Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  expand section
   
   
   
   
དཔལ་གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ།
   
   
   


 
previousདཔལ་གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ། next

དཔལ་གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ།


JLD010_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ་བཞུགས་སོ། །


JLD010_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ་ཞེས་བྱ་བ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ། །འཆི་བདག་འཇོམས་ཕྱིར་གཤིན་རྗེའི་དགྲར་སྤྲུལ་པ། །བགེགས་དཔུང་ཟིལ་གནོན་བླ་མ་གཤིན་རྗེ་གཤེད། །དཔལ་ལྡན་དགྲ་ནག་ཞབས་ལ་གུས་ཕྱག་འཚལ། །འཇམ་དཔལ་གཤིན་རྗེ་གཤེད་དེ་མཉེས་པ་ལས། །རྣལ་འབྱོར་པ་ལ་དངོས་གྲུབ་མཆོག་སྟེར་བའི། །ལམ་འདི་མི་ནུབ་རྒྱས་པར་བྱ་བའི་ཕྱིར། །གྲུབ་པའི་དབང་ཕྱུག་དཔལ་འཛིན་ལུགས་བཞིན་བཤད། །འདིར་སྒྲུབ་པ་པོ་གཞན་གྱི་དོན་ལ་རོ་གཅིག་པའི་སེམས་དང་ལྡན་ཞིང་དད་པ་དང་མོས་པ་དང་བྱམས་པ་དང་གཏོང་བ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པ། གཤིན་རྗེ་དགྲ་ནག་གི་དཀྱིལ་


JLD010_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ལ་བརྩོན་པས་དབེན་པའི་ས་ཕྱོགས་དུར་ཁྲོད་ལ་སོགས་པར་ཐོ་རེངས་ཀྱི་ཐུན་ལ་གདོང་བཀྲུ་བ་ལ་སོགས་པ་བྱས་ནས་སྟན་བདེ་བ་ལ་འདུག་ནས་སྒྲུབ་པ་བརྩམ་པར་བྱ་སྟེ། རང་ཉིད་སྐད་ཅིག་གིས་གཤིན་རྗེ་གཤེད་དགྲ་ནག་ཏུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་ཡ་ཡིག་སྔོན་པོ་ལས་འཕྲོས་པའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་བླ་མ་དང་གཤིན་རྗེ་གཤེད་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ཁྱབ་པ་སྤྱན་དྲངས་ལ་འོད་ཟེར་སྙིང་གར་བསྡུའོ། །དེ་ནས་བླ་མ་ལ་གུས་དེ་རྗེས་གཤིན་རྗེ་གཤེད་ནག་རྡོ་རྗེ་ལ། །རང་འོད་ཡན་ལག་


JLD010_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་བདེ་བས་རྒྱས་པ་གཞན་གྱི་དོན་འཇུག་པ། །རྡོ་རྗེ་རལ་གྲི་འཁོར་ལོ་ཆུ་སྐྱེས་གྲི་གུག་ཐོད་པའི་ཕྱག །ཞལ་གསུམ་འཇིགས་པ་འཇིགས་བྱེད་ལ་ནི་སྤྱི་བོས་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ།སྙིང་གའི་ཡ་ཡིག་ལས་འཕྲོས་པའི་ཙ་རྩི་ཀ་ལ་སོགས་པ་བཞིས་མཆོད་པར་བསམས་ལ། ༀ་ཧྲཱིཿ ཥྚྲཱིཿ ཧ་ཞེས་པས་མཆོད་ཡོན། ༀ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་ཞབས་བསིལ། ༀ་ཀུ་མཱ་ར་རཱུ་པི་ཎེ་ཛཿ ཛཿ ཧཱུཾ་ཕཊ་ཀྱིས་མེ་ཏོག །ༀ་ཧྲཱིཿ ཧྲཱཿ ཧཻ་ཕཊ་ཅེས་པས་བདུག་སྤོས། ༀ་དཱིཔྟ་ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ནི་དཱིཔྟ་ཡ་སྭཱཧཱ་ཞེས་པས་མར་མེ། ༀ་ཝིཀྲི་ཏཱ་ན་ན་དུ་ཥྚཾ་ས་ཏྭ་ད་མ་ཀ་གཿ གཿ གཿ ཞེས་པས་དྲི་མཆོག །མཆོད་ཡོན་གྱི་སྔགས་ཀྱིས་ལྷ་བཤོས་དབུལ་ལོ། །ༀ་བཛྲ་ཤཔྟ་ཨཱཿ ཧཱུཾ་ཞེས་པས་རོལ་མོ་དབུལ་བ་ཡང་ཁ་བསྐང་ངོ། །དེ་ནས། ལུས་དང་ངག་དང་ཡིད་ཀྱི་སྡིག །བགྱིས་དང་དེ་བཞིན་བགྱིད་སྩལ་གང༌། །གང་ཡང་རྗེས་སུ་ཡི་རང་བ། །དེ་དག་དུས་གསུམ་མགོན་ལ་བཤགས། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །འཕགས་རྣམས་དགེ་ཚོགས་རྗེས་ཡི་རང༌། །རྫོགས་པའི་སངས་རྒྱས་དམ་པའི་ཆོས། །ཚོགས་ཀྱི་མཆོག་བཅས་སྐྱབས་སུ་མཆི། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །རང་གི་ལུས་ནི་དབུལ་བར་བགྱི། །དམ་པའི་ཆོས་ཀུན་སྟོན་པ་ཡི། །སྒྲ་དབྱངས་མཛེས་པས་བཞུགས་སུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །རྫོགས་པའི་བྱང་


JLD010_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་བསྐྱེད་བགྱི། །བསོད་ནམས་ཀུན་ནས་གང་བསགས་པ། །རྫོགས་པའི་བྱང་ཆུབ་ཕྱིར་བསྔོ་འོ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱི། །ཞེས་སྡིག་པ་བཤགས་པ་དང༌། ཡི་རང་བ་དང༌། སྐྱབས་འགྲོ་དང༌། ལུས་དབུལ་བ་དང༌། ཆོས་འཁོར་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་བཞུགས་པ་དང༌། ལམ་ལ་བརྟེན་པ་དང༌། སེམས་བསྐྱེད་པ་དང༌། སྨོན་ལམ་གདབ་པ་རྣམས་ཀྱི་དོན་རྩེ་གཅིག་ཏུ་དྲན་བཞིན་པས་བརྗོད་ལ། ༀ་ཨཱཿ ཧཱུཾ་མུཿ ཞེས་པས་ཚོགས་ཞིང་གཤེགས་སུ་གསོལ་བ་ནི། མཐུན་རྐྱེན་བསྟེན་པའི་ཕྱིར་ཚོགས་བསགས་པ་སྟེ། སྐྱེ་བ་ཕྱི་མའི་ལུས་ཀྱི་རྒྱུ་ལས་གསོག་པ་དང་འདྲའོ། །དེ་ནས་སེམས་ཅན་ལྟ་བའི་དྲ་བས་བཅིངས་པ་རྣམས་ལ་དམིགས་ནས་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས། ངོ་བོ་དང་རྒྱུ་དང་སྨོན་ཞིང་བརྟག་པར་བྱ་བའི་སྣ་ཚོགས་པའི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ངོ་བོར་བལྟས་ལ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་སེམས་བརྟན་པར་བྱེད་པ་ནི་ཐ་མལ་གྱི་ཕུང་པོའི་སྣང་བ་རྣམས་འདོར་བར་བྱེད་པས་ཕུང་པོ་རྙིང་པ་འདོར་བའི་འཆི་བའི་འདོ་གསལ་དང་འདྲའོ། །སྟོང་པའི་ངང་ལས་རང་གི་སེམས་ནམ་མཁའི་ངོས་སུ་གནས་པའི་ཟླ་བ་ལ་གནས་པའི་ༀ་དཀར་པོ། ཨཱཿ དམར་པོ། ཧཱུཾ་སྔོན་པོ། ཧོཿ ཡིག་


JLD010_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་གཉིས་ཀྱི་བར་དུ་ཆུད་པ་བསམ་པ་ནི་འཆི་སྲིད་ཀྱི་དེ་མ་ཐག་ཏུ་བར་དོ་གྲུབ་པ་དང་འདྲ་སྟེ། ཡི་གེ་གསུམ་ནི་བར་དོའི་ལུས་ངག་ཡིད་གསུམ་དང་འདྲ་ཞིང་། ཧོཿ ཡིག་གཉིས་ནི་བར་དོ་རང་གི་ཆགས་པས་བཅིངས་པ་དང་འདྲའོ། །སྟོང་པའི་ངང་ལས་ༀ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་སྔོན་པོ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཕྱོགས་ཀུན་ནས་རྩེ་ལྔ་པར་གྱུར་པའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པ་ལས་རྡོ་རྗེའི་ས་གཞི་དང༌། ལོགས་སུ་འཕྲོས་པས་ཁོར་ཡུག་གི་ལྕགས་རིའི་མཚམས་སུ་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར་དང༌། ཕྱི་རོལ་ཏུ་འོད་ཟེར་སྣ་ལྔ་འཁྲིགས་པའི་རྡོ་རྗེའི་མེ་འབར་བས་བསྐོར་བར་བསམ་པ་ནི། འགལ་རྐྱེན་བཟློག་པའི་ཕྱིར་སྲུང་འཁོར་བསྒོམ་པའོ། །དེའི་དབུས་སུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སཾ་ལས་བྱུང་བའི་རྡོ་རྗེ་ལས་སྐྱེས་པའི་ཀུན་བཟང་དཀར་པོ་ཞལ་དང་ཕྱག་ལ་སོགས་པ་རྒྱུ་རྡོ་རྗེ་འཛིན་པ་ལྟ་བུ་ཡུམ་དང་བཅས་པ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་པ་དཀར་པོ་འོག་ཟུར་ཕྲ་བ་སྟོད་ཡངས་པ་གྱེན་དུ་འགྲེང་བ་བསམ་མོ། །དེའི་ནང་དུ་པཾ་ལས་སྣ་ཚོགས་པདྨ། དེའི་དབུས་སུ་ཁཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་བྷྲུཾ་ལས་བྱུང་བའི་འཁོར་ལོ་ལས་སྐྱེས་པའི་རྣམ་པར་སྣང་མཛད་གཏི་མུག་གཤིན་རྗེ་གཤེད་ལྟ་བུ་ཡུམ་དང་བཅས་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དུ་གྱུར་པ་ནི། གྲུ་བཞི་པ་སྒོ་བཞི་པ་ཕྱི་ནས་


