Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  expand section
   
   
   
དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ།
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ། next

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ།


JLD010_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་བཞུགས་སོ། །


JLD010_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཐམས་ཅད་བསྒྲུན་མཛད་འཇམ་པའི་དབྱངས། །ནག་པོའི་རྩ་ལག་རྩད་ནས་དབྱུང་བའི་ཕྱིར། །ཤིན་ཏུ་དྲག་པོའི་སྐུར་སྟོན་གཤིན་རྗེ་གཤེད། །བླ་མར་བཅས་པའི་ཞབས་ལ་གུས་བཏུད་ནས། །བཅུ་དྲུག་ཞབས་ཀྱི་གར་སྟབས་བསྐྱོད་པས་ས་གསུམ་ཀུན་ནས་གཡོ་མཛད་ཅིང༌། །སོ་བཞིའི་ཕྱག་གི་མཚན་མ་གདེངས་པས་བགེགས་དཔུང་མ་ལུས་རྡུལ་དུ་རློག །དགུ་ཡི་ཞལ་གྱི་འཇིགས་པའི་ང་རོས་ནམ་མཁའི་ཁྱོན་ཀུན་རབ་འགེངས་པ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ཅེས་གྲགས་ལྷ་མཆོག་དེ་ཡི་སྒྲུབ་ཐབས་བཤད། །སྐལ་ལྡན་ཐར་ལམ་སྒྲུབ་པའི་གཙོ་བོའི་གེགས། །སེམས་འཇོམས་རྨོངས་པ་ལུས་འཇོམས་གཤིན་རྗེ་ཡིན། །


JLD010_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་འཇོམས་ཤེས་རབ་སྩོལ་ལ་འཇམ་དབྱངས་མཆོག །འཆི་བདག་འཇོམས་པའི་ཕུལ་བྱུང་འཇིགས་བྱེད་དོ། །དེ་ཕྱིར་འཇམ་དབྱངས་ཞི་ཁྲོ་སྒྲུབ་བྱེད་ཀྱི། །ལམ་འདི་རྣམ་དཔྱོད་ཅན་གྱི་གདུལ་བྱ་ཡི། །འཇུག་ངོགས་རྨད་དུ་བྱུང་བར་མཐོང་བས་ན། །བདག་ནི་ཚུལ་འདིར་འབད་ལ་རངས་པར་གྱུར། །འདིར་རྣལ་འབྱོར་པ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་པ་དང་བྱམས་པ་ལ་སོགས་པའི་སེམས་ཀྱིས་སེམས་ཅན་གྱི་དོན་ལ་བརྩོན་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པ། དད་པ་དང་ཐོས་པས་རྣམ་པར་བརྒྱན་ཅིང་། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ལེགས་པར་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་བརྩོན་པས།


JLD010_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས་གསུངས་པའི་གནས་དགོན་པ་ལ་སོགས་པ་ཡིད་དང་མཐུན་པ་གང་ཡང་རུང་བར་དང་པོར་ཁྲུས་བྱ་ཞིང་མཎྜལ་བྱི་དོར་བྱ་མེ་ཏོག་གཅལ་དུ་དགྲམ་བྲིས་སྐུ་མདུན་དུ་བཤམ། སྟན་བདེ་བ་ལ་ཁ་ཤར་ལྷོར་ཕྱོགས་ཏེ་འདུག་ནས་བདུད་རྩི་རིལ་བུས་ཁ་དག་པར་བྱས་ཏེ་ལྷ་དང་འབྱུང་པོ་ལ་གཏོར་མ་ཕུལ་ལ་འཕྲིན་ལས་བཅོལ་ཏེ་གཤེགས་པར་བྱའོ། །དེ་ནས་རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས་ནས། དེ་ནས་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་འོད་ཟེར་སྙིང་གར་བསྡུའོ། །དེ་ནས། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པས་བླ་མ་དང་བཅས་པའི་ལྷ་རྣམས་ལ་ཕྱག་བྱ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་ཙརྩི་ཀ་དཀར་མོ་ཕག་མོ་སྔོན་མོ་དབྱངས་ཅན་མ་དམར་མོ་གཽ་རཱི་ལྗང་གུ་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མཆོད་པར་བསམས་ལ། ༀ་ཧྲཱིཿ ཥྚྲཱིཿ ཧ་ཞེས་པས་མཆོད་ཡོན། ༀ་ཧཱུཾ་ཧཱུཾ་ཕཊ་ཀྱིས་ཞབས་བསིལ། ༀ་ཝི་ཀྲི་ཏཱ་ན་ན་དུ་ཥྚ་སཏྭ་ད་མ་ཀ་གཿ གཿ གཿ ཡིས་དྲི། ༀ་ཀུ་མཱ་ར་རཱུ་པི་ཎེ་ཛཿ ཛཿ ཧཱུཾ་ཕཊ་ཀྱིས་མེ་ཏོག །ༀ་ཧྲཱིཿ ཧཱ་ཧཻ་ཕཊ་ཀྱིས་བདུག་སྤོས། ༀ་དཱིཔྟ་


JLD010_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ནི་དཱིཔྟཱ་ཡ་སྭཱཧཱས་མར་མེ། ༀ་བཛྲ་ནཻ་ཝི་དྱ་ཨཱཿ ཧཱུཾ་སྭཱཧཱས་ལྷ་བཤོས། ༀ་བཛྲ་ཤཔྟ་ཨཱཿ ཧཱུཾ་གིས་རོལ་མོ་རྣམས་དབུལ་ལ། ལྷ་མོ་རྣམས་སླར་བསྡུའོ། །དེ་ནས། སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང༌། །བདག་གིས་བདེ་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ ། སེམས་ཅན་ཐམས་ཅད་བདག་གིས་སྒྲོལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ནི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པས་བགྱི། །ཞེས་དེ་དག་གི་དོན་ཡིད་ལ་བསམས་ལ་བརྗོད་དོ། །རིགས་ལྔའི་སྡོམ་པ་གཟུང་བར་འདོད་ནའང་བྱེད་པ་མི་འགལ་ཏེ་མཉྫུ་ཤྲཱི་ཛྙཱ་ན་དང་དོན་ཡོད་རྡོ་རྗེས་སྡོམ་པ་གཟུང་བར་བཤད་དོ། །དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། དེ་བཞིན་དུ་སྡུག་བསྔལ་བ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ་སྙམ་དུ་ཚད་མེད་པ་བཞི་བསྒོམ་སྟེ་བསོད་ནམས་ཀྱི་


JLD010_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསགས་པའོ། །དེ་ནས། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷ་རྨཱཿ སྭ་བྷཱ་ཝ་ཤུ་དྡྷོ྅་ཧཾ། ༀ་ཤཱུ་ནྱཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ་བདག་མེད་པའི་ལྟ་བ་དྲན་པར་བྱས་ནས་ཐ་མལ་པའི་སྣང་བ་མེད་པ་ལ་འཇུག་པར་བྱ་སྟེ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པའི་སྔོན་གྱི་སྨོན་ལམ་དྲན་པར་བྱས་ལ་སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བའི་ཕྲེང་བས་འཁྲིགས་པའི་རྡོ་རྗེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་བརྒྱན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིར་རྡོ་རྗེས་མཚན་པའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། དེའི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་བྲེ་སྟེ་ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བ།ར་བའི་དབུས་སུ་བྷྲུཾ་ལས་དཀའི་འཁོར་ལོ་སེར་པོ་རབ་ཏུ་འབར་བ་གཡས་སྐོར་དུ་འཁོར་བ་རྩིབས་བཅུ་ལྟེ་


JLD010_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བཅས་པ་ལྟེ་བའི་ནང་དང་རྩིབས་ལ་ཅུང་ཟད་མ་རེག་པའི་གནས་སུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གསུམ་གསུམ་བསམ་མོ། །གདན་དབུས་མའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རང་ཉིད་གནོད་མཛེས་རྒྱལ་པོ་སྐུ་མདོག་མཐིང་ཁ་མི་བསྐྱོད་པའི་ཅོད་པན་ཅན་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་ཀྱིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་ཀྱིས་པདྨ་དང་ཞགས་པ་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཡབ་ཡུམ་སྙོམས་པར་བཞུགས་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཀུག་པའི་ཁྲོ་བོ་བཅུ་ཞལ་དུ་བཅུག་ནས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐིག་ལེ་བཅུ་དང་དེ་ལས་ཧཱུཾ་བཅུ་དང་། དེ་ལས་ཁྲོ་བོ་བཅུར་གྱུར་པའི་གཤིན་རྗེ་གཤེད་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རྡོ་རྗེ་ཐོ་བ་འཛིན་པ། ཧཱུཾ་ཞེས་བརྗོད་པས་པདྨ་ལས་སྤྲོས་ཏེ། ཤར་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་འཁོད། དེ་བཞིན་དུ་སྦྱར་ལ། གཞན་གྱིས་མི་ཐུབ་པ་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་བེ་ཅོན་འཛིན་པ་ལྷོ་དང༌། རྟ་མགྲིན་དམར་པོ་དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་པདྨ་དང་གཡོན་བར་པས་འཁོར་ལོ་འཛིན་པ་ནུབ་དང༌། བདུད་རྩི་འཁྱིལ་པ་སྔོན་པོ་སྔོ་


