Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  expand section
   
   
དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག
   
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོགnext

དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག


JLD010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག་བཞུགས་སོ། །


JLD010_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་པའི་ཐབས་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོས་གཞན་གྱི་དབང་གྱུར་པས། །ཤིན་ཏུ་ཞི་བའི་རྗེ་བཙུན་འཇམ་པའི་དབྱངས། །དྲག་པོའི་སྟོབས་ཀྱིས་བསྙེམས་པའི་གདུག་པ་ཅན། །འདུལ་ཕྱིར་ཤིན་ཏུ་ཁྲོས་པའི་སྐུར་བསྟན་པ། །དཔལ་ལྡན་བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི། །ཞབས་ལ་བཏུད་ནས་དེ་ཡི་སྒྲུབ་པའི་ཐབས། །ཐག་རིང་ཡུལ་ནས་མང་ཐོས་སྡོམ་བརྩོན་མཆོག །ངག་དབང་གྲགས་པས་བསྐུལ་ཕྱིར་འདིར་བཤད་བྱ། །འདིར་རྣལ་འབྱོར་པ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་པ་དང༌། བྱམས་པ་


JLD010_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སེམས་ཀྱིས་སེམས་ཅན་གྱི་དོན་ལ་བརྩོན་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པ། དད་པ་དང་ཐོས་པས་རྣམ་པར་བརྒྱན་ཅིང༌། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ལེགས་པར་ཐོབ་ཅིང༌། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྲུང་བ་ལ་བརྩོན་པས། རྒྱུད་ལས་གསུངས་པའི་གནས་དགོན་པ་ལ་སོགས་པ་ཡིད་དང་མཐུན་པ་གང་ཡང་རུང་བར། དང་པོར་ཁྲུས་བྱ་ཞིང་མཎྜལ་བྱི་དོར་བྱ། མེ་ཏོག་གཅལ་དུ་དགྲམ། བྲིས་སྐུ་མདུན་དུ་བཤམས། སྟན་བདེ་བ་ལ་ཁ་ལྷོར་ཕྱོགས་ཏེ་འདུག་ནས་བདུད་རྩི་རིལ་བུས་ཁ་དག་པར་བྱས་ཏེ། ལྷ་དང་འབྱུང་པོ་ལ་གཏོར་མ་ཕུལ་ལ་འཕྲིན་ལས་བཅོལ་ཏེ་གཤེགས་


JLD010_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ནས་རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར། པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས་ནས། དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང༌། རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད། བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་འོད་ཟེར་སྙིང་གར་བསྡུའོ། །དེ་ནས། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པས་བླ་མ་དང་ལྷ་ལ་ཕྱག་བྱ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་ཙརྩི་ཀ་དཀར་མོ། ཕག་མོ་སྔོན་མོ། དབྱངས་ཅན་མ་དམར་མོ། གཽ་རཱི་ལྗང་གུ་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མཆོད་པར་བསམས་ལ།ༀ་ཧྲཱིཿ ཥྚྲཱིཿ ཧས་མཆོད་ཡོན་དང༌། ༀ་ཧཱུཾ་ཧཱུཾ་ཕཊ་ཀྱིས་ཞབས་བསིལ། ༀ་ཝི་ཀྲི་ཏཱ་ན་ན་དུཥྚཾ་སཏྭ་ད་མ་ཀ་གཿ གཿ གཿ ཡིས་དྲི། ༀ་ཀུ་མཱ་རཱ་རཱ་པི་ཎི་ཛཿ ཛཿ ཧཱུཾ་ཕཊ་ཀྱིས་མེ་ཏོག །ༀ་ཧྲཱིཿ ཧཱཿ ཧེ་ཕཊ་ཀྱིས་བདུག་སྤོས། ༀ་དཱིཔྟ་ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ནི་དཱིཔྟ་ཡ་སྭཱཧཱ་ས་མར་མེ། ༀ་བཛྲ་ནེ་ཝི་དྱ་ཨཱཿ ཧཱུཾ་སྭཱ་ཧཱས་ལྷ་བཤོས། ༀ་བཛྲ་ཤཔྟ་ཨཱཿ ཧཱུཾ་གིས་རོལ་མོ་རྣམས་དབུལ་ལ་ལྷ་མོ་རྣམས་


JLD010_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བསྡུའོ། །དེ་ནས། སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང༌། །བདག་གིས་བདེར་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ནི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། །ཞེས་དེ་དག་གི་དོན་ཡིད་ལ་བསམས་ལ་བརྗོད་དོ། །རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་དང་སྡོམ་པ་སྔར་བཟུང་བ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གཟུང་བར་བྱའོ་སྙམ་དུ་བསམས་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་བར་བརྗོད་ལ། སྡོམ་པ་གཟུང་བ་བརྟན་པར་བྱ།དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་


JLD010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ་སྙམ་དུ་ཚད་མེད་པ་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་བསག་པའོ། །དེ་ནས། ༀ་སྭ་བྷཱ་ཝ་ཤུད་དྷཱཿ སརྦ་དྷརྨཱཿ སྭབྷཱ་ཝ་ཤུད་དྷོ་྅ཧཾ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ། བདག་མེད་པའི་ལྟ་བ་དྲན་པར་བྱས་ནས། ཐ་མལ་པའི་སྣང་བ་མེད་པ་ལ་འཇུག་པར་བྱ་སྟེ་ཡེ་ཤེས་ཀྱི་ཚོགས་བསག་པའོ། །དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པའི་སྔོན་གྱི་སྨོན་ལམ་དྲན་པར་བྱས་ལ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བའི་འཕྲེང་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིར་རྡོ་རྗེས་མཚན་པའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས། འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་རྭ་བའི་སྟེང་དུ་རྡོ་རྗེའི་བླ་བྲེ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་


JLD010_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བ་བསྒོམ་སྟེ། སྲུང་འཁོར་ཐུན་མོང་བའོ། །ཐུན་མོང་མ་ཡིན་པའི་སྲུང་འཁོར་སྒོམ་པར་འདོད་ན། ལཱ་ལི་ཏས་མཛད་པའི་སྒྲུབ་ཐབས་ལས་འབྱུང་བ་ལྟར་སྒོམ་དགོས་ཏེ་གཞན་དུ་བཤད་ཟིན་ཏོ། །ར་བའི་དབུས་སུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི ། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་དཀར་པོ་གྲུ་གསུམ་པ་གྱེན་དུ་འགྲེང་བ་འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་བཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར། ལྷོའི་རྭ་སེར། ནུབ་ཀྱི་རྭ་དམར། བྱང་གི་རྭ་ལྗང༌། དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པར་བསམ་མོ། །དེའི་དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་གྲི །གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་


JLD010_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུས་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ། རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ་དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང༌། འོག་གི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ། དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན། ནཱ་ག་གེ་སར་གྱི་ཤིང་ངམ་ཤི་རི་ཥ་ལ་སོགས་པའི་ཤིང་བརྒྱད། དེའི་རྩ་བར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད། རྩེ་མོར་རྫུ་འཕྲུལ་ཆེན་པོ་བ་གླང་པོ་ཆེའི་གདོང་པ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད།