JLD010_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་འཆིང་བས་རྣམ་པར་བཀྲ་བའི་རིན་པོ་ཆེའི་ཕ་གུ །དེའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་ནས་འཕྱང་བའི་དྲ་བ་དང་དྲ་བ་ཕྱེད་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་འདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་དྲིལ་བུ་བཏགས་པ་སྣ་ཚོགས་པ་རྩེ་མོ་རླུང་གིས་བསྐྱོད་བཞིན་པ། འདོད་ཡོན་གྱི་སྟེགས་བུས་རྩིག་པའི་ཕྱི་ནས་བསྐོར་བ་ལ་མཆོད་པའི་ལྷ་མོ་དུ་མ་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་དང་དཀྱིལ་འཁོར་གྱི་གྲྭ་རྣམས་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། སྒོ་བཞི་པོ་སོ་སོའི་ཕྱི་ངོས་སུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་གསེར་དང་ཤར་བུ་དང་རིན་པོ་ཆེ་དང་རྟ་རྨིག་དང་མུན་པ་དང་ཝ་རཎྚ་དང་མུན་པ་དང་ཤར་བུ་དང་རིན་པོ་ཆེ་དང་རྨིག་པ་དང་མདའ་ཡབ་སྟེ། སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། ནང་དུ་ཀ་བ་བརྒྱད་ཀྱིས་བཏེག་པའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དེའི་ནང་དུ་སྣ་ཚོགས་རྡོ་རྗེ་རྩེ་མོ་ཉི་ཤུ་པ་ཤར་གྱི་རྡོ་རྗེའི་རྭ་དང་འོག་གཞི་དང་སྟེང་གི་ཐོག་ཐམས་ཅད་དཀར་པོ། ལྷོ་སེར་པོ། ནུབ་དམར་པོ། བྱང་ལྗང་གུ །དབུས་སྔོན་པོ། སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་དང་ཤར་དང་གྲྭ་བཞི་དང་དེའི་ཕྱིའི་དཀྱིལ་འཁོར་གྱི་གྲྭ་བཞིར་སྣ་


JLD010_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པདྨ་དང་ཟླ་བའི་གདན། ཕྱོགས་གཞན་གསུམ་དང་སྒོ་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན་བསམ་པ་ནི་རྟེན་བསྐྱེད་པ་སྟེ། སེམས་ཅན་རྣམས་གང་དུ་སྐྱེ་བ་ལེན་པའི་གནས་སྣོད་ཀྱི་འཇིག་རྟེན་དང་འདྲའོ། །དེ་ནས་གདན་དབུས་མའི་སྟེང་དུ་མཚན་སོ་གཉིས་དང་ཤེས་རབ་ཀྱི་ངོ་བོ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་གཡས་སྐོར་དང་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་དཀར་པོ་དང༌། དེའི་སྟེང་དུ་དཔེ་བྱད་བརྒྱད་བཅུ་དང་ཐབས་ཀྱི་ངོ་བོ་ཀཱ་ལི་སོ་བཞི་ལ་ཌ་ཌྷ་ད་དྷ་ཡ་ལ་དྲུག་བསྣན་པའི་བཞི་བཅུ་ཕྲག་གཉིས་གཡས་སྐོར་དང་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་དམར་པོ་སྟེ། དེ་གཉིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལས་བྱང་ཆུབ་པའོ། །ཟླ་བ་གཉིས་གཅིག་ཏུ་འདྲེས་པ་ལས་དཀར་ལ་དམར་བའི་མདངས་ཆགས་པའི་ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པ་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཧཱུཾ་དཀར་ལ་དམར་བའི་མདངས་ཆགས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཏེ་གསུང་གི་མངོན་པར་རྟོགས་པ་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་ནོར་བུ་དམར་པོའི་འོད་དང་འདྲ་བའི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་འོད་ཟེར་འཕྲོ་བར་བསམས་ལ། ༀ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་རྡོ་རྗེའི་ང་རྒྱལ་བྱའོ། །དེ་ནི་བྱ་བ་སྒྲུབ་པའི་


JLD010_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཏེ་ཐུགས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་རང་དང་འདྲ་བའི་ཤེས་རབ་མས་འཁྱུད་པའི་རྡོ་རྗེ་འཆང་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། རྩ་ཞལ་དཀར་ལ་དམར་བ། གཡས་ཞལ་སྔོ་བ། གཡོན་ཞལ་དམར་བ། སྒེག་པའི་ཁྲོ་བོ་ཐ་མལ་པ་རྗེས་སུ་འཛིན་པས་ཞི་ཞིང༌། ཤིན་ཏུ་གདུག་པ་ཅན་རྗེས་སུ་འཛིན་པས་ཅུང་ཟད་ཁྲོ་བ། རྩ་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ལྷག་མ་གཉིས་ཀྱི་དང་པོས་རྡོ་རྗེ། གཉིས་པས་རལ་གྲི། གཡོན་ལྷག་མ་གཉིས་ཀྱི་དང་པོས་འཁོར་ལོ། གཉིས་པས་ཆུ་སྐྱེས་འཛིན་པ། རིན་པོ་ཆེའི་ཅོད་པན་ལ་སོགས་པའི་རྒྱན་གྱིས་བརྒྱན་ཅིང༌། ན་བཟའ་བཟང་པོ་མནབས་པ། མཆོག་གི་བདེ་བས་ལུས་རྒྱས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པས་གནས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་སྐུ་རྫོགས་པ་ལས་བྱང་ཆུབ་པའོ། །དེ་ལྟར་མངོན་བྱང་ལྔས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྫོགས་པ་ནི་རྣལ་འབྱོར་ཡིན་ཏེ། གང་ལ་བརྟེན་ནས་བར་དོ་མངལ་དུ་འཇུག་པའི་ཕ་མ་དང་འདྲའོ། །དེ་ནས་འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་ལ་གཟིགས་ནས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ་དེ་རྣམས་སངས་རྒྱས་སུ་བྱས་པ་རང་གི་ལུས་ལ་བཅུག་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་བདེ་བ་དམ་པ་ལ་ལོངས་སྤྱོད་པ་ཡོངས་སུ་རྫོགས་པར་བསྒོམ་མོ། །


JLD010_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡབ་ཡུམ་སྙོམས་པར་ཞུགས་པ་མཐོང་ནས་ནམ་མཁར་གནས་པའི་ཡི་གེ་ལྔ་སྐར་མདའ་འཕོ་བ་བཞིན་དུ་འོངས་ཏེ་རང་གི་ཁར་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་ཏེ། ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་འདྲེས་པ་ལ་ཐིམ་པའི་མཐུས་ཡབ་ཡུམ་གཉིས་ཀྱང་སྙིང་རྗེ་ཆགས་པ་ཆེན་པོས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་གནས་པར་བསམ་མོ། །དེ་ལྟར་རྡོ་རྗེ་ཅན་ཁུ་བའི་རྣམ་པའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལས་བླང་བའི་ཕྱིར་དུ་དེ་ཉིད་ཀྱི་ཚད་མེད་པ་བཞི་རྩ་རྩི་ཀ་ལ་སོགས་པ་བཞིར་སྤྲོས་ནས་ཕྱོགས་བཞི་ནས་གར་སྔོན་དུ་འགྲོ་བའི་གླུས། སྙིང་རྗེས་ཁྲོས་པའི་དད་སྒྲོལ་བཞེངས། །ཁམས་གསུམ་གྱི་ནི་གཏི་མུག་གསོལ། །བདུད་བཞི་དག་ལས་རྒྱལ་བར་མཛོད། །དད་སྒྲོལ་རྩོལ་བས་མ་བཞུགས་བཞེངས། །འཇིག་རྟེན་མགོན་པོས་སྟོང་ཉིད་ཇི་སྟེ་བཞུགས། །དད་སྒྲོལ་འཇིག་རྟེན་བསོད་ནམས་ཀྱིས་བཞེངས་ཤིག །བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་བོས་ནས། །ཁྱོད་ནི་ཅི་ཕྱིར་སྟོང་པ་ཉིད་ལ་སེམས། །ཞེས་བསྐུལ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པར་བསམ་མོ། །གླུའི་ཚིག་རྣམས་ནི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་ལས་འབྱུང་བའོ། །དེ་ནས་སྔར་གྱི་ཟླ་བ་ཉི་གདན་དུ་གྱུར་པའི་སྟེང་དུ་མཾ་སྔོན་པོ་ལས་བྱུང་བའི་མ་ཧེ་སྔོན་པོ་དྲག་ཏུ་ཁྲོས་པ། རུས་པའི་རྒྱན་གྱིས་བརྒྱན་ཞིང་སྨིན་མ་དང་སྨ་ར་འབར་ལ་རྭ་རྣོ་བ། རྨིག་པ་རྣོན་པོ་བརྡབས་པས་འཇིགས་པར་བྱེད་པ། དེའི་རྒྱབ་ཏུ་སྔར་གྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཡ་ཡིག་


JLD010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་དེ་ལས་རྡོ་རྗེ་ཡ་ཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་ནག་པོར་བྱས་ནས་སླར་འདུས་ཏེ་ཡོངས་སུ་གྱུར་པ་ལས་རང་ཉིད་གཤིན་རྗེ་གཤེད་མི་བཟད་པའི་དྲག་ཤུལ་ཅན་སྐུ་མདོག་མུན་པ་ལྟར་གནག་པ། འཇིགས་བྱེད་ཆེན་པོ་འཇིགས་སུ་རུང་བ། འཇིག་རྟེན་གསུམ་གྱི་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་སྲེག་པར་བྱེད་པའི་འོད་ཟེར་རྣོན་པོ་རབ་ཏུ་འཕྲོ་བ། སྨིན་མ་དང་སྨ་ར་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རྡོ་རྗེའི་རྒྱན་གྱིས་བརྒྱན་པའི་སྐུ་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། རྩ་ཞལ་གནག་པ། གཡས་ཞལ་དཀར་ཞིང་གཡོན་ཞལ་དམར་བའི་ཞལ་གསུམ་པ་ཅན། གྲི་གུག་དང་ཐོད་པ་འཛིན་པའི་རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། གཡས་ལྷག་མ་གཉིས་ཀྱི་དང་པོས་རྡོ་རྗེ། གཉིས་པས་རལ་གྲི། གཡོན་ལྷག་མ་གཉིས་ཀྱི་དང་པོས་འཁོར་ལོ། གཉིས་པས་ཆུ་སྐྱེས་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་མ་ཧེ་མགོ་གཡས་སུ་བསྟན་པའི་སྟེང་ན་གཤིན་རྗེ་གཤེད་ནག་པོ་གཡས་དབྱུག་པ་དང་གཡོན་ཞགས་པ་འཛིན་པ། མགོ་གཡས་སུ་བསྟན་པ་བརྫིས་པས་མྱོས་ཤིང་བརྒྱལ་བར་བྱེད་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བའི་དོ་ཤལ་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་འབར་བའི་མཆེ་བ་བཞི་བཞི་རབ་ཏུ་གཙིགས་ནས་ལྗགས་རྣམ་པར་འདྲིལ་ཞིང་འོད་ཟེར་རབ་ཏུ་འཕྲོ་བ། མཐའ་


