Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  collapse section
   
ཤོག་ལྷེབ་ ༢༨༡ ནས་ ༣༠༠ བར།
   
   
   
   
   
   
   
   
   


 
previousཤོག་ལྷེབ་ ༢༨༡ ནས་ ༣༠༠ བར། next

ཤོག་ལྷེབ་ ༢༨༡ ནས་ ༣༠༠ བར།


JLD010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་སྦྱོང་བའི་རྒྱུད་རྗེའི་གསུང་གི་མཆན་དང་བཅས་པ་བཞུགས་སོ། །


JLD010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གར་མཁན་མཆོག་དེས་སྒྱུ་མའི་རྣམ་རོལ་ཏུ། །ཐུགས་མཆོག་གཉིས་སུ་མེད་པའི་ཡེ་ཤེས་ལྔ། །ཟབ་གསལ་མཚན་དཔེས་བརྒྱན་པའི་གཟུགས་ཀྱི་སྐུར། །ལེགས་པར་ཤར་བའི་ཐབས་མཁས་དུ་མ་ཡིས། །སེམས་ཅན་ངན་འགྲོར་འཁྱམས་པ་མི་དགེའི་འབྲས། །མ་ལུས་དྲུངས་ནས་འབྱིན་པ་ཟབ་མོའི་ལམ། །ལེགས་པར་སྟོན་མཛད་ལྷ་མིའི་སྟོན་པ་ལ། །གུས་པས་བཏུད་ནས་ངན་སོང་སྦྱོང་བའི་རྒྱུད། །རྒྱ་མཚོ་ལྟ་བུའི་ཤིན་ཏུ་དཀའ་བའི་གནས། །རྡོ་རྗེ་འཆང་ཆེན་བླ་མའི་མན་ངག་དང༌། །རྒྱ་བོད་མཁས་པའི་ལེགས་བཤད་ལ་བརྟེན་ནས། །ཚིག་དོན་ཕལ་ཆེར་མཚན་གྱིས་གསལ་བར་བྱ། །དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་རེས་འགའ་ཡིན་ལ། འབྱུང་བའི་དུས་ཀྱང་


JLD010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་སོགས་བཞི་ལས། བདག་ཅག་གི་སྟོན་པ་ནི་རྩོད་པའི་དུས་སྙིགས་མ་ལ་གནས་པའི་དུས་སུ་བྱོན་ལ། གདུལ་བྱ་ཡང་རྟ་དམུ་རྒོད་ལྟར་འདུལ་དཀའ་བ། རྫོགས་ལྡན་དུས་བཞིན་ཐེག་པ་གཅིག་གིས་འདུལ་མི་ནུས་ཤིང་ཐེག་པ་སྣ་ཚོགས་ཀྱིས་འདུལ་དགོས་སོ། །དེ་ཕྱིར་སྟོན་པས་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ལམ་སྟོན་པའི་གཞུང་མང་དུ་གསུངས་ལ། དེའི་ནང་ནས་ཀྱང་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལ་སོགས་པའི་ཆེད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་འདི་སུམ་ཅུ་རྩ་གསུམ་གྱི་གནས་དགའ་བའི་ཚལ་དུ་གསུངས་སོ། །འདིའི་འགྱུར་ནི། པཎྜི་ཏ་ཤཱིནྟཾ་གརྦྷ་དང༌། དཔལ་བརྩེགས་རཀྵི་ཏ་གཉིས་ཀྱིས་བསྒྱུར་བ་ལ། རྨ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ལ། ཇོ་བོ་ཆེན་པོས་རྩ་བའི་ལྷ་སོ་གསུམ་དུ་བྱས་ནས་ཐམས་ཅད་སྐུ་མདོག་དཀར་པོར་མཛད་དེ། རྣལ་འབྱོར་རྒྱུད་ཡིན་རྒྱུ་མེད་གསུངས་ནས་སྤྱོད་རྒྱུད་དུ་བཞེད་ཀྱང༌། ཛཱ་ལན་དྷ་ར་པའི་མཁས་པ་ཆེན་པོ་སློབ་དཔོན་ཀ་མ་དྷེ་ནུས་རྣལ་འབྱོར་རྒྱུད་དུ་བཀྲལ་ཞིང༌། བོད་ཀྱི་དམ་པ་གོང་མ་རྣམས་ཀྱང་རྣལ་འབྱོར་རྒྱུད་རྩོད་མེད་དུ་


JLD010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་ལ། བོད་ཀྱི་མཁས་པ་དག །དེ་ཉིད་བསྡུས་པའི་ངན་འགྲོ་དགུག་དྲལ་ནས་འཕྲོས་པས་འཕྲོས་པའི་རྒྱུད་དམ། རྩ་བའི་ལྷ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་ཕལ་ཆེར་མཐུན་པས་ཆ་མཐུན་གྱི་རྒྱུད་དུ་བཞེད་དོ། །རྒྱུད་འདིའི་འགྲེལ་པ་ནི། སངས་རྒྱས་གསང་བ་ལ་ཁ་གཡར་བའི་འབྲུ་འགྲེལ་རྒན་པོར་གྲགས་པ་ནི་སངས་རྒྱས་གསང་བའི་གསུང་ཟིན་བྲིས་བྱས་པ་ཡིན་ནམ་ཡང་ཟེར། ཁ་ཅིག་ཤཱིནྟཾ་གརྦྷའི་གསུང་ལ་ལོཙཱ་བས་ཟིན་བྲིས་བྱས་པ་ཡིན་ནམ་ཡང་ཟེར། གསལ་བའི་སྒྲོན་མ་དང་གཟི་བརྗིད་སྣང་བ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་བྱས་ཟེར་བ་ནི། སྔོན་ཆོས་གྲྭ་ཞིག་པའི་དུས་སུ་བོད་ཀྱིས་བྱས་ནས་ཀུན་སྙིང་ལ་ཁ་གཡར་བར་སྣང་ངོ༌། །མཛེས་རྒྱན་ཞེས་པའི་འགྲེལ་པ་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་ཟེར་བ་ནི་ཉང་སྨད་རྒྱན་གོང་གི་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་ནས་པཎྜི་ཏ་ལ་ཁ་གཡར་བར་སྣང་ངོ༌། །འགྲེལ་པ་སྣང་བའི་རྒྱན་ཞེས་པ་སློབ་དཔོན་ཀུན་སྙིང་གིས་མཛད་ཟེར་བ་ནི་ཡུལ་དབུས་པ་ཡིན་པའི་སྦྲགས་ལི་ཆུང་བྱ་བས་བྱས་ནས་ཀུན་སྙིང་ལ་ཁ་གཡར་བར་སྣང་ངོ༌། །འགྲེལ་པ་དེ་རྣམས་ཀྱི་དོན་ལ་དཔྱད་པའི་ཚེ་ཕལ་ཆེ་བ་ལ་ཡིད་བརྟན་མི་རུང་བ་མང་བར་སྣང་ལ། རྒྱ་གར་པའི་ངག་རྒྱུན་ལེགས་ཆར་མངོན་པ་ཡང་འགའ་རེ་སྣང་ངོ༌། །ཡང༌། རྨ་རིན་ཆེན་མཆོག་གིས་མཛད་པའི་སྦྱོང་རྒྱུད་ཀྱི་དཀའ་བའི་གནས་ལ་བརྒལ་བའི་ལན་བྱས་པ་ཡོད་གསུང་སྟེ་མ་མཐོང་ངོ༌། །ཛཱ་ལན་དྷ་ར་པའི་རྡོ་རྗེ་སློབ་དཔོན་ཀ་མ་དྷེ་ནུས་མཛད་པའི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ། པཎྜི་ཏ་རྣམ་འདྲེན་ཟླ་བ་དང་ལོ་ཙཱ་བ་གོ་རུ་པ་ཆོས་ཀྱི་ཤེས་རབ་ཀྱིས། འཕན་ཡུལ་རྒྱལ་ལུག་ལྷས་སུ་བསྒྱུར་བ་ཞིག་སྣང་བ། བོད་ཀྱི་མཁས་པ་དག་བརྟག་པའི་གནས་སོ་ཞེས་གསུངས་ཀྱང༌། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྒྱ་གར་བའི་འགྲེལ་པ་རྩོད་མེད་དུ་བཞེད་པས། འདིར་ནི་འགྲེལ་པ་སྔ་མ་རྣམས་ཀྱིའང་ལེགས་ཆ་ཅུང་ཟད་བླངས་ཤིང༌། གཙོ་ཆེ་བ་འགྲེལ་པ་ཕྱི་མའི་རྗེས་སུ་འབྲང་ཏེ་བཤད་པར་བྱའོ། །དེས་ན་རྒྱུད་འདི་ནི་དབང་པོའི་རིམ་པ་གསུམ་གྱིས་ཉན་པ་སོགས་བྱེད་དེ། འདི་ལྟར་སྔོན་གྱི་རྒྱུའི་བྱེད་པས་དབང་པོའི་རིམ་པ་ཐ་དད་དེ། ཉེ་རྒྱལ་དང་པང་ནས་སྐྱེས་ལྟ་བུ་འགོ་