JLD010_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། དེ་དག་གི་སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང། གསལ་ཤིང་གིས་ཕུག་པའི་རོ་དང༌། ཤིང་ལ་དཔྱངས་པ་དང༌། སྐྱེས་བུ་ཟ་བ་དང༌། མཚོན་གྱིས་ཕུག་པ་ལ་སོགས་པ་དང༌། བྱ་རོག་དང་བྱ་རྒོད་དང༌། ཁྱི་དང་ཅེ་སྤྱང་དང༌། སེང་གེ་དང་སྟག་ལ་སོགས་པ་དང༌། ཅ་ཅོ་སྒྲོག་པའི་རོ་ལངས་དང༌། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བ་གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་གི་རེ་མིག་དགུ་པའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དང༌། ནང་གི་ཕྱོགས་གཞན་གསུམ་དང་སྒོ་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན། ནང་གི་ཤར་དང་གྲྭ་བཞི་དང་ཕྱིའི་གྲྭ་བཞིར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ཟུང་རེ་སྒོམ་སྟེ་རྟེན་བསྐྱེད་པའོ། །གདན་དབུས་མའི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ།


JLD010_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱིཿ སེར་པོ་ལས་བྱུང་བའི་རལ་གྲིའི་དབུས་སུ་དྷཱིཿ ས་མཚན་པ་ལས་འོད་འཕྲོས་པས། བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང༌། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །དེའི་ཐུགས་ཀར་ཨཱཿ ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང༌། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང༌། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང༌། སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པས་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ལ་སོགས་པ་བཞི་སྤྱན་དྲངས་ནས། ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ། འོད་ཟེར་ལྔ་དང་ལྡན་པ། ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་ལ་སོགས་པ་བཞི་སྤྲོས་ཏེ་ནམ་མཁའི་ཁམས་


JLD010_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ། ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་ནས་རྡོ་རྗེ་ལ་ཐིམ་པར་བསམ་མོ། །ཟླ་བ་དང་དེའི་སྟེང་གི་ཉི་མ་རྡོ་རྗེ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ་ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་བ། མཆེ་བ་རྣམ་པར་གཅིགས་པ་ཁྲོ་གཉེར་ཅན། ཁྲོ་གཉེར་གྱི་འགྲམ་དུ་སྨིན་མ་དང་སྤྱན་འཇིག་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། ཕ້་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་སྐམ་པོ་ལྔ་ཐོད་བྱས་ཤིང༌། མགོ་བོ་རློན་པ་ལྔ་བཅུའི་ཐོད་པའི་འཕྲེང་བས་བརྒྱན་པ། སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང༌། རྣ་ཆ་ལ་སོགས་པའི་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ་བ་གཅེར་བུའི་གཟུགས་ཅན། སྨིན་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང༌། རྩ་ཞལ་ནག་པོ་མ་ཧེའི་གདོང་


JLD010_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཤིན་ཏུ་ཁྲོས་པ་རྭ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ། རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཁ། གཡོན་ཞལ་ནག་པོ། ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང། སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པའི་པགས་པ་གཡོན་པ་ནས་བརྐྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷི་དྷི་པཱ་ལ། གསུམ་པ་ན་གཏུན་ཤིང༌། བཞི་པ་ན་ཆུ་གྲི ། ལྔ་པ་ན་ཀ་ཎ་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང༌། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཏོ། བཅུ་གཅིག་པ་ན་ཁ་ཊྭཱཾ་ག །བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི ། བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང༌། ལྷག་མ་གཡོན་གྱི་དང་པོ་ན་ཁྲག་གིས་བཀང་བའི་ཐོད་པ། གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་


JLD010_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པའོ། །ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང༌། བཞི་པས་བོང་བུ། ལྔ་པས་རྔ་མོང༌། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པས་ཝ་དང༌། གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་པ་དང་དབང་པོ་དང༌། ཁྱབ་འཇུག་དང་དྲག་པོ་དང༌། གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང༌། ཟླ་བ་དང་ཉི་མ་ཁ་སྦུབ་ཏུ་བྱས་ཏེ་ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་བསམ་མོ། །རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་སྔར་དང་འདྲ་བའི་འཇམ་དབྱངས་ཀྱི་ཐུགས་ཀར། ཨཱཿ ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བར་བསམ་མོ། །དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་གདུག་པའི་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཐོད་སྐམ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་


JLD010_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་ཅན་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་པས་ཡབ་ལ་འཁྱུད་པ། ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ༀ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་ནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱཿ ལས་བྱུང་བའི་ཟེ་འབྲུ་བུ་ག་ཕཊ་ཀྱིས་བཀག་པར་བསམས་ལ། ཕན་ཚུན་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པའི་དགའ་བ་བརྩམས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་ངའོ་སྙམ་དུ་རྗེས་ཆགས་ཀྱི་ང་རྒྱལ་བྱའོ། །དེ་ནས་རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས་རང་གི་ཞལ་དུ་བཅུག །ཐུགས་ཀར་འོད་དུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་གཅིག་ཡའམ་བྷྲུཾ་དུ་གྱུར་པ་ལས། གཞལ་ཡས་ཁང་གདན་དང་བཅས་པ་སྔར་བཞིན་བསྐྱེད། ཐིག་ལེ་གཞན་གདན་རྣམས་ཀྱི་སྟེང་དུ་ཆ་བཅུ་བདུན་དུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཧཱུཾ་མམ་ཡ། ནང་གི་ཤར་དུ་ཀྵེ། ལྷོར་མ། ནུབ་ཏུ་མེ། བྱང་དུ་ད། ཤར་ལ་སོགས་པའི་སྒོ་བཞིར་ཡ་ཙ་ནི་ར་དང༌། ནང་གི་ཤར་ལྷོ་ནས་བརྩམས་པའི་གྲྭ་བཞིར་ཛ་ས་དོ་རུ་དང༌། དེའི་ཕྱིའི་གྲྭ་བཞིར་ཎ་ཡོ་ནི་ར་སྟེ་ཡི་གེ་བཅུ་བདུན་དུ་གྱུར། ཡི་གེ་ཕྱི་མ་བཞི་མ་གཏོགས་པ་རྣམས་


JLD010_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས། དབུས་དང་ནང་གི་ཕྱོགས་བཞིར་རིམ་པ་བཞིན་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་པདྨ་རལ་གྲི་དང༌། ཤར་ལ་སོགས་པའི་སྒོ་བཞིར་རིམ་པ་བཞིན་ཐོ་བ་དབྱིག་པ་པདྨ་རལ་གྲི་དང༌། ནང་གི་ཤར་ལྷོ་ནས་བརྩམས་ཏེ་རིམ་པ་བཞིན་འཁོར་ལོ་རྡོ་རྗེ་པདྨ་རལ་གྲིར་གྱུར་ཏེ། རང་རང་གི་ས་བོན་གྱིས་མཚན་པ་འོད་ཟེར་འཕྲོ་ཞིང་འདུ་པར་བསམ་མོ། །ཕྱག་མཚན་ས་བོན་གྱིས་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་རང་རང་གི་སྐུར་རྫོགས་པ་ནི། དབུས་སུ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ནི་སྔར་བཞིན་ནོ། །ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་འཁོར་ལོ་རལ་གྲི། གཡོན་གཉིས་ནོར་བུ་པདྨ་འཛིན་པ། ལྷོར་སེར་སྣ་གཤིན་རྗེ་གཤེད་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་ནོར་བུ་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ་འཛིན་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་པདྨ་རལ་གྲི། གཡོན་གཉིས་ནོར་བུ་འཁོར་ལོ་འཛིན་པ། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་རལ་གྲི་འཁོར་ལོ། གཡོན་གཉིས་ནོར་བུ་པདྨ་འཛིན་པ། ཤར་སྒོར་ཐོ་བ་གཤིན་རྗེ་གཤེད་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་


