུམ་དུ་ལྷའི་འཁོར་ལོ་སྤྲོ་བའི་རང་བཞིན་ཞེས་པ་ནི་རྗེས་སུ་དྲན་པའོ། །དེ་ལ་གནས་པ་ནི་ཕ་རོལ་གྱི་ཇི་ལྟར་གདུལ་བྱ་ལའང་སོ་སོར་སྣང་བར་འགྱུར་ཏེ། དེའི་དེ་ཉིད་ཀྱི་རྣམ་པར་མི་རྟོག་པའི་རྣལ་འབྱོར་གྱིས་མི་གཡོ་བའི་བདེ་བ་ཆེན་པོའི་རང་བཞིན་ཟུང་དུ་འཇུག་པའི་ཕའི་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་ངོ་བོ་ནི་ཏིང་ངེ་འཛིན་ཅེས་བྱའོ། །ཡན་ལག་དྲུག་གི་ཕན་ཡོན་ནི་འདུས་པའི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་པ་སྙོམས་འཇུག་པ། །སྔགས་རྣམས་ཀྱིས་ནི་


JLD010_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་རྩོལ་བས་ནི་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་མཉམ་པར་བཞུགས། །རྗེས་སུ་དྲན་པ་མཉམ་བསྒོམས་པས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །ཏིང་འཛིན་དབང་སྒྱུར་ཙམ་གྱིས་ནི། །སྒྲིབ་པ་མེད་དང་ལྡན་པར་འགྱུར། །ཞེས་པ་དང༌། ཏིང་ངེ་འཛིན་དེ་ཉིད་ནི་འདིར་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་ཏེ། སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ནི་གཉིས་མེད་ཡེ་ཤེས་ཏེ། །རབ་ཏུ་མི་གནས་མྱ་ངན་འདས། །སངས་རྒྱས་ཉིད་དང་རྡོ་རྗེ་འཛིན། །དེ་བཞིན་ཀུན་གྱི་དབང་ཕྱུག་ཉིད། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྫོགས་པའི་རིམ་པའང་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །གཉིས་སུ་མེད་པར་དེ་བརྗོད་དེ། །སྐྱེ་བ་མེད་ལ་སོགས་སྒྲ་གང༌། །གཉིས་མེད་ཡེ་ཤེས་མཚོན་པའོ། །ཐམས་ཅད་འདི་ཡི་བརྗོད་བྱེད་དེ། །འཛིན་ནི་གཞན་དག་མ་བརྗོད་དོ། །ཡོད་དང་མེད་པའི་ཕྱོགས་སྤངས་པ། །འདི་ཉིད་རྟོགས་པའི་སངས་རྒྱས་པ། །གངྒཱ་ཀླུང་གི་བྱེ་སྙེད་ཀྱི། །ཕྱག་རྒྱ་ཆེན་པོ་བདག་ཉིད་གྲུབ། །ཅེས་སོ།། །།མན་ངག་གི་སྙེ་མ་བདུན་པ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །བར་དོའི་སྲེད་པ་ཇི་ལྟར་བར། །རྟག་ཏུ་


JLD010_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པའི་རྣལ་འབྱོར་གྱིས། །དེ་ལྟར་དཀྱིལ་འཁོར་འགྱུར་བ་ཡིན། །ཞེས་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པ་རྣམས་ཀྱིས་འགྲོ་བ་རྟོགས་པའི་སངས་རྒྱས་སུ་བྱས་ནས་ཇི་ལྟར་རིགས་པར་རང་གི་ལུས་ལ་བསྡུས་པས་སོ། །རང་གིས་འཁྱུད་པའི་ལྷ་མོ་ལ་ནི་དེ་ལས་གཞན་པའི་རྣལ་འབྱོར་མ་རྣམས་ཏེ། དེ་དང་ལྷན་ཅིག་བདེ་བ་ཉམས་སུ་མྱོང་བའི་ལྟེ་བར་འབྱུང་བའི་རླུང་གིས་བསྐུལ་བའི་གཏུམ་མོ་རབ་ཏུ་དྲག་པོའི་ངོ་བོ་རི་མོའི་འོད་ཀྱིས་བསྲེགས་ན་རི་བོང་ཅན་གྱི་ཐིག་ལེའི་གཟུགས་འཇུག་པའི་རླུང་དང་ལྷན་ཅིག་རྟོགས་པའི་གཏུམ་མོ་དང་ལྷན་ཅིག་ཏུ་འགྱུར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའི་རིམ་གྱིས་ལྟེ་བའི་དཀྱིལ་འཁོར་ལ་དམིགས་པའི་ཡིད་ཀྱིས་དམིགས་པ་མེད་པར་འགྱུར་ཏེ། དེ་ལྟར་ཡང་ནས་ཡང་དུ་བྱས་ཏེ་དེའི་རྗེས་སུ་ལས་རླུང་ལྟེ་བར་འགགས་པར་མོས་པ་ལ་ཐིག་ལེ་ཙམ་གྱི་རྣམ་པར་བལྟས་ལ་ཐིག་ལེ་དེའི་ནང་དུ་སྐད་ཅིག་གིས་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དྲན་པར་བྱའོ། །དེ་ལྟ་བུ་ཉིད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་མའི་རང་བཞིན་དུ་བསྒོམ་མོ་ཞེས་པ་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ།། །།ཡང་དེ་ཉིད་ལས། འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ལྷའི་རྣམ་པའི་བདག་ཉིད་ཅན་གྱི་ལུས་ཀྱི་དངོས་པོའོ། །དཀྱིལ་འཁོར་སྣ་ཚོགས་པའི་ལྷའི་སྤྲུལ་པ་རྣམས་ཀྱིས་སྣ་