JLD010_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རྡོ་རྗེ་འཛིན་པ་བྱང་དང༌། འདོད་རྒྱལ་མཐིང་ཁ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་ལྕགས་ཀྱུ་འཛིན་པ་མེ་མཚམས་དང༌། དབྱུག་སྔོན་ཅན་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐམས་དབྱུག་པ་འཛིན་པ་བདེན་བྲལ་དང༌། སྟོབས་པོ་ཆེ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རྩེ་གསུམ་འཛིན་པ་རླུང་དང༌། མི་གཡོ་བ་མཐིང་ཁ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རལ་གྲི་དང་གཡོན་ཐ་མས་རྡོ་རྗེ་འཛིན་པ་དབང་ལྡན་གྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་འཁོད། གཙུག་ཏོར་འཁོར་ལོས་སྒྱུར་བ་ལྗང་སེར། ལྗང་སེར་དཀར་དང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་འཁོར་ལོ་འཛིན་པ་གཙོ་བོའི་སྟེང་གི་ཅུང་ཟད་ཙམ་གྱི་མདུན་དང༌། རྡོ་རྗེ་ས་འོག་མཐིང་ཁ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རྡོ་རྗེ་འཛིན་པ། གཙོ་བོའི་འོག་ལས་ཅུང་ཟད་ཙམ་གྱི་རྒྱབ་ཀྱི་གདན་གྱི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་འཁོད་པར་གྱུར། བཅུ་པོ་ཐམས་ཅད་ཀྱི་ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་གཡས་བར་པ་ཐམས་ཅད་ཀྱིས་རིན་པོ་ཆེ་དང༌། རྟ་མགྲིན་མ་གཏོགས་པ་གཡོན་པར་བ་ཐམས་ཅད་ཀྱིས་པདྨ་དང༌། མི་གཡོ་བ་མ་གཏོགས་པ་གཡོན་ཐ་མ་ཐམས་ཅད་ཀྱིས་རལ་གྲི་འཛིན་པའོ། །བཅུ་གཅིག་པོ་ཐམས་ཅད་ཀྱང་མཆེ་བ་གཙིགས་ཤིང་ཞལ་སོ་སོ་


JLD010_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམར་ལ་ཟླུམ་པའི་སྤྱན་གསུམ་པ་དབུ་སྐྲ་དང་སྨ་ར་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ། འཁོར་ལོ་དང་རྣ་ཆ་ལ་སོགས་པས་བརྒྱན་ཅིང་སྣ་ཚོགས་པའི་སྦྲུལ་གྱི་རྒྱན་ཅན། གཤིན་རྗེ་གཤེད་རྣམ་སྣང་དང་རྟ་མགྲིན་འོད་དཔག་མེད་ཀྱི་ཅོད་པན་ཅན་དེ་གཉིས་མ་གཏོགས་པ་བརྒྱད་མི་བསྐྱོད་པའི་ཅོད་པན་ཅན། བདུད་དང་བགེགས་ཐམས་ཅད་རྩད་ནས་འབྱིན་པའི་སྟོབས་དང་ལྡན་པ་སྐུ་ལས་སྐྱེས་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་འཇིགས་སུ་རུང་བའི་རྡོ་རྗེ་འབར་བ་སྤྲིན་ལྟར་འཁྲིགས་པ་ཕྱོགས་བཅུར་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་བསམ་མོ། །ལ་ལི་ཏའི་གཞུང་ལས་ཁྲོ་བཅུ་ལ་སྔགས་མ་བྱུང་ལ་བཟླས་པ་བྱ་བར་འདོད་ན་གཞུང་གཞན་ནས་འབྱུང་བའི་སྔགས་བཟླའོ། །འདིར་ལ་ལི་ཏའི་གཞུང་ཁ་ཅིག་ལས་ཁྲོ་བོ་བཅུའི་གཡས་ཀྱི་དང་པོས་རྡོ་རྗེ་ཐོ་བ་ལ་སོགས་པ་བཅུ་དང༌། གཡོན་དང་པོ་བཅུས་རལ་གྲི་འཛིན་པ་བཤད་ནས་དེའི་དམིགས་གསལ་དུ་འདོད་རྒྱལ་གྱིས་རྡོ་རྗེ་འཛིན་པར་བཤད་པ་དཔེ་མ་དག་པ་ཡིན་ཏེ། དེ་ལྟ་ཡིན་ན་གཞུང་དེར་ཁྲོ་བཅུའི་གཡས་གཡོན་གྱི་ཐ་མ་གཉིས་ཀྱི་ཕྱག་གིས་ཇི་ལྟར་མཛད་བཤད་པ་འཆད་པར་འགྱུར་རོ། །དེས་ན་གནོད་མཛེས་ལ་སོགས་པའི་ཁྲོ་བོ་རྣམས་ཀྱི་གཡས་གཡོན་གྱི་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པར་གསུངས་ཤིང༌། གནོད་མཛེས་ཀྱི་ཕྱག་ལྷག་མ་བཞི་མ་གཏོགས་པ་དང་པོ་གཉིས་ལ་ཕྱག་མཚན་མ་བཤད་པ་བཞིན་དུ་ཁྲོ་བོ་གཞན་ལའང་མཚུངས་ཤིང་


JLD010_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་ཀྱི་ཕྱག་དྲུག་ལའང་གནོད་མཛེས་ལྟར་བཤད་པ་དང་རིགས་འདྲའོ། །གཡོན་བར་པ་ཐམས་ཅད་ཀྱིས་པདྨ་འཛིན་པར་བཤད་པའི་དམིགས་བསལ་དུ་རྟ་མགྲིན་གྱི་གཡས་ན་པདྨ་ཡོད་པ་ལ་དགོངས་ནས་གཡོན་བར་པས་འཁོར་ལོ་འཛིན་པར་བཤད་པའི་རིགས་པས་མི་གཡོ་བའི་གཡས་ན་རལ་གྲི་ཡོད་པས་གཡོན་ཐ་མས་རྡོ་རྗེ་འཛིན་པའི་དམིགས་བསལ་མི་གཡོ་བ་ལ་རིགས་སོ། །གཞུང་དེར་ཡུམ་རྣམས་ཀྱི་ཞལ་ཕྱག་གི་གྲངས་ལ་སོགས་པ་མ་བཤད་པ་ནི་ཡབ་དང་འདྲ་བ་ལ་དགོངས་སོ། །གདུལ་བྱའི་བགེགས་རྣམས་ཕྱོགས་མཚམས་ཀྱི་སྒོ་ནས་བཅུར་བསྡུས་ཏེ་དེ་དག་གི་འདུལ་བྱེད་ཁྲོ་བོ་བཅུར་མཛད་ནས་ཕྱོགས་མཚམས་བསྲུང་བའི་དོན་དུ་སྲུང་འཁོར་གྱི་གཙོ་བོས་བཀའ་བསྒོས་ནས་འཇོག་པ་འདི་སྔགས་མ་བཟླས་ཀྱང་སྲུང་བའི་མཆོག་ཡིན་པས་དེ་ལྟར་བཀོད་ནས་བགེགས་ཚར་གཅོད་པ་ཡང་ཡང་དྲན་པར་བྱས་ནས་རང་གི་ལྷའི་སྒོམ་བཟླས་སོགས་བྱ་སྟེ་སྲུང་འཁོར་རོ། །དེ་ནས་རང་གནོད་མཛེས་སུ་གནས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི་གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་གྱེན་དུ་འགྲེང་བ་འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར་ལྷོའི་རྭ་སེར་ནུབ་ཀྱི་རྭ་