JLD010_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་བ་སྔོན་པོ་རྭ་ཉི་ཤུ་པ་དང་རལ་གྲི། གཡོན་གཉིས་ནོར་བུ་པདྨ་འཛིན་པ། ལྷོ་སྒོར་དབྱུག་པ་གཤིན་རྗེ་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་དབྱུག་པ་རལ་གྲི། གཡོན་གཉིས་པདྨ་འཁོར་ལོ། ནུབ་སྒོར་པདྨ་གཤིན་རྗེ་གཤེད་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་པདྨ་རལ་གྲི། གཡོན་གཉིས་འཁོར་ལོ་ནོར་བུ་འཛིན་པ། བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་རལ་གྲི་འཁོར་ལོ། །གཡོན་གཉིས་ནོར་བུ་པདྨ་འཛིན་པ། ཡབ་བརྒྱད་པོ་ཐམས་ཅད་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། འབར་བའི་མཆེ་བ་བཞི་བཞི་རབ་ཏུ་གཙིགས་ནས། ལྗགས་རྣམ་པར་འདྲིལ་ཞིང་འོད་ཟེར་རབ་ཏུ་འཕྲོ་བ། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཞིང༌། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། པདྨ་དཀར་པོས་མགུལ་རྒྱན་བྱས་ཤིང༌། སྟོབས་ཀྱི་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་ཞབས་གདུབ་བྱས་པ། ཀླུ་བརྒྱད་པོ་ཐམས་ཅད་ཕུད་ཀྱི་སྒྲ་སྒྲོག་ཅིང་ལྕེ་གཉིས་པ་དུག་དང་ལྡན་པའི་མཆེ་བའི་འཕྲེང་བ་


JLD010_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནོ། །ནང་གི་ཤར་ལྷོར་ཙ་རྩི་ཀ་དཀར་མོ་ཤིན་ཏུ་སྐེམ་ཞིང་དྲག་ཏུ་ཁྲོས་པ། གཏི་མུག་གཤིན་རྗེ་གཤེད་ལྟ་བུ། ལྷོ་ནུབ་ཏུ་ཕག་མོ་སྔོན་མོ་ཕག་གདོང་ཅན་སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ་འཛིན་པ། ནུབ་བྱང་དུ་དབྱངས་ཅན་མ་དམར་མོ་ཞི་བའི་ཆ་བྱད་ཅན་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། བྱང་ཤར་དུ་གཽ་རཱི་ལྗང་གུ་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། ཕག་མོ་དང་གཽ་རཱི་གཉིས་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བའོ། །ཐམས་ཅད་ཀྱི་ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་དང་ཡབ་ལ་འཁྱུད་པ། ཕྱིའི་གྲྭ་བཞིའི་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས། མིའི་ཐོད་པ་བདུད་རྩིས་གང་བ་བཞིའོ། །ཧྲཱིཿ ཥྚྲཱིས་གཙོ་བོ་ཡབ་ཡུམ་བསྐུལ་དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས་ཏེ་ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ།ༀ་ཛི་ན་ཛིཀ་གིས་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ་དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་ཕྱུང་སྟེ། སེམས་ཅན་རྣམས་ཀྱི་གཏི་མུག་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད་ནས་ནང་གི་ཤར་གྱི་གདན་ལ་འཁོད། དེ་བཞིན་དུ་ཀུན་ལ་སྦྱར་ཏེ། ༀ་རཏྣ་དྷིཀ་གིས་སེར་སྣ་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། ང་


JLD010_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་སེར་སྣ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད་ནས་ལྷོར་འཁོར། ༀ་ཨཱ་རོ་ལིཀ་གིས་འདོད་ཆགས་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། འདོད་ཆགས་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད་ནས་ནུབ་ཏུ་འཁོད། ༀ་པྲ་ཛྙཱ་དྷྲིཀ་གིས་ཕྲག་དོག་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། ཕྲག་དོག་སྦྱངས། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་བཀོད་ནས་བྱང་དུ་འཁོད། ༀ་མུད་ག་ར་དྷིཀ་གིས་ཐོ་བ་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། སེམས་ཅན་རྣམས་ཀྱི་ཕུང་པོའི་བདུད་བཅོམ། དད་པའི་སྟོབས་ལ་བཀོད་ནས་ཤར་སྒོའི་དབུས་སུ་འཁོད། ༀ་དཎྜ་དྷིཀ་གིས་དབྱུག་པ་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། ཉོན་མོངས་པའི་བདུད་བཅོམ། བརྩོན་འགྲུས་ཀྱི་སྟོབས་ལ་བཀོད་ནས་ལྷོ་སྒོར་འཁོད། ༀ་པདྨ་དྷིཀ་གིས་པདྨ་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། འཆི་བདག་གི་བདུད་བཅོམ། དྲན་པའི་སྟོབས་ལ་བཀོད་ནས་ནུབ་སྒོར་འཁོད། ༀ་ཁངྒ་དྷིཀ་གིས་རལ་གྲི་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། ལྷའི་བུའི་བདུད་བཅོམ། ཏིང་ངེ་འཛིན་གྱི་སྟོབས་ལ་བཀོད་ནས་བྱང་སྒོར་འཁོད། ༀ་མོ་ཧ་ར་ཏིས་ཙ་རྩི་ཀ་ཕྱུང༌། སེམས་ཅན་རྣམས་ཀྱི་སའི་ཁམས་སྦྱངས། བྱམས་པ་ཚད་མེད་པ་ལ་བཀོད་ནས་ནང་གི་ཤར་ལྷོའི་གྲྭར་འཁོད། ༀ་དྭེ་ཥ་ར་ཏིས་ཕག་མོ་ཕྱུང༌། ཆུའི་ཁམས་སྦྱངས། སྙིང་རྗེ་ཚད་མེད་ལ་བཀོད་ནས་ལྷོ་ནུབ་ཏུ་འཁོད། ༀ་རཱ་ག་ར་ཏིས་དབྱངས་ཅན་མ་ཕྱུང༌། མེའི་ཁམས་སྦྱངས། དགའ་བ་ཚད་མེད་ལ་བཀོད་ནས། ནུབ་བྱང་དུ་འཁོད། ༀ་བཛྲ་ར་ཏིས་གཽ་རཱི་


JLD010_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང༌། རླུང་གི་ཁམས་སྦྱངས། བཏང་སྙོམས་ཚད་མེད་ལ་བཀོད་ནས་བྱང་ཤར་དུ་འཁོད། ༀ་ཨཱཿ ཧཱུཾ་གིས་ཐོད་པ་བཞི་ཕྱུང༌། ཡུལ་དྲུག་གི་དྲི་མ་སྦྱངས་ནས། ཕྱིའི་གྲྭ་བཞིར་འཁོད། ༀ་ཨཱཿ ཧཱུཾ་གིས་གཞལ་ཡས་ཁང་ཕྱུང༌། སྣོད་ཀྱི་སྐྱོན་སྦྱངས། བདེ་བ་ལ་གནས་པ་རྣམས་བརྟན་པར་བྱས་ནས་དམ་ཚིག་གི་གཞལ་ཡས་ཁང་ལ་ཐིམ་པར་བསམ་མོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་དང་འཁོར་ལོ་ལས། རྡོ་རྗེའི་མིག་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། རྣ་བ་གཉིས་སུ་ཛྲི་དང་རྡོ་རྗེ་ལས། རྡོ་རྗེའི་རྣ་བ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ་འཛིན་པ། སྣ་གཉིས་སུ་ཁཾ་དང་རིན་པོ་ཆེ་ལས། རྡོ་རྗེའི་སྣ་སེར་སྣ་གཤིན་རྗེ་གཤེད་ལྟ་བུ། ལྕེའི་རྩ་བར་རཾ་དང་གཾ་གང་རུང་དང་པདྨ་ལས། རྡོ་རྗེའི་ལྕེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། དཔྲལ་བར་ཀཾ་དང་རལ་གྲི་ལས། རྡོ་རྗེའི་ལུས་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། ལྟེ་བར་སཾ་དང་རྡོ་རྗེ་ལས། རྡོ་རྗེའི་ཡིད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ་འཛིན་པ་སྟེ། ཐམས་ཅད་ཀྱང་པད་ཟླ་ལ་གནས་པའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ།