JLD010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པས་གོ་བ་དང༌། ལྔ་སྡེ་ལྟ་བུ་དོན་རྣམ་པར་ཕྱེ་བས་གོ་བ་དང༌། ས་ནུས་སོགས་ལྟ་བུ་དོན་རྣམ་པར་སྤྲོས་པས་གོ་བ་དང༌། འཕགས་པ་ལམ་བརྟན་སོགས་ལྟ་བུ་ཚིག་ལྷུར་ལེན་པའི་གང་ཟག་སྲིད་པའི་ཕྱིར་རོ། །རྐྱེན་གྱིས་ཀྱང་ཐ་དད་དེ། ཇི་སྐད་དུ། མ་ག་དྷ་པ་ཟུར་གྱིས་སོ། །གོ་ས་ལ་པ་ཡིད་བྱེད་ཀྱིས། །པཉྩ་ལ་པ་བརྗོད་ན་ཤེས། །ནུབ་མི་མ་སྨྲས་མི་ཤེས་སོ། །ཞེས་བརྗོད་པ་ལྟར། འགོ་སྨོས་པས་གོ་བའི་དབང་དུ་བྱས་ཏེ་དོན་དང་ལྡན་པའི་མཚན་བཤད་པ་དང༌། རྣམ་པར་སྤྲོས་པོས་གོ་བའི་དབང་དུ་བྱས་ཏེ་གཞུང་གི་དོན་སོ་སོར་ཕྱེ་ནས་བཤད་པ་གཉིས་ལས། དང་པོའི་དབང་དུ་བྱས་ཏེ།། །།རྒྱ་གར་སྐད་དུ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ན། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ། ཏེ་ཛོ་རཱ་ཛཱ་ཡ། གཟི་བརྗིད་ཀྱི་རྒྱལ་པོ་ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ། ཨར་ཧ་ཏེ། དགྲ་བཅོམ་པ། སམྱ་ཀྶཾ་བུདྡྷཱ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས། ཀལྤ་ནཱ་མ། བརྟག་པ་ཞེས་བྱ་བ། བོད་སྐད་དུ། དེ་བཞིན་ནི་ཡུལ་སྟོང་པ་ཉིད། གཤེགས་པ་སྟེ་ཡུལ་དེར་བློས་བགྲོད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡོངས་གྲགས་ཀྱི་ཆོས་དབྱིངས་ཡེ་ཤེས་དང་མཐུན་ནོ། །སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་དགྲ་བཅོམ་པ་ཡུལ་ཤེས་བྱ་ཐམས་ཅད་ནི་འཇིག་ལྟས་བདག་གཞན་ཐ་དད་དུ་འཛིན་པའི་ས་བོན་སྤངས་པས་མཉམ་ཉིད་ཡེ་ཤེས་ཡང་དག་པར་ཏེ་མ་འདྲེས་པར་རྫོགས་པའི་སྟེ་མ་ལུས་པར་ཐུགས་སུ་ཆུད་པ། སངས་རྒྱས་ཏེ་སོ་སོར་རྟོག་པའི་ཡེ་ཤེས་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་པོར་སྐྱེ་བའི་རྒྱུ་ལས་ཉོན་ཐམས་ཅད་མཐར་ཐུག་པར་ཡོངས་སུ་སྦྱོང་བའི་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །གཟི་བརྗིད་ཀྱི་མཆོག་ཏུ་གྱུར་པས་རྒྱལ་པོའི་ཀལྤ་ནི་བརྟག་པ་དང་ཆོ་ག་ཞིབ་མོ་གཉིས་ལ་འཇུག་སྟེ། ཀལྤ་ཞེས་བྱ་བ་ནི་བི་ཏི་བི་ཏ་ར་ཞེས་པའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་བཞི་པོ་དེ་གཟུགས་


JLD010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་རྣམ་པར་ཤར་བ་ནི། དེ་ཉིད་བསྡུས་པར། མི་རྟག་གང་ལ་རྟོག་ཉིད་དུ། །བརྟག་པས་རྟོག་ལས་བྱུང་བ་ནི།།རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་གསུངས་པ་ལྟར། འདུལ་བྱས་ཁ་དོག་དང་དབྱིབས་ཀྱི་རྣམ་པར་བརྟགས་པས། བརྟག་པ་ཞེས་བྱ་བ། དང་ཆོ་ག་ཞིབ་མོ་ནི་སྣོད་རུང་གི་དབང་དང༌། རུང་ནས་བསྙེན་པ་དང༌། དེ་མཐར་ཕྱིན་ནས་ཞི་སོགས་ཀྱི་ལས་ཚོགས་དུ་མ་སྒྲུབ་པ་སྟེ་ཐབས་ཀྱི་རྒྱུད་དང༌། དེ་དག་གིས་ནི་བརྗོད་བྱ་དོན་གྱི་རྒྱུད་བསྟན་ལ། དེ་དག་སྟོན་པའི་གཞུང་ལས་རྒྱུད་ཀྱི་སྒྲ་འཇུག་པ་སྐབས་སུ་འདི་བབ་བོ། །མཚན་དོན་དབུར་འདོན་པ་ནི་གླེགས་བམ་བཙལ་སླ་བའི་ཕྱིར་ལོ་པཎ་གྱིས་མཛད་ཀྱིས། རྒྱ་དཔེ་ལ་མེད་ཅེས་མཁས་པ་དག་གསུངས་ཀྱང་དེའི་ངེས་པ་མེད་དེ། སློབ་དཔོན་འདི་དང་ཁ་ཆེ་ལཀྵྨི་སོགས་ཀྱིས་མཚན་དོན་དབུར་ཡོད་པའི་བཤད་པ་མཛད་དོ། །ཚོགས་གཉིས་ཀྱི་དཔལ་དང་ལྡན་པ། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་སྟོང་ཉིད་ནི། རྡོ་རྗེ་སེམས་དཔའ་དེ་ཉིད་ལྷ་སྐུར་ཤར་བ་ལ་ལོ་ཙཱ་བས། ཕྱག་འཚལ་ལོ། །གཞུང་གི་དོན་སོ་སོར་ཕྱེ་སྟེ་བཤད་པ་ནི། རྒྱ་གར་བའི་སློབ་དཔོན་རྣམས་ལ་གཞུང་འདོན་ལུགས་མི་འདྲ་བའི་ཁྱད་པར། གླེགས་བམ་གསུམ་ལས། སློབ་དཔོན་འདིས་གླེགས་བམ་བར་པའི་དབང་དུ་མཛད་ནས། བསྡུས་པའི་དོན་འདི་ལྟར་བཤད་པར་བྱ་སྟེ། གླེང་གཞི། གླེང་སླང་། རྩ་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། དྲིན་གཟོའི་སྒོ་ནས་བསྟོད་པ་དང་དྲུག་གོ །དང་པོ་ནི། འདི་སྐད་ཅེས་པ་ནས་པདྨའི་གདན་ལ་བཞུགས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། ངན་སོང་གི་རྒྱུད་ཐམས་ཅད་ཅེས་པ་ནས་གནས་མ་ཡིན་ནོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ནས་ལྷ་རྣམས་ཀྱི་ཞེས་པ་ནས་བམ་པོ་དང་པོ་རྫོགས་ཀྱི་བར་དང༌། བཞི་པ་ནི། བརྟག་པའི་རྒྱལ་པོ་ཕྱི་མ་འདི་ཞེས་པ་ནས་ཚེ་དཔག་མེད་ཀྱི་བར་དཀྱིལ་འཁོར་དགུ་རྫོགས་ཀྱི་བར་དང༌། ལྔ་པ་ནི། འཁོར་ལོ་སྒྱུར་བ་ནས་ཁོ་བོའི་དཀྱིལ་འཁོར་རྫོགས་ཀྱི་བར་དང༌། དྲུག་པ་ནི། སངས་རྒྱས་ཀུན་པས་སྔར་