JLD010_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བྱང་གི་རྭ་ལྗང་དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པ་བསམ་མོ། དེའི་དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་གྲི་གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ་རྩིག་པའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བའི་གཞལ་ཡས་ཁང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེའི་ཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ་དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ་དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འཁོད་ནས་མཆོད་


JLD010_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞིའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་འཁོར་དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྡོ་རྗེ་ར་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན་ནཱ་ག་གེ་སར་གྱི་ཤིང་ལ་སོགས་པའི་ཤིང་བརྒྱད། དེ་ལ་གནས་པའི་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་རྣམས་དང་རྫུ་འཕྲུལ་ཆེན་པོ་པ་གླང་པོ་ཆེའི་གདོང་པ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང་གསལ་ཤིང་གིས་ཕུག་པའི་རོ་དང་། ཤིང་ལ་དཔྱངས་པ་དང་སྐྱེས་བུ་ཟ་བ་དང་མཚོན་གྱིས་ཕུག་པ་ལ་སོགས་པ་དང༌། བྱ་རོག་དང་བྱ་རྒོད་དང་ཁྱི་དང་ཅེ་སྤྱང་དང་། སེང་གེ་དང་སྟག་ལ་སོགས་པ་དང་། ཅ་ཅོ་སྒྲོག་པའི་རོ་ལངས་དང་། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ་གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བར་བསམས་ཏེ་རྟེན་བསྐྱེད་པའོ། །གཞལ་


JLD010_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ་དྷཱིཿ སེར་པོ་ལས་བྱུང་བའི་རལ་གྲི་དབུས་སུ་དྷཱིཿ ས་མཚན་པ་ལས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་ལས་སྐྱེས་པའི་རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ་རལ་བའི་ཟུར་ཕུད་ལྔ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །དེའི་ཐུགས་ཀར་ཨཱཿ ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་དང་། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང་སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ་འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པས། འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ལ་སོགས་པ་བཞི་སྤྱན་དྲངས་ནས་ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ་འོད་ཟེར་ལྔ་དང་ལྡན་པ་


JLD010_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་ལ་སོགས་པ་བཞི་སྤྲོས་ཏེ་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ་ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་ནས་རྡོ་རྗེ་ལ་ཐིམ་པར་བསམ་མོ། །ཁ་ཅིག་སྔ་མས་སྐུ་དང་གཉིས་པས་སྔགས་དང་གསུམ་པས་ཕྱག་མཚན་བསྡུས་ནས་བསྟིམ་པ་མཛད་ཀྱང་རྒྱུད་དང་རྒྱ་གཞུང་རྣམས་ནས་སྔ་མ་བཞིན་དུ་བཤད་དོ། །ཟླ་བ་ཉི་མ་རྡོ་རྗེ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ་ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་བ། མཆེ་བ་རྣམ་པར་གཙིགས་པ་ཁྲོ་གཉེར་ཅན་ཁྲོ་གཉེར་གྱི་འགྲམ་དུ་སྨིན་མ་དང་སྤྱན་འཇིག་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ་འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ་ཕ້་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོགས་པ་མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་ལྔས་ཐོད་བྱས་ཤིང་། མགོ་བོ་ལྔ་བཅུའི་ཐོད་པའི་ཕྲེང་བས་བརྒྱན་པ། སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པའི་ཕྱག་རྒྱ་ལྔ་ལ་སོགས་


JLD010_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྒྱན་ཅིང་གསུས་པ་ཆེ་བ་གཅེར་བུའི་གཟུགས་ཅན་མཚན་མ་གྱེན་དུ་འགྲེང་བ། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང༌། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ་རྭ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ་རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་ཁྲོས་པ་གཞོན་ནུའི་རྒྱན་གྱིས་བརྒྱན་པ་སྤྱི་བོར་རལ་པ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཁ། གཡོན་ཞལ་ནག་པོ་ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པའོ། །ལཱ་ལི་ཏས། གཡས་ཀྱི་རྭ་ཡི་ཞལ་གསུམ་ནི། །དང་པོ་མཐིང་ཁ་གཡས་དམར་པོ། །གཡོན་སེར་ཤིན་ཏུ་ཁྲོས་པའོ། །དེ་བཞིན་གཡོན་གྱི་རྩ་བའི་ཞལ། །དཀར་པོ་དུད་ཁ་དེ་བཞིན་དུ། །ནག་པོ་ཤིན་ཏུ་ཁྲོས་པའོ། །ཞེས་གསུངས་པས་ཞལ་དྲུག་སྡར་བཤད་པ་ལྟར་གནས་སོ། །ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང་སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པའི་པགས་པ་གཡོན་པ་ནས་བརྒྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷི་དྷི་པཱ་ལ། གསུམ་པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲི། ལྔ་པ་ན་ཀ་ཎ་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང་། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཏོ། བཅུ་གཅིག་པ་ན་ཁ་


JLD010_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཊྭཱཾ་ག བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང༌། ལྷག་མ་གཡོན་དང་པོ་ན་ཁྲག་གིས་བཀང་བའི་ཐོད་པ། གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིག་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པའོ། །རྟོག་བདུན་དང་སམྦུ་ཊ་ལས་ཕྱག་གཡས་གཡོན་གྱི་དང་པོས་གྲི་གུག་དང་ཐོད་པ་འཛིན་པར་བཤད་པ་ནི་སློབ་དཔོན་དོན་ཡོད་རྡོ་རྗེས་གཡོན་གྱི་དང་པོས་གླང་ལྤགས་འཛིན་པ་བྱས་ནས་ཕྱག་གཞན་གཡས་ཀྱི་དང་པོ་ན་གྲི་གུག་ཅེས་བཤད་པ་བཞིན་སློབ་དཔོན་ཞི་བའི་ཡེ་ཤེས་ཀྱང་བཞེད་པས་ཕྱག་ཐམས་ཅད་ཀྱི་དང་པོ་མིན་གྱི་གླང་ལྤགས་འཛིན་པ་ལས་གཞན་པའི་དང་པོའོ། །དེས་ན་ལ་ལི་ཏའི་རོ་ལངས་བརྒྱད་སྐོར་གྱི་སྒྲུབ་ཐབས་དང་ཤྲཱི་བྷ་དྲ་དང་འཇམ་དཔལ་ཡེ་ཤེས་རྣམས་ཀྱིས་ཀྱང་གླང་ལྤགས་གཡས་གཡོན་གྱི་དང་པོས་འཛིན་པར་གསུངས་པ་རྒྱུད་དང་མི་འགལ་ལོ། །གཡས་ཀྱི་ཕྱག་མཚན་གཉིས་པ་དང་ལྔ་པ་ལ་བོད་སྐད་ཀྱི་སྐད་དོད་བདེ་མོ་མ་རྙེད་པས་རོ་ལངས་བརྒྱད་སྐོར་ལ་སོགས་པའི་སྒྲུབ་ཐབས་མང་པོར་རྒྱ་སྐད་སོར་བཞག་མཛད་པའི་དོན་ནི་མན་ངག་སྙེ་མའི་འགྱུར་


JLD010_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གསར་ལས། བྷི་དྷི་པཱ་ལ་མདུང་ཐུང་གི་རྣམ་པ་ཅན་རྩེ་མོ་ལ་ཆགས་པའི་རྨ་བྱའི་སྒྲོ་མདོངས་ཅན་ནོ། །ཀ་ཎ་ཡ་ནི་མདུང་ཕྱེད་པའོ། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །གཞོན་ནུ་ཟླ་བའི་འགྲེལ་པར་མཚོན་རྩེ་གཅིག་པ་ནི་ལྕགས་དབྱུག་གི་རྣམ་པ་ཅན་རྩེ་མོ་རྨ་བྱའི་སྒྲོའི་ཆུན་པོ་དང་ལྡན་པའོ། །རྡོ་རྗེ་རྩེ་གཅིག་པ་ནི་མདུང་ཐུང་ངོ༌། །ཞེས་རྒྱ་སྐད་གཉིས་པོ་དེ་རྡོ་རྗེ་རྩེ་གཅིག་པ་དང་མཚོན་རྩེ་གཅིག་པར་བསྒྱུར་ནས་དེའི་བཤད་པ་བྱས་པ་འགྱུར་མ་ལེགས་སོ། །མདུང་ཐུང་གི་རྣམ་པ་ཅན་ནི་མདུང་ལྕགས་ཁོ་ནའི་མིན་པས་ལྕགས་དབྱུག་གི་རྣམ་པ་ཅན་དང་དོན་འདྲའོ། །ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོང། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པས་ཝ་དང༌། གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་པ་དང་། དབང་པོ་དང་། ཁྱབ་འཇུག་དང་། དྲག་པོ་དང་། གཞོན་ནུ་གདོང་དྲུག་དང་། ལོག་འདྲེན་དང་། ཟླ་བ་དང་། ཉི་མ་རྣམས་ཁ་སྦུབ་ཏུ་བྱས་ཏེ། ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་བསམ་མོ། །དེའི་མིག་ཏུ་ཀྵིཾ་དཀར་པོ་རྣ་བར་ཛྲ່་ནག་པོ་སྣར་ཁ་སེར་པོ་ལྕེ་ལ་གཾ་དམར་པོ་དཔྲལ་བར་ཀཾ་ལྗང་གུ་ལྟེ་བར་སཾ་དཀར་པོ་སྤྱི་བོར་ༀ་དཀར་པོ་མགྲིན་པར་ཨཱཿ དམར་པོ་ཐུགས་ཀར་ཧཱུཾ་སྔོན་པོ་དགོད་པ། ས་སྙིང་དང་ཕྱག་རྡོར་ནམ་སྙིང་