JLD010_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་རྡོ་རྗེའི་རྣ་བ་ལྟ་བུ། མགྲིན་པར་ཨཱཿ ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ། ཨཱཿ དང་པདྨ་ལས་གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། སྤྱི་བོར་ༀ་ལས་འཁོར་ལོ་དཀར་པོའི་དབུས་སུ། ༀ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ་བསྐྱེད། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ། ནམ་མཁའ་བཞུགས་པ་ལ་སྔར་བཞིན་མཆོད་ནས། འོད་ཟེར་གྱིས་བཀུག་སྟེ་རང་རང་གི་རྡོ་རྗེ་གསུམ་ལ་རིམ་པ་བཞིན་ཐིམ་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་ང་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །དེ་ནས་ཧཱུཾ་ཡིག་ལས་འོད་ཟེར་སྤྲོ་ཞིང་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ༀ་ཧྲཱིཿ ཧཱ་བྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨཱ་ད་པཱུ་ཛ་པྲ་ཏི་གྲྀཧྞ་ནྟུ་དྲ་སཱ་ང་མེ་དྷཱི་མ་ན་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། ཧྲཱིཿ ཥྚྲཱིཿ ཡི་སྔགས་བརྗོད་ལ་ཁྲོ་བོ་སྤྲོས་ཏེ་ཕྱི་འབྲང་གི་བགེགས་ཚར་བཅད་ལ་བསྲུང༌། སྔར་བཞིན་མཆོད་ནས། ༀ་མུད་ག་རཱ་ཛཿ ཞེས་པའི་སྔགས་ཀྱིས་དམ་ཚིག་པ་སོ་སོའི་སྤྱི་བོར་དགུག །ༀ་དཎྜ་ཧཱུཾ་གིས་དམ་ཚིག་པ་སོ་སོ་ལ་གཞུག །ༀ་པདྨ་བཾ་གྱིས་དམ་ཚིག་པ་སོ་སོ་དང་དབྱེར་མེད་དུ་བཅིང༌།


JLD010_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཁཌྒ་ཧོཿ ས་དབང་དུ་བྱའོ། །དེ་ནས་སྔར་གྱི་ཕྱག་རྒྱ་ལ་སོགས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་རྣམས་སྤྱན་དྲངས་པ་ལ་སྔར་བཞིན་མཆོད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས། ཟླ་བ་ལྟ་བུའི་བུམ་པ་དཀར་པོ་བདུད་རྩི་ལྔས་བཀང་བ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་བ། །ཇི་ལྟར་དེ་བཞིན་བདག་གིས་ནི། །དག་པ་ལྷ་ཡི་ཆུས་དབང་བསྐུར། །ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས། དབང་གི་ཆུས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པ། ལྷ་གཞན་ཤར་དང་ཤར་ལྷོ་བ་རྣམས་ལ་རྣམ་སྣང༌། ལྷོ་དང་ལྷོ་ནུབ་པ་རྣམས་ལ་རིན་འབྱུང༌། ནུབ་དང་ནུབ་བྱང་བ་རྣམས་ལ་འོད་དཔག་མེད། བྱང་དང་བྱང་ཤར་བ་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང༌། དབང་གི་ལྷ་རྣམས་རང་ལ་ཐིམ་པར་བསམ་སྟེ། ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བའོ། །དེ་ནས་མཆོད་པ་རྣམས་ཧྲཱིཿ ཥྚྲཱིཿ ས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས། རང་བཞིན་སྟོང་པ། རྣམ་པ་མཆོད་རྫས།


JLD010_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་བསྐྱེད་ནས། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། སྔར་བཤད་པ་བཞིན་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །སློབ་དཔོན་ཛྙཱ་ན་ཨ་ཀ་རས། ༀ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་སོགས་ཀྱི་སྙིང་པོའི་མཇུག་ཏུ་བཏགས་ནས་འབུལ་བ་ཡང་བཤད་དོ། །དེ་ནས་ནང་མཆོད་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ཐོག་མར་རྩ་བའི་བླ་མ་དང༌། དེ་ནས་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར་ༀ་ཨཱཿ ཧཱུཾ་བཏགས་ལ་དབུལ། དེ་ནས་ལྷ་སོ་སོའི་སྔགས་ལ་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་ཆོས་སྐྱོང་རྣམས་ལ་དབུལ་ཞིང༌། སེམས་ཅན་ཐམས་ཅད་ཀྱང་ལྷར་བསྐྱེད་ལ་དབུལ་ལོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་རང་གི་ལུས་ལ་གཞུག་ལ། སྙིང་པོ་ལ་ཡི་གེ་གསུམ་བཏགས་པ་བརྗོད། ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཟེར་གྱི་སྦུ་གུ་ཅན་གྱིས་དྲངས་ནས་ལོངས་སྤྱད་པར་བསམ་ཞིང༌། བདུད་རྩི་ལྕེ་ཐོག་ཏུ་བཞག་པ་མྱངས་པས། ལུས་ཀྱི་ལྷ་ཐམས་ཅད་ཆིམ་པར་བསམ་མོ། །དེའི་ཚེ་མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་རང་བཞིན་མེད་བཞིན་དུ། སྣང་བ་སྒྱུ་མ་བཞིན་དུ་བལྟ་བར་བྱ་སྟེ་མཆོད་པའོ། །འཁོར་གྱི་ལྷ་རྣམས་ཀྱིས་གཙོ་བོ་ལ་བྲག་ཆའི་དབྱངས་བཞིན་དུ་བསྟོད་པར་བསམས་ལ།གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་


JLD010_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང༌། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེས་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དོ། །དེ་ནས་གཙོ་བོས་ཀྱང་འཁོར་རྣམས་ལ། གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །རྡོ་རྗེ་གསུང་དང་རབ་མཚུངས་པ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས། ཡང་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །དེ་ལྟར་རེ་རེ་ནས་གསལ་འདེབས་པའི་དཔྱད་ནས་སྒོམ་པ་དང༌། རྣམ་པ་གསལ་


JLD010_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་རྩེ་གཅིག་ཏུ་འཇོག་པའི་སྒོམ་པ་གཉིས་ཀྱིས་གསལ་སྣང་བསྒྲུབ་ཅིང༌། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་དོ་སྙམ་དུ་ངེས་པ་ཤུགས་ཅན་བསྐྱེད་པ་ལ་འཇོག་པའི་ང་རྒྱལ་བརྟན་པར་བྱེད་པ་གཉིས་ཀ་བསྒོམ་པར་བྱ་བ་ནི། རྒྱ་ཆེ་བ་ལ་བསླབ་པའོ། །སྒོམ་པ་པོ་དང་བསྒོམ་བྱ་དང་སྒོམ་རྣམས་བརྟགས་ན་ཡང་དག་པར་ཅིར་ཡང་མ་གྲུབ་བཞིན་དུ། སྣང་བ་སྒྱུ་མ་ལྟ་བུའི་དོན་ལ་འཇོག་པའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་མཉམ་པར་འཇོག་པ་ནི། དམིགས་པ་ལྷའི་སྐུ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་རྒྱུན་སྐྱོང་བ་ཡིན་པས། ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ལ་སློབ་པ་སྟེ། དེ་དག་ནི་རགས་པ་ལ་སེམས་འཛིན་པའོ། །དེ་ལྟར་བསྒོམས་ནས་ཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེད་པའི་ཕྱིར། སྟེང་དང་འོག་གི་སྣ་རྩེར་ཟླ་བ་ལ་གནས་པའི་རྡོ་རྗེ་སྔོན་པོ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་སེམས་བཟུང་ནས་བརྟན་པ་ན། དེ་ལས་ཕྱག་མཚན་མང་པོ་སྤྲོ་ཞིང༌། སླར་ཡང་རྩ་བའི་ཕྱག་མཚན་ལ་སྡུད་པ་ནི་ཕྲ་མོ་ལ་སེམས་འཛིན་པ་ཡིན་ཏེ། སེམས་བཟུང་བའི་རིམ་པའོ། །དེ་ལྟར་བསྒོམས་པས་སྐྱོན་དག་པ་དྲན་པར་བྱ་སྟེ། ཞལ་དགུ་ནི་གསུང་རབ་ཡན་ལག་དགུ །རྭ་གཉིས་ནི་བདེན་པ་གཉིས། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན། ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག །ཡུམ་དང་སྦྱོར་བ་ནི་བདེ་བ་ཆེན་པོ་རྒྱས་པ། མི་ལ་སོགས་པ་ནི་དངོས་གྲུབ་བརྒྱད་དང༌། བྱ་རྒོད་ལ་སོགས་པ་ནི་དབང་ཕྱུག་བརྒྱད་དག་པ་ཡིན་ལ། གཅེར་བུ་ནི་སྒྲིབ་གཡོགས་མེད་པ་དང༌། སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་