JLD010_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཅིང༌། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། པདྨ་དཀར་པོས་དོ་ཤལ་བྱས་ཤིང༌། སྟོབས་ཀྱི་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་ཞབས་གདུབ་བྱས་པ། ཀླུ་བརྒྱད་པོ་ཐམས་ཅད་ཕུད་ཀྱི་སྒྲ་སྒྲོག་ཅིང་ལྕེ་གཉིས་པ་དུག་དང་ལྡན་པའི་མཆེ་བའི་ཕྲེང་བ་ཅན་ནོ། །དེ་ནས། ༀ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཞལ་ཕྱག་གི་རྣམ་པ་ཅན་གྱི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་བཟུང་བས་འཁོར་འདས་ཀྱི་མཐའ་ལ་གནས་པ་སྤོང་བ་ནི་རྗེས་སུ་རྣལ་འབྱོར་རོ། །སྔར་བཤད་པའི་ཡི་གེ་ལྔ་བྱང་ཆུབ་ཀྱི་སེམས་ལ་ཞུགས་པ་ནི་བར་དོས་མངལ་དུ་སྐྱེ་བ་བླངས་པ་དང་འདྲ། དེ་ནས་ཀླུའི་ངོ་བོར་བཞེངས་པ་ནི་མངལ་ཡོངས་སུ་རྫོགས་ནས་ཕྱི་རོལ་ཏུ་བཙས་པ་དང་འདྲའོ། །དེ་ལྟར་རིམ་པ་དང་པོ་བསྒོམ་པ་པོས་དང་པོར་རྒྱུད་སྣོད་རུང་དུ་བྱེད་པའི་ཚོགས་བསགས། དེ་ནས་ཐ་མལ་གྱི་ཕུང་སོགས་ཀྱི་སྣང་བ་འོད་གསལ་དུ་བསྡུས་ནས་ཡི་གེ་ལྔའི་ངོ་བོར་གནས། དེ་ནས་རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་ཡུམ་གྱི་མངལ་དུ་ཞུགས་ནས་འབྲས་བུ་རྡོ་རྗེ་འཆང་ཞེས་པའི་ལྷའི་ལུས་སུ་སྐྱེ་བ་བླངས་པའི་ཆོས་མཐུན་སྦྱར་བའི་དགོས་པ་ནི། གང་ཟག་འགའ་ཞིག་ཤི་ནས་གནས་གཞན་དུ་སྐྱེས་པ་ན་ང་དང་ང་ཡི་བར་འཛིན་པའི་གཞི་ལུས་དང་ལོངས་སྤྱོད་དང་འཁོར་དང་


JLD010_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་སྐྱེ་བའི་གནས་ལ་སོགས་པ་འཕོས་པ་བཞིན་དུ། རྣལ་འབྱོར་པས་ཀྱང་ཐ་མལ་གྱི་ལུས་ལ་ང་དང་ང་ཡི་བར་འཛིན་པ་དོར་ནས་ལྷའི་ལུས་ལ་ང་དང་ང་ཡི་བའི་ང་རྒྱལ་བྱ་ཞིང་དེ་བཞིན་དུ་གནས་དང་གྲོགས་དང་ལོངས་སྤྱོད་ལའང་བྱ་དགོས་པར་ཤེས་ནས་མཆོག་གི་སྣང་བ་དང་ང་རྒྱལ་གྱིས། ཐ་མལ་གྱི་སྣང་ཞེན་འགོག་པར་བྱེད་པ་ཡིན་ནོ། །འདི་ནི་མན་ངག་སྙེ་མར་བཤད་པའི་དགོངས་པའོ། །ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ༀ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱཿ ལས་བྱུང་བའི་ཟེ་འབྲུ་བུ་ག་ཕཊ་ཀྱིས་བཀག་པས་བསམས་ལ། ཕན་ཚུན་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པའི་དགའ་བ་ཙམ་སྟེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་ངའོ་སྙམ་དུ་རྗེས་ཆགས་ཀྱི་ང་རྒྱལ་བྱའོ། །དེ་ནས་རང་གི་ཐུགས་ཀའི་ཡ་ཡིག་གི་འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས་རང་གི་ཞལ་དུ་བཅུག །ཐུགས་ཀར་འོད་དུ་ཞུ་བ་རྡོ་རྗེའི་ལམ་ནས་རང་འདྲའི་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་གཅིག་ཡ་རུ་གྱུར་པ་ལས་གཞལ་ཡས་ཁང་དབུས་སུ་ཉི་གདན་དང་བཅས་པ་སྔར་བཞིན་བསྐྱེད། ཡ་ལས་གཞལ་ཡས་ཁང་བསྐྱེད་པར་ལྷན་ཅིག་སྐྱེས་པའི་སྣང་བ་ལས་བཤད་དོ། །ཐིག་ལེ་གཞན་གདན་རྣམས་ཀྱི་སྟེང་དུ་ཆ་བཅུ་བདུན་དུ་གྱུར། དེ་


JLD010_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་ཡ། ཤར་དུ་ཀྵ། ལྷོར་མ། ནུབ་ཏུ་མེ། བྱང་དུ་ད། ཤར་ལ་སོགས་པའི་སྒོ་བཞིར་ཡ་ཙ་ནི་ར་དང༌། སྣ་ཚོགས་རྡོ་རྗེའི་ཤར་ལྷོ་ནས་བརྩམས་པའི་གྲྭ་བཞིར་ཛ་ས་དོ་རུ་དང༌། དེའི་ཕྱིའི་གྲྭ་བཞིར་ཎ་ཡོ་ནི་ར་སྟེ་ཡི་གེ་བཅུ་བདུན་དུ་གྱུར། ཡི་གེ་ཕྱི་མ་བཞི་མ་གཏོགས་པ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བའི་དབུས་དང་ཕྱོགས་བཞིར་རིམ་པ་བཞིན་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང༌། ཤར་ལ་སོགས་པའི་སྒོ་བཞིར་རིམ་པ་བཞིན་དུ་ཐོ་བ་དང་དབྱིག་པ་དང་པདྨ་དང་རལ་གྲི་དང༌། སྣ་ཚོགས་རྡོ་རྗེའི་ཤར་ལྷོ་ནས་བརྩམས་ཏེ་རིམ་པ་བཞིན་དུ་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲིར་གྱུར་ཏེ། རང་རང་གི་ས་བོན་གྱིས་མཚན་པ་འོད་ཟེར་འཕྲོ་ཞིང་འདུ་བར་བསམ་མོ། །ཕྱག་མཚན་ལ་ས་བོན་གྱིས་མཚན་པ་ནི་སྒྲུབ་ཐབས་ཀྱི་གཞུང་ལས་བཤད་དོ། །དེ་ལྟར་ཕྱག་མཚན་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་རང་རང་གི་སྐུ་རྫོགས་པར་བསྐྱེད་དོ། །དབུས་སུ་ཞེ་སྡང་གཤིན་རྗེ་གཤེད་ཡབ་ཡུམ་ནི་སྔར་བཞིན་ནོ། །ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ཕྱག་དྲུག་གི་གཡས་ལྷག་མ་གཉིས་ཀྱི་དང་པོས་འཁོར་ལོ་དང༌། གཡོན་ལྷག་མ་གཉིས་ཀྱི་དང་པོས་ནོར་བུ་འཛིན་པ། ལྷོར་ཕྲ་མ་གཤིན་རྗེ་གཤེད་སེར་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་རིན་པོ་ཆེ་དང༌། གཡོན་གཉིས་ཀྱི་དང་པོས་འཁོར་ལོ་འཛིན་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་པདྨ་དང༌། གཡོན་གཉིས་ཀྱི་དང་པོས་ནོར་བུ། གཉིས་པས་འཁོར་ལོ་འཛིན་པ། བྱང་


JLD010_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་གཡས་ལྷག་མ་གཉིས་ཀྱི་དང་པོས་རལ་གྲི་གཉིས་པས་འཁོར་ལོ་དང༌། གཡོན་གཉིས་ཀྱི་དང་པོས་ནོར་བུ་འཛིན་པ། དང་པོ་གསུམ་གྱི་གཡས་ཀྱི་གཉིས་པས་རལ་གྲི་དང༌། དང་པོ་གཉིས་དང་ཐ་མའི་གཡོན་གྱི་གཉིས་པས་པདྨ་འཛིན་ཅིང༌། བཞི་པའི་གཡས་གཡོན་གྱི་རྩ་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་བཟུང་ནས་རང་དང་འདྲ་བའི་ཡུམ་ལ་འཁྱུད་པ། རྒྱན་དང་ཆ་ལུགས་ལྷག་མ་རྣམས་གཙོ་བོ་དང་མཚུངས་པའོ། །ཤར་སྒོར་ཐོ་བ་གཤིན་རྗེ་གཤེད་སྔོན་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་ཐོ་བ་སྔོན་པོ་རྭ་ཉི་ཤུ་པ་དང༌། གཡོན་པ་གཉིས་ཀྱི་དང་པོས་ནོར་བུ། གཉིས་པས་པདྨ་འཛིན་པའོ། །ལྷོ་སྒོར་དབྱུག་པ་གཤིན་རྗེ་གཤེད་ཀར་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་དབྱུག་པ་དང༌། གཡོན་པ་གཉིས་ཀྱི་དང་པོས་ཆུ་སྐྱེས། གཉིས་པས་འཁོར་ལོ་འཛིན་པའོ། །ནུབ་སྒོར་པདྨ་གཤིན་རྗེ་གཤེད་དམར་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་པདྨ་དང༌། གཡོན་པ་གཉིས་ཀྱི་དང་པོས་འཁོར་ལོ་གཉིས་པས་ནོར་བུ་འཛིན་པ་སྟེ་དེ་གསུམ་གྱི་གཡས་ཀྱི་གཉིས་པ་ན་རལ་གྲིའོ། །བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་གུ་གཡས་ལྷག་མ་གཉིས་ཀྱི་དང་པོས་རལ་གྲི། གཉིས་པས་འཁོར་ལོ་དང༌། གཡོན་པ་གཉིས་ཀྱི་དང་པོས་ནོར་བུ། གཉིས་པས་པདྨ་འཛིན་པའོ། །སྒོ་སྲུངས་བཞི་གའི་རྩ་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཁྱུད་པའི་ཚུལ་གྱིས་འཛིན་པ་ལ། མཆེ་བ་གཙིགས་པའི་གད་བརྒྱངས་ཅན། རྒྱན་དང་ཆ་ལུགས་ལྷག་མ་


JLD010_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ལྟ་བུའོ། །སྣ་ཚོགས་རྡོ་རྗེའི་ཤར་ལྷོར་ཙ་རྩི་ཀ་དཀར་མོ་ཤིན་ཏུ་སྐེམ་ཞིང་དྲག་ཏུ་ཁྲོས་པ། གཏི་མུག་གཤིན་རྗེ་གཤེད་ལྟ་བུ། ལྷོ་ནུབ་ཏུ་ཕག་མོ་སྔོན་མོ་ཕག་གདོང་ཅན། ཞེ་སྡང་གཤིན་རྗེ་གཤེད་ལྟ་བུ། ནུབ་བྱང་དུ་དབྱངས་ཅན་མ་དམར་མོ་ཞི་བའི་ཆ་བྱད་ཅན། འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། བྱང་ཤར་དུ་གཽ་རཱི་ལྗང་གུ །ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ་སྟེ་ཕག་མོ་དང་གཽ་རཱི་གཉིས་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བའོ། །ལྷ་ཐམས་ཅད་ཞལ་གསུམ་པ་སྟེ་སྐུ་མདོག་སྔོན་པོ་རྣམས་ཀྱི་གཡས་དཀར་ཞིང་། དཀར་པོའི་གཡས་སྔོ་ལ་གཡོན་དམར་བ་དང༌། སྐུ་མདོག་དམར་པོ་དང་སེར་པོ་དང་ལྗང་གུ་རྣམས་ཀྱི་གཡས་སྔོ་ལ་གཡོན་དཀར་བའོ། །ལྷན་ཅིག་སྐྱེས་པའི་སྣང་བ་ལས་ལྷ་མོ་བཞིའི་རྩ་ཕྱག་གཉིས་འཁྱུད་པའི་ཚུལ་ཅན་དུ་བཤད་པ་ནི་སྒོ་བ་བཞི་ལ་ཡང་འདྲའོ། །དཀྱིལ་འཁོར་གྱི་གྲྭ་བཞིའི་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས་མིའི་ཐོད་པ་བདུད་རྩིས་གང་བ་བཞིའོ། །དེ་ལྟར་བསྐྱེད་ཟིན་པའི་འོག་ཏུ་ཕྱིར་སྤྲོ་བའི་ཚུལ་ནི། རང་རང་གི་རིགས་ཀྱི་སྤྲུལ་པའི་ཚོགས་རྣམས་ཡུམ་གྱི་བ་སྤུའི་སྒོ་ནས་སྤྲོ་བར་ལྷན་ཅིག་སྐྱེས་པའི་སྣང་བ་ལས་བཤད་པས་དེ་ལྟར་དུ་དབྱུང་བར་བྱའོ། །ཧྲཱིཿ ཥྚྲཱིཿ གཙོ་བོ་ཡབ་ཡུམ་བསྐུལ་དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་སྤྲོས་ཏེ་ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། དེ་བཞིན་དུ་ༀ་ཛི་ན་ཛིཀ་གིས་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུངས། སེམས་ཅན་རྣམས་


JLD010_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏི་མུག་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད་ནས་ཤར་དུ་སྣ་ཚོགས་རྡོ་རྗེའི་རྩིབས་ཞེས་པ་རྭའི་རྩ་བར་འཁོད། ༀ་རཏྣ་དྷྲིཀ་གིས་ཕྲ་མ་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུངས། ང་རྒྱལ་དང་སེར་སྣ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད་ནས་ལྷོར་རྭའི་རྩ་བར་འཁོད། ༀ་ཨཱ་རོ་ལིཀ་གིས་འདོད་ཆགས་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུངས། འདོད་ཆགས་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད་ནས་ནུབ་ཀྱི་རྭའི་རྩ་བར་འཁོད། ༀ་པྲཛྙཱ་བྷྲི་ཀ་གིས་ཕྲག་དོག་གཤིན་རྗེ། ཕྲག་དོག་སྦྱངས། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་བཀོད་ནས་བྱང་གི་རྭའི་རྩ་བར་འཁོད། ༀ་མུདྒ་ར་བསེམས་ཅན་རྣམས་ཀྱི་ཕུང་པོའི་བདུད་བཅོམ། དད་པའི་སྟོབས་ལ་བཀོད་ནས་ཤར་སྒོའི་དབུས་སུ་འཁོད། ༀ་དནྜ་དྷྲིཀ་གིས་དབྱུག་པ་གཤིན་རྗེ་གཤེད་ཕྱུངས། ཉོན་མོངས་པའི་བདུད་བཅོམ། བརྩོན་འགྲུས་ཀྱི་སྟོབས་ལ་བཀོད་ནས་ལྷོ་སྒོར་འཁོད། ༀ་པདྨ་དྷྲྀ་ཀ་གིས་པདྨ་གཤིན་རྗེ་གཤེད་ཕྱུངས། འཆི་བདག་གི་བདུད་བཅོམ། དྲན་པའི་སྟོབས་ལ་བཀོད་ནས་ནུབ་སྒོར་འཁོད། ༀ་ཁངྒ་དྷྲྀ་ཀ་གིས་རལ་གྲི་གཤིན་རྗེ་གཤེད་ཕྱུངས། ལྷའི་བུའི་བདུད་བཅོམ། ཏིང་ངེ་འཛིན་གྱི་སྟོབས་ལ་བཀོད་ནས་བྱང་སྒོར་འཁོད། ༀ་མོ་ཧ་ར་ཏིས་ཙརྩི་ཀ་ཕྱུངས། སེམས་ཅན་རྣམས་ཀྱི་སའི་ཁམས་སྦྱངས། བྱམས་པ་ཚད་མེད་ལ་བཀོད་ནས་སྣ་ཚོགས་རྡོ་རྗེའི་ཤར་ལྷོའི་གྲྭར་འཁོད། ༀ་དྭེ་ཥ་ར་ཏིས་ཕག་མོ་ཕྱུངས། ཆུའི་ཁམས་སྦྱངས། སྙིང་རྗེ་


JLD010_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀོད་ནས་ལྷོ་ནུབ་ཏུ་འཁོད། ༀ་རཱ་ག་ར་ཏིས་དབྱངས་ཅན་མ་ཕྱུངས། མེའི་ཁམས་སྦྱངས། དགའ་བ་ལ་བཀོད་ནས་ནུབ་བྱང་དུ་འཁོད། ༀ་བཛྲ་ར་ཏིས་གཽ་རཱི་ཕྱུངས། རླུང་གི་ཁམས་སྦྱངས། བཏང་སྙོམས་ལ་བཀོད་ནས་བྱང་ཤར་དུ་འཁོད། ༀ་ཨཱཿ ཧཱུཾ་གིས་ཐོད་པ་བཞི་སྤྲོས། ཡུལ་དྲུག་གི་དྲི་མ་སྦྱངས་ནས་དཀྱིལ་འཁོར་གྱི་ཕྱིའི་གྲྭ་བཞིར་འཁོད། ༀ་ཨཱཿ ཧཱུཾ་གིས་གཞལ་ཡས་ཁང་སྤྲོས། སྣོད་ཀྱི་སྐྱོན་སྦྱངས། བདེ་བ་ལ་གནས་པ་རྣམས་བརྟན་པར་བྱས་ནས་དམ་ཚིག་གི་གཞལ་ཡས་ཁང་ལ་ཐིམ་པར་བསམ་མོ། །དེ་དག་ནི་ལྷའི་འཁོར་ལོ་ཤིན་ཏུ་རྒྱས་པར་སྤྲུལ་པས་ཤིན་ཏུ་རྣལ་འབྱོར་རོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་དང་འཁོར་ལོ་ལས་རྡོ་རྗེའི་མིག་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། རྣ་བ་གཉིས་སུ་ཛྲ່་དང་རྡོ་རྗེ་ལས་རྡོ་རྗེའི་རྣ་བ་ནག་པོ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུ། སྣ་གཉིས་སུ་ཁཾ་དང་རིན་པོ་ཆེ་ལས་རྡོ་རྗེའི་སྣ་ཕྲ་མ་གཤིན་རྗེ་གཤེད་ལྟ་བུ། ལྕེའི་རྩ་བར་རཾ་དང་པདྨ་ལས་རྡོ་རྗེའི་ལྕེ་དམར་པོ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། འདིར་ནག་ཚོ་དང་ཆག་གིས་བསྒྱུར་བའི་དམར་ནག་གི་སྒྲུབ་ཐབས་ལས་རཾ་བྱུང༌། དཔལ་འཛིན་གྱི་རྗེས་སུ་འབྲང་བའི་གཞུང་གཞན་ལས་གཾ་བྱུང་བ་ནི་ས་སྙིང་ལ་སོགས་པའི་མཚན་གྱི་ཡི་གེའི་ཁྱད་པར་རེ་ཐིག་ལེས་བརྒྱན་པ་ལས་བསྐྱེད་པར་སྣང་བས་དེ་གཉིས་གང་བྱས་ཀྱང་འདྲ་བར་མངོན་ནོ། །དཔྲལ་བར་ཀཾ་དང་རལ་གྲི་ལས་རྡོ་རྗེའི་ལུས་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། ལྟེ་བར་སཾ་དང་རྡོ་རྗེ་ལས་རྡོ་རྗེའི་ཡིད་རྒྱུ་རྡོ་རྗེ་འཛིན་པ་ལྟ་བུ་སྟེ་ཐམས་ཅད་ཀྱང་པད་ཟླ་ལ་གནས་པའོ། །ལྷན་ཅིག་སྐྱེས་པའི་སྣང་བ་ལས་གཙོ་བོ་མ་གཏོགས་


JLD010_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁོར་གྱི་སྐྱེ་མཆེད་བྱིན་གྱིས་རློབ་པར་མི་འདོད་པ་བཀག་ཅིང༌། སྐུ་མདོག་དང་ཕྱག་གི་ངེས་པ་སྒྲུབ་ཐབས་ལ་ཁ་འཕངས་པས་སྒྲུབ་ཐབས་སུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་དང་ཁ་དོག་འདྲ་བར་བཤད་པ་མ་གཏོགས་པ་ཞལ་ཕྱག་གི་གྲངས་མི་གསལ་ཡང་ཞལ་ཕྱག་ཀྱང་འདྲ་བར་བྱ་དགོས་སོ། །དེ་དག་ནི་མངོན་ཤེས་དྲུག་སྒྲུབ་བྱེད་སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུ། མགྲིན་པར་ཨཱཿ ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿ དང་པདྨ་ལས་གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། སྤྱི་བོར་ༀ་ལས་འཁོར་ལོ་དཀར་པོའི་དབུས་སུ་ༀ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ་བསྐྱེད། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་ནམ་མཁར་བཞུགས་པ་ལ་སྔར་བཞིན་མཆོད་ནས་འོད་ཟེར་གྱིས་བཀུག་སྟེ་རང་རང་གི་རྡོ་རྗེ་གསུམ་ལ་རིམ་པ་བཞིན་ཐིམ་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཙཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་ང་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྲས་དང་བཅས་པ་མདུན་དུ་སྤྱན་དྲངས། སྔར་བཞིན་མཆོད་དེ། དེ་བཞིན་གཤེགས་པ་ཐམས་


JLD010_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་བུམ་པ་དཀར་པོ་ཡེ་ཤེས་ཀྱི་ཆུས་གང་བ་ཐོགས་ནས་ཤིས་བརྗོད་ཀྱི་ཚིགས་བཅད་དང་སྙན་པའི་གླུ་ལེན་ཅིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ༀ་བཛྲ་ཨཱ་བྷི་ཥིཉྩ་མི། ཞེས་བརྗོད་ཅིང་དབང་བསྐུར་བས་དབང་གིས་ཆུས་ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། གཞན་རྣམས་ལ་གཙོ་བོས་དབུ་བརྒྱན་ཞིང་དབང་གི་ལྷ་རྣམས་རང་ལ་ཐིམ་པར་བསམ་མོ། །རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་གི་མདུན་དུ་སྤྱན་དྲངས་པར་བལྟས་པ། ཧྲཱིཿ ཥྚྲཱིཿ འི་སྔགས་བརྗོད་ཅིང་ཁྲོ་བོ་སྤྲོས་ནས་ཕྱི་འབྲང་གི་བགེགས་བསྐྲད་ལ་བསྲུང༌། མཆོད་ཡོན་ལ་སོགས་པའི་ཆུ་བཞི་ཕུལ་ནས། ༀ་མུདྒ་ར་ཛཿ ཞེས་པས་རང་རང་གི་སྤྱི་བོར་དགུག །ༀ་དཎྜ་ཧཱུཾ། ཞེས་པས་རང་རང་ལ་གཞུག །ༀ་པདྨ་པཾ། ཞེས་པས་རང་རང་དང་དབྱེར་མེད་དུ་བཅིང༌། ༀ་ཁངྒ་ཧོཿ ཞེས་པས་དབང་དུ་བྱའོ། །དེ་ནས་མཆོད་པ་བཤམ་པ་རྣམས་བསང་བ་དང་སྦྱང་བ་དང་བསྐྱེད་པ་དང་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སངས་རྒྱས་རྣམས་བཀུག་ནས་ཞལ་དུ་ཞུགས། ཐུགས་ཀར་ཞུ་བ་རྡོ་རྗེའི་ལམ་ནས་འཐོན་ཡུམ་གྱི་པདྨའི་དབུས་སུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ལས་སྐྱེས་པའི་ལྷ་མོའི་ཚོགས་མེ་ཏོག་


JLD010_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་སོགས་པའི་མཆོད་རྫས་སྣ་ཚོགས་ལག་ན་ཐོགས་པ་བདེ་བ་ཆེན་པོ་སྟེར་བའི་སྒེག་ཅིང་འགྱིང་བའི་ཉམས་དང་ལྡན་ཞིང་ཡིད་དུ་འོང་བའི་གར་དང་གླུའི་མཆོད་པས་མཆོད་པར་བསམས་ལ་སྔར་བཞིན་མཆོད། སྒྲ་ཐམས་ཅད་བྲག་ཆ་ལྟ་བུར་བལྟས་ཏེ་འཁོར་གྱི་ལྷ་རྣམས་ཀྱིས་གཙོ་བོ་ལ་བསྟོད་པར་བསམས་ལ། ཨྱེ་ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་བླ། །སྲིན་པོའི་གཟུགས་ཆེན་རང་བཞིན་ཁྱོད། །བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས། །ཁྲོས་པའི་རང་བཞིན་འདི་མཐོང་མཛོད། །མཐོ་རིས་ས་སྟེང་ས་འོག་བཅས། །ཁྱོད་ཀྱི་གར་གྱིས་གཡོས་པར་མཛོད། །ཨ་ཛ་ནག་པོ་བཅག་འདྲ་ཡི། །ཁྲོ་ཁྱོད་རོ་ལངས་བཞིན་གར་མཛོད། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང༌། །མདངས་ནག་ཚད་ནི་ཐུང་བ་ལ། །བདེ་ཆེན་ངོ་བོ་ཁྱོད་གར་མཛོད། །རྡོ་རྗེ་དབྱངས་ཅན་མ་གསོལ་འདེབས། །ཧྲཱིཿ ཥྚྲཱིཿ འི་སྔགས་དང་གར་གྱིས་ཁྱོད། །སྲིད་པ་གསུམ་གྱི་འཁྲུལ་པ་ཆོད། །སྙིང་རྗེས་ཁྲོས་པའི་དད་སྒྲོལ་གར། །འགྲོ་བས་མཐོང་ན་ངོ་མཚར་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་གཙོ་བོས་ཀྱང་འཁོར་རྣམས་ལ། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །རྡོ་རྗེ་གསུང་དང་རབ་མཚུངས་པ། །


JLD010_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས། ཡང་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །བསྟོད་པའི་ཚིག་ནི་སྒྲུབ་ཐབས་དང་རྒྱུད་ལ་མི་འདྲ་བ་མང་ཡང་། ནག་པོ་པའི་འགྲེལ་པར་བཤད་པའི་གཞུང་དང་མཐུན་པར་བྱས་པའོ། །དེ་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿ ལས་མགོ་བོ་གསུམ་གྱི་སྒྱེད་བུའི་སྟེང་དུ་ཨཱཿ ཡིག་ལས་བྱུང་བའི་ཐོད་པ་དཀར་པོ་བསམ་མོ། །དེའི་ཤར་ལ་སོགས་པའི་ཕྱོགས་བཞི་དང་། དབུས་སུ་ད་ཧ་གཽ་ཀུན་ལས་བྱུང་བའི་གླང་པོ་ཆེ་རྟ་བ་ལང་ཁྱི་མིའི་ཤ་རྣམས་ལ། བྷྲུཾ་ཨཾ་ཛྲི་ཁཾ་ཧཱུཾ་གིས་མཚན་པ། མེ་ལ་སོགས་པའི་མཚམས་བཞི་དང་དབུས་སུ། བི་ར་ཤུ་མ་མཱུ་ལས་བྱུང་བའི་དྲི་ཆེན་རཀྟ་བྱང་སེམས་དཀར་པོ་རྐང་མར་དྲི་ཆུ་ལ། ལཾ་མཾ་པཾ་ཏཾ་བཾ་གྱིས་མཚན་པའོ། །འདིར་ལི་ལ་བཛྲས་གཤིན་རྗེ་གཤེད་ལྔའི་ས་བོན་ལས་བདུད་རྩི་ལྔ་དང་མིང་ཡིག་ཐོག་མ་ལས་ཤ་ལྔ་བསྐྱེད་པར་བཤད་མོད་ཀྱང༌། དཔལ་འཛིན་གྱི་སྒྲུབ་ཐབས་ལས། དེ་ལ་མིང་ཡིག་དང་པོ་སྐྱེས། །དེ་ནི་རྣམ་པར་སྣང་མཛད་སོགས། །ད་ཡིག་ལས་སྐྱེས་ཡང་དག་འབྱུང༌། །གླང་པོ་ལ་སོགས་


JLD010_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ་རྣམས། །ཞེས་རྫས་བཅུ་ག་མིང་ཡིག་དང་པོ་ལས་བསྐྱེད་པར་བཤད་ལ། མིང་ཡིག་དང་པོ་རྣམས་ཀྱང་ལྷན་ཅིག་སྐྱེས་པའི་སྣང་བ་ལས། བི་མུ་མ་ར་ཤུ་དང༌། ད་ཧ་ན་གཽ་ཀུ་རྣམས་ཞེས་གསུང་ངོ༌། །དེ་ལ་དནྟི་ནི་སོ་ལྡན་ཏེ་གླང་པོ་དང་ཧ་ལ་རྟ་དང་གཽ་བ་ལང་དང་ཀུ་ཀུ་ར་ཁྱི་དང་ན་ར་མི་དང༌། བི་ཌ་བཤང་བ་དང་མུ་ཏྲ་གཅིན་དང་། རཀྟ་ཁྲག་དང་ཤུ་ཀྲ་ཁུ་བ་དང་། མཉྫ་རྐང་ངོ། །ཁ་ཅིག་གསང་འདུས་སུ་དེ་བཞིན་གཤེགས་པ་དང་རིན་པོ་ཆེ་དང་པདྨོ་དང་ལས་དང་རྡོ་རྗེའི་རིགས་ལ་རིམ་པ་བཞིན་དུ་གླང་པོ་དང་རྟ་དང་བ་ལང་དང་ཁྱི་དང་མིའི་ཤ་གསུངས་པ་དང་བསྟུན་ནས། དཔལ་འཛིན་གྱིས་ད་ཧ་ན་ཞེས་སོགས་གསུངས་པ་ཡིན་ཞེས་གསུངས་ངོ༌། །ཐོད་པའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་ལས་བྱུང་བའི་རྡོ་རྗེ་ལྟེ་བ་ཧཱུཾ་གིས་མཚན་པས་ཁ་བཅད་པ། དེ་ལས་མཐོ་གང་ཙམ་གྱི་བར་སྣང་ལ་ཟླ་བ་ལ་ༀ་དཀར་པོ། རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བ་དན་བསྐུལ་བས་རླུང་བསྐྱོད། དེས་མེ་སྦར་བས་རྫས་ཀུན་ཞུ་ཞིང་ཁོལ་བའི་ནང་དུ་རྡོ་རྗེ་ལྷུང་ནས་དཀྲུགས་ཤིང་དེ་ཉིད་ཀྱང་ཞུ་བས་དྲི་མ་མེད་ཅིང་དག་པར་ལྟའོ། །དེ་ནས་ༀ་གྱི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བཀུག་པ་ཡེ་ཤེས་ཀྱི་བདུད་རྩི་སྔགས་ཀྱིས་གཟུགས་སུ་བྱས་ནས་དེར་བཅུག་པས་བདུད་རྩི་ལྔ་མཆོག་ཏུ་གྱུར་པར་བསམས་ལ། ༀ་ཨཱཿ ཧཱུཾ་ཞེས་བརྗོད་ལ་བྱིན་གྱིས་བརླབ་བོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་མི་དམིགས་པ་ལས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁོང་གསེང་ཅན་དུ་བསྒོམས་ལ་ཐོག་མར་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་


JLD010_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་མཐར་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རང་གི་ལུས་ལ་བཅུག་ལ། ལྷ་སོ་སོའི་སྔགས་བརྗོད་ཅིང་བདུད་རྩི་མྱང་བར་བྱའོ། །དེའི་དུས་སུ་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བས་ཚིམ་པར་བསམ་ཞིང་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཀྱང་ཚིམ་པར་བྱའོ། །རང་གི་སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིར་རྡོ་རྗེས་མཚན་པའི་དབུས་སུ་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ་དགོད། དེའི་ཐུགས་ཀར་ཉི་གདན་ལ་རྡོ་རྗེའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཡ་ཡིག་སྔོན་པོ་འོད་ཟེར་འཕྲོ་བ་བཀོད་ནས་མཚན་མར་འཛིན་པའི་ཀུན་རྟོག་ཐམས་ཅད་སྤོང་བའི་སྟོང་པ་ཉིད་བསྒོམ་པར་བྱའོ། །དེའི་ཚུལ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་དང་བདག་དང་སེམས་ཅན་ལ་སོགས་པའི་གང་ཟག་རྣམས་རང་བཞིན་གྱིས་མ་གྲུབ་པས་རྟག་པའི་མཐའ་སྤངས་ཤིང་། རང་བཞིན་གྱིས་མ་གྲུབ་བཞིན་དུ་རང་རང་གི་བྱ་བ་བྱེད་ནུས་པས་ཆད་པའི་མཐའ་སྤངས་པའི་སྟོང་པ་ཉིད་བདག་མེད་པ་གཉིས་ལ་ངེས་པ་དྲངས་པའི་རྣམ་པ་ཅན་གཟུང་བྱ་ལྷའི་འཁོར་ལོར་སྣང་བའི་སྣང་སྟོང་གཉིས་ཚོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །རང་གི་ཐུགས་ཀའི་ས་བོན་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་གཤིན་རྗེ་གཤེད་དུ་བྱས་དེ་ཐམས་ཅད་བཀུག་ནས་ས་བོན་དེ་ཉིད་ལ་ཐིམ་པར་བསམ། འདིར་སྒྲུབ་ཐབས་ལས། རང་སྙིང་ས་བོན་འོད་ཟེར་གྱིས། །འགྲོ་བ་གཤིན་རྗེ་གཤེད་བྱས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །བཀུག་ནས་དེ་


JLD010_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོང་བར་བསམ། །རྡོ་རྗེ་དྲི་མ་མེད་དང་ཆོས། །ཡེ་ཤེས་ལམ་སྐྱེས་དགོད་པར་བྱ། །དེར་ནི་རང་གི་ས་བོན་རྣམས། །ཡེ་ཤེས་ཧྲཱིཿ ཥྚྲཱིཿ ལ་སོགས་དགོད། །བདེ་བ་དམ་པའི་རྣམ་པ་མཐོང༌། །ཡང་དག་རྟོག་པ་ཐམས་ཅད་སྤངས། །སྤྲོ་དང་བསྡུ་བ་ཡང་དག་རྒྱས། །བདག་ཉིད་མཁས་པས་བཟླས་པ་བརྩམ། །སྐུ་ལ་སོགས་པ་སྤྲོ་དང་བསྡུ། །རིམ་དང་ཅིག་ཅར་དག་ཀྱང་རུང༌། །ཞེས་འབྱུང་བའི་རྐང་པ་བཞི་པ་ནི་རྐང་པ་གསུམ་པའི་གོང་དུ་གདོན་ཏེ། གཤེད་དམར་གྱི་སྒྲུབ་ཐབས་ལས་དེ་བཞིན་དུ་འབྱུང་ངོ༌། །ལི་ལ་བཛྲས་འགྲོ་བ་གཤིན་རྗེ་གཤེད་དུ་བྱས་པ་རྣམས་རང་ལ་ཐིམ་ཞིང་རང་ཉིད་ཡ་ལ་ཐིམ་ལ་ཡི་གེ་ཐིག་ལེར་གྱུར་པའི་ནང་དུ་དཀྱིལ་འཁོར་རྫོགས་པར་བསྐྱེད། དེའི་འོད་ཟེར་གྱིས་སླར་ཡང་རང་དང་ལྷ་རྣམས་གསལ་བར་བྱས་ཏེ། སྙིང་གར་གནས་པའི་དཀྱིལ་འཁོར་ཕྲ་མོ་བརྟན་པར་གྱུར་ནས་སྤྲོ་བསྡུ་བྱེད་པར་བཤད་དེ། བདེ་བ་དམ་པ་ཞེས་པའི་རྐང་པ་གསུམ་གྱི་དོན་ནོ། །དེ་ནས་ལས་དང་ཆོས་དང་ཕྱག་རྒྱ་ཆེན་པོ་གསུམ་གྱི་ངོ་བོ་ཐུགས་གསུང་སྐུའི་རྡོ་རྗེ་གསུམ་གྱི་ཐུགས་ཀར་རང་རང་གི་ས་བོན་གྱི་ཡི་གེ་གསུམ་དགོད་དེ། སྐུ་གསུང་ཐུགས་ཞེས་པ་ནས། དེར་ནི་རང་གི་ས་བོན་རྣམས། ཞེས་པའི་བར་གྱི་དོན་ནོ། །དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྔགས་དགོད་པ་ནི། ཡེ་ཤེས་ཞེས་པའི་རྐང་པ་གཅིག་གི་དོན་ནོ། །དེ་ལྟར་ན་རྡོ་རྗེ་ནི་ཐུགས་ལས་རྒྱ། ཆོས་ནི་གསུང་ཆོས་རྒྱ། དྲི་མ་མེད་པ་ནི་སྐུ་ཕྱག་ཆེན། ཡེ་ཤེས་ནི་དམ་རྒྱར་བྱའོ། །སློབ་དཔོན་དཔལ་འཛིན་ནི་ཡེ་ཤེས་


JLD010_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱི་རྗེས་འབྲང་ཡིན་ལ། ཡེ་ཤེས་ཞབས་ལུགས་ཀྱིས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་གནས་པའི་ཕྱག་མཚན་གྱི་ལྟེ་བར་ཆུད་པའི་ས་བོན་གྱི་འོད་ཟེར་གྱིས། སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་ལོག་རྟོག་སྒྲིབ་གཉིས་སྤངས་ནས་འགྲོ་བ་སངས་རྒྱས་སུ་བྱས་པ་བཀུག་ནས། ས་བོན་དང་གཉིས་སུ་མེད་པར་བྱས་པའི་ཡི་གེའམ་ཐིག་ལེའི་ནང་དུ་ཕྲ་མོའི་དཀྱིལ་འཁོར་བསྒོམ་པར་གསུངས་པས་དེ་དང་མཐུན་པར་མཛད་པ་ཡིན་ནོ། །འདི་ཡང་ལས་དང་པོ་བ་དང་ཡེ་ཤེས་ཅུང་ཟད་བབས་པའི་སྐབས་སུ་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་ཉིད་བསྒོམ་ལ། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་ནས་ཕྲ་མོའི་དཀྱིལ་འཁོར་བསྒོམ་པར་བྱའོ། །བསྒོམ་ཚུལ་སྔ་མ་ནི་ཐུགས་ཀའི་ས་བོན་ལ་བསྡུས་ཟིན་པ་དང་ཡི་གེ་འམ་ཐིག་ལེ་དེ་ཉིད་སྣང་བ་ཆེན་པོ་དང་བཅས་པར་བསྒོམ་མོ། །དེ་ནས་དེའི་འོད་ཟེར་གྱིས་ཕྱག་མཚན་གྱི་ནང་དང་ཕྱི་དང་ཡེ་ཤེས་སེམས་དཔའ་དང༌། དེའི་གནས་དང༌། རྡོ་རྗེ་གསུམ་དང་དེ་དག་གི་གནས་ཕྱི་ནང་དང་བཅས་པ་རིམ་གྱིས་གསལ་བར་བྱས་པའི་མཐར་རིམ་པ་དེ་ལྟར་སླར་ལོག་ནས་སྔར་གྱི་ཡི་གེའམ་ཐིག་ལེ་ལ་འདུས་ནས་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་བསམ་མོ། །དེའི་འོག་ཏུ་རང་གི་ལུས་ཐམས་ཅད་སྣང་བར་བྱས་ནས་བ་སྤུའི་བུ་ག་རེ་རེ་ནས་བྱུང་བའི་འོད་ཟེར་རྣམས་ཀྱིས་འགྲོ་བ་རྣམས་སྣང་བར་བྱའོ། །སེམས་བྱིང་ན་འོད་ཀྱི་སྣང་བ་བྱིང་བ་སངས་སངས་ཀྱི་བར་དུ་བསྒོམ་ཞིང་། རྒོད་ན་ཐིག་ལེ་དེ་ཉིད་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་རྒོད་པ་ཞི་བའི་བར་དུ་བྱའོ། །དེ་ནས་


JLD010_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསུམ་གྱི་ཐུགས་ཀར་རང་རང་གི་ས་བོན་དགོད། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐར་ཧྲཱིཿ ཥྚྲཱིཿ དགོད། ལྷ་གཞན་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་རང་རང་གི་ཕྱག་མཚན་ལ་རང་རང་གི་ས་བོན་བཀོད་པའི་མཐར་རང་རང་གི་སྔགས་ཀྱི་ཕྲེང་བས་བསྐོར་བ་བཀོད་ལ། ཧ་ཅང་མྱུར་བ་དང་ཡི་གེ་རེ་རེ་ནས་དལ་བར་དང༌། ཐུང་ངུ་རིང་པོ་དང་རིང་པོ་ཐུང་ངུར་མི་བྱ་ཞིང་གཞན་གྱིས་མི་ཐོས་པར་རང་གི་ཐོས་ཙམ་དུ་བཟླའོ། །དེའི་ཚེ་སྐུ་རྡོ་རྗེ་ལ་སོགས་པའི་གནས་བཞི་ནས་སྐུ་རྡོ་རྗེ་ལ་སོགས་པའི་ཁྲོ་བོའི་སྤྲུལ་པ་ཅིག་ཅར་རམ་རིམ་གྱིས་ནམ་མཁའ་ཁྱབ་པར་སྤྲོ། དེ་དག་གིས་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་བྱས་ཧྲཱིཿ ཥྚྲཱིཿ ལ་སོགས་པའི་སྔགས་རྣམས་འགྲོ་བ་ལ་སྒྲོགས་པར་བསམ་ཞིང༌། ལྷ་དགུག་པའི་བསམ་པས་མཐེ་བོའི་ལྕགས་ཀྱུས་དྲངས་ཤིང་བཟླ་སྟེ་སྔགས་རྫོགས་པའི་ཚེ་སླར་བསྡུའོ། །ཕྲེང་བའི་རྒྱུ་ནི་མ་ཧེ་དང་མི་དང་གླང་པོ་ཆེ་དང་བ་ལང་དང་རྟ་དང་བོང་བུ་དང་རྔ་མོའི་རུས་པ་ལས་བྱའོ། །བསྐྱེད་ཆོག་ནི་བསངས་སྦྱངས་ནས་རིལ་བུ་རེ་རེ་གཤིན་རྗེ་གཤེད་དུ་བསྐྱེད་པ་དང༌། མི་མགོ་ཁྲག་འཛག་ཏུ་བསྒོམ་པ་གདམ་ང་ཅན་དུ་རྒྱུད་དང་འགྲེལ་པ་རྣམས་ནས་བཤད་ལ། བླ་མ་རྣམས་ཕྱི་མ་བསྒོམ་པ་ནི་གཤིན་རྗེ་གཤེད་དུ་བསྐྱེད་པ་ཞུ་བ་ལས་དེར་གྱུར་པར་བཞེད་དོ། །གཤིན་རྗེ་གཤེད་ནི་སྒྲུབ་ཐབས་ཀུ་མུ་ཏ་ཁ་ཕྱེ་བ་ལས་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དུ་བསྐྱེད་པར་བཤད་དོ། །ཟླ་བ་བྱུང་ངོ་


JLD010_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་གི་བཅུ་བཞི་རྣམས་ལ་ཤ་ལྔ་དང་བདུད་རྩི་ལྔས་ཕྲེང་བ་ལ་བྱུགས་ནས་བཟླས་ན་དངོས་གྲུབ་འགྲུབ་པའི་མཆོག་ཏུ་ནག་པོའི་རྒྱུད་ལས་བཤད་དོ། །བཟླས་པའི་གྲངས་ནི་ཁྲིས་འབྱུང་པོ་ཡི་དྭགས་ཀྱི་ཚོགས་དང། སྟོང་གིས་མཁའ་འགྲོ་མ་རྣམས་ཚར་གཅོད་ནུས་ལ། འབུམ་གྱིས་ལས་ཀུན་བྱེད་པ་དང༌། བྱེ་བ་བཟླས་ན་ཐུན་མོང་གི་དངོས་གྲུབ་འགྲུབ་ན་བྱེ་བ་ལྔས་སྨོས་ཅི་དགོས་ཞེས་རྒྱུད་ལས་གསུངས་སོ། །ཁ་ཟས་ལ་སོགས་པའི་བྱ་བའི་དབང་གིས་ལྡང་བར་འདོད་ན་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང༌བསྟོད་པ་དང་བདུད་རྩི་མྱང་བ་བྱ། ཡི་གེ་བརྒྱ་པ་གདོན་ལ། འགྲོ་བའི་དོན་ལ་འབྱོན་པའི་བསམ་པས་ཡི་གེ་གསུམ་གྱི་མཐར་མུཿ བཏགས་པ་བརྗོད་ནས་འཁོར་རྣམས་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་བདག་ལ་བསྡུས་ནས་དགེ་བ་བསགས་པ་རྣམས་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། རྣལ་འབྱོར་ཆེན་པོའོ། །དེ་ལྟར་ཐུན་གྱི་ངོ་བོའི་རྣལ་འབྱོར་བྱས་ནས། ཐུན་སྔ་ཕྱིའི་བར་གྱི་རྣལ་འབྱོར་ནི། ལངས་ནས་གཙོ་བོའི་ང་རྒྱལ་དང་མ་བྲལ་བ་དང༌། ཡུལ་དུ་སྣང་བ་ཐམས་ཅད་གཏི་མུག་གཤིན་རྗེ་གཤེད་དུ་བསྒོམས་ནས་འགྲོ་འཆག་ལ་སོགས་པ་བྱའོ། །ཁ་ཟས་ཀྱི་རྣལ་འབྱོར་ནི། ནང་མཆོད་ལྟར་བསྐྱེད་ལ་ཁ་ཐབ་ཁུང་དང་ལག་པ་གཉིས་གཟར་བུར་བསམ་སྟེ་ལྷ་ཚིམ་པར་བྱ་བའི་བསམ་པས་ཟའོ། །གཞན་ལ་ཁ་ཟས་སྟེར་ནའང་བདུད་རྩིར་བྱིན་གྱིས་བརླབས་ལ་ལྷ་མཆོད་པའི་བསམ་པས་མཆོད་དོ། །ཁྲུས་ཀྱི་རྣལ་འབྱོར་ནི། དབང་བསྐུར་བའི་ཆོ་གས་བྱའོ། །ཉལ་བའི་རྣལ་འབྱོར་ནི། འགྲོ་བ་གཤིན་རྗེ་གཤེད་དུ་བྱས་པ་དང་གཞལ་


JLD010_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་རང་ལ་བསྡུ། དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའི་དང༌། ཡེ་ཤེས་སེམས་དཔའ་ཕྱག་མཚན་དང༌། ཕྱག་མཚན་ཏིང་ངེ་འཛིན་སེམས་དཔའ་ལ་བསྡུ། ཡི་གེ་རིམ་གྱིས་བསྡུས་ནས་སྟོང་པ་འོད་གསལ་དུ་ཞུགས་པར་བསམས་ལ། ཐབས་ཤེས་དང་ལྡན་པར་ཉལ་ལོ། །ལྡང་བའི་ཚེ་ན་ཙརྩི་ཀ་ལ་སོགས་པའི་གླུས་བསྐུལ་བར་བསམ་མོ། །དེ་ལྟར་ནམ་གྱི་བརྒྱད་ཆ་ལུས་པའི་ཐོ་རངས་དང་ཉིན་གུང་དང༌ཕྱི་དྲོ་དང་སྲོད་ཀྱི་ཐུན་བཞི་ལ་སྔར་བཤད་པ་ལྟར་བྱེད་པ་ནི། ལས་དང་པོ་པའི་རྣལ་འབྱོར་པས་ཇི་ལྟར་བྱ་བའི་རིམ་པའོ། །ལས་དང་པོ་པ་ནི། དང་པོའི་ཐུན་ལ་བསྒོམ་པ་ནས་བཟུང་སྟེ་ཇི་སྲིད་དཀྱིལ་འཁོར་བའི་ལྷ་རྣམས་ཡུད་ཙམ་རེ་མངོན་དུ་བྱེད་ནུས་པ་ལ་བརྟན་པ་མ་རྙེད་ཀྱི་བར་རོ། །དེ་ལ་བརྟན་པ་རྙེད་པ་ནས་གཟུང་སྟེ། ལྷ་རྣམས་ཀྱི་སྐྱེ་མཆེད་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ལྷ་རྣམས་ཡུད་ཙམ་རེས། ལག་མཐིལ་དུ་ཤིང་ཏོག་བཞག་པ་ལྟར་མངོན་དུ་བྱེད་ནུས་པ་ལ་བརྟན་པ་མ་རྙེད་ཀྱི་བར་དུ་ཡེ་ཤེས་ཅུང་ཟད་བབས་པ་ཞེས་བྱ་སྟེ། དེས་ནི་ཐུན་བཞི་ཀ་ལ་རྣལ་འབྱོར་ཕྱི་མ་གསུམ་སྔར་ལྟར་བསྒོམ་པར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་ལ་ཡུད་ཙམ་རེས་མངོན་དུ་བྱེད་ནུས་པ་ལ་བརྟན་པ་རྙེད་པ་ནས་བཟུང་སྟེ། ཡེ་ཤེས་ལ་ཅུང་ཟད་དབང་བའམ་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་སྟེ། དེས་ནི་ཐུན་བཞིའི་ངེས་པ་མི་བྱ་བར་ཐུན་གཅིག་ལ་རྣལ་འབྱོར་ཕྱི་མ་གཉིས་བསྒོམ་པར་བྱའོ། །དེ་ཡང་ཕྲ་མོའི་


JLD010_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་སྤྲོ་བསྡུ་ནུས་ཤིང་རྫོགས་པའི་རིམ་པ་བརྟན་པར་བྱེད་པའི་བར་ཐམས་ཅད་དོ། །རང་གི་དོན་མཐར་ཐུག་པར་སོན་པས་བསམ་གཏན་ཙམ་གྱིས་གཞན་གྱི་དོན་བྱེད་ནུས་པ་ནི། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཞེས་བྱའོ། །འདིར་དགྲ་ནག་གི་སྐོར་ཐམས་ཅད་ནས་ཕྱོགས་སྐྱོང་གི་གཏོར་མ་མ་གཏོགས་པ་དཀྱིལ་འཁོར་པ་ལ་གཏོར་མ་འབུལ་བའི་སྔགས་ལ་སོགས་པ་མ་བཤད་པ་ལ། སློབ་དཔོན་ཉིན་མོར་བྱེད་པའི་གྲགས་པས་དང་པོར་གཤིན་རྗེ་གཤེད་དང་དེ་ནས་སོ་སོའི་འཁོར་ལ་འབུལ་ཞེས་པ་མ་གཏོགས་པ་དཀྱིལ་འཁོར་པ་ལ་དབུལ་བ་མ་བཤད་ཀྱང་དབུལ་དུ་མི་རུང་བ་མིན་པས་ཐུན་སོ་སོའི་མཐར་གཏོར་མ་གཏོང་བར་འདོད་ན། སྐད་ཅིག་གིས་མདུན་དུ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བསྒོམས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་རང་གི་སྙིང་ག་ནས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་འཛིན་པ་སྤྲོས་ཏེ། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཟུང༌། མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་པར་བསམས་ལ། ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། སརྦ་དུཥྚཾ་ཨིན་ཨཱ་དི་ན་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ སྭཱཧཱ། ཞེས་པའི་སྔགས་འདིས་ཕྱོགས་སྐྱོང་རྣམས་བཀུག་སྟེ་དཀྱིལ་འཁོར་གྱི་ཕྱོགས་ཕྱོགས་སུ་དགོད་པར་བྱའོ། །ཤར་དུ་དབང་པོ་དམར་སེར་གླང་པོ་ཆེ་ལ་ཞོན་པ། མིག་སྟོང་པ་གཡས་རྡོ་རྗེ། གཡོན་


JLD010_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ། དེའི་གཡོན་དུ་ཉེ་དབང་ནག་པོ་ནམ་མཁའ་ལྡིང་ལ་ཞོན་པ། གཡས་སྲུབས་ཤིང་དང་འཁོར་ལོ། གཡོན་དུང་དང་ནོར་བུ་ཀཽསྟུ་བྷ་ཐོགས་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ། སྐྲ་དམར་སེར་གྱེན་དུ་འབར་བ། གཡས་དབྱུག་པ་དང་གཡོན་སྡིགས་མཛུབ། ནུབ་ཏུ་ཆུ་ལྷ་དཀར་པོ་སྦྲུལ་ལ་ཞོན་པ། སྦྲུལ་ཞགས་འཛིན་པ། བྱང་དུ་ལུས་ངན་སེར་པོ་ཤ་རྒྱས་པ། གཏེར་ལ་གནས་པ། གཡས་ས་བོན་གྱི་གྲོང་ཁྱེར་དང་གཡོན་ནེའུ་ལེ་ཐོགས་པ། དེའི་གཡོན་དུ་ཚོགས་བདག་གླང་སྣ་དཀར་པོ་བྱི་བ་ལ་ཞོན་པ། གཡས་བགྲང་ཕྲེང་དང་དགྲ་སྟ། གཡོན་ལ་ཕུག་དང་ལ་དུ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ་རལ་པའི་ཏོར་ཅོག་ཅན་རྩེ་གསུམ་དང་ཐོད་པ་ཐོགས་པ། ལག་པ་གཉིས་ཀྱིས་གཽ་རཱི་ལ་འཁྱུད་པ། མེར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། སྲིན་པོར་སྲིན་པོ་སྔོན་པོ་རོ་ལ་ཞོན་པ། ཁྲོ་ཞིང་རྔམ་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། རླུང་དུ་རླུང་ལྷ་དུ་བའི་མདོག་ཅན་རི་དྭགས་ལ་ཞོན་པ། ལག་པ་གཉིས་ཀྱིས་རླུང་རས་འཛིན་པ། སྟེང་དུ་ཟླ་བ་དཀར་པོ་ཀུ་མུ་དའི་སྟེང་ན་གནས་པ། ལག་པ་གཉིས་ཀྱིས་ཀུ་མུ་ད་འཛིན་པ། ཉི་མ་དམར་པོ་རྟ་མཆོག་བདུན་ལ་ཞོན་པ། ལག་པ་གཉིས་ཀྱིས་པདྨ་འཛིན་པ། ཚངས་པ་སེར་པོ་གདོང་བཞི་པ་ངང་པ་ལ་ཞོན་པ། གཡས་པས་སྤྱི་བླུགས་


JLD010_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འཇིགས་པ། གཡོན་དབྱུག་པ་དང་བགྲང་ཕྲེང་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ། གཡས་དཔང་པོར་ཁས་ལེན་པ། གཡོན་བུམ་པ་འཛིན་པ། ཐོགས་བཟང་རིས་སྔོན་པོ་ཤིང་རྟ་ལ་ཞོན་པ་གཡས་རལ་གྲི་གཡོན་སྡིགས་མཛུབ་ཅན་རྣམས་ཏེ། དེ་དག་གི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་བསམ་མོ། །དེ་ནས་རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ཕུར་བུ་ཐོགས་པ་སྤྲོས་ཏེ། ༀ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ ཞེས་པས་སྙིང་ག་དང་མགྲིན་པ་དང་རྐང་པའི་བར་དུ་ཕུར་བུ་བཏབ་པས་གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ་སྐད་ཅིག་གིས་ཞེ་སྡང་གཤིན་རྗེ་གཤེད་རང་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་མ་ཕྱག་དང་པོ་གཉིས་ཀྱིས་ཐོད་པ་ཐོགས་ནས་ཡབ་ལ་འཁྱུད་པ། ཞལ་ཕྱག་ལྷག་མ་ཡབ་དང་འདྲ་བ། སྒྲུབ་པ་པོའི་བསམ་པ་ཡོངས་སུ་རྫོགས་པར་མཛད་པར་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན། བསྐྱེད་ཆོག་རྒྱས་པ་བྱེད་ན་ཕུར་བུ་བཏབ་མ་ཐག་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ས་བོན་དང་ཕྱག་མཚན་གྱི་རིམ་པས་བསྐྱེད་པ་ཡིན་ཏེ། ནག་པོ་པའི་དཀྱིལ་ཆོག་ལས་ཤེས་པར་བྱའོ། །དེ་ནས་མགྲོན་རྣམས་ལ་ཐོག་མར་ཆུ་བཞི་དབུལ་ཏེ། དེ་ཡང་མཆོད་ཡོན་དང་ཞབས་བསིལ་ནི་སྔར་བཞིན་ནོ། །ཞལ་བསིལ་ནི་ༀ་ཨཱཿ ཧྲཱིཿ པྲ་ཝ་ར་སཏྐཱ་རཾ་ཨཱཉྩ་མ་ཎཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ་དང༌། གསང་གཏོར་


JLD010_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཨཱཉྩ་མ་ཎཾ་གི་གནས་སུ་པྲོཀྵ་ཎཾ་ཞེས་བཅུག་ལ་དབུལ་ལོ། །དེ་ནས་རང་གི་མདུན་དུ་གཏོར་མ་འབྱོར་ན་བཅའ་བ་དང་བཏུང་བ་ལ་སོགས་པ་སྣ་ཚོགས་པ་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་གོས་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་ལ་སོགས་པ་སྒྲ་ཆེན་པོ་དང་བཅས་པ་ཤིང་རྟ་བཀང་བའམ་མ་འབྱོར་ན་ནས་ཀྱི་ཁུར་བའམ་འབྲས་ཆན་ཅུང་ཟད་ཙམ་དང་བཅས་པའི་ཆུ་ཁྱོར་བ་གསུམ་གང་རུང་བ་བཤམ། བདུད་རྩི་རིལ་བུའམ་མ་འབྱོར་ན་བྱིན་གྱིས་བརླབས་པའི་བདུད་རྩིས་བྲན་ནོ། །ཧྲཱིཿ ཥྚྲཱིཿ ས་བསངས། སྭ་བྷཱ་ཝས་སྦྱངས་ནང་མཆོད་ལྟར་བསྐྱེད་དེ་བྱིན་གྱིས་བརླབ། ལ་མི་ཏ་བཛྲས་མཛད་ཟེར་བའི་དགྲ་ནག་གི་སྒྲུབ་ཐབས་ལས་དཀྱིལ་འཁོར་པ་དང་ཕྱོགས་སྐྱོང་གང་གི་ཡིན་མི་གསལ་བར་ཨ་ཀཱ་རོས་འབུལ་བར་བཤད་ཀྱང༌། ལི་ལ་བཛྲས་ནང་མཆོད་ཀྱི་སྐབས་སུ་ལྷ་རང་རང་གི་སྔགས་ཀྱིས་འབུལ་བར་བཤད་ཅིང༌། གཤེད་དམར་གྱི་རྒྱུད་ལས། ལྷ་སོ་སོའི་སྔགས་ལ་བ་ལ່་པྲ་ཏཱིཙྪ་བཏགས་ནས་དབུལ་བར་གསུངས་པའི་རིགས་པ་སྦྱར་དུ་རུང་བས། ཧྲཱིཿ ཥྚྲཱིཿ འི་མཐར་བ་ལ່་པྲ་ཏཱིཙྪ་བཏགས་ནས་གཙོ་བོ་ཡབ་ཡུམ་ལ་དབུལ། སྔགས་གཞན་རྣམས་ཀྱི་མཐར་བཏགས་ནས་འཁོར་གྱི་ལྷ་རྣམས་ལ་ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་དྲངས་ནས་གསོལ་བར་བསམ་མོ། །དེ་ནས་ཕྱོགས་སྐྱོང་རྣམས་ཀྱི་ལྕེ་སྔར་བཤད་པ་བཞིན་རྡོ་རྗེར་བསྐྱེད། དེའི་འོད་ཀྱི་སྦུ་གུས་དྲངས་ནས་གསོལ་བར་བསམས་ལ། ༀ་ཨིནྡྲ་ཡ་ཧྲཱིཿ ཡ་མ་ཡ་ཥྚྲཱིཿ བ་རུ་ཎཱ་


JLD010_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཝི། ཀུ་བཻ་རཱ་ཡ་ཀྲི། ཨཱི་ཤཱ་ནཱ་ཡ་ཏ། ཨགྣ་ཡེ་ཨ། ནཻ་རི་ཏ་ཡེ་ན། བཱ་ཡ་བེ་ན། ཙནྟྲ་ཡ་ཧཱུཾ། ཨརྐ་ཡ་ཧཱུཾ། བྲཧྨ་ཎེ་ཕཊ། བ་སུ་ན་དྷ་རི་ཡེ་ཕཊ། བཻ་མ་ཙནྟྲི་ནི་སྭཱ། སརྦ་བྷུ་ཏེ་བྷྱོཧཱ། ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི། ཧཱུཾ་ཧཱུཾ་ཧཱུཾ། ཕ໊་ཕ໊་ཕ໊། སྭཱཧཱ། ཞེས་བརྗོད་ལ་དབུལ། དེ་ནས་ཉེར་སྤྱོད་ལྔས་ཀྱང་མཆོད། དེ་རྣམས་ཀྱང་སྒྲུབ་པ་པོ་ལ་དགྱེས་ནས་ཉེ་བར་བསྟབ་པས་ཐམས་ཅད་ལོངས་སྤྱད་པར་བསམ་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས་གཏི་མུག་རྡོ་རྗེ་ཞེས་སོགས་ཀྱིས་བསྟོད་དེ། ཧ་ཧ། ཧེ་ཧེ། ཧོ་ཧོ། ཧཱུཾ་ཧཱུཾ། ཞེས་བཞད་པ་བརྒྱད་ཀྱི་སྔགས་བརྗོད། འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ་ཏེ། ༀ་ཨཱཿ ཧཱུཾ་མུཿ ཞེས་པས་གཤེགས་སུ་གསོལ་བ་ནི་གཏོར་མས་ལྷ་མཉེས་པར་བྱེད་པའི་ཆོ་གའོ། །གང་གི་སྟོབས་ཀྱིས་མ་རུངས་བདུད་ཀྱི་སྡེ། །མ་ལུས་རྡུལ་ཕྲན་བཞིན་དུ་བརླག་མཛད་པ། ཁྲོ་བོའི་རྒྱལ་པོ་ཆེན་པོ་གཤིན་རྗེ་གཤེད། །དཔལ་ལྡན་ནག་པོའི་རྒྱུད་ལས་ལེགས་གསུངས་པ། །དགྲ་ནག་སྒྲུབ་ཐབས་དཔལ་འཛིན་ལུགས་བཞིན་དུ། །རྒྱུད་དང་འགྲེལ་བ་སྒྲུབ་ཐབས་མན་ངག་ལ། །བརྟེན་ནས་གསལ་བར་བྱས་འདི་འདིར་འཇུག་པའི། །དམ་པ་མང་པོས་བསྐུལ་བའི་དོན་དུ་སྦྱར། །ཟབ་མོའི་རྒྱུད་དོན་དཔག་པར་དཀའ། །བདག་བློ་ཉམ་ཆུང་བརྩོན་འགྲུས་དམན། །དེ་ཕྱིར་ནོངས་པར་གང་གྱུར་ཏེ། །སྲས་བཅས་རྒྱལ་བའི་སྤྱན་སྔར་འཆགས། །ཇི་བཞིན་ལེགས་པར་བཤད་པ་ཡི། །བསོད་ནམས་ཕུང་པོ་ཅི་བསགས་པ། །དེ་ཡིས་ཕྱི་ནང་


JLD010_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་ཚོགས། །མ་ལུས་འཇོམས་པར་བདག་གྱུར་ཅིག །ཐུབ་བསྟན་རྒྱས་པའི་གེགས་ལ་མངོན་བརྩོན་པའི། །ནག་པོའི་རྩ་ལག་རྣམས་ཀྱི་སྟོབས་བཅོམ་ནས། །རྒྱལ་བའི་ཆོས་ཚུལ་རྣམ་པར་རྒྱས་བྱེད་པའི། །དགའ་བདེའི་དཔལ་གྱིས་འགྲོ་རྣམས་དབུགས་འབྱིན་ཤོག །ཅེས་དཔལ་གཤིན་རྗེ་གཤེད་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ་ཞེས་བྱ་བ་འདི་ནི་སློབ་དཔོན་དཔལ་འཛིན་གྱི་སྒྲུབ་ཐབས་ལ་གཞི་བྱས་ཤིང་ཅུང་ཟད་ཁ་བསྐང་དགོས་པ་རྣམས་རྒྱུད་དང་དེའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་དང་དཔལ་འཛིན་གྱི་རྗེས་སུ་འཇུག་པའི་ནག་པོ་པའི་འགྲེལ་པ་དང༌། ལི་ལ་བཛྲ་དང་ཀུན་ཏུ་བཟང་པོ་ལ་སོགས་པ་རྣམས་ཀྱི་གཞུང་ལས་བཏུས་ནས་གཞིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་བློ་བཟང་གྲགས་པའི་དཔལ་གྱིས་ཟངས་རིའི་ཕུའི་དབེན་གནས་མཆིན་གྱི་རི་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་ནུས་པར་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ་བྷ་ཝནྟ། །


previousདཔལ་གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ། next