Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  expand section
   
ཀུན་རིག་ཆོ་གའི་ཟིན་བྲིས།
   
   
   
   
   
   


 
previousཀུན་རིག་ཆོ་གའི་ཟིན་བྲིས།next

ཀུན་རིག་ཆོ་གའི་ཟིན་བྲིས།


JLD010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་ཆོ་གའི་ཟིན་བྲིས་བཞུགས་སོ། །


JLD010_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་གསོལ་གདབ་སོ་སོར་བྱེད་པ་ལ། རྒྱས་པར་བྱེད་ན། ཤར་ནས་བརྩམས་ཏེ་ཅིག་ཅར་དུ་མཆོད་པ་བསང་སྦྱང་བྱིན་དབབ། དེ་ནས་བཞི་ནས་རིམ་པ་བཞིན་སྟོང་གསུམ་མ་ཕྱི་སྒེག །ནང་སྒེག །མཚན་བརྒྱས་བསྟོད་པ་བྱས་ནས་དབྱངས་སོ་སོར་བྱ། ཕྱག་རྒྱ་དང་དྲིལ་སྟབས་ཐུན་མོང་དུ་བྱ། དེ་གྲུབ་ན་ཤར་ནས་ཉེར་སྤྱོད་དང་སྒེག་སོགས་བརྒྱད་བྱ། བསྟོད་པ་ཟིན་པ་དང་མཎྜལ་བཤམ། དེ་ནས་ལངས་ཏེ་དབུལ། བདག་གཞན་ནས་བཞེངས་སུ་གསོལ་གྱི་བར་བརྗོད། རིགས་བསྡུས་གཉིས་ཡིན་ན་སྒོ་སོ་སོ་ནས་རིམ་པ་བཞིན་གསོལ་གདབ་བྱ། གཞན་ལ་སྒོ་ན་གནས་པ་རྣམས་ཀྱིས་དུས་གཅིག་ཏུ་ལངས་ནས་དབྱངས་རྐང་པ་གཉིས་གཉིས་བྱས་ནས་


JLD010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཚིགས་བཅད་ཐ་མ་ལ་ལན་གཉིས་བྱེད། དེ་རྣམས་ལ་དབྱངས་ཀྱི་ཚེ་རིགས་ལྔའི་དྲིལ་སྟབས་དང་ཚིགས་བཅད་ཀྱི་ཚེ་རྫོགས་མཚམས་སུ་དྲིལ་གསིལ་རེ། དབྱངས་ཀྱི་ཐོག་མ་གཅེམ་པ་ལ་དྲིལ་གསིལ་རེ། མཐར་གཡས་སྔོན་འགྲོའི་གཞི་བཅའ་འཇམ་པོ་གར་སྐོར་དང་བཅས་པའི་མཐར་མཉམ་པ་བྱས་ནས་ཕྱག་འཚལ། དེ་ནས་ང་རྒྱལ་བཟུང་བ་ལ་རྐང་པ་གཉིས་གཉིས་ཕྱོགས་རེར་བྱེད་པ་ལ་དང་པོ་རྣམས་ལ་དྲིལ་སྟབས། གཉིས་པ་རྣམས་ལ་རྡོར་སེམས། རིན་ཆེན། ཆོས་རབ། ལས་རབ་ཀྱི་ཕྱག་ཆེན་འཆའ་ཞེས་བླ་མ་བཞེད། རྐང་པ་དང་པོ་གཉིས་ལ་གཡས་རོལ་དང༌། ལག་པ་རྣམ་སྣང་དང་རྡོར་སེམས་ཀྱི་ཕྱག་ཆེན་འཆའ་སྟེ་ཤར་དུའོ། །གསུམ་པ་གཡས་


JLD010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དང་རྡོར་སེམས་ཀྱི་ཕྱག་ཆེན། བཞི་པ་ལ་གཡོན་བརྐྱང་དང་ལག་པ་ཧཱུཾ་མཛད་དེ་ལྷོ་རུའོ། །ལྔ་པ་ལ་ས་ག་དང་ཆོས་རབ་ཀྱི་ཕྱག་ཆེན་ཏེ་ནུབ་ཏུའོ། །དྲུག་པ་ལ་ཟླུམ་པོ་དང་རིན་ཆེན་གྱི་ཕྱག་ཆེན་ཏེ་བྱང་དུའོ། །བདུན་པ་ནི་གཉིས་པ་ལྟར་དང༌། བརྒྱད་པ་ལ་གཡོན་བརྐྱང་དང་ལག་པ་རྡོར་སེམས་ཀྱི་ཕྱག་ཆེན་ཏེ་ཤར་དུ་བལྟས་ལ་བྱའོ་ཞེས་གཞན་དག་ཟེར་རོ! །དེ་ནས་མིག་རྐང་བྱིན་གྱིས་བརླབ། དཀྱིལ་འཁོར་གདེག །གནས་བཞི་བྱིན་གྱིས་བརླབ། རྡོར་སེམས་ཀྱི་ཕྱག་ཆེན་ལ་གནས་པས་བལྟ། དེ་ནས་རྐང་པ་བྱིན་གྱིས་བརླབ་པ་འཕྲེང་བ་ལྟར་བྱས་ནས། ཧཱུཾ་རིང་པོའི་སྔགས་དང་སྣ་ཚོགས་རྡོ་རྗེའི་འགྲོས་ཀྱིས་བསྐོར་ལ། རི་རབ་ཀྱི་རྩེ་མོ་ནས་རླུང་གི་བར་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར་ཅེས་བརྗོད། དེ་ནི་རྒྱས་པ་ལ་ཡང་དགོས་ལ་འབྲིང་པོ་ལྟར་ན། དེ་ནས་མེ་ལྟར་འབར་བར་བསྐྱེད། ཁྲོ་བོ་སྤྱན་འདྲེན་དང་བསྟོད་པ་ལ་དཀྱིལ་འཁོར་ས་གཞི་མའི་དབྱངས་བྱས་ནས། རིམ་པ་བཞིན་སྤྱན་འདྲེན་དང་རིགས་ལྔའི་དྲིལ་གསིལ་བྱ། བསྐལ་པ་མེ་ལྟར་ལ་གདུག་པ་དྲག་ཅན་གྱི་འགྲོས་བྱ། དཀྱིལ་འཁོར་ས་གཞི་མ་ལ་རང་གི་དབྱངས་ལྟར་ན་ས་ཆོག་གར་བྱ། ཉི་ཟླ་འོད་སྟོང་མ་བྱེད་ན་ཧཱུཾ་ལ་དྲིལ་གསིལ་དང༌། ཚིག་མགོ་ལ་ཡང་དེ་བྱ། དེ་ནས་འདེགས་འཇོག་གི་མཚམས་དང་བསྟུན་ལ་རིགས་ལྔའི་དྲིལ་གསིལ་བྱས་ནས། མཐར་ཧཱུཾ་དང་པོ་གསུམ་ལ་གཡས་སུ་འགྲོ་བ་དང༌། ཕྱི་མ་བཞི་ལ་གཡོན་དུ་འགྲོ་བ་བྱ། ས་ཆོག་ལྟར་གར་བྱེད་ན་དང་པོར་ཧཱུཾ་མཛད། དེ་ནས་མདའ་


JLD010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ། དེ་ནས་རྡོར་ཞགས་བྱ། རྐང་པ་རེ་རེའི་ཚེག་པར་སྔོན་མ་ལ་མི་འདོགས་པར་དབྱངས་ཀྱི་འདེགས་མཚམས་ལ་གཡས་གཡོན་དུ་གདེག་གོ །དེ་ནས་བཀའ་བསྒོ་དང་པོའི་ཚིག་བགེགས་སྐྲོད་དང་བཅས་པ་བྱ། དེ་ནས་བསྣུན་བསྲེག་བཅིང་གསུམ་ནས། གུར་གྱི་བར་བྱ། དེ་ནས་དཀྱིལ་ཆོག་གི་རིམ་པ་ལྟར་བསང་ཆུའི་བར་དུ་བྱ་སྟེ། ས་ཆོག་གོ །བསྡུས་པ་ནི། སྤྱན་འདྲེན་སོགས་དབྱངས་དང་བྲལ་བའོ། །རྒྱས་པ་ནི། འགྲོས་ཀྱི་འཕྲོས་ནས། སྟོང་གསུམ་མའི་ཉེར་སྤྱོད་གཞི་བཅའ་མེད་པ་གཞན་སྒེག་སོགས་དང་འདྲ་བ་ཞིག་དང༌། སྒེག་སོགས། དེ་ནས་རྡོ་རྗེ་རིགས་ཀྱི་མཚན་བརྒྱ་རྩ་ལ་སེམས་དཔའི་སྤྱི་འགྲོས་དང་དབྱངས་བྱས་ནས་བསྟོད། འདིར་མཆོད་པ་བྱིན་རླབས་མི་བྱེད། གྲུབ་ན་སྒོ་དང་དབུས་ཀྱི་སློབ་དཔོན་རྣམས་ཕྱོགས་མདོག་གི་གོས་གྱོན་ཏེ་སློབ་དཔོན་རྣམས་སྔ་ནས་ཀྱང་དེ་ལྟར་རུང་ངོ༌། །དེ་ནས་གསོལ་གདབ་ལ་ཕྱོགས་སོ་སོ་ནས་དབྱངས་རེ་དང་ཚིགས་བཅད་མ་གཉིས་གཉིས་བྱས། དབྱངས་ཀྱི་རྐང་པ་དང་པོ་གསུམ་ལ་རིགས་ལྔའི་དྲིལ་སྟབས། ཐ་མ་ལ་གར་བསྐོར་ནས་རྣམ་སྣང་གི་ཕྱག་ཆེན་འཆའ། འདིར་མཎྜལ་འབུལ་བ་མེད། གསོལ་གདབ་འོག་མ་ལ་དབྱངས་འབའ་ཞིག་བྱེད། ཕྱག་རྒྱ་སོ་སོའི་དེ་མིན་པ་མི་བྱེད། ཁྲོ་བོ་བཅས་ནས་ཟིལ་གནོན་གྱི་འགྲོས་ཟིན་པ་དང༌། མ་རུངས་པ་རྣམས་ཞེས་བརྗོད་དོ། །ཧཱུཾ་ཏྱེ་བའི་ཚེ་སྔོན་མ་གཞི་བཅའ་དྲག་པོ་དྲིལ་གསིལ་དང་བཅས་པས་གཡོན་བརྐྱང་


JLD010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། འཕར་ཐེབས་རེ་ལ་སྔགས་གཉིས་གཉིས། ཀུན་བཟང་ལ་གར་བསྐོར་ནས་ཕྱག་ཆེན་འཆའ། ཞལ་བཞི་པ་ལ་སྔོན་ལ་དྲིལ་གསིལ་གཅིག །རིགས་ལྔའི་ཕྱག་ཆེན་འཆའ་བའི་ཚིག་རྐང་གཉིས་ཚན་རྣམས་ལ་དེ་ཉིད་དུ་བསྡད་ནས། དང་པོ་ལ་རིགས་ལྔའི་དྲིལ་སྟབས། གཉིས་པ་ལ་གར་བསྐོར་ནས་ཕྱག་ཆེན་བྱེད་དོ། །གནས་བཞི་བྱིན་རླབས་ཟིན་པ་དང་རྐང་པ་བྱིན་རླབས་དང་འགྲོས་སྔར་ལྟར་བྱས་ནས། གཞི་བཅའ་དྲག་པོ་ཧཱུཾ་དང་དྲིལ་གསིལ་དང་བཅས་པ་གཡོན་བརྐྱང་དང༌། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ནས་ཁྲོ་བོའི་ལྟ་བས་བལྟ། ཁྲོ་བོ་ཉེར་དྲུག་ལ་སྔོན་ལ་དྲིལ་གསིལ་རེ། སྔགས་དབྱངས་ལ་དྲིལ་གསིལ་མེད། མེ་ཏོག་འབུལ་བའི་རྐང་པ་ཐ་མ་ལ་གར་བསྐོར་ནས། མེ་ཏོག་ནས་གཞི་བཅའ་འཇམ་པ་པོ་གཡས་རོལ་བྱ། ཁྲོ་བོའི་བསྟོད་པ་ལ་སེམས་དཔའི་ཕྱི་འགྲོས་ལྟར་བྱེད་ན་རྔ་མི་བརྡུང༌། རྔ་བརྡུང་བྱེད་ན། དང་པོ་སྡོང་ཙ་ན་ཆེ་བ་གསུམ། དེ་ནས་འགྲོ་བ་སོགས་བྱའོ། །དེ་ནས་ཕྱག་རྒྱ་ལ་མགོར་དྲིལ་གསིལ་མེད། སྔགས་དབྱངས་ལ་གཡས་གཡོན་དུ་འཁྱེར་བ་རྣམས་ལ། གཡས་སུ་བཅས་ནས་གཡོན་དུ་ཁྱེར་བ་ནས་དྲིལ་གསིལ་རེ་བྱེད། སུ་ཁ་དྲེ་བཤར་བར་བྱེད། རྡོ་རྗེ་འཇིགས་བྱེད་ལ་སྔགས་དབྱངས་ཀྱི་ཚེ་གཡས་སྐོར་དུ་བསྐོར་ནས། ལུས་བསྒྱུར་བ་ན་ཡང་གཡས་སྐོར་དུ་བསྒྱུར་བས་ཁ་ནང་དུ་བལྟ། ལྷོ་ནས་ནུབ་ཏུ་འགྲོ་བ་ན་གཡོན་སྔོན་འགྲོ་ཐོག་མར་བྱེད། དེ་བྱེད་པ་ན་ཁ་ཕྱིར་བལྟ། གཡས་སྔོན་འགྲོས་འགྲོ་བ་ན་སྔོན་ལ་ཁ་ནང་དུ། དེ་གཉིས་ལ་མཐར་


JLD010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་ཁ་བལྟ་ལུགས་ལས་ལོག་པ་རེ་དགོས་སོ་ལོ། །ཕྱག་རྒྱའི་སྔགས་དབྱངས་ལ། དང་པོ་མདུན་མས་ཕར་ལ་འཐེན། ཕྱག་རྒྱ་ཟིན་པ་དང་སློབ་དཔོན་དབུས་སུ་ཕུར་བུ་བསྒྲུབ། སློབ་མ་རྣམས་ཀྱིས་མཐའ་བསྐོར་ཞིང་འཛབ་བགྲང༌། བསྐུལ་ལོ་ཡན་གྱི་ཚེ་རྡོ་རྗེ་གཡོན་ནས་གཡས་སུ་འཁྱེར་བ་རེ་བྱེད། སྔགས་དབྱངས་ཀྱི་ཚེ་རྐང་པ་བསྣོལ་ཞིང་འགྲོ ། དེ་ནས་དབུས་སུ་གཡས་སྔོན་འགྲོའི་གཞི་བཅའ་དྲག་པོ་ཧཱུཾ་དང་དྲིལ་གསིལ་རེ་ཡང་བྱས། ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང་གཡས་པ་མདུན་དུ་ནུད་ནུད་བརྡབས་ནས་པུས་མོ་གཡོན་པ་བཙུགས་ནས་ཕུར་བུ་གདབ། དེ་ནས་ས་ཆོག་བཞིན་ནམ། ཡང་ན་ཕུར་བུ་རྣམས་དཀྱུས་ལ་གདབ་བོ། །འདི་བྲིས་དགེ་བས་སངས་རྒྱས་མྱུར་ཐོབ་ཤིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།


previousཀུན་རིག་ཆོ་གའི་ཟིན་བྲིས།next