JLD010_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་དག་གི་དོན་མདོར་བསྡུ་ན། གཏན་ལ་དབབ་པའི་གཞི། གསུང་རབ་ཡན་ལག་དགུའི་བརྗོད་བྱ་ཀུན་རྫོབ་སྒྱུ་མ་དང་དོན་དམ་ནམ་མཁའ་ལྟ་བུ། ཁོང་དུ་ཆུད་པའི་ལམ་བྱང་ཕྱོགས་སོ་བདུན་ཡིན་ལ། ལམ་དེའི་གཙོ་བོ་དོན་དམ་རྟོགས་པ་ལ་ནི། སྟོང་ཉིད་བཅུ་དྲུག་གི་རྟོགས་པ་ཡོད་དེ། དེ་ཡང་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་ཞུགས་པའོ། །ལམ་དེས་བགྲོད་པའི་འབྲས་བུ་དངོས་གྲུབ་ཐུན་མོང་བ་དང༌ཐུན་མོང་མ་ཡིན་པ་གཉིས་ཀྱི་གཙོ་བོ་ནི། སྒྲིབ་པ་ཟད་པའི་མྱང་འདས་སོ། །ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ཤར་བའི་སྐུས། དེ་ལྟར་མཚོན་པ་གོ་བར་བྱེད་པའོ། །རྒྱས་པར་སྒོམ་པར་འདོད་ན་འགྲེལ་པ་གཉིས་དང༌། ལཱ་ལི་ཏའི་གཞུང་ལས་ཤེས་པར་བྱ་སྟེ་དག་པ་དྲན་པའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་མཐར་རྩ་སྔགས་ལ་སོགས་པའི་སྔགས་དང༌། ལྷ་གཞན་རྣམས་ཀྱི་ཐུགས་ཀའི་ཉི་གདན་ལ། རང་རང་གི་ཕྱག་མཚན་ལ་རང་རང་གི་ས་བོན་བཀོད་པའི་མཐར། རང་རང་གི་སྔགས་ཀྱི་ཡི་གེ་རྣམས་གཡས་སྐོར་དུ་འགྲེང་སྟེ། འོད་ཟེར་འབར་བའི་རྣམ་པ་ཅན་དུ་བལྟས་ལ་བཟླའོ། །གཙོ་བོའི་སྔགས་བཟླ་ཚུལ། ཡང་ན་ས་བོན་ལས་འོད་ཟེར་འཕྲོས་པ་རིམ་གྱིས་བརྒྱུད་ནས། རྩ་ཞལ་གྱི་སྣའི་སྒོ་ནས་དབུགས་ཕྱིར་འབྱུང་བ་དང༌། ལྷན་ཅིག་བྱུང་བས་འགྲོ་བའི་དོན་བྱས་ནས། སླར་ཡང་དབུགས་རྔུབ་པ་དང་ལྷན་ཅིག་སྣའི་བུ་གནས་གཞུག་ལ་སྔགས་ཕྲེང་ལ་ཐིམ་པ་དང༌། ཞལ་དགུ་


JLD010_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་ཐམས་ཅད་ཀྱིས་འདོན་པར་བསམས་ལ། སྐྱོན་དང་བྲལ་བར་བཟླའོ། །བཟླས་པའི་སྐྱོན་ནི་ཤིན་ཏུ་མྱུར་བུལ་གཉིས་དང༌། ཤིན་ཏུ་གསལ་མི་གསལ་དང༌། རིང་བ་དང་ཐུང་བ་གཉིས་གོ་བཟློག་པ་དང༌། གཏམ་གཞན་གྱིས་བར་ཆོད་པ་དང༌། སེམས་གཞན་དུ་ཡེངས་པ་ལ་སོགས་པའོ། །གདོང་དྲུག་གི་རྒྱུད་ལས། གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་ཤིང་གཞན་ཡང་མང་བས་སེམས་མ་ཡེངས་པ་ཁྱད་པར་དུ་གལ་ཆེའོ། །ཡི་གེ་འབར་བ་ལ་སེམས་བཟུང་ནས་བཟླས་ན། དངོས་གྲུབ་མྱུར་བར་ལཱ་ལི་ཏས་གསུངས་སོ། །བཟླས་པའི་སྔགས་ནི། ༀ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ནི་རྩ་སྔགས་སམ་འཕྲེང་སྔགས་སོ། །ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པ་ནི་ལས་ཀྱི་སྔགས་སོ། །དེ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་སྦྱར་བ་གཉིས་ཟློ་བ་གདམ་ང་ཅན་དུ་མན་སྙེ་ལས་བཤད་དོ། །ༀ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། ཅེས་པ་ནི་སྙིང་པོའོ། །ༀ་བཛྲ་བེཏྟཱ་ལཱི་ཨཱའི་གཙྪ་ཨཱ་གཙྪ་ཧཱུཾ་ཛཿ སྭཱཧཱ། ཡུམ་གྱི་སྔགས་སོ། །ༀ་ཛི་ན་ཛིཀ་ཧཱུཾ་ཕཊ། ༀ་རཏྣ་དྷྲིཀ་ཧཱུཾ་ཕཊ། ༀ་ཨཱ་རོ་ལིཀ་ཧཱུཾ་ཕཊ། ༀ་པྲཛྙཱ་དྷྲིཀ་ཧཱུཾ་ཕཊ། ༀ་མུད་ག་ར་དྷྲིཀ་ཧཱུཾ་ཕཊ། ༀ་དཎྜ་དྷྲིཀ་ཧཱུཾ་ཕཊ། ༀ་པདྨ་དྷིཀ་ཧཱུཾ་ཕཊ། ༀ་ཁངྒ་དྷྲིཀ་ཧཱུཾ་ཕཊ། ༀ་མོ་ཧ་ར་