JLD010_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་དོན་བྱེད་པར་གསུངས་པ་དེ་གསལ་བར་བྱེད་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་དུ་བརྗོད་དོ། །འོ་ན་རང་བཞིན་གྱིས་རྣམ་པར་དག་པའི་དཔག་ཏུ་མེད་པའི་ཆོས་ཀྱི་རྟེན་གྱི་རང་བཞིན་གྱི་སེམས་ཉིད་དཀྱིལ་འཁོར་ཀྱང་གདུལ་བྱའི་སྐྱེ་བོ་རྣམས་ལ་གསུངས་པ་མིན་ནམ་ཞེ་ན། གསུངས་ཏེ། རྣལ་འབྱོར་པས་རྣམ་པར་དག་པའི་སེམས་ཀྱི་དཀྱིལ་འཁོར་རྣམ་པར་སྤྲོས་པའི་ཤིན་ཏུ་ཡོངས་སུ་དག་པའི་བློས་སངས་རྒྱས་སུ་མོས་པར་བྱས་པ་ཉིད་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་རྟོགས་པའི་ཕྱིར་ལ། རང་གི་སེམས་རང་བཞིན་གྱིས་དག་པ་ཡོངས་སུ་རྟོགས་པས་སངས་རྒྱས་པའི་རྣལ་འབྱོར་པ་ནི་བཞེད་པ་ཙམ་མོ། །དེ་ནས་དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་དཀྱིལ་འཁོར་དུ་བརྗོད་ཟིན་ཀྱང༌། དེ་ལྟར་ནའང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དང་འགལ་བ་མེད་པ་དེ་ལྟར་ཡིན་ན། བསྐྱེད་པའི་རིམ་པ་བསྟན་པ་རྣམས་ལ་དགོས་པ་ཅིའང་མེད་དོ་ཞེ་ན་ཡོད་དེ། དེ་ནས་གཞན་དུ་བརྗོད་པ་གསུངས་པ་ནི། ཅི་ཞེས་པ་སྟེ་ཅིའང་ཡོད་པ་མ་ཡིན་ཏེ། གང་བྱང་ཆུབ་ཀྱི་སེམས་སྒོམ་པ་མ་ཡིན་པས་འགྲུབ་པ་མེད་ཅེས་དགོངས་པའོ། །གང་དུ་བདག་གིས་སངས་རྒྱས་རྡོ་རྗེ་འཛིན་པའི་བསྐྱེད་པའི་རིམ་པ་སྒོམ་པ་ལ་སོགས་པ་དེ་ནས་སེམས་རྒྱ་ཆུང་ངུ་མ་ལས་དང་པོ་པ་རྣམས་ལ་ཕན་པ་ཉིད་དེ་སེམས་དང་རྗེས་སུ་མཐུན་པར་འདོད་པས་འདིས་གང་བྱས་པའོ། །དེའང་གཟུགས་སྣ་ཚོགས་པའི་སྤྲུལ་


JLD010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་སྣ་ཚོགས་པའི་ཆ་བྱད་དང་རྒྱན་དང་བཀོད་པ་སྐལ་བ་དང་ལྡན་པ་ལ་སྤྲོས་པ་དང་བཅས་པ་ཉེ་བར་སྟོན་ནོ། །གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང་མང་པོར་གྱུར་ནས་གཅིག་ཏུ་གྱུར་པ་དང༌། སྣང་བར་གྱུར་ནས་མི་སྣང་བར་གྱུར་པ་དང༌། མི་སྣང་བར་གྱུར་ནས་སྣང་བ་ཡང་དག་པར་སྟོན་པའི་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པའི་སངས་རྒྱས་རྣམས་ཀྱིས་གར་བྱེད་པ་ནི། གདུལ་བྱ་རྣམས་ལ་རྣམ་པར་སྟོན་པ་སྣ་ཚོགས་ཤིང་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་འདིའི་གར་ནི་ལས་དང་པོ་པ་ཉིད་ཀྱིས་བསོད་ནམས་བསགས་པའི་དབང་པོ་རབ་ཀྱི་ཤེས་རབ་ཀྱིས་འཇིག་རྟེན་པའི་འབྲས་བུ་གྲུབ་པ་ལས་སྐྱེས་པ་དད་པས་རྫོགས་པའི་རིམ་པ་བསྒོམས་པ་རྣམས་ལའང་ཤིན་ཏུའང་སྣང་བར་འགྱུར་རོ། །དེའང་དེ་ཉིད་ལས་ཡིད་ཆེས་པར་མི་ནུས་པའི་བློ་དམན་པ་ལ་དང་པོར་བསྟན་པར་མི་བྱ་སྟེ། དེའང་རྫོགས་པའི་རིམ་པ་བསྒོམས་པ་ཉིད་ཀྱིས་ཐམས་ཅད་འགྲུབ་པོ། །ཞེས་ཐོས་པས་དེའང་མི་ནུས་ལ་བསྐྱེད་པའི་རིམ་པ་ལས་ཀྱང་ཉམས་པར་འགྱུར་ཏེ། དེའི་ཕྱིར་ན་དང་པོ་བསྐྱེད་པའི་རིམ་པ་སྒོམ་པ་དེ་ཉིད་ངེས་པའི་དོན་ཞེས་ཁ་ཅིག་ཏུ་བསྟན་ཏེ། ཇི་སྐད་དུ་གསུངས་པ། རྒྱུ་འབྲས་དངོས་པོ་ཞེས་པ་ནི། །སེམས་ཀྱང་ཉམས་པར་མི་འགྱུར་རོ། །ཞེས་པའི་དོན་ཏེ། དེའི་ཕྱིར་ན་རྫོགས་པའི་རིམ་པ་ཤེས་པས་ཀྱང་ཡོངས་སུ་སྨིན་པ་ལ་བལྟོས་པ་མེད་པས་བསྐྱེད་པའི་རིམ་པ་དང་པོར་བསྒོམ་ཞེས་པའི་མན་ངག་གོ །མན་ངག་སྙེ་མ་


JLD010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་པ་ལས། ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔར་གཞུག་པ་དང༌། དེ་ནི་འདིར་ཐ་མལ་པའི་ང་རྒྱལ་ལས་བཟློག་པ་སྟེ་རང་གི་སེམས་ཀྱི་སྣང་བའི་ངོ་བོ་ཕྱག་ལ་སོགས་པ་རྣམས་སྤྲོས་པའི་ལྷའི་སྐུའོ། །ཁ་ཅིག་ནི་ས་བོན་དུ་ཡང་གསུངས་ལ། ཁ་ཅིག་ཏུ་ནི་དེ་ཉིད་དེ་མཉམ་པ་དང་འདུས་པ་སྟེ་དེའི་བདག་ཉིད་དུ་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱས་པའི་ཕྱིར་འདིར་ཡེ་ཤེས་སེམས་དཔའ་ཞེས་པ་དང༌། དམ་ཚིག་སེམས་དཔའ་ནི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དང་རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་ཀྱི་ཡུལ་གྱི་ཕྱིར་ལ་ས་བོན་ནི་ནུར་ནུར་པོ་བཞིན་སེམས་ཅན་ནོ། །འོ་ན་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཉིད་ཁ་ཅིག་ཏུ་སངས་རྒྱས་རྣམས་ཐམས་ཅད་དང་ཁ་ཅིག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་ཁ་ཅིག་ཏུ་འགྲོ་བ་རྣམས་དང༌། ལྷན་ཅིག་པ་དེའི་བདག་ཉིད་དུ་བཤད་ན་ཇི་ལྟར་འགལ་བ་མ་ཡིན་ཞེ་ན། དེ་ལྟར་གྱུར་ན་གཞན་གྱི་རྒྱུ་མེད་པས་རིག་བྱེད་སྨྲ་བའི་གྲུབ་པའི་མཐར་ལྷུང་བས་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་དང༌། སྙིང་རྗེ་ཆེན་པོས་སྦྱིན་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་ཀྱང་གང་གིའང་སྤྱོད་ཡུལ་མ་ཡིན་ལ། གང་དུ་ཁ་ཅིག་གིས་ཡེ་ཤེས་སེམས་དཔའ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་རྒྱུད་གཅིག་ཏུ་གྱུར་ནས་སྤྲོ་བ་གསུངས་པ། དེ་ནི་ཤིན་ཏུའང་


JLD010_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཏེ་རྣམ་པར་ཤེས་པ་གཅིག་གི་རྒྱུད་ལ་སེམས་ཅན་ཞེས་གྲུབ་པའི་གཙོ་བོའོ། །དུས་གཅིག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དུ་མའི་ཆ་ནས་མེད་པར་གནས་པའི་བྱ་བ་གཅིག་པ་རྣམས་ནི་གཅིག་ཏུ་མོས་པ་ཉིད་ཀྱིས་ཏེ་གཟུགས་དང་དྲི་དང་རོ་དང་རེག་བྱའི་རྡུལ་ཕྲ་རབ་ཚོགས་པ་འདུས་པ་བུམ་པ་གཅིག་ཅེས་མོས་པས་ཐ་སྙད་བྱེད་པ་བཞིན་དུ་སེམས་ཅན་གྱི་ཐ་སྙད་དུ་དེ་བཞིན་ནོ་ཞེ་ན། གལ་ཏེ་བདག་དང་གཞན་གྱི་རྒྱུད་དག་གཅིག་གི་དངོས་པོར་བསྟན་ན་ནི་འགལ་བར་འགྱུར་བས་དེ་ལྟར་ན་ནི་མོས་པ་ཅན་གྱི་གཅིག་ཏུ་ལྷག་པར་མོས་པས་ནི་ས་དང་པོ་གོམས་པར་བྱེད་པ་དང་ལྡན་པ་ཉིད་དེ། སྒྲིབ་པ་མེད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཡོངས་སུ་དག་པ་སེམས་ཅན་དེ་དག་བདག་ཉིད་དུ་ལྷག་པར་མོས་པ་བརྟན་པོ་གུས་པ་དང་བྲལ་བར་འཇུག་པའི་སོ་སོའི་སྐྱེ་བོའི་ང་རྒྱལ་བསལ་བས་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་ཉེ་བར་འགྱུར་བར་བྱེད་པའོ། །དེ་ལྟར་ཡང་དཔལ་དེ་ཉིད་བསྡུས་པ་ལས། མངོན་པར་བྱང་ཆུབ་པ་རྣམ་པ་ལྔར་འགྱུར་བ་བདེན་པ། ༀ་ཇི་ལྟར་དེ་བཞིན་གཤེགས་པར་འགྱུར་བ་ཐམས་ཅད་ཀྱིས་དེ་ལྟར་བདག་གི་ཡིན་ནོ་ཞེས་པའི་རྗེས་སུའང་གསུངས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་དབྱིངས་ཀྱིའོ། །དེ་བཞིན་གཤེགས་པའི་སྐུར་བདག་གིས་མངོན་པར་བྱང་ཆུབ་ནས་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་


JLD010_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདག་ལ་བྱིན་གྱིས་བརླབས་ནས་མངོན་པར་བྱང་ཆུབ་པ་ནི་བདག་ལ་བསྟན་པར་མཛད་དུ་གསོལ་ཞེས་པ་སྟེ། དེ་ནས་དེ་སྐད་གསོལ་བ་བཏབ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་དབྱིངས་ལ་དེར་སེམས་དཔའི་རྡོ་རྗེ་ཅན་ནོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཀྱིས་དེའི་སྐད་ཅིག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་འོད་གསལ་བ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་གསང་བའི་དམ་ཚིག་རབ་ཏུ་ཞུགས་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རྟོགས་པའི་རང་བཞིན་གྱིས་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པའི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་ནས་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ་ཞེས་པའོ། །འདིར་རྡོ་རྗེ་དབྱིངས་ཀྱིས་མ་འོངས་པའི་སྐྱེ་བོ་ལ་དགོངས་ནས་དེ་བཞིན་གཤེགས་པའི་སྐུ་རང་བཞིན་གྱིས་ཞུས་པའོ། །དེ་ཉིད་ཀྱིས་གསུངས་པ་ནི་དེ་བཞིན་གཤེགས་པ་ཞེས་པའོ། །སེམས་དཔའ་རྡོ་རྗེ་ནི་དམ་ཚིག་སེམས་དཔའ་སྟེ། དེའི་དེ་ཉིད་དུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའ་རྡོ་རྗེ་འཛིན་པ་བཞུགས་པའི་རྗེས་ཐོགས་ཀྱི་སྐད་ཅིག་ལའོ། །དེ་བཞིན་གཤེགས་པ་ཐམས་


JLD010_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཅེས་པ་ལ་སོགས་པའི་དང་པོར་ཡེ་ཤེས་ཞེས་པའི་ཚིག་བཞི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་གསུངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་འདིས་ནི་ལྔ་པའི་མཉམ་པའི་ཚིག་གིས་ནི་ཐམས་ཅད་དང་འདྲ་བར་གསུངས་སོ། །དེ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་བདག་ཉིད་དང་ལྷན་ཅིག་ཏུ་བརྟན་པར་ལྷག་པར་མོས་པ་ནི་མཉམ་པར་རྟོགས་པའི་དོན་ཉིད་ལ། དེ་ལྟར་འགྲོ་བའང་ལྷན་ཅིག་ཏུ་ལྷག་པར་མོས་པར་བྱ་སྟེ། རང་བཞིན་གྱི་དེ་བཞིན་ཉིད་ཀྱིས་འགྲོ་བའོ། །རྒྱུ་དང་འབྲས་བུའི་གནས་སྐབས་དག་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཉིད་ལས་བྱུང་བར་འགྱུར་བའི་འབྲས་བུའི་གནས་སྐབས་ཀྱི་ཡེ་ཤེས་སེམས་དཔའི་ངོ་བོ་དང་ལྷན་ཅིག་ཏུ་དེའི་བདག་ཉིད་དུ་ལྷག་པར་མོས་པར་བྱེད་ལ་གཞན་གྱི་རྒྱུད་ཀྱི་སེམས་ཅན་མཉམ་པའི་སེམས་ཅན་ནོ་ཞེས་པ་ནི་མན་ངག་གོ །དེ་བས་ན་དངོས་པོར་འགྱུར་བའི་རང་གི་དང་གཞན་གྱི་སེམས་ཀྱི་རྒྱུད་དེའི་བདག་ཉིད་སྒོམ་པ་མ་ཡིན་ལ། དེའི་རང་གི་ལས་སྤྲོས་པའང་མ་ཡིན་ནོ། །ཞེས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་གཞན་དག་ཏུ་ཇི་ལྟར་རིགས་པར་གོ་བར་བྱའོ། །དེའང་ལྷ་མོ་གཅིག་ལ་ལྷ་མོ་གཞན་ནི་བསྡུས་ནས་བདག་པོ་ལ་བདེ་བ་ཆེན་པོས་མཆོད་ཅེས་བྱ་བ་གསུངས་ཏེ། དེ་ལ་ཡིད་ཀྱི་རང་བཞིན་གྱིས་ཆོས་ཀྱི་ལུས་ཐོག་མ་མེད་པ་རྣམས་ཀྱིས་དེ་རྣམས་ཀྱི་རྒྱུད་ཐ་དད་པ་ཉིད་ལྷན་ཅིག་ཡུལ་གཅིག་ཏུ་གནས་པ་ཙམ་གྱི་ནང་དུ་བསྡུས་པ་ལས་དེ་རྣམས་ཕན་ཚུན་བདག་ཉིད་གཅིག་པ་ནི་མ་ཡིན་ནོ། །རྣལ་འབྱོར་པའི་རྒྱུད་ལ་སྤྲུལ་


JLD010_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ནི་དེ་དང་བདག་ཉིད་གཅིག་པ་ལའང་འགལ་བ་མེད་དེ། ལྷའི་དཀྱིལ་འཁོར་རྣམ་པ་གཉིས་ཏེ། ཁ་ཅིག་ཏུ་ཕལ་ཆེར་རྒྱུད་གཞན་ལས་ཚུལ་གཞན་དུ་བསྟན་པ་སྟེ། དཔལ་དེ་ཉིད་བསྡུས་པའི་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་གསུངས་པ་བཞིན་ནོ། །ཁ་ཅིག་ཏུ་ནི་ཕལ་ཆེར་རྣལ་འབྱོར་པའི་རྒྱུད་ལས་སྤྲུལ་པས་ཏེ། ཇི་ལྟར་དཔལ་གསང་བ་འདུས་པ་ལས་དང༌། བདེ་མཆོག་དང་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་རྣམས་བཞིན་ནོ། །དབང་པོ་རྣོན་པོའི་སེམས་ཅན་གྱིས་ནི་གང་དུ་བདག་ཉིད་གཅིག་པར་སྒོམ་པ་མེད་དེ་དེས་ནི་སྐད་ཅིག་གིས་མངོན་པར་རྫོགས་པའི་རྡོ་རྗེ་འཛིན་པའི་སྐུ་ཉིད་ཀྱིས་གཅིག་པུའང་དཀྱིལ་འཁོར་དང་བཅས་པའི་ཤེས་རབ་དང་བཅས་པའམ་ཤེས་རབ་མེད་པར་གོམས་པར་བྱེད་དེ། དེའང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་ངེས་པ་ཉིད་དུ་གོམས་པར་བྱེད་པ་ཉིད་དུ་མི་སེམས་ཏེ། འདི་ཉིད་བཅོམ་ལྡན་འདས་བྱང་ཆུབ་ཀྱི་རྡོ་རྗེ་སེམས་དཔའ་རྡོ་རྗེ་དེ་བཞིན་གཤེགས་པའི་ཤེས་རབ་དང་ཐབས་དང་ཡེ་ཤེས་ཀྱི་ངོ་བོར་འདོད་ཆགས་ལ་སོགས་པའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ལྔ་དང་རིག་མ་ལ་སོགས་པའི་ཀུན་རྫོབ་ཀྱི་གཟུགས་འཛིན་པ་ཉོན་མོངས་པ་ཡོངས་སུ་སྤངས་པའི་སེམས་ཅན་གྱི་ཁམས་དྲི་མ་མེད་པར་བྱེད་པའི་དོན་དུ་དེས་དེ་ལྟར་གདུལ་བྱ་རྣམས་དེ་ལྟར་ཡང་དག་པའི་ལམ་དུ་ཞུགས་ཤིང་སྐལ་བ་དང་ལྡན་པ་རྣམས་དེ་ཁོ་ན་ཉིད་ལ་


JLD010_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བར་བྱེད་པ་དེ་ལྟར་རྣམ་པར་བཞག་པས་སོ། །ཞེས་པ་ནི་དེ་ལྟར་མན་ངག་གོ །དེ་ལྟར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་བཞིན་མེད་པར་བླ་མའི་མན་ངག་གིས་རྟོགས་པར་བྱའོ། །དེ་ཉིད་ཀྱིས་ན་རིམ་པ་འདིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒོམས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་འགྱུར་རོ། །ཞེས་ཤེས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་ལ། འདིར་འདི་ཉིད་ལ་དགོངས་ནས་གདུལ་བྱའི་སེམས་ཀྱི་རང་གི་མོས་པར་རྗེས་སུ་འཇུག་པས་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཀྱི་རྒྱུད་ལས་གསུངས་པ་ན། འདིར་ནི་ཐམས་ཅད་ཀྱི་བདག་ཉིད། །གསང་བའི་སྙིང་པོ་ཀུན་བསྡུས་པའི། །རྡོ་རྗེ་ལྷ་མོ་ཀུན་འདུས་ནས། །གར་མཁན་ཀུན་གྱིས་གར་བྱེད་པའོ། །ཞེས་པ་སྟེ་འདིར་ཤིན་ཏུ་མང་པོ་ལེགས་པར་བརྗོད་པར་མི་ནུས་ཏེ། གཞུང་མངས་ཀྱིས་འཇིགས་པས་མ་བྲིས་སོ།། །།སྙེ་མ་བཅུ་གཉིས་པར། དེ་ལྟར་ཡང་འདས་པའི་སྲིད་པའི་གནས་སྐབས་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཀྱི་ལམ་མོ། །འདིར་ཡང་སྦྱིན་པ་ལ་སོགས་པའི་བསོད་ནམས་གསོག་པར་བྱེད་པ་དང༌། སྔོན་གྱི་དགེ་བ་དང་མི་དགེ་བ་རྣམས་ལ་སོགས་པ་ཆོས་མཐུན་པའི་ཕྱིར་རོ། །འཆི་བའི་དུས་ལ་མངོན་དུ་ཕྱོགས་པའི་སྦྱོར་བའི་གནས་སྐབས་ཉིད་ནི་མོས་པ་སྤྱོད་པའི་ས་སྟེ། དེ་ཁོ་ན་ཉིད་ལ་


JLD010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་བྱེད་པའི་སྦྱོར་བའི་ངོ་བོའི་ཕྱིར་རོ། །དེའི་རྗེས་ལ་འདས་པའི་སྲིད་པ་འགགས་ནས་བར་མ་དོའི་གནས་སྐབས་ཉིད་ཀྱི་སྦྱོར་བས་གནས་སྐབས་ཀྱི་སྐྱེ་བའི་སྐད་ཅིག་མའི་བར་གྱི་གང་འགགས་པའི་མཐའི་སྐད་ཅིག་མའི་ངོ་བོ་ནི་རབ་ཏུ་དགའ་བའི་སའི་བར་ཆད་མེད་པའི་ལམ་གྱི་གནས་སྐབས་ལ། དེའི་རྗེས་སུ་བར་མ་དོར་ཇི་ལྟ་བ་བཞིན་གྱི་གཟུགས་འགགས་པའི་རྗེས་ཀྱི་མངལ་གྱི་གནས་སྐབས་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བར་ཆད་མེད་པའི་ལམ་འགགས་པའི་རྗེས་ལ་ས་བཅུའི་གནས་སྐབས་སུ་རིག་པར་བྱ་སྟེ་ས་འདི་ཐམས་ཅད་སྒྲིབ་པ་དང་ནི་བཅས་པ་ཉིད་དོ། །སྐྱེ་བའི་གནས་སྐབས་ཉིད་ནི་སངས་རྒྱས་ཉིད་ཀྱི་གནས་སྐབས་ཏེ། འབྲས་བུ་ཡོངས་སུ་རྫོགས་པའི་སྤྱོད་ཡུལ་ལ་སོ་སོར་ཉམས་སུ་མྱོང་བ་ཉེ་བར་མཉམ་པ་སྟེ། སྐྱེ་གནས་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སོ་སོར་ཉམས་སུ་མྱོང་བས་སོ། །དེ་ལྟ་བུ་ལ་སོགས་པ་སྐྱེ་བར་བྱེད་པའི་གནས་སྐབས་ཉིད་ནི་སྤྲུལ་པའི་སྐུ་སྟེ། ལྷ་འབྱིན་པར་བྱེད་པའི་གནས་སྐབས་སོ། །དེ་ལ་མངལ་གྱི་གནས་སྐབས་སུ་བཅུ་སྟེ། ཁུ་བའི་གཟུགས་ཀྱི་གནས་སྐབས་དང༌། ནུར་ནུར་པོའི་གཟུགས་ཀྱི་གནས་སྐབས་དང༌། གོར་གོར་པོའི་གཟུགས་ཀྱི་གནས་སྐབས་དང༌། འཁྲང་འགྱུར་བའི་གཟུགས་ཀྱི་གནས་སྐབས་དང༌། གཟུགས་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། འབྲེལ་བ་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་


JLD010_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རང་བཞིན་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། ལས་བྱེད་པ་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། འབྲས་བུ་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། ཡོངས་སུ་རྫོགས་པའི་གཟུགས་ཀྱི་གནས་སྐབས་སོ། །དེ་ནི་རྣམ་པ་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང༌། དཔེ་བྱད་དང་མཚན་ཡོངས་སུ་རྫོགས་པ་དང༌། ཆུ་དང་ཞིང་ཡོངས་སུ་རྫོགས་པ་སྟེ། འདི་རྣམས་ནི་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པ་རྣམས་དང༌ཆོས་མཐུན་པ་ཉེ་བར་མཚོན་པར་ཤེས་པར་བྱའོ། །དེ་ལྟར་དེ་དང་དེར་ལྷག་པར་མོས་པ་སྒོམ་པ་ནི་འདིར་རང་གི་སྙིང་གར་ས་བོན་གྱི་འོད་ཟེར་ལས་བཀུག་པའི་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་སོགས་པ་རྣམས་ནི་བསོད་ནམས་ཀྱི་ཚོགས་ཀྱི་སའོ། །དེའི་རྗེས་སུ་སྟོང་པ་ཉིད་ལ་གཞུག་པ་ནི་སྦྱོར་བའི་གནས་སྐབས་སོ། །དེ་ནས་དེའི་གནས་སྐབས་སྲིད་པ་བར་མ་དོའི་གནས་སྐབས་ཉིད་དོ། །ཁ་ཅིག་ཏུ་ཧོ་དམར་པོ་གཉིས་དང་སྤེལ་བའི་ས་བོན་གྱི་གནས་སྐབས་ཀྱི་ཡི་གེ་གསུམ་གྱིས་ལུས་ངག་ཡིད་གསུམ་རྣམས་བསྐྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་འཆི་བའི་རྗེས་ཐོགས་སུ་ཡི་གེའི་གཟུགས་དེ་བསྡུས་ནས་སྒྲའི་གཟུགས་ལ་དྲི་ཟའོ་ཞེས་པ་ནི་རྒྱུད་གཞན་དུ་རྒྱས་པར་བསྟན་པས་སོ། །ས་བོན་ལ་སོགས་པའི་ཡི་གེ་དང་སྒྲ་རྣམས་ལ་རྣམ་པ་སྣ་ཚོགས་པ་སྐྱེ་བར་བྱེད་པ་ནི་ལྷའི་རྣམ་པའི་ཕྱིར་རོ། །དྲི་ཟ་ནི་རྣམ་པ་སྣ་ཚོགས་ཅུང་ཟད་སྲིད་པའི་རྣམ་པའི་ཕྱིར་སྲིད་པའོ། །


JLD010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟ་དང་དེའི་ཇི་ལྟ་བ་བཞིན་གྱི་གཟུགས་འགའ་ཞིག་ལ་ས་བོན་ཐམས་ཅད་བར་དོར་གནས་པ་ཉིད་དོ། །དྲི་ཟ་ཞུགས་པ་ནས་བརྩམས་ནས་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་གནས་སྐབས་ཀྱི་གནས་སྐབས་ཏེ། དེ་ནི་སྲིད་པ་སྔོན་བཞིན་རྒྱུའི་རྡོ་རྗེ་འཛིན་པའི་གནས་སྐབས་སོ། །དེ་ཉིད་ཀྱིས་ན་འདི་རྣམས་ལ་དགོངས་ནས་གསུངས་པ་ནི། ཟླ་བ་བཅུ་རྣམས་ས་རྣམས་སོ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་པའོ། །དེ་རྫོགས་པའི་ལྷའི་གཟུགས་ཀྱི་འབྲས་བུ་རྡོ་རྗེ་འཛིན་པའི་གནས་སྐབས་ནི་སྐྱེ་བའི་གནས་སྐབས་ཉིད་དོ། །འདིའི་རྣམ་པར་བཞག་པ་ནི་གང་དུ་ལྷ་ཞུ་བར་གྱུར་པ་ཇི་ལྟར་ཕྱག་བཅུ་དྲུག་པ་དང༌། འཇམ་པའི་རྡོ་རྗེ་ལ་སོགས་པ་ཞུ་བར་གྱུར་པ་དེའི་ཚེ་སྟོང་པ་ཉིད་ལ་ཞུགས་པ་ལ་སོགས་པ་རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་ནས་བརྩམས་ནས་དྲི་ཟ་འཇུག་པའི་སྔོན་གྱི་གནས་སྐབས་ཐམས་ཅད་བར་དོར་གནས་པ་ཉིད་དོ། །དྲི་ཟ་ཞུགས་པ་ནས་བརྩམས་ནས་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་གནས་སྐབས་ཀྱིས་ནི་མངལ་གྱི་གནས་སྐབས་ཉིད་དེ། དེ་ལྟར་གནས་སྐབས་གཉིས་པོ་འདི་ནི་རྒྱུའི་རྡོ་རྗེ་འཆང་བའི་གནས་སྐབས་སོ། །དེའི་རྗེས་ལ་དེ་ཡོངས་སུ་གྱུར་པ་ལས་ལུས་སྐྱེས་པའི་གནས་སྐབས་ཉིད་ནི་འབྲས་བུའི་རྡོ་རྗེ་འཆང་གི་གནས་སྐབས་ཏེ། རྒྱུ་དང་འབྲས་བུ་གཉིས་ཀ་ལ་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་བདེ་བ་ཆེན་པོ་འདི་དག་ལ་ཡོད་དོ། །ཞེས་


JLD010_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱ་བའི་དོན་ཏོ། །རྗེས་སུ་འབྲངས་ནས་ཡེ་ཤེས་ནི་གཞིའི་བདག་ཉིད་རྒྱུའི་གནས་སྐབས་སུ་ལྷག་པར་མོས་པར་བྱ་སྟེ། སྔོན་དུ་ཇི་སྐད་བཤད་པ་བཞིན་ནོ། །ཁ་ཅིག་ཏུ་ནི་གཞན་རྣམ་པར་བཞག་པ་སྟེ། ཇི་ལྟར་མདོར་བྱས་པ་བཞིན་ཏེ་དེ་ལ་སྟོང་པ་ཉིད་ནི་ཞུགས་པའི་གནས་སྐབས་གཅིག་གཅིག་གིས། ལྷག་པར་མོས་པ་བསྐྱེད་པའི་བཅོམ་ལྡན་འདས་ཀྱི་སྐུ་སྟེ། བར་མ་དོའི་སྲིད་པའི་གནས་སྐབས་ཉིད་དོ། །དེ་རྣམས་རིམ་གྱིས་འགགས་པའི་རྗེས་སུ་ཉི་མ་དང་ཟླ་བ་དང་པདྨ་དང་ཡི་གེ་གསུམ་ལས་བརྟན་པ་དང་གཡོ་བ་རྣམས་ངོ་བོ་གཅིག་ཏུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་དང་པོའི་མགོན་པོའི་སྐུའི་ཏིང་ངེ་འཛིན་གྱི་སེམས་དཔའི་མིང་ཅན་ནས་ཧཱུཾ་གིས་དགོད་པའི་བར་ནི་མངལ་གྱི་གནས་སྐབས་ཉིད་དོ། །དེའི་རྗེས་སུ་སྐྱེས་པའི་གནས་སྐབས་ཉིད་ནི་གཟུགས་དང་ལང་ཚོ་ལ་སོགས་པས་བརྒྱན་པའི་བུ་མོ་དང་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་སོ་ཞེས་པའོ། །དེ་ཡིས་བཏོན་ནས་མི་བསྐྱོད་པའི་རྗེས་སུ་བཅུག་པ་ལས་སྔོན་དུ་འབྲས་བུ་རྡོ་རྗེ་འཛིན་པ་ཉིད་ཀྱི་གཟུགས་དཀར་པོ་ནི་འགལ་བ་མེད་དོ། །རྒྱུ་དང་འབྲས་བུ་དག་ལ་ནི་གཟུགས་གཞན་དུ་ངེས་པ་མེད་དེ། དེ་ལྟར་ཡང་དཔལ་སངས་རྒྱས་ཐོད་པའི་ཕྲེང་བ་ལས་ཀྱང་བདེ་མཆོག་གི་གཟུགས་གཅིག་ཉིད་དུ་གཞུག་པའོ། །ལྷ་ཁོངས་སུ་གཏོགས་པའང་ཁ་ཅིག་ཏུ་གཟུགས་གཞན་དུ་འབྲས་བུའོ། །ཁ་ཅིག་ཏུ་མེད་དོ། །


JLD010_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱའི་བསམ་པའི་དབང་གིས་སྙིང་རྗེའི་གཟུགས་ཀྱིས་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་རྣམ་པར་བསྟན། ཕྱུང་བའི་ལྷ་བཅུག་པས་ཁ་ཅིག་ཏུ་ནི་འབྲས་བུའི་གཟུགས་གཞན་ལ། ཁ་ཅིག་ཏུ་མ་ཡིན་པ་ནི་གདུལ་བྱའི་བསམ་པའི་དབང་གིས་ཐུགས་རྗེའི་རང་བཞིན་རྣམས་ཀྱིས་རྣམ་པ་སྣ་ཚོགས་པ་སྒོམ་པར་བསྟན་པའོ། །དེ་ཉིད་ཀྱིས་ནི་འབྲས་བུའི་རྡོ་རྗེ་འཛིན་པའི་བཅོམ་ལྡན་འདས་ནི་དྲི་ཟ་འཇུག་པ་མེད་ཀྱང་ཞུ་བ་མདོར་བྱས་པའི་རིམ་པ་ལས་བསྟན་པ་ནི། དེའི་གནས་སྐབས་སུ་གདུལ་བྱའི་སྐལ་བ་དང་ལྡན་པ་མ་བྱུང་ནས། བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་ནི་ཉིད་ཀྱིས་ཀུན་ཏུ་གནས་པའོ། །ཞེས་པ་ལ་དགོངས་པའོ། །སྐལ་ལྡན་བྱུང་བ་ནི་སྙིང་རྗེ་ཆེན་པོ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་རྣམས་ཀྱི་ས་དང་ཆུ་དང་མེ་དང་རླུང་རྣམ་པར་དག་པའི་ངོ་བོའི་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་སྒྲོལ་མ་རྣམས་ཀྱིས་སློང་བར་བྱེད་པར་འགྱུར་ཏེ་གང་དུ་གཞན་དོན་བྱ་བ་རྣམས་དང་སྐད་ཅིག་ཀྱང་མི་འབྲལ་བར་གང་དུའང་ཞུ་བར་དངོས་པོ་ནི་མ་ཡིན་ནོ། །ཇི་ལྟར་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སེམས་དཔའ་འདིས་ཁ་ཅིག་ཏུ་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་ཡི་གེའི་གཟུགས་ལ་སོགས་པའི་དྲི་ཟ་མ་གཟུང་སྟེ། ལས་ཀྱི་ཁྱད་པར་གྱི་དབང་གིས་ཤི་བའི་རྗེས་ཐོགས་སུ་བར་དོ་སྲིད་པའི་གནས་སྐབས་ལས་གཞན་དུ་ཆུ་ལ་གྲུ་འཕྱོ་བ་བཞིན་དུ་འགྲོ་བ་གཞན་དུ་སྐྱེ་བ་ལེན་པས་དེའི་རྗེས་སུ་འབྲངས་ནས་སྒོམ་པའང་


JLD010_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བཞག་པའོ། །ཞེས་པ་ལ་དགོངས་པའོ། །དེའི་ཡི་གེའི་ངོ་བོ་ལ་སོགས་པའི་དྲི་ཟ་དང་རྗེས་སུ་མཐུན་པར་རྣམ་པར་བཞག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ཀྱི་རྣམ་པར་བཞག་པའི་བྱེ་བྲག་གི་དབྱེ་བ་ནི་ཤེས་རབ་ཅན་མང་དུ་ཐོས་པ་རྣམས་ཀྱིས་རང་ཉིད་ཀྱིས་གཞལ་བར་བྱའོ། །བདག་གིས་ཇི་སྙེད་ཅིག་རྗོད་པར་བྱེད་པ་རེ་ཞིག་ཅིག་བརྗོད་པར་བྱའོ།། །།མན་ངག་སྙེ་མའི་སྙེ་མ་བཅུ་གསུམ་པ་ལས། བྱང་སེམས་སུམ་ཅུ་རྩ་གཉིས་ལས། །གང་དུ་འབྱུང་གནས་འདིར་གང་བ། །དབང་པོ་ཕུང་པོར་འགྱུར་རྣམས་ཀྱི། །དེ་ཡི་རྗེས་སུ་སངས་རྒྱས་ཉིད། །ཅེས་པ་དེ་དག་ཉིད་ཀྱིས་རྡོ་རྗེ་འཛིན་པ་ཉིད་ནི་མ་ཡིན་ཏེ། འོན་ཀྱང་ཐ་མལ་པའི་དྲི་མ་གཞོམ་པ་ལྷན་ཅིག་སྐྱེས་པ་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཕྱིར། ཇི་ལྟ་བའི་གདམས་ངག་ལ་རྗེས་སུ་གནས་པར་བྱས་ལ་དེས་ངལ་བ་མེད་པར་བསྒྲུབ་བྱའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་པའི་དོན་ཏོ།། །།མན་ངག་སྙེ་མའི་སྙེ་མ་ཉེར་གཅིག་པ་ལས། ས་སོགས་སྒོམ་པ་བཞི་པོ་ནི། །དེ་ལྟར་སྟོང་པ་བཞི་རུ་ནི། །རྫས་ནི་བརྒྱད་པོ་ཤེས་པར་བྱ། །འཇིག་རྟེན་སྐྱེ་བའི་རྒྱུ་རྣམས་སོ། །འོད་གསལ་སྟོང་པ་ཆེན་པོ་ལ། །སྟོང་པ་ལ་ནི་ཐབས་འདི་འབྱུང༌། །དེ་ཕྱིར་བསྐྱེད་པའི་ཤེས་རབ་འདི། །དེ་ལས་རླུང་ནི་ཡང་དག་འབྱུང༌། །རླུང་ལས་མེ་ནི་ཡང་དག་འབྱུང༌། །མེ་ལས་ཆུ་ནི་ཡང་དག་འབྱུང༌། །ཆུ་ལས་ས་ནི་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་ཡང་དག་འབྱུང༌། །ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པ་སྟེ། །


JLD010_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཡང་ཕྲ་མོའི་ཁམས་ལའོ། །རླུང་ནི་སེམས་ལ་ཐིམ་པ་སྟེ། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །མ་རིག་པ་ལས་སེམས་འབྱུང་སྟེ། །དེ་ཡང་འོད་ཀྱི་བར་དུ་སོང༌། །འགོག་པ་སྲིད་པ་གསུམ་ཡིན་ནོ། །དེ་དག་ཐོག་མ་མེད་པ་རུ། །སྲིད་པའི་འཁོར་ལོས་རབ་ཏུ་འཇུག །ཇི་སྲིད་བདག་གིས་མ་མཐོང་བར། །སྒྱུ་མ་ལྟ་བུའི་ཏིང་འཛིན་ཏོ། །ཞེས་པའོ། །དེ་ལ་འོད་གསལ་ཐམས་ཅད་སྟོང་པ་ཉིད་ཞི་བའོ། །ཆེན་པོ་སྟོང་པ་སྣང་བ་ཐོབ་པ་ནི་དྲི་ཟའི་སེམས་ཀྱི་ཚུལ་གྱི་སེམས་སོ། །སྣང་བ་མཆེད་པ་ཐམས་ཅད་ཀྱི་འདོད་པ་ཁུ་བ་འབྱིན་པའི་སེམས་སོ། །སྣང་བ་ནི་ཤེས་རབ་འཛིན་པའི་སྐྱེ་བོའི་སྒོ་ནས་སོ། །དེ་ནས་ལས་ཀྱི་རླུང་གིས་བསྐྱོད་པའི་མེར་མེར་པོའི་ཚུལ་དུ་འབྱུང་བར་འགྱུར་རོ། །སེམས་དེ་དང་དེའི་རང་བཞིན་དེ་རྣམས་ཡང་བླ་ན་མེད་པའི་དགོངས་པའི་དཀའ་འགྲེལ་དུ་གསལ་པོར་བྱས་པས་བདག་གིས་མ་སྤྲོས་ཏེ། ཐིམ་པའང་ས་ལ་སོགས་པ་རྣམས་ལ་རིམ་པས་རྙིང་པ་དང་མདངས་མེད་པ། མེ་དྲོད་ཆུང་བ་དང༌། ལུས་ལ་སོགས་པ་སྤྱོད་པ་དམན་པ་ནི་སྣང་བ་ལ་སོགས་པ་སོང་བའི་རླུང་རིམ་པ་ཇི་ལྟ་བ་བཞིན་དུ་རང་བཞིན་གྱི་ལས་ལས་བྱུང་ཞིང་ཡང་འགོག་པ་སྟེ། དེ་ལ་ཐམས་ཅད་སྟོང་པ་ནི་འཆི་བའོ། །ཡང་སྔོན་བཞིན་དུ་འཁོར་བའོ། །དེ་ལྟར་འདི་ལྟར་རྐྱེན་ཙམ་ལས་སྐྱེས་པའི་ཡིད་ཐོག་མ་དང་དབུས་དང་ཐ་མར་མཐོ་བ་དང་དམའ་བའི་སྲིད་པའི་འཁོར་ལོའོ། །དེ་ལ་འདུས་པའང་རྫོགས་པ་དང༌། བསྐྱེད་པ་


JLD010_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཉིས་ཀྱིས་སྒྱུ་མ་ལྟ་བུའི་རང་བཞིན་གྱི་ཚུལ་ཏིང་ངེ་འཛིན་གྱི་ཚུལ་གྱི་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་གསུངས་པ། ཧི་ཡི་ཡི་གེ་དེ་ཉིད་ཅེས་པ་ནི། ཨུ་དང་མ་དང་ཡང་དག་སྦྱར། ཧཱུཾ་གི་ཡི་གེས་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཅེས་པ་ནི་དོན་ཡང་དག་པར་ལྡན་པའི་བདག་ཉིད་གཅིག་པ་ཉིད་དོ། །དེ་ལྟར་ཡང༌། དཔལ་གསང་བ་འདུས་པ་ལས་གསུངས་པ། ཁྱོད་ཀྱི་སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་པའོ། །ལུས་ཀྱི་རང་བཞིན་གྱིས་ལུས་སྐྱེད་ཅིག་པ་ནི་གང་དུ་ཇི་ལྟར་ལོངས་སྤྱོད་རྫོགས་པའི་ལུས་ཀྱི་རྣམ་པར་རྫོགས་པའི་སེམས་ཉིད་དོ་ཞེས་པའོ། །སེམས་ལུས་སུ་ནི་ཀུན་རྫོབ་ཀྱི་སེམས་ལས་གཞན་ཅུང་ཞིག་ཡོད་པ་མ་ཡིན་པའོ། །གང་ཡང་ཚིག་བརྗོད་པ་དེའི་ཚུལ་གྱིས་སེམས་ཉིད་སྐྱེད་པར་བྱེད་པའོ། །དེ་ལྟར་གཟུང་བ་དང་འཛིན་པ་སྤངས་པ་དངོས་པོ་ཉིད་དང་རོ་གཅིག་པ་ཕན་ཚུན་ལྡོག་པའི་ལུས་དང་ངག་དང་ཡིད་བྱང་ཆུབ་ཀྱི་སེམས་གསུངས་སོ། །དེ་ལྟ་བས་ན་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བསྟན་པའོ། །གང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ། བདག་བྱིན་བརླབ་པའི་རིམ་པ་ཞེས། །ཀུན་རྫོབ་བདེན་པ་རུ་ནི་བསྟན། །ཞེས་སོ། །ཡང་། འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་པར་གནས། །འཁོར་བ་ཉིད་ནས་ཤེས་པར་བྱ། །ཧཾ་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་


JLD010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཟུང་དུ་མེད། །སེམས་ཀྱི་རང་བཞིན་རྒྱུར་གྱུར་པ། །ལས་དང་སྐྱེ་བ་ཀུན་ཏུ་འབྱུང༌། །དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་གསུངས། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་སུ་འགྱུར། །རྡོ་རྗེ་སྐུ་ཡང་དེ་ཉིད་ཡིན། །ཞེས་སོ། །ཀུན་ཞེས་པ་ནི་རྫོགས་པའི་རིམ་པ་དང་བསྐྱེད་པའི་རིམ་པའོ།། །།ཞེས་སོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སངས་གྲགས་དང༌། དཔྱལ་ཆོས་བཟང་གི་འགྱུར་ལྟར་དུ་བཀོལ་བར་སྣང༌། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །


previousམན་ངག་སྙེ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ།next