JLD010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། ཞེས་པའི་བར་རོ། །དང་པོ་གླེང་གཞི་ལ། ཕུན་སུམ་ཚོགས་པ་ལྔ་ལས། སྡུད་པ་པོ་ཕུན་སུམ་ཚོགས་པ་ལ། འདི་སྐད་ནི་ཚིག་ཕྲད་དེ་འཆད་འགྱུར་གྱི་གཞུང་གི་ཚོགས་བདག་གིས་དངོས་སུཀུན་ནོ། །ཕྱག་ན་རྡོ་རྗེ་བདག་གིས་དངོས་སུ་ཐོས་ ཀྱི་བརྒྱུད་པ་སོགས་མིན་པས་ཡིད་ཆེས་པར་བསྟན་ནོ། །དེ་ཡང་རྣ་བའི་ཤེས་པས་ཡིན་གྱི་མངོན་སུམ་དཡ་མ་ཡིན་ནོ། །པའི་དུས་གཅིག་ན། འདི་ཐོས་གཞན་དུ་ནི་གཞན་ཐོས་ཞེས་སྡུད་པ་པོ་ཐོས་པ་མང་བ་དང༌། དུས་སྐད་ཅིག་མ་གཅིག་ལ་ཐོས་ཞེས་ཤེས་རབ་ཕུལ་དུ་བྱུང་བ་དང༌། དུས་གཅིག་ན་འདི་ཐོས་གཞན་དུ་ནི་མ་ཐོས་ཞེས་ཆོས་འདི་དཀོན་པར་བསྟན་ནོ། །བཅོམ་ལྡན་འདས་དང་ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། བྷ་གའི་སྒྲས་ཉོན་མོངས་པ་གསུམ། སྒྲིབ་པ་གཉིས་བཅོམ་ཞིང༌། ཝན་གྱི་སྒྲས། བཅོམ་པ་དེ་མངའ་བའང་དབང་ཕྱུག་སོགས་སྐལ་པ་དྲུག་དང་ལྡན་པ། བྷ་ག་ཝན་གྱི་དོན་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ལ་ཡང་འཇུག་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་འདས་ཞེས་པ་ལོ་ཙཱ་བས་བླ་ཐབས་སུ་བསྣན་པའོ། །དེས་ནི་གང་ལ་ཐོས་པའི་ཡུལ་ཡང་བསྟན་ནོ། །ལྷའི་ཚོགས་ཐམས་ཅད་ཀྱི་དགའ་བའི་ཚལ་ཞེས་པ་དང༌། ལྷ་ཐམས་ཅད་ཀྱི་དགའ་བའི་ཚལ་མཆོག་ཅེས་འདོན་པ་ནི་མི་ལེགས་པས་ཀ་མ་དྷེ་ནུས། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་ལྷའི་མཆོག་སྟེ་རབ་ཐམས་ཅད་ཀྱི་འདོད་ཡོན་ལ་ལོངས་སྤྱོད་པའི་གནས་དགའ་བའི་ཚལ་ནི་གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་གི་བྱང་ཕྱོགས་དཔག་ཚད་ཉི་ཤུ་འདས་པ་ན་སྐྱེད་མོས་ཚལ་དགའ་བ་ཞེས་བྱ་བ་མཆུ་དང་རྒྱར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་སྟོང་ཡོད་པ། གསེར་གྱི་ར་བས་བསྐོར་བའི་བླ་གབ་ཅན་འདོད་པ་ཐམས་ཅད་སྦྱོར་བ། བདུད་རྩི་རྣམ་པ་བཞི་དང༌། ཤིང་དང༌། རྫིང་དང༌། མེ་ཏོག་ཕུན་སུམ་ཚོགས་པ། གསེར་གྱི་བྱེ་མ་བརྡལ་བ་དག་ཡོད་དོ། །དེ་ལྟ་བུའི་དགའ་བའི་ཚལ་


JLD010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཐ་གྲུ་ཆུང༌། བཅོམ་ལྡན་འདས་འཁོར་དང་བཅས་པ་རབ་ཏུ་མང་ཞིང་རྒྱ་ཆེ་བས་ཇི་ལྟར་འཛིན་ནུས་ཤེ་ན། དེ་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱོགས་དེ་རབ་ཏུ་ཡངས་པར་འགྱུར་ཞིང༌། རྒྱལ་བ་མྱ་ངན་ལས་འདས་ནས་ནི་ཞིང་དེ་དམན་པར་འགྱུར་ཏེ། སྡོང་པོ་བཀོད་པར། གང་ཚེ་རྒྱལ་བ་མྱ་ངན་འདས་གྱུར་པ། །དེ་ཚེ་དེ་ཡི་ཞིང་རྣམས་འགྲིབ་པར་འགྱུར། །ཞེས་དང༌། སྡོམ་པ་གསུམ་བསྟན་པར། རིའི་རྒྱལ་པོ་བྱ་རྒོད་ཕུང་པོ་དེ་ནི་མཐོ་ཞིང་ཟླུམ་པ་གནམ་འཕང་དང་རྒྱར་ཡངས་པ་ཞེས་བསྟན་ཡང༌། རི་དེ་སངས་རྒྱས་བཞུགས་པའི་ཚེ་དེ་ལྟར་བདེན་ལ། དིང་སང་ནི་རི་རབ་ཏུ་ཆུང་བར་སྣང་བས་སོ། །ཞེས་ཀ་མ་དྷེ་ནུས་གསུང་ངོ་། །ཁྱད་པར་རམ་ཡོན་ཏན་དྲུག་དང་ལྡན་པས་ཡིད་དུ་འོང་བ་ ཞེས་པས་མདོར་བསྟན་ནོ། །ན། ཁྱད་པར་རམ་ཡོན་ཏན་དྲུག་ལ། མཛེས་ཤིང་རྣམ་པར་བརྒྱན་པའི་ཡོན་ཏན་ནི། ནོར་བུ་སྟེ། པདྨ་རཱ་ག་ལས་གྲུབ་པའི་ཤིང་དང༌། ཡལ་ག་ནི་གསེར་དང༌། ལྕུག་མ་ནི་བཻ་ཌཱུརྱ་ལས་གྲུབ་པའི་གསེར་གྱི་ཤིང་ཡལ་ག་དང་ནོར་བུ་ནི་དངུལ་ཏེ། ཡལ་ག་སྡོང་བུ་ལས་གྱེས་ཤིང་ལྕུག་མར་བཅས་པ་དང༌། དེ་ལས་ཀྱང་གྱེས་པ་ལྕུག་མ་ནི་དེ་ལ་ཡལ་ག་གྱེས་རྒྱུ་མེད་པའོ། །ཤིང་གེལ་པ་ནི་རྩ་བ་སྦོམ་ཞིང་བགས་ཀྱིས་ཕྲ་བ། འབྲས་བུ་དཔྱིད་ཀྱིས་དུད་པ། དྲུངས་པ་གཅིག་ཏུ་གནས་པ་དང༌། སྨན་ནི་ཤིང་དེ་ལས་ནད་ཞི་བའི་ནུས་པ་དང་ལྡན་ཞིང་སྨན་གྱི་སྡོང་པོ་གཞན་དང༌། མེ་ཏོག་ཀ་མ་ལ་དང༌། མེ་ཏོག་ཨུཏྤ་ལ་དང༌། མེ་ཏོག་ཀར་ནི་ཀ་ར་དང༌། མེ་ཏོག་བ་ཀུ་ལ་དང༌། མེ་ཏོག་ཏི་ལ་ཀ་དང༌། མེ་ཏོག་ཨ་ཤོ་ སོར་བཞག །ཀ་དང༌། མེ་ཏོག་མནྡ་ར་བ་དང༌། མནྡ་ར་བ་ཆེན་པོ་ལ་སོགས་ཁོངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞིང་ཁམས་གཞན་ནས་ཁྱེར་འོངས་པ་དང༌། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་རྣམ་པ་སྣ་ཚོགས་པ་དང༌། ལྷ་རྣམས་ཀྱི་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་