JLD010_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཧཱུཾ་ཕཊ། ༀ་དྭེ་ཥ་ར་ཏི་ཧཱུཾ་ཕཊ། ༀ་རཱ་ག་ར་ཏི་ཧཱུཾ་ཕཊ། ༀ་བཛྲ་ར་ཏི་ཧཱུཾ་ཕཊ། ཅེས་པ་རྣམས་འཁོར་གྱི་ལྷ་རྣམས་ཀྱི་སྔགས་སོ། །གྲངས་ནི་རྒྱུད་ཀྱི་རྟོག་པ་གསུམ་པ་ལས། རྩ་སྔགས་ལ་འབུམ། ལས་སྔགས་ལ་སུམ་འབུམ། སྙིང་པོ་ལ་ཡི་གེའི་གྲངས་ཀྱི་འབུམ་བཟླས་ན། ལས་ཀུན་བྱེད་ནུས་པར་གསུངས་ཤིང༌། རྟོག་པ་བཞི་པ་ལས། རྩ་སྔགས་ལ་སུམ་འབུམ་བཟླ་བར་གསུངས། འདིའི་སྒྲུབ་ཐབས་ཀྱི་གཞུང་གཞན་ནས། བཟླས་པའི་གྲངས་བཤད་པ་ནི་ཚུལ་སྔ་མ་དང་འདྲ་ལ། སློབ་དཔོན་ཛྙཱ་ན་ཨ་ཀ་རས་སྔོན་དུ་བསྙེན་པ་བྱེ་བའམ་ཡང་ན་མཚན་མ་ཐོབ་ནས་ལས་རྣམས་བརྩམ་པར་གསུངས་སོ། །དེ་ལ་གཉིས་ལས་དབང་བསྐུར་བ་ལ་ནི། ཨ་མོ་དྷ་བཛྲས་ཡི་གེ་བཅུ་པ་འབུམ་བཟླ་བར་བཤད་པ་ནི། དཔའ་བོ་གཅིག་པའི་དབང་དུ་བྱས་ལ། འདིར་ནི་འཁོར་རྣམས་ལའང་ཁྲི་ཕྲག་རེ་བཟླ་དགོས་སོ། །ཞི་སོགས་ཀྱི་ལས་མང་བོ་འགྲུབ་པའི་བཟླས་པ་ལ་ནི། ད་ལྟའི་གང་ཟག་གིས་ཇི་སྐད་བཤད་པའི་མཚན་མ་བརྟན་པོ་ཐོབ་ན་མ་གཏོགས་པ་གྲངས་ཀྱི་བསྙེན་པ་བྱེ་བར་གསུངས་པ་ལེགས་པར་མཐོང་ངོ༌། །ཕྲེང་བ་དག་པའི་ཆོ་ག་ནི་མི་རུས་ལ་སོགས་པའི་ཕྲེང་བ་བསང་སྦྱངས་ནས། ཕྲེང་རྡོག་རྣམས་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དུ་བསྐྱེད་པ་དེ་ཞུ་བ་ལས་ཁྲག་འཛག་པའི་མགོ་བོར་བལྟས་ལ། གཡས་པའི་མཐེ་བོང་ལྕགས་ཀྱུས་ལྷ་དགུག་པའི་


JLD010_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པས་ཕྲེང་བ་དབབ་ལ་བཟླས་ཏེ་བཟླས་པའོ། །བཟླས་པས་སྐྱོ་ན་སླར་ཡང་མཆོད་བསྟོད་བྱ་ཞིང༌། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་གདོན་ལ། གྲུབ་ན་ཐུན་ཐམས་ཅད་ཀྱི་མཐར་གཏོར་མ་དབུལ། མ་གྲུབ་ན་ཐུན་ཐ་མའི་མཐར་གཏོར་མ་དབུལ་ལོ། །དེའི་རིམ་པ་ནི་ཐུན་གཤམ་ཡིན་ན། བདག་བསྐྱེད་གསར་དུ་མི་དགོས་ལ། དེ་ལྟ་མིན་ན་བདག་བསྐྱེད་རྒྱས་བསྡུས་གང་རུང་བྱ། སྐད་ཅིག་གིས་མདུན་དུ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བསྒོམས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ།དེ་ནས་རང་གི་སྙིང་ཁ་ནས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་འཛིན་པ་སྤྲོས་ཏེ། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ཁ་ནས་ལྕགས་ཀྱུས་བཟུང༌། མགྲིན་པ་ནས་ཞགས་པས་བཅིངས་ལ་བཀུག་པར་བསམས་ལ། ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སརྦ་དུཥྚཾ་ཨིནྡྲ་ཨཱ་དི་ནས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ སྭཱཧཱ། ཞེས་པའི་སྔགས་འདིས་ཕྱོགས་སྐྱོང་རྣམས་བཀུག་སྟེ། དཀྱིལ་འཁོར་གྱི་ཕྱོགས་ཕྱོགས་སུ་དགོད་པ་ནི། ཤར་དུ་དབང་པོ་དམར་སེར་གླང་པོ་ཆེ་ལ་ཞོན་པ། མིག་སྟོང་པ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ། དེའི་གཡོན་དུ་ཉེ་དབང་ནག་པོ་ནམ་མཁའ་ལྡིང་ལ་ཞོན་པ། གཡས་སྲུབ་ཤིང་དང་འཁོར་ལོ། གཡོན་དུང་དང་ནོར་བུ་ཀཽསྟུ་བྷ་ཐོགས་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ། སྐྲ་དམར་སེར་གྱེན་དུ་འབར་བ་གཡས་དབྱུག་པ་དང་གཡོན་


JLD010_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ། ནུབ་ཏུ་ཆུ་ལྷ་དཀར་པོ་སྦྲུལ་ལ་ཞོན་པ། སྦྲུལ་ཞགས་འཛིན་པ། བྱང་དུ་ལུས་ངན་སེར་པོ་ཤ་རྒྱས་པ་གཏེར་ལ་གནས་པ། གཡས་ས་བོན་གྱི་གྲོང་ཁྱེར་དང་གཡོན་ནེའུ་ལེ་ཐོགས་པ། དེའི་གཡོན་དུ་ཚོགས་བདག་གླང་སྣ་དཀར་པོ་བྱི་བ་ལ་ཞོན་པ། གཡས་བགྲང་ཕྲེང་དང་དགྲ་སྟ། གཡོན་ལ་ཕུག་དང་ལ་དུ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ། རལ་པའི་ཐོར་ཅོག་ཅན་རྩེ་གསུམ་དང་ཐོད་པ་ཐོགས་ལ། ལག་པ་གཉིས་ཀྱིས་གཽ་རཱི་ལ་འཁྱུད་པ། མེར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། སྲིན་པོར་སྲིན་པོ་སྔོན་པོ་རོ་ལ་ཞོན་པ་ཁྲོ་ཞིང་རྔམ་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། རླུང་དུ་རླུང་ལྷ་དུ་བའི་མདོག་ཅན་རི་དྭགས་ལ་ཞོན་པ། ལག་པ་གཉིས་ཀྱིས་རླུང་རས་འཛིན་པ། སྟེང་དུ་ཟླ་བ་དཀར་པོ་ཀུ་མུ་ཏའི་སྟེང་ན་གནས་པ་ལག་པ་གཉིས་ཀྱིས་ཀུ་མུ་ཏ་འཛིན་པ། ཉི་མ་དམར་པོ་རྟ་མཆོག་བདུན་ལ་ཞོན་པ། ལག་པ་གཉིས་ཀྱིས་པདྨ་འཛིན་པ། ཚངས་པ་སེར་པོ་གདོང་བཞི་པ་ངང་པ་ལ་ཞོན་པ། གཡས་པས་སྤྱི་བླུགས་དང་མི་འཇིགས་པ། གཡོན་པས་དབྱུག་པ་དང་བགྲང་ཕྲེང་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ། གཡས་དབང་པོར་ཁས་ལེན་པ། གཡོན་བུམ་པ་འཛིན་པ། ཐགས་བཟང་རིས་སྔོན་པོ་ཤིང་རྟ་ལ་ཞོན་པ། གཡས་