JLD010_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་སྒྲིབ་སེལ་ཀུན་བཟང་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ཀྱི་རང་བཞིན་དུ་བལྟའོ། །དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་སྔར་དང་འདྲ་བའི་འཇམ་དབྱངས་ཀྱི་ཐུགས་ཀར་ཨཱཿ ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་ལྔ་འཕྲོ་བར་བསམ་སྟེ་དམ་ཚིག་པ་བསྐྱེད་པའོ། །དེ་ནས་ཧཱུཾ་ཡིག་དེ་ལས་འོད་ཟེར་སྤྲོ་ཞིང་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་ༀ་ཧྲཱིཿ ཧཱ་བྷོ་མཧཱ་ཀྲོ་དྷཱ་ཨཱ་གཙྪ་ཨཱ་གཙྪ་ཨཱ་སྨ་ད་པཱུ་ཛ་པྲ་ཏི་གྲིཧྞནྟུ་པྲ་སཱ་ད་མེ་དྷཱི་མན་ཀུ་རུ་སྭཱཧཱ། ཞེས་བརྗོད་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་རྡོ་རྗེ་འཇིགས་བྱེད་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་ཧྲཱིཿ ཥྚྲཱིཿ ཡི་སྔགས་བརྗོད་ལ་ཁྲོ་བོ་སྤྲོས་ཏེ་ཕྱི་འབྲང་གི་བགེགས་ཚར་བཅད་ནས་བསྲུང༌། སྔར་བཞིན་མཆོད་ནས། ༀ་མུད་ག་ར་ཛཿ ཞེས་པའི་སྔགས་ཀྱིས་རང་གི་སྤྱི་བོར་དགུག །ༀ་དཎྜ་ཧཱུཾ་གིས་རང་ལ་གཞུག །ༀ་པདྨ་བཾ་གྱིས་རང་དང་དབྱེར་མེད་དུ་བཅིང༌། ༀ་ཁདྒ་ཧོཿ ས་དབང་དུ་བྱའོ། །དེ་ནས་སྔར་གྱི་ཕྱག་རྒྱ་ལ་སོགས་པས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་རྣམས་མདུན་དུ་སྤྱན་དྲངས་པ་ལ་སྔར་བཞིན་མཆོད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས་ཟླ་བ་ལྟ་བུའི་བུམ་པ་དཀར་པོ་བདུད་རྩི་རྣམ་པ་ལྔས་བཀང་བ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་


JLD010_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ཇི་ལྟར་དེ་བཞིན་བདག་གིས་ནི། །དག་པ་ལྷ་ཡི་ཆུས་དབང་བསྐུར། །ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར་བས་དབང་གི་ཆུས་ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པས་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པས་དབུ་བརྒྱན་ཞིང་དབང་གི་ལྷ་རྣམས་རང་ལ་ཐིམ་པར་བསམ་སྟེ་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བའོ། །དེ་ནས་མཆོད་རྫས་རྣམས་ཧྲཱིཿ ཥྚྲཱིཿ ས་སངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་བསྐྱེད་ནས་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ལ་སྔར་བཤད་པ་བཞིན་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །སློབ་དཔོན་ཛྙཱ་ན་ཨཱ་ཀ་རས། ༀ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ་ཞེས་སོགས་ཀྱི་སྙིང་པོའི་མཇུག་ཏུ་བཏགས་ནས་དབུལ་བའང་བཤད་དོ། །དེ་ནས་ནང་མཆོད་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ཐོག་མར་རྩ་བའི་བླ་མ་དང་། དེ་ནས་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར་ༀ་ཨཱཿ ཧཱུཾ་བཏགས་ལ་དབུལ། དེ་ནས་ལྷའི་སྔགས་ལ་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་ཆོས་སྐྱོང་རྣམས་ལ་འབུལ་ཞིང་སེམས་ཅན་ཐམས་ཅད་ཀྱང་ལྷར་བསྐྱེད་ལ་འབུལ་ལོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་རང་གི་ལུས་ལ་གཞུག་ལ་སྙིང་པོ་ལ་ཡི་གེ་གསུམ་བཏགས་པ་བརྗོད། ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཟེར་གྱི་སྦུ་གུ་ཅན་གྱིས་


JLD010_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་ལོངས་སྤྱད་པར་བསམ་ཞིང་བདུད་རྩི་ལྕེ་ཐོག་ཏུ་བཞག་པ་མྱངས་པས་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམ་མོ། །དེའི་ཚེ་མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་རང་བཞིན་མེད་བཞིན་དུ་སྣང་བ་སྒྱུ་མ་བཞིན་དུ་བལྟ་བར་བྱ་སྟེ་མཆོད་པའོ། །ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བྲག་ཆའི་དབྱངས་བཞིན་དུ་བསྟོད་པར་བསམས་ལ། ཧཱུཾ་འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། །འཇམ་དཔལ་ཐུགས་ལ་ཆོས་ཀུན་རང་བཞིན་གསལ། །འཇམ་དཔལ་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །འཇམ་དཔལ་བདག་ནི་རེ་བའི་སེམས་ཀྱིས་འདུད། །ཐུགས་མཆོག་འཇམ་པའི་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེས་གདུག་པ་མ་ལུས་འདུལ་བའི་ཕྱིར། །འཇིགས་བྱེད་འཇིགས་པ་ཆེན་པོའི་སྐུར་སྟོན་པ། །མི་བཟད་དུས་མཐའི་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འགྱུ། །སྤྱན་བགྲད་མཆེ་བ་གཙིགས་པ་རབ་ཏུ་འབར། །རྡོ་རྗེའི་རྟ་སྐད་དྲག་པོ་ཧ་ཧར་བཞད། །མཁའ་འགྲོ་སྡུད་པའི་ཕ້་སྐད་གནམ་དུ་སྒྲོག །ཁྲོས་པའི་སྟབས་ཆེན་བརྡབས་པས་ས་གསུམ་གནོན། །སྡིགས་མཛུབ་གནམ་དུ་བསྒྲེང་ཞིང་ལྷ་ཆེན་འདུལ། །ལྗགས་འདྲིལ་ཚེམས་ཆེན་གཅིགས་ཤིང་ཁྲག་གིས་མྱོས། །ལྷ་དང་བཅས་པའི་འཇིག་རྟེན་ཞལ་དུ་གསོལ། །གླང་ཆེན་ཀོ་རློན་ཐོད་པའི་ཕྲེང་བ་ཞགས། །གཅེར་བུ་འཇིགས་བྱེད་དབང་ཕྱུག་ཆེན་པོའི་ཚུལ། །འཇིགས་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང༌། །ཞལ་དགུ་འབར་བས་སྲིད་པ་ཟ་ཞིང་རྔུབ། །འགྲོ་བ་སྣ་ཚོགས་


JLD010_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཕྱག་རྒྱ་འབར། །བདུད་རིས་གནོན་པའི་ཞབས་ནི་བརྐྱངས་བསྐུམ་མཛད། །འཇིགས་བྱེད་ཆེན་པོའི་སྐུ་ལ་རྟག་ཏུ་འདུད། །དབུ་དགུ་འབར་བའི་དཀྱིལ་འཁོར་ནས། །གཡས་ཀྱི་ཞལ་གསུམ་བགྲད་པ་ནི། །མཐིང་ག་དམར་དང་སེར་བའི་ཞལ། །གཡོན་པའི་ཞལ་གསུམ་གདངས་པ་ནི། །དཀར་དང་དུད་ཁ་ནག་པོའི་ཞལ། །དབུས་ཀྱི་ཞལ་གསུམ་འབར་བ་ནི། །ཁྲོ་དང་ཆགས་དང་ཞི་བའི་ཚུལ། །ཕྱག་རྒྱ་འོད་ཟེར་འབར་བ་ལས། །གཡས་ཀྱི་ཕྱག་རྒྱ་བཅུ་དྲུག་ནི། །བརྡེག་ཅིང་འཇོམས་པའི་མཚོན་ཆ་གདེངས། །གཡོན་གྱི་ཕྱག་རྒྱ་བཅུ་དྲུག་ནི། །རོལ་ཅིང་སྟོབ་པའི་མཚན་མས་མཛེས། །བརྗིད་རྔམ་ཞབས་ཀྱི་ཚམ་ངམ་ལས། །གཡས་ཀྱི་ཞབས་བརྒྱད་བསྐུམ་པས་ནི། །དྲེགས་པའི་ལྷ་བརྒྱད་ཐབས་ཀྱིས་གནོན། །གཡོན་གྱི་ཞབས་བརྒྱད་བརྐྱང་པས་ནི། །དྲེགས་པའི་ལྷ་མོ་བརྒྱད་ལ་རོལ། །འདོད་ཆགས་ཆེན་པོ་འདུལ་བའི་ཕྱིར། །རྟག་ཏུ་ལིང་ག་རྒྱས་པའི་ཚུལ། །དྲག་པོའི་ཚུལ་གྱིས་ཞེ་སྡང་འདུལ། །འདུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །བདུད་དང་གཤིན་རྗེ་ཐབས་ཀྱིས་འདུལ། །མ་མོ་མཁའ་འགྲོ་དབང་དུ་སྡུས། །དབང་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དབང་མེད་དད་པས་འདུས་པ་དང༌། །ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །འཁོར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཇི་ལྟ་བུར་ནི་སྤྲུལ་གྱུར་ཀྱང༌། །རྣམ་དག་དབྱིངས་ལས་མ་གཡོས་


JLD010_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །མཉམ་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་བསྟོད་པའོ། །དེ་ལྟར་རེ་རེ་ནས་གསལ་འདེབས་པའི་དཔྱད་ནས་བསྒོམ་པ་དང་རྣམ་པ་གསལ་བ་ལ་རྩེ་གཅིག་ཏུ་འཇོག་པའི་སྒོམ་པ་གཉིས་ཀྱིས་གསལ་སྣང་བསྒྲུབ་ཅིང༌། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་དོ་སྙམ་དུ་ངེས་པ་ཤུགས་ཅན་བསྐྱེད་པ་ལ་འཇོག་པའི་ང་རྒྱལ་བརྟན་པར་བྱེད་པ་གཉིས་ཀ་བསྒོམ་པར་བྱ་བ་ནི་རྒྱ་ཆེ་བ་ལ་བསླབ་པའོ། །སྒོམ་པ་པོ་དང་བསྒོམ་བྱ་དང་སྒོམ་རྣམས་བརྟགས་ན་ཡང་དག་པར་ཅིར་ཡང་མ་གྲུབ་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་དོན་ལ་འཇོག་པའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་མཉམ་པར་འཇོག་པ་ནི་དམིགས་པ་ལྷའི་སྐུ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་རྒྱུན་སྐྱོང་བ་ཡིན་པས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ལ་བསླབ་པ་སྟེ་དེ་དག་ནི་རིགས་པ་ལ་སེམས་འཛིན་པའོ། །དེ་ལྟར་བསྒོམ་པ་ལ་བྱིང་བ་དང་རྒོད་པ་བསལ་བའི་ཕྱིར་སྟེང་ངམ་འོག་གི་སྣ་རྩེར་ཟླ་བ་ལ་གནས་པའི་རྡོ་རྗེ་སྔོན་པོ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་སེམས་བཟུང་ནས་བརྟན་པ་ན་དེ་ལས་ཕྱག་མཚན་མང་པོ་སྤྲོ་ཞིང་སླར་ཡང་རྩ་བའི་མཚན་མ་ལ་སྡུད་པ་ནི་ཕྲ་མོ་ལ་སེམས་འཛིན་པ་ཡིན་ཏེ་སེམས་གཟུང་བའི་རིམ་པའོ། །དེ་ལྟར་བསྒོམས་པས་སྐྱོན་དག་པ་དྲན་པར་བྱ་སྟེ། ཞལ་དགུ་ནི་གསུང་རབ་ཡན་ལག་དགུ་རྭ་གཉིས་ནི་བདེན་པ་གཉིས། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན། ཞབས་བཅུ་དྲུག་ནི་སྟོང་ནིད་བཅུ་དྲུག །མཚན་མ་འགྲེང་བ་ནི་བདེ་བ་ཆེན་པོ་རྒྱས་པ། མི་ལ་སོགས་པ་ནི་དངོས་གྲུབ་བརྒྱད་དང་། བྱ་རྒོད་ལ་སོགས་པ་ནི་དབང་ཕྱུག་བརྒྱད་དག་པ་


JLD010_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། གཅེར་བུ་ནི་སྒྲིབ་གཡོགས་མེད་པ་དང་སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའོ། །ཞེས་འགྲེལ་པ་གཉིས་ལས་བཤད་པ་བཞིན་དུའོ། །དེ་དག་གི་དོན་མདོར་བསྡུ་ན་གཏན་ལ་དབབ་པའི་གཞི་གསུང་རབ་ཡན་ལག་དགུའི་བརྗོད་བྱ་ཀུན་རྫོབ་སྒྱུ་མ་དང་དོན་དམ་ནམ་མཁའ་ལྟ་བུ་ཁོང་དུ་ཆུད་པའི་ལམ་བྱང་ཕྱོགས་སོ་བདུན་ཡིན་ལ། ལམ་དེའི་གཙོ་བོ་དོན་དམ་རྟོགས་པ་ལ་ནི་སྟོང་ཉིད་བཅུ་དྲུག་གི་རྟོགས་པ་ཡོད་དེ། དེའང་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་ཞུགས་པའོ། །ལམ་དེས་བགྲོད་པའི་འབྲས་བུ་དངོས་གྲུབ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་གཙོ་བོ་ནི་སྒྲིབ་པ་ཟད་པའི་མྱང་འདས་སོ་ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ཤར་བའི་སྐུས་དེ་ལྟར་མཚོན་པ་གོ་བར་བྱེད་པའོ། །རྒྱས་པར་བསྒོམ་པར་འདོད་ན་འགྲེལ་པ་གཉིས་དང་ལ་ལཱི་ཏའི་གཞུང་ལས་ཤེས་པར་བྱ་སྟེ་དག་པ་དྲན་པའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་མཐར་གང་ཟློ་བར་འདོད་པའི་སྔགས་ཀྱི་ཡི་གེ་རྣམས་གཡས་སྐོར་དུ་འགྲེང་སྟེ་འོད་ཟེར་འབར་བའི་རྣམ་པ་ཅན་དུ་བལྟས་ལ་དེ་ལས་འོད་འཕྲོས་པ་རིམ་གྱིས་བརྒྱུད་ནས་རྩ་ཞལ་གྱི་སྣ་སྒོ་ནས་དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་བྱུང་བས་འགྲོ་བའི་དོན་བྱས་ནས་སླར་ཡང་དབུགས་རྔུབ་པ་དང་ལྷན་ཅིག་སྣའི་བུ་ག་ནས་གཞུག་ལ་སྔགས་ཕྲེང་ལ་ཐིམ་པ་དང་ཞལ་དགུ་ག་ནས་བྱུང་བར་བསམ་ལ་སྐྱོན་དང་བྲལ་བར་བཟླའོ། །བཟླས་པའི་སྐྱོན་ནི། ཤིན་ཏུ་མྱུར་བུལ་གཉིས་དང་ཤིན་ཏུ་གསལ་མི་གསལ་དང་རིང་བ་དང་ཐུང་བ་གཉིས་གོ་ལྡོག་པ་དང་གཏམ་གཞན་


JLD010_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བར་ཆོད་པ་དང་སེམས་གཞན་དུ་ཡེངས་པ་ལ་སོགས་པའོ། །གདོང་དྲུག་གི་སྒྲུབ་ཐབས་ལས། གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་ཤིང་གཞན་ཡང་མང་བས་སེམས་མ་ཡེངས་པ་ཁྱད་པར་དུ་གལ་ཆེའོ། །ཡི་གེ་འབར་བ་ལ་སེམས་བཟུང་ནས་བཟླས་ན་དངོས་གྲུབ་མྱུར་བར་ལ་ལིས་ཏས་གསུངས་སོ། །བཟླས་བྱའི་སྔགས་ནི། ༀ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ནི་རྩ་སྔགས་སམ་ཕྲེང་སྔགས་སོ། །ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ཞེས་པ་ནི་ལས་ཀྱི་སྔགས་སོ། །དེ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་སྦྱར་བ་གཉིས་ཟློ་བ་གདམ་ང་ཅན་དུ་མན་སྙེ་ལས་བཤད་དོ། །ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ་ཅེས་པ་ནི་སྙིང་པོའོ། །གྲངས་ནི་རྒྱུད་ཀྱི་རྟོག་པ་གསུམ་པ་ལས་དང་པོ་ལ་འབུམ་གཉིས་པ་ལ་སུམ་འབུམ་གསུམ་པ་ལ་ཡི་གེའི་གྲངས་ཀྱི་འབུམ་བཟླས་ན་ལས་ཀུན་བྱེད་ནུས་པར་གསུངས་ཤིང་། རྟོག་པ་བཞི་པ་ལས་རྩ་སྔགས་ལ་སུམ་འབུམ་བཟླ་བར་གསུངས་པའི་སུམ་འབུམ་སྔ་མ་ནི་སློབ་དཔོན་མི་བསྐྱོད་པས་གང་ཟག་འབྲིང་གི་དབང་དུ་བྱས་ནས་གསུངས་པར་བཞེད་དོ། །དེའི་སྒྲུབ་ཐབས་ཀྱི་གཞུང་གཞན་ནས་བཟླས་པའི་གྲངས་བཤད་པ་ནི་ཚུལ་སྔ་མ་དང་འདྲ་ལ་སློབ་དཔོན་ཛྙཱ་ན་ཨཱ་ཀ་རས་སྔོན་དུ་བསྙེན་པ་བྱེ་བའམ་ཡང་ན་མཚན་མ་ཐོབ་ནས་ལས་རྣམས་བརྩམ་པར་གསུངས་སོ། །དེ་ནས་དབང་བསྐུར་བ་བྱེད་པ་ལ་ཨ་མོ་གྷ་བཛྲས་ཡི་གེ་བཅུ་པ་འབུམ་


JLD010_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གཅིག་བཟླ་བར་གསུངས་པ་ལྟ་བུ་མིན་པར་ཞི་སོགས་ཀྱི་ལས་མང་པོ་འགྲུབ་པ་ལ་ནི་ད་ལྟའི་གང་ཟག་གིས་ཇི་སྐད་བཤད་པའི་མཚན་མ་བརྟན་པོ་ཐོབ་ན་མ་གཏོགས་པ་གྲངས་ཀྱི་བསྙེན་པ་བྱེ་བར་གསུངས་པ་ལེགས་པར་མཐོང་ངོ༌། །ཕྲེང་བ་དག་པའི་ཆོ་ག་ནི། མི་རུས་ལ་སོགས་པའི་ཕྲེང་བ་བསངས་སྦྱངས་ནས་ཕྲེང་རྡོག་རྣམས་ཧཱུཾ་ལས་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་པའམ་ཡང་ན་དེ་ཞུ་བ་ལས་ཁྲག་འཛག་པའི་མགོ་བོར་བལྟས་ལ་གཡས་པའི་མཐེ་བོང་ལྕགས་ཀྱུས་ལྷ་དགུག་པའི་བསམ་པས་ཕྲེང་བ་དབབ་ལ་བཟླས་ཏེ་བཟླས་པའོ། །བཟླས་པས་སྐྱོ་ན་སླར་ཡང་མཆོད་བསྟོད་བྱ་ཞིང་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་གདོན་ལ་གྲུབ་ན་ཐུན་ཐམས་ཅད་ཀྱི་མཐར་གཏོར་མ་དབུལ། མ་གྲུབ་ན་ཐུན་ཐ་མའི་མཐར་གཏོར་མ་དབུལ་ལོ། །དེའི་རིམ་པ་ནི། ཐུན་གཤམ་ཡིན་ན་བདག་བསྐྱེད་གསར་དུ་མི་དགོས་ལ་དེ་ལྟ་མིན་ན་རང་འཇིགས་བྱེད་དུ་བསྐྱེད་པ་རྒྱས་བསྡུས་གང་རུང་བྱ། མདུན་དུ་སྐད་ཅིག་ཙམ་གྱིས་རྟེན་དང་བརྟེན་པ་བསྐྱེད་པའམ་ཡང་ན་སྟོང་པ་ཉིད་བསྒོམ་པ་ནས་སྲུང་འཁོར་ཐུན་མོང་བའི་བར་དང་། དེ་ནས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པའི་ཆོས་འབྱུང་ནས་དམ་ཚིག་པ་བསྐྱེད་པའི་བར་སྔར་བཞིན་བྱས་ཏེ་སྤྱན་འདྲེན་གྱི་ཕྱག་རྒྱ་དང་དམིགས་པའང་སྔར་བཞིན་བྱས་ལ། འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །དུས་ཀྱི་ཁམས་བཞིན་ཐུགས་རྗེ་འགྲོ་འོང་བྲལ། །སྤྲུལ་པ་འགྲོ་དང་བྲལ་བ་གཟུགས་བརྙན་བཞིན། །འགྲོ་དང་འོང་བའི་


JLD010_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་མི་མངའ་ཡང༌། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བས། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ་བའི་ལྷ། །སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་པའི་དབྱངས། །གདུག་པ་འདུལ་བྱེད་འཇིགས་བྱེད་གཤིན་རྗེ་གཤེད། །ལས་བྱེད་སྤྲུལ་པ་གཤིན་རྗེའི་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ༀ་ཧྲཱིཿ ཧཱ་བྷོ་སོགས་བརྗོད་ལ་ཕྱོགས་སྐྱོང་དང་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་བ་ལ་གཞུག་པ་སོགས་བྱའོ། །དེ་ལ་དབང་བསྐུར་ཞིང་རྒྱས་གདབ་ལ། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང༌། །སྨེ་བའི་རྟོག་པ་མི་མངའ་ཡང༌། །སྲི་ཞུའི་ཚུལ་གྱིས་ཡོན་ཆབ་འདིས། །བདེ་གཤེགས་རྣམས་ལ་སྐུ་ཁྲུས་གསོལ། །ཞེས་མཆོད་ཡོན་དང་དེའི་གནས་སུ་ཞབས་བསིལ་ཞེས་གཞུག་ལ་ཞབས་བསིལ་དང༌། རྒྱལ་བ་རྣམས་ནི་ཡོན་ཏན་མཆོག་གི་སྐུ། །ཚུལ་ཁྲིམས་རྣམ་པར་དག་པའི་དྲི་དང་ལྡང༌། །སྒྱུ་མའི་ཆོས་ལ་ཡེ་ཤེས་དབང་བསྒྱུར་ཞིང༌། །རང་བཞིན་རྣམ་དག་ཆགས་རྡུལ་མི་མངའ་ཡང༌། །བདག་ཅག་སྲི་ཞུ་གུས་པའི་ཚུལ་གྱིས་སུ། །དྲི་མཆོག་གཙང་མར་བཤམས་ཏེ་ཕུལ་བ་ཡིས། །བསོད་ནམས་ཡན་ལག་ཡོངས་སུ་རྫོགས་གྱུར་ཅིག །ཅེས་དྲི་མཆོག་དང་གཞན་རྣམས་འདྲ་བ་ལ་རྐང་པ་གཉིས་པའི་གནས་སུ། བྱང་ཆུབ་ཡན་ལག་རྒྱན་གྱི་མེ་ཏོག་མཛེས། །ཡེ་ཤེས་ཕོ་བྲང་མཚན་གྱི་མེ་ཏོག་སྤོས། །མ་རིག་མུན་པ་བྲལ་བའི་ཡེ་ཤེས་གསལ། །ནོར་བདུན་ཡོན་ཏན་ཆོག་ཤེས་བདུད་རྩིའི་ཟས། །ཞེས་དང༌། དྲི་མཆོག་ཅེས་པའི་གནས་སུ་མེ་ཏོག་དང་བདུག་པ་དང་མར་མེ་དང་བཤོས་བཟང་ཞེས་སྦྱར་ལ་སྔར་བཤད་པའི་སྔགས་


JLD010_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རོལ་མོ་དང་བཅས་པ་དབུལ། སྤྱན་འདྲེན་དང་མཆོད་པ་བསྡུས་པ་ལ་མོས་ན་སྔར་བཤད་པ་བཞིན་བྱས་ཀྱང་རུང་ངོ༌། །མདུན་བསྐྱེད་སྒྲུབ་མཆོད་ཀྱང་དེ་མ་ཐག་བཤད་པས་ཤེས་པར་བྱའོ། །ནང་མཆོད་ཀྱིས་ཀྱང་མཆོད། དེ་ནས་གཏོར་མ་ཧྲཱིཿ ཥྚྲཱིཿ ས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿ ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿ ལས་བྱུང་བའི་ཐོད་པ་དཀར་པོ་དེའི་ནང་དུ་ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་དབུས་སུ་བྷྲཱུཾ་ཨཾ་ཛྲ່་ཁཾ་ཧཱུཾ་ལས་བྱུང་བའི་བ་ལང་ཁྱི་གླང་པོ་ཆེ་རྟ་མིའི་ཤ་ལྔ་ལ་ཀཽ་ཀུ་ད་ཧ་ནའི་ཡི་གེས་མཚན་པ། ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞི་དང་དབུས་སུ་ལཱཾ་མཱཾ་པཱཾ་ཏཱཾ་པཱཾ་ལས་བྱུང་བའི་དྲི་ཆེན་རཀྟ་བྱང་སེམས་དཀར་པོ་རྐང་མར་དྲི་ཆུ་ལྔ་ལ་བི་ར་ཤུ་མ་མཱུའི་ཡི་གེས་མཆན་པ་སྟེ་རྫས་རྣམས་བཅུ་པོ་དེར་བསྐྱེད་དོ། །དེ་དག་གི་སྟེང་དུ་ༀ་དཀར་པོ་ཨཱཿ དམར་པོ་ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་བསྒོམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས་ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་ཐམས་ཅད་དག་ཨཱཿ ས་བདུད་རྩིར་རྟོགས་པར་བྱས་ༀ་གྱིས་མང་པོར་སྤེལ་བར་བསམ་


JLD010_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ཉིད་གསུམ་གྱི་ཡི་གེ་ལན་གསུམ་བརྗོད་དོ། །དེ་ནས་ཧཱུཾ་ཞེས་བརྗོད་པས་མགྲོན་རྣམས་ཀྱི་ལྗགས་སྔར་བཤད་པ་བཞིན་བྱིན་གྱིས་བརླབས་ལ། ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ནན་ཧཱུྃ་ཕཊ། ༀ་བཛྲ་བྷཻ་ར་བ་ཡ་ཨ་དྷི་པ་ཏི་ཨི་མཾ་བ་ལ່་ཁ་ཁཱ་ཁཱ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་བརྗོད་པས་ལྗགས་ཀྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམས་ལ། གཏོར་མ་དང་པོ་འཇིགས་བྱེད་ལ་དབུལ་ཞིང་ཉེར་སྤྱོད་དང་ནང་མཆོད་ཀྱིས་མཆོད་ནས། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྔང་མི་མངའ་ཡང༌། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེས་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ་ཞི་རྒྱས་སོགས་སྐབས་དང་བསྟུན་ནས་འཕྲིན་ལས་བཅོལ་བས་གནང་བ་བྱུང་བར་བསམ་མོ། །དེ་ནས་གཏོར་མ་གཉིས་པ་ཡང་སྔར་བཞིན་བསངས་སྦྱངས་སོགས་བྱས་ནས་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ༀ་བྷཱུ་ཙ་ར་ནཾ། ཡ་པཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་པཱུར་བ་ནི་ག་ནཾ། ཀ་དཀྵི་ཎ་དཱི་གཱ་ཡ། ཧཱུཾ་པཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ༀ་ཨི། ཧྲཱིཿ ཡ། ཥྚྲཱིཿ བ། ཝི་ཀྵི། ཀྲི་ཀོ། ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོ། ཕཊ་སརྦ་བྷུ་དེ་བྷྱཿ ཞེས་བརྗོད་ལ་འཁོར་དུ་སྤྱན་དྲངས་པའི་ཕྱོགས་སྐྱོང་འཁོར་བཅས་ཀྱི་འབྱུང་པོ་རྣམས་ལ་ཕུལ་ནས་མཆོད་དེ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་


JLD010_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཞེས་བསྟོད་ལ་འཕྲིན་ལས་བཅོལ་བས་ཁས་བླངས་པར་བསམ་མོ། དེ་ནས་འཇམ་དབྱངས་ཀྱི་བཀའ་སྡོད་གཤིན་རྗེའི་གཏོར་མ་སྔར་བཞིན་བསྐྱེད།མདུན་དུ་པདྨ་ཉི་མ་ཧེའི་སྟེང་དུ་ཡ་ལས་དབྱུག་ཏོ་ཡས་མཚན་པ་དེ་ལས་འོད་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་དབྱུག་ཏོ་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས། ལས་ཀྱི་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། མ་ཧེའི་གདོང་པ་ཅན་དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། གཡས་པས་ཐོད་དབྱུག་གཡོན་པས་ཞགས་པ་འཛིན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལིང་ག་དམར་པོ་གྱེན་དུ་ལངས་པ། གཤིན་རྗེའི་ཚོགས་ཀྱིས་བསྐོར་བ་དམིགས་པའི་གནས་གསུམ་དུ་ཡི་གེ་གསུམ་དགོད། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་བརྗོད་པས་བྱོན་པར་བསམས་ལ། ཛཿ ཧཱུཾ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་རིགས་ལྔ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པ་ཐོགས་ཏེ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་


JLD010_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་ནས་དབང་བསྐུར་བས་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན། ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག །ༀ་ཀཱ་ལ་རཱུ་པ་ཡེ་གྲྀཧྣ་ཌཾ་ཞེས་པ་དང་མཆོད་པ་ལྔ་སྦྱར་བས་མཆོད། གཏོར་མ་གསོལ་བར་བསམ་ཞིང༌། ༀ་ཀཱ་ལ་རཱུ་པ་སརྦ་བིགྷ་ནཱན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལ່་ཏ་ཁ་ཁ་ཁཱ་ཁཱ་ཧི་ཧཱུཾ་ཕཊ། ཅེས་གསུམ་མམ་བདུན་གྱིས་ཕུལ་ནས་འཕྲིན་ལས་བཅོལ་བ་ནི། ཧཱུཾ་འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ནས། །སྲོག་ལ་རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་པ་མ་ཧེའི་གདོང༌། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པའི་སྤྱན་རྩ་དམར་པོ་འཁྲུག །སྐྲ་སེར་སྨྲ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་བགེགས་འཆིང༌། །གཡས་པ་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་དང་བཅས་པའི་དུས་ལ་བབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང༌། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཞིག་གནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ༀ་ཀཱ་


JLD010_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རཱུ་པ་ཧཱུཾ་ཕཊ། ཅེས་བརྗོད་པས་དེས་ལས་སྒྲུབ་པར་ཁས་བླངས་པར་བསམ་སྟེ་བླ་མ་རྣམས་ཀྱི་མན་ངག་བཞིན་དུ་བཀོད་པའོ། །དེ་ནས་གཏོར་མགྲོན་རྣམས་ལ་བཟོད་པར་གསོལ། ༀ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཅ་མེ་ཙིཏྟཾ་ཤྲཱི་ཡཾཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་མཱ་མེ་མུཉྩ། བཛྲི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨཿ ཞེས་གདོན་ལ། ༀ་ཇ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་སྠཱ་ནཾ། ཀྲི་ཏཾ་ཏེ་ན་ཏ་ཐཱ་གཙྪ། སརྦ་བུདྡྷཱ་ཥྩ། བི་ས་རྫ་ཡ་མ་མ་ཀཱརྻཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་པས་འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་བསམ་ལ་སྨོན་ལམ་གདབ་བོ། །བསྡུས་པ་ལ་མོས་ན་ༀ་ཨཱཿ ཧཱུཾ་མུཿ ཞེས་པས་བྱ་སྟེ་གཏོར་མའི་ཆོ་གའོ། །ཐུན་གྱི་མཐར་བདག་བསྐྱེད་ཀྱི་དཀྱིལ་འཁོར་སོགས་བསྡུ་མི་བསྡུ་འཇིགས་བྱེད་ཀྱི་གཞུང་རྣམས་ལས་མི་གསལ་ཡང༌། ལི་ལ་བཛྲས་དགྲ་ནག་ལ་བཤད་པའི་རིགས་འགྲོས་སྦྱར་ན་དུར་ཁྲོད་ནས་གཞལ་ཡས་ཁང་གི་བར་སྔ་མ་རྣམས་ཕྱི་མ་ལ་བསྡུས་པའི་མཐར་གཞལ་ཡས་ཁང་རང་ལ་བསྡུ། རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་དེ་ཏིང་ངེ་འཛིན་སེམས་དཔའ་ལ་དེའང་ཞབས་ཀྱུ་ཨུ་ཧ་ལ་ཧ་མགོ་བོ་ལ་དེ་ཟླ་ཚེས་ལ་དེ་ཐིག་ལེ་ལ་དེ་ནཱ་ད་ལ་དེའང་མི་དམིགས་པར་སྟོང་


JLD010_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་སྟེ་དེ་དག་གིས་ནི་ཐུན་གྱི་ཐོག་མཐའ་བར་གསུམ་དུ་ཇི་ལྟར་བྱ་བས་ཐུན་གྱི་ངོ་བོའི་རྣལ་འབྱོར་རྣམས་བཤད་ཟིན་ཏོ། །ཐུན་མཚམས་ཀྱི་རྣལ་འབྱོར་ནི། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་ལངས་ཏེ་དེ་དང་མ་བྲལ་བའི་ངང་ནས་ཡུལ་དུ་སྣང་བ་ཀུན་ཀྱང་རྡོ་རྗེ་འཇིགས་བྱེད་དུ་བལྟས་ལ་སྒོ་གསུམ་གྱི་བྱ་བ་ཀུན་ཕྱག་རྒྱ་དང་སྔགས་ཀྱི་བདག་ཉིད་དུ་བསམས་ནས་བྱ་བ་ལ་འཇོག་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །བཟའ་བཏུང་གཏོར་མ་ལྟར་བྱིན་གྱིས་བརླབས་ལ་ཁ་ཐབ་ཁུང་དང་ལག་པ་གཉིས་དགང་བླུགས་དང་བཟའ་བཏུང་སྲེག་རྫས་སུ་མོས་ནས་ལྷ་ཐམས་ཅད་འདུས་པའི་བདག་ཉིད་སྙིང་ཁའི་ཏིང་ངེ་འཛིན་སེམས་དཔའ་ལ་འབུལ་བའི་ཚུལ་གྱིས་ཟ་ཞིང་འཐུང་བ་ནི་ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་ཚེ་སྔར་བཞིན་རིམ་གྱིས་བསྡུས་ནས་ཐབས་ཤེས་དང་ལྡན་པར་ཉལ་བ་ནི་ཉལ་བའི་རྣལ་འབྱོར་རོ། །འདིར་བླ་མ་རྣམས་བཞེད་པ་ལྟར་སྣོད་བཅུད་འོད་དུ་ཞུ་ནས་བསྡུ་བའང་རུང་ངོ༌། །ལྡང་བའི་ཚེ་ཙ་རྩི་ཀ་ལ་སོགས་པའི་ལྷ་མོའི་དབྱངས་ཀྱིས་འོད་གསལ་ལས་བཞེངས་པའི་དོན་དུ་བསྐུལ་བར་མོས་ནས་ལྡང་བ་ནི་ལྡང་བའི་རྣལ་འབྱོར་རོ། །ཁྲུས་ཀྱི་ཚེ་དབང་བསྐུར་བའི་སྐབས་བཞིན་བྱེད་པ་ནི་ཁྲུས་ཀྱི་རྣལ་འབྱོར་རོ། །དེ་ལྟ་བུའི་ཚུལ་གྱིས་ཞག་རེ་ལ་ཐུན་གསུམ་མམ་བཞི་བཞིར་མ་ཆག་པར་ཉམས་སུ་ལེན་པ་ནི་བསྐྱེད་པའི་རིམ་པ་ལ་བསླབ་པའོ། །རྫོགས་པའི་རིམ་པ་ནི་ཤཱནྟི་པའི་འཇིགས་བྱེད་ཀྱི་ཚོགས་འཁོར་དང་འཇམ་དཔལ་ཡེ་ཤེས་དང་དོན་ཡོད་རྡོ་རྗེའི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །དེ་ལྟར་དཔའ་བོ་གཅིག་པ་ཞལ་ཕྱག་ཡོངས་སུ་རྫོགས་པ་ལ་བརྟེན་ནས་སྔོན་དུ་སྒོམ་བཟླས་བྱེད་པའི་བསྙེན་པ་ནི།


JLD010_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་བདུན་གྱི་ལྷ་བསྒོམ་པའི་རྟོག་པ་དང་ཁ་སྦྱོར་གྱི་རྟོག་པ་བདུན་པ་ལས་གསུངས་ཤིང༌། དེ་གཉིས་ཀྱི་འགྲེལ་པ་རྣམས་སུ་ཡང་དཔའ་བོ་གཅིག་པ་ཉིད་ཀྱི་དབང་དུ་བྱས་ནས་བཤད་པ་བཞིན་སློབ་དཔོན་དཔལ་འཛིན་ལ་སོགས་པ་མང་པོས་ཀྱང་གསུངས་ལ། ལས་ཚོགས་མང་པོ་འགྲུབ་པའང་ཇི་སྐད་བཤད་པའི་བསྙེན་པ་འགྲུབ་པར་བཞེད་པས་ཞལ་ཕྱག་མ་རྫོགས་པའི་དཔའ་བོ་གཅིག་པའི་བསྒོམ་བཟླས་བློ་དམན་པའི་ངོར་ཡིན་ཞེས་སློབ་དཔོན་འཇམ་དཔལ་དབྱངས་ཀྱིས་བཤད་པ་དང་མི་འདྲའོ། །དེས་ན་རྒྱུད་ཀྱི་རྟོག་པ་བཞི་པ་ལ་གཞི་བྱས་ཏེ་ཁ་བསྐང་དགོས་པ་རྣམས་ལ་ལི་ཏའི་གཞུང་རྣམས་ལ་གཙོ་བོར་བྱས་ཤིང་མན་ངག་སྙེ་མ་དང་སློབ་དཔོན་ཞི་བའི་ཡེ་ཤེས་དང་ཤྲཱི་བྷ་དྲ་དང་ཛྙཱ་ན་ཀ་ར་ལ་སོགས་པའི་སྒྲུབ་ཐབས་རྣམས་ནས་ཀྱང་བསྐང་ནས་བཤད་དོ། །དཔའ་བོ་གཅིག་པ་ལ་གཞལ་ཡས་ཁང་བསྐྱེད་པ་སློབ་དཔོན་ཕྱི་མ་གཉིས་ཀྱིས་བཤད་ཅིང་སྦྱང་གཞི་སྦྱོང་བ་ལ་ཡང་ཁྱད་ཆེའོ། །དངོས་གྲུབ་མཆོག་གི་ཉེ་རྒྱུ་རྫོགས་རིམ་སྟེ། །འོན་ཀྱང་རིམ་པ་དང་པོས་མ་སྨིན་པར། །རྫོགས་རིམ་རྟོགས་པ་མཆོག་རྣམས་མི་སྐྱེ་བས། །བསྐྱེད་རིམ་དག་པར་སྒོམ་པ་གནད་དུ་ཆེ། །དེ་ཕྱིར་རྒྱུད་དང་འགྲེལ་པ་སྒྲུབ་ཐབས་ཀྱི། །དྲི་མེད་གཞུང་མང་དག་ལ་འདྲིས་བྱས་ནས། །འཇམ་པའི་དབྱངས་ཀྱི་བྱིན་རླབས་མྱུར་འཇུག་པའི། །སྒྲུབ་ཐབས་བདུད་ལས་རྒྱལ་བ་འདི་བརྩམས་སོ། །འདི་ཡི་དགེ་བས་བསྟན་པ་རྒྱས་པའི་གེགས། །བདུད་རིགས་རྣམས་དང་དེ་ཡིས་ཡིད་བསྐྱོད་པའི། །ལོག་པར་སྒྲུབ་པ་མཐའ་དག་ཚར་བཅད་


JLD010_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འདི་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ལམ་འདི་ལ་སྒྲུབ་པ་སྙིང་པོར་བྱེད་པ་མང་པོ་ལ་ཕན་པར་མཐོང་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བཟོད་པ་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །


previousདཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ། next