JLD010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམས་ལ་རིན་པོ་ཆེའི་ཟླ་ཕྱེད་དང་མེ་ལོང་དང་རྨ་བྱའི་མདོངས་ཀྱི་རྣམ་པ་ལྟ་བུ་རྣམས་ཀྱིས་མཛེས་པར་བྱས་པ། གཉིས་པ་རྒྱན་སྣང་བ་དང་མི་སྣང་བའི་སྣ་ཚོགས་ཀྱིས་བརྒྱན་ཅིང་སྤྲས་པ། གསུམ་པ་བྱ་ངང་པ་དང་བཞད་ལ་སོགས་པ་གཤོག་པ་དང་མཆུ་སྡེར་རིན་པོ་ཆེ་ལས་བྱས་ཤིང་སྦྱིན་འབྲས་ཀྱི་ལོངས་སྤྱོད་ལྷ་དང་ཐུན་མོང་བ། ཚུལ་ཁྲིམས་མ་དག་པའི་འབྲས་བུ་དུད་འགྲོར་གཏོགས་པའི། སྣ་ཚོགས་མང་པོ་སྐད་སྙན་པ་འབྱིན་པ། བཞི་པ། རྔ་དང༌། ཅང་ཏེའུ་དང༌། ཀེར་ཀོ་ད་མུ་ཁ་ཞེས་གྲགས་པ་དང༌། གླིང་བུ་དང༌། ལྷ་རྣམས་ཀྱི་དགེ་བའི་འབྲས་བུ་ལྷ་རྣམས་བག་མེད་པ་ལས་ཟློག་ཅིང་དགེ་བ་ལ་བསྐུལ་བས་ཕལ་ཆེར་གྱི་བརྒྱ་བྱིན་གྱི་ཡིད་ལས་བྱུང་བའི་རྔ་བོ་ཆེ་ལ་སོགས་པའི་སྒྲ་གྲགས། བརྩེན་པ་བརྩེ་བ་ལ་ ལྷའི་བུ་མོ་སྣ་ཚོགས་ཀྱིས་རྣམ་པར་བརྩེན་པ། ཀ་མ་དྷེ་ནུས་བཤད་དེ་དོན་དུ་མ་མཐོང་ངོ། །ཁྱད་པར་ལྔ་པ་ནི་མཆོད་སྦྱིན་བརྒྱ་བྱིན་ནས་གོ་འཕང་དེ་ཐོབ་ཅིང་རང་སྲིད་ཐུབ་པས། བརྒྱ་བྱིན་དང༌། འདོད་ཁམས་ཀྱི་ཉོན་མོངས་པའི་ཚ་གདུང་གིས་བསིལ་བས་ཚངས་པ་ལ་སོགས་པའི་ལྷ་དང༌། སྟེ་རོལ་པ། ཡོན་ཏན་དྲུག་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དེར་བཞུགས་ཤིང་འདོད་ཡོན་ལ་ལོངས་སྤྱོད་པ་ནི། མྱུར་དུ་འཇིག་པ་རྣམས་ཀྱང་ཡུན་རིང་དུ་གནས་པ་དང༌། གང་ཟག་གཞན་གྱིས་ཀྱང་དེ་བསྒྲུབས་ན་དངོས་གྲུབ་མྱུར་བ་སོགས་ཀྱི་སྒོ་ནས་བྱིན་གྱིས་བརླབས་པ་ན། གང་དང་ལྷན་ཅིག་ཐོས་པའི་འཁོར་ནི་འཇིག་རྟེན་པའི་འཁོར་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་དང༌། ཇི་སྐད་དུ། ཡོན་ཏན་ཡང་དག་བརྒྱན་ལྟར་དམ་པ་ནི། །གང་དང་གང་དུ་སྐྱེས་པར་གྱུར་པ་དག །དེ་དང་དེ་ནི་བཀྲ་ཤིས་ལྟར་བཤད་


JLD010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །བབ་སྟེང་དེ་ཡིན་དཀའ་ཐུབ་གནས་དེ་ཡིན། །ཞེས་པ་ལྟར་རོ། །ལྷའི་རིག་འཛིན་དང༌། ལྷ་དང་ལྷའི་བུ་མོའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང༌། གང་བ་བཟང་པོ་སོགས་གནོད་སྦྱིན་དང༌། ལང་ཀ་མགྲིན་བཅུ་སོགས་སྲིན་པོ་དང༌། ཐགས་བཟང་རིས་སོགས་ལྷ་མ་ཡིན་དང༌། ཟུར་ཕུད་ལྔ་པ་སོགས་དྲི་ཟ་དང༌། རྟ་མགོ་ཅན་ལ་སོགས་མི་འམ་ཅི་དང༌། ཀླུའི་འགྲོ་བར་གཏོགས་པའི་ལྟོ་འཕྱེ་ཆེན་པོ་ ཁ་ཅིག་རི་རབ་ཀྱི་འོག་ན་གནས་པའི་བདག་སྦྲུལ་མགོ་བདུན་པ་ཟེར། དང༌། ཀླུ་ལ་སོགས་པའི་འཁོར་དུ་མ་དང༌།འཇིག་རྟེན་ལས་འདས་པའི་འཁོར་ནི་བྱང་ཆུབ་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་སེམས་དེ་རྟོགས་པར་འདོད་པས་དཔའ་སེམས་དཔའ་གཞན་གྱི་དོན་ཁུར་དུ་འཁྱེར་བས་ཆེན་པོ་བྱེ་བ་གཞིར་བཟུང་སྟེ། ཁྲག་ཁྲིག་བརྒྱ་ཁྲག་ཁྲིག་དེ་སྟོང་ཕྲག་བརྒྱད་ལ་ ༈ ཡང་བྱེ་བ་དང་ཁྲག་ཁྲིག་དང༌། བརྒྱ་དང༌། སྟོང་ཕྲག་ཅེས་འཆད་པའི་ལུགས་ཀྱང་སྣང་ངོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཚད་མེད་པས་བློ་གྲོས་ཚད་མེད་པ་དང༌། ཆོས་དབྱིངས་ལ་བློ་གྲོས་མི་གཡོ་བ་དང་། བདེན་གཉིས་ཐུགས་སུ་ཆུད་པས་བློ་གྲོས་ཡངས་པ་དང༌། འགྲོ་བ་ཇི་སྙེད་པ་དེ་སྙེད་དུ་བློ་གྲོས་འཇུག་པས་ཀུན་ཏུ་བློ་གྲོས་དང༌། བློ་གྲོས་འཁོར་བའི་མཐའ་ཇི་སྲིད་དུ་འཇུག་པས་བློ་གྲོས་མཐའ་ཡས་དང༌། བློ་གྲོས་པདྨ་ལྟར་སྐྱོན་གྱིས་མ་གོས་པས་བློ་གྲོས་ཀ་མ་ལ་དང༌། སངས་རྒྱས་ཀྱི་འབྲས་བུ་ཆེན་པོ་སྟེར་བས་བློ་གྲོས་ཆེན་པོ་དང༌། བློ་གྲོས་དེ་བུམ་པ་བཟང་པོ་ལྟར་སངས་རྒྱས་མཆོད་པའི་ཡོ་བྱད་དུ་གྱུར་བས། བློ་གྲོས་ལྷ་རྫས་དང༌། བློ་གྲོས་དེ་ཤེས་བྱ་སྣ་ཚོགས་ལ་འཇུག་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་སྣ་ཚོགས་


JLD010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ ཁོངས་ནས་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་བསྡུའོ། །པའོ། །དྲོད་ལ་གནས་པ་དབང་རྣོན་ཡན་ཆད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་རྣམས་བྱེ་བས་མི་ཕྱེད་པའི་དགེ་འདུན་སོ་སྐྱེའི་གྲངས་ཀྱིས་མི་རྟོགས་པས་མཐའ་ཐུག་པ་མེད་པ་རྣམས་ཀྱིས། བསྟི་སྟང་དུ་ནི་ལུས་ཀྱི་བཀུར་སྟི་བྱེད། བླ་མར་བྱེད་ནི་སེམས་ཀྱིས་གོང་མར་འཛིན་པར་མེ་ཏོག་སོགས་ཀྱིས་མཆོད་ཅིང་དོན་དང་ལྡན་པས་བསྟོད་པས་རྗེད་པར་བྱེད། མཆོད་པ་རྣམས་ཀྱི་མཆོག་བཀའ་བཞིན་དུ་སྒྲུབ་པས་རབ་ཏུ་མཆོད་ཅིང་སྤེལ་ཏེ། དེ་ལྟ་བུའི་དགེ་བ་རྣམས་བྱང་ཆུབ་ཏུ་བསྔོ་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། རྒྱ་མཚོ་ཆེན་པོར་ཕོ་བའི་ཆུ་ནི་བར་མ་དོར་ཟད་པར་མི་འགྱུར་བ་དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་པའི་དགེ་བ་གང་བར་མ་དོར་ཟད་པར་མི་འགྱུར་ཏེ་ཞེས་གསུངས་པ་ལྟ་བུའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་མང་པོའི་དབུས་ན། ཚངས་པ་ཆེན་པོ་བཅོམ་ལྡན་འདས་འཁོར་བར་སེམས་ཅན་གྱི་དོན་དུ་བཞུགས་ཀྱང་དེའི་ཉེས་པས་མ་གོས་པའི་བརྡར་པདྨའི་གདན་ལ་བཞུགས་ཏེ། འཇིག་རྟེན་པའི་འཁོར་དང་པོར་སྨོས་པའི་དོན་ནི། རྣམ་བཤད་རིག་པར། དང་པོར་གཉིས་ཏེ་མཆོད་འོས་སམ། །ཡང་ན་ཡི་གེ་རབ་ཉུང་བ། །ཞེས་གསུངས་པ་ལྟར། ཡི་གེ་ཉུང་བའི་དོན་གྱིས་ཡིན་ནོ། །དེ་ལྟར་གླེང་གཞི་བརྗོད་པས་ཡིད་ཆེས་པར་བསྟན་ནས་རྒྱུད་ཀྱི་དོན་ཇི་ལྟར་ཕྱེ་སྙམ་པའི་རྟོག་པ་བཟློག་པའི་དོན་དུ་གླེང་བསླང་བ་བསྟན་པ་ནི། ངན་སོང་གི་རྒྱུད་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏེང་ངེ་འཛིན་ལ་སྙོམས་པར་ཞུགས་ པའི་དོན་ནི་ཆགས་བྲལ་གྱི་སྐུ་སྤངས་ནས་


JLD010_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྒྱུར་བ་རྣམ་སྣང་གི་སྐུར་བསྒྱུར་བ་ཀ་མ་དྷེ་ནུས་བཤད། ཏེ། ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བ། ནི་འོད་ཟེར་གྱི་མིང་ཡིན་ལ། དེ་གང་གི་འོད་ཟེར་ཡིན་སྙམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་འོད་ཟེར༌དེ་ཕར་སྤྲོས་པ་དང༌། ངན་སོང་གི་སྡུག་བསྔལ་ཞི། ལྷ་མིའི་གོ་འཕང་ལ་བཀོད་པ། སླར་རང་གནས་སུ་སྡུད་པ་ནི་འོད་ཟེར་གྱི་བྱེད་ལས་སོ། །མང་པོའི་ཕྲེང་བ་འོད་ཟེར་བཅོམ་ལྡན་འདས་ཉིད་ཀྱིས་དཔྲལ་བའི་མཛོད་སྤུ་ནས་ཕྱུང་སྟེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་ཞེས་གསུངས་པ་ལྟར། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་མི་མཛེད་ཀྱི་ཁམས་གསུམ་ལས་ཕྱི་མ་ནི་སྟོན་པའི་ཞིང་དུ་བློ་ཆུང་བའི་ངོར་གསུངས་སོ། །དེའི་ཕྱིར་འདི་དག་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ་ཏེ། ཀུན་ཏུ་སྣང་བར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ ཆག་གིས་བཀྲོལ་ཏེ་ཟེར། །ཏེ། ལྷ་མིའི་གོ་འཕང་ལ་བཞག་པས་བདེ་བ་སོ་སོར་ཐོབ་ནས། དེའི་ཚེ། འདུལ་བ་ལུང་ལས། ལྷ་རྣམས་ལ་འདུ་ཤེས་གསུམ་འཇུག་པར་གསུངས་པ་ལྟར། བདག་གང་ནས་སྐྱེས་ངན་སོང་ནས། གང་དུ་སྐྱེས་ལྷའི་གནས། གང་གི་མཐུ་ལས། དེ་བཞིན་གཤེགས་པའི་འོད་ཟེར་གྱི་མཐུ་ལས་ཡིན་པར་ཤེས་ནས། དགའ་བའི་ཚལ་ཐམས་ཅད་འོད་ཟེར་གྱིས་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ། ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ། མགོ་བོས་ལན་བརྒྱ་ཕྲག་སྟོང་དུ་ཕྱག་བཙལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་


JLD010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་མེད་ ནི་དགའ་བའི་ཚལ་གྱི་གཞི་ལ་གསེར་གྱི་བྱེ་མས་ཁེབས་པ་ལ་ཀ་མ་དྷེ་ནུས་བཤད་དོ། །པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཀ་མ་དྷེ་ནུ་དང་ཆག་གིས་ཨེམའོ་ཞེས་ཟློས་ནས་སྨོས་པ་ནི་ངོ་མཚར་བའི་ཚིག་ཏུ་བཤད་དོ། །སངས་རྒྱས་ཨེ་སངས་རྒྱས། ཨེ་མའོ་སངས་རྒྱས་ ཀྱིས་ མཛད་པ་ལེགས། ཞེས་ཆེད་དུ་བརྗོད་པ་ནི་གང་ཕྱིར་ངན་སོང་བདག་ཅག་སྦྱངས་ནས་བྱང་ཆུབ་གསུམ་གང་རུང་གི་སྤྱོད་པ་ཉིད་ལ་སྐལ་བ་དང་མཚམ་པར་བཀོད་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་སྐོར་བ་བྱས་ཏེ་ལན་བརྒྱ་ཕྲག་སྟོང་དུ་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་སངས་རྒྱས་ཀྱི་འོད་ཟེར་གྱིས་སྟོང་གསུམ་གྱི་འཇིག་རྟེན་ཀུན་ཏུ་སྣང་བས། ངན་སོང་གི་རྒྱུད་དེ་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ ཆག་གིས་བཀྲོལ་ ཞིང༌། རྣམ་པར་གྲོལ་བའི་ལམ་ནི་བྱང་ཆུབ་གསུམ་གྱི་ལམ་ལ་བཀོད་པ་ནི། བཅོམ་ལྡན་འདས་ངོ་མཚར་ཆེ་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འདི་ནི་སྤྱིར་སངས་རྒྱས་ལ་དད་པ་ཙམ་དང་ཡོན་ཏན་ཕྱོགས་རེ་མཐོང་བ་ཡང་ངོ་མཚར་ཆེ་མོད། རྟོག་དཔྱོད་དང་ལྡན་པ་ནི་ཡོན་ཏན་མཐའ་དག་མ་མཐོང་བར་སྔ་མ་དེ་ཙམ་གྱིས་མི་ཚིམ་པས་ངོ་མཚར་མི་ཆེའོ། །ལྷའི་དབང་པོ་འདི་ནི་ངོ་མཚར་མི་ཆེ་སྟེ། དེའི་རྒྱུ་མཚན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚད་མེད་པའི་ཕར་ཕྱིན་དང་པོ་གསུམ་གྱི་བསོད་


JLD010_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱི་ཚོགས་ཡང་དག་པར་བསགས་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཚད་མེད་པའི་ཡོན་ཏན་དེའི་རྒྱུ་ལ་བརྟེན་ནས་འབྲས་དུས་སུ་སངས་རྒྱས་བྱོན་པས་འོན་པས་སྒྲ་ཐོས། སྨྱོན་པས་དྲན་པ་རྙེད་པ་སོགས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ ཆག་དང་འགྱུར་ཁ་ཅིག །སུ་གྱུར་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཚད་མེད་པའི་ཐབས་ཀྱིས་མཚོན་ནས་ཕར་ཕྱིན་ཐ་མ་གསུམ་ཡང་དག་པར་རྫོགས་པའོ། །ལྷའི་དབང་པོ་སངས་རྒྱས་རྣམས་ནི། ཇི་ལྟ་ཇི་སྙེད་ཀྱི་རང་དང་སྤྱིའི་མཚན་ཉིད་རྣམ་པར་འབྱེད་པའི་ཤེས་རབ་ཚད་མེད་པ་བསགས་པ་སྟེ་རྫོགས་པའོ། །སངས་རྒྱས་བཅོམ་ལྡན་རྣམས་ནི་སྤྱོད་པ་བསམ་གཏན། བརྩོན་འགྲུས། བསྡུ་བཞི་རྣམས་རྫོགས་པ་དེ་རྣམས་ཀྱང་གྲངས་མེད་གསུམ་དུ་ཡིན་པར་རྩེ་མོ་ལས་བཤད་པ་ལྟར། རྒྱུ་དེ་དག་ལ་བརྟེན་ནས་ངན་འགྲོ་ནས་སེམས་ཅན་ཕྱོགས་རེ་བ་བཏོན་པ་ལྟ་བུ་མ་ཡིན་པར་ ཆག་གིས་རྣམས་ཀྱི་སྤྱོད་པ་ནི་ཚད་མེད་པའོ། །ཚད་མེད་པའོ། །མངོན་མཐོ་དང་ངེས་ལེགས་ཀྱི་སྣོད་རུང་དུ་མཛད་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བྱའི་སྐྱེ་བོ་ཚད་མེད་པ་རྣམས་ཐ་ན་གནས་སྐབས་རིགས་ཆད་པ་རྣམས་ཀྱང་མཐོ་རིས་ལ་འགོད་པ་སོགས་སྣོད་དུ་གྱུར་པར་མཛད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དབྱིངས་ནི་སྐྱེ་འཇིག་ཅན་གྱི་ཆོས་ཅན་ཆོས་དབྱིངས་ཀྱི་ངོས་ནས་དུ་མ་རོ་གཅིག་ཡིན་པས་སོ། །མི་མཉམ་པ་ར་ཏེ་མི་མཚུངས་ཏེ། དང་ ཆོས་དབྱིངས་དེ་དང་རོ་མཉམ་པའི་ཡེ་ཤེས་ནི་མཉམ་པའི་ཡེ་ཤེས་དང་ལྡན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཉན་རང་


JLD010_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་མི་མཉམ་པ་དང་སངས་རྒྱས་ནང་ཕན་ཚུན་མཉམ་པའི་རྫུ་འཕྲུལ་དང་ལྡན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉན་རང་དུ་མ་ཟད་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། མི་མཉམ་པ་དང༌། སངས་རྒྱས་ནང་ཕན་ཚུན་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པ་སྟེ། ལྷའི་དབང་པོ་དེ་ལྟ་བས་ན། སངས་རྒྱས་བཅོམ་ལྡན་འདས་ནི་སྣོད་ཀྱི་དབང་པོ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང༌། ཇི་ལྟར་འདུལ་བ་བཞིན་དུ་ནི་སྐུའི་སྐྱེ་བ་གང་བཟུང་ན་དོན་དུ་འགྱུར་བའི་སྐུ་སྐྱེ་འཛིན་ཞིང༌། སེམས་ཅན་རྣམས་ཀྱི་དོན་མཛད་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་སྐུ་ཇི་ལྟར་བཞིན་བསྟན་པས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་པར་ཤེས་པར་བྱ་སྟེ། ཐོས་བསམ་སྒོམ་གསུམ་གྱི་ཡུལ་ལམ་མངོན་སུམ་རྗེས་དཔག་གི་ཡུལ་ལམ་སྔར་བཤད་པའི་རྒྱུ་དང་འབྲས་བུའི་ཡོན་ཏན་རྣམས་འདི་ལ་ཡིན་ནམ་མིན་ནམ་སྙམ་པ་ནི་ཐེ་ཚོམ་དང༌། འདི་བླང་བྱའམ་དོར་བྱ་ཡིན་སྙམ་པ་ནི་སོམ་ཉི་དང༌། རེས་འགའ་བྱེད་རེས་འགའ་མི་བྱེད་སྙམ་པ་ནི། ཡིད་གཉིས་ཏེ་མ་ཕྱེད་ཅིག །གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བ་ནི་གནས་མ་ཡིན་ནོ། །གླེང་བསླང་དུ་འཇོག་པའི་རྒྱུ་མཚན་གང་སྙམ་ན། སངས་རྒྱས་གྱི་འོད་ཟེར་གྱི་སྤྲོ་བསྡུའི་བྱེད་པས་སེམས་ཅན་ངན་འགྲོ་ནས་བཏོན། བདེ་འགྲོའི་གོ་འཕང་ལ་བཞག་པས། འཁོར་རྣམས་ཀྱིས་ཞུ་བའི་སྐབས་རྙེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ལྟར་གླེང་བསླང་བ་བཤད་ནས། དེས་དྲངས་པའི་རྒྱུད་ཀྱི་དངོས་པོ་ཆོས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། འདིར་དཀྱིལ་འཁོར་བཅུ་གཉིས་ཀྱི་བསྡུས་པའི་དོན་ནི། ཀམ་དྷེ་ནུས་འདི་ལྟར་བཤད་དེ། དེའང་


JLD010_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་པོ་གཉིས་ནི། གཙོ་བོར་གཤིན་པོའི་དོན་དུ་གསུངས་ཏེ། དེའང་གདུལ་བྱ་རྒྱས་པ་ལ་དགའ་བའི་དབང་དུ་བྱས་ནས་རྩ་བའི་རྒྱུད་གསུངས་ཏེ། དེར་ལྷའི་གྲངས། དབང། སྦྱིན་སྲེག་སོགས་སྡིག་པ་སྦྱང་བའི་སྒོ་ཤིན་ཏུ་རྒྱས་པར་བསྟན་པའི་ཕྱིར། བསྡུས་པ་ལ་དགའ་བའི་དབང་དུ་བྱས་ནས། དཀྱིལ་འཁོར་གཉིས་པར་ལྷ་གྲངས་སོགས་སྡིག་པ་སྦྱོང་ཐབས་རྣམས་བསྡུས་ནས་བསྟན་པའི་ཕྱིར། དཀྱིལ་འཁོར་ལྷག་མ་རྣམས་ནི། གཙོ་བོར་གསོན་པོའི་དབང་དུ་བྱས་ནས་གང་དག་རྣམ་པར་སྨིན་པ་ལས་བྱུང་བའི་འཆི་བ་བཟློག་པའི་དོན་དུ། སྔ་མ་གཉིས་ལས་གཞན་པའི་དཀྱིལ་འཁོར་ཚེ་དཔག་ཏུ་མེད་པ་འབྱུང་བ་གསུངས་ལ། གདུལ་བྱ་དམན་པ་རིན་པོ་ཆེ་བོར་ནས་མཆིང་བུ་ལེན་པ་ལྟ་བུའི་ཆེད་དུ། རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་ནས་ལྷ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་བར་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གསུངས་སོ། །དུས་མ་ཡིན་པར་འཆི་བ་བཟློག་པའི་དོན་དུ་ནི། ཚེ་དཔག་ཏུ་མེད་པ་འབྱུང་བའི་དཀྱིལ་འཁོར་གཉིས་པ་གསུངས་སོ། །རྒྱུད་ཕྱི་མ་དེ་དག་ཏུ་མ་གསུངས་པའི་ཆོ་ག་ལྷག་མ་རྣམས་ནི། རྒྱུད་ཕྱི་མའི་ཕྱི་མར། ཀུན་ཏུ་བཟང་པོ་རིགས་བསྡུས་ཀྱི་དཀྱིལ་འཁོར་དང༌། ཁྲོ་བོ་མེ་ལྟར་འབར་བའི་དཀྱིལ་འཁོར་གཉིས་གསུངས་སོ། །དེ་ལ་ཁ་ཅིག་ན་རེ། དཀྱིལ་འཁོར་བཅུ་གཉིས་ཀྱི་གོ་རིམ་འདི་མ་ངེས་ཏེ། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་སྔ་མ་གསུམ་དང༌། ཕྱི་མ་གསུམ་གྱི་བར་འདིར་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་སྟོན་པའི་སྒྲུབ་བྱེད་སྟོན་དགོས་སོ་ཞེས་ཟེར་རོ། །སྒྲུབ་བྱེད་ནི། ལྷ་དེ་དག་གི་རང་རང་གི་སྲོག་གི་སྙིང་པོའི་སྔགས་འབུལ་བའི་བསམ་པ་སྐབས་དེར་སྐྱེས་པའི་ཕྱིར། སྒྲུབ་བྱེད་གཞན་ཅི་དགོས། འདི་དག་འཇིག་རྟེན་ལས་འདས་པར་བཞག་


JLD010_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་གནོད་པ་ཅི་ཡོད། དྲི་བ་འདི་ལ་ནི་མཐའ་མེད་པའི་ཕྱིར་རོ་ཞེས་གསུང་ངོ༌། །འོན་ཀྱང་དཀྱིལ་འཁོར་དང་པོ་གཉིས་གཙོ་བོར་གཤིན་པོའི་དོན་དུ་གསུངས་པར་བཞེད་པ་ནི་འཐད་པར་མ་མཐོང་སྟེ་འོག་ཏུ་འཆད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ནས། ཡང་བཅོམ་ལྡན་འདས་ལ་མཆོད་པ་ཆེ་ཞིང་རྒྱ་ཆེ་བ་བྱས་ཏེ་ཕྱག་འཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀ་མ་དྷེ་ནུས་གཞུང་ལྔ་པོ་འདི། ཉན་ཐོས། རང་རྒྱལ། བྱང་སེམས། རིགས་མ་ངེས་པ། གནས་སྐབས་རིགས་ཆད་པ་ལྔ། འགྲོ་བ་ལྔ། ལས་དང་པོ་པ་ནས་ཡེ་ཤེས་ལ་དབང་ཐོབ་པ། སངས་རྒྱས་དང་ལྔ་ལ་བཤད་དེ། དོན་དུ་མ་མཐོང་ངོ༌། །གསལ་སྒྲོན་དུ། བརྒྱ་བྱིན་རང་ཉིད་ཀྱི་དབང་དུ་བྱས་པར་བཤད་པས། སེམས་ཅན་ཐམས་ཅད་ལ་ཕན་པ་ནི་སྙིང་བརྩེ་ཆུང་བ་ཉིད་དུ་བགྱི་བ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ནི་སྙིང་བརྩེ་འབྲིང་པོ་ཉིད་དུ་བགྱི་བ་དང༌། སྙིང་བརྩེ་བ་ཅན་ ཆག་གིས། དང་བཅས་པར་བྱ་བའི་ཕྱིར་ཟེར། ཉིད་དུ་བགྱི་བ་དང༌། སྙིང་བརྩེ་བ་ཆེན་པོ་ནི། སྙིང་བརྩེ་བ་ཅན་ འགྱུར་རྙིང་ཁ་ཅིག་དང་ཆག་གིས། ཆེན་པོ་ཉིད་དུ་བགྱི་བ་དང༌། བསམ་པ་རྣམ་པར་དག་པ་ནི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བར་བཅོམ་ལྡན་འདས་ སེམས་ཅན་གྱི་དོན་སྒྲུབ་པའི་སྦྱོར་བ་ཕུན་སུམ་ཚོགས་པའི་དོན་དུ་ཞུ་བའི་སྤོབས་པ་ནི་ཤེས་རབ་ཀྱི་འབྲས་བུ་ཐོགས་པ་མེད་པར་ཞུ་ཞུས་པ་ལ་བྱའོ། །བདག་སྤོབས་པ་བསྐྱེད་པར་གསོལ། བདེ་བར་གཤེགས་པ་བདག་སྤོབས་བསྐྱེད་པར་ དངོས་སུ་མ་གྱུར་ཡང་སྤོབས་པ་ཅན་དུ་བྱིན་གྱིས་བརླབས་པར་ཤེས་པར་


JLD010_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གསོལ། བཅོམ་ལྡན་འདས་ཉི་མ་བཅུ་གཉིས། དྲག་པོ་བཅུ་གཅིག་སོགས་གྲངས་ཀྱི་སྒོ་ནས་མཛོད་ཀྱི་འགྲེལ་བཤད་དུ་གསུངས་པ་ལྟར་སུམ་ཅུ་རྩ་གསུམ་པའི་ལྷའི་རིགས་འདི་ཉིད་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་ཞིག་ཤི་འཕོས་ཏེ། དུས་ལས་འདས་ནས་དགུང་བདུན་ བཅོམ་ལྡན་ནི་ལྷའི་ཞག་བདུན་དང་བར་དོ་སོགས་ལ་འཆད་པ་ཤིན་ཏུ་མི་འཐད་པས་མིའི་ཡིན་ལ། དེ་ཡང་འཛམ་བུ་གླིང་པ་གདུལ་བྱའི་གཙོ་བོ་ཡིན་པས་དེའི་དབང་དུ་བྱས་སོ། །འདི་ཉིད་ལས་ཀྱང༌། འཛམ་བུ་གླིང་ན་གནས་པའི་སེམས་ཅན་སྡིག་པའི་ཆོས་ལ་ཀུན་ཏུ་སྤྱོད་པ་ཞེས་སོགས་གཙོ་བོར་བྱས་སོ། །ལོན་ལགས་ན། བཅོམ་ལྡན་འདས་དེ་གང་དུ་སྐྱེས། སྐྱེ་ས་འགྲོ་བ་གཉིས་སུ་ངེས་པས་བདེ་འགྲོར་སྐྱེས་ན་བདེ་བ་ཅི་ལྟ་བུ་དང་ངན་འགྲོར་སྐྱེ་ན་སྡུག་བསྔལ་ནི་ཅི་ཞིག་མྱོང་བར་འགྱུར། བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེའི་དུས་ལ་བབ་པར་ཤེས་ན་ཉོན་ཅིག །ལྷའི་དབང་པོས་གསོལ་པ། བཅོམ་ལྡན་འདས་དུས་ནི་འདི་ལགས་སོ། །བདེ་བར་གཤེགས་པ་དུས་དང་ཚོད་ནི་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ནི། འདི་ནས་ཤི་འཕོས་ནས་མཚམས་མེད་ བསྟིར་མེད། མནར་མེད་ཅེས་པ་རྣམས་དོན་གཅིག་སྟེ་བདེ་བས་བར་མ་ཆོད་པར་སྡུག་བསྔལ་ཁོ་ན་མྱོང་བའོ། །པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེས་དེར་ལོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དུ་སྡུག་བསྔལ་ སྔ་མ་སྔ་མའི་སྡུག་བསྔལ་གྱི་སྟེང་དུ་ཕྱི་མ་ཕྱི་མའི་སྡུག་བསྔལ་ལྷག་དང་བཅས་པ་བསྣན་པའོ། །མ་ལུས་ ། འགྱུར་ཁ་ཅིག་ཏུ་མ་རུངས་པ་བྱུང༌། ཆག་གིས་དྲག་ཅིང་མི་


JLD010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་བསྒྱུར་རོ། །ཤིང་མི་བཟད་པ་མྱོང་ནས་སེམས་ཅན་དམྱལ་བ་ཆུང་ངུ་རྣམས་སུ་ནི་འཁོར་གྱི་དམྱལ་བ་རྣམས་སུ་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ངོ། །བྱོལ་སོང་དང། ཡི་དྭགས་ཀྱི་སྐྱེ་གནས་སུའང་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ངོ། །དེ་ནས་ཡུལ་མཐའ་འཁོབ་ཀྱི་མིར་སྐྱེས་ནས་ཀྱང་འོན་པ་དང༌། དིག་པ་དང་། ལྐུགས་པའི་རང་བཞིན་ཅན་དང༌། སྨྲ་བ་མི་གསལ་བར་ལོ་སྟོང་ཕྲག་དྲུག་ཅུའི་བར་དུ་མྱོང་ནས་ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ནད་རྣག་ཁྲག་འཛག་པ་དང༌། མཛེ་དང༌། ཕོལ་མིག་རྣམས་ཀྱིས་གཟིར་བ་དང༌། སྐྱེ་བོ་མང་པོས་སྨད་པ་ནི་ཕལ་ཆེ་བས་དང༌། ཡོངས་ཀྱིས་སྤངས་པ་ ནི་ཐམས་ཅད་ཀྱིའོ།།དང༌། རིགས་དམན་པའི་ བཤན་པ་ལ་སོགས་པའོ། །རིགས་ཅན་རྗེས་སུ་མྱོང་ཞིང་སྡུག་བསྔལ་བ་དང༌། སྡུག་བསྔལ་བརྒྱུད་པ་དང༌། གཞན་ལ་གནོད་པར་བྱེད་པ་དང༌། ལས་ཀྱི་སྒྲིབ་པ་བར་ཆད་མེད་པ་རྣམ་པ་སྣ་ཚོགས་བྱེད་པ་དང༌། གཞན་ཡང་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྔར་མྱོང་ཞིང་ད་དུང་རྒྱུ་མ་སྤངས་པས་ཕྱིས་ཀྱང་མྱོང་བར་འགྱུར་རོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་ཐམས་ཅད་ཀྱིས་ཐོས་ནས་ཤིན་ཏུ་དངངས་པ་དང་ ཤིང་སྐྲག་པ་ནི་ཡིད་ཡིན་ལ་སྟེ། སྐྱོ་ པ་ནི་ཡིད་འབྱུང་བའོ། །ནས་ཁ་སྦུབ་ཏུ་འགྱེལ་ཏོ། །དེ་ནས་ཡང་ལངས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡུག་བསྔལ་བརྒྱུད་པ་འདི་ལས་ཇི་ལྟར་ན་འདི་ཐར་བར་འགྱུར། བདེ་བར་གཤེགས་པ་ཇི་ལྟར་ཐར་བར་འགྱུར།


JLD010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཅི་ནས་ཀྱང་སྡུག་བསྔལ་གྱི་ཕུང་པོ་འདི་ལས་རྣམ་པར་གྲོལ་བར་འགྱུར་བར་འདི་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་འདི་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་བཤད་པ་འདི་ངས་ཀྱང་བཤད་ཀྱིས་ཉོན་ཅིག ། བཅོམ་ལྡན་འདས་ཀྱིས་རྒྱུད་བཤད་པར་ཞལ་གྱིས་བཞེས་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡང་བཅོམ་ལྡན་འདས་ལ་མེ་ཏོག་མནྡ་ར་བ་དང༌། མནྡ་ར་བ་ཆེན་པོ་དང༌། མེ་ཏོག་རྣམ་པ་སྣ་ཚོགས་དང༌། རིན་པོ་ཆེའི་དབུ་རྒྱན་དང༌། ཕྱག་གདུབ་དང༌། དཔུང་རྒྱན་དང༌། སྙན་ཆ་དང༌། དོ་ཤལ་དང༌། སེ་མོ་དོ་ལ་སོགས་པའི་རྒྱན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་ཀྱིས་བརྒྱ་བྱིན་ལ་སོགས་རངས་ནས། མངོན་པར་མཆོད་དེ། ལན་བརྒྱ་སྟོང་ཕྲག་དུ་མར་སྐོར་བ་བྱས་ཤིང་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལེགས་སོ། །བདེ་བར་གཤེགས་པ་ལེགས་སོ། །ཞེས་བྱ་བས་ པ་ནི་ཡིད་འབྱུང་བའོ། །མཉེས་པར་བྱས་ནས། བཅོམ་ལྡན་འདས་ལྷ་དང་བཅས་པའི་ནོར་བུ་དྲི་མ་མེད་པར་མ་ཟད། སེམས་ཅན་ཐམས་ཅད་ལ་ཕུགས་སུ་ཕན་པ་དང༌། འཕྲལ་དུ་བདེ་བར་བགྱི་བ་དང༌། མ་འོངས་པའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་གསུམ་ ཆག་གིས། ངན་སོང་གསུམ་གྱི་རྒྱུད་ལས། ཞེས་བསྒྱུར། ལས་རྣམ་པར་ཐར་བར་བགྱི་བའི་སླད་དུ་ལེགས་པར་བཤད་དུ་གསོལ། དེར་མ་ཟད་དེ་ནས་ཚངས་པ་ལ་སོགས་པའི་ལྷ་མང་ འགྱུར་རྙིང་ཁ་ཅིག་ཏུ། པོ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་


previousཤོག་ལྷེབ་ ༢༨༡ ནས་ ༣༠༠ བར། next