JLD010_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་གཡོན་སྡིགས་མཛུབ་ཅན་རྣམས་ཏེ། དེ་དག་གི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་བསམ་མོ། །དེ་ནས་རང་གི་སྙིང་ཁ་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ཕུར་བུ་ཐོགས་པ་སྤྲོས་ཏེ། ༀ་ཧྲཱིཿ ཥྚཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་སརྦ་དུ་ཥྚཱཾ་ཨིནྡྲ་ཨཱ་དི་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་སྙིང་ཁ་དང་མགྲིན་པ་དང་རྐང་པའི་བར་དུ་ཕུར་བུ་བཏབ་པས། གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ། སྐད་ཅིག་གིས་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་དུ་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རྒྱས་གདབ་མཆོད་བསྟོད་སྔར་བཞིན་བྱ། དེ་ནས་གཏོར་མ་ཧྲཱིཿ ཥྚཱིཿ ས་བསང༌། སྭ་བྷཱ་བས་སྦྱངས་སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ། ཨཱཿ ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨཱཿ ལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་དུ་ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་དབུས་སུ་བྲུཾ་ཨཾ་ཛྲ່་ཁཾ་ཧཱུཾ་ལས་བྱུང་བའི། བ་ལང་ཁྱི་གླང་པོ་ཆེ་རྟ་མིའི་ཤ་ལྔ་ལ། གཽ་ཀུ་ད་ཧ་ནའི་ཡི་གེས་མཚན་པ། ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞི་དང་དབུས་སུ། ལཱཾ་མཱཾ་པཱཾ་ཏཱཾ་བཾ་ལས་བྱུང་བའི། དྲི་ཆེན་རཀྟ་བྱང་སེམས་དཀར་པོ་རྐང་མར་དྲི་ཆུ་ལྔ་ལ། བི་ར་ཤུ་མ་མཱུ་ཡི་ཡི་གེས་མཚན་པ་སྟེ། རྫས་རྣམས་བཅུ་པོ་


JLD010_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བསྐྱེད་དོ། །དེ་དག་གི་སྟེང་དུ་ༀ་དཀར་པོ། ཨཱཿ དམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་བསྒོམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་ཐམས་ཅད་དག །ཨཱཿ ས་བདུད་རྩིར་རྟོགས་པར་བྱས། ༀ་གྱིས་མང་པོར་སྤེལ་བར་བསམ་ལ། དེ་ཉིད་གསུམ་གྱི་ཡི་གེ་ལན་གསུམ་བརྗོད་དེ། དེ་ནས་ཧཱུཾ་ཞེས་བརྗོད་པས་མགྲོན་རྣམས་ཀྱི་ལྗགས་སྔར་བཤད་པ་བཞིན་བྱིན་གྱིས་བརླབ་ལ། ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བཛྲ་བྷཻ་ར་ཝ་ཡ་ཨ་དྷི་པ་ཏི་བཛྲ་བེཏྟཱ་ལཱི་ཨི་མཾ་བ་ལ່་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་བརྗོད་པས་གཙོ་བོ་ཡབ་ཡུམ་དང༌། ལྷ་གཞན་རྣམས་ཀྱི་སྔགས་རྫོགས་པའི་མཐར་བ་ལ່་པྲ་ཏཱི་ཙྪ་བཏགས་ནས་དབུལ། ལྗགས་ཀྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམ་ལ། གཏོར་མ་དང་པོ་འཇིག་རྟེན་ལས་འདས་པ་རྣམས་ལ་དབུལ་ཞིང༌། ཉེར་སྤྱོད་དང་ནང་གི་མཆོད་པས་མཆོད་ནས་བསྟོད་ལ། ཞི་རྒྱས་སོགས་སྐབས་དང་བསྟུན་པའི་འཕྲིན་ལས་བཅོལ་བས་གནང་བ་བྱུང་བར་བསམ་མོ། །དེ་ནས་གཏོར་མ་གཉིས་པ་ཡང་སྔར་བཞིན་བསང་སྦྱང་སོགས་བྱས་ནས། རྩ་བའི་


JLD010_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་བྱིན་གྱིས་བརླབས། ༀ་བྷཱུ་ཙ་ར་ནཾ། ཡ་པཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་པཱུར་བ་ནི་གཱ་ནཾ། ཀ་དཀྵི་ན་དཱི་གཱ་ཡ། ཧཱུཾ་པ་ཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ༀ་ཨི། ཧྲཱིཿ ཡ། ཥྚྲཱིཿ བ། ཝི་ཀྵི། ཀྲི་ཀོ། ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོཿ ཕཊ་སརྦ་བྷུ་དེ་བྷྱཿ ཞེས་བརྗོད་ལ་འཁོར་དུ་སྤྱན་དྲངས་པའི་ཕྱོགས་སྐྱོང་འཁོར་བཅས་ཀྱི། འབྱུང་པོ་རྣམས་ལ་ཕུལ་ནས་མཆོད་དེ།བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཞེས་བསྟོད་ལ་འཕྲིན་ལས་བཅོལ་བས་ཁང་བླངས་པར་བསམ་མོ། །དེ་ནས་འཇམ་དབྱངས་ཀྱི་བཀའ་སྡོད་གཤིན་རྗེའི་གཏོར་མ་སྔར་བཞིན་བསྐྱེད། མདུན་དུ་པདྨ་ཉི་མ་མ་ཧེའི་སྟེང་དུ། ཡ་ལས་ཐོད་དབྱུག་ཡས་མཚན་པ། དེ་ལས་འོད་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་དབྱུག་ཏོ་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས། ལས་ཀྱི་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་མ་ཧེའི་གདོང་པ་ཅན། དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། གཡས་པས་ཐོད་དབྱུག །གཡོན་པས་ཞགས་པ་འཛིན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལིང་ག་དམར་པོ་གྱེན་དུ་ལངས་པ། ཙཾ་དང་རྩེ་གསུམ་


JLD010_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཙ་མུནྜི་ཞལ་གཅིག་ཕྱག་གཉིས་ཀྱི། གཡས་རྩེ་གསུམ་གཡོན་ཐོད་པ་འཛིན་པ། ཡ་བ་ཏི་ལ་སོགས་པ་གཤིན་རྗེ་ཕོ་མོའི་འཁོར་གྱིས་བསྐོར་བར་དམིགས་པའི་གནས་གསུམ་དུ་ཡི་གེ་གསུམ་དགོད། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ཕྱོགས་ས་རིམ་པ་བདུན་གྱི་འོག་ནས། ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང༌། ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་བརྗོད་པས་བྱོན་པར་བསམ་ལ། ཛཿ ཧཱུཾ་བཾ་ཧོཿ ཞེས་གཉིས་སུ་མེད་པར་བསྟིམ། གཤིན་རྗེ་གཤེད་རིགས་ལྔ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བུམ་པ་ཐོགས་ཏེ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྤྱི་བོ་ནས་དབང་བསྐུར་བས་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན། ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག །ཡང་ན་གཤིན་རྗེ་ནག་པོ་སྐྲ་སིལ་ཞིང་ཁྲོ་བོའི་ཞལ་ནས། ཕྱག་གཉིས་ཀྱི་གཡས་དབྱུག་ཏོ་གཞན་རྣམས་སྔ་མ་བཞིན་ནོ། །དེ་ནས་ༀ་ཀཱ་ལ་རཱུ་པ་ཡེ་གྲྀཧྞེ་དཾ་ཞེས་པ་དང་མཆོད་པ་ལྔ་སྦྱར་བས་མཆོད། གཏོར་མ་གསོལ་བར་བསམ་ཞིང༌། ༀ་ཀཱ་ལ་རཱུ་པ་སརྦ་བིགྷ་ནཱ་ན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལ່་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཅེས་དང༌། ༀ་ཙ་མུནྜི་སརྦ་བིགྷ། ཞེས་སོགས་སྦྱར་བ་གསུམ་མཾ་བདུན་གྱིས་


JLD010_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ནས་འཕྲིན་ལས་བཅོལ་བ་ནི།ཧཱུཾ། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ན། །སྲོག་ལ་རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེངས་སུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་པ་མ་ཧེའི་གདོང༌། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པའི་སྤྱན་རྩ་དམར་པོ་འཁྲུག །སྐྲ་སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་བགེགས་འཆིང༌། །གཡས་པ་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་དང་བཅས་པའི་དུས་ལ་བབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང༌། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཞིག་གནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ༀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་བརྗོད་པས་དེས་ལས་སྒྲུབ་པར་ཁས་བླངས་པར་བསམ་མོ། །དེ་ནས་གཏོར་མགྲོན་རྣམས་ལ་བཟོད་པར་གསོལ། ༀ་ཡ་མཱན་ཏ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱན་ཏ་ཀ །ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷཱ་ཝ། སུ་ཏོ་ཥྱོ་མེ་བྷཱ་བ། ཨ་ནུ་རཀྟོ་མེ་བྷཱ་བ། སུ་པོ་ཥྱོ་མེ་བྷཱ་བ།


JLD010_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སརྦྦ་སིད་དྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨཱ་སུ་ཙ་མེ་ཙི་ཏྟཾ་ཤྲཱི་ཡཾཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦྦ་ཏ་ཐཱ་ག་ཏ་མ་མེ་མུ་ཉྩ། བཛྲི་བྷཱ་བ་མཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་གདོན་ལ། ༀ་ཛ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རཱུ་པ་དྷཱ་རི་གཙྪ་གཙྪ་སྭ་སྠཱ་ནཾ། ཀྲི་ཏཾ་ཏེ་ན་ཏ་ཐཱ་གཤྩ་སརྦ་བུད་དྷ་ཤྩ། བི་སརྫ་ཡ་མ་མ་ཀཱ་རྻཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་པས་འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་བསམ་ལ་སྨོན་ལམ་གདབ་བོ། །བསྡུས་པ་ལ་མོས་ན། ༀ་ཨཱཿ ཧཱུཾ་མུཿ ཞེས་པས་བྱ་སྟེ། གཏོར་མའི་ཆོ་གའོ། །ཐུན་གྱི་མཐར་དུར་ཁྲོད་བསྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ། གཞལ་ཡས་ཁང་འཁོར་རྣམས་ལ། འཁོར་རྣམས་དང་ཡུམ་རང་ལ། རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཡང་ཞབས་ཀྱུ་ཨུ་ཧ་ལ། ཧ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་ཡང་མི་དམིགས་པ་སྟོང་པར་བསམ་སྟེ། དེ་དག་གིས་ནི་ཐུན་གྱི་ཐོག་མཐའ་བར་གསུམ་གྱི་ཇི་ལྟར་བྱ་བས། ཐུན་གྱི་ངོ་བོའི་རྣལ་འབྱོར་རྣམས་བཤད་ཟིན་ཏོ། །ཐུན་མཚམས་ཀྱི་རྣལ་འབྱོར་ནི། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་ལངས་ཏེ། དེ་དང་མ་བྲལ་བའི་ངང་ནས། ཡུལ་དུ་སྣང་བ་ཀུན་ཀྱང་རྡོ་རྗེ་འཇིགས་བྱེད་དུ་བལྟས་


JLD010_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྒོ་གསུམ་གྱི་བྱ་བ་ཀུན་ཕྱག་རྒྱ་དང་སྔགས་ཀྱི་བདག་ཉིད་དུ་བསམས་ནས་བྱ་བ་ལ་འཇུག་པ་ནི། སྤྱོད་ལམ་གྱི་རྣལ་འབྱོར་རོ། །བཟའ་བཏུང་གཏོར་མ་ལྟར་བྱིན་གྱིས་བརླབ་ལ། ཁ་ཐབ་ཁུང་དང་ལག་པ་གཉིས་དགང་བླུགས་དང་བཟའ་བཏུང་བསྲེག་རྫས་སུ་མོས་ནས། ལྷ་ཐམས་ཅད་འདུས་པའི་བདག་ཉིད་སྙིང་ཁའི་ཏིང་ངེ་འཛིན་སེམས་དཔའ་ལ་འབུལ་བའི་ཚུལ་གྱིས་ཟ་ཞིང་འཐུང་བ་ནི་ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་ཚེ་སྔར་བཞིན་རིམ་གྱིས་བསྡུས་ནས་ཐབས་ཤེས་དང་ལྡན་པར་ཉལ་བ་ནི། ཉལ་བའི་རྣལ་འབྱོར་རོ། །འདིར་བླ་མ་རྣམས་གསུང་བ་ལྟར་སྣོད་བཅུད་འོད་དུ་བཞུ་ནས་བསྡུ་བ་ཡང་རུང་ངོ༌། །ལྡང་བའི་ཚེ་ཙརྩི་ཀ་ལ་སོགས་པའི་ལྷ་མོའི་དབྱངས་ཀྱིས། འོད་གསལ་ལས་བཞེངས་པའི་དོན་དུ་བསྐུལ་བར་མོས་ནས་ལྡང་བ་ནི། ལྡང་བའི་རྣལ་འབྱོར་རོ། །ཁྲུས་ཀྱི་ཚེ་དབང་བསྐུར་བའི་སྐབས་བཞིན་བྱེད་པ་ནི་ཁྲུས་ཀྱི་རྣལ་འབྱོར་རོ། །དེ་ལྟ་བུའི་ཚུལ་གྱིས་ཞག་རེ་ལ་ཐུན་གསུམ་མམ་བཞི་བཞིར་མ་ཆག་པར་ཉམས་སུ་ལེན་པ་ན། བསྐྱེད་པའི་རིམ་པ་ལ་སློབ་པའོ། །དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ནི། གཉོས་ལོ་ཙྪ་བ་ཡོན་ཏན་གྲགས་དང༌། རྭ་ལོ་ཙྪ་བ་རྡོ་རྗེ་གྲགས་གཉིས་ཀས། རྒྱ་བལ་གྱི་པཎྜི་ཏ་ལ་དངོས་སུ་གཏུགས་པ་ལས་བྱུང་བ་ཡིན་པས། བོད་དུ་བློ་བཟོ་བྱས་པ་གཏན་མིན་ཏེ། དེ་ཡང་རྒྱུད་ཀྱི་དོན་ཡིན་པར་རྟོག་བདུན་གྱི་འགྲེལ་པ་གཉིས་ལས་ཤེས་པས། ཡིད་


JLD010_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་པའི་གནས་གཟུང་བར་བྱ་བ་ཡིན་པའི་རྒྱུ་མཚན་དང༌། གཞན་སྒྲུབ་ཐབས་ལ་ཡིད་ཆེས་པའི་ཁུངས་ཀྱིས་ངེས་པ་བསྐྱེད་པ་ཤིན་ཏུ་གལ་ཆེ་བའི་རྣམ་གཞག་ལོགས་སུ་འཆད་པས་དེར་ངེས་པར་བལྟ་བར་བྱའོ། །བྱིན་རླབས་གཏེར་གྱུར་མ་ཧེའི་ཞལ་ཅན་གྱི། །བཅུ་གསུམ་ལྷ་ཡི་འཁོར་ལོའི་སྒྲུབ་ཐབས་འདི། །དམ་པའི་གསུང་གིས་རིང་ནས་བསྐུལ་བ་དང༌། །མང་པོའི་དོན་དུ་འགྱུར་བར་མཐོང་ནས་སྦྱར། །རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་འདི། སྡོམ་བརྩོན་དམ་པ་མང་དུ་ཐོས་པའི་མཁན་ཆེན། ཚ་ཁོ་བ་ངག་དབང་གྲགས་པས་ཤར་རྒྱལ་མོ་རོང་ནས་བསྐུལ་བའི་དོན་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རྡོ་རྗེ་རིན་ཆེན་ནོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།།


previousདཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོགnext